Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བྱེད།
   
   
   
   
   
   
   
   


 
previousདཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བྱེད།next

དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བྱེད།


TNT05_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བྱེད་ཅེས་བྱ་བ་བཞུགས།


TNT05_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བྱེད་ཅེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མཆོག་ཏུ་དང་པོར་ཡེ་ཤེས་བདུད་རྩི་ཡི། །བཀའ་དྲིན་སྩོལ་མཛད་བླ་མར་ཕྱག་བགྱིས་ནས། །གང་གི་ཐུགས་རྗེའི་འོད་ཟེར་ལས་ཤར་བ། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལའང་འདུད། །མ་ལུས་རྒྱུད་སྡེའི་ཆུ་ཀླུང་ཀུན། །འདུས་པའི་རྒྱ་མཚོ་ཆེར་འཇུག་པ། །འདི་ལས་གྲུབ་པའི་དགའ་སྟོན་ནི། །མཐའ་ཡས་ཅི་ཡི་ཕྱིར་མི་ཐོབ། །སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་ཟླས་རྣམས་སྤྱི་དང་མཐུན་པར་སོང་ནས། དཀྱིལ་འཁོར་ཆེན་པོ་སྒོམ་པར་འདོད་ན། འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ། མཐུན་རྐྱེན་སྒྲུབ་པ་ཚོགས་གཉིས་བསོག་པ་དང༌། འགལ་རྐྱེན་འགོག་པ་བསྲུང་འཁོར་སྒོམ་པའོ། །དང་པོ་ནི། རང་སྐད་ཅིག་གིས་


TNT05_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་རྡོ་རྗེར་གསལ་བའི་སྙིང་ཁར་ཟླ་བ་དྲི་མ་མེད་པ་ལ་གནས་པའི་མཾ་ཡིག་དམར་སེར་ལས་འོད་ཟེར་འཕྲོས་པས། རྩ་བའི་བླ་མ་རིགས་བདག་གི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟཾ་པྲ་ཎ་ཛྙཱ་ན་བཛྲ་བན་ངྷཱ་ནཱཾ་ཀ་རེ་མི། དཔལ་ལྡན་བདེ་རྫོགས་ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །དེ་ཡི་རང་བཞིན་ཞི་བ་བཅུ་དྲུག་ཕྱེད་ཆ་འབར། །དོན་དམ་སྙིང་པོ་དེ་སྟོན་བླ་མ་གསུམ་པོ་རབ། །དེ་ལ་བྱ་བྱེད་གསུམ་མཉམ་པ་ཡིས་རྟག་ཏུ་འདུད། །དཔལ་ལྡན་མི་ཤེས་ཀུན་སྤངས་དྲི་མེད་གཟི་བརྗིད་ལྡན། །དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་རྒྱན་ ཞིང༌། །ཤེས་རབ་ཡན་ལག་འདུས་པ་འབར་ཞིང་རབ་མཛེས་པ། །འཇམ་དཔལ་གང་དེ་མཆོད་ཕྱིར་དེ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། ཨོཾ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། དེ་བཞིན་དུ་འདིར་


TNT05_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། རཱུ་པ། ཤཔྟ། གྷནྡྷེ། རཱ་ས། སྤརྴ། དྷརྨ་དྷ་ཏུ། རྣམས་ལའང་སྦྱར་རོ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ། འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་བ་དྲི་མེད་ཟླ་འདྲས་སྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང༌། །སེམས་དཔའ་དམ་པ་རྣམས་ཀྱི་ཕུན་ཚོགས་གཞི།། དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ངེས་པར་གྲོལ་གྱུར་ཞིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་བཞུགས་པ་ཡི། ། བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་རྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་


TNT05_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །ཞེས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་བཞི་སྤྱི་དང་མཐུན་པར་སྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ནམ་མཁའི་ཁམས་སུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་གི་བར་དོའི་ངོ་བོ། །ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་རྣམས། ཧོཿདམར་པོ་གཉིས་ཀྱིས་མཐའ་རྟེན་པའོ། །གཉིས་པ་ནི། འོག་ཏུ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་པའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་རྡོ་རྗེའི་ས་གཞིར་རབ་དང་དྲྭ་བ། གུར་དང་བླ་རེ། ཕྱི་རོལ་དུ་རྡོ་རྗེའི་མེ་འབར་བས་བསྐོར་བར་གྱུར། དེའི་ནང་དུ་ཨོཾ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། པད་ཉིའི་གདན་བཅུ་གཅིག་དང་བཅས་པའོ། །འཁོར་ལོའི་ལྟེ་བར་གཡས་སུ་གཽ་རི་དང༌། གཡོན་དུ་དབང་ཕྱུག་གི་གདན་ལ་ཁྲོ་བོའི་རྒྱལ་པོ་ཧཱུཾ་མཛད་དང༌། འོག་གི་རྩིབས་ལ་གནོད་མཛེས་ཏེ་གཉིས་ཀ་ཡང་སྐུ་མདོག་ནག་པོ། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་


TNT05_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ནོར་བུ་འཛིན་པ། དེ་བཞིན་དུ་ཤར་དུ་གཤིན་རྗེ་མཐར་བྱེད། ལྷོར་ཤེས་རབ་མཐར་བྱེད། ནུབ་ཏུ་པདྨ་མཐར་བྱེད། བྱང་དུ་བགེགས་མཐར་བྱེད་རྣམས་སོ། གཞན་ཡང་བྱང་ཤར་དུ་མི་གཡོ་བ། ལྷག་མ་གཡས་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ། ཤར་ལྷོར་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང༌། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་བེ་ཅོན་ནག་པོ་དང༌། ནུབ་བྱང་དུ་སྟོབས་པོ་ཆེ་མདུང་རྩེ་གསུམ་པ་དང༌། སྟེང་དུ་གཙུག་ཏོར་འཁོད་ལོས་སྒྱུར་བ་སེར་པོ། སེར་ནག་དཀར་བའི་ཞལ་གསུམ། འཁོར་ལོ་འཛིན་པ། དེ་ལྔ་ཅར་ཡང་རྣམ་པ་ཆ་བྱད་ལྷག་མ་ཧཱུཾ་མཛད་དང་མཚུངས་པ་སྟེ། འོན་ཀྱང་ཧཱུཾ་མཛད་གནོད་མཛེས་མི་གཡོ་བ་འདོད་རྒྱལ་རྣམས་རོལ་པའི་ཁྲོ་བོ་ཡིན་ལ། གཞན་རྣམས་ནི་མི་སྡུག་པའི་ཉམས་ཅན་ཏེ། གཤིན་རྗེ་མཐར་བྱེད་ལ་རྣམ་སྣང༌། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་སྐྱོད་པ་རེ་རེས་དབུ་བརྒྱན་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་ལ་རྟག་ཏུ་མངོན་བརྩོན་པ། །བདུད་བཞི་འཇོམས་ཤིང་གདུལ་དཀར་འདུལ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཧཱུཾ་བཞི་པའི་སྔགས་ཅི་ནུས་སུ་བཟླའོ། །ཨུཥྞི་ཥའི་ཕྱིར་ཟློག་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ལ། དང་པོ་སྦྱོར་


TNT05_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་གོ །དང་པོ་ལ། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པ་གཉིས་ལས། དང་པོ་ནི། དབུས་ཀྱི་ཁྲོ་བོ་ཡོངས་སུ་གྱུར་པ་ལས། སཾ་ལས་རྡོ་རྗེ་དཀར་པོ་སཾ་གིས་མཚན་པར་གྱུར། དེ་ལས་ཀུན་ཏུ་བཟང་པོ་དཀར་པོ་ཞལ་གསུམ་ཕྱག་དྲུག་པའོ། །དེ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཁ་ཆེ་བ་གྱེན་དུ་ཕྱོགས་པ། དེ་བཞིན་གཤེགས་པའི་ཚོགས་ཀྱི་འོད་ཟེར་འཕྲོ་བ། དེའི་ནང་དུ་པཾ་ལས་སྣ་ཚོགས་པད་མ་འདབ་མ་འབུམ་དང་ལྡན་པ། ལྟེ་བར་ཧཱུཾ་ནག་པོ་ལས། སྣ་ཚོགས་རྡོ་རྗེ་ཡངས་ཤིང་རྒྱ་ཆེ་བ་དེའི་ལྟེ་བར་ཟླ་བ་ལ། བྷྲུཾ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་བྷྲུཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་ཞལ་གསུམ་ཕྱག་དྲུག་པའོ། །དེ་ཡོངས་སུ་གྱུར་པ་ལས། ཐར་བ་ཆེན་པོའི་ཁང་བཟང་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་རྫོགས་པར་གྲུབ་པ། ཐུབ་པའི་དབང་པོའི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ཀུན་ཏུ་ཁྱབ་པ། གྲུ་བཞི་པ་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང༌། སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེ་ཕ་གུ་དམར་པོས་བསྐོར་བའི་སྟེང་ན་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་ཆུ་


TNT05_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་གྱི་ཁ་ནས། འཕྱང་བའི་དྲ་བ་དྲ་ཕྱེད། དེའི་སྟེང་དུ་བྱ་འདབས་ལས་འཕྱང་བའི་ཤར་བུ། སྟེང་དུ་མདའ་ཡབ་མཆོད་རྟེན་གྱི་དབྱིབས་ཅན་གྱིས་ཡོངས་སུ་བསྐོར་བ་ལ། རྒྱལ་མཚན་དང་བ་དན་ལ་སོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྩིག་པའི་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ། བཞུགས་སྟངས་དང་ཁ་དོག་སྣ་ཚོགས་པའི་གཟུངས་མ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་པ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ་སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། གཡས་གཡོན་དུ་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་འཁྱུད་ཀྱི་ཕྱི་མཚམས་དང་གྲྭ་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོ་ལ་རྡོ་རྗེས་མཚན་པས་བརྒྱན་པ། རྟ་བབས་ཀྱི་གཡས་གཡོན་དུ། བུམ་པ་བཟང་པོ་དང་དཔག་བསམ་གྱིས་ཤིང་དང༌། རྒྱལ་སྲིད་སྣ་བདུན་དང༌། སྤྲིན་གྱི་བསེབ་ནས་བྱུང་བའི་ལྷ་མོ་མེ་ཏོག་གི་ཕྲེང་བ་ཐོགས་པ་རྣམས་ཀྱིས་བརྒྱན་པ། གཞལ་ཡས་ཁང་གི་ནང༌། དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཕྱི་ངོས་སུ། འོད་ཟེར་རྣམ་པ་ལྔའི་འཕྲེང་བས་བསྐོར་བའི་ནང་དུ། རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་རྟེན་པའི་ཀ་བ་བརྒྱད་དང་ལྡན་པ་ཏེ། ཤར་དུ་འཁོར་ལོ། ལྷོ་རུ་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་


TNT05_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། རིམ་པ་གཉིས་པའི་གྲྭ་བཞིའི་གཡས་གཡོན་དུ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་བཅས་པ། མཆོད་པའི་སྤྲིན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པའི་ཁང་བཟང་དམ་པ། དེའི་ནང་གི་སྟེང་འོག་གི་གཞི་དང་ལྷ་སྣམ། ཤར་དཀར་ལྷོ་སེར་ནུབ་དམར་ལྗང་དབུས་སྔོ་བའི་ནང་ལེ་ཚེ་དགུ་དང༌། རིམ་པ་གཉིས་པའི་གྲྭ་བཞི་དང་ཤར་སྒོའི་གཡས་གཡོན་གཉིས་དང༌། སྒོ་བཞི་རྣམས་སུ་སྣ་ཚོགས་པདྨའི་གདན་རེ་རེ་ནང་གི་ཤར་ལས་གཞན་པའི་ཕྱོགས་གསུམ་དང༌། སྒོ་བཞི་རྣམས་སུ་ཉི་མའི་གདན། གཞན་རྣམས་སུ་གདན་རེ་རེ་སྟེ། ཡེ་ཤེས་ཀྱི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། གཉིས་པ་རྟེན་པ་བསྐྱེད་པ་ལ། བསྙེན་སྒྲུབ་ཆུང་ངུ་དང༌། བར་མ་གཉིས་སོ། །དང་པོ་ལ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་བཞི་ལས། དང་པོ་ནི། དབུས་ཀྱི་ཟླ་བའི་གདན་ལ་བར་སྣང་གི་ཡི་གེ་ལས་འཕྲོས་པའི་རང་གི་སྒོ་གསུམ་གྱི་རང་བཞིན་ཡི་གེ་འབྲུ་གསུམ་གཟུགས་བརྙན་ལྟར་གསལ་བས། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ། དེ་རྣམས་ཀྱིས་རང་ལ་བྱིན་གྱིས་བརླབས་ཤིང་འོད་དུ་ཞུ་ནས་འོག་ཏུ་བབས། དབུས་ཀྱི་གདན་ལ་གནས་པ་ཆ་གཉིས་སུ་གྱུར་པའི་འོག་མ། ཨ་ཨཱ། ཨི་ཨཱི།


TNT05_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། རྣམས་གཡས་བསྐོར་དང༌། གཡོན་བསྐོར་ཏེ་མཚན་བཟང་པོ་སོ་གཉིས་ཀྱི་རང་བཞིན་དབྱངས་སོ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དབྱངས་དཀར་པོ་སོ་གཉིས་ཀྱིས་མཚན་པའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ་རྣམས་གཡས་བསྐོར་དང་གཡོན་བསྐོར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་གསལ་བྱེད་བརྒྱད་ཅུ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གསལ་བྱེད་དམར་པོ་བརྒྱད་ཅུས་མཚན་པ། དེ་ལྟར་ཟླ་བ་གཉིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཟླ་བ་དེ་གཉིས་གཅིག་ཏུ་གྱུར་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཟླ་བའི་སྟེང་དུ་ཧཱུཾ་དམར་པོ་ལས་བྱུང་བའི་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར། ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་འོད་ཟེར་འབར་བས་མཚན་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཧཱུཾ་གི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་རྣམ་པར་སྦྱངས་ཤིང་རྡོ་རྗེ་འཛིན་པའི་གོ་འཕངས་ལ་བཀོད་དེ་སླར་འདུས་ནས་ཧཱུཾ་ལ་ཐིམ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། སླར་ཡང་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བདེ་བ་ཆེན་པོས་མཉེས་པར་བྱས། རྡོ་རྗེ་


TNT05_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་རྣམ་པར་སྤྱན་དྲངས་པ་རྣམས་ཧཱུཾ་ལ་ཐིམ། ཟླ་བ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་དཀར་ནག་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་རང་སྣང་གི་རིག་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། ཟླ་བའི་འོད་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ལྟར་སྐུ་ཡོངས་སུ་རྫོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཤིན་ཏུ་དགའ་བའི་སྒྲ་དབྱངས་ཀྱིས་རྒྱལ་བ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས། རང་གི་ལུས་ལ་ཞུགས་པའི་རྐྱེན་གྱིས་རང་ཉིད་བདེ་བ་ཆེན་པོ་ལྷག་པར་རྒྱས་པས། ཡུམ་མཉེས་པར་གྱུར་ཞིང༌། རང་གི་ལུས་ལས་སྤྱན་སོགས་ཡུམ་བཞི་དང༌། གཟུགས་སོགས་ལྷ་མོ་ལྔ་སྟེ་རིག་མ་དགུ་ཕྱིར་སྤྲོས་ནས་ཡུམ་ལ་ཐིམ་པའི་རྐྱེན་གྱིས་ཡུམ་བདེ་བ་ཆེན་པོ་ལྷག་པར་རྒྱས་པས་ཡབ་མཉེས་པར་གྱུར། སླར་ཡང་རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་རྡོ་རྗེ་འཛིན་པ་ལྷ་བཅུ་དགུའི་བདག་ཉིད་དུ་སྤྱན་དྲངས། རང་གི་ཞལ་ནས་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པའི་ཐིག་ལེ་ཡོངས་


TNT05_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས། རྡོ་རྗེ་སེམས་དཔས་གཙོ་བྱས་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དུས་གཅིག་ཏུ་གྲུབ་པ་ལས་འཕྲོས་པའི་འོད་དང༌། རང་གི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་བཀུག་ནས་སློབ་མ་འཇུག་པའི་ཚུལ་དུ་གསང་བའི་དཀྱིལ་འཁོར་གྱི་སྒོ་བཞི་ནས་བཅུག་སྟེ་དཀྱིལ་འཁོར་གྱི་ནང་དུ་འཁོད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རིགས་ལྔ་ཡུམ་བཞི་སེམས་དཔའ་སེམས་མ་བཅུ་གཉིས་ལ་སོགས་པའི་རྒྱལ་བ་འཁོར་བཅས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་སེམས་སུ་རོ་གཅིག་ཏུ་གྱུར། རྡོ་རྗེའི་ལམ་ནས་འཐོན་ཏེ་སེམས་ཅན་དེ་རྣམས་ལ་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྦྱངས་ནས། ཐིག་ལེར་ཞུ་བ་ཡོངས་སུ་གྱུར་པ་ལས། ཀྵིཾ་ཛྲིཾ་ཁཾ་གཾ་སྐཾ་སཾ། ཛཿཧཱུཾ་བཾ་ཧོཿཁཾ་རཾ། ལཾ་མཱཾ་པཱཾ་ཏཱཾ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་དྲུག་དང༌། རྡོ་རྗེ་མ་དྲུག་དང༌། ཡུམ་བཞི་དང༌། སངས་རྒྱས་རིགས་ལྔ་སྟེ། ལྷ་ཉི་ཤུ་རྩ་གཅིག་ཏུ་གྱུར་པ་རྣམས། ཀྵིཾ་ནས་ཧཱུཾ་གི་བར་གོང་བཞིན་བརྗོད། པདྨ་ནས་ཕྱིར་སྤྲོས་པ། ནམ་མཁར་འཁོད་ནས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ཀྱི་འཇུག་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །རྙོག་མེད་རྣམ་པར་མི་རྟོག་པའོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་རང་


TNT05_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཞིང་དུ་གཤེགས་པར་གྱུར་ཏོ། །བདག་ཉིད་དྲི་ཟའི་ཚུལ་དུ་གནས་པས་དེ་གཟིགས་ཏེ། བདེ་བ་ཆེན་པོ་ལྷག་པར་རྒྱས་པས་ཡབ་ཀྱི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ། འདོད་ཆགས་ཆེན་པོའི་རང་བཞིན་ཁ་དོག་དམར་པོའི་ཐིག་ལེར་གྱུར། དེའི་འོད་ཀྱིས་ཡབ་ཡུམ་གཉིས་ཀྱང་བྱང་ཆུབ་སེམས་སུ་ཞུ་བ་དང་ལྷན་ཅིག་ཟླ་བ་ཞུ་བ་ལྟ་བུའི་ཐིག་ལེ་དྲི་མ་མེད་པའི་འོད་འཕྲོ་བར་གྱུར། དེ་ནས་གླུས་སྐུལ་བ་ནི། མཱ་མ་ཀིས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །སྤྱན་མས། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་བརྩོན་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།། གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཅིང་ཐུགས་བརྩེ་བ། འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་གཞེད་ན། །རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། །སྒྲོལ་མས། ཁྱོད་


TNT05_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་སྐུལ་པས། ཐིག་ལེ་དེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་ཡོངས་སུ་གྱུར་པ་ལས། འོད་ཟེར་རྣམ་པ་ལྔ་འཕྲོ་བའི་མཾ་ཡིག་དམར་སེར་དུ་གྱུར། དེ་ལས་བྱུང་པའི་རལ་གྲིའི་ཡུ་བ་ལ་གནས་པའི་ཟླ་བའི་སྟེང་དུ་མཾ་ཡིག་གོ །ཡང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་སེམས་ཅན་ཐམས་ཅད་འཇམ་པའི་རྡོ་རྗེའི་གོ་འཕང་ལ་བཀོད། སངས་རྒྱས་རྣམས་དང་ལྷན་ཅིག་འཇམ་པའི་རྡོ་རྗེའི་རྣམ་པར་སྤྱན་དྲངས་ཏེ་མཾ་ཡིག་ལ་ཐིམ། རལ་གྲི་ཟླ་བ་མཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་དང་རྩ་ཞལ་དམར་སེར་གུར་གུམ་གཞོན་ནུ་ལྟ་བུའི་མདངས་ཅན་གསེར་གྱི་ལྷུན་པོ་ལྟར་གཟི་བརྗིད་འབར་བ། གཡས་ཞལ་ཨིནྡྲ་ནཱི་ལ་ལྟར་སྔོ་སངས། གཡོན་ཞལ་སྟོན་ཀའི་ཟླ་བ་ལྟར་དཀར་བ། རབ་ཏུ་འཛུམ་པས་ལྷ་མོ་ལ་གཟིགས་ཤིང་སྒྲོས་འཛིན་པ། ཕྱག་དྲུག་གི་དང་པོ་གཉིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་གཉིས་ཀྱིས་ཨུཏྤལ་དང་གཞུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་


TNT05_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། མཆོག་ཏུ་སྒེག་པ་དཔག་ཏུ་མེད་པའི་རིགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བ། མཐོན་འཐིང་དབུ་སྐྲ་སྟེང་དུ་བཅིངས་ཤིང་རིན་པོ་ཆེའི་ཐོར་ཚུགས་ཅོད་པན་རྡོ་རྗེའི་ཏོག་གིས་མཚན་པ་དང་བཅས་པས་བརྒྱན་པ། ཉི་ཟླའི་འོད་ཟེར་རབ་ཏུ་འབར་ཞིང༌། སིལ་སིལ་གྱི་སྒྲ་སྒྲོག་པའི་རིན་པོ་ཆེའི་དབུ་བརྒྱན། མགུལ་བརྒྱན། དོ་ཤལ། དཔུང་བརྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ་དང་སྐེ་རགས་ཏེ་རིན་པོ་ཆེའི་བརྒྱན་བརྒྱད་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང༌། དར་དཔྱངས་ཀྱིས་མཛེས་པ། ལྷའི་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་ཤིང༌། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་རིགས་སྔགས་ཀྱི་འཁོར་ལོས་སྒྱུར་བའི་དབང་ཕྱུག་ཆེན་པོར་གྱུར། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གཉིས་པ་ཉེར་སྒྲུབ་ནི། མིག་ཏུ་ཟླ་བ་ལ་ཀྵིཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ལྟེ་བར་ཟླ་བ་ལ་གནས་པའི་ཀྵིཾ་གིས་མཚན་པ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ས་སྙིང་གི་རྣམ་པར་སྤྱན་དྲངས་ནས་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། ས་སྙིང་དཀར་པོ་རྣམ་སྣང་ལྟ་བུའོ། །དེ་བཞིན་དུ་སྦྱར་ཏེ། རྣ་བ་ཟླ་བ་ལ་ཛྲིཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ། ལྟེ་བར་ཡང་ཛྲིཾ། ཕྱག་རྡོར་གྱི་རྣམ་པར་སྤྱན་དྲངས།


TNT05_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། ཕྱག་རྡོར་ནག་པོ་མི་བསྐྱོད་པ་ལྟ་བུ། སྣ་ལ་ཁཾ། རིན་པོ་ཆེ་ལྗང་ཁུ་ཆ་དགུ་པ། ནམ་མཁའི་སྙིང་པོ་སེར་པོ་རིན་ཆེན་འབྱུང་ལྡན་ལྟ་བུའོ། །ལྕེ་ལ་གཾ པདྨ་དམར་པོ་འདབ་མ་བརྒྱད་པ། འཇིག་རྟེན་དབང་ཕྱུག་དམར་པོ་འོད་དཔག་མེད་ལྟ་བུའོ། །སྐྲ་མཚམས་ཀྱི་ནང་དུ་སྐཾ། རལ་གྲི་སྔོ་སངས་འོད་འཕྲོ་བ། སྒྲིབ་སེལ་ལྗང་ཁུ་དོན་ཡོད་གྲུབ་པ་ལྟ་བུའོ། །ལྟེ་བར་སཾ། རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཀུན་བཟང་དཀར་པོ་རྡོ་རྗེ་འཆང་ལྟ་བུའོ། །གསུམ་པ་སྒྲུབ་པ་ནི། རང་གི་ནུ་མ་གཉིས་ཀྱི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པའི་ལྟེ་བར་ཡང་ཧཱུཾ་ནག་པོ། དེ་ལས་འོད་འཕྲོས་འགྲོ་བ་རྣམས་ཐུགས་རྡོ་རྗེའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་རྣམས་བདེ་བས་མཉེས། ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་ནས་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ནག་པོ་མི་བསྐྱོད་པ་ལྟ་བུའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་ཧཱུཾ་སྔོན་པོའོ། །དེ་བཞིན་དུ་འདོན་པ་སྤོས་ཏེ། མགྲིན་པའི་ནང་དུ༴ ངག་གི་ངོ་བོ་ཨཱཿདམར་པོ༴ པདྨ་དམར་པོ་འདབ་མ་བརྒྱད་པ། གསུང་རྡོ་རྗེ་དམར་པོ་འོད་དཔག་མེད་ལྟ་བུའི་ཐུགས་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཨཱཿདམར་པོའོ། །སྤྱི་བོར་རང་གི་ལུས་ཀྱི༴ ཨོཾ་དཀར་པོ༴ འཁོར་ལོ་


TNT05_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་རྩིབས་བརྒྱད་པའི༴ སྐུ་རྡོ་རྗེ་དཀར་པོ་རྣམ་སྣང་ལྟ་བུའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོའོ། །དེ་གསུམ་གྱི་ཐུགས་ཀའི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྐུ་གསུང་ཐུགས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས་ཤིང༌། མཆོད་པའི་ལྷ་མོ་མཐའ་ཡས་པ་སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ནམ་མཁར་བཞུགས་པ་ལ་མཆོད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་སྒོམ་པ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་སྒོམ་པ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཐུགས་རྡོ་རྗེ་དང་དེའི་རྡོ་རྗེ་ཅན་རྣམས་ཐུགས་རྡོ་རྗེ་དང་རང་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅ཧཾ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། རྡོ་རྗེ་མི་ཕྱེད༴ །དེང་བདག༴ །རྡོ་རྗེ་གསུང་གི༴ ། ཕྱོག་བཅུར་སོགས་གོང་ལྟར་ལས། རྡོ་རྗེ་གསུང་༴ །ཞེས་གསོལ་བ་བཏབ་པས་གསུང་རྡོ་རྗེ་དང་དེའི་རྡོ་རྗེ་ཅན་རྣམས་གསུང་རྡོ་རྗེ་དང་རང་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།


TNT05_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད༴ ། དེང་བདག༴ ། རྡོ་རྗེ་སྐུ་ཡིས༴ །ཕྱོགས་བཅུར༴ །རྡོ་རྗེ་སྐུ་ཡིས༴ །ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དང་དེའི་རྡོ་རྗེ་ཅན་རྣམས་སྐུ་རྡོ་རྗེ་དང་རང་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བཞི་པ་སྒྲུབ་པ་ཆེན་པོ་ནི། རང་གི་སྙིང་ཁའི་ཐུགས་རྡོ་རྗེའི་གོང་དུ་ཟླ་བ་ལ་གནས་པའི་མཾ་ཡིག་དམར་སེར་ཡོངས་སུ་གྱུར་པ་ལས། རལ་གྲིའི་ཡུ་བའི་ནང་དུ་ཟླ་བ་ལ་མཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་མཉེས་པར་བྱས། འཇམ་པའི་རྡོ་རྗེའི་རྣམ་པར་སྤྱན་དྲངས་ནས་མཾ་ལ་ཐིམ། རལ་གྲི་ཟླ་བ་མཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་འཇམ་པའི་རྡོ་རྗེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རལ་གྲིའི་ཡུ་བར་ཟླ་བ་ལ་གནས་པའི་མཾ་དམར་སེར་རོ། །ཐུགས་ཀའི་མཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྒྱལ་བ་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་སྒྲོལ་བའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་


TNT05_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། ལུས་ཐམས་ཅད་དེ་ཡེ་ཤེས་ཀྱི་བདུད་རྩིས་གང༌། སྒོ་གསུམ་གྱི་དྲི་མ་དག ཆུའྀ་ལྷག་མ་ཡར་ལུད་པ་ལས་རང་གི་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་ཞིང༌། ས་སྙིང་ལ་སོགས་པ་རྣམས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། དེ་དག་ནི་ཡན་ལག་བཞི་ཆུང་ངུའི་བསྐོར་རོ། །གཉིས་པ་བསྙེན་སྒྲུབ་པར་མ་ལ་ཡང་བཞི་ལས། དང་པོ་བསྙེན་པ་ནི། རང་གི་མདུན་ན་གནས་པའི་ཐིག་ལེ་ཡོངས་སུ་གྱུར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་ཡུམ་འཇམ་པའི་རྡོ་རྗེ་མ་སྐུ་མདོག་དང་རྩ་ཞལ་དམར་སེར་གུར་གུམ་གཞོན་ནུ་ལྟ་བུ། གཡས་སྔོ་ཞིང་གཡོན་དཀར་བ་ཕྱག་དང་པོ་གཉིས་ཀྱི་གཙོ་བོའི་མགུལ་ནས་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་མདའ། གཡོན་གཉིས་ཨུཏྤལ་དང་གཞུ་འཛིན་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། དབུ་སྐྲ་ལྟག་པར་ཕྱེད་བཅིངས་ཤིང༌། ཕྱེད་སིལ་བུར་གྲོལ་བས་སྐུ་སྟོང་ཁྱབ་པ། ལོ་བཅུ་དྲུག་ལོན་པ་ལྟར་གཞོན་ནུ་ལང་ཚོ་ལ་བབ་ཅིང༌། ནུ་འབུར་རྒྱས་པ། མཉེན་ལྕུག་འཁྲིལ་བག་ཆགས་པའི་སྐུ་མཆོག་ཏུ་སྒེག་ཅིང་མཛེས་པ། ཤིན་ཏུ་འཛུམ་པའི་ཟུར་གྱིས་ལྟ་བ་ལ་སོགས་པ་སྒྱུ་སྩལ་གྱི་ཉམས་དང་ལྡན་པ། དར་སྣ་ཚོགས་པའི་ན་བཟའ་དང་ཅོད་པན་དང༌།


TNT05_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤེས་རབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཨོཾ་ངྷརྨ་སོགས་གོང་བཞིན་བརྗོད། གཉིས་པ་ཉེར་སྒྲུབ་ནི། མིག་ཏུ་ཀྵིཾ་དང་འཁོར་ལོའི་འོད་ཀྱི་འཕྲོ་འདུ་ལས་ས་སྙིང་དཀར་པོ་རྣམ་སྣང་ལྟ་བུ་ཞེས་སྦྱངས་ཏེ། རྣ་བར་ཛྲིཾ་དང་རྡོ་རྗེའི། སྣར་ཁཾ་དང་རིན་པོ་ཆེའི། ལྕེར་གཾ་དང་པདྨའི། དཔྲལ་བར་སྐཾ་དང་རལ་གྲིའི། ལྟེ་བར་སཾ་དང་རྡོ་རྗེའི་ཞེས་སྦྱོར་བ་ནི་ཁྱད་པར་རོ། །གསུམ་པ་སྒྲུབ་པ་ནི། གོང་བཞིན་ལས། རིགས་གསུམ་གྱི་གསོལ་བཏབ་བོར་བ་དང༌། སྔགས་གསུམ་འཇུག་ཏུ་སྦྲེལ་ནས་བརྗོད་པ་ནི་ཁྱད་པར་རོ། །བཞི་པ་སྒྲུབ་ཆེན་ནི། གཞན་རྣམས་གོང་དང་འདྲ་བ་ལས། འཇམ་པའི་རྡོ་རྗེའི་གནས་སུ་འཇམ་པའི་རྡོ་རྗེ་མ་ཞེས་པ་དང༌། རང་ལ་མི་བསྐྱོད་པ་ཞེས་པའི་སྐབས་སུ། ཡུམ་འཇམ་པའི་རྡོ་རྗེ་མ་ལ་མི་བསྐྱོད་པས་ཞེས་འདོན་པ་སྤོ་བ་ནི་ཁྱད་པར་རོ། །བསྡུས་པ་བྱེད་ན་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་སྐབས་ཉིད་དུ་ཡུམ་ཡང་བསྐྱེད་ཡན་ལག་ལྷག་མ་ཕྱོགས་གཅིག་ཏུ་བྱེད་པ་དང་ཤིན་ཏུ་བསྡུས་ན། གཤིན་རྗེ་གཤེད་ནག་ལྟར་ཡན་ལག་ཕྱི་མ་གསུམ་གཙོ་འཁོར་ལྷན་ཅིག་ཏུ་བྱས་ན་འདིའི་སྒྲུབ་པ་དང་མི་མཐུན་པ་ལྟར་སྣང་བ་ཞིག་བྱུང་རུང་གནད་གཅིག་པ་སོགས་ཀྱིས་རུང་པར་བཞེད་དོ། །ཡུམ་གྱི་སྤྱི་གཙུགས་ནས་སྙིང་ཁའི་བར་དུ་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ་རྣམ་སྣང་གི་རང་བཞིན། སྙིང་ཁ་ནས་ལྟེ་བའི་བར་དུ་ཧཱུཾ་ནག་པོ་མི་བསྐྱོད་


TNT05_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན། ལྟེ་བ་ནས་གསང་བའི་བར་དུ་སྭཱ་སེར་པོ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན། གསང་བ་ནས་བརླའི་བར་དུ་ཨཱཿདམར་པོ་འོད་དཔག་མེད་གྱི་རང་བཞིན། བརླ་ནས་རྐང་བའི་བར་དུ་ཧཱ་ལྗང་ཁུ་དོན་ཡོད་གྲུབ་པའི་རང་བཞིན་རྣམས་ཉི་མ་ལ་གནས་པར་གྱུར། དེ་རྣམས་ལས་བྱུང་བའི་འོད་ཟེར་རྣམ་པ་ལྔས་གང་བའི་ཡུམ་གྱི་སྐུ། དེ་བཞིན་གཤེགས་པ་ལྔའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། རང་གི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོ་རྩེ་ལྔ་པ། ཨོཾ་དཀར་པོ་ལས་སྐྱེས་པའི་ནོར་བུས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱཿལས་སྐྱེས་པའི་ཟེ་འབྲུས་མཚན་པ། གཉིས་ཀའི་བུ་ག་ཕཊ་ཀྱིས་བཀག་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོས་སངས་རྒྱས་ཐམས་ཅད་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱ་སྟེ། དེ་ཡན་ཆད་ནི་དང་པོ་སྦྱོར་བའོ། །གཉིས་པ་དཀྱིལ་འཁོར་རྒྱལ་པོ་མཆོག་ལ་ཡང༌། བསྙེན་སྒྲུབ་ཡན་ལག་བཞི་ལས་དང་པོ་བསྙེན་པ་ནི། རང་གི་ཐུགས་ཁའི་མཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་འཁོར་


TNT05_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་རྣམ་པས་སྤྱན་དྲངས་པ་རྣམས། རང་གི་ཞལ་ནས་ཞུགས་ཏེ། རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་སུ་ཞུ་བ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨ་བབས་པའི་ཐིག་ལེ་མཾ་ཡིག་དམར་སེར་གྱིས་མཚན་ཞིང་བྱིན་གྱིས་བརླབ་པར་གྱུར། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར་པ་ནི། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷའི་གདན་རྣམས་དང་བཅས་པའི་དབུས་ཀྱི་གདན་ལ། རྒྱལ་བ་མི་བསྐྱོད་རྡོ་རྗེ་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འོད་ཀྱི་རིག་མ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། རང་གི་ཐུགས་ཀར་དྲངས། བཛྲ་དྷྲྀཀ ཐུགས་ཀ་ནས་ཕྱིར་བྱུང༌། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་ལ་བཀོད། སླར་འདུས་རང་ཉིད་ལ་ཐིམ་པར་གྱུར། ཤར་དུ་རྣམ་པར་སྣང་མཛད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འོད་ཀྱི་ཡུམ་ལ་


TNT05_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་ཅིང༌། ལྷག་མ་གཡས་གཉིས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། རང་གི་ཐུགས་ཀར་དྲངས། ཛི་ན་ཛིཀ ཐུགས་ཀ་ནས་ཕྱིར་ཕྱུང་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་ཁྱད་པར་དུ་སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་གཞལ་ཡས་ཁང་གི་ལེ་ཚེ་དགུ་ལས་ཤར་དུ་ཟླ་གདན་ལ་འཁོད། དེ་བཞིན་དུ་སྦྱར་ཏེ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་སེར་ནག་དཀར་པའི་ཞལ་གསུམ་ནས། གཡས་གཉིས་རིན་པོ་ཆེ་ལྗང་ཁུ་ཆ་དགུ་པ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། རཏྣ་དྷྲྀཀ ང་རྒྱལ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། ལྷོར་ཉི་གདན་ལ་འཁོད། ནུབ་ཏུ་འོད་དཔག་མེད་དམར་པོ་དམར་ནག་དཀར་པའི་ཞལ་གསུམ་ནས། གཡས་གཉིས་པདྨ་དམར་པོ་འདབ་མ་བརྒྱད་པ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། ཨ་རོ་ལིཀ འདོད་ཆགས་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད། ནུབ་ཏུ་ཉི་གདན་ལ་འཁོད། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ནས།


TNT05_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཉིས་རལ་གྲི་སྔོ་སངས་འོད་འཕྲོ་བ་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། པྲཛྙཱ་དྷྲྀཀ ཕྲག་དོག་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད། བྱང་དུ་ཉི་གདན་ལ་འཁོད། འདི་མན་ཆད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་ཅེས་པའི་ཚིག་འདི་མི་བརྗོད། གཞན་ཐམས་ཅད་སྦྱོར་ལུགས་འདྲ་བ་ལས། ལྷ་མོ་རྣམས་རང་འོད་ཀྱི་ཡབ་ལ་འཁྱུད་པ་ཞེས་སྦྱོར་ཏེ། ཤར་ལྷོར་སྤྱན་མ་དཀར་མོ་རྣམ་སྣང་ལྟ་བུ། མོ་ཧ་ར་ཏཱི། སེམས་ཅན་རྣམས་ཀྱི་སའི་ཁམས་ཀྱི་དྲི་མ་སྦྱངས། སྙིང་རྗེ་ཚད་མེད་མངོན་དུ་བྱས། ཐབས་ཀྱི་ཕར་ཕྱིན། ཤར་ལྷོར་ཟླ་གདན་ལ༴ ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པ་ལྟ་བུ་ལས། རྡོ་རྗེའི་གནས་སུ་ཨུཏྤལ་དམར་པོ་འཛིན་པ། དྭེ་ཥ་ར་ཏཱི། ཆུའི་ཁམས། བྱམས་པ་ཚད་མེད་པ། སྨོན་ལམ་གྱི་ཕར་ཕྱིན། ལྷོ་ནུབ་ཏུ་ཟླ་གདན་ལ༴ ནུབ་བྱང་དུ་གོས་དཀར་མོ་འོད་དཔག་མེད་ལྟ་བུ། རཱ་ག་ར་ཏཱི། མེ་ཁམས། དགའ་བ་ཚད་མེད་པ། སྟོབས་ཀྱི་ཕར་ཕྱིན། ནུབ་བྱང་དུ་ཟླ་གདན་ལ༴ བྱང་ཤར་དུ་སྒྲོལ་མ་སེར་མོ་རིན་འབྱུང་ལྟ་བུ་ལ་རིན་པོ་ཆེའི་གནས་སུ། ཨུཏྤལ་སེར་པོ། བཛྲ་ར་ཏཱི། རླུང་གི་ཁམས་བཏང་སྙོམས་ཚད་མེད། ཡེ་ཤེས་ཀྱི་ཕར་ཕྱིན། བྱང་ཤར་དུ་ཟླ་གདན་ལ་འཁོད། དེ་བཞིན་དུ་རིམ་པ་གཉིས་པའི་ཤར་ལྷོར། གཟུགས་རྡོ་


TNT05_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ་རྣམ་སྣང་ལྟ་བུ་ལ། འཁོར་ལོའི་གནས་སུ་མེ་ལོང་དམར་པོ། ཨོཾ་ཨཱཿཧཱུཾ། སེམས་ཅན་རྣམས་ཀྱི་གཟུགས་ཀྱི་སྐྱེ་མཆེད་སྦྱངས་སྦྱིན་པའི་ཕར་ཕྱིན་ལ་བཀོད། སླར་འདུས་ཏེ་རིམ་པ་གཉིས་པའི་ཤར་ལྷོར་ཟླ་གདན་ལ་འཁོད། དེ་བཞིན་དུ་སྦྱར་ཏེ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་མི་བསྐྱོད་པ་ལྟ་བུ་ལ། རྡོ་རྗེའི་གནས་སུ་པི་ཝཾ་སྔོན་པོ། ཨོཾ་ཨཱཿཧཱུཾ། སྒྲའི་སྐྱེ་མཆེད། ཚུལ་ཁྲིམས་ཀྱི་ཕར་ཕྱིན། ལྷོ་ནུབ་ཏུ་ཟླ་གདན༴ །ནུབ་བྱང་དུ་དྲི་རྡོ་རྗེ་མ་རིན་འབྱུང་ལྟ་བུ་ལ་རིན་པོ་ཆེའི་གནས་སུ་དྲིའི་དུང་ཆོས་སེར་པོ། ཨོཾ་ཨཱཿཧཱུཾ། དྲིའི་སྐྱེ་མཆེད། བཟོད་པའི་ཕར་ཕྱིན། ནུབ་བྱང་དུ་ཟླ་གདན༴ བྱང་ཤར་དུ་རོ་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ལྟ་བུ་ལ། པདྨའི་གནས་སུ་རོའི་སྣོད་དམར་པོ། ཨོཾ་ཨཱཿཧཱུཾ། རོའི་སྐྱེ་མཆེད། བརྩོན་འགྲུས་ཀྱི་ཕར་ཕྱིན། བྱང་ཤར་དུ་ཟླ་གདན༴ ཤར་སྒོའི་གཡས་སུ་རེག་བྱ་རྡོ་རྗེ་མ་ལྗང་ཁུ་དོན་གྲུབ་ལྟ་བུ་ལ། རལ་གྲིའི་གནས་སུ་གོས་ཁ་དོག་སྣ་ཚོགས་པ། ཨོཾ་ཨཱཿཧཱུཾ། རེག་བྱའི་སྐྱེ་མཆེད། བསམ་གཏན་གྱི་ཕར་ཕྱིན། ཤར་སྒོའི་གཡས་སུ་ཟླ་གདན༴ ཤར་སྒོའི་གཡོན་དུ་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་རྡོ་རྗེ་སེམས་དཔའ་ལྟ་བུ་ལ། རྡོ་རྗེའི་གནས་སུ་ཆོས་ཀྱི་འབྱུང་གནས་དཀར་པོ། ཨོཾ་ཨཱཿཧཱུཾ། ཆོས་ཀྱི་སྐྱེ་མཆེད། ཤེས་རབ་ཀྱི་ཕར་ཕྱིན། ཤར་སྒོའི་གཡོན་དུ་ཟླ་གདན་ལ་འཁོད། དེ་ཐམས་ཅད་ཀྱང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དབུ་སྐྲ་རལ་པའི་


TNT05_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་ཕྱེད་བཅིངས་ཀྱིས་མཛེས་པ། ཞལ་རེ་རེ་ལ་སྤྱན་གཉིས་གཉིས་དང་ལྡན་པ། ཞི་ཞིང་སྒེག་པ་བརྒྱད་གཉིས་ལོན་པའི་ན་ཚོད་དང་ལྡན་པ། གཞད་ཅིང་འཛུམ་པ་ལ་སོགས་པའི་རྣམ་འགྱུར་གྱིས་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་ལྷག་པར་རོལ་བ། ཉི་ཟླའི་འོད་ཟེར་རབ་ཏུ་འབར་ཞིང༌། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ལྷའི་དར་སྣ་ཚོགས་ཀྱི་ན་བཟའ་ཀླུབས་པ། དེ་བཞིན་གཤེགས་པ་རྣམས་དབུ་སྐྲ་ཐོར་ཅོག་རིན་པོ་ཆེའི་དཔྲོག་ཞུ་ཅན། ལྷ་མོ་རྣམས་དབུ་སྐྲ་ལྟག་པར་བཅིངས་པ་རྣམ་སྣང་དང་ལྷ་མོ་ཐམས་ཅད་ཟླ་བའི་འོད་འཕྲོ་བ་དང་གཤེགས་པ་གཞན་གསུམ་ཉི་མའི་འོད་འཕྲོ་བའོ། །ཡང་རིགས་རྡོ་རྗེའི་སྐྱིལ་ཀྲུང་དང་ལྷ་མོ་བཅུ་སེམས་སྐྱིལ་དུ་བྱས་ཀྱང་རུང་ངོ༌། །དེ་བཞིན་དུ་སྦྱར་ཏེ། ཤར་སྒོར་གཤིན་རྗེས་མཐར་བྱེད་ནག་པོ་མི་བསྐྱོད་པ་ལྟ་བུ་ལ། རྡོ་རྗེའི་གནས་སུ་རྡོ་རྗེའི་ཐོབ་བ། ཡ་མཱནྟ་ཀྲྀཏ། སེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་སྦྱངས། དད་པའི་དབང་པོ་ལ་བཀོད། སླར་འདུས་ཏེ་ཤར་སྒོར་ཉི་གདན་ལ་འཁོད། ལྷོ་སྒོར་ཤེས་རབ་མཐའ་བྱེད་དཀར་པོ་རྣམ་སྣང་ལྟ་བུ་ལ། འཁོར་ལོའི་གནས་སུ་རྡོ་རྗེ་དབྱུག་པ་འཛིན་པ། པྲཛྙཱནྟ་ཀྲྀཏ། ཉོན་མོངས་པའི་བདུད་སྦྱངས། བརྩོན་འགྲུས་ཀྱི་དབང་པོ་ལ་བཀོད། ལྷོ་སྒོར་ཉི་གདན་ལ། ནུབ་སྒོར་པདྨ་མཐར་བྱེད་འོད་དཔག་མེད་ལྟ་བུ། པདྨཱནྟ་ཀྲྀཏ། འཆི་བདག་གི་བདུད་སྦྱངས་དྲན་པའི་དབང་པོ་ལ་བཀོད། ནུབ་སྒོར་ཉི་གདན་ལ། བྱང་སྒོར་བགེགས་


TNT05_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་ནག་པོ་མི་བསྐྱོད་པ་ལྟ་བུ་ལ། རྡོ་རྗེའི་གནས་སུ་རྡོ་རྗེ་ནག་པོ་ཁ་གྱེས་འཛིན་པ། བིགྷྣཱནྟ་ཀྲྀཏ། ལྷའི་བུའི་བདུད་སྦྱངས་ཏིང་ངེ་འཛིན་གྱི་དབང་པོ་ལ་བཀོད། བྱང་སྒོར་ཉི་གདན་ལ་འཁོད། ཁྲོ་བོ་བཞི་པོ་ཐམས་ཅད་ཀྱང་སྦོམ་ཞིང་ཐུང་ལ་མི་སྡུག་པའི་ཉམས་ཅན། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང༌། སྨིན་མ་དང་སྨ་ར་དམར་སེར་རབ་ཏུ་འབར་བ། ཞལ་རེ་རེ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་བཞི་བཞི་བརྩིགས་པ། ཧ་ཧའི་གད་སྦྱངས་དྲག་པོ་སྒྲོག་ཅིང༌། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཞིང༌། སྟག་གི་ལྦགས་པའི་ཤམ་ཐབས་ཅན། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་བརྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་ལ་བརྒྱན་པ། པདྨ་དཀར་པོས་མགུལ་བརྒྱན་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་ཤིང༌། སྟོབས་རྒྱུ་ལྗང་ཁུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐེ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྟོབས་ཆེན་ཕ་རོལ་གནོན་པ་ཆེན་པོ་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་ལ་བརྩོན་པས་གཡོན་བརྐྱང་གི་སྟབས་ཀྱིས་


TNT05_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའོ། །གཞལ་ཡས་ཁང་རང་གི་ཐུགས་ཀར་དྲངས། ཨོཾ་ཨཱཿཧཱུཾ། ཐུགས་ཀ་ནས་ཕྱིར་ཕྱུང༌། སྣོད་ཀྱི་འཇིག་རྟེན་སྦྱངས། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྱུར། སླར་འདུས་ནས་གཞལ་ཡས་ཁང་ལ་ཐིམ། རང་གི་སྙིང་ཁའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་ལྷ་བཅུ་དགུའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ། ཨོཾ་པྲཛྙཱནྟ་ཀྲྀཏ་ཧཱུཾ། ཨོཾ་པདྨནྟ་ཀྲྀཏ་ཧཱུཾ། ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུཾ། ཞེས་བགེགས་བསྐྲད། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཡ་མཱནྟ་ཀྲྀཏ་ཛཿ ཨོཾ་པྲཛྙཱནྟ་ཀྲྀཏ་ཧཱུཾ། ཨོཾ་པདྨཱནྟ་ཀྲྀཏ་བཾ། ཨོཾ་བིགྷྣཱནྟ་ཀྲྀཏ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱའོ། །གཉིས་པ་ཉེར་སྒྲུབ་ནི། ལྷ་ཐམས་ཅད་ཀྱི་མིག་ཏུ་ཟླ་བ་ཞེས་པ་ནས། རྡོ་རྗེ་འཆང་ལྟ་བུའོ། །ཞེས་པའི་བར་གཙོ་བོའི་སྐབས་ལྟར་བྱའོ། །གསུམ་པ་སྒྲུབ་པ་ནི། ལྷ་ཐམས་ཅད་ཀྱི་ནུ་མ་གཉིས་ཀྱི་ཞེས་སོགས་སྦྱར་ཏེ་ང་རྒྱལ་བཟུང་ལ་གསུམ་གྱི་བར་ཡུམ་གྱི་སྐབས་བཞིན་ནོ། །བཞི་པ་སྒྲུབ་པ་ཆེན་པོ་ནི། རང་གི་ཐུགས་ཀའི་མཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་སོགས་གོང་དང་འདྲ་བ་ལས། ཆུའི་ལྷག་མ་ཡར་ལུད་པ་ལས། རྣམ་སྣང་སོགས་དེ་བཞིན་གཤེགས་པ་བཞི། མཱ་མ་ཀཱི། སྒྲ་རྡོ་རྗེ་མ། ཤེས་རབ་མཐར་བྱེད། བགེགས་མཐར་བྱེད་རྣམས་ལ་མི་བསྐྱོད་པ། སྤྱན་མ་གཟུགས་རྡོ་རྗེ་མ། གཤིན་རྗེ་མཐར་བྱེད་རྣམས་ལ་རྣམ་སྣང༌། དྲི་རྡོ་རྗེ་མ་ལ་རིན་འབྱུང༌། གོས་དཀར་མོ། རོ་


TNT05_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མ། པདྨ་མཐར་བྱེད་རྣམས་ལ་འོད་དཔག་མེད། སྒྲོལ་མ་དང་རེག་བྱ་རྡོ་རྗེ་མ་ལ་དོན་གྲུབ། ཆོས་དབྱིངས་རྡོ་རྗེ་མ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཞིང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལ། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན། དེ་དག་ནི་བསྙེན་སྒྲུབ་ཆེན་པོ་བསྐོར་བཞིའོ། །ད་ནི་ཆོ་གའི་ཡན་ལག་ལ། མཆོད་པ། བསྟོད་པ། བདུད་རྩི་མྱང་བ་གསུམ་སྟེ། དང་པོ་ནི། ཐུགས་ཀའི་མཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་འདོད་པའི་ཡོན་ཏན་ཐམས་ཅད་བཀུག རང་གི་ལུས་ལ་ཞུགས་བྱང་ཆུབ་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པའི་ཐིག་ལེ་བཅུ། ལཾ་མཾ་པཾ་ཏཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ་རྣམས་སུ་གྱུར། དེ་རྣམས་ཀྱི་འོད་ཀྱིས་ལྷ་མོ་བཅུའི་ལྷ་ཚོགས་སྤྱན་དྲངས་ཏེ། ས་བོན་དེ་རྣམས་ཉིད་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་ཡུམ་བཞི་དང༌། མཆོད་པའི་ལྷ་མོ་དྲུག་ཏུ་གྱུར་ཏེ། མཆོད་རྫས་དཔག་ཏུ་མེད་པ་དང་བཅས་པ་མཁའ་ནང་ནས་ཕྱིར་སྤྲོས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་གྱུར། ཚོགས་ཞིང་གི་སྐབས་ལྟར་མཆོད་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་


TNT05_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་ལ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏཱི་ར་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་འཐེན་སྲིན་གཡོན་པས་འབུལ་ཏེ། འོག་ནས་འབྱུང་བའི་སྔགས་རེ་རེའི་མཐར་ཡི་གེ་འབྲུ་གསུམ་གསུམ་བཏགས་པས་སོ། །གསུམ་པ་ལས་རྒྱལ་པོ་མཆོག་ནི། ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་ཤེས་པར་བྱ་སྟེ། དེ་ལ་ཐིག་ལེ་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་གཉིས་ལས། དང་པོ་ནི། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་འཛིན་སེམས་དཔའ་རལ་གྲིའི་ཡུ་བར་ཟླ་བ་ལ་གནས་པའི་མཾ་ཡིག་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་འཇམ་པའི་རྡོ་རྗེའི་གོ་འཕང་ལ་བཀོད་པ་རྣམས་དང་ལྷན་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཐིམ་པའི་རྐྱེན་གྱི་མཾ་ཡིག་འོད་དུ་ཞུ་ནས། རྡོ་རྗེ་གསུམ་གྱི་རང་བཞིན་ཐིག་ལེ་འོད་ཟེར་སྣ་ཚོགས་པ་འཕྲོ་


TNT05_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྭངས་ཤིང་གསལ་བ་ཡུངས་ཀར་གྱི་འབྲུ་ཙམ་ལ་སེམས་བཟུང་ཞིང་སེམས་འཕྲོ་ན་ཐིག་ལེ་ལས་འོད་ཟེར་འཕྲོས་པས་ཏིང་ངེ་འཛིན་སེམས་དཔའ་ནས། སྣོད་བཅུད་ཀྱི་བར་རིམ་གྱིས་ཀུན་ཏུ་སྣང་བར་བྱས་ནས་སླར་ཡང་དེ་བཞིན་དུ་རིམ་གྱིས་བསྡུས་ཏེ་ཐིག་ལེ་ལ་ཐིམ། ཐིམ་ལེ་ལས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་ཡུན་རིང་དུ་བསམ་པར་བྱའོ། །དེ་ལ་སེམས་བརྟན་པ་ནི། ཐིག་ལེའི་ནང་དུ་ལྷ་བཅུ་དགུའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བཏབ་ལ། དཀྱིལ་འཁོར་ཐིག་ལེ་དང་བཅས་པ་ལས་འཕྲོས་པའི་འོད་ཟེར་རང་གི་བ་སྤུའི་སྒོ་ཐམས་ཅད་ནས་འཕྲོས་ཏེ་ཕྱི་ནང་ཐམས་ཅད་སྣང་བས་ཁྱབ་པར་བསྒོམས་པས་བྱིང་བ་མཐའ་དག་སེལ་བར་ནུས་སོ། །གཉིས་པ་ཕྲ་མོའི་རྣལ་འབྱོར་ནི། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ཞལ་ནས་ཞུགས་པ་བྱང་ཆུབ་ཀྱི་སེམས་ཞུ་སྟེ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་སྣ་རྩེར་བབས་པ་ཡོངས་སུ་གྱུར་པ་ལས། ཟླ་བ་ལ་གནས་པའི་རལ་གྲི་ནས་འབྲུ་ཙམ་གྱི་ཡུ་བའི་དབུས་སུ། ཐིག་ལེ་ཕྲ་མོ་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཤིན་ཏུ་གསལ་བའི་ནང་དུ་ལྷ་བཅུ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་གསལ་བཏབ་སྟེ། དེ་ལ་ཡུན་རིང་དུ་སེམས་བཟུང་བས་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་བར་འགྱུར་ལ། མཚན་མ་དེ་འདྲ་མ་མཐོང་


TNT05_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་དུ་མི་སྤྲོ་ཞིང༌། མཐོང་ནས་དཀྱིལ་འཁོར་དུ་མ་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སླར་ཡང་བསྡུ་བའི་སྤྲོ་བསྡུ་ལ་བསླབ་པར་ བྱའོ། །བསྒོམས་པས་སྐྱོ་ན་བཟླས་པ་བྱ་བ་ནི། སྐུ་གསུང་ཐུགས་རྡོ་རྗེ་དང་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་ཀར་རླུང་དང་ཆུ་དང་མེ་དང་སའི་དཀྱིལ་འཁོར་ལ་གནས་པར་གྱུར་པ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཾ་གྱི་མཐར་བཟླས་པའི་སྔགས་ཀྱིས་བསྐོར་བ་དང༌། རྡོ་རྗེ་གསུམ་གྱི་ཐུགས་ཁའི་ཨོཾ་ཨཱཿཧཱུཾ་རྣམས་ལས། རླུང་འགྲོ་འོང་དང་ལྷན་ཅིག་རྡོ་རྗེ་གསུམ་རིམ་པ་པས་སཾ་གཅིག་ཅར་སྤྲོས། ནམ་མཁའ་གང་བའི་ལྷ་མོ་རྣམས་ཀྱིས་འཁྱུད་པ་སོགས་མཆོད་པས་མཉེས་ཤིང༌། འགྲོ་བའི་དོན་མཛད་ནས་མཾ་གྱི་འོད་ཟེར་གྱིས་བསྡུས་ཏེ་ཡིག་འབྲུ་རྣམས་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿམཾ་ཧཱུཾ་ཞེས་གཙོ་བོར་བཟླས་ཤིང༌། གཞན་ཡང༌། ཨོཾ་ཨཱཿམཉྫུ་བཛྲ་མཾ་ཧཱུཾ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿརཏྣ་དྷྲྀཀ་ཨཾ་ཧཱུཾ། ཨོཾ་ཨཱཿཨ་རོ་ལྀཀ་ཧྲཱིཿཧཱུཾ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཁཾ་ཧཱུཾ། ཨོཾ་ཨཱཿམོ་ཧ་ར་ཏཱི་ལཾ་ཧཱུཾ། ཨོཾ་ཨཱཿདྭེ་ཥ་ར་ཏཱི་མཾ་ཧཱུཾ། ཨོཾ་ཨཱཿརཱ་ག་ར་ཏཱི་པཾ་ཧཱུཾ། ཨོཾ་ཨཱཿབཛྲ་ར་ཏཱི་ཏཱཾ་ཧཱུཾ། ཨོཾ་ཨཱཿརཱུ་པ་བཛྲཱ་ཛཿཧཱུཾ། ཨོཾ་ཨཱཿགནྡྷ་བཛྲཱ་བཾ་ཧཱུཾ། ཨོཾ་ཨཱཿརཱ་ས་བཛྲཱ་ཧོཿཧཱུཾ། ཨོཾ་ཨཱཿསྤར་ཤ་བཛྲཱ་ཁཾ་ཧཱུཾ། ཨོཾ་ཨཱཿདྷརྨ་དྷཱ་ཏུ་བཛྲཱ་རཾ་ཧཱུཾ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཞེས་བཟླས་པར་བྱའོ། །དཀྱིལ་འཁོར་


TNT05_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བར་འདོད་ན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལས་སྐུའི་རིགས་རྣམས་སྐུ་རྡོ་རྗེ་དང༌། གསུང་གི་རིགས་རྣམས་གསུང་རྡོ་རྗེ་དང༌། ཐུགས་ཀྱི་རིགས་རྣམས་ཐུགས་རྡོ་རྗེ་ལ་ཐིམ་པའི་ཚུལ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་ཐིམ་པར་གྱུར་བས། རྡོ་རྗེ་གསུམ་ཤིན་ཏུ་བརྟན་པར་གྱུར། ཞེས་བརྗོད་ཅིང་བསམ་མོ། །གཏོར་ཆོག་ནི་ཟས་བཟང་དགུ་ཤ་དང་མྱོས་བྱེད་ཀྱིས་བརྒྱན་པ། བདུད་རྩི་ལྔས་སྦགས་པའི་གཏོར་མ་གཉིས་མཆོད་པ་དང་བཅས་པ་མདུན་དུ་བཤམས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་དང༌། ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་སྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་ཤར་དུ། བྷྲུཾ་ལས་དྲི་ཆེན་བྷྲུཾ་གྱིས་མཚན་པ། ལྷོར་ཨཾ་ལས་རཀྟ་ཨཾ་གིས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱང་སེམས་ཛྲིཾ་གིས་མཚན་པ། བྱང་དུ་ཁཾ་ལས་ཤ་ཆེན་ཁཾ་གིས་མཚན་པ། དབུས་སུ་ཧཱུཾ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། ཐུན་མོང་གི་སྟེང་དུ་ཨོཾ་ཡིག་དཀར་པོ་འོད་ཟེར་འཕྲོ་བར་གྱུར། རང་གི་ཐུགས་ཁའི་མཾ་གྱིས་དེ་བཞིན་གཤེགས་པ་རིགས་


TNT05_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྤྱན་དྲངས་ཏེ། རང་རང་གི་ས་བོན་ལ་ཐིམ་རླུང་གཡོས་ཏེ་མེ་སྦར་བས་རྫས་རྣམས་ཞུ་ཞིང་ཁོལ་དྲི་མ་ཐམས་ཅད་སྦྱངས་ཤིང་ཁ་དོག་དམར་སེར་ཉི་མ་འཆར་ཀའི་མདོག་ཅན་གསལ་ཞིང་དྭངས་པར་གྱུར། དེའི་རླངས་པ་གྱེན་དུ་ཕྱུར་བ་ལས་བྱུང་བའི་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་རབ་ཏུ་འཕྲོ་བ་གསུམ་ཡང་བར་སྣང་དེ་ཉིད་དུ་ཞུ་བ་ཐོད་པར་ལྷུང་བས་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པའི་རོ་དང་བཅུད་ཀྱི་བརྒྱན་པར་བྱས། ཨོཾ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་ན་གནས་པའི་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས་བསྟིམ་པས་རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད། མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་རྣམས་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། འཐོར་འཐུང༌། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་ཐམས་ཅད་རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་དཔུང༌། བྱེད་ལས་རང་གཞན་གྱི་དབང་པོ་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པས་ཕྱི་ནང་ཀུན་ཏུ་གང་བར་གྱུར། ཨོཾ་ཨརྒྷཾ྄ཾ་ཨཱཿཧཱུཾ། དེ་བཞིན་དུ། པཱདྱཾ། ཨཉྩ་མ་ནཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ། རཱུ་པ། ཤཔྟ།


TNT05_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷ། རཱ་ས། སྤར་ཤ །དྷརྨ་དྷཱ་ཏུ། ཨཱཿཧཱུཾ། བཛྲ་སྥ་ར་ཎ་ཁཾ། རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་གདན་ཕུལ། མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མ་གསོལ་བར་གྱུར། ཨོཾ་ཨཱཿབཛྲ་དྷྲྀཀ་སརྦ་དུཥྟན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ མ་མ་ཤནྟིཾ་རཀྵ་ཙ་ཀུ་རུ་ཀུ་རུ་སྭཱཧཱ་ཧཱུཾ་ཞེས་ལན་བདུན་གྱིས་མི་བསྐྱོད་པ་དང༌། བཛྲ་དྷྲྀཀ་གི་གནས་སུ་ལྷ་རྣམས་ཀྱི་མཚན་སོ་སོར་བཅུག་སྟེ་ལན་གསུམ་གསུམ་གྱིས་ལྷ་ཚོགས་རྣམས་ལ་འབུལ་བར་བྱའོ། །ཡང་ན་ཐོག་མར་བཛྲ་དྷྲྀཀ་གི་གནས་སུ་མཉྫུ་བཛྲ་ཞེས་བཅུག་པ་ནི་འཇམ་པའི་རྡོ་རྗེ་ལའོ། །མཐར་ཚོགས་ཞིང་གི་སྐབས་བཞིན་མཆོད་པ་ཕུལ་ལ། དེ་ཉིད་ལྔ་པས་བསྟོད་ནས། རྡོ་རྗེ་གསུམ་དངོས་མི་ཕྱེད་སྐུ། །ཡེ་ཤེས་ལྔ་ལྡན་བདེ་བ་ཆེ། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་འཕྲིན་ལས་གཞོལ། འཇིག་རྟེན་པའི་ལྷ་ཚོགས་རྣམས་ལ་གཏོར་མ་འབུལ་བར་འདོད་ན། རང་གི་སྙིང་ཁ་ནས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། ཕྱོགས་སྐྱོང་འཁོར་དང་བཅས་པ་ཐམས་ཅད་ཨཱ་ཀརྵ་ཛཿཞེས་བཀུག་ཏེ་གོང་ལྟར་གདན་ཕུལ་ལ། མཆོད་ཡོན་དང་ཉེར་སྤྱོད་ཀྱིས་མཆོད་ལ། ཐུགས་ཁའི་འོད་ཟེར་གྱིས་


TNT05_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་རྡོ་རྗེའི་ལམ་ནས། ལྷ་མོའི་མཚོ་སྐྱེས་སུ་བབས་པ་ཐིག་ལེའི་ངོ་བོར་གནས། ཐིག་ལེ་དེ་ཉིད་ཆ་བཅོ་ལྔར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། འདུས་པའི་ལྷ་ཚོགས་རྣམས་སུ་གྱུར་པ་ནི། ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ། དེའི་གཡོན་ཕྱོགས་སུ་རྡོ་རྗེ་སྒྱུ་མ་སྔོན་པོ། ཤར་ལྷོར་རྡོ་རྗེ་མ་དམར་པོ། ལྷོར་རྡོ་རྗེ་དུས་ནག་པོ། ལྷོ་ནུབ་ཏུ་རྡོ་རྗེ་གཏུན་ཤིང་ནག་པོ། ནུབ་ཏུ་རྡོ་རྗེ་ཀླུ་དཀར་པོ། ནུབ་བྱང་དུ་རྡོ་རྗེ་རླུང་ལྗང་ཁུ། བྱང་དུ་རྡོ་རྗེ་འཇིགས་བྱེད་སེར་པོ། དེའི་གཡས་ཕྱོགས་སུ་རྡོ་རྗེ་སྣ་རིངས་དཀར་པོ། བྱང་ཤར་དུ་རྡོ་རྗེ་ཁྲོ་བོ་དཀར་པོ། དབང་པོའི་གཡས་སུ་རྡོ་རྗེ་འཁྱིལ་བ་དམར་པོ། གཡོན་དུ་རྡོ་རྗེ་འོད་དཀར་པོ། དེའི་ཡང་གཡོན་དུ་རྡོ་རྗེ་མི་སྨྲ་སེར་པོ། ནུབ་དང་བདེན་བྲལ་གྱི་བར་དུ་ཐགས་བཟང་རིས་སྔོན་པོ། དེའི་གཡོན་དུ་སའི་ལྷ་སེར་པོ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རང་རང་གི་མཚོན་ཆ་དང་རང་རྟགས་འཛིན་པ། སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་སྣང་གི་རིག་མ་ལ་འཁྱུད་པ། འོད་ཀྱི་དྲ་བ་འགྱེད་པ་ཅན་ནོ། །དེ་ནས་རྡོ་རྗེ་མ་དྲུག་དང༌། ཉེར་སྤྱོད་ཀྱིས་མཆོད་ནས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ། ཨོཾ་ཨཱཿབཛྲ་ཡུདྡྷ་སརྦ་དུཥྟཱཾ་ས་མ་ཡ་མུ་ཏྲ་པྲ་བྷཉྫ་ཀཿ མ་མ་ཤཱནྟིཾ་རཀྵ་ཙ་ཀུ་རུ་ཧྲིཿཛཿ ཞེས་ལན་གསུམ་ལ་སོགས་པས་དབང་པོ་ལ་འབུལ་བ་དང༌། བཛྲ་:བུད་དྷ་[ཡུདྡྷ]འི་གནས་སུ།


TNT05_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་བཛྲ་དང༌། བཛྲ་ཨ་ན་ལ་དང༌། བཛྲ་ཀཱ་ལ་དང༌། བཛྲ་མུ་ཥ་ལ་དང༌། ནཱ་ག་བཛྲ་དང༌། བཛྲ་ཨ་ནཱ་ལ་དང༌། བཛྲ་ཤཽནྚ་དང༌། བཛྲ་བྷཻ་ར་བ་དང༌། བཛྲ་ཀྲོ་དྷ་དང༌། བཛྲ་ཀུཎྜ་ལ་དང༌། བཛྲ་པྲ་བྷ་དང༌། མཽ་ན་བཛྲ་དང༌། བཻ་མ་ཙི་ཏྲ་དང༌། པྲི་ཐྭཱི་དེ་བ་ཏཱ་ཞེས་པ་རྣམས་བཅུག་ནས་གཞན་རྣམས་ལ་ཡང་སོ་སོར་ལན་གསུམ་གསུམ་སོགས་ཕུལ་ཏེ། ཨོཾ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང་ཕྱོགསབཅུ་ཡི། །འཇིག་རྟེན་ཁམས་རྣམས་ནམ་མཁའི་མཐས་ཀླས་པ། །རྒྱ་མཚོའི་སྤྲིན་གྱི་བཀོད་པ་རབ་འབྱམས་ཀྱི། །ཤིན་དུ་ཕྲ་བའི་རྡུལ་སྐྱེས་དཀྱིལ་འཁོར་ནི། །ཕན་ཚུན་ཅིག་གི་ནང་དུ་ཅིག་སོན་པ། །སྙོམས་པར་འཇུག་ལ་ཀུན་ཏུ་གནས་པ་ཡི། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ ཞིང༌། །ནམ་མཁའི་ཁམས་ཀྱི་ཡོངས་སུ་མཐར་ཐུག་པའི། །དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་མཐའ་ཡས་སྤྲིན་བཀོད་པ། ། ནམ་མཁའ་རབ་འབྱམས་མཉམ་དང་འཇིག་རྟེན་སྐྱོང༌། །ཀུན་དང་སེམས་ཅན་ཀུན་ཡང་འདི་ལྟ་སྟེ། །རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང༌། །རྡོ་རྗེ་མེ་དང་རྡོ་རྗེ་དུས་དང་ནི། །རྡོ་རྗེ་གཏུན་ཤིང་རྡོ་རྗེར་ཀླུ་དག་དང༌། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་བྱེད་དང༌། །རྡོ་རྗེ་སྣ་རིངས་རྡོ་རྗེ་ཁྲོ་བོ་དང༌། །རྡོ་རྗེ་འཁྱིལ་བ་རྡོ་རྗེ་འོད་དང་ ནི། །མི་སྨྲ་རྡོ་རྗེ་དང་ནི་ཐག་བཟང་རིས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་ལ། །མེ་ཏོག་དག་


TNT05_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདུག་པ་མར་མེ་དང༌། །དྲི་དང་ལྷ་བཤོས་ལ་སོགས་ཡང་དག་ལྡན། །ཉེ་བར་སྤྱོད་པ་དང་ནི་གཏོར་མ་འདི། །སོ་སོར་བཞེས་ཤིང་ཉེ་བར་ལོངས་སྤྱད་ནས། །བདག་གི་དབྱིག་གསེར་ནོར་འབྲུ་ལང་ཚོ་ཆེ། །ནད་མེད་པ་དང་བདེ་བ་དམ་པ་རྣམས། །འཕྲོག་པར་བྱེད་པའི་བགེགས་དང་ལོག་འདྲེན་ ཀུན། །སྡང་དང་རབ་ཏུ་སྡང་བ་ཐམས་ཅད་དང༌། །མི་དང་མི་མ་ཡིན་རྣམས་རྨོངས་པར་མཛོད། །བདག་ལ་དབྱིག་གསེར་ནོར་འབྲུ་ལང་ཚོ་ཆེ། །ནད་མེད་པ་དང་བདེ་བ་དམ་པ་དང༌། །བདེ་བ་ཆེན་པོ་རབ་ཏུ་འཕེལ་བ་རྣམས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་བར། །གནང་བར་མཛད་ཅིང་རྟག་ཏུ་གཏོང་གྲོགས་དང༌། །ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། །ཧཱུཾ། ཞེས་པས་སྤྱི་ཁྱབ་ཏུ་ལན་གསུམ་མམ་བདུན་ལ་སོགས་པ་བྱ། དེ་ནས་དེ་ཐམས་ཅད་ཀྱིས་ལེགས་སོ་ཞེས་གསུང་བས་དགེ་བ་དང༌། དངོས་གྲུབ་ཅི་འདོད་པ་སྩོལ་བར་ཞལ་གྱིས་གཞེས་པར་བསམ། ཁྱེད་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་སྩོལ་བ་དང༌། ལས་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛད་དུ་གསོལ། ཡི་གེ་བརྒྱ་པ་མང་དུ་བཟླས། བདག་ནི་རྣམ་གཡེངས་རྨུགས་དང་ལེ་ལོ་ཡིས། །སེམས་མ་འདུས་དང་མི་གསལ་མ་སྒྲུབ་པས། །མགོན་པོ་ཁྱེད་རྣམས་ཐུགས་དང་འགལ་བ་གང༌། །རང་བཞིན་དག་པའི་ཆོས་གཟིགས་བཟོད་པར་མཛོད། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་


TNT05_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་པ་དང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭཏ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སྨོན་ལམ་གདབ་ཅིང་བཀྲ་ཤིས་ཀྱང་བྱའོ། །འདི་རྒྱུན་འཁྱེར་གྱི་གཏོར་ཆོག་བསྡུས་པ་ཡིན་གྱི། གཏོར་མ་ཆེན་པོའི་ཆོ་ག་ནི་གཞན་དུ་གསལ་ཏེ་གལ་ཡང་ཆེན་པོའོ། །དེ་ལ་བཟླས་པ་དང༌། སྒོམ་པའི་དཀྱིལ་འཁོར་མཆོད་པ་དང༌། ཏིང་ངེ་འཛིན་གྱི་བཅུད་ལེན་དང་དཀྱིལ་འཁོར་ཉེ་བར་བསྡུ་བ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཟས་ཀྱི་རྣལ་འབྱོར་དང༌། དམ་ཚིག་གསོ་བ་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། ཉལ་བའི་རྣལ་འབྱོར་དང༌། ལྡང་བའི་རྣལ་འབྱོར་དང༌། བར་ཆད་ཟློག་པ་དང༌། མཆོད་པ་དང༌། གཏོར་མ་སྟེ། བཅུ་བཞི་ནི་རྗེས་སྤྱོད་ཡན་ལག་དང་བཅས་པའོ། །དེ་ལྟར་བསྐྱེད་རིམ་གོམས་པ་བརྟན་པ་ན་ལས་ཚོགས་ཐམས་ཅད་སྒྲུབ་པ་དང༌།རྫོགས་པའི་རིམ་པ་སྒོམ་དགོས་པ་ལས། དེའི་མན་ངག་ནི་གཞན་དུ་ཤེས་པར་བྱས་ལ། རིམ་པ་གཉིས་ཀྱི་རྣལ་འབྱོར་གོམས་པས་ཡེ་ཤེས་ལ་ཅུང་ཟད་དབང་བར་གྱུར་པ་ན། ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་སྒྲུབ་ནུས་པར་འགྱུར་ལ། དེ་ནས་རྫོགས་པའི་རིམ་པ་ལ་གཙོ་བོར་རྟེན་པས། ཡེ་ཤེས་ལ་དབང་བར་གྱུར་པ་ན། སེམས་ཅན་སྣ་ཚོགས་པ་རྣམས་དོན་ཆེན་པོ་ལ་གཟུང་པའི་ཕྱིར། རིག་པ་བརྟུལ་


TNT05_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང༌། དེས་ཡེ་ཤེས་ལ་ཡང་དག་པར་དབང་བར་འགྱུར་རོ། །དེ་ནས་ཕྱག་རྒྱའི་སྦྱོར་བ་ལས་ནང་གིས་བཅུ་མངོན་དུ་བྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པའི་གོ་འཕངས་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་སྒྲུབ་ཐབས་བཤད་ལས་བསོད་ནམས་གང༌། །ཐོབ་པ་དེས་ཀྱང་མར་གྱུར་འགྲོ་བ་རྣམས། །དཔལ་ལྡན་འཇམ་པའི་རྡོ་རྗེའི་གོ་འཕང་མཆོག །ད་ལྟ་ཉིད་དུ་ཐོབ་པའི་རྒྱུར་གྱུར་ཅིག །དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོ་ཙམ་དུ་བཀྲལ་བ་འདི་ནི། རྒྱལ་ཁམས་ཀྱི་རྣལ་འབྱོར་པ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ། རྒྱས་པར་སྤྲོ་ན་སྔར་བཤད་པ་ལས་རྟོགས་པར་བྱའོ།། །།མངྒ་ལཾ།


previousདཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བྱེད།next