གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་ལས། ཟབ་གསལ་དབྱེར་མེད་ཀྱི་ཁྲིད་ཡིག


TNT05_Page_1047
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་ལས། ཟབ་གསལ་དབྱེར་མེད་ཀྱི་ཁྲིད་ཡིག་བཞུགས། འདི་སོར་བསམ་གཉིས་ཏེ་ཐོག་མར་བསྟན་པར་བྱའོ། །


TNT05_Page_1048
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྡོ་རྗེ་སློབ་དཔོན་ཞབས་པད་ལ། །བཏུད་ནས་ཟབ་གསལ་གཉིས་མེད་ཀྱི། །མན་ངག་མདོ་ཙམ་བྲི་བ་ལ། །རྒྱལ་བ་རྣམས་ཀྱིས་དགེས་པར་མཛོད། །འདི་ལ་སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ནི། མི་ཤིགས་པ་རིན་པོ་ཆེའི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །གཉིས་པ་ལ་ཟབ་མོ་སྤྲོས་བྲལ་གྱི་འཁྲིད། གསལ་བ་དཀྱིལ་འཁོར་གྱི་འཁྲིད། མཐར་ཐུག་ཟུང་འཇུག་གི་འཁྲིད་དེ་གསུམ་ལས། དང་པོ་ལ། སེམས་བཟུང་བའི་ཐབས་དང༌། ལམ་དུ་བསླང་བའི་ཐབས་དང༌། ལྷོངས་སུ་གྱུར་པའི་ཚད་དོ། །དང་པོ་ལ་བཟུང་བའི་ཐབས་དངོས་དང༌། ཟིན་པའི་ཚད་གཉིས་ལས། དང་པོ་ལ་རླུང་དང་བཅས་པ་དང༌། རྩོལ་མེད་གཉིས་ལས། དང་པོ་ནི། འཇམ་རླུང་ལ་མོས་ན། ལུས་གནད་ཆ་ཐམས་ཅད་བསྒྲིམས། སྟེང་འོག་གི་རླུང་བག་ཙམ་བག་ཙམ་བཟུང་ལ། ལྟོ་བ་ཕྱིར་དགྱེད། སེམས་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་བཞག་ནས་བལྟ་བར་བྱའོ།། དམིགས་སྐོར་དང་པོའོ། །དྲག་རླུང་ལ་མོས་ན་གདུགས་ལ་བརྟེན་པ་དང། འཁོར་ལོ་ལ་བརྟེན་པ་གཉིས་ལས། དང་པོ་ནི། རང་གི་འོག་


TNT05_Page_1049
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ནམ་མཁའ་ལ་གདུགས་ཞིག་ཁོར་ཁོར་འཁོར་བ་ལ་སེམས་གཏད། རླུང་བུམ་ཅན་དྲག་ཏུ་བཟུང་ཞིང༌། ཡང་ཕྱིར་བུས་ནས་རྔུབ་བོ། །དམིགས་སྐོར་གཉིས་པའོ། །གཉིས་པ་འཁོར་ལོ་ལ་བརྟེན་པ་ནི། ལུས་ཀྱི་འོག་ཏུ་འཁོར་ལོ་བཅུག་ལ། འཁོར་ལོ་དེ་གཡས་སྐོར་དུ་བསྐོར། སེམས་དང་མིག་སྟེང་གི་ནམ་མཁའ་ལ་གཏད། རླུང་རེས་འགའ་དྲག་ཏུ་བཟུང་ཞིང༌། རེས་འགའ་དྲག་ཏུ་བུས། གཡས་གཡོན་དུ་རོལ་མོའི་སྒྲ་རྒྱུན་ཆགས་སུ་བྱ་ཞིང༌། སྤོས་དྲི་ཞིམ་པོ་ཡང་བཏང་ངོ༌། ། དེ་ལྟར་ལན་འགའ་རེ་བྱས་པས་སེམས་ཟིན་པར་འགྱུར་ཞིང༌། འདི་དྲག་རླུང་གི་བོགས་འདོན་ཡིན་ལ། འདི་སྐབས་ཚོད་ཟིན་པ་གཅེས་སོ་གསུང་ངོ༌། །དམིགས་སྐོར་གསུམ་པའོ། །གཉིས་པ་ནི། ལུས་གནད་བཅས་མིག་སྣ་རྩེར་གཏད། སེམས་དམིགས་གཏད་གཅིག་ལ་བསྒྲིལ་བ་མ་ཡིན་པར་རང་བབས་སུ་ཤིག་གེ་བཞག དེ་ལྟར་སེམས་འཛིན་པ་དེ་རྣམས་སྤེལ་གྱིན་ཡང་ཡང་བསྒོམས་པས་སེམས་གནས་པར་འགྱུར་ཏེ། དམིགས་སྐོར་བཞི་པའོ། །གཉིས་པ་ཟིན་པའི་ཚད་ནི། སེམས་ལྷན་ལྷན་གནས་ཤིང༌།


TNT05_Page_1050
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྟག་ཆད་པ་ལྟར་རྣམ་རྟོག་འཕོ་བ་དང༌། སེམས་སྤྲོས་ཀྱང་མི་འཕྲོ་བར་ལྷན་ལྷན་གནས་པར་འབྱུང་བ་དང༌། ལུས་འདར་བ་དང༌། རིག་པ་མེར་རེ་འདུག་པ་དང༌། ནགས་ཚལ་ལ་རླུང་ཕོག་པ་ལྟ་བུའི་ཉམས་འབྱུང་ཞིང༌། དེ་བཞིན་དུ་ཡུལ་སྣང་གིས་གནོད་པ་མེད་པར་སྒོ་ལྔའི་རྣམ་ཤེས་སྣང་སྟོང་དུ་འཆར་རོ། །གཉིས་པ་ལམ་དུ་བསླང་པ་ལ། ཟབ་མོ་ལ་འཇུག་ཚུལ་དང༌། ཟབ་མོ་སྒོམ་པ་དངོས་སོ། །དང་པོ་ལ་དབྱེ་ན། བདག་མེད་སྒོམ་པ་དང༌། དངོས་པོ་མེད་པ་སྒོམ་པའོ། །དང་པོ་ནི། ཀུན་བཟང་ལས། བདག་དང་བདག་གི་རྣམ་རྟོག་རྒྱུན་གྱི་ནི། །ངོ་བོ་དག་གིས་དེར་ནི་འཁོར་བ་སྟེ། །དག་པའང་ཕྱིན་ཅི་ལོག་དེ་མེད་པ་ཡི། །ངོ་བོ་ཙམ་གྱི་རྣམ་པར་ཤེས་པར་བྱ། །ཞེས་གསུངས་ཏེ། བདག་ཅེས་བྱ་བ་ནི། ལུས་ཀྱི་ཕྱི་ནང་གང་ན་ཡང་མི་གནས། དབང་པོ་ལྔ་དང་ལུས་གྱི་ཆ་ཤས་རྣམས་ཀྱང་མ་ཡིན། དེ་དག་མ་ཡིན་པའི་ལོགས་ཤིག་ན་ཡང་མེད་པའི་ཕྱིར། བདག་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཏགས་པ་ཙམ་ཡིན་གྱི། དོན་ལ་གང་ཡང་མེད་པའོ་ཞེས་བསྒོམ་པ་ནི། དམིགས་སྐོར་ལྔ་པའོ། །གཉིས་པ་དངོས་པོ་མེད་པའི་བསྒོམ་དོན་ལ་གསུམ་སྟེ། ཇི་སྐད་དུ། ཞལ་ལུང་ལས། ཅི་ཡི་ཕྱིར་ན་ཆོས་ཐམས་ཅད། །སེམས་ལ་གནས་ཏེ་སེམས་ཉིད་ ཀྱང༌། །ནམ་མཁའ་ལ་གནས་ནམ་མཁའ་ནི། །གང་དུའང་མི་གནས་འོད་གསལ་བ། །གཟོད་ནས་རྣམ་དག་སྟོང་པའོ། །ཞེས་གསུངས་པའི་རིམ་པ་ལྟར་སྣང་བ་སེམས་སུ་བསྒོམ་པ་དང༌། གཟུང་འཛིན་གཉིས་མེད་དུ་བསྒོམ་པ། རང་བཞིན་མཐའ་བྲལ་དུ་གཏན་ལ་འབེབས་པའོ། །དང་པོ་ནི། གནས་དོན་


TNT05_Page_1051
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སུ་སྣང་བ་རྣམས་ལ་དམིགས་ཏེ། འདི་དག་ཇི་ལྟ་སྣང་བ་ལྟར་དོན་དུ་གྲུབ་པ་མེད། དངོས་པོ་གཅིག་ལ་ཡིད་ཐ་དད་འཇུག་པའི་ཕྱིར་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་མོ་ཞེས་མོས་པར་བྱེད་པ་སྟེ་དམིགས་སྐོར་དྲུག་པའོ། །མདུན་དུ་དམིགས་རྟེན་གང་ཡང་རུང་བ་ཞིག་བཞག་ལ། དེ་ཉིད་ཀྱི་ཕྱོགས་ཆ་རྣམས་སོ་སོར་དཔྱད་དེ། མཐར་རྡུལ་ཕྲན་འདུས་པའི་གོང་བུ་ཙམ་དུ་ཤེས་པར་བྱ། རྡུལ་ཕྲན་རེ་རེ་ལ་དཔྱད་ཅིང་བཤིག་ན་སྔར་བཞིན་མི་དམིགས་ཏེ། དེས་ན་དམིགས་རྟེན་མིག་ལམ་དུ་སྣང་བ་མ་འགགས་ཀྱང་བརྟགས་པའི་ཚེ་གང་ཡང་མ་རྙེད་དེ། རང་སེམས་ཀྱི་འཁྲུལ་སྣང་ཙམ་དུ་ཤེས་པར་བྱའོ། །དམིགས་སྐོར་བདུན་པའོ། །རིམ་པ་དེ་ཉིད་ཕྱིར་སྣང་བ་ཐམས་ཅད་ལ་སྦྱར་བ་ནི། དམིགས་སྐོར་བརྒྱད་པའོ། །གཉིས་པ་ནི། སྣང་བ་སྣ་ཚོགས་པ་སྣང་བའི་སེམས་ལ་རྣམ་པར་དཔྱད་ན། གནས་ཕྱི་ནང་གང་ན་ཡང་མི་གནས། ཕྱི་རོལ་ཁ་དོག་དབྱིབས་སུའང་མ་གྲུབ། ཡུལ་དང་དབང་པོ་གང་མ་ཡིན་པ་དང༌། སེམས་ཀྱི་ངོ་བོའི་དུས་གསུམ་ལ་རྣམ་པར་དཔྱད་ན་ཡང་འདས་པ་ནི་འགགས་ཏེ་མེད། མ་འོངས་པ་ནི་མ་སྐྱེས་ཏེ་མེད། ད་ལྟར་བ་ཡང་སྐད་ཅིག་ཐོག་མཐའ་བར་གསུམ་གྱིས་དཔྱད་ན་གནས་པ་མེད་དེ། སྣང་བ་ཅན་གྱི་ཤེས་པ་དེ་དྲན་རིག་ཏུ་སྣང་བ་མ་འགགས་ཀྱང་བཙལ་ན་མི་དམིགས་ཏེ། གཟུང་འཛིན་ཅན་གྱྀ་ཤེས་པའང་མེད་བཞིན་དུ་སྣང་བ་ལ་མཉམ་པར་འཇོག་པ་ནི། དམིགས་སྐོར་དགུ་པའོ། །གསུམ་པ་ལ། སྟོང་པའི་རྣལ་འབྱོར། རོ་མཉམ་གྱི་རྣལ་འབྱོར། བརྗོད་བྲལ་གྱི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་


TNT05_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤངས་ཏེ། དམིགས་གཏད་གང་ཡང་མེད་པར་སང་ངེ་བ་ལ་མཉམ་པར་བཞག བར་བར་དུ་འདི་དག་ཐམས་ཅད་ཅིར་ཡང་མ་ཡིན་ནོ། །ཞེས་ཅུང་ཟད་དྲན་པར་བྱས་ལ་མཉམ་པར་གཞོག་པ་སྟེ། དམིགས་སྐོར་བཅུ་པའོ། །གཉིས་པ་ནི། བདག་དང་སྣང་བའི་དངོས་པོ་ལ་སེམས་གཏད་དེ། རིག་པ་སྐད་ཅིག་མའི་རང་དོན་ཕན་ཚུན་ཕྱོགས་ཆའི་དབྱེ་བ་གང་ཡང་མེད་པ་ལ་མཉམ་པར་བཞག བར་བར་དུ་ཆོས་ཐམས་ཅད་རོ་གཅིག་མཉམ་པ་ཉིད་དོ་ཞེས་དྲན་པར་བྱ། དམིགས་སྐོར་བཅུ་གཅིག་པའོ། །གསུམ་པ་ནི། དེ་ལྟར་ན་མྱོང་རིག་རྒྱུན་མི་འཆད་ཅིང༌། སྣང་བ་མ་འགགས་ལ། རྒྱུ་འབྲས་རྟེན་འབྲེལ་འགག་པ་མེད་པར་འཆར་བཏུབ་ཀྱང༌། ཤར་ཙམ་ཉིད་ནས་གང་དུ་ཡང་མ་གྲུབ་ཅིང༌། ཅིར་ཡང་མ་ཡིན་པ། རང་གི་མྱོང་བས་གྲུབ་པ། བཟོ་བཅོས་མེད་པ་དེ་ཉིད་ལ་མཉམ་པར་བཞག མྱོང་ཡང་སྨྲ་མ་ཤེས་པ་དེ་ལ་བརྗོད་བྲལ་ལོ་ཞེས་ངོ་ཤེས་བྱ། དེ་གསུམ་ནི། རྟོག་སྒོམ་དང་འབྲེལ་བའི་ཕྱིར་རྟོག་བཅས་ཀྱི་རྣལ་འབྱོར་ཞེས་གསུང་ངོ༌། །དམིགས་སྐོར་བཅུ་གཉིས་ཐལ་ལོ། །གཉིས་པ་ཟབ་མོ་སྒོམ་པ་དངོས་ནི། རྣམ་པར་མི་རྟོག་པའི་རྣལ་འབྱོར་ཏེ། དེ་ཡང༌། རྣམ་པར་རྟོག་པ་ཀུན་དང་བྲལ། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཞེས་པ་ལྟར། སྐབས་འདིར་ཟབ་མོ་ནི་མ་བཅོས་པ་བློའི་ཡུལ་ལས་འདས་པ་ཡང་ཡིན། རྣམ་པ་ཐམས་ཅད་པར་རུང་བ་ཞིག་ཡིན་པར་ཡང་གསུངས་ཏེ། སྔར་གྱི་དེ་རྣམས་ཉིད་ཀྱི་ངང་ནས། ཐོག་མར་ཚོགས་དྲུག་གི་སྣང་བ་ལམ་མེ་བ་ལ། ཁོང་ནས་དྲན་ཤེས་ཅུང་ཟད་བཅུག་པས། སྣང་དུས་དེ་ཉིད་ནས་སྟོང་པ་ངོས་བཟུང༌། སྣང་སྟོང་


TNT05_Page_1053
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དེ་ཉིད་བྱང་ཆུབ་སེམས་རྡོ་རྗེའི་ཆོ་འཕྲུལ་ལོ་ཞེས་ཤེས་པར་བྱ། དམིགས་སྐོར་བཅུ་གསུམ་པའོ། །དེ་ནས་རང་གི་སེམས་ཉིད་ལ་མ་བཅོས་པ་འཁོར་ནས་དྲན་ཤེས་ཅུང་ཟད་བསྟེན་ཞིང་བསྒོམ། དེའི་ཚེ་སེམས་རིག་སྟོང་མ་འགགས་པ། ངོས་བཟུང་དང་བྲལ་བ་དེ་ཉིད་གདོད་མའི་སྟོང་ཉིད་ཡིན་ཞིང༌། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དེ་ཉིད་ལ་དང་བསྐྱང་བར་བྱའོ། །དམིགས་སྐོར་བཅུ་བཞི་པའོ། །དེར་རྣམ་རྟོག་དང་ཡུལ་སྣང་གི་འཆར་སྒོ་ཅི་བྱུང་བ་ཐམས་ཅད་ཀྱང༌། མ་བཅོས་པའི་ཚུལ་གྱིས་དྲན་ཤེས་བསྟེན་པ་ན། དེ་དག་ལ་གདོད་མ་ནས་སྐྱེ་འགག་དང༌། ངོས་བཟུང་མ་དམིགས་པ་དེ་ཉིད་ལ་མཉམ་པར་བཞག དམིགས་སྐོར་བཅོ་ལྔ་པའོ། །འཁོར་བ་འཁྲུལ་པའི་རང་སྣང་ཙམ་ལས། ཡེ་ནས་ཡོད་མ་མྱོང་བ་ཐག་ཁྲའི་སྦྲུལ་ལྟ་བུ་ལ་ངོ་སྤྲོད་དེ། ཐམས་ཅད་རྣམ་རྟོག་དང་བྲལ་བས། འཁོར་བ་ཞེས་བྱ་ཡོད་མ་ཡིན། འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར། སྣང་ཞིང་མེད་པ་ཉིད་དུ་འདོད། །ཅེས་གསུངས་པ་ལྟར། འཁོར་བ་གདོད་ནས་ཡོད་མ་མྱོང་བ་དང༌། སེམས་ཉིད་སྤྲོས་བྲལ་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་ཏུ་རྟོགས་པར་བྱའོ། ། འདི་ཚུན་ཆད་དུ། སེམས་རྣམ་རྟོག་རྒོད་ན། རབ་ཀྱིས་རྒོད་པ་ལས་གཞན་པའི་སེམས་མེད་ཅིང༌། སེམས་ལས་གཞན་པའི་རྒོད་པ་མེད་ལ། དེ་ཉིད་ལ་མཉམ་པར་བཞག་པས་གསལ་སྟོང་དུ་འགྱུར་རོ། །འབྲིང་གིས་རྒོད་པ་ངོ་ཤེས་པར་བྱས་ཏེ། དེ་ཉིད་ལ་འཕྲོ་བཅད་དེ་བསྐྱངས་པས་ཆོག ཐ་མས་ས་དམའ་སར་བསྡད། རིག་པ་ལྷོད་ཀྱིས་སློང༌། ཁ་ཟས་བཅུད་ཆེ་བ་ཚིམ་པར་བཟའ། དེས་སེལ། གལ་ཏེ་བྱིང་ན། རབ་འབྲིང་གཉིས་ལ་སྔར་གྱི་རིགས་འགྲེ་སྦྱར། ཐ་མ་གོ་ཟློག་ཏུ་བྱས་པས་སེལ་ཏེ། དེ་ལྟར་ན་དམིགས་པ་དྲུག་གོ །


TNT05_Page_1054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་ཀྱང་མ་སེལ་ན། རྒོད་པ་ལ། བདེ་བ་བསྐྱེད་པ་དང༌། མགོ་བཅད་པ་དང༌། སྣ་བུག་ནས་ཐིག་ལེའི་འགྲོ་འོང་བྱེད་པར་བསམས་པས་སེལ། བྱིང་བ་ལ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་ཞིང༌། གླུ་གར་དང། རོལ་མོ་སོགས་ཀྱིས་བསལ། སྙིང་མི་དགའ་ན། སྙིང་གཤོག་པ་དང༌། འབྱིན་པ་བྱ། རོ་སྟོད་འཚང་ན་རིག་པ་འཐུར་དུ་འཕངས། ཟུག་རྔུ་སྐྱེས་པ་སོགས་ལ་ལུས་ཐམས་ཅད་ཁྲོལ་ཚགས་སུ་བསྒོམ། ཡུལ་གཅིག་ལ་སེམས་རྟག་ཏུ་རྒྱུག་ན། སེམས་བཞུར་ནས་ཡུལ་དེ་ཉིད་ལ་བཏང་པས་འཕྲོ་བ་ཆད་པར་འགྱུར་རོ། །དེ་ལྟར་ན་གེགས་སེལ་དམིགས་པ་དགུ་དང༌། དྲུག་སྟེ་བཅོ་ལྔ་པོ་འདི་དམིགས་སྐོར་དཀྱུས་ལ་མི་བགྲོང་ངོ། །དེ་དག་གི་མན་ངག་རྒྱས་པར་ཡིག་རྙིང་དང་བླ་མའི་ཞལ་སྔ་ནས་རིག་པར་བྱའོ། །གསུམ་པ་ལྷོངས་སུ་གྱུར་པ་ནི། གསེར་དང་གསེར་གྱི་ཁ་དོག་བཞིན་དུ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པར་རང་ཤར་དུ་འབྱུང༌། སྣང་བ་ཅི་ཤར་བ་ཐམས་ཅད་གདོད་ནས་སྟོང་སང་ངེ་བ། དྲན་རིག་འགྱུ་བ་ཐམས་ཅད་ཆུ་ནང་གི་ཟླ་གཟུགས་ལྟར་ཡལ་ཡུལ་དུ་ཤར་བ་སྟེ། དེའི་སྔོན་དུ་མཉམ་བཞག་གི་ཚེ་རིག་པ་ཡུལ་མེད་དུ་སངས་ཀྱིས་སོང༌། ལུས་དང་རླུང་གི་འགྲོ་འོང་དང༌། སེམས་ངོ་བོ་རྗེན་ནེ་འཆར་བ་འབྱུང་ངོ༌། དམིགས་སྐོར་བཅུ་བདུན་པའོ། །དཀྱུས་ཀྱི་དམིགས་པ་དང་གེགས་སེལ་སྡོམས་པ་སུམ་ཅུ་སོ་གཉིས་པ། རྣམ་པར་མི་རྟོག་པའི་རྣལ་འབྱོར་འདི་ཉིད་མཐར་ཕྱིན་ནས་ཟབ་པའི་ལྟ་བའི་རྟོགས་པའོ། དེ་དག་ནི་སོ་སོར་བསྡུད་པའི་ཕྱེད་འོག་མ་ཡིན་ནོ། །གཉིས་པ་གསལ་བ་དཀྱིལ་འཁོར་གྱི་འཁྲིད་ལ། དང་པོར་གསལ་བའི་ཡེ་ཤེས་ཀྱི་ངོ་བོ་ངོས་བཟུང་བ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །


TNT05_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བཤད་དོ། །ཞེས་གསུངས་པ་ལྟར་ལས། དེ་ལམ་དུ་སློང་བ་ལས། སོ་སོར་སྡུད་པའི་ཕྱེད་གོང་མ་དང༌། བསམ་གཏན་གཉིས་ལས། དང་པོ་ལ་རྟོག་པ་ཅན་དང༌། རྟོག་བྲལ་གཉིས། དེའི་ཡང་དང་པོ་ལ་གཉིས་ཏེ། རྣམ་རྟོག་ཤས་ཆེ་བས་སྙིང་གའི་ཐིག་ལེ་སྒོམ་པ་དང༌། ཉོན་མོངས་ཤས་ཆེ་བས་འོག་གི་སྣ་རྩེར་སྒོམ་པའོ།། དང་པོ་ལ་ནི་ཐིག་ལེའི་རྣལ་འབྱོར་ཞེས་བྱ་ལ། གཉིས་པ་ལ་ནི་ཕྲ་མོའི་རྣལ་འབྱོར་ཞེས་བྱའོ། །དང་པོ་ནི། རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བའི་གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཕྱག་མཚན་གྱི་ལྟེ་བར་ས་བོན་ཟླ་བ་གནས་པ་ཏིང་ངེ་འཛིན་སེམས་དཔའ། དེའི་འོད་ཀྱིས་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས་སླར་བསྡུས་ཏེ་ཐིམ་པས་རྡོ་རྗེ་གསུམ་གྱི་ངོ་བོ་ཐིག་ལེ་ཡུངས་འབྲུ་ཙམ་རང་ལྷའི་མདོག་དང་འདྲ་བར་བསྒོམ། སེམས་འཕྲོ་ན་ཐིག་ལེའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་རིམ་གྱིས་གསལ་བར་བྱས་སླར་འདུས་ཏེ་ཐིམ། ཐིག་ལེ་ལས་བདེ་བའི་བདུད་རྩི་འཛག་པར་བསམ། དམིགས་སྐོར་དང་པོའོ། །གཉིས་པ་ནི། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐིག་ལེར་ཞུ་བ་རྡོ་རྗེ་དང་པདྨའི་རྩའི་སྣེ་འཕྲད་མཚམས་སུ་བབས་པ། ཕྱག་མཚན་ནས་འབྲུ་ཙམ་གྱི་ལྟེ་བར་ས་བོན་ཞུ་བའི་ཐིག་ལེ་ཕྲ་མོས་མཚན་པ། ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་ལ་སེམས་བཟུང༌། དེ་དག་གི་གནས་སྐབས་སུ། སེམས་རྣམ་པར་གཡེངས་ན། རྣམ་གཡེངས་ངོ་ཤེས་པར་བྱས་ཏེ་སྒོམ་པ་སོགས་གནས་པའི་ཐབས་དགུ་ཚང་བར་བྱ་སྟེ་སྤྱི་དང་མཐུན་ནོ། །དམིགས་


TNT05_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གཉིས་པའོ། །གཉིས་པ་ནི། ཕྲ་ཐིག་དེ་གཉིས་གང་ཡང་རུང་བ་རེ་བསྒྲིམས་ཏེ་བསྒོམས་ནས་མཐར་ལྟ་སྟངས་གྱེན་འཐུར་ཐད་ཀ་གང་རུང་རེ་ལ་གཟིར་ཤིང༌། སེམས་རྟོག་བྲལ་ཟབ་མོ་ཉིད་ལ་གཏད་པ་ན་ཐིག་ལེའི་སྣང་བ་རང་ཤར་དུ་འབྱུང་བའོ། ། དེ་ཡང་སྨིག་སྒྱུའི་མཐར་ཐིག་ལེ་དཀར་པོ་དུ་བ་དང་དམར་པོ་མཁའ་སྣང་དང་སྔོན་པོ་མར་མེ་དང་ལྗང་ཁུ་ནམ་མཁའ་དང་སེར་པོར་སྣང་བ་རྣམས་འབྱུང་ངོ༌། ། འདི་ནི་སྔ་མ་གཉིས་ཀྱི་གྲུབ་དོན་དང་དམིགས་པའི་གཙོ་བོ་སྟེ། དམིགས་སྐོར་གསུམ་པའོ། །གཉིས་པ་བསམ་གཏན་ལ་ཡང་རྟོག་པ་ཅན་དང་རྟོག་བྲལ་གཉིས། དང་པོ་ལ་བསམ་གཏན་དངོས་དང༌། སྤྲོ་བ་གཉིས་ལས། དང་པོ་ལ་ཐོག་མར་རྟོག་པའི་ཡན་ལག་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐིག་ལེ་དང་བཅས་པ་རགས་པ་ཙམ་མམ་གཙོ་རྐྱང་ཙམ་སྐད་ཅིག་གིས་ཡང་ཡང་གསལ་འདེབས་པ་དམིགས་སྐོར་བཞི་པའོ། །དེ་བརྟེན་ནས་གཉིས་པ་དཔྱོད་པའི་ཡན་ལག་ནི། དཀྱིལ་འཁོར་སོགས་ཀྱི་ཆ་ཤས་ཕྲ་མོ་རྣམས་ཀྱང་ཞིབ་ཏུ་གསལ་འདེབས་ཤིང༌། སྐྱེ་མཆེད་དང་རྡོ་རྗེ་གསུམ་གྱི་ལྷ་རྣམས་ཀྱང་ཅིག་ཅར་གསལ་བཏབ་ནས་བསྒོམ་པ་སྟེ། དམིགས་སྐོར་ལྔ་པའོ། །དེ་རྣམས་ངེས་པ་ཅན་གྱི་དམིགས་སྐོར་དུ་བྱའོ། །དེ་ལ་བརྟེན་ནས་སེམས་ལ་དགའ་བ་ཡང་དག་པར་ཐོབ་པ་ནི། གསུམ་པ་དགའ་བའི་ཡན་ལག་གོ ། དེས་དྲངས་ཏེ་ལུས་སེམས་ལ་ཚོར་བ་བདེ་བ་ཆེར་རྒྱས་པ་ནི་བཞི་པ་བདེ་བའི་ཡན་ལག་གོ །ཡིད་ངོར་ཤར་བའི་དཀྱིལ་འཁོར་དང༌། ལུས་སེམས་དགའ་བདེ་དེ་ཐམས་ཅད་ཀྱང་སེམས་ཀྱི་སྣང་བ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཞེན་པ་སྤངས་ཏེ་སྣང་སྟོང་འཛིན་མེད་དུ་འཇོག་པ་ནི། ལྔ་པ་རྩེ་གཅིག་པའི་ཡན་ལག་གོ །འདི་དང་ཟབ་པ་བསྲེས་པ་


TNT05_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དག་པ་དང་མ་དག་པའི་སྣང་བ་ཐམས་ཅད་སེམས་སུ་ཤེས་ཏེ། ཡུལ་ཡུལ་ཅན་འདྲེས་པ་ན་བསམ་གཏན་དངོས་མཐར་ཕྱིན་པ་ཡིན་ནོ།། དེ་ལྟ་བུའི་རྣམ་གཞག་ཙམ་བླ་མས་སྟོན་ཏེ། དམིགས་སྐོར་གྱི་ཐ་སྙད་སྦྱར་བ་དྲུག་པའོ། །གཉིས་པ་ནི། དེ་རྣམས་བརྟན་ན་གོང་གི་ཐིག་ལེའི་རྣལ་འབྱོར་དང་འདྲ་བ་ལས། ཐིག་ལེའི་དབུས་སུ་ལྷ་གྲངས་དང་མཉམ་པའི་ཐིག་ལེ་ཁ་དོག་སོ་སོར་བསྒོམ། ཡང་ན་ས་བོན་བཅུ་དགུའམ། ཕྱག་མཚན་བཅུ་དགུ་བསྒོམ། དེ་ལ་སེམས་བརྟན་ན་ལྷ་བཅུ་དགུ་བསྒོམ། དེ་རྣམས་ལ་དམིགས་སྐོར་རེ་རེ་ཏེ་བཅུ་ཐལ་ལོ། །དེ་ལ་བརྟན་ན་གཞལ་ཡས་ཁང་དང་བཅས་པའི་ཐིག་ལེའི་དཀྱིལ་འཁོར་རམ། ཡི་གེའམ། ཕྱག་མཚན་ནམ། གཟུགས་བརྙན་ཏེ་བཞི་པོ་གང་ཡང་རུང་བསྒོམ་པའམ། རིམ་གྱིས་ཐམས་ཅད་བསྒོམ་པར་བྱའོ། དམིགས་སྐོར་བཅུ་བཞི་ཐལ་ལོ། །འདིར་ཡང་སྤྲོ་བ་ལ་མོས་པ་ན། སྤྲོ་བསྡུ་བྱ་ཞིང། ཡང་ན་སྤྲོ་བསྡུའི་བྱ་བ་ནི་གཙོ་བོར་འོག་གི་སྣ་རྩེ་དང་འབྲེལ་བ་ཡིན་པས་སྐབས་འདིར་མ་བྱས་ཀྱང་རུང་ངོ༌། །དེ་བཞིན་དུ་འོག་གི་སྣ་རྩེར་ཕྲ་མོའི་རྣལ་འབྱོར་སྔར་བཞིན་བསྒོམས་ལ། དེའི་ནང་དུ་ཐིག་ལེ་བཅུ་དགུ་སྒོམ་པ་སོགས་དམིགས་པ་བརྒྱད་པོ་གོང་དང་འདྲ་སྟེ། དམིགས་སྐོར་ཉེར་གཉིས་ཐལ་ལོ། །སྐབས་འདིར་དེ་རྣམས་ལ་དམིགས་པ་བརྟན་ན་ངེས་པར་སྤྲོ་དགོས་ཤིང༌། དེ་ཡང་མཁའ་ནང་གི་དཀྱིལ་འཁོར་དེ་ཉིད་ལས་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་གང༌། མ་དག་པའི་ལས་སྣང་རྣམས་ལ་བསྟིམ་སྟེ། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷ་ཚོགས་སུ་གྱུར། སླར་བསྡུས་ཏེ་རྩ་བའི་དཀྱིལ་འཁོར་ལ་བསྟིམ། བར་བར་ཐམས་ཅད་དུ་སྣོད་བཅུད་ཐམས་ཅད་ཐིག་ལེའི་འོད་ཀྱིས་གསལ་བར་བྱས་ཤིང༌།


TNT05_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བསྡུ་བའི་དམིགས་པ་ཡང་བྱ་སྟེ་དམིགས་སྐོར་ཉེར་གསུམ་པའོ། །དེ་རྣམས་ལ་ལེགས་པར་བརྟན་པ་ཐོབ་ན་ཐིག་ལེའི་དབུས་ཀྱི་གཙོ་བོའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་ནང་དུ་ཡང་དཀྱིལ་འཁོར་བསྒོམ་པ་དང༌། གསང་བའི་སྣ་རྩེ་ལ་ཡང་དེས་རིགས་འགྲེས་ཏེ། དཀྱིལ་འཁོར་ཐུག་མེད་དུ་བསྒོམ་པ་དང༌། སྤྲོས་པའི་དཀྱིལ་འཁོར་རྣམས་ལའང་བསྙེན་སྒྲུབ་ཡན་ལག་བཅུ་གཉིས་ཚང་བ་བསྒོམ་པ་སོགས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྩལ་སྦྱོང་ཟད་པ་མེད་པའི་བར་དུ་བྱའོ། །དམིགས་སྐོར་ཉེར་ལྔ་པ་སྟེ་ཐ་མའོ། །འདི་རྣམས་ལས་ཀྱང་དུ་བ་ལ་སོགས་པའི་རྟགས་ལྔ་འབྱུང་ངོ༌། །གཉིས་པ་ནི། སོར་སྡུད་རྟོག་མེད་ལྟར་བསྒོམས་པས་ཐིག་ལེ་སེར་པོར་ཡང་ལུགས་ཟློག་གི་ཚུལ་དུ་ཐིག་ལེ་ལྗང་ནག་དམར་དཀར་སེར་བ་དག་སྣང་བ་དང༌། ལྷ་སྐུ་སྣ་ཚོགས་པ་འཆར་ཞིང༌། དེ་ཉིད་གོང་ནས་གོང་དུ་སྤྲོ་བ་དང༌། རང་གཞན་གྱི་མ་དག་པའི་སྣང་བ་འཕྲལ་དུ་འགོག་པའོ། །འདི་ལའང་ཡན་ལག་ལྔ་གོང་དང་འདྲའོ། །གསུམ་པ་ནི། ཇི་སྐད་དུ། དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་པ་ལྟར་མཐར་ཐུག་ཟུང་འཇུག་གི་འཁྲིད་ལ་གསུམ་ལས། དང་པོ་རང་བཞིན་ཟུང་འཇུག་སྒོམ་པ་ནི། དེས་ན་ཟབ་གསལ་དཀྱིལ་འཁོར་བས། ང་ནི་རྟག་ཏུ་མྱ་ངན་འདས། །ཞེས་པ་ལྟར་ཏེ། གོང་དུ་བཤད་པའི་མི་རྟོག་པའི་རྣལ་འབྱོར་དེ་ཉིད་ལས། ཡུལ་གྱི་སྣང་བ་མི་དགག་པར་དེ་ལྟར་སྣང་བ་དང༌། རང་བཞིན་དབྱེ་བ་མེད་པ་དེ་ཉིད་ངོ་ཤེས་པར་བྱས་ཏེ་མཉམ་པར་བཞག གཞིའི་ཟབ་གསལ་དབྱེར་མེད་དུ་ཤེས་པར་བྱའོ། །གཉིས་པ་ལམ་ཟུང་འཇུག་བསྒོམ་པ་ནི། རང་བཞིན་ཅིར་ཡང་མ་ཡིན་པའི་གསལ་ཆ་


TNT05_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་པ་གོང་དུ་བསྟན་པ་ལྟར་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བར་བྱས་ཏེ། གསལ་བ་དེ་ཉིད་མ་འགགས་པའི་སྟེང་དུ་ཟབ་མོའི་ལྟ་བ་སྐྱོང་པའོ། །གསུམ་པ་འབྲས་བུ་ཟུང་འཇུག་ངོ་སྤྲོད་པ་ནི། དེ་སྐད་དུ། དེ་ཕྱིར་རྣམ་རྟོག་རྣམ་སྤངས་ལ། །ཟབ་གསལ་གཉིས་མེད་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །ཅེས་པ་ལྟར། དབང་གི་ཡེ་ཤེས་ལ་བརྟེན་ནས་བདེ་བ་ཅུང་ཟད་མཚོན་པར་བྱས་ཟིན་པའི་ངང་ནས། ལམ་ཟུང་འཇུག་སྒོམ་དུ་བཅུག་སྟེ། སྐུ་གསུམ་ཡན་ལག་བདུན་ལྡན་དུ་ངོ་སྤྲོད་པའོ། །དེ་ཡང་མི་རྟོག་པ་ཆོས་སྐུ། གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། གདོད་མ་ནས་ཟབ་གསལ་དབྱེར་མེད་སྐུ་གསུམ་གྱི་རང་བཞིན་དུ་མྱ་ངན་ལས་འདས་པ་དེ་ཉིད་ལམ་བསྒོམས་པས་སྒྲིབ་གཡོགས་སྤངས་པ་ཙམ་འབྲས་བུ་མངོན་དུ་བྱས་པ་ཡིན་པར་ངེས་ཤེས་བསྐྱེད་དོ། །དེ་གསུམ་ལ་དམིགས་སྐོར་རེ་རེ་བྱའོ། །དེ་ལྟར་ན་གནས་གཞི་རྙིང་པའི་དཔེ་ཚོགས་སྤུན་གསེད་བྱས་པ་ཙམ་ལས་སྔགས་ཀྱི་ཟབ་དོན་རྙེད་པར་མི་འགྱུར་ལ། རྟོག་གེའི་དཔྱད་པས་ཀྱང་མིན་ཏེ། སྨན་ཞབས་ཀྱི་ཞལ་སྔ་ནས། ལ་ལ་ནི་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་བརླབས་པའི་མན་ངག་སློབ་དཔོན་དག་གི་ཞལ་སྔ་ནས་མ་ཐོབ་ཅིང་གཞན་དག་ནི་རིགས་པ་མ་ཡིན་པའི་ཤགས་ཙམ་ལ་བརྟེན་ནས། བདག་ནི་རྣལ་འབྱོར་པ་མན་ངག་ཡང་དག་པར་ཐོབ་པའོ། །ཞེས་རློམ་ཞིང༌། གཞན་དག་ལ་ཡང་དེ་ལྟར་བསྙད་པ་དེ་ནི་བསྐལ་པ་ཁྲག་ཁྲིག་གི་བར་དུ་ཡང་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་གོ་བར་བྱ་སྟེ། བླ་མ་དམ་པ་མཉེས་པར་བྱས་ནས། གདམས་


TNT05_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཐོབ་དགོས་པ་ཡིན་ནོ། །མཆོག་གྱུར་ཟབ་གསལ་དབྱེར་མེད་ཁྲིད། །ཟེར་ཟློས་སྣ་ཚོགས་མ་བསྐྱར་ཞིང༌། །རང་རྟོག་དྲི་མས་མ་སྦགས་པར། །སྔོན་རབས་ལུགས་ལ་འཁྲུགས་སྡེབས་བྱས། །ཞེས་པའང་ཏཱ་ར་ནཱ་ཐ་ཡིས། །ཇོ་ནང་དཔལ་གྱི་རི་ཁྲོད་དུ། །རང་ལོ་ཉེར་དགུར་སོན་པ་ན། །མདོ་ཙམ་ལྷག་བསམ་དག་པས་བྲིས། །སླར་ཡང་ཅུང་ཟད་ཞུས་དག་བགྱིས་པའོ།། །།གཅིག་ཞུས་དག དགེའོ། །