Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ།
   
   
   
   
   
   


 
previousརིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ། next

རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ།


TNT05_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཞེས་བྱ་བ་བཞུགས།


TNT05_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་བདེ་ཆེན་ཡེ་ཤེས་དེ་ནི་འཕོ་འགྱུར་བྲལ་ཡང་དངོས་ཀུན་སྲོག་ཏུ་ཉེ་བར་ཞུགས། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་ཚུལ་ནི་རྣམ་ཀུན་ཤར་ཡང་ལྷན་ཅིག་སྐྱེས་པ་དམ་པའི་དངོས། །དམིགས་པ་མེད་པའི་ཐུགས་རྗེ་མཆོག་ནི་མཐའ་ཀུན་བྲལ་ཡང་ཕན་དང་བདེ་བས་ཁྱབ་མཛད་པ། །གདོད་ནས་སྤྲོས་བྲལ་དོན་དམ་དེ་ནི་བླ་མ་འཁོར་ལོའི་དབང་ཕྱུག་ཉིད་དེ་གུས་པས་འདུད། ། མཐའ་དག་རྒྱུད་སྡེ་ཀུན་གྱི་ངེས་གསང་ནི་རྣམ་ལྔའི་རིམ་པས་སྟོན་ཚུལ་ཀླུ་སྒྲུབ་གཞུང༌། །བླ་མའི་


TNT05_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གྱིས་གསལ་བར་བྱེད་པ་ལ། །གཟུར་གནས་བློ་ལྡན་སྐྱེ་བོ་ཡི་རང་བྱོས། །འདིར་བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་བགྲོད་པར་འདོད་བ་དག་ནི། རིམ་པ་གཉིས་ལ་ནན་ཏན་དུ་བྱ་དགོས་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་ཉིད་དང༌། །རྫོགས་པ་ཡི་ཡང་རིམ་ཉིད་དོ། །ཅེས་སོ། །དེ་ཉིད་ལ་རིམ་པ་ལྔར་ཡོངས་སུ་བརྗོད་པའང་ཡིན་ཏེ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལས། ལུས་ཀྱིས་སྔགས་ལ་དམིགས་པ་དང༌། །ངག་གིས་ཡིད་ལ་བསྐུལ་གྱུར་བས། །རབ་མཆོད་དངོས་གྲུབ་བསྒྲུབ་བྱ་སྟེ། །ཡིད་ནི་དགའ་ཞིང་མགུ་བའོ། །ཞེས་གསུངས་ཤིང༌། སངས་རྒྱས་རྗེས་སུ་དྲན་པ་སྦྱོར། །ཆོས་ནི་


TNT05_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་སྒོམ་པ། །རྡོ་རྗེ་རྗེས་སུ་དྲན་པ་སྦྱོར། །སྐུ་དང་གསུང་དང་ཐུགས་རྣམས་བསྒོམ། །རིགས་ནི་རྗེས་སུ་དྲན་པ་སྦྱོར། ཁྲོ་བོ་རྗེས་སུ་དྲན་བསྒོམ་པ། །དམ་ཚིག་རྗེས་སུ་དྲན་པ་སྦྱོར། །སྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་རྣམས་ཀྱི་དོན། །བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། །རྡོ་རྗེ་བཟླས་པའི་རབ་སྦྱོང་བས། ། རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་བྱིན་རླབས་རིམ་པས་ཀྱང༌། །དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་རིམ་པ་ ཐོབ། །ཟུང་འཇུག་རིམ་པ་ལ་གནས་པས། །དངོས་གྲུབ་ཐམས་ཅད་བསྡུས་པ་འདི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང༌། དཔལ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། རང་གི་སྐུ་ནི་སྒྱུ་མ་མཉམ། རྡོ་རྗེའི་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ །ཞེས་རྫོགས་རིམ་ཉིད་ཀྱི་རིམ་ལྔ་གསུངས་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། གསང་འདུས་ཀྱི་དོན་ཀླུ་སྒྲུབ་ཀྱིས་གསལ་བར་བྱེད་པར་ལུང་བསྟན་པ་ཡང༌། མདོར་བྱས་བརྫུན་པའི་རིམ་པས་འགྱུར་ལ་ཡུལ་དང་ཡུལ་ཅན་སྒྲུབ་བྱེད་རྡོ་རྗེའི་བཟླས་པ་ཡིན། རང་བྱིན་རླབས་པས་སྲོག་རླུང་རི་བོང་ཅན་དུ་བཞི་པ་འདིར་ནི་མངོན་པར་བྱང་ཆུབ་འདོད། འདིར་ནི་ལྔ་པ་ཟུང་འཇུག་རིམ་པ་མཆོག་ཏུ་གྱུར་པ་དཔལ་ལྡན་གསང་བ་འདུས་པར་ཡང༌། བདུད་རྣམས་ཡང་དག་བཟུང་ཕྱིར་སྲིད་པ་གསུམ་གྱི་བླ་མས་ལྷ་ཡི་བསྐྱེད་པའི་རིམ་པ་གསུངས། ཞེས་དགོངས་པ་བླ་ན་མེད་པ་མ་བགྲངས་པར། མདོར་བྱས་བསྣན་པའི་གཞུང་ལྔ་པོ་ལུང་བསྟན་ཏོ། །འོན་ཀྱང་འདུས་


TNT05_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་རིམ་འདི་ལ་རིམ་པ་ལྔར་སྡུད་ན། སྤྱོད་བསྡུས་སྒྲོན་མེ་ལས། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱའི་དེ་ཁོ་ན་ཉིད་དང༌། བདག་གི་དེ་ཁོ་ན་ཉིད་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དེ། རིམ་པ་རྣམ་པ་ལྔ་རབ་ཏུ་གསལ་བར་བྱ་བའི་ཕྱིར། མདོ་སྡེ་དང་རྒྱུད་དང་རྟོག་པ་རྣམས་བསྲེས་ནས་འཆད་པར་བྱའོ། ཞེས་གསུངས་པ་ལྟར། དེ་ཉིད་ལྔ་པོ་རིམ་ཅན་དུ་རྡོ་རྗེའི་བཟླས་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། བདག་བྱིན་རླབས་པའི་རིམ་པ། མངོན་པར་བྱང་ཆུབ་པའི་རིམ་པ། མི་གནས་མྱང་འདས་ཀྱི་རིམ་པ་སྟེ་ལྔ་པོ་དེ་ཡིན་ལ། སྐབས་འདིར་སེམས་དམིགས་ཀྱི་རིམ་པའི་གཞུང་ནི་དགོངས་པ་བླ་ན་མེད་པའོ། །ཡང་རྡོ་རྗེའི་བཟླས་པའི་རིམ་པ་ཡང༌། སེམས་ལ་དམིགས་པའི་སྔོན་འགྲོ་ཙམ་ཡིན་ཞིང༌། རྒྱུའི་རྫོགས་རིམ་དངོས་ནི་སེམས་དམིགས་ཡིན་ལ། རྡོར་བཟླས་དེའི་ཡན་ལག་ཏུ་འདུས་པར་དགོངས་ནས། རྫོགས་རིམ་རིམ་པ་བཞི་དང༌། བསྐྱེད་རིམ་ཐོག་མར་བསྣན་ནས། བསྐྱེད་རྫོགས་གཉིས་ཀར་བསྡོམས་པའི་རིམ་ལྔ་ནི། ཟླ་བ་གྲགས་པའི་སྒྲོན་གསལ་ལས། འདི་སྐད་དུ། གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད༌། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། ། རིམ་པ་གཉིས་པ་ཡིན་པར་བརྗོད། །ཀུན་རྫོབ་བདེན་པ་བསྟན་པ་ ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་གཅེས་བྱ་ལྔ་པ་ཡིན། ཞེས་གསུངས་སོ། ཡང་སེམས་དམིགས་ཀྱི་སྒྲུབ་པའི་གཙོ་བོ། ། རྡོ་རྗེའི་བཟླས་པ་ཡིན་པས། རྡོ་རྗེའི་བཟླས་པ་ཉིད་ལམ་གྱི་རྐངས་སུ་གྲངས། སེམས་དམིགས་ནི་དེའི་ནང་དུ་བསྡུས་


TNT05_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྫོགས་རིམ་རིམ་པ་བཞི་དང༌། བསྐྱེད་རིམ་སྟེ་རིམ་པ་ལྔར་བྱས་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མའི་ལུང་དྲངས་ཟིན་པ་དེ་དང༌། འཇིགས་མེད་འབྱུང་གནས་དང༌། ཐུབ་པ་དཔལ་ལ་སོགས་པས་བཤད་པ་བཞིན་ཡིན་ནོ། །དེ་ཐམས་ཅད་ལུས་རྣམ་པར་དབེན་པའི་རིམ་པ་མི་བཞེད་པ་མ་ཡིན་ཡང༌། རྡོ་བཟླས་ཀྱི་རིམ་པའི་སྔོན་དུ་འགྲོ་བ་དང༌། བསྐྱེད་རིམ་ཕྲ་མོའི་འབྲས་བུར་དགོངས་ཤིང༌། གང་ཟག་འགའ་ཞིག་གིས་ཞོར་ལའང་འགྲུབ་པ་དང༌། ཁ་ཅིག་གིས་དེ་ལོགས་སུ་མ་སྒོམས་ཀྱང༌། རྡོར་བཟླས་ལ་སོགས་པ་འགྲུབ་ཏུ་རུང་བས། མེད་མི་རུང་རང་ཡང་མིན་པར་དགོངས་ནས་རིམ་པ་ལོགས་པར་མ་བཤད་པའོ། །རིམ་གྱིས་འཇུག་པ་ཕལ་ཆེར་གྱི་དབང་དུ་བྱས་ན། སྤྱོད་བསྡུས་ཀྱི་རྒྱས་བཤད་སྐབས་སུ་འབྱུང་བ་ལྟར་ལུས་དབེན་གྱི་རིམ་པ། ངག་དབེན་གྱི་རིམ་པ། སེམས་དབེན་གྱི་རིམ་པ། སྒྱུ་ལུས་ཀྱི་རིམ་པ། འོད་གསལ་གྱི་རིམ་པ། ཟུང་འཇུག་གི་རིམ་པ་སྟེ། རྫོགས་རིམ་ཉིད་ལ་རིམ་པ་དྲུག་ཏུ་མཛད་པ་ལྟར་བྱ་དགོས་ལ། དེ་ཡང་དབེན་པ་གསུམ་རྒྱུའི་རྫོགས་རིམ་ཡིན་ཞིང། ཕྱི་མ་གསུམ་འབྲས་བུའི་རྫོགས་རིམ་ཡིན་པ་ལ། རྒྱུའི་རྫོགས་རིམ་ལ་དབྱེ་བ་དང་བསྡུ་པའི་ཁྱད་པར་གྱིས་གཅིག་ཏུ་བསྡུ་བ་དང༌། དེའི་ནང་ཚན་གཉིས་སུ་དབྱེ་བ་དང༌། དེ་ལས་ཕྱེ་སྟེ་གསུམ་དུ་དབྱེ་བ་ཡིན་པས། དོན་ནི་གཅིག་ཁོ་ན་ལ་འབབ་བོ། ཀླུ་བྱང་གི་རྣམ་གཞག་རིམ་པ་ལས་ཀྱང༌། རྡོ་རྗེའི་བཟླས་པ་རིམ་པ་དང་པོ་དང་སེམས་དབེན་རིམ་པ་གཉིས་པར་བཤད་པས་རིམ་པ་ལྔར་སྡུད་ཚུལ་དེ་ཁོ་ན་ཉིད་ལྔར་བཤད་པ་དང་འདྲ་བའོ། །དེ་ལྟར་ན་སྦྱོར་བ་ཡན་ལག་དྲུག་དང༌། རིམ་པ་ལྔའི་ཐ་སྙད་འདི་རྣམས་རྒྱུད་སྡེ་མང་པོ་ལས་གསལ་བར་གསུངས་པ་


TNT05_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། རྒྱ་བོད་ཀྱི་མཁས་པ་དང་གྲུབ་ཐོབ་ཕལ་པས་བརྡའ་ཆད་གསར་དུ་སྦྱར་བ་དང་ཁུངས་ཆེན་ཆུང་རི་བོ་དང་ཡུངས་ཀར་གྱི་ཁྱད་པར་བཞིན་དུ་ཤེས་པར་བྱའོ། །དོན་ལ་རྟོན་དགོས་པ་ཉིད་ཀྱི་ཕྱིར་དོན་མ་ནོར་བ་ཉིད་གཙོ་བོ་ཡིན་ཡང༌། རྣམ་གྲངས་སུ་ན་ཐ་སྙད་ཀྱང་རྒྱལ་བའི་མགུར་ནས་བྱུང་བ་དེ་ཉིད་རྗེས་འཇུག་རྣམས་ཀྱིས་ཀྱང་བརྗོད་པར་འོས་ཤིང༌། རྒྱལ་བའི་བསྟན་པ་ལ་ཕན་པ་དང༌། ཚིག་གི་བྱིན་རླབས་ཀྱང་འཇུག་པ་ཡིན་པས་ཕྱོགས་ཞེན་ཙམ་གྱིས་ཆགས་སྡང་འཐེན་ཕྱོགས་ལ་སྙིང་པོ་མེད་པར་ཤེས་པར་བྱའོ། །ཞེས་བློ་གྲོས་དང་ལྡན་པར་འདོད་པ་རྣམས་ལ་གདམས་སོ། །དེ་ལྟར་ན་རྒྱུད་སྡེ་དེ་དག་དང་མཐུན་པར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྫོགས་རིམ་གྱི་གཞུང་འདི་མཛད་པ་ཡིན་ཞིང༌། བསྐྱེད་པའི་རིམ་པ་ལ་སྒྲུབ་ཐབས་མདོར་བྱས་དང་མདོར་བསྲེས་གཉིས་མཛད་དོ། །དེའི་ཐུགས་སྲས་རྒྱལ་ཚབ་ལྟ་བུར་གྱུར་པ་སློབ་དཔོན་ཨཱརྱ་དེ་ཝས་ཀྱང༌། འཕགས་པའི་གཞུང་གི་དོན་དེ་དག་གསལ་ཞིང་རྒྱས་ལ་མ་འཛིངས་བ། ཁ་སྐོངས་གཞན་ལ་རག་མ་ལས་པའི་མཚན་ཉིད་ཅན་སྤྱོད་བསྡུས་སྒྲོན་མེ་ཞེས་བྱ་བའི་གཞུང་མཛད་དོ། །རིམ་ལྔ་འཆད་པ་ལ་གཞུང་འདི་མེད་ཐབས་མེད་པ་ཡིན་ཞིང༌། གཞན་ཡང་སློབ་དཔོན་འདིས་སྒྱུ་ལུས་བདག་བྱིན་རླབས་པའི་སྒོས་ཀྱི་གཞུང་ཆུང་ཞིག་ཀྱང་མཛད་ལ། འཕགས་པའི་དངོས་སློབ་ཀླུའི་བྱང་ཆུབ་ཀྱིས། དཀྱིལ་འཁོར་ཆོ་ག་ཉི་ཤུ་པ་དང༌། བསྐྱེད་རིམ་རྣམ་གཞག་རིམ་པ་དང༌། རྫོགས་རིམ་ལས་མཐའ་རྣམ་འབྱེད་རྣམས་མཛད་དེ། འོན་ཀྱང་དཀྱིལ་ཆོག་ནི་རྒྱ་གར་གྱི་འཕགས་སྐོར་བ་རྙིང་པ་མང་པོ་ཞིག་དེས་མ་མཛད་པར་ཡང་འདོད་མོད། ཨ་བྷ་ཡ་སོགས་འཕགས་


TNT05_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་མཁས་པ་ཕྱི་མ་ཐམས་ཅད་ཀླུ་བྱང་གི་ཡིན་པར་བཞེད་པ་ལྟར་འཐད་ལ། རྣམ་གཞག་རིམ་པ་ཡང༌། ཨ་བྷ་ཡ་སོགས་རྒྱ་གར་བ་སྔ་ཕྱི་འགའ་རེ་དེས་མ་མཛད་པར་བཞེད་ཀྱང། རྒྱ་གར་བ་རྙིང་པ་འགའ་ཞིག་དང༌། བོད་ཐམས་ཅད་མཛད་པར་འདོད་པ་ལྟར་འཐད་དོ། །གསང་འདུས་འཕགས་སྐོར་གྱི་རྩ་བའི་གཞུང་ནི་དེ་རྣམས་ཡིན་ལ། དེ་དག་ཏུ་ནི་མི་ལེགས་པ་དང་མི་འཐད་པ་ཅུང་ཟད་ཀྱང་མེད་དེ། གནད་ཆེན་པོ་དང་ལྡན་པ་ཤ་སྟག་གོ །དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་བ་འདི། རྒྱ་བོད་འཕགས་སྐོར་བ་ཐམས་ཅད་འཕགས་པ་ཡབ་སྲས་རྣམས་དང་ཁྱད་མེད་དུ་རྩི་བར་སྣང་ལ། ཕལ་ཆེར་ནི་ལེགས་པར་བཤད་པའི་རང་བཞིན་དུ་འདུག་ཀྱང་རེས་འགའ་མི་འཐད་པ་ཡང་ཅུང་ཟད་ཡོད་དོ། ། འོན་ཀྱང་གསང་འདུས་འཕགས་སྐོར་ལ། རྒྱུད་ཀྱི་བཤད་པ་འདི་ཁོ་ན་ལ་བརྟེན་དགོས་པའི་ཕྱིར་ཚད་ལྡན་དུ་འཇོག་དགོས་ཏེ། དེ་ལྟར་ན་འཕགས་སྐོར་གྱི་རྩ་བའི་གཞུང་དང་འགྲེལ་བ་ནི་དེ་དག་ཡིན་ནོ། །དེ་ལ་གསང་འདུས་འཕགས་སྐོར་གྱི་ཆོས་འདི་རྣམས་འཕགས་པ་ཡབ་སྲས་འཛམ་བུ་གླིང་དུ་དངོས་སུ་བཞུགས་པའི་དུས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སློབ་མ་རྣམས་ལ་མངོན་མཚན་དུ་རྒྱ་ཆེར་དར་བ་ནི་མ་ཡིན་ཏེ། དེའི་ཚེ་ནི་མདོ་ལུགས་ཉིད་ཤིན་ཏུ་གསལ་བར་མཛད་པ་དང༌། གསང་སྔགས་སྤྱོད་པ་ཡང་བྱ་བ་དང་སྤྱོད་པའི་རྒྱུད་ཉིད་ཅི་རིགས་པར་གསལ་བར་མཛད་དོ། །དེས་ནས་ཀླུ་སྒྲུབ་ཀྱི་གཏམ་ཚོགས་དང་རིག་ཚོགས་དང་བསྟོད་ཚོགས་བཞིན་དུ་དེ་སྐབས་དར་བར་གྱུར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སྒྲོན་གསལ་ཡང༌། ཟླ་གྲགས་དངོས་སུ་མི་ཡུལ་དུ་སྤྱོད་པའི་ཚེ་མཛད་ཅིང་དར་བ་མ་ཡིན་ཏེ། ཆོས་འདི་དག་ནི་ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཀླུའི་བྱང་


TNT05_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱིས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས། འགྲོ་བའི་དོན་དུ་དཔལ་གྱི་རི་བོར་བཞུགས་ཤིང༌། དེ་ལས་བརྒྱུད་དེ་ཕྱིས་སྔགས་ཀྱི་ཐེག་པ་མངོན་མཚན་དུ་སྤྱོད་ཅིང་དར་བའི་ཚེ། ཆོས་སྐོར་འདི་རྣམས་ཀྱང་མི་ཡུལ་དུ་དར་བར་གྱུར་ཏོ། །དེས་ན་ཡབ་སྲས་དེ་རྣམས་ཀྱིས་སྔོན་གྱི་དུས་ཉིད་དུ་བསྟན་བཅོས་འདི་དག་མཛད་ནས། མ་འོངས་པ་ན་ཆོས་འདིའི་གདུལ་བྱ་དག་བྱུང་བ་ན་སྤེལ་ཞིག་བར་གདམས་ཏེ་བཞག་པའམ། རྐང་ཡང་གདུལ་བྱ་དུས་ལ་བབ་པ་ཉིད་ན། རིག་པ་འཛིན་པའི་ལུས་ཉིད་ཀྱིས་བསྟན་བཅོས་དེ་དག་མཛད་དེ། སྐལ་ལྡན་རྣམས་ལ་བསྟན་པ་ཡང་ཡིན་སྲིད་དེ། གང་ལྟར་ཡང་ཡབ་སྲས་དེ་རྣམས་ཀྱིས་མཛད་པར་རྩོད་པ་མེད་ལ། ལམ་འདི་ལ་བརྟེན་ནས་མཆོག་གམ་ཐུན་མོང་གི་དངོས་གྲུབ་གྲུབ་པས་གོ་འཕང་མཐོན་པོར་གཤེགས་པ་དང༌། སྒོམ་བྱུང་གི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྒྲུབ་པ་པོ་མཐའ་ཡས་པ་ཞིག་བྱུང་བ་དང༌། རྒྱལ་བའི་བསྟན་པ་ལ་གཅེས་སྦྲས་སུ་མཛད་པའི་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱིས་ཆོས་འདི་རྩལ་འདོན་དུ་མཛད་དེ། བཤད་སྒྲུབ་ཀྱི་རྐང་བཙུགས་པའི་ཕྱིར། རྩོད་པ་དང་བྲལ་བའི་ཆོས་ཀྱི་སྒོ་བླ་ན་མེད་པ་ཡིན་ནོ། །སྤྱིར་ཕྱོགས་འདི་ན་ཆོས་འདི་ལ་བརྟེན་པའི་རྒྱ་གཞུང་དུ་གྲགས་པ་ལྔ་བཅུ་ཙམ་ཡོད་མོད་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་སོགས་པ་ཟླ་གྲགས་ལ་ཁ་འཕངས་ཏེ་བརྩམས་པ་དང༌། འཕགས་པ་ལྷ་དང་ཀླུ་བྱང་ལ་ཁ་འཕངས་པའི་གཞུང་འགྲེལ་ཡང་མང་དུ་ཡོད་པ་དང༌། རྒྱུད་ཕྱི་མའི་འགྲེལ་པ་ན་རོ་པས་མཛད་ཟེར་བ་བོད་ཀྱི་མཁས་པ་ཞིག་གིས་བརྩམས་པ་སོགས་གཞུང་འགྲེལ་གཞན་རྣམས་ནི་ལེགས་བཤད་ཀྱང་མང་དུ་ཡོད་མོད། ཚད་ལྡན་ཁོ་ནར་ཁས་བླང་དུ་བཏུབ་པ་ཡང་མ་ཡིན་ནོ། །དེ་རྣམས་ལས་སྐབས་འདིར་རིམ་པ་ལྔ་པའི་གཞུང་འདི་འཆད་པར་


TNT05_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ། རྒྱ་གར་སྐད་དུ། པཉྩ་ཀྲ་མ། བོད་སྐད་དུ། རིམ་པ་ལྔ་པ་སྟེ། པཉྩ་ནི་ལྔ་ཀྲ་མ་ནི་རིམ་པའོ། །དེ་ཡང་བརྗོད་བྱ་ལམ་གྱི་རིམ་པ་ལྔ་ཡོད་པས། རྗོད་བྱེད་གཞུང་ལ་ཡང་དེའི་མིང་གིས་བཏགས་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ཞེས་པ་ནི། གཞུང་འདི་དང་པོ་སྒྱུར་པ་པོ་ལོ་ཙཱ་བ་རིན་ཆེན་བཟང་པོས་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་བར་མཛད་པའོ། །གཞུང་ཉིད་འཆད་པར་བྱེད་པ་ལ། བསྟན་བཅོས་ལ་འཇུག་པའི་རིམ་པ། བསྟན་བཅོས་དངོས། བསྟན་བཅོས་མཐར་ཕྱིན་པའི་བྱ་བ་སྟེ་གསུམ་ལས། དང་པོ་ནི། མགོན་པོ་སངས་རྒྱས་ཀུན་བདག་ཉིད། །དཔལ་ལྡན་བདེ་ཆེན་ལ་བཏུད་དེ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྡོ་རྗེའི་བཟླས་པའི་རིམ་བཤད་བྱ། ཞེས་པ་སྟེ། འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པའི་མགོན་པོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་འདུས་པའི་བདག་ཉིད་ཏེ། རྒྱལ་བ་ཀུན་གྱི་སྤྱིའི་གཟུགས་ཆེན་པོ་རང་དོན་དང་གཞན་དོན་གྱི་དཔལ་དང་ལྡན་པའི་བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་ངོ་བོ་དཔལ་ལྡན་བླ་མ་ལ་བཏུད་ནས། ཞེས་པའི་ནི་མཆོད་པར་བརྗོད་པའོ། །རྣལ་འབྱོར་རྒྱུད་ཅེས་པ་ནི། རྒྱུད་སྡེ་བཞིའི་ཟླས་ཕྱེ་བའི་རྣལ་འབྱོར་མིན་ལ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཅེས་པ་ལྟར། ཕ་རྒྱུད་ལ་བཤད་ཀྱང་རུང་བ་ཙམ་ཡིན་མོད་ཀྱི། གཙོ་བོར་འདི་ནི་ཕྱིའི་བྱ་བ་ལ་སྤྱོད་པའི་རྒྱུད་སྡེ་མ་ཡིན་པའི་དོན་ཏེ། ནང་ཟབ་མོའི་རྣལ་འབྱོར་གྱི་ལམ་སྟོན་པའི་རྒྱུད། དཔལ་གསང་བ་འདུས་པ་དང༌། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་རྒྱུད་སྡེ་མཆོག་མཐར་ཐུག་རྣམས་ཀྱི་རྗེས་སུ་འབྲངས་ཏེ། རྡོ་རྗེའི་བཟླས་པ་ལ་སོགས་པའི་རིམ་པ་རྣམས་བཤད་པར་བྱའོ། །


TNT05_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་བཤད་པར་དམ་བཅའ་སྟེ། འཕགས་པའི་གསུང་དངོས་ཀྱི་གཞུང་འོག་མ་གསུམ་ལའང་མཆོད་བརྗོད་དམ་བཅའ་རེ་ཡོད་པ་བཞིན། འདི་ཡང་རིམ་པ་དང་པོ་ཁོ་ནའི་དབང་དུ་མཛད་པར་འདུག་ཀྱང༌། རིམ་ལྔ་མདོར་བསྟན་གྱི་འགོར་བཀོད་ཅིང༌། གླེགས་བམ་གྱི་ཐོག་མར་བཞུགས་པའི་ཕྱིར། གཞུང་སྤྱིའི་མཆོད་བརྗོད་ཀྱི་ཚུལ་དུ་སྦྱར་ན་མཛེས་པར་འགྱུར་རོ། །གཉིས་པ་གཞུང་དངོས་བཤད་པ་ལ།མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ལ་སྤྱི་དོན་དང་གཞུང་དོན་གཉིས་སོ། །དང་པོ་ནི། སྤྱིར་སྡེ་སྣོད་གསུམ་གྱི་སྙིང་པོ་གསང་སྔགས་ཀྱི་ཐེག་པ་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་སྤྱི་བོར་གྱུར་པ་ནི། དཔལ་གསང་བ་འདུས་པ་ཞེས་བྱ་སྟེ། དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་བ། བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོའི་རྒྱུད་དང༌། གཉིས་ཀའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། བྱ་བའི་རྒྱུད་དང༌། རྟོག་པའི་རྒྱུད་རྣམས་ཀྱི་ཚད་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་བ་སྟེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ། །དེ་དག་ནི་སྟོང་ཕྲག་སུམ་ཅུ་རྩ་བཞི་སྟེ། རྒྱུད་དང་རྟོག་པའི་མིང་གི་མཐའ་ཡི་གེ་ཇི་སྙེད་པ་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདི་དག་ནི་མིང་གི་ཡི་གེའི་ཐ་མ་རྣམས་སོ། །ཞེས་གསུངས་ཏེ། དེ་ལ་ཀ་ནས་ཋའི་བར་རྣལ་འབྱོར་ཆེན་


TNT05_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ཌ་ནས་དའི་བར་གཉིས་ཀའི་རྒྱུད་དང༌། ངྷ་ནས་ཡའི་བར་སྤྱོད་རྒྱུད་དང༌། ར་ལ་ཝ་ཤ་བྱ་རྒྱུད་དང༌། ཥ་ས་ཧ་ཀྵ་རྟོག་པའི་རྒྱུད་དོ། །དེ་ཡང་ཡི་གེ་རེ་རེའི་མིང་གི་མཐའ་ཅན་སྟོང་ཕྲག་རེ་རེ་ཡོད་པས་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་བཞིའོ། །དེ་ལ་འགོས་ལུགས་པ་རྣམས་སརྦ་དེ་བ་མེ་ལ་པ་ཀ་སྟེ། ལྷ་ཐམས་ཅད་འདུས་པའི་རྒྱུད་ཅེས་པ་ལྟ་བུ་ཀའི་མཐའ་ཅན་ནོ། །བཛྲ་མུ་ཁ་སྟེ། རྡོ་རྗེ་སྒོའི་རྒྱུད་ལྟ་བུ་ཁའི་མཐའ་ཅན་དང༌། བི་ན་ཡ་ཨ་མོ་གྷ་སྟེ། འདུ་བ་དོན་ཡོད་པའི་རྒྱུད་ལྟ་བུ་གྷའི་མཐའ་ཅན་དང། དེ་དག་གིས་གཞན་ལའང་རིགས་བསྒྲེ་བར་འདོད་དོ། །འོན་ཀྱང་འདི་ནི་མིང་ཙམ་མ་ཡིན་ཡི་གེ་ཙམ་མ་ཡིན། བརྡ་ཐབས་ཡིན་པར་མངོན་ཏེ། རྒྱུད་སྡེ་བཞི་པོ་ཉིད་སོ་སོར་རེ་རེར་ཡང་ཀུན་རྫོབ་ཏུ་ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་དབྱེ་བ་ལས། ཐབས་ཀྱི་ཕྱོགས་ལ་གསལ་བྱེད་གྱི་བརྡས་བསྟན་པས་ཡིན་ཞིང༌། དེ་ལས་ཀྱང་མཁའ་ཁམས་སེམས་ཀྱི་བདེ་བ་དང༌། རླུང་ཁམས་རླུང་གི་རྣལ་འབྱོར་སྟོན་པ་དང༌། མེ་ཁམས་འདོད་ཆགས་ཀྱི་སྤྱོད་པ་གཙོར་བོར་སྟོན་པ་སྟེ། ཀ་སྡེ་ཙ་སྡེ་ཊ་སྡེའི་ཡི་གེ་གཉིས་ཀྱིས་མཚོན་པ་ནི་རྣལ་འབྱོར་ཆེན་པོ་སྟེ། རིགས་ལྔ་སོ་སོའི་དབྱེ་བས་ནམ་མཁའ་དང་རླུང་ལ་ལྔ་ལྔ་དང༌། རྗེས་ཆགས་ལ་སྲ་བ་ས་ལྟ་བུའི་ཕོ་དང༌། མཉེན་པ་ཆུ་ལྟ་བུའི་མོའི་དབྱེ་བའོ། །གཉིས་ཀའི་རྒྱུད་ལ་མེ་གསུམ་དང་ས་གསུམ་གྱི་ཡི་གེའི་བརྡ་ནི། རིགས་ལྔའི་རྒྱུད་དང་རྡོ་རྗེ་སེམས་དཔའ་སྟེ་དྲུག་མཚོན་བྱེད་ཡིན་ལ། སུ་མཚན་གཉིས་ནི། དུས་འཁོར་ལས་ཐབས་ཤེས་རིགས་དྲུག་གསུངས་བ་ལྟ་བུའི་དག་པ་ཁོ་ན་གནས་པའམ། ས་ཁམས་ཀྱི་བརྡས་ལུས་ཏེ་ལྷ་སྐུ་ལུས་ཀྱི་ཕྱག་རྒྱ་གཙོ་བོར་སྟོན་པ་དང༌། མེ་ཁམས་ཀྱི་བརྡས། བདེ་བ་སེམས་ཀྱི་རྣལ་


TNT05_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གཙོ་བོར་སྟོན་པ་སྟེ། དེ་གཉིས་ཀ་ལ་ཡང་སྐུ་གསུང་ཐུགས་གསུམ་གྱིས་དབྱེ་བའོ། །སྤྱོད་པའི་རྒྱུད་ལ་ས་ཁམས་གཉིས་དང༌། རླུང་ཁམས་གཅིག་སྟེ་གསུམ་ནི་ཁྲོ་བོའི་སྔགས་རྒྱུད་ཡིན་ལ། སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་མོ། །ཆུ་ཁམས་ནི་ཞི་བའི་སྔགས་རྒྱུད་ཡིན་ལ། དངོས་སུ་རིགས་ལྔའི་ཐ་སྙད་མེད་ཀྱང༌། དོན་གྱིས་ཡོད་པས་དེ་བཞིན་གཤེགས་པ་རིགས་ལྔའི་དབྱེ་བས་ལྔའོ། བླ་མ་ས་སྐྱ་པནྚི་ཏའི་ཞལ་ནས། སྤྱོད་པའི་རྒྱུད་དུ་རིགས་ལྔ་ཡི། དོན་གྲུབ་ན་ཡང་ཐ་སྙད་མེད། ཅེས་གསུངས་པའང་ལེགས་པར་གསུངས་པའོ། །བྱ་བའི་རྒྱུད་ལ་རིགས་གསུམ་དང་འཇིག་རྟེན་པ་སྟེ་བཞི་ཡིན་ལ། རྟོག་པའི་རྒྱུད་ལ་ཡང་ཕྲ་མོའི་ལས་ཚོགས་ཀྱི་གཅིག་དང༌། དངོས་གྲུབ་ཐ་མ་དང་འབྲིང་དུ་གཏོགས་པ་འབའ་ཞིག་གི་ནང་ནས་རྫས་ལུས་ལོངས་སྤྱོད་ཀྱི་གྲུབ་པའི་དབྱེ་བ་གསུམ་སྟེ་བཞིའོ། སྤྱིར་རྒྱུད་སྡེ་ལྔ་པོ་མཐའ་དག་སྟོང་ཕྲག་སུམ་ཅུ་རྩ་བཞི་འདི་དག་ཁོ་ནར་འདུས་པ་མིན་ཡང༌། དཔལ་ལྡན་གསང་བ་འདུས་པ་ལ་མངོན་དུ་ཕྱོགས་པའི་རྒྱུད་ནི་དེ་དག་གོ །རྒྱུད་དེ་རྣམས་ཀྱི་མཐར་ཐུག་གི་ངེས་དོན་གསང་བ་འདུས་པ་ལ་བརྟེན་ནས་རྟོགས་དགོས་པས། དེ་རྣམས་ཀྱི་རྒྱལ་པོའམ་གཙོ་བོའམ། རྩེ་མོ་ལྟ་བུ་ནི། དཔལ་ལྡན་གསང་བ་འདུས་པའོ། །དེ་ལྟར་ཡང་སྒྲོན་གསལ་པ་ཚབ་འགྱུར་ལས། ཇི་སྲིད་ཡ་ར་ལ་ཝ་ཧ། ཀ་ཁ་གྷ་མཐའ་ཎ་ཛྷའི་མཐའ། ཌ་ཌྷ་དྷ་མཐའ་པ་བྷའི་མཐའ། །དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡི། དཔལ་ལྡན་འདུས་འདི་ཟ་མ་ཏོག།དེ་བས་དེ་ནི་རྒྱུད་ཀྱི་རྩེ། ཞེས་འབྱུང་བ་ལྟར་ཏེ། རྒྱུད་དེ་དག་གི་བརྗོད་བྱའི་རྩ་བ་ནི། དོན་དམ་པའི་ཡི་གེ་


TNT05_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་རྣམས་སོ། །དེ་ནི་དཔལ་ལྡན་འདུས་པ་འདིས་ཤིན་ཏུ་གསལ་བར་བསྟན་ཞིང༌། སུམ་ཁྲི་བཞི་སྟོང་གི་རྒྱུད་གཞན་དེ་རྣམས་ན་ཅུང་ཟད་སྦས་པ་ཡིན་ལ། འདུས་པ་ལས་གསལ་བར་བསྟན་པ་དེ་ཡང་རྩ་རྒྱུད་ཉི་ཁྲི་ལྔ་སྟོང་པའི་དབང་དུ་བྱས་པ་ཡིན་མོད། དེའི་བརྗོད་དོན་གྱི་སྙིང་པོ་ཐམས་ཅད་རྩ་རྒྱུད་བསྡུས་པ་འདི་ལ་ཚང་ཞིང༌། བཤད་རྒྱུད་དང་བཅས་པས་གསལ་བར་བསྟན་པའང་ཡིན་པས་སུམ་ཁྲི་བཞི་སྟོང་རྣམས་འདུས་པའི་རྩ་རྒྱུད་བསྡུས་པ་འདིའི་རྗེས་སུ་འབྲང་བའང་ཡིན་ནོ། །ངེས་དོན་འདི་ཉིད་ཀྱི་དབང་དུ་བྱས་ན། སྤྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་སྙིང་པོ་ཡིན་ཡང༌། དེ་ལྟར་སུམ་ཁྲི་བཞི་སྟོང་གི་གྲངས་སུ་བཅད་པ་ནི། རྗོད་བྱེད་ཚིག་གི་འཆད་ཚུལ་རིགས་མཐུན་པའི་དབང་དུ་བྱས་པ་སྟེ། དཔེར་ན་སྡེ་སྣོད་གསུམ་པོ་ཡང་དོན་ཕན་ཚུན་འབྲེལ་བ་ཅན་ཁོ་ན་ཡིན་མོད་ཀྱི། གནས་སྐབས་སུ་སྡེ་ཚན་སོ་སོར་ཡོད་པ་བཞིན། འདིར་ཡང་རྒྱུད་དེ་ཙམ་ཞིག་འདུས་པའི་རྗེས་སུ་འབྲང་ངོ་ཞེས་གསུངས་སོ། །འདིར་ཀ་ཡིག་གི་མཐའ་ལ་སོགས་པར་བཤད་པའི་མཐའི་དོན་ནི། མཐའ་ནི་ཟད་དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་རྣམས། ཞེས་གསུངས་པ་ལྟར་ལས། འདིར་ཕྱོགས་ཀྱི་དོན་ལ་སྦྱོར་ཏེ། ཀ་ཡིག་གི་ཕྱོགས་ནས་ཀྵ་ཡིག་གི་ཕྱོགས་ཀྱི་བར་རོ། །འོ་ན་ཤེས་རབ་ཀྱི་ཕྱོགས་ཀྱི་རྒྱུད་རྣམས་ལས་བརྗོད་བྱའི་དོན་གཞན་སྟོན་པ་ཞིག་ཡིན་ནམ། འདིར་རྒྱུད་སྡེ་ལྔའི་དབྱེ་བ་ལ་ཡང་རྣལ་འབྱོར་མའི་རྒྱུད་མ་བགྲངས་པ་དང༌། དབྱངས་ཀྱི་ཡི་གེའི་བརྡས་བསྟན་པའི་རྒྱུད་མ་བཤད་པའི་ཕྱིར་རོ་སྙམ་ན། གོང་དུ་སྨོས་པ་ལྟར་དེ་དག་ནི་འདུས་པའི་རྗེས་འབྲང་གི་རྒྱུད་ཡིན་


TNT05_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མི་བྱ་མོད། དགོངས་དོན་ནི་གཅིག་པ་ཁོ་ན་སྟེ། གསང་བའི་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བའི་གཞུང་དུ། སློབ་དཔོན་སྤྱོད་པ་པས་གསལ་བར་བཤད་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན། འདིར་རྒྱུད་སྡེའི་རིམ་པ་ལྔར་བཤད་པའི་སྐབས་ནི། རྣལ་འབྱོར་ཆེན་པོ་ཉིད་དུ་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་དོན་གྱིས་ནི་འདུས་པར་ཡང་བལྟའོ། །རྒྱུད་སྡེ་དེ་རྣམས་ཀྱི་ཁྱད་པར་ཡང་ཤིན་ཏུ་གསལ་བར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་འདི་ཉིད་ལས་གསུངས་ཏེ། ཇི་སྐད་དུ། བྱ་ཆུབ་སེམས་དཔའ་ཆེན་པོས་གསོལ་བ། བཅོམ་ལྡན་འདས་དེ་རྣམས་ཀྱི་བྱེད་ས་ཆོ་ག་དང༌། གྲུབ་པ་བྱ་བ་དང༌། འགྲུབ་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དམ་པའི་བདེན་པ་རྣམས་ལས། རང་བྱིན་གྱིས་རླབས་པའི་རིམ་གྱིས་ལངས་ཏེ། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་རབ་ཏུ་བསྟན་པའི་ཕྱིར། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་བསྒྱུར་བའི་གཟུགས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་མཐའ་དྲུག་གིས་རབ་ཏུ་དཔྱད་དེ་བསྒྲུབ་པར་བྱའོ། །ཞེས་རྣལ་འབྱོར་ཆེན་པོའི་རྒྱུད་ལ་གནས་སོ། །རིག་པ་དང་ལྷ་མོ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་ལ་བཀོད་པ་དང༌། དེ་ལས་བྱུང་བའི་ལས་བྱེད་པ། སྒྲུབ་པ་ལ་སོགས་པ་དེ་ཁོ་ན་རྣམ་པ་བཅུ་རབ་ཏུ་སྤྱད་དེ་འགྲུབ་པར་བྱེད་པ་ནི་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས་གྲུབ་པར་བྱེད་པ་ནི། སྤྱོད་པའི་རྒྱུད་ལ་བཞུགས་


TNT05_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སོ། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་ཡུལ་དང༌། སྐྱོན་གྱི་རྒྱུ་རབ་ཏུ་སྤྱོད་པས་འགྲུབ་པར་བྱེད་པ་ནི། བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་སྨན་དང་སྦྱིན་སྲེག་དང༌། །ཕྱེ་མ་དང༌། མིག་སྨན་དང༌། རྐང་མགྱོགས་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་ སོ། །དེ་ལ་བྱེད་པ་ནི་རྒྱུ་སྟེ་དེ་ཉིད་ཆོ་ག་ཡང་ཡིན་ནོ། །གྲུབ་པ་ནི་དངོས་གྲུབ་སྟེ་བྱ་བའམ་འབྲས་བུའོ། །འགྲུབ་པ་ནི་རྒྱུད་དེས་འབྲས་བུ་ཇི་ཙམ་ཞིག་འགྲུབ་ཅེས་པའི་དོན་ནོ། །ལན་གྱི་སྐབས་སུ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ནི་དངོས་གྲུབ་ནི་ཟུང་འཇུག་ཡིན་ལ། རྒྱུ་ནི་འདོད་ཆགས་ཆེན་པོའི་ལམ་གྱིས་སྒྲུབས་ཅིང༌། ཇི་ལྟར་འགྲུབ་པའི་ཚུལ་ནི། ཏིང་ངེ་འཛིན་སྒྱུ་ལུས་འོད་གསལ་གྱི་རིམ་པ་དང༌། སྤྱོད་པ་ནི་རྨད་དུ་བྱུང་བ་སྟེ་རིག་པའི་བརྟུལ་ཞུགས་སོ། །འཇིག་རྟེན་དང་འགལ་བ་ཞེས་པ། ཁ་ཅིག་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་འགལ་བ་ལྟར་སྣང་བ་ཞེས་འཆད་དེ་ཚིག་དོན་མ་ཡིན་ལ། དེས་ན་ཇི་སྐད་དུ། ཡིད་འོང་མི་འོང་རྣམ་རྟོག་ཕྱིར། ཞེན་པ་ཙམ་དུ་མི་བྱའོ། །ཞེས་པ་ལྟར་གང་འཇིག་རྟེན་པ་རྣམས་ཀྱིས་བསྟེན་པ་དེ་མི་བསྟེན་ལ། གང་མི་བསྟེན་པ་དེ་བསྟེན་པ་ལ་སོགས་པའོ། །རྒྱུད་ལ་གནས་སོ་ཞེས་པ་ལ། ཁ་ཅིག་རྒྱུད་དུ་རྣམ་པར་བཞག་གོ་ཞེས་བསྒྱུར་ན་བདེ་བར་འཆད་ཀྱང༌། གཞན་འགའ་དག་རྒྱུད་ཀྱི་དོན་ལ་གནས་སོ་ཞེས་པའི་དོན་དུ་འཆད་པ་ལྟར་ལེགས་སོ། དེ་བཞིན་དུ། རྒྱུ་ནི་དེ་ཁོ་ན་ཉིད་བཅུ། འབྲས་བུ་ནི་ལྷ་དང་ལྷ་མོ་དེ་བཞིན་གཤེགས་


TNT05_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་རྣམ་པ་འདྲ་བའི་རིག་པ་འཛིན་པ་ཆེན་པོ་འགྲུབ་ཚུལ་ནི། དེ་ལས་བྱུང་བའི་ལས་ཞེས་པ་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་ལ་སོགས་པའོ། །རྒྱུད་འདིར་ཡོ་ག་ལ་གཉིས་ཀའི་རྒྱུད་ཅེས་གསུངས་པ་ནི། རྣལ་འབྱོར་ཆེན་པོའི་རྣམ་གཞག་བྱེད་པའི་ཚེ། གསང་སྔགས་ཕྱི་ནང་གི་ས་མཚམས་པ་ལ་དགོངས་པ་ཡིན་ལ། གཞན་ཁ་ཅིག་སྤྱོད་རྒྱུད་ལ་གཉིས་ཀའི་རྒྱུད་དུ་འདོད་པ་ནི། ཀྲི་ཡོ་ག་སྡེ་གསུམ་ཁོ་ནའི་དབང་དུ་བྱས་ཏེ། ཀྲི་ཡ་དང་ཡོ་གའི་མཚམས་སྦྱོར་དུ་བསམས་པའོ། །འབྲས་བུ་དངོས་གྲུབ་ནི། མངོན་བྱང་ལས། སྤྱོད་པའི་རྗེས་སུ་འཇུག་པ་དང༌། །དེ་བཞིན་ས་ནི་གནོན་པ་དང༌། ། འཇིག་རྟེན་མངོན་ཤེས་ལྔར་འདོད་དང༌། །སངས་རྒྱས་ཉིད་དང་གང་གཞན་ནོ། ། ཞེས་གསུངས་ཏེ། སྤྱོད་པ་སྦྱོར་ལམ་དྲོད་ལ་སོགས་པ་དང༌། མོས་སྤྱོད་ཀྱི་ས་དང༌། སངས་རྒྱས་ཉིད་འདྲ་བའི་རིག་འཛིན་སོགས་འབྲས་བུ་རྣལ་འབྱོར་རྒྱུད་དང་མཚུངས་ལ། སྤྱོད་པ་ནི་བྱ་བའི་རྒྱུད་ཀྱི་ལས་ཀྱི་བྱ་བ་སྣ་ཚོགས་པ་དང་མཚུངས་པ་ནི་སྤྱོད་རྒྱུད་དོ། །ལྷའི་དྲུང་དུ་བག་ཡོད་པའི་འཇིགས་པ་དང༌། གཙང་སྦྲ་སྤྱོད་ཅིང་ཡེ་ཤེས་སེམས་དཔའ་མི་འཇུག་པ་དང༌། བདག་བསྐྱེད་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་པ་སྤངས་པའི་རྒྱུད་དང༌། སྔ་མ་དང་མཚུངས་པའི་འབྲས་བུ་དང༌། འགྲུབ་ཚུལ་ལས་ཀྱི་བྱ་བ་སྣ་ཚོགས་པས་སྒྲུབ་པ་ནི། བྱ་བའི་རྒྱུད་དོ། །འོ་ན་རྨད་བྱུང་གི་སྤྱོད་པ་གསང་སྔགས་ཕྱི་པ་ཐམས་ཅད་དུ་བཀག་པ་མ་ཡིན་ནམ། བྱ་རྒྱུད་ཁོ་ན་ལ་བཀག་པ་ཅི་སྙམ་ན་མ་ཡིན་ཏེ། སྤྱོད་རྒྱུད་ཡན་ཆད་ལྷའི་ང་རྒྱལ་ཡོད་པའི་རྒྱུ་མཚན་གྱིས་རྨད་བྱུང་གི་སྤྱོད་པ་ཅུང་ཟད་ཡོད་ལ། རྣལ་འབྱོར་རྒྱུད་ལས་ནི་གསལ་བར་ཡང་


TNT05_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །རྟོག་པའི་རྒྱུད་ནི་སྔགས་དང་ཆོ་ག་དེ་དང་དེས་ལས་ཚོགས་སྣ་རེ་ཙམ་མམ། དངོས་གྲུབ་བརྒྱད་ལ་སོགས་པ་གྲུབ་པ་རེ་རེ་ཙམ་སྒྲུབ་པར་བྱེད་པ་སྟེ། རྟོག་པའི་རྒྱུད་ཀྱིས་རིག་པ་འཛིན་པ་ཆེན་པོ་འགྲུབ་པར་མི་བྱེད་དེ། དངོས་གྲུབ་ཆུང་ངུ་དག་འགྲུབ་པར་བྱེད་པ་མང་བ་ཡིན་ནོ། །དེ་ལྟར་ན་རྒྱུད་དེ་རྣམས་ཀྱི་རྩེ་མོ་དཔལ་ལྡན་འདུས་པའི་བརྗོད་བྱ་ཡང་རྒྱུད་གསུམ་དུ་འདུ་ན། ད་ནི་རྒྱུད་གསུམ་གྱི་རང་བཞིན་བཤད་པར་བྱ་སྟེ། དེ་ལྟར་ཡང་རྒྱུད་ཕྱི་མ་ལས། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། གཞི་དང་དེ་ཡི་རང་བཞིན་དང༌། མི་འཕྲོགས་པ་ཡི་རབ་དབྱེ་ལས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བའོ། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་ཏེ། དེ་ཡང་རྒྱུ་རྒྱུད་ཐབས་རྒྱུད་འབྲས་རྒྱུད་གསུམ་ལས། རྒྱུ་རྒྱུད་ནི། འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས་མན་ངག་སྙེ་མ་ལས། དངོས་པོ་རྣམས་ཀྱི་སྟོང་བ་ཉིད་ཀྱི་ངོ་བོ་ནི། རང་བཞིན་དང་རྣམ་པ་ཞེས་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ནོ། ། དེ་རྒྱུ་སྟེ། ཉེ་བར་ལེན་པའི་བྱེད་པ་པོ་རྒྱུའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་བག་ཆགས་ཀྱི་དྲི་མས་མ་གོས་པ། ངོ་བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་དེ་ཁོ་ན་ནི། དྲི་མ་མེད་པ་ཉིད་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ། །ཞེས་པའི་དོན་ནི། ཞེས་གསུངས་ཏེ། འདིའི་རང་བཞིན་ནི་སེམས་རང་བཞིན་གྱིས་འོད་གསལ་བ་འཁོར་འདས་ཀུན་དུ་ཁྱབ་པ། རང་བཞིན་གྱིས་བདེ་བ་དང༌། རང་བཞིན་གྱིས་གསལ་བ་དང༌། རང་བཞིན་


TNT05_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་རྟོག་པ་སྟེ། ཁྱད་པར་གསུམ་དང་ལྡན་པ་ཡིན་པར་ཞལ་ལུང་གྲོལ་ཐིག་སོགས་ལས་ཀྱང་གསུངས་པ་བཞིན་ནོ། །དེའི་བདེ་བ་ནི་དགྱེས་རྡོར་ལས། །རང་དང་རང་གིས་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤད་པའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱིས་ཀྱང༌། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། ཞེས་པ་ལྟར་ཡིན་ལ། གསལ་བ་ཡང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་ཀྱི་ཡང་དག་རྟོན། ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་སངས་རྒྱས་ཐམས་ཅད་བཞུགས་པ་ནི་མཚོན་བྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དེ་དང་དེ་ལའང་རང་བཞིན་གྱིས་བཞུགས་ལ། རྒྱུད་དེ་ལས་མ་རྒྱུད་ཀྱི་དགོངས་དོན་དུ་མཛད་ནས། རྩ་འཁོར་ལོའི་འདབ་མ་རེ་རེ་ལ་ཡང་ལྷ་རེ་རེ་གནས་པའི་རྣམ་གཞག་དུ་མ་མཛད་པ་ཡིན་ནོ། །དཀྱིལ་འཁོར་གཅིག་གི་རྣམ་གཞག་ནི་མཚོན་བྱེད་དེ། མ་ལུས་པའི་ཤེས་བྱ་ཀུན་གྱི་གཟུགས་ཅན་ནོ། །མི་རྟོག་པ་ནི་གྲོལ་བའི་ཐིག་ལེ་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། ཞེས་གསུངས་པ་ལྟ་བུ་སྟེ། སྟོང་པའི་ཡེ་ཤེས་སོ། སྒྲོན་གསལ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ཞེས་འབྱུང་བ་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་འཆད་པའི་དོན་ཡིན་གྱི། སེམས་ཅན་དང་དེ་བཞིན་གཤེགས་པ་མིང་


TNT05_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་གྲངས་སུ་འཇོག་པ་མིན་པས། རྒྱུད་ཕྱི་མའི་འགྲེལ་པ་གསང་བའི་སྒྲོན་མེ་ཞེས་བྱ་བ། ན་རོ་པས་མཛད་པར་བརྫུ་བ་དེ་ལས། རྒྱུ་རྒྱུད་ཀྱི་མཚན་གཞི་རིན་པོ་ཆེའི་ལྟ་བུའི་གང་ཟག་ལ་ངོས་འཛིན་པ་ཡང༌། ཕྱོགས་གཅིག་ནས་བལྟས་ན་རུང་ཙམ་ཡིན་མོད། བཤད་པ་བཟང་པོ་མ་ཡིན་ ནོ། །ཡང་སྒྲོན་གསལ་ལས། རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱུན་ནི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་འབྱུང་བ་སྟེ། དེ་ཉིད་མི་ཕྱེད་པས་རྡོ་རྗེ་སྟེ་འོད་གསལ་བར་ཞུགས་ནས་གནས་སོ། །ཞེས་འབྱུང་བ་ལ། འགའ་ཞིག་སྐད་ཅིག་གིས་འཇིག་པ་དང་རྒྱུན་གྱི་རྟག་པའི་གཞི་མཐུན་པའོ་སྙམ་པ་ནི་མ་གོ་བ་སྟེ། འཁོར་བ་པའི་ལུས་ངག་ཡིད་གསུམ་མི་རྟག་པའི་མཚན་ཉིད་ཅན་དེ། འོད་གསལ་བའི་རྡོ་རྗེ་རྟག་པ་ལ་ཞུགས་ཏེ་གནས་ཞེས་པའི་དོན་ཡིན་པས་སྣང་ཚུལ་མི་རྟག་པ་དེ་གནས་ཚུལ་རྟག་པ་ལ་གནས་པའི་དོན་ཡིན་པས་ཆོས་ཉིད་དངོས་མེད་ཀྱི་རྟག་པར་འཆད་པ་ཡང་མིན་ལ། དངོས་པོ་སྐད་ཅིག་མར་འཆིང་བ་ཡང་མིན་ནོ། །དེ་ཉིད་ཀྱིས་ན་ཡེ་ཤེས་གྲུབ་པར། བདེ་ཆེན་མི་རྟག་མ་ཡིན་ཏེ། བདེ་བ་ཆེན་པོ་རྟག་ཏུ་རྟག། ཅེས་སོ། །དེ་བཞིན་དུ་སྤྱོད་བསྡུས་སྒྲོན་མེ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་འགྲོ་བ་ལས། ཁ་ཕྱིར་བལྟས་པ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་པ། མཆོད་ཏུ་བཟུང་བར་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་འདྲིས་པའི་སེམས་གང་ཡིན་པ་དེ། ངོ་བོ་ཉིད་ནི་རྩ་བ་མེད་པ་གནས་པ་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ༌། རྟོག་གེ་བ་རྣམས་ཀྱིས་སྤྱོད་ཡུལ་


TNT05_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའོ། །ཞེས་དང༌། བདེན་པར་ན་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ། སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའ་བའོ། །དེ་ལྟ་མོད་ཀྱི་སྣང་བ་ཙམ་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པར་གྱུར་པ་དང་ཐུན་མོང་དུ་གྱུར་པས་ཡང་ལྡང་བ་སྟེ། ཞེས་གསུངས་པས་མེད་པར་དགག་པ་ལས་ཆེས་རྟོགས་པར་དཀའ་ཞིང་ཆེས་སྤྲོས་པ་དང༌། མཚན་མ་ཞི་ལ། ཟབ་པ་དང་ཆོས་རྒྱ་ཆེ་བ་ཡིན་ནོ། །སྣང་བ་ཙམ་ནམ་མཁའ་དང་མཉམ་པ་ནི། རིག་པའི་གསལ་ཆ་མཁའ་ལྟར་མཐའ་ཡས་པའི་དོན་ཏེ། རིག་པ་རྩ་བའི་རྣམ་ཤེས་དེ་ཡང་དོན་དམ་པའི་ཡེ་ཤེས་དངོས་དང་འདྲ་རུང་བའོ། །ཡང་སྤྱོད་པ་བསྡུས་པའི་སྒྲོན་མར། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་སོགས་པར་བཤད་པའི་གསུང་རབ་ཀུན་ལས། བསྐལ་བ་བྱེ་བ་རྣམས་སུ་ཡང། དེ་ཉིད་བྲལ་ན་འགྲུབ་མི་འགྱུར། ཞེས་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ལ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང༌། ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱི། ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ། གང་གིས་དེ་ཉིད་མི་ཤས་པ། དེ་ཡི་ཐམས་ཅད་འབྲས་བུ་མེད། ཅེས་གསུངས་པས་སོ། །རྡོ་རྗེ་སློབ་མས་གསོལ་བ། དེ་ཁོ་ན་ཉིད་མི་ཤེས་པར་སངས་རྒྱ་བར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། ཡང་དེ་ཁོ་ན་ཉིད་ཅེས་བྱ་བའི་རང་གི་མཚན་ཉིད་གསུང་རབ་ཀྱི་སྒོ་ནས་ཉན་པར་འཚལ་ལོ། །གང་གི་ཕྱིར་ཐེག་པ་ཆེན་པོ་པ་དང༌། རྟོག་གེ་བ་ལ་སོགས་པ་རྣམས་ནི་དོན་འདི་ཉིད་ལ་གནས་ནས་རྣམ་པ་སྣ་ཚོགས་པས་དེ་ཁོ་ན་ཉིད་རྟོག་པར་བགྱིད་ན་དེ་རྣམས་བསྡུས་པར་བྱ་


TNT05_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། དེ་ཁོ་ན་ཉིད་ཅེས་འདི་གང་ཡིན་ལ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཡང་དག་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་དེ་ཇི་ལྟ་བུ་ལགས། སྨྲས་པ། གང་མི་བསླུ་བ་ཞེས་བྱ་བ་དེ་ནི་ཡང་དག་པ་ཞེས་ བྱའོ། །གསོལ་པ། མི་བསླུ་བ་ཞེས་པ་ཇི་ལྟ་བུ་ལགས། སྨྲས་པ། ཤིན་ཏུ་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་དེ་ནི་མི་བསླུ་བ་ཞེས་ བྱའོ། །གསོལ་པ། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་དེ་གང་ལགས། སྨྲས་པ། གང་བདེན་པ་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་དེ་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། གསོལ་པ། བཅོམ་ལྡན་འདས་བདེན་པ་གཉིས་ཞེས་བགྱི་བ་དེ་གང་ལགས། སྨྲས་པ། དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། གཉིས་པ་ནི་དོན་དམ་པའི་བདེན་པའོ། །ཞེས་དང༌། དེ་གཉིས་ཟུང་དུ་འཇུག་པར་འབྲེལ་བའི་རིམ་པ་འདི་ནི། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཅེས་བྱའོ། །ཞེས་གསུངས་ཏེ། ཏིང་ངེ་འཛིན་ཞེས་བྱ་བ་ཡང་རྩེ་གཅིག་པའི་ཤེས་པ་ལ་བྱ་ཡི། དམིགས་པས་གསར་དུ་བསྒྲུབས་པ་ལ་མི་བྱ་སྟེ། དེ་ནི་དངོས་པོའི་གནས་ལུགས་ཀྱི་དེ་ཁོ་ན་ཉིད་དུ་མི་རུང་བའི་ཕྱིར་རོ། །བདེན་གཉིས་ཟུང་འཇུག་ཅེས་པ་དེ་ཡང་རིམ་པ་ལྔ་པ་ཟུང་འཇུག་གི་རིམ་པ་ཁོ་ན་མ་ཡིན་དེ། གོང་གི་ཚིག་འཕྲོས་འབྲེལ་མེད་དུ་གྱུར་པའི་ཕྱིར་རོ། །དེས་ན་རྒྱུ་རྒྱུད་དུ་མིང་བཞག་པའི་ཆོས་ཉིད་དེ། གདོད་ནས་ཟུང་འཇུག་གི་ཡེ་ཤེས་ཡིན་པའོ། །བོད་ཀྱི་འཕགས་སྐོར་བ་རྣམས་ལས། རྗེ་འགོས་


TNT05_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདི་བཞེད་དེ། འགོས་ལུགས་ཀྱི་སྟོང་ཐུན་ལས། རྒྱུའི་རྒྱུད་ཀྱི་སྔགས་དང་ཐབས་ཀྱི་རྒྱུད་ཀྱི་སྔགས་དང༌། འབྲས་བུའི་རྒྱུད་ཀྱི་སྔགས་སོ། །དང་པོ་ལ་ངོ་བོ་ཉིད་ནི། སེམས་རང་བྱུང་གི་ཀུན་དུ་བཟང་པོ། དྲི་མ་དང་བཅས་ཙམ་ན་ཡང་དྲི་མའི་ངོ་བོར་མ་སོང་ཞིང་མ་གོས་པའི་རང་བཞིན་འོད་གསལ་བའི་ཤེས་པ། མྱོང་བར་རིག་པ། གསལ་བ་ས་བོན་ཐམས་ཅད་ པའོ། །ཞེས་འབྱུང་ཞིང༌། དེ་ཡང་རྟོག་བཅས་རང་བཞིན་བརྒྱད་ཅུ་དང༌། རྟོག་མེད་སྣང་བ་གསུམ་གྱི་མཚན་ཉིད་ཅན་དུ་འདོད་དོ། །མར་པ་ལོ་ཙཱ་བས་ཀྱང༌། འདི་སྐད་ཅེས། རྒྱུའི་རྒྱུད་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུད་དོ། །སྤྱི་མཐུན་ལ་ཁྱབ་པས་ཐུན་མོང་བ་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཁམས་རྒྱུད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ། གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པར་གནས་པ་སྟེ། །རང་བཞིན་གྱིས་ནི་འོད་གསལ་བ། །དེ་བཞིན་གཤེགས་པའི་སྙིང་པོ་ཅན། །ལུས་ཅན་ཀུན་ལ་གནས་པ་སྟེ། །གློ་བུར་དྲི་མས་སྦགས་གྱུར་པ། །ཞེས་པའི་དོན་ནོ། །ཐུན་མོང་མ་ཡིན་པའི་རྒྱུའི་རྒྱུད་ནི། རྒྱུ་སེམས་ཅན་གྱི་གནས་ལུགས་དང༌། ལམ་ཉམས་སུ་ལེན་པ་རྣལ་འབྱོར་བ་དང༌། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ལ། སྣང་བ་ཤེས་བྱ་ཐུན་མོང་དུ་གྱུར་པ་ལ་སྣང་ཚུལ་སོ་སོར་འཆར་ཏེ། རྒྱུ་སེམས་ཅན་ལ་འཁྲུལ་བའི་རྣམ་པར་འཆར་བ་དང༌། ལམ་རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བར་འཆར་བ་དང༌། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མི་ཟད་པ་རྒྱན་གྱི་འཁོར་ལོར་འཆར་བའོ། ཞེས་གསུངས་པ་འདུག་པ་ནི་དོན་ཤིན་ཏུ་བཟང་ལ། སློབ་རྒྱུད་


TNT05_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནི་ཅི་རིགས་པར་བཤད་དོ། །རྒྱུ་རྒྱུད་དེའི་བྱེད་ལས་ནི། རྒྱུད་ཕྱི་མ་ལས། ཨེ་མ་ཧོ་འཁོར་བ་དག་གི་རྒྱུན། ཨེ་མ་ཧོ་མཆོག་ཏུ་མྱ་ངན་འདས། ཞེས་གསུངས་ཏེ། འཁོར་བའི་གནས་ལུས་ལོངས་སྤྱོད་སྣ་ཚོགས་པ་དང༌། མྱང་འདས་ཀྱི་སྐུ་དང་ཞིང་ཁམས་མཛད་པ་སྣ་ཚོགས་པ་རྣམས་ཐམས་ཅད་ལ་རང་བཞིན་དབྱེར་མེད་ཟུང་འཇུག་འདི་ཞུགས་ནས། རྐྱེན་དང་རྗེས་སུ་མཐུན་པ་ཐམས་ཅད་འབྱུང་བ་ནི། ཤིན་ཏུ་ངོ་མཚར་བས་ཨེ་མ་ཧོ། ཞེས་གསུངས་སོ། །ཐོག་མ་མེད་པ་འཁོར་བའི་རྒྱུན་ཐམས་ཅད་འདི་ལས་བྱུང་ཡང་འཁོར་བའི་ཆོས་ཀྱིས་མ་གོས་ལ། ནམ་ཞིག་དྲི་མ་དེ་རྣམས་དག་ན། མྱ་ངན་ལས་འདས་པར་གྱུར་ཀྱང་གསར་ཐོབ་མ་ཡིན་ཏེ། གདོད་མ་ཁོ་ན་ལས་མ་འདས་པའོ། །འདི་འཁོར་འདས་འདུས་བྱས་ཀྱི་ཆོས་དངོས་སུ་བསྐྱེད་པའི་རྒྱུ་མ་ཡིན་ཡང༌། འདི་ཡོད་པ་ལས་དེ་དག་འབྱུང་བའི་ཕྱིར། སྐྱེད་རྒྱུ་དང་རྣམ་པ་མཚུངས་པའི་ཕྱིར་རྒྱུ་ཞེས་བྱའོ། །རྡོ་རྗེ་རྩེ་མོ་ལས་ཀྱང། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན༌། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་པ་དང༌། དེ་བཞིན་དུ་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌། མདོ་སྡེ་རྒྱན་ལས་ཀྱང། ཇི་ལྟར་ཆུ་རྙོག་པ་ལས་དང་པ་ན། །དངས་བ་དེ་ཉིད་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་པར་ཟད། དེ་བཞིན་རང་སེམས་དག་ལའང་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་དེ་ཉིད་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་


TNT05_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །དཔལ་ས་ར་ཧས་ཀྱང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྦྱིན་པར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང༌། ཆོས་དབྱིངས་བསྟོད་པ་ལས་ཀྱང༌། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོ། །དེ་ལས་འཁོར་བ་ཇི་ལྟར་འབྱུང་བའི་ཚུལ་ནི། རྩ་བའི་རྒྱུད་ལས། སྐུ་ནི་མི་འགྱུར་མ་སྐྱེས་ པ། །གསུང་དང་ཐུགས་ཀྱང་དེ་བཞིན་ཏེ། །ནམ་མཁའ་རྡོ་རྗེ་རྟོག་ལས་བྱུང༌། ལོག་པར་བཟུང་པས་ཟིན་པ་ཡིན། ཞེས་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། གང་འོད་གསལ་བ་ལས་བྱུང་བ་རྣམ་པར་ཤེས་པ་དེ་ཉིད་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་བདག་ཉིད་ཅན་ནོ། །དེ་ལས་རྟོག་པ་གཉིས་སུ་འགྱུར་ཏེ། བདག་དང་གཞན་དག་ཏུའོ། །རྣམ་པར་ཤེས་པ་དེའི་བཞོན་པ་རླུང་ངོ༌། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག་དང༌། ཡུལ་ལྔ་སྟེ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་དང་འདྲེས་པའོ། །ཞེས་གསུངས་ཏེ། སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་དེ་ཡོད་པའི་མཐུ་ལས། རྩ་བའི་རྣམ་ཤེས་ཞེས་བྱ་བ། རྟོག་མེད་ཀྱི་སྣང་བ་གསུམ་གཅིག་ཏུ་འདྲེས་པའི་སེམས་དེ་བྱུང་ལ། དེ་ལས་གཟུང་འཛིན་དུ་སྣང་བའི་ཡིད་ཀྱི་ཤེས་པ་རྟོག་


TNT05_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བྱུང་ནས། དེ་དག་གིས་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་སྐྱེད་པར་བྱེད་དོ། །དེ་ལ་བདག་ཏུ་སྣང་བའི་རྟོག་པ་ནི་ཉོན་མོངས་པའི་ཡིད་ཡིན་ལ། གཞན་དུ་སྣང་བའི་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལས་འབྱུང་བ་བཞི། དེ་ལས་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་རྣམས་འབྱུང་ངོ༌། །ཞེས་པའི་དོན་ཡིན་ཏེ། རང་བཞིན་ཟུང་འཇུག་དེ་ནི་རྟག་ཏུ་གནས་ཀྱང༌། ལམ་དང་འབྲས་བུའི་གནས་སྐབས་སུ་མ་གཏོགས། འཁོར་བའི་དུས་ན་མངོན་དུ་གྱུར་པ་མི་སྲིད་དེ། དེ་འདྲ་མངོན་སུམ་དུ་མཐོང་ན་ནི། རྡོ་རྗེ་འཛིན་པའི་གོ་འཕང་ཅི་དགར་ཐོབ་པར་འགྱུར་ལ། དེ་ཉིད་མ་རྟོགས་པས་འགྲོ་བ་སྣ་ཚོགས་སུ་འཁྱམས་པ་ཡིན་ནོ། །དེ་ལྟར་ཡང༌། བཤད་རྒྱུད་དགོངས་པ་ལུང་སྟོན་ལས། །ཕྱི་མའི་མཐའ་གང་སྟོན་པ་གཅིག།སྔོན་གྱི་མཐར་ཐུག་དེ་བཞིན་ཏེ། །སེམས་དེ་མངོན་དུ་བྱས་ནས་ནི། །ཅི་དགའ་བར་ནི་བྱ་བ་ཡིན༌། །སེམས་ནི་དེ་ཡིས་མ་མཐོང་བས། །ལྟ་བ་སོ་སོར་གྱུར་པ་ཡིན། །དེ་བས་དེ་རྣམས་འཁོར་བ་རུ། འགྲོ་བ་དྲུག་གི་མིང་དུ་འགྱུར། །དེས་ན་ཚངས་པ་ཁྱབ་འཇུག་དང༌། །དབང་ཕྱུག་ཆེ་ལ་ཀུན་དུ་ བརྟེན། །ཟླ་བ་ཉི་མ་བྱ་བ་ཡི། །ཀུན་དུ་སྤྱོད་པ་དེ་རྣམས་བྱེད། །སུམ་ཅུ་རྩ་གསུམ་པར་བཤད་དང༌། །དགའ་ལྡན་གྱི་ནི་གནས་དག་དང༌། །དེ་བཞིན་གཞན་དག་དམྱལ་བར་ཡང༌། །ལྟ་བས་སྐད་ཅིག་དག་གིས་འགྲོ། །ཡི་དྭགས་སུ་ཡང་འགྲོ་བ་དང༌། །འགྲོ་བ་སྣ་ཚོགས་དག་ཏུ་འགྲོ །གང་ཚེ་མ་རིག་ཀུན་བརྟེན་པས། །བདག་ཉིད་ཀྱང་ནི་མི་ཤེས་སོ། །འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བརྟགས་འདི་གནས་པས། །དེ་ནས་རླུང་ལས་བྱུང་བས་ཏེ། །རླུང་ལས་སླར་


TNT05_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འགག་པ་ཡིན། ཉིན་དང་མཚན་མོའི་ཆ་ཡིས་ཀྱང། །རང་གི་རྣམ་པར་རྟོག་པར་ལྟུང༌། །དེ་ནས་འཁོར་བས་སྐྲག་བཞིན་དུ། །སྣ་ཚོགས་འགྲོ་བར་དེ་དག་འགྲོ ། མི་རྟོག་པ་ཡི་སེམས་དེ་ནི། །འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང༌། །དེ་ནི་ཕྱིན་ཅི་ལོག་གྱུར་པས། ཁྱི་དང་ཅེ་སྤྱང་གླང་པོ་དང༌། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། །དེ་བཞིན་དུ་ནི་ཕག་ཉིད་དང༌། །མི་ཡི་རིགས་ནི་སྨིག་མཁན་དང༌། སྨྲེ་ཤ་ཅན་དང་རིགས་ངན་དང༌། །བཟའ་དང་མི་བཟའ་བྱ་ཀུན་དུ། །བྱང་ཆུབ་སེམས་དེ་སྐྱེ་བར་འགྱུར། །བྲམ་ཟེ་ལ་སོགས་འཇིག་རྟེན་ཤེས། བྱང་ཆུབ་སེམས་ལས་བྱུང་བར་གྱུར། །ཕུང་སོགས་དངོས་པོ་མེད་འགྱུར་ལ། །རང་གིས་མྱོང་བ་ཤེས་པར་འགྱུར། །དེ་ནི་འཇིག་རྟེན་ཤེས་ཞེས་བཤད། །ཀུན་མཁྱེན་པ་ཡི་བྱང་ཆུབ་སེམས། །ཉེས་པར་དམིགས་པའི་སྦྱོར་བ་ཡིས། །སངས་རྒྱས་སུ་འདི་འབྱུང་བ་སྟེ། །སྒྱུ་མ་ལྟ་བུའི་རང་བཞིན་ཉིད། །ཚིག་ཏུ་བརྗོད་པ་ཙམ་དུ་འགྱུར། ཞེས་གསུངས་ཏེ། སེམས་དེ་ལ་བཞག་པའི་བག་ཆགས་ཀྱི་དབང་ལས། རླུང་གིས་བསྐྱོད་ནས་འགྲོ་བ་སོ་སོར་ཉིང་མཚམས་སྦྱར་ཏེ། འགྲོ་བ་སོ་སོའི་གཟུགས་འཛིན་པར་གྱུར་པ་ན་རྩ་བར་གྱུར་ཞིང༌། བྱེད་པ་པོ་དང་མཚུངས་པར་སྤྱོད་པའི་རླུང་སེམས་དེ་ནི་མི་མཐོང་སྟེ། དེའི་ཕྱིར་འགྲོ་བ་དྲུག་གི་མིང་གིས་བཏགས་ནས་རླུང་སེམས་དེ་ལ་འབོད་པར་བྱེད་དོ། སེམས་དེ་བདེ་གསལ་མི་རྟོག་པ་གསུམ་ལ་ཚངས་པ་སོགས་ལྷ་གསུམ་དུ་རྟོག་པ་དང༌། རོ་རྐྱང་གི་རླུང་ལ་ཉི་ཟླ་དང་ཉིན་མཚན་དུ་རྟོག་ཅིང༌། འགྲོ་བ་དྲུག་ཏུ་གཟུགས་སྣ་ཚོགས་པ་འཛིན་པས་འཁྱམས་པར་འགྱུར་ལ། ཕུང་པོ་རྣམས་དངོས་པོ་དང་བྲལ་བ་སྒྱུ་མ་ལྟ་


TNT05_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཤེས་པས་བག་ཆགས་དང་རླུང་རྣམ་པར་དག་སྟེ། བྱང་ཆུབ་ཀྱི་སེམས་འབའ་ཞིག་པར་གནས་པ་ན་གྲོལ་བ་འཐོབ་པ་ཡིན་ནོ། །དེ་ནི་སེམས་ཀྱི་འཁོར་བའི་རྒྱུ་ཚུལ་སྤྱིར་བསྟན་པ་ཡིན་ལ། བྱེ་བྲག་ཏུ་མངལ་སྐྱེས་ཀྱི་འཁོར་བ་འཇུག་ཚུལ་ནི། རྣམ་གཞག་རིམ་པ་ལས་ཅི་རིགས་པར་གསུངས་ལ། རྒྱུས་པར་རྡོ་རྗེ་འཕྲེང་བ་ལས། ཟླ་བ་བཅུ་དང་ཁྱབ་འཇུག་གི་འཇུག་པ་བཅུ་སྦྱར་བའི་ཚུལ་གྱིས་མངལ་དུ་ལུས་འགྲུབ་ཚུལ་རྒྱས་པ་དང༌། གྲུབ་ཟིན་པའི་རྗེས་སུ། ཇི་ལྟར་གནས་པའི་ཚུལ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་གཞག་པ་དང་བཅས་པ་ཤིན་ཏུ་རྒྱས་པར་གསུངས་ཤིང༌། གཞུང་དེར་འཐོར་ཐབས་མ་ཡིན་པ་ཕྱོགས་གཅིག་ཏུ་གསུངས་པས་རྙེད་སླ་བ་ཉིད་ཀྱིས་དང༌། འདིར་ཡི་གེ་མང་པར་འགྱུར་བའི་ཕྱིར་མ་བཀོད་དོ། །རྒྱུད་འདི་ལས། ཡང་དག་ཤུགས་དང་ཤིན་ཏུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །ཞེས་པ་ལ་སོགས་པ་འཁོར་ལོ་དྲུག་གི་རྩ་འདབ་ཀུན་ལ་མིང་གསུངས་ཏེ། དེ་དག་རེ་རེ་ལ་བརྟེན་ནས་གནད་དུ་བསྣུན་པའི་ཐབས་དང༌། དེ་ལས་ཉམས་མྱོང་ཇི་ལྟར་སྐྱེ་བའི་ཚུལ་དང༌། དེ་དག་ལ་བརྟེན་ནས་གེགས་སེལ་བ་དང་བོགས་འདོན་པའི་རྣམ་པར་གཞག་པ་དུ་མ་ཞིག་རྩའི་མིང་ལ་བརྟེན་ནས་རྟོགས་དགོས་པ་ཞིག་ཡིན་འདུག་ཅིང༌། དེ་ལྟར་རྟོགས་ན་མིང་དེ་དག་གནད་ཆེ་བ་ཞིག་ཡིན་འདུག་ནའང༌། ད་ལྟར་འདི་ན་དེ་ལྟ་བུ་བཤད་པ་གང་ཡང་མི་སྣང་པས། དེང་སང་གི་བཤད་ཚུལ་ལ་མིང་ཙམ་གནད་ཆུང་ ངོ༌། །མིང་བཏགས་པའི་དགོས་པ་དེ་ལྟར་ཡིན་པ། རྒྱུད་འདི་ཉིད་ལས་རྩ་འགའ་ཞིག་ལ་ཉམས་སྐྱེ་ཚུལ་ཟུར་ཙམ་གསུངས་པས་མཚོན་ནོ། །ཡང་འདི་ཉིད་ལས། ཀུན་གཞི་


TNT05_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་རྣམ་ཤེས་སྐྱེ། ཞེས་དང༌། ཀུན་གཞི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པའི་རྒྱུད་ནི་སྐྱེ། །ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་གཅིག་ལ་ཡང་དག་འགྲོ། །ཞེས་གསུངས་ཏེ། ཉིང་མཚམས་སྦྱོར་བ་ཀུན་གཞི་རྣམ་ཤེས་ཡིན་པར་གསལ་བར་བཤད་པས། གང་དག་ཚོགས་དྲུག་ལས་གཞན་པའི་ཀུན་གཞི་མི་འདོད་པར་རང་ལུགས་སུ་བྱེད་པའི་གྲུབ་མཐའ་དེ་སྐབས་སུ་བབ་མ་བབ་ཀྱི་དབྱེ་བ་མེད་པར་ཐམས་ཅད་དུ་འཁྱེར་པ་ནི་ཧ་ཅང་ཐལ་བའོ། །མདོར་ན་སེམས་རང་བཞིན་གྱིས་འོད་གསལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་རྒྱུད་དངོས་དང༌། རྩ་བའི་རྣམ་པར་ཤེས་པ་རྒྱུ་དངོས་ཡིན་ལ། ཇི་སྲིད་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཁོར་བའི་ཆོས་མ་ལུས་པ་ཐམས་ཅད་ཀྱང༌། རྣལ་འབྱོར་པས་ལམ་དུ་ཁྱེར་ན། སངས་རྒྱས་ཐོབ་པའི་རྒྱུ་དང་ཏིང་ངེ་འཛིན་གྱི་རྐྱེན་དུ་མ་གྱུར་པ་གང་ཡང་མེད་ཅིང༌། དེའི་ཕྱིར་རྒྱུའི་རྒྱུད་ཀྱི་རྣམས་གྲངས་སུ་ཡང་བཤད་པ་ཡིན་ནོ། །ཐབས་ཀྱི་རྒྱུད་ལ་འཇུག་པའི་རིམ་པ་ནི་འདི་ཡིན་ཏེ། བླ་མ་དམ་པ་མཉེས་པར་བྱ་བ་ལམ་གྱི་རྩ་བར་བཞག།སློབ་མ་སྣོད་དུ་སྒྲུབ་པ་དབང་དང་དམ་ཚིག་བཤད། དེ་ལ་གནས་ནས་ལམ་རིམ་པ་གཉིས་སྒོམ་པ་སྟེ་གསུམ་མོ། །དང་པོ་ནི། ལེའུ་བཅུ་བདུན་པ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་ཤིང༌། སློབ་དཔོན་དང་སློབ་མའི་མཚན་ཉིད་སོགས་རྡོ་རྗེ་འཕྲེང་བ་ལས་ཀྱང་གསུངས་མོད། དེ་དག་ནི་སྤྱི་དང་མཚུངས་ལ། རྒྱུད་དེ་ལས། དེ་བཞིན་དུ་ནི་སློབ་མ་ཡང༌། །ལོ་ནི་བཅུ་གཉིས་བར་དུ་


TNT05_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག།ཅེས་སོགས་དཔོན་སློབ་ཀྱི་འབྲེལ་བ་བརྟག་ཚུལ་དུས་དང་བཅས་པ་གསལ་བར་གསུངས་སོ། །སློབ་དཔོན་རྡོ་རྗེ་འཆང་དང་མཉམ་པར་བལྟ་བ་ནི། ལམ་ཟབ་མོ་བླ་མའི་རྣལ་འབྱོར་དུ་གྲགས་པ་དེ་ཡིན་ལ། དེ་ཡང་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་གནས་པས་ནི། རྡོར་འཕྲེང་ལེའུ་དྲུག་ཅུ་རྩ་བཞི་པ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་པ་ནས། ལྷ་ཡི་མཆོད་པའི་ཡོ་བྱད་ཀྱི། །རབ་ཏུ་འབད་དེ་བླ་མ་བསྟེན། །ཞེས་པའི་བར་གྱིས་གསུངས་པ་ལྟར། །སློབ་དཔོན་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་འཁོར་ལོ་རགས་པར་ཤེས་དགོས་པ་དེ་ཡིན་ལ། ལུས་དབེན་དང་རྡོ་རྗེའི་བཟླས་པ་ཙམ་ལ་གནས་པས་ནི། རྡོར་འཕྲེང་ལེའུ་ཉེར་དྲུག་པ་དང་ཉེར་བདུན་པར་བཤད་པ་བཞིན་དུ། སློབ་དཔོན་གྱི་རྩ་ཁམས་ཕྲ་མོ་རྣམས་ཀྱང་གསལ་སྟོང་གི་ལྷ་བརྒྱ་ཉི་ཤུ་རྩ་བཞི་ལ་སོགས་པའི་རང་བཞིན་དུ་ཤེས་པ་དང༌། སེམས་དབེན་ལ་གནས་པས་ནི་དེའི་སྟེང་དུ་ཡང་ཆོས་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིནདུ་མཁྱེན་པ་ལ་ངེས་པ་རྙེད་པའི་མོས་གུས་དང༌། སེམས་དབེན་མཐར་ཐུག་པ་ཡན་ཆད་ནས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་ པོ་ཉིད་རྩ་བའི་བླ་མ་དང་གཉིས་སུ་མེད་པར་རིག་པའི་མོས་གུས་དགོས་པ་ཡིན་ཏེ། དེ་དག་ཀྱང་དབང་བསྐུར་བ་མ་ཐོབ་པའི་སྔོན་རོལ་ནས་བསྒོམ་དགོས་པ་མ་ཡིན་ཏེ། བཞི་པོ་དེ་དག་རིམ་ཅན་དུ་དབང་བཞི་དང་འབྲེལ་བ་ཡང་ཡིན་ནོ། །གཉིས་པ་ནི། འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་དམ་ཚིག་ཆེན་པོ་བཞི་གསུངས་ཏེ། མཐོ་རིས་ཀྱི་རྒྱུ་ཡང་དག་ལྟ་བའི་དམ་ཚིག །ཐར་བའི་སྒོ་སྐྱབས་འགྲོའི་དམ་ཚིག །ཐེག་


TNT05_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་འཇུག་པ་དམ་ཚིག་ཏུ་སེམས་བསྐྱེད་པའི་དམ་ཚིག།རིག་འཛིན་དུ་བྱེད་པ་དབང་བསྐུར་བའི་དམ་ཚིག་སྟེ་བཞི་རིམ་ཅན་དུ་བསླབ་པའམ། དབང་བསྐུར་ཁོ་ནས་ཀྱང་ཀུན་གྱི་དོན་འགྲུབ་སྟེ། དེའི་ཕྱིར་དབང་བསྐུར་པ་དགོས་སོ། །རྡོར་འཕྲེང་ལས། དབང་བསྐུར་བ་ནི་གཙོ་བོ་ སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་ ཀྱི། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར༌། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། སློབ་དཔོན་སློབ་མ་མཚུངས་པར་ནི། མི་བཟད་དམྱལ་བ་ཆེན་པོར་འགྲོ། །དེ་ཕྱིར་ཡང་དག་བླ་མ་ནི། །རབ་ཏུ་གུས་པས་བསྙེན་བཀུར་བྱ། ། ཞེས་རིམ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་ངེས་པར་དབང་བསྐུར་བ་སྔོན་དུ་འགྲོ་དགོས་སོ། །དབང་གི་ཆོ་གའི་རིམ་པ་ནི། རྡོ་རྗེ་འཕྲེང་བའི་ལེའུ་ལྔ་བཅུ་ང་བཞི་པ་ལས། ཤིན་ཏུ་ཞིབ་ཅིང་གསལ་བར་གསུངས་ཏེ། དེའི་མདོར་བསྟན་ནི་ཇི་སྐད་དུ། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། རྣམ་པ་ཉི་ཤུའི་མིང་ཙམ་ ནི། །སློབ་དཔོན་ལས་སུ་ཡང་དག་བཤད། །སྔགས་ཀྱི་རྣལ་འབྱོར་ལས་རྒྱས་ པ། །སྔོན་དུ་བསྙེན་པ་ས་སྦྱང་དང༌། །འབྱུང་པོ་བསྐྲད་པ་ཉིད་དང་ནི། །ས་བཟུང་ཉིད་དང་ཐིག་སྐུད་ནི། །སྦྱང་དང་ལྷག་པར་གནས་པ་དང༌། །བགེགས་བསྐྲད་དེ་བཞིན་དཀྱིལ་འཁོར་གྱི། །ཐིག་ནི་རབ་ཏུ་གསལ་བ་དང༌། །ཕུར་བུའི་ཡང་དག་གདབ་པ་དང༌། །བུམ་པ་བྱིན་གྱིས་རླབས་པ་དང༌། །བཅོམ་ལྡན་འདས་ཀྱི་ལྷག་གནས་དང༌། །ཁྲུས་དང་རབ་ཏུ་སྦྱང་བ་དང༌། །མཆོད་པར་རབ་གནས་


TNT05_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དང༌། སློབ་མ་ལྷག་པར་གནས་པ་དང༌། །མེ་ལ་སྦྱིན་སྲེག་ཆོ་ག་བཞིན། །དབང་བསྐུར་བ་དང་གཤེགས་སུ་གསོལ། དེ་ལྟར་ཆོ་ག་ཉི་ཤུའི་ལས། །གང་གིས་ཤེས་དེ་འགྲོ་བའི་བླ། ཞེས་གསུངས་ཤིང༌། ཡང་ཡི་གེ་གསུམ་ཟློས་པ་ལ་ཞེ་ན། རྡོ་རྗེ་ཐེག་པ་ལྷག་པར་གྲོལ། ཞེས་སོགས་སློབ་དཔོན་སྤྱིའི་མཚན་ཉིད་དང༌། དགེ་སློང་རྡོ་རྗེ་འཛིན་པས་ བྱ། །བདུད་ལ་སྡིགས་འཛུབ་དེ་ནི་མཆོག།ཅེས་དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཏུ་ཡང་བཤད་དོ། །དབང་གི་གྲངས་ནི། རྡོ་རྗེ་འཕྲེང་བ་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། ཡེ་ཤེས་ཐིག་ལེ་རྣམས་མཚུངས་པ་ཡིན་ཏེ། ཕྱག་ཆེན་ཐིག་ལེ་ལས། སློབ་དཔོན་དབང་ནི་བཅུ་གཅིག་ཕྱེས། །གསང་བའི་དབང་ནི་བཅུ་གཉིས་མཆོག།ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་བཞིན་བཅུ་བཞི་ པ། །དབང་རེ་ལ་ནི་ས་རེ་སྟེ། །དེ་རྣམས་ས་ཡི་དབང་ཕྱུག་བདག།ཅེས་གསུངས་ལ། སློབ་དཔོན་གྱི་དབང་བཅུ་གཅིག་གི་གྲངས་འདྲེན་ཚུལ་ནི། འཕྲེང་བ་དང་ཐིག་ལེའི་རྒྱུད་གཉིས་ཅུང་ཟད་མི་འདྲའོ། །རྒྱུད་དེ་གཉིས་སུ་དབང་བཞི་པ་ཡང་ཅུང་ཟད་མི་འདྲ་སྟེ། ཐིག་ལེའི་རྒྱུད་དུ། དེ་ལྟར་དེ་བཞིན་བཅུ་བཞི་པ། ཞེས་བཞི་པ་ལ་ཀུན་རྫོབ་དོན་དམ་མམ། དཔེ་དོན་གྱི་དབང་གཉིས་ཀ་གསུངས། འཕྲེང་བ་ལས་ནི། བཞི་པ་དོན་ནི་དམ་པའོ། །ཞེས་དང༌། བཅུ་བཞི་པ་ནི་དོན་དམ་སྟེ། ཞེས་བཞི་པ་དོན་དམ་ཉིད་དུ་གསུངས་ཤིང༌། སློབ་དཔོན་རྡོ་རྗེ་དྲིལ་བུ་བས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་མཛད་པ་ཡང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ཉིད་ལ་བརྟེན་ནས་མཛད་དོ། །འཕགས་ལུགས་ཉིད་ཀྱི་དབང་ཆོག་ནི། འཕྲེང་བར་གསུངས་པ་དང་རྣམ་གཞག་ཅུང་ཟད་


TNT05_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་སྟེ། ཀླུའི་བྱང་ཆུབ་ཀྱི་དཀྱིལ་ཆོག་ཉི་ཤུ་པའི་ལུགས་ལ། སྡོམས་ནི། ས་ནི་སྦྱང་དང་བཟུང་བ་དང༌། །བགེགས་ཞི་བ་དང་ཐིག་གདབ་དང༌། །ལྷག་གནས་གསོལ་བ་གདབ་པ་དང༌། སློབ་མ་སྟ་གོན་ཡེ་ཐིག་གདབ། །རྡུལ་ཚོན་སྒྲུབ་དང་རྡུལ་ཚོན་དགྱེ། །ལྷ་ནི་སྤྱན་དྲངས་དཀྱིལ་འཁོར་གཞུག ཁྲུས་དཀྱིལ་འཆའ་དང་སངས་རྒྱས་དབང༌། །ཕྱག་མཚན་དབང་དང་ལྷ་ལ་མཆོད། །སློབ་དཔོན་ཡོན་འབུལ་རྗེས་གནང་དང༌། །ཉེར་བསྡུ་ཕུར་སྐུད་བསྡུ་པའོ། ཞེས་པ་ལྟར་ཆོ་ག་ཉི་ཤུའི་རྣམ་གཞག་སྔར་དང་མི་འདྲ་བར་མཛད་ཅིང༌། བུམ་དབང་གི་དབྱེ་བ་ཡང་ཇི་སྐད་དུ། འཕྲེང་བ་ཆུ་དང་རྫོགས་སངས་རྒྱས། རྡོ་རྗེ་དྲིལ་བུ་མེ་ལོང་དང༌། །མིང་དང་སློབ་དཔོན་རྗེས་གནང་སྟེ། །འདི་ནི་དབང་གི་རིམ་པའོ། །ཞེས་བུམ་དབང་དགུར་བསྡུས་ལ། ཟུང་འཇུག་གསལ་བ་ཡང་ཕལ་ཆེར་དེའི་རྗེས་སུ་འབྲངས་པ་སྟེ། རྗེས་གནང་གི་དོད་ལ་མཚན་མའི་དབང་ ངོ༌། །དེར་རྗེས་གནང་སོགས་མཐའ་བསྟེན་བཞི་ཀར་བྱས་མོད། ལོགས་སུ་མི་འདྲེན་པས་དབང་དགུའི་གྲངས་དང་མི་འགལ་ལོ། །སྤྱིར་ན་དབང་ཆོག་དེར་དེ་དག་གི་སྟེང་དུ། དབང་གོང་མ་གསུམ་བསྣན་པས་དབང་གི་རྣམ་གྲངས་བཅུ་དྲུག་ཡོད་དོ། །ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་དབང་ཆོག་གིས་ཀྱང༌། བུམ་དབང་ལ་རྣམས་གྲངས་བཅོ་ལྔ་ཙམ་འཆད་ཀྱང༌། དམ་ཚིག་གསུམ་དང༌། བརྟུལ་ཞུགས་དང༌། ལུང་བསྟན་དང༌། དབུགས་དབྱུང་སྟེ་དྲུག་པོ་སློབ་དཔོན་གྱི་དབང་དུ་བསྡུས་ནས། དགུའི་གྲངས་ཀླུ་བྱང་དང་མཐུན་ལ། ཚིག་ནི་ཤིན་ཏུ་མི་འདྲའོ། །རྡོ་རྗེ་གདན་གྱི་ནག་པོ་བས་མཐའ་བསྟེན་རྣམ་གྲངས་དུ་མ་མཛད་པ་ལ། རྩ་


TNT05_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་དགུར་བསྡུས་པ། མིང་འདོགས་ཀླུ་བྱང་གི་དེ་དང་ཕལ་ཆེར་མཐུན་པ་ལ་ཆོ་གའི་ངོ་བོ་དབང་ཆོག་སྤྱི་དང་མཐུན་པ་ཞིག་མཛད་དོ། །ཐུན་མོང་གི་དབང་དགུར་མིང་མཐུན་པ་ནི། རིམ་ལྔ་དང་སྤྱོད་བསྡུས་ལས། དགུ་པོའི་མིང་གསལ་བར་གསུངས་པས་དེའི་དབང་དུ་བྱས་པར་སྣང་ལ། ཆོ་ག་མི་འདྲ་བ་ནི་བླ་མ་སོ་སོའི་མན་ངག་གོ །ཀླུ་སྒྲུབ་ཀྱིས་མཛད་པར་འདོད་པའི་དཀྱིལ་ཆོག་འདི་ཡང་ལོ་ཙ་བ་རིན་ཆེན་བཟང་པོ་དང༌། རོང་པ་འགར་དགེ་དང༌། མར་པ་ལོ་ཙཱ་བ་དང༌། བ་རི་ལོ་ཙཱ་བ་སོགས་བརྒྱུད་པ་ཐ་དད་པའི་ལོ་ཙཱ་བ་མང་པོ་མཐུན་པར་ལག་ལེན་བྱེད་པའི་ཕྱིར། རྒྱ་གར་ལས་བྱུང་ངེས་པ་ཞིག་ཡིན་པར་བྱེད་དགོས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ནི་མ་ཡིན་པར་ངེས་སོ། སྒྲོན་གསལ་གྱི་དབང་གི་ཆོ་གའི་བཤད་པ་རྣམས་ནི། སློབ་དཔོན་ཀ་མ་ལ་བུདྡྷིའི་དཀྱིལ་ཆོག་གི་རྗེས་སུ་འབྲངས་པའོ། །ཞེས་ཐུགས་རྗེ་དཔལ་གྱིས་བཤད་དོ། །དེ་ལྟར་དབང་བསྐུར་བས། རྒྱུད་སྣོད་རུང་དུ་བསྒྲུབས་ཟིན་པའི་སློབ་མ་ལའང༌། དབྱེ་ན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་ལྔར་གསུངས་པའི་ཙན་དན་ཨུཏྤལ་པད་དཀར་ལྟ་བུ་གསུམ་ནི། རིག་པའི་དབང་ཡན་ལག་དང་བཅས་པས་རྗེས་སུ་བཟུང་ཞིང༌། བསྐྱེད་རིམ་དངོས་བཤད་པའི་སྣོད་ཡིན་ལ། པདྨ་དམར་པོ་ལྟ་བུ་ནི། གསང་དབང་དང་ཤེར་དབང་ཙམ་པོས་རྗེས་སུ་གཟུང་དགོས་ཤིང༌། ཟབ་མོ་བསྐྱོད་རིམ་མམ། མཚན་བཅས་ཀྱི་རྫོགས་རིམ་གྱི་སྣོད་ཡིན་པ་དང༌། རིན་པོ་ཆེ་ལྟ་བུ་ནི་དབང་བཞི་ཡོངས་སུ་རྫོགས་པས་རྗེས་སུ་བཟུང་དགོས་ཤིང༌། རྫོགས་པའི་རིམ་པ་མཐའ་དག་བཤད་པར་བྱ་བའི་ཡུལ་ལོ། །གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི་བྷ་


TNT05_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གའི་དཀྱིལ་འཁོར་ཞེས་གྲགས་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཕྱག་རྒྱ་ཐམས་ཅད་རྒྱས་བཏབ་བོ། །དེ་ནི་རྟག་པར་རྒྱ་དགོད་པ། །དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན། །ཞེས་འབྱུང་སྟེ། བྱང་ཆུབ་སེམས་ལ་ནི་ཀུན་རྫོབ་དང་དོན་དམ་གཉིས་སུ་འབྱེད་ཅིང༌། ལུས་ཞེས་པ་བུམ་དབང་གི་དཀྱིལ་འཁོར་ནི། རྡོ་རྗེ་སློབ་དཔོན་གྱི་ལུས་དཀྱིལ་ཁོ་ན་ལ་མི་ཟེར་བར་དབྱིབས་བཀོད་པ་ཅན་གྱི་གཟུགས་སུ་གྲུབ་པའི་དོན་ཉིད་ཀྱི་ཕྱིར། ནང་གི་ལུས་དཀྱིལ་དང་ཕྱི་དཀྱིལ་གཉིས་ཀར་ལུས་དཀྱིལ་ཡིན་ལ། ཡིད་ཀྱིས་བསྒོམས་པའི་དཀྱིལ་འཁོར་དག་སྤྲུལ་བའི་དཀྱིལ་འཁོར་ཡང་ཕྱི་ནང་གི་གཟུགས་དེ་དག་དང་རྣམ་པ་འདྲ་བར་འབྱུང་བའི་ཕྱིར། དེའི་ཁོངས་སུ་བསྡུ་སྟེ། ཀླུ་བྱང་གིས་ཇི་སྐད་དུ། སློབ་མའི་དོན་ཀུན་སྒྲུབ་པ་ཡི། །དཀྱིལ་འཁོར་རྣམ་པ་བརྒྱད་ནི་བྲི། །རིན་ཆེན་ས་བོན་དེ་བཞིན་ཁམས། །མེ་ཏོག་དེ་བཞིན་བྱེ་མ་དང༌། །གཡའ་དང་ཕྱེ་མ་རྣམས་ཀྱིས་ཏེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་བརྡུངས་མའང་དགོད་པར་བྱ། ཞེས་གསུངས་པས་བདུན་ནི་རྡུལ་ཚོན་ལས་ཕྱེ་བ་དང༌། བརྒྱད་པ་ཡང་དེ་དང་རྗེས་སུ་མཐུན་པ་ཡིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་དེ་བརྒྱད་པོ་ལ། ས་བོན་དང་ཕྱག་མཚན་དང་ཞལ་ཕྱག་ཅན་དགོད་པའི་དབྱེ་བས་དཀྱིལ་འཁོར་ཉི་ཤུ་རྩ་བཞིར་འགྱུར་ལ། ཡིད་ཀྱི་དཀྱིལ་འཁོར་དེ་ཡང་རིག་མཐོང་གི་མཚན་མ་རྙེད་པ་ལྟ་བུའི་གསལ་སྣང་ཐོབ་ན་མཆོག་ཡིན་མོད་མཐའ་གཅིག་ཏུ་དགོས་པ་མ་ཡིན་


TNT05_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། རིམ་པས་དེ་དང་དེ་གསལ་སེང་ངེ་བ་བསྒོམ་ནུས་པས་ཆོག་གོ །སྤྲུལ་པའི་དཀྱིལ་འཁོར་ལ་ཡང་མཆོག་གི་དངོས་གྲུབ་ཐོབ་པ་ངེས་པར་དགོས་པ་ནི་མ་ཡིན་ལ། དེར་མ་ཟད་ཐུན་མོང་གི་གྲུབ་པ་ཆེན་པོ་ཡང་གྲུབ་མི་དགོས་ཏེ། དངོས་གྲུབ་འགྲུབ་རུང་གི་སྒྲུབ་པ་པོས་ཀྱང་སྤྲུལ་ནུས་པ་སྲིད་དེ། འོན་ཀྱང་སྤྲུལ་པའི་དཀྱིལ་འཁོར་ལ། བླ་མས་སྤྲུལ་པའི་དཀྱིལ་འཁོར་དེ་སློབ་མས་མཐོང་ནུས་པ་དང༌། ཡིད་ཀྱི་དཀྱིལ་འཁོར་ལ་རྣམ་པ་དེ་གསལ་ཐེབས་པ་ནི་དགོས་ཤིང༌། དེའི་ཚེ་ཡིད་ཀྱི་དཀྱིལ་འཁོར་ཁོ་ནས་ཀྱང་མ་སྨིན་པ་སྨིན་པར་བྱེད་པའི་དཀྱིལ་འཁོར་ལེགས་པར་འགྲུབ་ལ། སྨིན་ཟིན་གོང་ནས་གོང་དུ་འཕེལ་བར་བྱས་པ་ལ་ནི། ལྷག་པར་མོས་པའི་དབང་ལས་འགྲུབ་པའི་ཕྱིར། གསལ་སྣང་མ་གྲུབ་པས་ཀྱང་ངོ༌། གྲུབ་པ་རྣམས་ཀྱི་སྤྱཽད་ཡུལ་ལ་ནི། འདི་དག་འབྱུང་བའང་ཡོད་མོད་ཀྱི། མཐའ་གཅིག་ཏུ་མ་ངེས་པས་རྡུལ་ཚོན་ལྟ་ ཞོག།ཡིད་ཀྱིས་བསྒོམ་པའམ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ཡང་དབང་བསྐུར་བར་མ་ངེས་ཏེ། རྒྱུད་ཕྱི་མ་ལས། དཀྱིལ་འཁོར་དང་ནི་དབང་བསྐུར་དང༌། ལས་མཆོག་གི་ནི་ཚོགས་རྣམས་དག།ཉམས་སུ་ལེན་ཞིང་བྱིན་རློབ་པ། ། གྲུབ་པའི་བགྲོད་པ་གཞན་ཡིན་ནོ། །ཞེས་གསུངས་པས་སོ། །འདི་ནི་རྗེ་ས་སྐྱ་པནྚི་ཏ་གསང་སྔགས་ལ་ཡང་སྔོན་གྱི་ཆོ་ག་དང༌། ད་ལྟར་གྱི་ཆོ་ག་གཉིས་འབྱུང་ངོ་ཞེས་འཆད་པའི་ཁུངས་ཤིན་ཏུ་གསལ་བ་ཡིན་པས་ན། ད་ལྟར་ཁ་ཅིག་འདི་སྐད་ཅེས། ཁ་ཅིག་སྔགས་ལ་སྔོན་ཆོག་ད་ཆོག་འཆད། རྒྱུད་དང་འཕགས་ཡུལ་གཞུང་ལས་འདི་མ་བཤད། །ཅེས་ཟེར་བ་ནི། འཕགས་ཡུལ་གྱི་རྒྱུད་གཞུང་ཐམས་ཅད་ངས་མཐོང་ཞིང་གོ་ཞེས་ང་རྒྱལ་གྱི་ཚིག་


TNT05_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཀྱང༌། ཤིན་ཏུ་གྲགས་ཆེ་བའི་གསང་འདུས་ཀྱི་རྒྱུད་ཀྱང་མ་མཐོང་བ་སྟེ། རྫུན་པོ་ཆེའི་རང་རྟགས་ཐམས་ཅད་བསྟན་པ་ཡིན་ནོ། །དེ་ལྟར་དབང་བསྐུར་བ་ཐོབ་ནས་དམ་ཚིག་ལ་གནས་དགོས་ན། རིགས་ལྔའི་སྡོམ་བཟུང་བྱས་པ་ཙམ་གྱིས་དམ་ཚིག་དང་སྡོམ་པ་ཐོབ་པར་འདོད་པ་ནི་མི་འཐད་དེ། དབང་བསྐུར་བ་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་ཐོབ་པ་ཡིན་ནོ། །དེ་ལ་བསྒྲུབ་བྱ་རིགས་ལྔའི་དམ་ཚིག་དང༌། སྤང་བྱ་རྩ་བའི་ལྟུང་བ་སྦོམ་པོ་དང་བཅས་པ་ནི་དམ་ཚིག་སྤྱི་དང་འདྲ་བས་སྤྱིའི་དམ་ཚིག་ཅེས་བྱའོ། །ཁྱད་པར་གྱི་དམ་ཚིག་རྒྱུད་འདི་ལས་གསུངས་པ་ནི། དམ་ཚིག་བཞི་བསྐྱང་པ། དམ་ཚིག་གསུམ་བསྐྱང་པ། དབང་གི་དམ་ཚིམ་བསྐྱང་པ། སྤྱོད་པའི་དམ་ཚིག་བསྐྱང་བ་རྣམས་སོ། །དང་པོ་ནི། ལེའུ་བཞི་པ་ལས། སྲོག་གཅོད་པ་ཡི་སེམས་ཅན་གང༌། །རྫུན་དུ་སྨྲ་ལ་དགའ་བ་གང༌། །གཞན་གྱི་ནོར་ལ་ཆགས་པ་དང༌། རྟག་ཏུ་འདོད་པ་སྤྱོད་གང་དང༌། ཞེས་གསུངས་ཏེ། བསྐྱེད་རིམ་ལ་གནས་པས་གཞན་དོན་དུ་འགྱུར་ན། དེ་དག་དངོས་སུ་ཡང་བྱ་ལ། རྫོགས་རིམ་ལ་གནས་པས་རླུང་འགོག་པ་སྲོག་གཅོད། རྟེན་འབྲེལ་གྱི་རིམ་པ། ཤེས་པས་ཆོས་སྨྲ་བ་རྫུན་སྨྲ། སངས་རྒྱས་ཀྱི་ཡེ་ཤེས་ཕྱག་རྒྱའི་སྟོབས་ལས་སྒྲུབ་པ་མ་བྱིན་ལེན། ཆོས་ཉིད་དེ་བཞིན་ཉིད་ལ་སྤྱོད་པ་ནི་འདོད་པ་སྤྱོད་པ་སྟེ། ལས་དང་པོ་པས་ཀྱང་འདི་དག་མོས་པའི་ཚུལ་གྱིས་བཟུང་ཞིང་རྒྱུ་ཚོགས་ལ་བསླབ་དགོས་པ་ཡིན་ནོ། །དེ་དག་ནི་དམ་ཚིག་བཞིའོ། །གཉིས་པ་ནི། དམ་ཚིག་བཞི་པོ་དེ་དག་གཞིར་བྱས་ནས། ཤ་ཆེན་སྐུ། བཤག་གཅི་གསུང༌། ཁུ་ཁྲག་ཐུགས་ཀྱི་དམ་ཚིག་ཏུ་གསུངས་ཏེ། རྫོགས་པའི་རིམ་པ་ལ་ཕུང་པོ་ལྔ་པོ་འོད་གསལ་དུ་བསྡུ་བའི་ཐབས་


TNT05_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབ་པའོ། །གསུམ་པ་སྤྱོད་པའི་དམ་ཚིག་ནི། གསང་བའི་སྤྱོད་པ་ལ། རྣལ་འབྱོར་པས་དཀྱིལ་འཁོར་གྱི་ལས་མི་བྱ་བ་ལ་སོགས་པ་དང༌། ཉན་རང་དང་ཚངས་པ་དབང་ཕྱུག་ཁྱབ་འཇུག་ལ་སོགས་པ་སོ་སོའི་ཆ་བྱད་བཟུང་ནས་སེམས་ཅན་གྱི་དོན་བྱེད་པ་ན། དེ་དང་དེའི་དམ་ཚིག་ལ་གནས་པ་ངེས་པར་དགོས་ཤིང༌། འཕྲོས་དོན་སྤྱོད་པའི་སྐབས་མ་ཡིན་ཀྱང༌། ལྷ་དེ་དང་དེ་དངོས་གྲུབ་ཀྱི་དོན་དུ་སྒྲུབ་པ་ལ། ཉན་རང་ལ་སོགས་པའི་དམ་ཚིག་དེ་རྣམས་དགོས་པ་ཡིན་ནོ། །རྒྱས་པར་ལེའུ་བཅུ་བདུན་པ་ཉིད་ན་གཙོ་བོར་གསལ་ལོ། །གཉིས་པ་བསྒོམ་བྱ་ལམ་ལ་དབྱེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་གཉིས་སོ། །དང་པོ་ནི། སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་པ་ཡིན་ལ། སྤྱོད་བསྡུས་སྒྲོན་མེའི་གནས་སྐབས་གཞན་རྣམས་སུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཡང་ཡང་ལུང་འདྲེན་པར་མཛད་པ་ལྟར་ན། འདིར་ཡང་དེ་ལྟར་སྦྱར་ཏེ། དགེ་བའི་སེམས་ཕྲ་མོས་སྨྱུང་གནས་ལ་སོགས་པ་དཀའ་སྤྱད་ཕྲ་མོ་ལ་འཇུག་པ་ས་བོན་ལྟ་བུ་དང༌། ཉེ་དུ་ཙམ་ལ་སྦྱིན་པ་སྟེར་བ་མྱུ་གུ་ལྟ་བུ་དང༌། ཉེ་དུ་མིན་པ་ལའང་སྟེར་བ་སྡོང་བུ་ལྟ་བུ་དང༌། སྦྱིན་པའི་སྣོད་ཡོངས་སུ་འཚོལ་བ་ལོ་མ་ལྟ་བུ་དང༌། བླ་མ་ནས་རོལ་མོ་མཁན་གྱི་བར་ལ་སྟེར་བ་མེ་ཏོག་ལྟ་བུ་དང༌། ཡིད་དགའ་བས་གཞན་ལ་སྟེར་བར་བྱེད་པ་འབྲས་བུ་ལྟ་བུ་དང༌། མཐོ་རིས་ཀྱི་ཕྱིར་ཚུལ་ཁྲིམས་སྲུང་བ་གསོས་སུ་གྱུར་པ་ལྟ་བུ་དང༌། གཞན་ཡང་ལྷ་ཆེན་པོ་རྣམས་ལ་གུས་པས་མཆོད་པ་དང༌། བླ་མས་བསྟན་པ་ཁོང་དུ་ཆུད་པས་བདག་ཏུ་འཛིན་པས་ཀུན་ནས་བསླངས་བཞིན་དུ་བདག་ཉིད་ཁོ་ན་ཐར་པ་ཐོབ་པར་འདོད་པ་


TNT05_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སེམས་བརྒྱད་པོ་དེ་དག་ནི་དཀའ་ཐུབ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། མ་ཆགས་པའི་དགེ་བའི་རྩ་བས་བསྡུས་པ་ཕྲ་མོ་སྟེ། སྐྱེས་བུ་ཆུང་ངུའི་བློ་འབའ་ཞིག་གོ །དེའི་འོག་ཏུ་དབུགས་དབྱུང་བ་རྣམ་པ་དྲུག་འབྱུང་སྟེ། མི་དགེ་བའི་ལས་སྤངས་ཏེ་དགེ་བའི་ལས་ཁོ་ན་ལ་བྱེད་པ་ན། དགེ་བས་དབུགས་ཕྱིན་པ་ཡིན་ལ། བདག་གི་དེ་ཁོ་ན་ཉིད་བརྟེན་ཏེ་སེམས་རྩེ་གཅིག་ཏུ་བྱས་པས་ནི། བདག་ལ་བརྟེན་ནས་དབུགས་ཕྱིན་པ་ཞེས་བྱ་ཞིང༌། ཕུང་པོ་ལ་དཔྱད་ནས་བདག་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་བདག་མེད་པས་དབུགས་ཕྱིན་པ་དང༌། ཆོས་ཙམ་ལ་དམིགས་ནས་ཕུང་སོགས་རགས་པ་མི་དམིགས་པ་དེའི་ཚེ་ཆོས་ཀྱི་དབུགས་ཕྱིན་པ་དང༌། ཆོས་རྣམས་སྤངས་ནས་སྐྱེ་མེད་ལ་སེམས་གནས་པ་ནི། ཆོས་བདག་མེད་པས་དབུགས་ཕྱིན་པ་དང༌། སྟོང་ཉིད་ལ་ཡང་མངོན་པར་ཞེན་པ་འགགས་པ་དེའི་ཚེ་མཉམ་པ་ཉིད་ཀྱི་དབུགས་ཕྱིན་པའོ། །དང་པོ་གཉིས་མུ་སྟེགས་བྱེད་དང་ཐུན་མོང་བ་སྟེ། སྐྱེས་བུ་ཆུང་ངུའི་བསམ་པ་དང༌། བར་པ་གཉིས་ཉན་རང་དང་ཐུན་མོང་སྟེ་སྐྱེས་བུ་འབྲིང་གི་བསམ་པ་ཡིན་ལ། ཐ་མ་གཉིས་ཕ་རོལ་ཏུ་ཕྱིན་པའི་ལམ་དང་ཐུན་མོང་བ་སྟེ་སྐྱེས་བུ་ཆེན་པོའི་རིམ་པའོ། །དེ་ནས་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པ་ལ་བསླབ་སྟེ། དགྱེས་པ་རྡོ་རྗེ་ལས་ནི། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ཞེས་རྒྱུད་སྡེའི་རིམ་པ་རྣམས་ལ་རིམ་ཅན་དུ་སློབ་པ་ལྟ་བུ་གཅིག་ཀྱང་བཤད་པའི་དོན་དེ་ལྟར་འཁྲིད་དགོས་པ་ཡང་སྲིད་པ་ནི་ཡིན་མོད། ཡང་རྣམ་པ་གཅིག་ཏུ་ན། དེ་དག་གི་ལམ་དང༌། ཐུན་མོང་བའི་སྤྱོད་པ་རྣམས་རིམ་པས་སྔོན་ཏུ་བཏང་ནས། མཐར་མཆོག་གི་སྤྱོད་པ་ལ་འཇུག་པར་དགོངས་


TNT05_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་དག་ཀྱང་རྩོད་དུས་ཀྱི་གདུལ་བྱ་ཕལ་ཆེ་བ་ལ་དགོངས་པ་ཡིན་གྱི། ཐམས་ཅད་དུ་ངེས་པ་ཡང་མ་ཡིན་ནོ། །དེ་ལ་སྔགས་ཀྱི་ཐེག་པ་ནི་མྱུར་བ་དང་བདེ་བས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ཞིང་དེ་ཡང་སྒྱུ་མ་མཁན་གྱི་སྔགས་ཀྱི་མཐུ་ལས་མིག་འཕྲུལ་སྣ་ཚོགས་འབྱུང་བ་རྟེན་ཞིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཡིན་པ་ལྟར། སྔགས་ལ་བརྟེན་ནས་བྱང་ཆུབ་མྱུར་དུ་འགྲུབ་པ་ཡང་ཆོས་ཉིད་ཀྱི་རིག་པ་ཡིན་ནོ། །དེ་བཞིན་དུ་ལྕགས་ཀྱུ་ལྔ་ཟོས་པས་མངོན་ཤེས་ལྔ་འགྲུབ་པ་དང༌། ལས་དང་དངོས་གྲུབ་ཀྱི་ཁྱད་པར་ཐམས་ཅད་ཆོ་ག་དེ་དང་དེས་འགྲུབ་པ་ཡང་ཆོས་ཉིད་ཀྱི་རིགས་པ་ཁོ་ན་ཡིན་ཏེ། མེས་སྲེག་པར་བྱེད་པ་བཞིན་ནོ། །དེ་བས་ན་སྔགས་ལ་མོས་པ་བསྐྱེད་པར་བྱ་སྟེ། སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་པའི་སྐོར་འདི་རྣམས་སྔགས་ལ་མ་ཞུགས་པའི་སྔོན་རོལ་ཉིད་ནས་ལེགས་པར་བྱང་ན་ནི་ལེགས་མོད་ཀྱི། མཐའ་གཅིག་ཏུ་དགོས་པར་ཡང་མ་ངེས་ལ། སྤྱིར་གསང་སྔགས་པས་ངེས་པར་བསྒོམ་དགོས་ཤིང༌། རིམ་པ་གཉིས་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་སྔོན་རོལ་དུ་དེ་དག་ཀྱང་རྒྱུད་ལ་སྐྱེས་ཟིན་པ་ནི་ངེས་པར་དགོས་སོ། །དེ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བསྒོམ་བྱ་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ཡང་རིམ་ཉིད་དོ། །དེ་ལ་རིམ་པ་གཉིས་ཀྱི་སྤྱིའི་རྣམ་གཞག་ནི་གཞན་དུ་ཤེས་པར་བྱ་ལ། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པ་རྣམས་འོག་ཏུ་འཆད་པར་འགྱུར་མོད། འདིའི་རྫོགས་རིམ་གྱི་རབ་དབྱེ་རྒྱས་པ་ནི་རིམ་པ་ལྔའོ། །གསུམ་པ་འབྲས་བུའི་རྒྱུད་ནི། གོང་དུ་སྨོས་པ་ལྟར་རྒྱུ་རྒྱུད་ལས་ངོ་བོ་ཉིད་ཀྱིས་ཐ་དད་པར་མེད་ལ། འོན་ཀྱང་འདི་སྐད་དུ། དེ་ཕྱིར་ཐར་པ་ནོར་ཙམ་


TNT05_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་ཡིན། ཞེས་གསུངས་པ་ལྟར། རྒྱུ་རྒྱུད་དེ་དག་དྲི་མ་ཐམས་ཅད་དང་བྲལ་བ་ནི་འབྲས་བུའི་རྒྱུད་དོ། །ཞེས་རགས་བཤད་ཀྱི་དབང་དུ་བྱས་ལ། ཞིབ་མོར་ན་རང་བཞིན་འོད་གསལ་གཅིག་ཉིད། སེམས་ཅན་རྣམས་ལ་ནི་རྒྱུའི་སངས་རྒྱས་སུ་སོང་ཞིང༌། སངས་རྒྱས་ཐོབ་བོ་ཞེས་པའི་ཐ་སྙད་ཅན་སེམས་ཅན་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ལ་ནི། འབྲས་བུའི་སངས་རྒྱས་སུ་སོང་བས། རྒྱུ་རྒྱུད་དང་འབྲས་རྒྱུད་ལ་དངོས་པོའི་སྒོ་ནས་ཁྱད་པར་ཅུང་ཟད་ཀྱང་མེད་མོད། གང་ཟག་ལ་བལྟོས་ནས་སོ་སོའི་རྣམ་གཞག་བྱེད་པ་སྟེ། རྒྱལ་པོ་ཟས་གཙང་མ་ནི། སེང་གེ་འགྲམ་ལ་བལྟོས་ནས་བུ་ཡིན་ལ། དགའ་བོ་ལ་བལྟོས་ནས་ཕར་འཇོག་པོ་ལྟ་བུ་ཡིན་པས། ལྡོག་ཆ་ཐ་དད་ཙམ་ནི་ཡིན་ནོ། ། འབྲས་རྒྱུད་ཀྱི་ཁྱད་ཆོས་སྐུ་གསུམ་དང༌། ཡེ་ཤེས་ལྔ་དང༌། དབང་ཕྱུག་བརྒྱད་ལ་སོགས་པ་ནི། འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་རོ། །གཉིས་པ་གཞུང་དོན་ལ། རིམ་པ་གཉིས་ཀྱི་ངེས་པ། རིམ་པ་ལྔའི་ངེས་པ། དེ་ཉིད་བླ་མའི་མན་ངག་ལ་རག་ལས་པའི་ངེས་པ་སྟེ་གསུམ་ལས་དང་པོ་ནི། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པ་སྟེ། དེ་ལ་ཆེད་དུ་བྱ་བའི་གདུལ་བྱ་གང་ཞིག་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་མ་ཉམས་པས་དང་པོར་བསྐྱེད་པའི་རིམ་པ་ལ་བསླབ་པར་བྱ་སྟེ། བསྐྱེད་རིམ་བསྒོམ་པས་རྫོགས་རིམ་གྱི་རྟོག་པ་སྐྱེ་བའི་ནུས་པ་སྨིན་ཞིང་རྒྱུད་སྦྱོང་བར་འགྱུར་བས། དང་པོ་ཉིད་དུ་བསྒོམ་པར་རིགས་པ་ཡིན་ཏེ། དེ་ལ་དབང་པོ་རྟུལ་པོ་ཁ་ཅིག་


TNT05_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ད་ལྟར་རྫོགས་རིམ་གྱི་སྐལ་བ་དང་མི་ལྡན་པའི་ཕྱིར། བསྐྱེད་རིམ་བསྒོམ་པ་ལས་འོས་མེད་ལ། འདི་ལ་ལོབས་ན་ཕྱིས་རིམ་པས་རྫོགས་རིམ་གྱི་སྐལ་བ་དང་ལྡན་པར་འགྱུར་བས་ན། ངེས་པར་བསྐྱེད་རིམ་བསྒོམ་དགོས་ལ། དབང་རྟུལ་ཁ་ཅིག་དང་དབང་པོ་འབྲིང་པོས་ཐོག་མ་ཉིད་ནས་རྫོགས་རིམ་ཅུང་ཟད་བསྒོམ་དུ་ཟུང་ཡང༌། བསྐྱེད་རིམ་སྔོན་དུ་སོང་ན་རྫོགས་རིམ་གྱི་རྟོགས་པ་སྐྱེ་སླ་ཞིང༌། གེགས་དང་གོལ་ས་ཡེ་མི་འབྱུང་ལ། མ་བསྒོམས་ན་དེ་ལས་ཟློག་པ་ཡིན་པས་དེས་ཀྱང་བསྐྱེད་རིམ་ངེས་པར་སྒོམ་དགོས་པ་ཡིན་ནོ། །དབང་པོ་རྣོན་པོས་ནི་བསྐྱེད་རིམ་ལ་མ་བརྟེན་པར། རྫོགས་རིམ་ཁོ་ནས་གེགས་མེད་དུ་ལམ་གོང་མ་རྣམས་བགྲོད་ནུས་པ་ཡིན་ཡང༌། དང་པོར་བསྐྱེད་རིམ་བསྒོམ་པ་ཉིད་བཟང་སྟེ། དེ་ཉྀད་ཕྱིས་བོགས་ཆེ་ཞིང་ལམ་མྱུར་བ་ཡིན་པའི་ཕྱིར། དཔེར་ན་སྒྲིབ་པ་ཤས་ཆུང་ཞིང༌། བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་དུ་ཟིན་ཀྱང༌། སྔོན་འགྲོའི་བསག་སྦྱང་ལ་འབད་རྩོལ་ཆེ་བ་ཉིད་ལེགས་པ་དང་འདྲའོ། །དེ་ལྟར་ན་བསྐྱེད་པའི་རིམ་པ་ནི། དང་པོ་ཉིད་དུ་བསྒོམ་པར་བྱ་ལ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལེགས་པར་གྲུབ་ཅིང༌། དེ་ལ་གནས་པས་རྫོགས་པའི་རིམ་པའི་ཡེ་ཤེས་བསྐྱེད་པར་འདོད་པ་རྣམས་ལ། ལམ་རིམ་པ་ལྔ་ལ་སོགས་པ་སྟོན་པའི་ཐབས་འདི། སྐས་ཀྱི་གདང་བུ་ལྟ་བུར་འོག་མ་འོག་མ་ཐོབ་ནས་གོང་མ་གོང་མ་བགྲོད་པར་བྱེད་དགོས་པ་ཡིན་པར། རྫོགས་པའི་སངས་རྒྱས་ཀྱིས་རྒྱུད་སྡེ་རྣམས་སུ་གསུངས་སོ། །ཞེས་བསྐྱེད་རིམ་དང་རྫོགས་རིམ་རིམ་པ་ལྔ་སྟེ། དྲུག་པོ་རིམ་ཅན་དུ་བསྒྲུབ་པར་གསུངས་སོ། །དོན་འདི་ཉིད་རྒྱས་པར་སྤྱོད་བསྡུས་ལས་གསུངས་ཏེ། དེ་ལས་འདི་སྐད་ཅེས་དེའི་རིམ་པ་ཡང་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་པོ་


TNT05_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ། ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །གང་གི་ཚེ་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་པ། གང་གི་ཚེ་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ། རྟོག་པའི་རྣལ་འབྱོར་ལ་སློབ་བོ། གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ། ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ །གང་གི་ཚེ་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པར་ཤེས་པ་དེའི་ཚེ། སྐུའི་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས་ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་ཚེ་རྡོ་རྗེ་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པར་གྱུར་པ་དེའི་ཚེ། གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་དང་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་ཚེ་རང་བཞིན་དང་སྣང་བ་རླུང་གི་བཞོན་པས་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་སློབ་པ་དེའི་ཚེ། སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་རོ། །སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་གནས་ནས། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པར་འགྱུར་ རོ། །གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ། སངས་རྒྱས་ཀྱིས་དབང་བསྐུར་བ་ཐོབ་བོ། །གང་གིས་དབང་བསྐུར་བ་ཐོབ་པ་དེའི་ཚེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་གྱིས་དོན་དམ་པའི་ཏིང་ངེ་འཛིན་ལ་འཇུག་


TNT05_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གང་གི་ཚེ་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་དེའི་ཚེ། ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །གང་གི་ཚེ་ཡེ་ཤེས་ཀྱི་རིམ་གྱིས་ལྡང་བའི་ཕྱིར། རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་དེའི་ཚེ། རྫོགས་པའི་ཏིང་ངེ་འཛིན་ལ་ལོབས་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་རྣལ་འབྱོར་པས་ནི། ཆོས་གང་ལ་ཡང་མི་སློབ་བོ། དེ་ཅིའི་ཕྱིར་ཞེ་ན་སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ། ཇི་ལྟར་འཕོངས་ཀྱི་སློབ་དཔོན་ནི། སྒྲས་མཚོན་པ་ལ་ཕོག་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་བོ། དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབ་པའི་ཕྱིར། དེའི་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པས་གང་ཡང་སློབ་པར་མི་འགྱུར་ཏེ། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ། དེའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དག་ནི་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་སུམ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པས་ཀྱང༌། རིམ་གྱིས་འཇུག་པས་བསླབ་པར་བྱའི་གཅིག་ཅར་ནི་མ་ཡིན་ནོ། །དེ་བས་ན་ལུས་རྣམ་པར་དབེན་པ་མེད་པར། ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ། །ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན་པ་རྟོགས་པར་བྱ་བར་མི་ནུས་སོ། །སེམས་ཀྱི་རང་བཞིན་གྱི་སྣང་བ་མེད་པའི་ཏིང་ངེ་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་


TNT05_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། །དོན་དམ་པའི་བདེན་པ་མེད་པར་ནི། ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་གིས་གཟིགས་ནས་རིམ་གྱིས་འཇུག་པར་བསླབ་པར་བྱའི་གཅིག་ཅར་ནི་མ་ཡིན་ནོ། །རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་གཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་ཏེ། ཞེས་གསུངས་སོ། །ཐེག་པ་གསར་པ་ཞེས་བྱ་བ་ནི། ཛམ་བུ་གླིང་དུ་སྔགས་ཀྱི་ཐེག་པ་ཕྱིས་དར་བ་ལ་དགོངས་ནས་གསར་པ་ཞེས་བྱ་ཡི། སྟོན་པ་འོད་སྲུངས་ཡན་ཆད་ཀྱིས་མ་གསུངས་པ། འོ་སྐོལ་གྱི་སྟོན་པས་གསུངས་པའི་གསར་པ་ཞེས་བྱ་བ་ནི་མི་ལེགས་སོ། །དེ་ལ་དྲན་པ་གཅིག་པ་ནི། ལྷ་གཅིག་ནས་དཀྱིལ་འཁོར་གྱི་འཁོར་ལོའི་བར་རགས་པ་ལ་གསལ་སྣང་ཐོབ་པ་དང༌། རྟོག་པའི་རྣལ་འབྱོར་ནི། ལུས་དཀྱིལ་དང༌། སྐྱེ་མཆེད་ཀྱི་ལྷ་དང༌། ཐིག་ལེའི་དབུས་སུ་དཀྱིལ་འཁོར་བསྒོམ་པ་སོགས་ལའང་གསལ་སྣང་ཐོབ་པའི་མིང་སྟེ། འདི་གཉིས་ཀ་ལ་གསལ་སྣང་ཡང་རེག་མཐོང་གི་མཚན་མ་རྙེད་པ་ལ་ངོས་འཛིན་ནོ། །དེ་གཉིས་བསྐྱེད་པའི་རིམ་པ་ཕྲ་རགས་སོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་བསྐྱེད་རིམ་མཐར་ཕྱིན་པའོ། །རྡོ་རྗེའི་བཟླས་པའི་རིམ་གྱིས་སྲོག་རྩོལ་ཤེས་པ་ཞེས་གསུངས་པས། སྲོག་རྩོལ་སྤྱི་མའི་དང༌། རྡོར་བཟླས་ནང་སེལ་ཉེ་ཚེ་བའི་མིང་ཡིན་པ་བཀག་གོ །དོན་གཞན་རྣམས་འོག་ཏུ་འཆད་པར་འགྱུར་བས་འདིར་མི་སྤྲོའོ། །གཉིས་པ་རིམ་པ་ལྔའི་ངེས་པ་ནི། སེམས་ཅན་རྣམས་ཀྱི་སྲོག་གྱུར་ པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་


TNT05_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ། །རྡོ་རྗེའི་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་ སྦྱངས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་ངེ་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །འདས་པ་དང་ནི་མ་འོངས་དང༌། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་བ་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་གཟིགས། ཞེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་སོགས་རྐང་པ་དྲུག་གིས་གཞི་ཀུན་རྫོབ་དོན་དམ་གྱི་གནས་ཚུལ་མདོར་བསྟན་པ་དང༌། སྔགས་ལ་དམིགས་པ་རྟོགས་ནས་ནི་སོགས་ཀྱིས། ལམ་རིམ་པ་ལྔ་མདོར་བསྟན་པ་དང༌། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི་སོགས་རྐང་པ་དྲུག་གིས་འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་མདོར་བསྟན་པའོ། །སེམས་ཅན་རྣམས་ཐམས་ཅད་ཀྱི་སྲོག་ཏུ་གྱུར་པ་རླུང་ཞེས་བྱ་བ་འདི་ནི་སྣོད་དང་བཅུད་ཀྱི་གཡོ་བ་ཐམས་ཅད་དང༌། ཁྱད་པར་དུ་རྣམ་རྟོག་གཡོ་བའི་བྱ་བ་བྱས་པ་ལ་བརྟེན་ནས། འཁོར་འདས་ཀྱི་ལས་ཀུན་བྱེད་པའོ། །རླུང་འདི་ནི་རྣམ་རྟོག་དང་བཅས་པའི་རྣམ་ཤེས་ཐམས་ཅད་ཀྱི་བཞོན་པ་ཡིན་ཏེ། རླུང་དེ་ཡང་གནས་དང་གྲོགས་ཀྱི་དབང་གིས་དང་པོར་སྲོག་འཛིན་ལ་སོགས་པ་རྩ་བའི་རླུང་ལྔའི་བདག་ཉིད་དུ་འགྱུར་ལ། དེའི་ནང་གི་སྲོག་འཛིན་གྱི་ཆ་ཤས་འགའ་ཞིག་རྩ་ལྔ་དང་དབང་པོ་ལྔ་ལ་འཇུག་པའི་ཁྱད་པར་གྱིས་ཡན་ལག་གི་རླུང་ལྔར་འགྱུར་ཞིང༌། དེ་དག་དང་མ་འབྲེལ་བའི་སྲོག་འཛིན་དག་པ་པ་ཡང་ཡོད་པས། སྤྱིར་རླུང་ལ་དབྱེ་ན་དབྱེ་བ་བཅུ་


TNT05_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་ནོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་ཤེས་པ་ཉིད་ཀྱིས་ནི། ཡི་གེ་འབྲུ་གསུམ་གྱི་བརྡ་དང་ངེས་དོན་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ལ་ཡང་དག་པར་འཇུག་པར་འགྱུར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་དེ་ཉམས་མྱོང་གི་སྒོ་ནས་ཆུད་ཅིང་དམིགས་པའི་ཡུལ་དུ་རྟོགས་པར་བྱས་ན་ནི། རྡོ་རྗེའི་བཟླས་པ་དངོས་གཞི་ཐོབ་པ་ཡིན་ལ། དེ་ནས་རྡོ་རྗེའི་བཟླས་པ་དངོས་ལ་སློབ་པར་བྱེད་དོ། །རྡོ་རྗེའི་བཟླས་པ་ལ་གོམས་པར་བྱེད་ཅིང་གནས་པའི་རྣལ་འབྱོར་པས། རྡོར་བཟླས་ལ་བརྟེན་ནས་སེམས་དམིགས་ཀྱི་ཐོག་མ་སྐྱེ་བར་འགྱུར་ཞིང༌། རིམ་གྱིས་སེམས་ལ་དམིགས་པའི་ཡེ་ཤེས་རྫོགས་པར་ཐོབ་པར་འགྱུར་རོ། །དེ་ལས་སྒྱུ་ལུས་ཀྱི་རིམ་པའི་སྐུ་ཐོབ་པར་འགྱུར་ཞིང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བདག་བྱིན་རླབས་པ་དེ་ལ་གནས་ནས། སྐུའི་ཏིང་ངེ་འཛིན་དེ་ལ་ཡོད་པའི་མ་དག་པའི་དྲི་མ་རྣམས་ཡང་དག་པའི་མཐའི་མིང་ཅན་འོད་གསལ་གྱི་རིམ་པས་རྣམ་པར་སྦྱངས་ནས་ཡང་དག་པའི་མཐའ་དེ་ཐོབ་པར་འགྱུར་ལ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་འོད་གསལ་ཡང་དག་པའི་མཐའ་ལས་ལངས་ནས་ནི། ཀུན་རྫོབ་སྒྱུ་ལུས་དང༌། དོན་དམ་འོད་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་སྐུ་སློབ་པའི་ཟུང་འཇུག་དེ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་ནས། སླར་ཞིང་དམིགས་པ་དང་རྣམ་པ་མི་འདྲ་བའི་ལམ་གྱི་རིམ་པ་གསར་པ་གང་ལ་ཡང་སློབ་མི་དགོས་ཤིང༌། རྩོལ་བས་བསྒྲུབ་མི་དགོས་པས་སླར་སྔར་གྱི་དང་མི་འདྲ་བའི་ལམ་གང་ལ་ཡང་མི་སློབ་བོ། འོན་ཀྱང་སྔར་ཐོབ་ཟིན་རྣམས་ཀྱི་རིགས་འདྲའི་རྒྱུན་ལ་མི་སློབ་པ་ནི་མ་ཡིན་ཏེ། རིམ་པ་ལྔ་པར་རྒྱས་པར་འཆད་དོ། །ཟུང་འཇུག་འདི་ནི་ཤིན་ཏུ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཡིན་ཏེ།


TNT05_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྫོགས་པའི་རིམ་པ་ཞེས་བྱ་བའི་རྫོགས་པ་ནི་ཟུང་འཇུག།རིམ་པ་ནི་དེ་སྒྲུབ་པར་བྱེད་པའི་ལམ་ཡིན་ལ། ལམ་ཡང་རིང་རྒྱུ་ཙམ་མ་ཡིན་པར་དེའི་རྣམ་པ་མངོན་སུམ་དུ་བྱེད་ནུས་པ་ལ་འཇོག་གོ །དེ་ལྟར་ན་ཟུང་འཇུག་གི་རྣལ་འབྱོར་པ་དེ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱའོ། །དེ་འདྲ་དེས་ཟུང་འཇུག་གི་རྒྱུན་དང་གསང་སྔགས་ཀྱི་སྤྱོད་པ་ལ་བསླབས་པས། མི་སློབ་པའི་ཟུང་འཇུག་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ཏེ། དེ་ནས་མི་རིང་པ་ཉིད་ནའོ། །དེ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་སྒྲིབ་གཉིས་བག་ཆགས་དང་བཅས་པས་ཤིན་ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར། འདས་པ་དང་ནི་མ་འོངས་པ་དང་ད་ལྟར་བྱུང་བའི་འཁོར་འདས་སམ། ཀུན་རྫོབ་དོན་དམ་གྱི་སྲིད་པ་གསུམ་ནི་སྐད་ཅིག་གཅིག་པོ་དེ་ཉིད་ལ་གཅིག་ཅར་མ་ལུས་པར་གཟིགས་པ་སྟེ། མཁྱེན་ཞིང་རྟག་ཏུ་གནས་པར་འགྱུར་རོ། །གསུམ་པ་བླ་མའི་མན་ངག་གི་རིམ་པ་ནི། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་ཤེས་པར་བྱ། ཞེས་པ་སྟེ། དཔལ་ལྡན་གསང་བ་འདུས་པའི་རྩ་བའི་རྒྱུད་དུ་ནི་ལམ་གྱི་རིམ་པའི་དེ་ཁོ་ན་ཉིད་འདི་དག་དགོངས་པ་ཅན་ལ་སོགས་པ་མཐའ་དྲུག་གིས་རྒྱས་བཏབ་སྟེ། བརྡ་ཐབས་ཀྱི་ཚུལ་དུ་རྒྱུད་ཀྱི་དགོངས་དོན་ལ་གནས་པ་ལས་གསལ་པོར་བརྗོད་པ་མེད་ན། འོན་ཀྱང་དགོངས་པ་ལུང་སྟོན་དང༌། རྡོ་རྗེ་འཕྲེང་བ་ལ་སོགས་པ་འཆད་བྱེད་བཤད་པའི་རྒྱུད་རྣམས་ཀྱིས། བཤད་བྱ་རྩ་བའི་རྒྱུད་ཀྱི་དོན་གསལ་བར་བྱས་པའི་རྗེས་སུ་འབྲངས་ནས། བླ་མ་དམ་པའི་ཞལ་གྱི་མན་ངག་ལས་རྟོགས་པར་བྱའོ། །དེ་ལྟར་ན་རྒྱུད་ལས་བཤད་


TNT05_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བླ་མའི་མན་ངག་ཡིན་པ་གཉིས་ཚོགས་ཤིག་དགོས་པར་སྟོན་ཏེ། རྒྱུད་ལས་གསུངས་པ་ཤེས་ཀྱང་བླ་མའི་མན་ངག་མེད་ན་ལག་ལེན་དུ་ཐེབས་པར་མི་འགྱུར་བས་གནད་དང་བྲལ་བ་དང༌། མན་ངག་ལྟར་བཅོས་པའི་བརྫུས་མ་འགོག་པའི་ཕྱིར་དུ། མན་ངག་ཡིན་ཞེས་པ་ཁོ་ནས་མ་ཆོག་པར་རྩ་བཤད་ཀྱི་རྒྱུད་ལས་གསུངས་ངེས་པ་དགོས་པར་སྨོས་སོ། །དེ་དག་ཀྱང་གཞུང་དོན་སོ་སོའི་སྐབས་སུ་འཆད་པར་འགྱུར་མོད་ཀྱི། འདིར་མདོ་ཙམ་སྨོས་ན། རིམ་པ་རྣམས་ཀྱི་ངོ་བོ། །དབྱེ་བ། གྲངས་ངེས་པ། གོ་རིམ་ངེས་པ། དངོས་དང་རྗེས་མཐུན་པའི་དབྱེ་བསྡུ། ཡན་ལག་དྲུག་གི་མཚན་ཉིད། རྣལ་འབྱོར་གསུམ་གྱི་མཚན་ཉིད་དེ། དོན་ཚན་བདུན་གྱིས་གཏན་ལ་དབབ་དགོས་པ་ལས། དང་པོ་ངོ་བོ་དང༌། གཉིས་པར་དབྱེ་བ་ལྷན་ཅིག་ཏུ་བཤད་ན་བདེ་བས་འདི་ལྟར་བྱ་སྟེ། དེ་ལ་བསྐྱེད་རིམ་གྱི་ངོ་བོ་ནི། རང་རྒྱུ་རྣམ་པར་རྟོག་པས་དངོས་སུ་བཏགས་ཤིང༌། ངོ་བོ་རྟོག་བཅས་དང་རྟོག་མེད་གང་རུང་གི་ལྷའི་རྣལ་འབྱོར་ཞིག་ལ། རྣམ་པ་འཁོར་བའི་སྐྱེ་ཤི་བར་དོ་གསུམ་དང་དབྱིབས་མཐུན་པས་སྦྱོང་ཞིང༌། སྐུ་གསུམ་དང་རྣམ་པ་མཐུན་པས་ལམ་དུ་བྱེད་པ། དགོས་པ་རྫོགས་རིམ་གྱི་སྨིན་བྱེད་ཀྱི་གཞིར་གྱུར་ཞིང༌། གྲོགས་བཅོས་མའི་བདེ་བ་དང་སྟོང་པས་བརྒྱན་པའི་ཏིང་ངེ་འཛིན་ནོ། །དབྱེ་ན་བསྐྱེད་རིམ་གྱི་སྒྲུབ་པའི་ཏིང་ངེ་འཛིན་དང༌། བསྐྱེད་རིམ་དངོས་ཀྱི་ཏིང་ངེ་འཛིན་དང༌། རྫོགས་རིམ་དང་འབྲེལ་བའི་བསྐྱེད་རིམ་སྟེ་གསུམ་ནི། སྒོམ་པ་པོ་གང་ཟག་གི་སྒོ་ནས་དབྱེ་བ་ཡིན་ལ། བསྒོམ་བྱ་ལྷའི་དབང་དུ་བྱས་ན། དཀྱིལ་འཁོར་ཡོངས་རྫོགས་དང༌། ཆ་ཤས་བསྒོམ་པ་གཉིས། ཏིང་ངེ་འཛིན་གྱི་ཡན་ལག་གི་དབྱེ་བ་ནི། བསྙེན་སྒྲུབས་ཡན་ལག་བཞི་


TNT05_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྣལ་འབྱོར་བཞི་དང༌།ཏིང་ངེ་འཛིན་གསུམ་དང༌། ཡན་ལག་དྲུག་ལ་སོགས་པའོ། །དངོས་གྲུབ་སྒྲུབ་པའི་གནས་སྐབས་ཀྱི་སྒོ་ནས་དབྱེ་ན། བསྙེན་པ་དང༌། ཉེ་བའི་བསྙེན་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །སྒོམ་པ་མཆོག་དམན་གྱི་སྒོ་ནས་དབྱེ་ན་རྟོག་པའི་རྣལ་འབྱོར་དང༌། དྲན་པ་གཅིག་ པའོ། །ལུས་དབེན་གྱི་ངོ་བོ་ནི། རྣམ་རྟོག་གིས་བསྐྱེད་པ་མེད་པར་བདེ་སྟོང་གི་ངང་ལས་ཡིད་ངོ་ཁོ་ནར་ཤར་བའི་ལྷ་སྐུའོ། །དབྱེ་ན་མཉམ་གཞག་དང་རྗེས་ཐོབ་ཀྱི་ལས་དབེན་གཉིས་སམ། རྒྱས་བཏབ་རིམ་པ་གཅིག་པ་རིགས་བརྒྱ་དང༌། རིམ་པ་གཉིས་པ་རིགས་ལྔ་དང༌། རིམ་པ་གསུམ་པ་རིགས་གསུམ་དང༌། རྒྱས་བཏབ་རིམ་པ་བཞི་པ་གསང་ཆེན་རིགས་གཅིག་སྟེ་བཞིའོ། །ངག་དབེན་གྱི་ངོ་བོ་ནི། རླུང་གི་མཚན་ཉིད་དང༌། སྔགས་ཀྱི་ངེས་དོན་ཤེས་པའི་སྒོ་ནས༌། སྲོག་རླུང་གཙོ་བོར་གྱུར་པའི་རླུང་ཆེན་པོ་རྣམས་དབུ་མར་ཞུགས་ནས་ཐིམ་གསུམ་བྱེད་པ་དང༌། ཐིམ་པ་བརྟན་པ་བྱེད་པའི་ལས་ཅན་ནོ། །དབྱེ་ན་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་དང༌། སྙིང་གའི་སྣ་རྩེར་མི་ཤིགས་ཐིག་ལེ་སྒོམ་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པའོ། །དང་པོ་དང་པོ་ལ་ཐབས་མགོན་པོ་བཞིའི་རྡོར་བཟླས། ཤེས་རབ་ལྷ་མོ་བཞིའི་རྡོར་བཟླས། གསང་བ་ཡན་ལག་གི་རླུང་གི་རྡོར་བཟླས་ལ་སོགས་པ་ཡོད་དེ། རྡོར་བཟླས་དབྱེ་བ་མང་པོ་ཡོད་པའི་ནང་ནས་འདི་ནི་རྩ་ལམ་སྦྱང་བའི་རྡོར་བཟླས་ཡིན་ལ། འདིས་ཀྱང་ཤིན་ཏུ་ཡུན་རིང་ལོན་ནས་རླུང་དབུ་མར་འཆིང་ནུས་མོད་ཀྱི། རྩ་ལམ་སྦྱོང་བ་ཉིད་ཀྱི་ཕྱིར་རགས་པའི་རྩ་མདུད་གྲོལ་བ་ལ་སྔགས་པར་གྲགས་སོ། །གཉིས་པ་ནི། དང་པོར་རླུང་དབུ་མར་བསྡུ་བ་དང༌། མཐར་དབུ་མའི་ཐིག་ལེར་འཆིང་བ་ལ་བསྔགས་པའོ། །


TNT05_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི་དེ་གཉིས་ཀར་གྱི་བོགས་དབྱུང་བའོ། །སེམས་དབེན་གྱི་ངོ་བོ་ནི། རྩ་འཁོར་རྣམས་སུ་རྣམ་རྟོག་གི་རླུང་རྣམས་བསྒོམ་སྟོབས་ཀྱིས་དར་ཅིག་རེ་ཐིམ་པ་ལས་ཐིག་ལེ་བརྟན་པས་གྱུར་པའི་བདེ་སྟོང་གི་ཡེ་ཤེས་སོ། །དབྱེ་ན་སེམས་དབེན་གྱི་སྒྲུབ་པ་དང༌། སེམས་དབེན་དངོས་སོ། །དངོས་ལ་སྣང་བའི་ས། མཆེད་པའི་ས། ཐོབ་པའི་ས། མཐར་ཐུག་དཔེའི་འོད་གསལ་ཏེ་བཞིའོ། །སྒྱུ་ལུས་ཀྱི་རིམ་པ་ངོ་བོ་ནི། རྒྱུ་འོད་གསལ་གྱི་རླུང་སེམས་ཙམ་ལ། རྐྱེན་རླུང་མི་ཤིགས་པ་ལ་ཐིམ་པའི་ཞུ་བདེས་བསྐྱེད་པ། རྣམ་པ་ལྷའི་འཁོར་ལོ་སྒྱུ་མ་ལྟ་བུར་ཤར་ཞིང༌། ཉམས་ཞུ་བདེས་རང་བཞིན་མཚོན་པ། བྱེད་ལས་རྣལ་འབྱོར་པའི་ལུས་ཀྱི་བྱ་བ་བྱེད་ནུས་ཀྱི་ཏིང་ངེ་འཛིན་ནོ། །དབྱེ་ན་མཉམ་བཞག་སྒྱུ་མ། རྗེས་ཐོབ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་སྟེ་བཞིའམ། ཐོབ་མ་ཐག་པ་དང༌། གོང་དུ་འཕེལ་བཞིན་པ་དང༌། མཐར་ཐུག་པ་དང་གསུམ་ཡོད་དོ། །འོད་གསལ་གྱི་རིམ་པའི་ངོ་བོ་ནི། བྱེད་ལས་ཉོན་མོངས་རླུང་དང་བཅས་ས་བོན་འཇོམས་པར་བྱེད་པ། ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྟོང་ཉིད་མངོན་སུམ་རྟོགས་པ་སྒྲུབ་པར་བྱེད་པའི་ལམ་མོ། །དབྱེ་ན། དོན་གྱི་འོད་གསལ་གྱི་སྒྲུབ་པ་དང༌། དོན་གྱི་འོད་གསལ་དངོས་གཉིས་སམ། ཕྱི་ནང་གི་མངོན་བྱང་གཉིས་དང༌། རིལ་གཞིག་གི་བསམ་གཏན་གཉིས་སོ། །ཟུང་འཇུག་གི་ངོ་བོ་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་པའི་ཡེ་ཤེས་སོ། །དབྱེ་ན་སློབ་པ་དང༌། མི་སློབ་པའི་ཟུང་འཇུག་གཉིས་དང༌། སློབ་པ་ལ་ཡང་འཕགས་པའི་ས་བཅུའམ་བཅུ་གཉིས་སུ་དབྱེ་ལ། མི་སློབ་པ་ནི་སྐུ་བཞི་ཡེ་ཤེས་ལྔའི་


TNT05_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དོ། །གསུམ་པ་གྲངས་ངེས་པ་ནི། དགོས་པ་ལ་བལྟོས་པའི་གྲངས་ངེས་ཡིན་གྱི། ཕུང་གསུམ་སེལ་བ་ནི་མ་ཡིན་ནོ། །དེ་ཡང་རྒྱུའི་རྫོགས་རིམ་གསུམ་དང༌། འབྲས་བུའི་རྫོགས་རིམ་གསུམ་མོ། །ཐོག་མར་འབྲས་བུའི་དབང་དུ་བྱས་ནས། འདོད་བྱ་དང་དགོས་པ་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཉིད་སྐུ་གསུམ་མམ་བཞིའི་ངོ་བོར་གནས་པས། དེ་ཐོབ་བྱེད་ཀྱི་ལམ་ཡང་དེ་དང་མཐུན་པ་ཞིག་དགོས་ཏེ། དེ་ཡང་སློབ་པའི་ཟུང་འཇུག་གོ །ཇི་ལྟར་མཐུན་སྙམ་ན། རང་བཞིན་བདེ་བ་ཆེན་པོའི་ཕྱིར་བདེ་ཆེན་གྱི་སྐུའམ་ངོ་བོ་ཉིད་སྐུ་དང༌། རང་རིག་སྤྲོས་པ་ཐམས་ཅད་སྤངས་པའི་ཕྱིར་ཆོས་ཀྱི་སྐུ་དང༌། ཡེ་ཤེས་གསལ་བའི་དཀྱིལ་འཁོར་དུ་གནས་པའི་ཕྱིར་ལོངས་སྐུ་དང༌། དམིགས་པ་མེད་པའི་སྙིང་རྗེས་འགྲོ་བའི་དོན་སྤྱོད་པའི་ཕྱིར་སྤྲུལ་སྐུ་དང་མཐུན་ནོ། ། འཕགས་ལམ་གྱི་སྐུ་བཞིའི་རང་བཞིན་ཟུང་འཇུག་དེ་ཐོབ་པ་ལ། དེ་དང་མཐུན་པའི་རྒྱུ་ཚོགས་སོ་སོར་བསྒྲུབ་དགོས་པས། བདེ་བ་དང་སྟོང་པའི་ཕྱོགས་ནས་སྒྲུབ་བྱེད་ཀྱི་ལམ་འོད་གསལ་གྱི་རིམ་པ་དང༌། སྐུ་དང་སྙིང་རྗེའི་ཕྱོགས་ནས་སྒྲུབ་བྱེད་ཀྱི་ལམ་སྒྱུ་ལུས་ཀྱི་རིམ་པ་སྟེ་གཉིས་པོ་བསྒོམ་དགོས་སོ། །དེ་གཉིས་ཐོབ་པར་བྱེད་པའི་གཞི་འདིངས་པ་ལ། རྒྱུའི་རྫོགས་རིམ་གསུམ་དགོས་པར་བྱུང་ན་འོད་གསལ་གྱི་རིམ་པའི་བདེ་སྟོང་གི་ཡེ་ཤེས་སྟོབས་དང་ལྡན་པ་དེ་སྒྲུབ་པ་ལ། མི་ཤིགས་པའི་ཐིག་ལེ་རེག་པའི་ཞུ་བདེ་བརྟན་པོ་སེམས་དབེན་དེ་སྔོན་དུ་ངེས་པར་བསྒྲུབ་དགོས་པ་དང༌། སྒྱུ་ལུས་རླུང་སེམས་ཙམ་ལ་དངོས་སུ་བརྟེན་པའི་ལྷ་སྐུ་སྒྲུབ་པ་ལ་ངོ་བོའམ་རང་བཞིན་རླུང་རྣམས་བདེ་བའི་རླུང་དུ་དུལ་བར་བྱེད་པའི་ངག་དབེན་དང༌། རྣམ་པ་རྩོལ་མེད་དུ་ལྷ་སྐུ་དབང་སྒྱུར་བྱེད་ལུས་དབེན་གཉིས་


TNT05_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །དེ་དག་ཐམས་ཅད་ཀྱི་རྣམ་པ་ལམ་དུ་བྱས་ནས་མྱུར་དུ་སྒྲུབ་པའི་རྟེན་འབྲེལ་སྒྲིག་པ་ལ་སྔོན་དུ་བསྐྱེད་རིམ་མོ། །དེས་ན་མི་སློབ་པའི་ཟུང་འཇུག་སྒྲུབ་པ་ལ་སློབ་པའི་ཟུང་འཇུག་དགོས། དེ་སྒྲུབ་བྱེད་ལ་སྒྱུ་ལུས་འོད་གསལ་གཉིས་སུ་གྲངས་ངེས། དེ་སྒྲུབ་པ་ལ་དབེན་པ་གསུམ་དུ་གྲངས་ངེས་པའོ། །རིམ་ལྔ་བསྡུས་གསལ་ཞེས་བྱ་བའི་གཞུང་ལས། ལམ་མཆོག་རིམ་པ་ལྔ་པོ་ཉིད། །ཕ་རོལ་ཕྱིན་དང་ཐེག་སྣ་ཚོགས། །སྲིད་པ་སྐྱེ་དང་ཉིན་ཞག་གཅིག། སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། ཅེས་འབྱུང་སྟེ། གཞུང་འདི་ན་རོ་པས་མཛད་ཟེར་ཡང༌། རྒྱ་གཞུང་རང་ནི་མིན་པར་མངོན་མོད། ལེགས་ཆ་དུ་མ་ཡོད་པ་ལས། སྦྱང་བྱ་འཁོར་བའི་ཆོས་དང་སྦྱར་བའི་གྲངས་ངེས་ནི། སྐྱེ་བ་བླངས་པའི་ཚེ་མངལ་དུ་ཟླ་བ་གཅིག་རྣམ་རྟོག་མེད་ཅིང་བདེ་བའི་ངོ་བོར་གནས། དེ་ནས་སྲོག་རླུང་ཆགས་པ་ལས་མཐར་ལུས་རྫོགས་ཤིང༌། ཇི་སྲིད་མ་ཤིའི་བར་དུ་ལུས་གནས་པ། དེ་སྦྱོང་བ་ལ་ལུས་དབེན་དགོས། རྟག་ཏུ་དབུགས་འགྲོ་འོང་བྱེད་པ་དེ་སྦྱོང་བ་ལ་ངག་དབེན་དགོས། འཆི་བའི་ཚེ་ལས་ཀྱི་དབང་གིས་རྩ་མདུད་གྲོལ་ནས་རགས་པ་རྣམས་ཐིམ་སྟེ། སྣང་གསུམ་འོད་གསལ་དང་བཅས་པ་འཆར་བ་དེ། དངོས་སུ་སྦྱོང་བ་ལ་སེམས་དབེན་དང༌། ས་བོན་སྦྱོང་བ་ལ་འོད་གསལ་གྱི་རིམ་པ་དགོས། དེའི་རྗེས་སུ་བར་སྲིད་ཀྱི་སྣང་བ་འཆར་བ་དེ། དངོས་སུ་སྦྱོང་བ་ལ་སྒྱུ་ལུས་དང༌། བག་ཆགས་སྦྱོང་བ་ལ་ཟུང་འཇུག་དགོས་ཟེར་ཡང༌། ཟུང་འཇུག་སྦྱངས་འབྲས་ཡིན་པས་དེ་སྐད་སྨྲ་བ་མི་འཐད་ཅིང༌། གཞན་རྣམས་དེ་བཞིན་དུ་ཁས་བླང་སྟེ། སྲིད་པ་སྐྱེ་བའི་སྒོ་ནས་གྲངས་ངེས་པའོ། །ཡང་ཉིན་ཞག་གཅིག་ལ་གཉིད་སང་ནས་རག་པའི་སྣང་བ་འཆར་བ་འདི་ལུས་དབེན་


TNT05_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྦྱོང༌། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ངག་དབེན་གྱིས་སྦྱོང༌། གཉིད་དུ་འགྲོ་བའི་དུས་ཀྱི་སྟོང་པ་བཞི་པོ་སེམས་དབེན་དང་འོད་གསལ་གྱི་སྦྱོང༌། རྨི་ལམ་བདག་བྱིན་རླབས་པས་སྦྱོང་དགོས་ཏེ། ཉིན་ཞག་གཅིག་གི་སྣང་བ་ལ་བལྟོས་པའི་གྲངས་ངེས་སོ། །བཞི་པ་གོ་རིམ་ངེས་པ་ནི། སྤྱིར་བགྲོད་བྱ་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་བ་ལ། རྟག་ཏུ་ལམ་གྱི་གོ་རིམ་ངེས་པ་ཡིན་པས། གོ་རིམ་ངེས་པ་དེ་ལ་བརྩི་བ་ཡིན་གྱི། རྗེས་མཐུན་པ་གདམས་ངག་སྒོམ་པ་ལ་གོ་རིམ་ངེས་པ་བརྩི་མི་དགོས་ཏེ། དེས་ན་འགྲེལ་པ་ཟླ་འོད་ལས། དབང་པོ་རབ་འབྲིང་ཐ་གསུམ་གྱི་རིམ་པ་སོ་སོར་བཤད་པ་ལའང་འགའ་ཞིག་དགག་པ་བྱེད་མོད། མི་རིགས་པ་མེད་ དོ། །འདིར་གོ་རིམ་ཅི་རིགས་པ་འོག་གནས་སྐབས་སོ་སོར་རྒྱས་པར་འཆད་པར་འགྱུར་མོད་ཀྱི། འདིར་མདོ་ཙམ་སྨོས་ན། རགས་པའི་རྩ་དབུ་མ་ཅུང་ཟད་ཁ་བྱེ་བའི་བདེ་སྟོང་དང༌། རགས་པའི་ཁམས་རྣམས་ལྷ་སྐུའི་སྣང་བས་ཅུང་ཟད་དངས་པར་བྱས་པ་ཟུང་དུ་འབྲེལ་བའི་ལུས་དབེན་གྱི་སྔོན་དུ་བསྐྱེད་རིམ་ཕྲ་རགས་འགྲོ་དགོས་ཏེ། ཕྲ་ཐིག་མེད་ན་ཐོག་མར་དབུ་མ་ཁ་བྱེ་བའི་བདེ་སྟོང་མི་སྐྱེ་ཞིང༌། དེ་དུས་ལྷ་སྐུ་མ་བསྒོམས་ན་འདིར་ཡང་ལྷའི་གསལ་སྣང་མི་འཆར་པའི་ཕྱིར་རོ། །ངག་དབེན་གྱིས་རླུང་ཐམས་ཅད་དབུ་མར་འགགས་པས་བརྗོད་བྲལ་གྱི་གནས་ལ་གསལ་སྣང་ཐོབ་པ་དགོས་པ་ལ། སྔོན་དུ་དབུ་མ་ཅུང་ཟད་ཁ་བྱེ་ན། གང་དུ་བསྡུ་བའི་གནས་ཤེས་པའི་སྒོ་ནས་སྡུད་སླ་ཞིང༌། ལྷ་བསྒོམས་པས་རྩ་ཁམས་ཅུང་ཟད་དངས་པར་གྱུར་ན། ཁམས་རྣམས་ཐིམ་པར་བྱེད་པ་ཤིན་ཏུ་སླ་བར་འགྱུར་ཞིང༌། དེ་ལས་ཟློག་ན་དཀའ་བས་བསྒྲུབ་དགོས་པའི་ཕྱིར། ངག་དབེན་གྱི་སྔོན་དུ་ལུས་དབེན་འགྲོ་


TNT05_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །གཞན་ཡང་བསྐྱེད་རིམ་གྱི་གནས་སྐབས་ཐམས་ཅད་དུ་བཟླས་པའི་སྔོན་དུ་ལྷ་བསྒོམ་པ་འགྲོ་དགོས་པ་ལྟར། རྫོགས་རིམ་གྱི་བཟླས་པའི་སྔོན་དུ་ཡང་རྫོགས་རིམ་གྱི་ལྷ་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་ཡང་ཕྱིར་རོ། །སེམས་དབེན་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེར་ཀུན་རྟོག་གཡོ་བའི་རླུང་ཐིམ་པར་བྱེད་པ་ལ་རྣམ་རྟོག་མངོན་འགྱུར་བའི་གཉེན་པོར་བརྗོད་བྲལ་གྱི་ཉམས་སྐྱེས་པ་དང༌། རླུང་ཐིག་ལེར་ཐིམ་པར་བྱེད་པ་ལ་དབུ་མར་ཐིམ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། སེམས་དབེན་གྱི་སྔོན་དུ་ངག་དབེན་དགོས་སོ། །དེ་ལ་རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་ནི་ངག་དབེན་གྱི་དམིགས་པའི་ཡུལ་ཡིན་ལ། དེ་ཉིད་སྒོམ་པར་བྱེད་པ་ནི་རྡོ་རྗེའི་བཟླས་པའོ། །དེ་ལ་རྒྱུ་བ་ངེས་པ་དང༌། རྣམ་པ་གསལ་བ་ནི། རླུང་གི་དེ་ཁོ་ན་ཉིད་རྟོགས་པ་ཡིན་ལ། རྡོར་བཟླས་ལྷག་མ་རྣམས་ནི་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཚུལ་ཡིན་ནོ། །སྒྱུ་ལུས་བདེ་ཆེན་དང་རླུང་སེམས་ཙམ་གྱི་ལྷ་སྐུ་གསལ་སྣང་དུ་འཆར་བ་ལ མི་ཤིག་པའི་བདེ་བའི་རྒྱུན་སྔར་ཐོབ་དགོས་པ་དང༌། མཉམ་བཞག་ཏུ་ཐ་མལ་གྱི་ལུས་སྣང་འགགས་ནས་ལྷ་སྐུར་འཆར་བ་ལ། ཕྲ་རགས་ཐིམ་རིམ་གྱི་བདེ་བ་བརྟན་པོ་ཞིག་དགོས་པས། སྒྱུ་ལུས་གྱི་སྔོན་དུ་སེམས་དབེན་དགོས་སོ། །དོན་གྱི་འོད་གསལ་མ་དག་པའི་ལུས་ངག་ཡིད་གསུམ་དབྱིངས་སུ་ཐིམ་པར་བྱེད་པ་ལ། དེའི་སྔོན་དུ་ཏིང་ངེ་འཛིན་གང་ཞིག་མ་དག་པའི་གཉེན་པོར་ཡང་འགྱུར་ཞིང༌། དེ་དག་སྦྱོང་བའི་གཞི་ཡེ་ཤེས་ཀྱི་ལུས་ངག་ཡིད་གསུམ་དངོས་པོ་གཅིག་ཏུ་གྲུབ་དགོས་པས། དོན་གྱི་འོད་གསལ་གྱི་སྔོན་དུ་སྒྱུ་ལུས་འགྲོ་དགོས་སོ། །ཟུང་འཇུག་ནི་དེ་གཉིས་ཀྱི་རིགས་རྒྱུན་ལས་བྱུང་བའི་ཕྱིར། སྤྱིར་དེ་གཉིས་སྔོན་དུ་འགྲོ་དགོས་པ་གོ་སླ་ཡང་


TNT05_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་འགགས་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ། ཆོས་ཉིད་མངོན་སུམ་དུ་རྟོགས་དགོས་པས། ཟུང་འཇུག་གི་སྔོན་དུ་དོན་གྱི་འོད་གསལ་འགྲོ་དགོས་སོ། །ལྔ་པ་དངོས་དང་རྗེས་མཐུན་པའི་དབྱེ་བསྡུ་ནམ། བསྐྱེད་རིམ་དང་ལུས་དབེན་གྱི་རིམ་པ་ལ་གནས་པའི་སྐབས་སུ་དེ་དང་དེའི་ལྷ་སྣང་དངོས་ནི། ལུས་དབེན་ཉིད་ལ་ཡང་བལྟོས་པའི་ལུས་དབེན་ཡིན་ལ། དེ་ན་སྤྱིར་ནས་ལུས་དབེན་དངོས་ཡིན་ཞིང༌། དེ་སྐབས་རླུང་ཅུང་ཟད་དབུ་མར་འགགས་པ་དང༌། གཞན་ཡང་རླུང་གི་རྣལ་འབྱོར་སྣ་ཚོགས་པ་ཡོད་པ་དེ་དག་ལུས་རྣམ་པར་དབེན་པའི་ངག་དབེན་དང༌། སྣང་བཞིའི་བདེ་བ་ཅི་རིགས་པར་ཤར་བ་ནི་དེའི་སེམས་དབེན་དང༌། ལྷ་སྐུའམ་ཐ་མལ་གྱི་སྣང་བ་བདེན་མེད་དུ་བསྒོམ་པ་ནི་དེའི་སྒྱུ་ལུས་དང༌། མི་རྟོག་པ་སྣང་མེད་སྤྲོས་བྲལ་གྱི་ཆ་ནི་དེའི་འོད་གསལ་དང༌། ལྷ་སྐུ་དང་བདེ་བ་འཚོགས་ཤིང་དེ་ཉིད་སྟོང་པས་རྒྱས་ཐེབས་པ་ནི་སྐབས་དེའི་ཟུང་འཇུག་གོ །དེ་རྣམས་ཐམས་ཅད་ཀྱང་བསྐྱེད་རིམ་མམ། ལུས་དབེན་མཚན་ཉིད་པ་ཡིན་ཀྱང༌། ངག་དབེན་ལ་སོགས་པ་ལྔ་བཏགས་པའོ། །དེ་བཞིན་དུ་ངག་དབེན་གྱི་རིམ་པའི་ལྷ་སྐུ་ཙམ་ལུས་དབེན་དང༌། རླུང་གི་རྣལ་འབྱོར་དངོས་ངག་དབེན་དང༌། སྣང་བ་གསུམ་སེམས་དབེན་དང༌། སྒྱུ་མ་ལྟ་བུ་སྒྱུ་ལུས་དང༌། ལྷན་སྐྱེས་སྤྲོས་བྲལ་གྱི་རྣམ་པ་འོད་གསལ་དང༌། དེ་རྣམས་གཅིག་ཏུ་འཚོགས་པ་ཟུང་འཇུག་སྟེ། དེའི་ངག་དབེན་ནི་དངོས་དང༌། ཡོན་ཏན་ཡར་ལྡན་ཡིན་པས་ལུས་དབེན་ཡང་ལུས་དབེན་དངོས་སོ། །སེམས་དབེན་ལ་སོགས་པ་རྣམས་བཏགས་པ་བ་ཡིན་པར་ཤེས་བྱའོ། དེས་གཞན་རྣམས་ལ་ཡང་རིགས་འགྲེ་སྟེ། དེས་ན་བཏགས་པ་བ་དེ་རྣམས་ཀྱང་དངོས་ཀྱི་རྒྱུའམ་གཞི་འདིངས་པ་ཡིན་ལ། དེ་བས་ན་ལས་དང་པོ་དམིགས་


TNT05_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ་འདེབས་ལུགས་དང༌། རྨི་ལམ་འོད་གསལ་བར་དོ་ལ་སོགས་པའི་གདམས་པ་མཐའ་ཡས་པ་དེ་དག་སེམས་དབེན་དང་བདེན་པ་གཉིས་ལ་སོགས་པའི་ཡེ་ཤེས་དངོས་མིན་ཀྱང་དེར་འཇུག་པའི་ཐབས་བླ་ན་མེད་པའོ། །དེའི་ཕྱིར་ཟུང་འཇུག་གི་རིམ་པའི་སྐུ་ལུས་དབེན། གསུང་ངག་དབེན། ཐུགས་སེམས་དབེན། སྒྱུ་མ་ལྟ་བུའི་དཀྱིལ་འཁོར་གྱི་ཆ་ནས་སྒྱུ་ལུས། བདེ་ཆེན་སྤྲོས་བྲལ་གྱི་ཆ་ནས་འོད་གསལ། ཐམས་ཅད་མཉམ་ཉིད་ཀྱི་ཆ་ནས་ཟུང་འཇུག་ཡིན་ཏེ། དྲུག་ཀར་མཚན་ཉིད་དང་ལྡན་པ་ཡང་ཡིན་ལ། ཟུང་འཇུག་ཁོ་ན་ཡང་ཡིན་ནོ། །དེས་ན་ཟུང་འཇུག་དང་ཟུང་འཇུག་གི་རིམ་པ་ལ་ཁྱད་པར་མེད་ཀྱང༌། ལུས་དབེན་ནས་འོད་གསལ་གྱི་བར་ལ་དེ་དང་དེའི་རིམ་པ་ལྔ་པོ་དང༌། དེ་དག་ལྔ་པོ་ལ་ཁྱབ་ཆེ་ཆུང་ཡོད་པ་ཤེས་པར་བྱའོ། །ལྔ་པ་ཡན་ལག་དྲུག་གི་དབྱེ་བ་ནི། རྒྱུད་ཕྱི་མ་ལས། བསྙེན་པ་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་ཏུ་བསྒྲུབ་པར་བྱ། །གཞན་དག་གིས་ནི་བསྒྲུབས་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོའི་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །དབང་པོ་བཅུ་པོ་རྣམས་ཀྱིས་ཀྱང༌། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བའི་རྒྱུད་ནི་ཐམས་ཅད་དུ༌། །


TNT05_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དུ་མ་ཡོངས་བཤད་པ། ། གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་བཞི་པ་ནི། ། འདོད་པ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག།རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པ་བཞག།རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན༌། །སྨིག་སྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། ། རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བ་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། །ཞེས་པ་སྟེ། སྒྲོན་གསལ་འགོས་འགྱུར་དུ་ལུང་དྲངས་པ་བཞིན་བྲིས་པའོ། །དེ་ལ་རྒྱུད་ཕྱི་མ་ལས་བཤད་པའི་ཡན་ལག་དྲུག་པོ་འདི་ནི། དུས་འཁོར་གྱི་ལུགས་


TNT05_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་འདིའི་ཚིག་དོན་ལ་ཡང་ཤིན་ཏུ་འབྱོར་བར་ཡོད་དོ། ། འོན་ཀྱང་འདིར་ནི་སྒྲོན་གསལ་ལྟར་བཤད་ན། རྣམ་གྲངས་ཀྱི་སྒོ་ནས་ཅུང་ཟད་མི་འདྲ་ཡང༌། གནད་ནི་སེམས་འགྲེལ་སྐོར་གསུམ་དང་གཅིག་པར་མཐོང་ངོ༌། འོན་ཀྱང་འདི་ལ་རྒྱ་བོད་ཀྱི་འཕགས་སྐོར་བ་རྣམས་འཆད་ཚུལ་མི་འདྲ་བ་ཤིན་ཏུ་མང་ཞིང༌། ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་སྒྲོན་གསལ་གྱི་ལུགས་གཙང་མ་ཡིན་གསུང་ནས་སོར་སྡུད་མཉམ་བཞག་ལུས་དབེན་ཡིན་པས་ལྷ་མི་སྒོམ་པ་དང༌། བསམ་གཏན་རྗེས་ཐོབ་ལུས་དབེན་ལྷ་སྒོམ་པ་དང༌། འཛིན་པ་དོན་གྱི་འོད་གསལ་དང༌། རྗེས་དྲན་ནི་འོད་གསལ་མཐོང་ལམ་ལས་ལངས་པའི་ཚེ། འབར་སྣང་ལུགས་ཟློག་ཏུ་འབྱུང་བ་དང་ཏིང་ངེ་འཛིན་ཟུང་འཇུག་གི་སྐུར་འཆད་པ་ནི། འགྲེལ་པའི་ཚིག་རིགས་ལ་འགྲེལ་རུང་ཡོད་ཀྱང༌། སེམས་དབེན་དང༌། སྒྱུ་ལུས་མ་ཚང་བས་མཆོག་གི་བསྙེན་པ་མ་རྫོགས་པར་འགྱུར་བ་དང༌། རྗེས་དྲན་དང་ཏིང་ངེ་འཛིན་དུས་མཉམ་དུ་སོང་བས་མཆོག་དམན་མེད་པར་ཐལ་བ་དང༌། ལུས་དབེན་གྱི་མཉམ་གཞག་རྗེས་ཐོབ་ངོས་མ་ཟིན་པ་སོགས་ལུགས་འདི་ལ་ཡང་མི་འཐད་པ་དུ་མ་ཡོད་དོ། དེས་ན་རང་ལུགས་འདི་ལྟར་བྱ་སྟེ། སོར་སྡུད་ནི། ལུས་དབེན་གྱི་ཐོག་མའི་ཆ་ལ། གཞི་ལུས་ཙམ་མ་གཏོགས་སྣང་བ་ཐམས་ཅད་ལྷ་སྐུར་འཆར་མི་ཐུབ་པས་མཉམ་གཞག་གཞི་ལུས་ཀྱི་ཏིང་ངེ་འཛིན་དང༌། རྗེས་ཐོབ་དབང་ཡུལ་ཐམས་ཅད་རྣམ་པར་མི་རྟོག་པའི་བདེ་བས་རྒྱས་བཏབ་ཅིང་མ་བཀག་པར་བསྟེན་པས། མི་རྟོག་པའི་ཡེ་ཤེས་ལ་གཟུགས་སོགས་མཆོག་དམན་འབྲིང་གསུམ་དང་མཐུན་པའི་བདེ་བའི་སྣང་བ་ཤར་བ་དེའོ། །འདི་ལ་མཉམ་བཞག་རྗེས་ཐོབ་གཉིས་ཀར་ཡོད་དོ། །བསམ་གཏན་ནི་ལུས་དབེན་གྱི་རིམ་པའི་ཕྱེད་ཕྱི་མ་


TNT05_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྣང་བ་གང་དང་གང་ཡིན་ཐམས་ཅད་ལ་བདེ་བ་དང་ལྷ་སྐུར་འཆར་ཐུབ་པའི་སྐབས་ཏེ། བདེ་བས་རྒྱས་བཏབ་པའི་ཚེ་ཚུར་ལ་བདེ་བ་འཕེལ་བའི་གྲོགས་བྱེད་ཅིང༌། ལྷ་སྐུ་སོགས་ཉམས་ཀྱི་སྣང་བས་རྒྱས་བཏབ་པ་ན། དེར་འགྱུར་བ་ནི་སངས་རྒྱས་ལྔར་སྦྱོར་བའི་དོན་ནོ། །དེའི་ཚེ་དབང་ཡུལ་ཤེས་པ་གསུམ་བདེ་བ་དང་ལྷར་སྣང་དུ་གྱུར་པ་ནི་རྟོག་པ། དེའི་རང་བཞིན་སྟོང་པར་མོས་ཤིང་ཤེས་པ་ནི་དཔྱོད་པ། སྟོང་པར་མྱོང་ལ་ཁད་པས་ཡིད་ལ་བདེ་བ་ནི་དགའ་བ། སྟོང་པའི་གསལ་སྣང་མྱོང་བས་ལུས་ལ་ཤིན་ཏུ་སྦྱངས་པའི་བདེ་པ་སྐྱེས་པ་ནི་བདེ་བ། མཉམ་བཞག་གི་སྐབས་དེར་གཉིས་སྣང་རགས་པ་ཙམ་འགགས་པས་རྩེ་གཅིག་པ་སྟེ། བསམ་གཏན་ལ་ཡང་མཉམ་རྗེས་གཉིས་ཀར་ཡོད་དོ། །འདི་དག་ཏུ་ཐུན་མོང་མ་ཡིན་པའི་ཞུ་བདེ་ཡང་ཅུང་ཟད་ཡོད་མོད་ཀྱི་བདེ་བ་ན་སེམས་རྩེ་གཅིག་པའི་བདེ་བ་ཤས་ཆེའོ། །འོན་ཀྱང་འདི་ཤིན་ཏུ་གོམས་པ་ལས་སྣང་གསུམ་གྱི་ཡེ་ཤེས་གསལ་པོ་སྐྱེ་བར་བཤད་དོ། །ཡེ་ཤེས་ལྔའི་རང་བཞིན་ཞེས་སོགས་སྲོག་རྩོལ་གྱི་ཡན་ལག་སྟེ་ངག་རྣམ་པར་དབེན་པ་ཡིན་ལ། ཚིག་འདི་གཞུང་གི་དཀྱུས་ལ་ཡོད་པས་འོག་ཏུ་འཆད་དོ། །རང་དབང་རིན་ཆེན་སོགས་འཛིན་པ་སྟེ། སེམས་རྣམ་པར་དབེན་པ་ཡིན་ནོ། །དེ་ལ་རང་སྟེ་ཡུལ་ལྔ་དང་དབང་པོ་ལྔ་དགག་པ་ནི་རགས་པ་ཐིམ་པའོ། །རིན་ཆེན་དགག་པ་ནི་རྣམ་རྟོག་རླུང་དང་བཅས་པ་ཐིམ་པའོ། །སེམས་འགོག་པའི་རྡོ་རྗེ་ནི། སེམས་སྐད་ཅིག་བཞི་པའི་འོད་གསལ་དུ་ཐིམ་པར་བྱེད་པ་སྟེ། སྨིག་སྒྱུ་དུ་བ་མཁའ་སྣང་མར་མེ་རྣམས་སྔོན་དུ་སོང་ནས། སྤྲིན་མེད་ནམ་མཁའ་ལྟ་བུའི་རྟགས་ལ་སྣང་བ་བཞི་པོ་འཆར་བར་འགྱུར་རོ། །རྡོ་རྗེའི་ལམ་རྟགས་ལྔའི་རིམ་པས། ནམ་མཁའི་ཁམས་འོད་


TNT05_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་སྣང་བས་ཆོས་ཐམས་ཅད་ལ་སྟོང་ཉིད་ཀྱི་ཡེ་ཤེས་སྤྲོ་བར་བཤད་དོ། །འདིར་འགྲེལ་པ་ལས། ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་ཞེས་སོགས་བཤད་པས། དོན་གྱི་འོད་གསལ་ཡིན་ནོ་སྙམ་ན་མ་ངེས་ཏེ། ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དངོས་ཀྱི་དབང་དུ་བྱས་ན། རིམ་པ་བཞི་པ་དོན་གྱི་འོད་གསལ་ཙམ་ལའང་མི་རུང་སྟེ། ཡང་དག་མཐའ་དང་མྱང་འདས་ཞེས་པ། ཡུལ་ཆོས་དབྱིངས་དངོས་དང༌། ཡུལ་ཅན་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཁོ་ན་ལ་འཆད་དགོས་ཀྱི། ཤེས་སྒྲིབ་ཀྱི་ཕྱིན་ཅི་ལོག་མང་པོས་བསྒྲིབས་ཤིང༌། ཉོན་མོངས་ཅན་མ་ཡིན་པའི་སྐྱེ་བ་སོགས་ཡོད་པས། མཐོང་ལམ་ཙམ་ཡང་དག་པའི་མཐའ་དང་མྱང་འདས་སུ་མི་འགྱུར་རོ། །དེས་དེ་རྟོགས་པ་ཡིན་པས་ལམ་དུས་ཀྱི་དེ་དང་དེ་ཡིན་ནོ་སྙམ་ན། འདིར་ཡང་མཚུངས་ཏེ་དེས་ན་རྗེས་མཐུན་པ་ལ་དེ་དང་དེའི་མིང་བཞག་པ་ཤིན་ཏུ་མང་བའི་ཕྱིར། སེམས་དབེན་གྱི་ཉེར་ཐོབ་སྐད་ཅིག་མ་བཞི་པ་ལ་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པའི་མིང་གིས་བཏགས་པ་སྟེ། འདིས་ཡང་དག་པའི་མཐའ་རྣལ་འབྱོར་མངོན་སུམ་གྱི་ཚུལ་གྱིས་མ་རྟོགས་ཀྱང་ཉམས་སུ་མྱོང་བའི་སྒོ་ནས་གསལ་བར་མཚོན་ནུས་པ་ཡིན་ནོ། །རྗེས་དྲན་གང་ཞིག་སོགས་རྗེས་དྲན་གྱི་ཡན་ལག་སྟེ་འདི་ནི་སྒྱུ་ལུས་ཀྱི་རིམ་པའོ། །དེ་ཡང་ཐོག་མར་སེམས་དབེན་གྱི་འོད་གསལ་ལ་ཇི་ལྟར་ཞུགས་པའི་རིམ་པ་རྣམས་དེ་དང་འདྲ་བ་ལས་ལུགས་ཟློག་གི་ཚུལ་དུ་བསྒྱུར་ཏེ། སྣང་གསུམ་དང་རྟགས་བཞི་ལུགས་ཟློག་ཏུ་འབྱུང་བ་ལས་སྒྱུ་ལུས་ཀྱི་ལྷ་སྐུའི་དཀྱིལ་འཁོར་རྩ་བ་དང་ཡན་ལག་དཔག་ཏུ་མེད་པ་སྤྲོ་བའོ། །དེ་ནས་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་ཕྱིན་གྱི་བར་དུ་


TNT05_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་རིམ་པས་དཔེའི་འོད་གསལ་དུ་འཇུག་པ་སྔོན་འགྲོར་བཏང་ནས། དེ་ལས་ལངས་ཏེ་སྒྱུ་ལུས་སུ་སྤྲོ་བ། དངོས་གཞིའི་ཚུལ་དུ་སྒོམ་པའི་རིམ་པ་དེ་ཡང་ཡང་སྦྱངས་པའི་ལྷར་སྣང་གོང་འཕེལ་དུ་འགྲོ་བ་ནི། རྗེས་དྲན་གྱི་ཡན་ལག་སྟེ། རྗེས་དྲན་བཅུ་དྲུག་གི་སྐབས་ལས་སངས་རྒྱས་རྗེས་དྲན་ལ་སོགས་པ་རྗེས་དྲན་གྱི་ཡན་ལག་ཏུ་སྦྱོར་རྒྱུ་རྣམས་ཀྱང་སྐབས་འདིར་འགྲིག་སྟེ། སྦྱང་བྱ་སྣ་ཚོགས་པ་སྦྱོང་བའི་དོན་དུ་རྣམ་པ་མི་འདྲ་བ་ཡང་ཡང་སྒོམ་པའོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི། ཐབས་དང་སོགས་ཏེ། ཐབས་སྒྱུ་ལུས་དང༌། ཤེས་རབ་འོད་གསལ་མཉམ་པར་འཇུག་པ་ནི། སྒྱུ་ལུས་ཀྱི་སྣང་བ་འོད་གསལ་བདེ་སྟོང་དུ་འཇུག་པ་ཡིན་ལ། དངོས་པོ་ཐམས་ཅད་གོང་བུའི་ཚུལ་དུ་བསྡུས་པ་ནི། བསམ་གཏན་གཉིས་ལ་བརྟེན་ནས་སྣོད་བཅུད་ཐམས་ཅད་བདེ་ཆེན་གཅིག་ཏུ་བསྡུ་བའོ། །དེ་ནས་དེ་ལས་ཟུང་འཇུག་དང་འདྲ་བའི་ལྷ་སྐུ་ཡུད་ཙམ་གྱིས་ལྡང་བ་ནི། སྒྱུ་ལུས་དང་འོད་གསལ་གྱི་རིམ་པ་གཉིས་པོ་སྒོམ་དོན་གྱི་རིམ་པ་འདྲ་ཡང༌། ཁྱད་པར་ནི་སྒྱུ་ལུས་ཀྱི་རིམ་པའི་སྐབས་འོད་གསལ་དུ་འཇུག་པ་སྔོན་འགྲོའི་ཚུལ་གྱི་ཡུན་ཐུང་བར་བྱེད་ཅིང༌། ལྷར་སྣང་དུ་སྤྲོ་བ་དངོས་གཞིའི་ཚུལ་གྱི་ཡུན་རིང་དུ་སྒོམ་པ་ཡིན་ལ། འདིར་ནི་འོད་གསལ་དུ་བཅུག་ནས་བདེ་སྟོང་སྒོམ་པ་དངོས་གཞིའི་ཚུལ་གྱི་ཡུན་རིང་དུ་མཉམ་པར་བཞག་ནས། ལྷར་སྣང་སྤྲོ་བ་རྗེས་ཀྱི་ཚུལ་དུ་ཡུན་ཐུང་བར་བསྒོམ་པའི་ཁྱད་པར་ཡིན་ནོ། །དེ་ལྟར་ཚུལ་འདི་ཉིད་ཡང་ནས་ཡང་དུ་གོམས་པར་བྱས་པས། མཐར་མངོན་པར་བྱང་ཆུབ་པའི་དབང་བསྐུར་ལ་བརྟེན་ཏེ། དོན་གྱི་འོད་གསལ་རྟོགས་ནས་ཟུང་འཇུག་ཏུ་འགྱུར་པ་ཡིན་མོད་ཀྱི། ཟུང་འཇུག་ནི་མཆོག་གི་དངོས་གྲུབ་ཡིན་པས་བསྒྲུབ་བྱ་འབྲས་བུར་


TNT05_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ཞིང༌། ཡན་ལག་དྲུག་ནི་དེ་སྒྲུབ་བྱེད་ཀྱི་བསྙེན་པའོ། །བདུན་པ་རྣལ་འབྱོར་གསུམ་གྱི་མཚན་ཉིད་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་སྒྱུ་འཕྲུལ་དྲ་བའི་ལུང་སྒྲོན་གསལ་དུ་དྲངས་པ། རྣལ་འབྱོར་གསུམ་དུ་ཤེས་བྱ་སྟེ། བྱིན་གྱིས་རླབས་དང་ཡོངས་བརྟགས་དང༌། །གཟུགས་ཉིད་ཡོངས་སུ་རྫོགས་པ་སྟེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །སྔགས་ཀྱིས་བྱིན་རླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་རླབས་ཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང༌། །གསང་སྔགས་ས་བོན་སྐྱེ་བ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡི། །རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡུད་ཀྱིས་ཡེ་ཤེས་རྫོགས་པ་ནི། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་ཡོངས་སུ་བརྟགས་པའི་རྣལ་འབྱོར་དང༌། བྱིན་གྱིས་རླབས་པའི་རྣལ་འབྱོར་དང༌། ཡོངས་སུ་རྫོགས་པའི་རྣལ་འབྱོར་ཏེ་གསུམ་མོ། །དང་པོ་ནི། སྟོང་པའི་ངང་ལས་ས་བོན་ཕྱག་མཚན་ལ་སོགས་པའི་རིམ་པས་ཞལ་ཕྱག་ཅན་གྱི་ལྷ་སྐུ་རྫོགས་པར་བསྐྱེད་པ་ནི། བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་དངོས་དང༌། ཡིག་འབྲུ་ཐིག་ལེ་འོད་ཟེར་སྤྲོ་བསྡུ་སོགས་ལ་དམིགས་པའི་མཚན་བཅས་ཀྱི་རྫོགས་རིམ་དུ་གྲགས་པ་རྣམས་ཀྱང་བདེ་བ་བསྐྱེད་པའི་ཆ་ནས་ལྷའི་འབྱོར་རོ། །གཉིས་པ་བྱིན་གྱིས་བརླབ་པའི་རྣལ་འབྱོར་ནི། །སྔགས་བདེ་སྟོང་གིས་བྱིན་གྱིས་བརླབས་པ་ལས་སྐད་ཅིག་གིས་བསྐྱེད་པ། ཞལ་ཕྱག་ཅན་གྱི་ལྷ་ལུས་དབེན་དང༌། རླུང་སྔགས་དབྱེར་མེད་དང༌། སེམས་དབེན་གྱི་བདེ་བ་སོགས་མ་བརྟགས་པར་སྐད་ཅིག་


TNT05_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ལ་གྲུབ་པ་ཞལ་ཕྱག་སྤངས་པའོ། །གསུམ་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། ཞལ་ཕྱག་དང་ལྡན་པ་སྒྱུ་ལུས་ཟུང་འཇུག་དང༌། ཞལ་ཕྱག་སྤངས་པ་འོད་གསལ་བདེ་ཆེན་ཏེ་ལྷའི་རྣལ་འབྱོར་གསུམ་དུ་རིམ་པ་ལྔ་ཅར་འདུས་པའོ།། །།གཉིས་པ་རྒྱས་པར་བཤད་པ་ལ། མདོར་བྱས་ལས་འབྱུང་བ་ལྟར་བསྐྱེད་པའི་རིམ་པའི་རྣལ་འབྱོར་བཤད། སྤྱོད་བསྡུས་ལས་འབྱུང་བ་ལྟར་ལུས་རྣམ་པར་དབེན་པ་བཤད། གཞུང་འདི་ཉིད་ཀྱི་ཚིག་དོན་དང་འབྲེལ་བ་རྣམས་རྒྱས་པར་བཤད་པའོ། །དེ་ལ་དང་པོ་ནི། འདི་སྐད་དུ། བསྐྱེད་པའི་རིམ་པས་མ་སྨིན་པ་ལ། རྫོགས་པའི་རིམ་པའི་ཡེ་ཤེས་སྐྱེ་བ་ཡོད་དམ་མེད་ཅེ་ན། སྤྱིར་ཡོད་པ་ནི་ཡིན་ཏེ། སྒྲོན་གསལ་ལས་ཀྱང། དེ་བཞིན་དུ་འཚམས་མེད་པ་དང༌། རྩ་བའི་ལྟུང་བ་སྤྱད་པ་རྣམས་ཀྱི་དབང་དུ་བྱས་ནས། དེ་རྣམས་ཀྱང་འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཐོབ་ནས་འགྲུབ་པར་འགྱུར་ཞིང། སངས་རྒྱས་ཉིད་ཐོབ་པར་འགྱུར་ན་རིགས་ངན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་འབྱུང་སྟེ། དབང་པོ་རྣོན་པོ་ཞིག་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་ཀྱང༌། རྫོགས་རིམ་ཁོ་ནས་སྦྱོང་ཐུབ་པར་གསུངས་ན། ལས་ཀྱི་སྒྲིབ་པ་ཆེན་པོ་དང་མི་ལྡན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཡང་ཅི་སྟེ་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྔོན་སོང་གི་རྫོགས་རིམ་ཐོབ་པས་སྦྱོང་བ་ཡིན་ན་ནི། རིན་པ་གཉིས་ཀྱི་ཡེ་ཤེས་ཞེས་བརྗོད་དགོས་ཏེ། རྫོགས་རིམ་གྱིས་སྦྱོང་ངོ་ཞེས་པ་མི་མཛེས་པར་འགྱུར་རོ། །དེ་ལྟ་ན་ཡང་ད་ལྟའི་གང་ཟག་ཕལ་གྱི་དབང་དུ་བྱས་ན། སྐས་ཀྱི་གདང་བུའི་དཔེ་ལྟར་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བ་ལ། བསྐྱེད་རིམ་བསྒོམ་པ་སྔོན་དུ་འགྲོ་བའམ། བསྐྱེད་རིམ་དང་རྫོགས་རིམ་གྱི་སྒྲུབ་པ་གཉིས་ཀ་


TNT05_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཉམ་དུ་བསྒོམ་པས། ཐོག་མར་བསྐྱེད་རིམ་དང་ཐུན་མོང་གི་ཡོན་ཏན་རྣམས་ཤར། དེ་རྗེས་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་སྐྱེ་བ་ཡང་ཡོད་དོ། །དེ་ཡང་བསྙེན་པའི་རིམ་པ་དང༌། སྒྲུབ་པའི་རིམ་པ་དང༌། སྒྲུབ་པ་ཆེན་པོའི་རིམ་པ་ལ་བརྟེན་ནས། བསྐྱེད་རིམ་དང་དེའི་འབྲས་བུ་རྣམས་མངོན་དུ་བྱེད་པ་ཡིན་ནོ། །དེ་ལ་བསྐྱེད་པའི་རིམ་པ་ནི། ཀུན་རྫོབ་ཀྱི་རྣལ་འབྱོར་ཡིན་ཏེ། རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ལས། །གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང༌། །དེ་ཚེ་རྒྱལ་བའི་དངོས་པོ་སྦྱང་བ་ཡོད། །ཀུན་རྫོབ་བདེན་པར་ཡང་དག་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱིས་ཆོས་ཙམ་རྣམ་པར་བསྒོམ། ཞེས་དང༌། ལེའུ་བཅུ་བཞི་པ་ལས། ཕལ་བའི་གནས་སྐབས་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །རང་བཞིན་གནས་སྐབས་ཐོབ་པའི་ཕྱིར། །སྒོམ་པ་ཡང་ནི་སྒོམ་པ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་པའི་ཕྱིར། སངས་རྒྱས་རྣམས་ཀྱི་སྐུ་གཟུགས་བསྒོམ་པར་བྱའོ། །ཞེས་གསུངས་ཏེ། ཕལ་བའི་གནས་སྐབས་ཅེས་པ། ཐ་མལ་གྱི་རྣམ་རྟོག་སྟེ། སྣོད་བཅུད་རྣམས་ཡུལ་དུས་ངེས་པ་སོགས་རང་རང་གི་མཚན་མ་ཅན་འདྲེས་ཤིང་འགལ་བར་འཛིན་པ་དང༌། དེ་ཉིད་ཀྱི་ཕྱིར་རང་གི་རང་བཞིན་འདི་ལ་མཐའ་ཡས་པའི་སངས་རྒྱས་ཀྱི་རང་བཞིན་མ་ཡིན་པར་མངོན་པར་ཞེན་པ་ཉིད་དོ། །དེའི་གཉེན་པོར་བསྐྱེད་པའི་རིམ་པ་བསྒོམ་པ་ཡང༌། མ་དག་པའི་དངོས་པོར་ཞེན་པའི་གཉེན་པོར་སྟོང་པ་ཉིད་དང་ལྷ་སྣང་གཉིས་ཀར་སྒོམ་པ་ཡིན་ལ། དཀྱིལ་འཁོར་མ་ཡིན་པར་ཞེན་


TNT05_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན་པོར་དཀྱིལ་འཁོར་ཉིད་སྒོམ་པ་ཡིན་ནོ། །འཇིག་རྟེན་པའི་རྣམ་རྟོག་རྩ་བ་ནས་དྲུང་འབྱིན་པར་ནུས་པའི་འགལ་བ་ཅན་གྱི་གཉེན་པོ་དེ་འདྲ་མིན་ཡང༌། གཉེན་པོ་སངས་རྒྱས་ཀྱི་གཟུགས་ཀྱི་རྣམ་པ་ཡིད་ལ་བྱས་པས། སྤང་བྱ་མི་གཙང་བར་ཞེན་པའི་རྣམ་རྟོག་ཚང་ཅན་ཏེ། ཕྱོགས་རེ་ལ་མངོན་པར་ཞེན་པ་དེ་འདྲ་སུན་འབྱིན་པའི་གཉེན་པོའི་ཚུལ་གྱིས་སྦྱོང་བ་ནི་ཡིན་ནོ། །དེ་ཡང་སྤྱིར་ཕྱི་རོལ་པ་སོགས་འཇིག་རྟེན་པའི་ལམ་གྱིས་སྲིད་རྩེ་མན་ཆད་ཐོབ་པ་སྲིད་ཀྱང༌། བདག་ལྟ་མ་སྤངས་པའི་ཉམས་ཤིང་ལྡོག་པར་འགྱུར་ལ། ཉན་རང་དག་གིས་བདག་མེད་རྟོགས་པས་ཕྱིར་ལྡོག་པ་མིན་ཡང་སྙིང་རྗེ་ཆེན་པོ་དང་བྲལ་བས་ཞི་བའི་མཐར་ལྟུང་ངོ༌། །བྱང་ཆུབ་སེམས་དཔའ་དག་ནི་ཆོས་ཀྱི་བདག་མེད་རྟོགས་ཤིང་སྙིང་རྗེ་ཆེན་པོ་དང་ལྡན་པས་ན། མི་གནས་པའི་མྱ་ངན་ལས་འདས་པ་ལ་ངེས་པར་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང་དེ་ཙམ་གྱིས་ཐ་མལ་གྱི་རྣམ་པར་རྟོག་པ་དྲུང་འབྱིན་པར་མི་ནུས་པས་ལྷ་སྐུ་བསྒོམ་པ་དགོས་ལ། ཡིད་ངོར་ཆེས་གསལ་བར་ཤར་བའི་ལྷ་སྐུ། དེ་ཡང་ལས་དང་པོ་པ་དག་གིས་ནི་བསྐྱེད་པའི་རིམ་པ་ལ་བརྟེན་ནས་བསྒྲུབ་དགོས་པ་ཤས་ཆེ་ཞིང༌། མྱུར་དུ་འགྲུབ་པའང་ཡིན་པའི་ཕྱིར་དེ་བསྒོམ་པ་ཡིན་ནོ། །དེ་ལས་ཀྱང་དང་པོར་ནི། ལྷ་དཔའ་བོ་གཅིག་པ་ལྟ་བུ་བསྒོམས་ཏེ་སེམས་ཤིན་ཏུ་བརྟན་པར་གྱུར་བ་ན། རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་བ་སྟེ། གསང་འདུས་ཀྱི་དཀྱིལ་འཁོར་ལས་ཡང་ལྷ་གྲངས་མང་ཉུང་སྣ་ཚོགས་ཡོད་མོད་ཀྱི། ལུགས་འདི་ལ་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པའི་ཕྱིར། དང་པོར་དབང་བསྐུར་བ་དང༌། གནས་སྐབས་པའི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ཐོབ་པའི་


TNT05_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལྷ་བསྙེན་པ་དང༌། ཕྱིས་བསྒོམ་པའི་ནུས་པ་ཐོབ་པ་ན་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྒོམ་པ་སྟེ། གནས་སྐབས་གསུམ་པོ་དེར་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་ལ་བསྔགས་པར་མཛད་དོ། །རྣལ་འབྱོར་སྒོམ་པའི་དུས་ནི། མངོན་རྟོགས་རྒྱས་པའི་གོ་རིམ་གཞུང་འདེད་ཐུན་བཞིར་བསྒོམ་ཀྱང་གསལ་སྣང་མི་འགྲུབ་པས། དཔའ་བོ་གཅིག་པ་ལ་ཡུན་རིང་དུ་བསྒོམས་པས་ནམ་ཞིག་གསལ་སྣང་གྲུབ་པ་ན་རིམ་གྱིས་རིམ་གྱིས་བསླབས་པས། དེ་རྗེས་ནས་མི་རིང་བར་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གསལ་སྣང་དང༌། ང་རྒྱལ་དང་སྒྱུ་མ་ལྟ་བུར་བསྒོམ་པ་གསུམ་བརྟན་པ་ཐོབ་པ་ན། སྒྲུབ་ཐབས་རྒྱས་པ་བསྒོམ་པའི་ནུས་པ་ཐོབ་པ་ཡིན་ནོ། །དེ་ལྟ་བས་ན་མདོར་བྱས་ལས། གནས་ཀྱི་ངེས་པའི་སྐབས་སུ། དགོན་པ་ཆེན་པོའི་ས་ཕྱོགས་སུ་ཞེས་སོགས་རྒྱུད་ཀྱི་ལུང་དྲངས་ཤིང༌། ལུང་དེའི་དོན་འཆད་པ་ན། སྒྲོན་གསལ་ལས། དངོས་གྲུབ་ཐམས་ཅད་སྒྲུབ་པའི་གནས་བསྟན་པའི་ཕྱིར། དགོན་པ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེས་སྒྲུབ་པའི་སྐབས་སུ་ཡིན་པར་གསུངས་པ་དང༌། ཕྱི་རོལ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་འབྱིན་པར་གསུངས་པས་ཀྱང༌། ལས་དང་པོ་ཁོ་ནས་བསྒྲུབ་པ་མིན་པར་གསལ་ཏེ། དེ་ནི་ལུགས་འདིར་མ་ཟད་གསང་སྔགས་སྤྱིའི་ཚུལ་དུ་སྣང་ལ། འོན་ཏེ་ལས་དང་པོ་པས་ཀྱང་མོས་སྒོམ་གྱི་ཚུལ་གྱིས་དེ་ལྟར་ཉམས་སུ་བླངས་ན། བག་ཆགས་ཁྱད་པར་ཅན་འཇོག་པ་ནི་ངེས་པར་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོར་རགས་པ་ཡོངས་སུ་རྫོགས་པ་ལ། གསལ་སྣང་ཐོབ་པ་ཙམ་ནི་བསྐྱེད་རིམ་ཉིད་ལ་


TNT05_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བལྟོས་པའི་སྔགས་ལ་གཞོལ་བ་ཡིན་ལ། །ཕྲ་ཐིག་གི་རྣལ་འབྱོར་ལ་བརྟེན་ནས་དཀྱིལ་འཁོར་ཕྲ་མོ་ལ་གསལ་སྣང་ཐོབ་པ་དེའི་ཚེ་བསྐྱེད་རིམ་ཉིད་ལ་བལྟོས་པའི་ནང་ལ་མཆོག་ཏུ་གཞོལ་པ་ཡིན་ནོ། །ཡང་རྒྱུད་ལས། རྩེ་གཅིག་མ་གྱུར་པ་ཡིས་ཀྱང༌། །བརྟུལ་ཞུགས་བརྟན་པས་འདི་དག་བྱ། ཞེས་ཏིང་ངེ་འཛིན་མ་ཐོབ་ཀྱང་ལས་ཚོགས་ཕྲ་མོ་འགའ་ཞིག་འགྲུབ་པར་བཤད་ལ། སྤྱིར་ལས་དང་གྲུབ་པ་ཐམས་ཅད་གཙོ་བོར་ཏིང་ངེ་འཛིན་འགྲུབ་པས་བསྒྲུབ་པར་བྱ་བ་ཡིན་ཏེ། ཡེ་ཤེས་ཞབས་ལུགས་པ་རྣམས་ཡེ་ཤེས་ལ་ཅུང་ཟད་དབང་བ་ན་ཐུན་མོང་སྒྲུབ་ཅིང༌། ཡེ་ཤེས་ལ་དབང་བ་ན་མཆོག་སྒྲུབ་པར་བཞེད་པ་ལྟར་ཡིན་པས་སོ། །འདིར་རྩ་བའི་རྒྱུད་ལས་འབྱུང་བ། རགས་བཤད་ཀྱི་དབང་དུ་བྱས་ན། དགུག་པའི་ཆོ་ག་དང༌། རྡོ་རྗེ་རྒྱ་མཚོ་རྐང་པས་གནོན་པའི་ཆོ་ག་དང༌། སྐུལ་བྱེད་མ་སྒྲུབ་པ་དང༌། ཛམྦྷ་ལ་སྒྲུབ་པ་དང༌། གནོད་སྦྱིན་མོ་སྒྲུབ་པ་དང༌། ཞི་བའི་ལས་ཀྱི་རིམ་པ་ནི། སྤྱན་མས་ནད་ཞི་བ་དང༌། སྤྱན་མས་ཤི་བ་སློང་བ་དང༌། རྣམ་པར་སྣང་མཛད་ཀྱིས་དུག་ཞི་བ་དང༌། མི་བསྐྱོད་པས་དུག་ཞི་བ་དང༌། འོད་དཔག་མེད་ཀྱིས་ཉེ་བའི་དུག་ཞི་བ་དང༌། རྟ་མགྲིན་གྱིས་དུག་སྤོ་བ་དང༌། གཙུག་ཏོར་འཁོར་ལོས་བསྒྱུར་བས་དུག་སྤོ་བ་དང༌། རྣམ་སྣང་གིས་ནད་ཞི་བར་བྱེད་པ་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌།འོད་དཔག་མེད་དང༌། དོན་ཡོད་གྲུབ་པས་ནད་གསོ་བ་རྣམས་སོ། །རྒྱས་པའི་ལས་ཀྱི་རིམ་པ་ནི། འོད་དཔག་མེད་ཀྱིས་རྒྱས་པར་བྱེད་པ་དང༌། གོས་དཀར་མོས་རྒྱས་པར་བྱེད་པ་དག་གོ ། དབང་གི་ལས་ཀྱི་རིམ་པ་ནི། དོན་ཡོད་གྲུབ་པས་དབང་དུ་བྱ་བ་དང༌། སྒྲོལ་མས་


TNT05_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བ་དང༌། ལྷ་མོ་མདའ་ཅན་མས་དབང་དུ་བྱ་བ་དང༌། འཇམ་པའི་རྡོ་རྗེས་དབང་དུ་བྱ་བ་རྣམས་སོ། །མངོན་སྤྱོད་ཀྱི་ལས་ཀྱི་རིམ་པ་ནི། རྡོ་རྗེ་ཁྲོ་བོས་བསད་པ་དང༌། གཤིན་རྗེ་གཤེད་ཀྱིས་བསད་པ་དང༌། བདུད་རྩི་འཁྱིལ་བས་བསད་པ་དང༌། རྡོ་རྗེ་མཁའ་འགྲོ་མས་བསད་པ་དང༌། དབྱུག་སྔོན་ཅན་གྱིས་བསད་པ་དང༌། ཁྲོ་བོ་གང་ཡང་རུང་བས་བསད་པ་དང༌། ཁྲོ་བོ་གང་ཡང་རུང་བས་ཕུར་བུས་གདབ་པ་དང༌། རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་ཕུར་བུས་གདབ་པ་གསུམ་དང༌། གང་ཡང་རུང་བའི་རྣལ་འབྱོར་གྱིས་སྦྲུལ་གྱིས་འཛིན་དུ་གཞུག་པ་དང༌། གཤིན་རྗེ་གཤེད་ཀྱིས་འགས་པར་བྱེད་པ་དང༌། གཡང་དུ་ལྷུང་བར་བྱེད་པ་དང༌། སྲིན་པོས་འཛིན་དུ་འཇུག་པ་དང༌། མགུལ་དགག་པ་དང༌། སྦྱིན་སྲེག་གིས་དགྲ་བོས་བྱས་པའི་ལས་བཟློག་པ་རྣམས་ སོ། །གནས་ནས་སྤོ་པའི་ཆོ་ག་ནི། རང་གི་ལྷའི་སྦྱོར་བས་སྐྲོད་པ་དང༌། བདུད་རྩི་འཁྱིལ་བའི་སྦྱོར་བས་སྐྲོད་པ་རྣམས་སོ། །གཞན་གྱིས་མི་ཐུབ་པའི་སྦྱོར་བས་བསྒྲུབ་བྱ་སྲིན་པོས་འཛིན་དུ་གཞུག་པ་ཡང་ངོ༌། །ཡང་དགུག་པའི་ཆོ་ག་རྣམས་ལ་རྣམ་སྣང་དང༌། མི་བསྐྱོད་པ་དང༌། འོད་དཔག་མེད་གསུམ་གྱིས་དགུག་པའི་ཆོ་ག་གསུམ་དང༌། གཤིན་རྗེ་གཤེད་ཀྱི་སྦྱོར་བས་དགུག་པ་དང༌། འདོད་པའི་རྒྱལ་པོ་དང༌། མི་གཡོ་བ་དང༌། གནོད་མཛེས་རྒྱལ་པོ་དང༌། ཁྲོ་བོ་གང་ཡང་རུང་བ་དང༌། ཐོར་ཚུགས་གཅིག་མ་ཀླུའི་བུ་མོ་དགུག་པ་དང༌། ཁྲོ་གཉེར་མས་རིག་འཛིན་གྱི་བུ་མོ་དགུག་པ་དང༌། གཤིན་རྗེ་གཤེད་ཀྱིས་སྲིན་པོ་བཀུག་ནས་སྐྱེས་པའམ་བུད་མེད་དགུག་ཏུ་གཞུག་པ་དང༌། གཤིན་རྗེ་གཤེད་ཀྱི་སྦྱིན་སྲེག་གིས་དགུག་པ་རྣམས་སོ། །རྡོ་རྗེ་འཛིན་པས་ཚར་བཅད་


TNT05_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཁྲོ་བོའི་འཁོར་ལོས་དཔུང་གནོན་པ་གཉིས་དང༌། ཕུར་བུས་དཔུང་གནོན་པ་དང༌། སྟོབས་པོ་ཆེས་ཆར་དབབ་པ་དང༌། སྟོབས་པོ་ཆེས་ཞི་བའི་སྦྱིན་སྲེག་གིས་ཆར་དབབ་པ་དང༌། འཁྲུལ་འཁོར་གྱིས་དབབ་པ་དང༌། ཀླུའི་དཀྱིལ་འཁོར་བྲིས་ནས་ཆར་དབབ་པ་དང༌། མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་དབབ་པ་དང༌། གནོད་མཛེས་ཀྱིས་སྟོབས་པོ་ཆེ་མནན་ཏེ་ཆར་དབབ་པ་དང༌། མཱ་མ་ཀིས་བསྒྲུབ་བྱ་སྲུང་བ་དང༌། ཁྲོ་བོས་བསམ་གཏན་གྱི་བགེགས་སྲུང་བ་དང༌། མངག་གཞུག་སྒྲུབ་པ་སྟེ་དེ་རྣམས་ནི་ལས་ཀྱི་ཚོགས་སོ། །དངོས་གྲུབ་དམ་པ་སྒྲུབ་པ་ནི། གླང་ཆེན་ཤ་ཡིས་མངོན་ཤེས་སྒྲུབ། །རྟ་ཡི་ཤ་ཡིས་མི་སྣང་སྒྲུབ། །དགུག་པ་བ་ལང་ཤ་ཡིས་སྒྲུབ། ཁྱི་ཡི་ཤ་ཡིས་ཐམས་ཅད་སྒྲུབ། ། ཅེས་བྱ་བ་སྟེ། ཤ་བཞིས་རང་གི་ལུས་ཁྱད་པར་བསྒྲུབ་པའོ། །རིག་འཛིན་སྒྲུབ་པ་ནི། དེ་བཞིན་གཤེགས་པ་དང༌། འོད་དཔག་མེད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པའི་རིག་འཛིན་སྒྲུབ་པ་པོ་སྟེ་ལྔ་དང༌། ཡང་དེ་དག་ཕྱག་མཚན་གྱིས་སྒྲུབ་པ་དང༌། ཡང་དེ་དག་ཏིང་ངེ་འཛིན་གྱིས་སྒྲུབ་པ་དང༌། ཡང་དེ་དག་བཟླས་བརྗོད་ཀྱིས་སྒྲུབ་པ་དང༌། འཇམ་དཔལ་དང་ཁྲོ་བོས་རིག་འཛིན་སྒྲུབ་པ་དང༌། ནམ་མཁའི་སྙིང་པོས་མི་སྣང་བ་བསྒྲུབ་པ་དང་སྤྱན་རས་གཟིགས་ཀྱིས་ཚིག་སྒྲུབ་པ་དང༌། བྱམས་པས་མཚོན་ཆས་མི་ཚུག་པ་དང༌། འཇམ་དཔལ་གྱི་བཟླས་པས་མི་སྣང་བ་སྒྲུབ་པ་དང༌། ཕྱག་རྒྱ་ཆེན་པོ་གང་ཡང་རུང་བས་རིལ་བུ་སྒྲུབ་པ་དང༌། རང་གི་ལྷས་མི་སྣང་བ་བསྒྲུབ་པ་དང༌། མིག་སྨན་སྒྲུབ་པ་རྣམས་སོ། །སྤྱོད་པ་སྤྱད་པས་ཕྱག་རྒྱ་ཆེན་པོ་


TNT05_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཏེ། ཡེ་ཤེས་ལ་དབང་དུ་གྱུར་པས་སོ། །འདི་ཙམ་ཞིག་མདོར་བསྟན་པའི་ཚུལ་གྱིས་ཐོག་མར་ཤེས་པར་བྱས་ནས། དོན་གྱི་མདོ་འདི་ཉིད་བློ་ལ་གཟུང་ནས་ཏེ། རྒྱུད་འགྲེལ་ཆེན་པོ་ཉན་ན། བློ་ལ་མི་འཛིངས་པར་འགྱུར་མོད། མངོན་རྟོགས་ཀྱི་ཚུལ་དུ་ཞིབ་མོར་རྟོགས་འདོད་ན་འགོས་ལུགས་ཀྱི་གཏོང་ཐུན་ཆེན་པོ་ན། བླ་མའི་མན་ངག་དང་བཅས་ཏེ་གསལ་བར་བྲིས་གནང་བས། དེ་དག་ལ་སོགས་པ་ལུགས་རྙིང་པའི་ཡི་གེ་ཞིབ་མོ་རྣམས་ལས་རྟོགས་པར་བྱ་ཞིང༌། དེ་དག་ལ་སྒྲོན་གསལ་ཉིད་དང་ཞུས་དག་བྱ་དགོས་པ་ཅུང་ཟད་ཙམ་ཡོད་མོད། བཤད་པ་དང་མན་ངག་གི་འགངས་རྣམས་ཤིན་ཏུ་བཟང་པོར་རྟོགས་པར་བྱའོ། །ད་ནི་ཉེ་བར་མཁོ་བ་སྒྲུབ་ཐབས་ཉིད་ཀྱི་དག་བྱ་དག་བྱེད་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་ཏིང་ངེ་འཛིན་གྱི་རིམ་པ་བཤད་པ། སྒྲུབ་ཐབས་ཀྱི་ཆིངས་བཤད་པ། ལས་དང་དངོས་གྲུབ་སྒྲུབ་ཚུལ་ལ་ཇི་ལྟར་བྱ་བའི་ཚུལ་བསྐྱེད་རིམ་རྣལ་འབྱོར་གཉིས་གསལ་བར་ངོས་གཟུང་པའོ། །དང་པོ་ལ་རྣལ་འབྱོར་གྱི་སྔོན་འགྲོ །རྣལ་འབྱོར་དངོས་གཞི། རྗེས་ཐུན་མཚམས་ཀྱི་སྤྱོད་པ་སྟེ་གསུམ་མོ། ། དང་པོ་ནི། འདིར་རྒྱ་གར་བ་ཕྱི་མ་འགའ་ཞིག་དང༌། བུ་སྟོན་ཆེན་པོ་ནས་གཟུང་བོད་ཕྱིས་བྱུང་ཐམས་ཅད་མགྲིན་གཅིག་ཏུ་ཚོགས་ཞིང་སྤྱན་འདྲེན་སོགས་བསོད་ནམས་ཚོགས་གསོག་གཞན་དང་མཐུན་པ་ཞིག་མཛད་ལ། རྒྱ་གར་ལྔ་རབས་པ་རྣམས་ཀྱིས་ནི་མ་བཤད་ཅིང༌། བོད་སྔ་རབས་པ་རྣམས་ལ་ནི་བྱེད་པ་དང་མི་བྱེད་པ་སྣ་ཚོགས་འདུག་ཀྱང༌། འདིར་རྩ་བའི་གཞུང་རྣམས་དང་རྩ་བའི་གཞུང་མིན་ཡང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས་ལུགས་རྙིང་པ་རྣམས་ལས་མ་བཤད་


TNT05_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་མི་དགོས་པའི་སྒྲུབ་བྱེད་ཡིན་ཞིང༌། ཅི་སྟེ་ཚོགས་གསོག་ཞིག་སྔོན་དུ་འགྲོ་བར་འདོད་ན་ནི། སྒོམ་པའི་སྔོན་དུ་མཎྜལ་མཆོད་པ་ཉིད་བྱ་ཡི། དམིགས་པའི་རིམ་པ་བློས་བཏགས་བསྣན་པ་ནི་དགོས་པ་ཆུང་ལ། འོན་ཀྱང་སྐྱོན་དུ་འགྱུར་བ་ནི་མ་ཡིན་མོད། ཕྱིས་ཀྱི་བོད་ཐམས་ཅད་ཡེ་ཤེས་ཞབས་ཀྱིས་མཛད་པའི་རྒྱུན་བཤགས་སྣོན་པ་ནི་ཤིན་ཏུ་མི་འབྲེལ་ལ། ཁ་ཅིག་གུར་ནས་འབྱུང་བ་ལྟར་བྱེད་པ་ཡང༌། རྒྱུད་ཚིག་ཡིན་པས་བཟང་མོད་ཀྱི། རྒྱུད་སྡེའི་རིམ་པ་ལྟར་ན་ཅུང་ཟད་མི་འབྲེལ་ཏེ། ཐབས་རྒྱུད་ཀྱིས་ཤེས་རབ་ཀྱི་རྒྱུད་ལ་ཁ་འགེངས་པ་འཐད་ཀྱང་དེ་ལས་གོ་ཟློག་པ་མི་འཐད་པ་ཉིད་ཀྱི་ཕྱིར་ཏེ། མ་རྒྱུད་ནི་རྣལ་འབྱོར་བླ་ན་མེད་པར་བཤད་པའི་ཕྱིར་རོ། །ཅི་སྟེ་ཚོགས་ཞིང་མཆོད་པ་གདོན་མི་ཟད་པར་བྱེད་འདོད་ན་ནི། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་མཛད་པའི་རྒྱུན་བཤགས་ཞིག་བཅུག་ན་ལེགས་སོ་སྙམ་མོ། །དེ་ལྟ་བས་ན། རབ་ཏུ་མཐུན་པའི་གནས་བཙལ་བ་དང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་གཉིས་ངེས་པར་སྔོན་དུ་འགྲོ་དགོས་ལ། བླ་མ་གོང་མ་རྣམས་ཀྱི་མན་ངག་ལྟར། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་རྣལ་འབྱོར་སོགས་བྱས་ཀྱང་དོན་དེ་ཉིད་གྲུབ་པ་ཡིན་ནོ། །དེ་ནས་བསྲུང་བའི་འཁོར་ལོ་བསྒོམ་པ་ལ། སྟོང་པར་སྦྱངས་པས་ནི། སྲུང་འཁོར་སྟོང་ཉིད་ཀྱི་ཡེ་ཤེས་སུ་འཆར་བའི་ཆེད་ཡིན་ལ། ལུགས་འདི་ལ་འཁོར་ལོ་རྩིབས་བཅུ་བསྒོམ་པ་ཡང་མི་དགོས་ཏེ། རང་གཞུང་ལས་མ་གསུངས་པའི་ཕྱིར་རོ། །རྒྱུད་ཕྱི་མ་ལས་གསུངས་ཀྱང༌། ལུགས་འདི་ལ་དགོངས་པ་མཐུན་པའི་དབང་དུ་བྱས་ནས་རྒྱུད་ཕྱི་མའི་ལུང་མང་དུ་འདྲེན་མོད་ཀྱང༌། ལུགས་འདིའི་བསྐྱེད་རྫོགས་དང་རྒྱུད་ཀྱི་


TNT05_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་རྣམས་རྒྱུད་ཕྱི་མ་ལ་མི་བརྟེན་པའི་ཕྱིར་དང༌། གལ་ཏེ་བརྟེན་དུ་ཆུག་ཀྱང་དེ་ནས་བཤད་ཚད་བསྒོམ་དགོས་ན་ཧ་ཅང་ཐལ་བར་འགྱུར་ཏེ། འཕགས་སྐོར་གྱི་དཀྱིལ་འཁོར་ལ་རྡོ་རྗེ་མ་དྲུག་ཀྱང་དགོད་པར་བྱེད་དམ་ཅི། སྲུང་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་སྐུ་མདོག་དཀར་པོར་མདོ་སྡེ་ལས་གསུངས་ཤིང༌། རྩ་བའི་ལྷ་ཡིན་པའི་ཕྱིར་ཕྱག་གཉིས་པ་བསྒོམ་པ་འཐད་ལ། ཁྲོ་བོ་བཅུ་ཧཱུཾ་ལས་བསྐྱེད་པ་ལེའུ་བཅུ་གསུམ་པ་རྩ་འགྲེལ་ལས་གསུངས་པ་དང༌། རྡོ་རྗེ་སེམས་དཔའ་མི་བསྐྱོད་པར་བསྒྱུར་བ་ནི། ལེའུ་བཅུ་བཞི་པ་རྩ་འགྲེལ་ལས་གསུངས་ཤིང༌། དགོས་པ་ནི་བགེགས་ལ་ཕུར་བུས་གདབ་པ་སོགས་དྲག་པོའི་ལས་བསྒྲུབ་པའི་ཕྱིར་ཡིན་ནོ། །ཁ་ཅིག་ནག་པོ་དམ་ཚིག་རྡོ་རྗེ་ཞེ་སྡང་རྡོ་རྗེ། ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་ཞེ་སྡང་རྡོ་རྗེར་བསྒྱུར་བར་གསུངས་པས། རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་ཡིན་དགོས་ཏེ། མི་བསྐྱོད་པར་བསྒྱུར་བ་དེ་ཡེ་ཤེས་སྒྲོན་མེ་རྡོ་རྗེའི་ཚུལ་ཡིན་ན། རྡོ་རྗེ་སེམས་དཔའ་དམ་ཚིག་འབྱུང་བ་རྡོ་རྗེའི་ཚུལ་ཡིན་དགོས་པ་གང་ཞིག།དམ་ཚིག་འབྱུང་བ་རྡོ་རྗེའི་སྐབས་ཞལ་གསུམ་པ་ཡིན་པའི་ཕྱིར་རོ། །ཞེས་སྨྲ་བ་ནི་སྒྲུབ་བྱེད་ཀྱིས་འཕོངས་པ་སྟེ། མི་བསྐྱོད་པ་མངལ་འབྱིན་བྱས་ནས། རང་ལ་བསྟིམ་པས་རང་ཉིད་མི་བསྐྱོད་པར་གྱུར་པ་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ཀྱི་དེ་འདྲ་ཞིག་བསྒོམ་པ་ལ་དེ་ལྟར་གསུངས་ཀྱི། ཡེ་ཤེས་སྒྲོན་མེ་བསྒོམ་པའི་གཞི་དམ་ཚིག་འབྱུང་བ་ཡིན་པ་སོགས་དེ་འདྲའི་སྔོན་དུ་དེ་འགྲོ་བ་སྒྲུབ་བྱེད་དུ་བྱེད་ན། དམ་ཚིག་འབྱུང་བའི་སྔོན་དུ་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་བསྒོམ་དགོས་པ་སོགས་ཧ་ཅང་ཐལ་བ་མང་པོར་འགྱུར་ལ། ཡུམ་ཡང་རྡོ་རྗེ་


TNT05_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་དབང་ཕྱུག་མ་ཉིད་ཀྱིས་ཆོག་གིས་རེག་བྱ་རྡོ་རྗེ་མར་བསྒྱུར་མི་དགོས་ཏེ། རིག་མ་འདུ་བྱ་བའི་སྐབས་རེག་བྱའི་བདེ་བ་འབུལ་པའི་ཕྱིར་དང༌། རྒྱལ་མཆོག་གི་སྐབས་ཕྱི་དཀྱིལ་ལ་ལྷ་གྲངས་སྒྲིགས་པའི་ཕྱིར་མི་བསྐྱོད་པའི་ཡུམ་རེག་བྱ་རྡོ་རྗེ་མས་བྱས་པ་ཡིན་གྱི། མི་བསྐྱོད་པའི་རྩ་བའི་ཡུམ་རེག་བྱ་རྡོ་རྗེ་མ་མ་ཡིན་པས། མི་བསྐྱོད་པ་བྱུང་བའི་ས་ཐམས་ཅད་དུ་རེག་བྱ་རྡོ་རྗེ་མ་དགོས་པ་མ་ཡིན་ནོ། །གཞུང་ལས་ཁྲོ་བོ་རྣམས་སྤྲོ་བ་ཙམ་དུ་གསུངས་ཀྱི། མཁའ་ནང་ནས་སྤྲོ་བའི་གསལ་ཁ་མེད་པས། བླ་མ་གོང་མ་རྣམས་ཀྱི་བཞེད་པ་ལྟར་ཐུགས་ཀ་ནས་སྤྲོ་བ་ཡིན་ནོ། །ཅི་སྟེ་མཁའ་ནང་ནས་སྤྲོ་ན་ནི་རྒྱལ་མཆོག་ལྟར་འབྱིན་སྔགས་དང་མཛད་པ་སོགས་དང་བཅས་ནས་སྤྲོ་དགོས་ཀྱི། རང་གི་བློ་ལ་ཅི་རན་རན་གྱི་སྤྲོ་ཚུལ་ལ་སྙིང་པོ་མེད་དོ། །སྤྲོ་བར་བྱའོ་ཞེས་གསུངས་པ་ཙམ་གྱིས་མཁའ་ནང་ནས་སྤྲོ་བར་སྒྲུབ་པ་ནི། དབང་ཆེའི་རིག་པ་ཁོ་ན་ཡིན་ནོ། །རྡོ་རྗེའི་རྭ་བ་སོགས་ལ་འགོད་པ་ནི། གནས་སྲུང་བ་ཡིན་ལ། ཁྲོ་བོ་རྣམས་སམ་གཙོ་བོའི་གནས་གསུམ་དུ་ཡི་གེ་འགོད་པ་ནི་བདག་ཉིད་སྲུང་བ་ཡིན་ཞིང༌། རྣལ་འབྱོར་སྲུང་བ་ནི་ཁ་ཅིག་ཡེ་ཤེས་ཀྱི་སྒོམ་པ་ཉིད་ཡིན་ནོ། །ཟེར་ཡང་སྤྱིར་སྟོང་ཉིད་བསྒོམ་པ་དང༌། ཚད་མེད་བཞི་བསྒོམ་པ་རྣལ་འབྱོར་སྲུང་བར་བཤད་པ་མང་དུ་ཡོད་མོད། སྐབས་འདིར་སྲུང་བ་གསུམ་ཀར་སྲུང་འཁོར་ཉིད་ཀྱི་ནང་ཚན་ནས་ཕྱེ་བ་ཞིག་དགོས་པ་ཡིན་པ་ལ། ཡེ་ཤེས་ཀྱི་ས་བསྐྱེད་པ་ནི་སྲུང་འཁོར་གྱི་ཆོ་ག་མ་ཡིན་པས་འཆད་ཚུལ་དེ་ནི་མི་འཐད་དོ། །དེ་བས་ན་སྐབས་འདིར་སྟོང་བའི་ངང་ལས་ཁྲོ་བོར་བསྐྱེད་པ་ཉིད་རྣལ་འབྱོར་


TNT05_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བ་ཡིན་ལ། ཕུར་བཏབ་ཀྱང་གནས་སྲུང་གི་ཡན་ལག་ཏུ་བསྡུ་བར་བྱའོ། །ཚོགས་གསོག་དང་སྲུང་འཁོར་ལ། སྦྱང་བྱ་སྦྱོང་བྱེད་ཀྱི་རིམ་པ་མང་དུ་སྦྱོར་ཚུལ་མཁས་པ་འགའ་ཞིག་གིས་མཛད་ཀྱང༌། འདིའི་ཕྱོགས་ཀྱི་གཞུང་མན་ངག་ཁུངས་མ་གང་ནའང་གསལ་བར་མི་སྣང་བས་བཏང་སྙོམས་སུ་བཞག་གོ །གཉིས་པ་སྒྲུབ་ཐབས་དངོས་ལ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྒོམ་ཚུལ། ལས་རྒྱས་མཆོག་གི་ཏིང་ངེ་འཛིན་བསྒོམ་ཚུལ་ལོ། །དང་པོ་ལ། དང་སྦྱོར་ཉིད་ཀྱི་སྔོན་འགྲོ་དང་དང་སྦྱོར་དངོས་སོ། །དང་པོ་ལ་སྣོད་སྦྱང་བའི་བསམ་གཏན་དང༌། བཅུད་སྦྱང་བའི་བསམ་གཏན་གཉིས་སོ། །སྣོད་སྦྱང་བའི་བསམ་གཏན་ལ་འཇིག་པའི་བསྐལ་བའི་དུས་སྣོད་ཀྱི་འཇིག་རྟེན་སྟོངས་པ་དང་ཆོས་མཚུངས་པར། ཡེ་ཤེས་ཀྱིས་སྒོམ་པའི་མིང་ཅན་སྣོད་བཅུད་སྟོང་པར་བསྡུས་ཏེ་བསྒོམ་པ་འདི་ཡིན་ནོ། །སྐབས་འདིར། རྣམ་ཐར་གསུམ་གྱི་རིམ་པས་བསྒོམ་པ་ནི། ཡེ་ཤེས་ཞབས་ཀྱི་མན་ངག་ཡིན་པས་སྤྱིར་བཟང་མོད་ཀྱང་ལུགས་འདི་དང་མ་འབྲེལ་ལོ། །ཁ་ཅིག་སྣོད་བཅུད་འདི་དག་ཅང་མེད་དུ་སོང་བར་བསྒོམས་ནས་ཆད་ལྟར་འགྱུར་རོ་ཟེར་མོད་ཀྱང༌། ཅང་མེད་གང་ལ་ཟེར་ངོས་འཛིན་རྒྱུ་མི་འདུག་པས། སྡང་ཤུགས་ཀྱིས་མྱོས་པའི་བླ་བརྡོལ་ཙམ་དུ་ཟད་ལ། སྐབས་འདིར་སྣོད་བཅུད་བདེན་མེད་དུ་ཤེས་པ་ཙམ་དུ་མ་ཟད༌། སྣང་བ་འདི་ཡང་བློའི་ཡུལ་དུ་དགག་དགོས་པ་ཡིན་ཏེ། དེ་ལྟར་མ་བཀག་ན་འཇིག་རྟེན་སྟོང་པ་དང་ཆོས་མཐུན་སྦྱར་དུ་མེད་པ་དང༌། མ་དག་པའི་སྣང་བ་སྣང་


TNT05_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དག་སྣང་གི་ལྷ་སྐུ་བསྒོམ་དུ་མེད་པའི་ཕྱིར་རོ། །ཅང་མེད་བྱ་བ་དོན་དམ་པར་ཡོད་པ་མི་སྲིད་པ་ལ་བྱ་ན་ནི། ཁྱེད་རང་གི་འདོད་པ་ཡང་དེར་འགྱུར་ཞིང༌། ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་སྐུར་པ་འདེབས་པ་ལ་འཇོག་ན་ནི། དེ་ལྟར་འདོད་མཁན་སུ་ཡང་མེད་པའི་ཕྱིར། ཕྱོགས་སྔ་མེད་པའི་དགག་པ་ཡིན་ལ། སྣོད་བཅུད་མེད་པར་བསྒོམ་པ་འཁྲུལ་ཏེ། སྣོད་བཅུད་ཡོད་པའི་ཕྱིར་ཅེས་ཟེར་པ་ནི། ཤིན་ཏུ་ཐ་ཆད་ཡིན་པའི་རིག་པ་ཡིན་ནོ། །ཡང་འདི་སྐད་ཅེས། སྣང་བ་འདི་མེད་པ་གནས་ལུགས་སུ་འདོད་པ་ནི། རྒྱང་ཕན་བ་ལས་ཀྱང་ཐ་ཆད་ཟེར་བ་སོགས་བདུད་ཀྱི་གསང་ཚིག་ཏུ་སྣང་ཡང༌། གཞན་དུ་འཆད་པར་འགྱུར་བས་འདིར་དགག་པ་རྒྱས་པར་མ་བརྗོད་ལ། བདེན་མེད་སྒོམ་པ་ལྟ་བ་རྣམ་དག་ཡིན་ན། བདེན་མེད་ཀྱི་དོན་གནས་ཚུལ་ལ་ཡེ་མ་གྲུབ་ཀྱང་སྣང་བ་འབྱུང་བ་ཙམ་ལ་ཟེར་བ་ཡིན་པས། ད་ལྟའི་སྣང་བ་འདི་གང་དུ་ཡང་མ་གྲུབ་པ་དེ་ཀ་ཅིའི་ཕྱིར་གནས་ལུགས་མ་ཡིན་ཏེ། གནས་ལུགས་ལ་ཅི་ཡང་མ་གྲུབ་པའི་ཕྱིར་རོ། ཁོ་བོ་ཅག་ནི་ཀུན་རྫོབ་སྒྱུ་མ་ཙམ་དུ་རིག་པ་དེ། གནས་སྐབས་ཀྱི་ལྟ་བ་རྣམ་དག་མ་ནོར་བ་ཡིན་ཡང༌། དབུ་མའི་ལྟ་བ་མཐར་ཐུག་མ་ཡིན་ཏེ། འཁྲུལ་པའི་སྣང་བ་དང་བཅས་པའི་ཕྱིར་རོ་ཞེས་སྨྲའོ། །འཕྲོས་པས་ཆོག་གོ །དེ་ནི་གཞན་དག་སྦྱང་གཞི་ཞེས་ཟེར་བ་དེ། རང་ལུགས་ལ་སྦྱང་བྱ་ཞེས་ཐ་སྙད་བྱ་སྟེ། སྦྱང་བ་བྱེད་པའི་གཞི་ནི་གདོད་ནས་གྲུབ་པའི་ཆོས་ཉིད་ཁོ་ན་ལས་གཞན་མ་དམིགས་པའི་ཕྱིར་རོ། །ཞེས་ངེས་པར་བྱས་ནས། སྐབས་འདིར་སྣོད་གྱི་འཇིག་རྟེན་ཞིག་པ་དང༌། སྣོད་ཀྱི་འཇིག་


TNT05_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འཆགས་པ་དང༌། བསྐལ་བ་དང་པོའི་མིར་སྐྱེ་བ་དང་སྦྱོར་རྒྱུའི་ཆོས་མཐུན་འདི་རྣམས་ཇི་ལྟ་བུ་ཞིག་ཅེ་ན། བོད་སྔ་ཕྱི་ཐམས་ཅད་བསྐལ་བ་བཟང་པོ་འདིའི་སྔོན་རོལ་གྱི་བསྐལ་པ་དེའི་གཞུག་གི་འཇིག་ཞིག་གི་བསྐལ་བ་དང༌། འཇིག་རྟེན་གྱི་ཁམས་འདི་དང་པོ་འཆགས་པ་དང༌། བསྐལ་པ་དང་པོའི་མི་སྔོན་བྱུང་བ་དེ་དག་དང་སྦྱོར་རྒྱུ་ཡིན་པར་ཁ་འཆམ་ལ། དེ་ལས་གཞན་པའི་གོ་བ་ཁྱད་པར་ཅན་སུ་ལ་ཡང་མ་སྐྱེས་བར་སྣང་ངོ༌། །དེ་དག་ལས་སྔ་མ་ཕལ་ཆེར་ནི། སྔར་བྱུང་དེ་དག་སྦྱང་གཞི་ཡིན་ལ། དེ་སྦྱོང་བྱེད་དམིགས་པ་འདི་དག་སྒོམ་མོ་ཞེས། དཔྱད་པ་མ་གཏང་བར་འཆད་ལ། འཕགས་སྐོར་བ་ཕྱི་མ་རྣམས་ནི་འདས་ཟིན་པ་ལ་གཉེན་པོས་སྦྱང་ཐབས་མེད་པའི་རིག་པས། སྦྱང་གཞི་སྦྱོང་བྱེད་མ་ཡིན། ཆོས་མཐུན་ཙམ་ཡིན་ནོ་ཞེས་སྨྲའོ། །ཡང་ཕྱིས་བྱུང་བ་མ་སྦྱངས་པ་ཁ་ཅིག་ནི། སྔ་རབས་པའི་ཞེན་དུ་བསྒོམས་ནས། དེ་འདྲ་དེ་རྟོག་གེའི་དུག་ཆུས་བསླད་པ་ཡིན་ཞིང༌། འདས་པའི་དངོས་པོ་ལ་སྦྱང་གཞིར་བྱེད་པ་གསང་སྔགས་ཀྱི་ཟབ་ཁྱད་ཡིན་ནོ་སྐད་པའི་མུ་ཅོར་སྨྲ་བར་བྱེད་དོ། །དེ་དག་ལ་རྒལ་བརྟག་མང་པོ་འབྱུང་བར་སྣང་ཡང༌། དགོས་པ་ཆུང་བས་རེ་ཞིག་བཞག་སྟེ། རང་ལུགས་ནི་འདི་ལྟ་བུ་ཡིན་ཏེ། འདས་པའི་དངོས་པོ་ལ་དངོས་སུ་སྦྱང་དུ་མེད་པ་ནི་བདེན་ལ། འདས་པའི་དངོས་པོར་འཛིན་པའི་རྣམ་པར་རྟོག་པ་ནི་ད་ལྟར་བར་དང་མ་འོངས་པ་རྣམས་སྦྱང་དུ་ཡོད་ཅིང་སྦྱང་དགོས་པའང་ཡིན་པས། རྣམ་རྟོག་དང་དེ་འབྲེལ་བའི་སྒོ་ནས་འདས་པ་ལ་སྦྱང་བྱའི་རྣམ་གཞག་བྱས་ཀྱང་མི་འགལ་བ་ཙམ་ནི་ཡིན་ནོ། ། འོན་ཀྱང་འཆི་བར་སྐྱེ་གསུམ་གྱི་སྲིད་པ་རང་རྒྱུད་ལ་མ་འོངས་པ་ན། འབྱུང་འགྱུར་གྱི་ས་བོན་དེ་དག་སྦྱང་བྱར་བཞག་ནས། སྦྱོང་བྱེད་ལམ་གྱིས་སྦྱོང་ཚུལ་འཆི་བར་སྐྱེ་གསུམ་དང་རྣམ་པ་མཐུན་པར་བསྒོམ་པ་དེ་


TNT05_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། འདིར་ཡང་སྦྱོར་ཚུལ་ལ་ཁྱད་པར་མེད་དེ། མ་འོངས་པ་ན་སྣོད་ཀྱི་འཇིག་རྟེན་འཇིག་པའི་སྣང་བ་འཆར་རྒྱུའི་ས་བོན་དང༌། སྣོད་ཀྱི་འཇིག་རྟེན་སྤྱི་དང་བྱེ་བྲག་རྣམས་འཆགས་པའི་སྣང་བ་འཆར་རྒྱུའི་ས་བོན་དང༌། བསྐལ་པ་དང་པོའི་མི་མཚོན་བྱེད་དེ། རྫུས་སྐྱེས་ཀྱི་འགྲོ་བར་འགྲོ་བའི་ལས་ཀྱི་ས་བོན་རྣམས་སྦྱང་བྱ་དངོས་ཡིན་ལ། མ་འོངས་པ་རང་རྒྱུད་དང་འབྲེལ་བ་ལ་འབྱུང་འགྱུར་གྱི་འཇིག་པའི་སྲིད་པ་དང༌། འཆག་པའི་སྲིད་པ་དང༌། རང་ཉིད་བསྐལ་པ་དང་པོའི་མྀར་སྐྱེ་འགྱུར་རྣམས་དངོས་པོར་ད་ལྟ་མ་གྲུབ་ཀྱང༌། འབྱུང་རུང་ཙམ་ཡིན་པའི་ཕྱིར་ དང༌། ས་བོན་དེ་དང་འབྲེལ་བའི་ཚུལ་དུ་འཇོག་དགོས་པའི་ཕྱིར་སྦྱང་བྱའི་རྣམ་གྲངས་སུ་བྱའོ། །དེས་ན་སོང་ཚོད་ལ་དེ་ལྟར་ཡིན་ཞིང༌། མོས་པའི་ངོར་ནི་དུས་གསུམ་གྱི་དངོས་པོ་ཐམས་ཅད་ལ་དམིགས་པས་རུང་ངོ༌། །སྔར་གྱི་བོད་རྣམས་ལ་སྣོད་ཀྱི་འཇིག་རྟེན་འཆགས་པ་དང༌། འཇིག་པ་དང༌། བསྐལ་པ་དང་པོའི་མིར་སྐྱེ་བ་རྣམས་སྔར་བྱུང་བ་དེ་གཅིག་པོ་མ་གཏོགས། སྒྲུབ་པ་པོ་རང་ཉིད་ཀྱི་ཉམས་ཐོག་ཏུ་འབབ་པ། སླར་འབྱུང་འགྱུར་ཞིག་ཡོད་མེད་ཙམ་ལའང་རྟོག་དཔྱོད་མ་ཞུགས་པར་དགོས་མེད་ཀྱི་དཔྱད་པས་འཁོར་བར་སྣང་ངོ༌། །ཡེ་ཤེས་ཀྱིས་བསྐྱེད་པའི་འོག་ཏུ་འབྱུང་བ་བཞི་སྒོམ་པ་རྡོ་རྗེའི་ས་གཞི་བསྐྱེད་པ་ནི། འཇིག་རྟེན་གྱི་ཁམས་རིམ་པས་ཆགས་པ་སྦྱོང་བར་བྱེད། དེ་ལས་གཞལ་ཡས་ཁང་རྫོགས་པ་ནི། བརྟན་པ་རི་གླིང་མཚོའི་བཀོད་པ་རྣམས་ཆགས་པ་སྦྱོང་བར་བྱེད། ལྷའི་གདན་བསྐྱེད་པས་ནི་རང་རང་གི་སྤྱོད་ཡུལ་ཐུན་མོང་མ་ཡིན་པའི་


TNT05_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་རྣམས་སྦྱོང་བར་བྱེད། ལྷག་མོས་ཀྱི་ལྷ་རྣམས་སྐད་ཅིག་གིས་བསྐྱེད་པ་ནི། བསྐལ་པ་དང་པོའི་མི་ལ་སོགས་པ་བརྫུས་ཏེ་སྐྱེ་བ་རྣམས་སྦྱོང་བར་བྱེད། ལྷག་མོས་ཀྱི་མཛད་པ་ལ། སྒོས་སུ་ཆོས་མཐུན་གསལ་ཁ་མ་གསུངས་ཀྱང༌། བསྐལ་པ་དང་པོའི་མི་རྣམས་ཀྱི་སྤྱོད་པའི་ཁྱད་པར་ཕྱིས་ཀྱི་མི་རྣམས་དང་ཤིན་ཏུ་མི་འདྲ་བ་དེ་དག་སྦྱོང་བར་བྱེད། ཁ་ཅིག་ལྷ་ཕོ་མོར་བསྒོམ་པ་བསྐལ་པ་དང་པོའི་མི་ཕྱིས་ཕོ་མོར་གྱུར་པ་དང་ཆོས་མཐུན་ཟེར་བ་སོགས་ནི། ཧ་ཅང་ཐལ་བ་ཡིན་ཞིང༌། ལྷག་མོས་ལུས་ལ་བསྡུ་བ་ནི། བསྐལ་པ་དང་པོའི་མིའི་འོད་ལུས་རགས་པའི་ལུས་སུ་གྱུར་པ་མཚུངས་པར་བཤད་པ་བཞིན། གཞན་ཡང་འོད་ལུས་ལས་རགས་པའི་ལུས་སུ་འགྱུར་བའི་རིགས་ཐམས་ཅད་སྦྱོང༌། དེ་ལྟར་ན་དེ་ཡན་ཆད་དང་སྦྱོར་གྱི་སྔོན་འགྲོ་ཁོ་ན་ཡིན་ལ། ལྷག་མོས་འོད་གསལ་དུ་བསྡུ་བ་ནི་དང་སྦྱོར་དངོས་གཞིའི་ཕྱོགས་སུ་བསྡུ་དགོས་སོ། །ལུགས་འདི་ལ་སྤྱིར་ལྷག་མོས་བསྒོམས་ཕྱིན་ལྷག་མོས་འོད་གསལ་དུ་བསྡུ་བ་ངེས་པར་དགོས་ལ། རྣལ་འབྱོར་བཞི་པ་ཙམ་བསྒོམ་པ་སོགས་ལྷག་མོས་མི་སྒོམ་པའི་རིགས་ལ། དེའི་དོད་དུ་སྣོད་བཅུད་འོད་གསལ་དུ་བསྡུ་བ་སྤྱི་ཁྱབ་ཀྱི་ལུགས་བསྒོམས་པས་ཀྱང་དོན་སྟོན་པར་འགྱུར་རོ། །དེ་ལ་ཁ་ཅིག་བསྐལ་པ་དང་པོའི་མི་རྣམས་ཐ་མལ་དུ་གྱུར་ནས། ཁམས་དྲུག་ལྡན་པའི་ལུས་དེ་འཆི་བ་ན་ཐིམ་རིམ་འདི་ལྟ་བུ་འབྱུང་ངོ་ཞེས་འཆད་ཀྱང༌། སྤྱིར་ཁམས་དྲུག་ལྡན་པ་ཡིན་མོད་ཀྱང༌། འཕགས་སྐོར་གྱི་གཞུང་ཀུན་ནས་ཁམས་དྲུག་ལྡན་པའི་ལུས་ཀྱི་ཐ་སྙད་གསུངས་པ་ནི་མ་མཐོང་པས། ལུགས་གཞན་གྱི་བརྡའ་འཆད་སྨྲ་བཞིན་


TNT05_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕགས་སྐོར་བའི་ཐུན་མོང་མ་ཡིན་པའི་རྣམ་གཞག་ཡིན་སྐད་དང༌། ཁྱད་བཅོས་དུ་མ་ཡོད་སྐད་ཀྱིས་ང་རྒྱལ་བ་ཡང་མི་མཛེས་སོ། །དེ་ལ་ལྷ་རྣམས་འོད་གསལ་དུ་བསྡུ་བའི་གོ་རིམ་ནི། སེམས་དབེན་གྱི་སྐབས་སུ་འཆད་པར་འགྱུར་བ་ལྟར་ཕུང་ཁམས་འོད་གསལ་དུ་བསྡུ་བའི་རིམ་པ་དེ་ཉིད་ཡིན་ལ། དེ་ལྟར་བསྒོམས་པས་གཞིའི་དུས་སུ་འཆི་བའི་སྲིད་པ་སྦྱོང་ཞིང༌། འབྲས་བུའི་དུས་ན་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྣམ་པ་ལམ་དུ་བྱེད་པ་ཡིན་ལ། རྫོགས་རིམ་གྱི་དུས་ན་འོད་གསལ་གྱི་རིམ་པ་གཙོ་བོར་སྨིན་པར་བྱེད་པའི་ཐབས་ཡིན་པས། སེམས་དབེན་གྱི་འོད་གསལ་ཡང་ཤིན་ཏུ་རྣམ་པ་མཐུན་པའི་སྒོ་ནས་སྨིན་པར་བྱེད་ཅིང༌། སྤྱིར་རྫོགས་རིམ་གྱི་འོད་གསལ་ཐམས་ཅད་ཀྱི་ཡང་སྨིན་བྱེད་དུ་འགྱུར་རོ། །དེ་ལྟར་ལྷག་མོས་འོད་གསལ་དུ་བསྡུས་པའི་ཐ་མ་སྟོང་ཉིད་རྣམ་མེད་ལ་མཉམ་པར་འཇོག་པོ་ཡིན་ཡང་སྔར་གཞལ་ཡས་ཁང་འོད་གསལ་དུ་བསྡུས་པ་མེད་པས། ཕྱིས་སྐྱེད་ཆོག་གིས་བསྐྱེད་མི་དགོས་ཏེ། སྔར་ཡོད་ཀྱི་རྒྱུན་དུ་མོས་ནས་གསལ་བཏབ་པས་ཆོག་གོ །དེའི་འོག་ཏུ་ཤུ་ནྱཱ་ཏའི་སྔགས་དོན་བསམས་ཤིང་བརྗོད་དེ། དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེ་ལ་བར་དོར་ལོངས་སྐུ་ལམ་ཁྱེར་ལ། སྦྱང་བྱ་ནི་སེམས་ཅན་རྣམས་འཆི་བ་འོད་གསལ་ལས་ལངས་པས་བར་དོ་འགྲུབ་པ་དེ་ཡིན་ལ། སྦྱོང་བྱེད་ནི་མངོན་བྱང་ལྷག་མ་རྣམས་ཏེ། རྣམ་པ་མཐུན་པའི་སྒོ་ནས་སྦྱོང་ཚུལ་ནི། གདན་དབུས་མའི་སྟེང་གི་ཉི་ཟླ་པད་གསུམ་བསྒོམ་པ། འཆི་བ་འོད་གསལ་ལས་ལངས་པའི་ཐོབ་མཆེད་སྣང་གསུམ་འབྱུང་བ་དང་ཆོས་མཐུན་ས་


TNT05_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཡི་གེ་གསུམ་ནི། སྣང་བ་གསུམ་པོ་དེའི་བཞོན་པར་གྱུར་པའི་རླུང་དང་ཆོས་མཐུན། པདྨའི་སྟེང་དུ་ཡི་གེ་གསུམ་རྩེག་བསྒོམ་པ་ནི། སྣང་བ་གསུམ་པོ་དེས་བར་དོའི་ལུས་ངག་ཡིད་གསུམ་བསྐྱེད་པ་དང་མཐུན་ཐམས་ཅད་གཅིག་ཏུ་འདྲེས་ནས་ཟླ་བར་གྱུར་པ་ནི། བར་དོའི་སྒོ་གསུམ་དེ་མ་ཐག་ཏུ་འགྲུབ་འགྱུར་གྱི་སེམས་གསལ་བར་གྱུར་པ་དེ་མཚོན། སྣོད་བཅུད་ཟླ་བར་གྱུར་པ་ནི་བར་དོའི་ལུས་འགྲུབ་པ་སྟེ། ཟླ་བ་ལས་བྱང་ཆུབ་པའོ། །འདི་ལ་ངྷརྨྨ་ངྷ་ཏུའི་སྔགས་འབྱུང་བ་ནི། དེ་ཐམས་ཅད་འོད་གསལ་གྱིས་བྱིན་གྱིས་བརླབས་པའི་དོན་ནོ། །དེ་ནས་ས་བོན་ལས་བྱང་ཆུབ་པ་ནི་བར་དོའི་ངག་དང༌། ཕྱག་མཚན་ལས་བྱང་ཆུབ་པ་ནི་བར་དོའི་ཡིད་དང༌། དེ་ནས་དང་པོའི་མགོན་པོར་བཞེངས་པ་ནི། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་སྟེ། བར་དོའི་ལུས་ངག་ཡིད་གསུམ་མཉམ་པ་ཉིད་ཀྱི་ངོ་བོར་རྫོགས་པའོ། །དེ་རྣམས་འབྲས་བུ་ལ་སྦྱར་ན། གཙོ་བོར་རིམ་པ་བཞིན་མེ་ལོང་མཉམ་ཉིད་སོར་རྟོག་བྱ་སྒྲུབ་ཆོས་དབྱིངས་ཏེ། ཡེ་ཤེས་ལྔ་པོ་ལམ་དུ་བྱེད་པ་ཡིན་པ་དང༌། གཞན་ཡང་ཟླ་བ་སྐུ་རྡོ་རྗེ་སྟེ། དེ་ཡང་རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ཀྱི་ཕྱིར། ཡི་གེ་འབྲུ་གསུམ་ལས་བསྒྲུབ་པ་ཡིན་ལ། རྡོ་རྗེ་གསུམ་པོ་དེ་ཡང་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་གཉིས་སུ་ཕྱེ་བས། ཤེས་རབ་ཀྱི་ཕྱོགས་ལ་ཉི་ཟླ་པདྨ། ཐབས་ཀྱི་ཕྱོགས་ནི་ཡིག་གསུམ་བརྩེགས་པའོ། །སྐུ་དེ་ཡང་སྤྱོད་བསྡུས་ལས་དངོས་མེད་དག་པ་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར། མཁའ་མཉམ་ཡིན་པའི་ཕྱིར་སྣོད་བཅུད་ཐམས་ཅད་ཟླ་བར་བསྡུའོ། །ཡིག་འབྲུ་ལས་བྱང་ཆུབ་པ་གསུང་རྡོ་རྗེ་མཚོན་ལ། དེ་ཡང་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་ཕྱིར་


TNT05_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་གསུམ་མོ། །ཕྱག་མཚན་ལས་བྱང་ཆུབ་པ་ནི། ཐུགས་རྡོ་རྗེ་མཚོན་ཞིང༌། ཉེས་པས་གདོད་ནས་མ་གོས་པས་དཀར་བ། མི་འགྱུར་ཞིང་བརྟན་པས་རྡོ་རྗེ། དེ་ཡང་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཕྱིར། ཡིག་གསུམ་གྱིས་མཚན་པའོ། །དེ་ལས་དང་པོའི་མགོན་པོར་བཞེངས་པ་ནི། སྐུ་དང༌། གསུང་དང༌། ཐུགས་མཉམ་པ་ཉིད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུའོ། །རྫོགས་རིམ་གྱི་ཡེ་ཤེས་སྨིན་པར་བྱེད་ཚུལ་ནི། སེམས་དབེན་གྱི་རིམ་པ་མཐར་ཐུག་གི་དཔེའི་འོད་གསལ་ལས་སྣང་གསུམ་འབྱུང་བ་ནས་རིམ་པ་བཞི་པའི་མཐར་ཐུག་དོན་གྱི་འོད་གསལ་ལས། སྣང་གསུམ་ལུགས་ཟློག་ཏུ་འབྱུང་བའི་བར་གྱི་འོད་གསལ་ལས་ལྡང་ཚུལ་ནི། ཉི་ཟླ་པདྨ་གསུམ་གྱིས་མཚོན། སྟེང་གི་ཡི་གེ་གསུམ་བསྐྱེད་ཅིང་འདྲེས་པ་ནི། སྣང་གསུམ་འོད་གསལ་གྱི་རླུང་དང་འབྲེལ་བ་ལས་རིམ་པ་གསུམ་པའི་སྒྱུ་ལུས་དང༌། ཟུང་འཇུག་གི་སྐུ་འགྲུབ་པ་དང་གྲུབ་ནས་ཡང་ཡང་སྣང་བ་དེ་འཆར་བ་མཚོན། ས་བོན་དང་ཕྱག་མཚན་ལས་བྱང་ཆུབ་པ་ཡང་ཟུང་འཇུག་དེ་ཉིད་ཀྱི་གསུང་བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་དང༌། ཐུགས་བདེ་སྟོང་ཤེས་བྱ་ཀུན་རིག་ཅིང་སྒྲིབ་པ་ཀུན་འཇོམས་པ་དེ་མཚོན། འོད་ཟེར་སྤྲོ་བསྡུ་རྣམས་ནི། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མཚོན་ཞིང༌། དེ་ལྟ་བུའི་སྐུ་གསུང་ཐུགས་མཉམ་ཉིད་དངོས་སམ། རྗེས་མཐུན་ཐོབ་པ་ནི། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའོ། །མངོན་བྱང་གཉིས་པའི་སྐབས་ཀྱི་ཡི་གེ་འབྲུ་གསུམ་ལ་སྣང་བ་གསུམ་དང་གོ་རིམ་འདྲ་མིན་ཅུང་ཟད་ཡོད་ཀྱང༌། སྤྱི་རིགས་པ་དང་མཐུན་ན། གོ་རིམ་ཕྲ་མོ་མ་མཐུན་ཀྱང་སྐྱོན་མེད་པར་བཞེད་ལ། སྐུ་ཡོངས་རྫོགས་


TNT05_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆུབ་པ་ཞེས་པའི་སྐུ་ནི་ཞལ་ཕྱག་རྫོགས་པའི་དོན་ཡིན་གྱི། སྐུ་གསུང་ཐུགས་ཀྱི་ཟླས་ཕྱེ་བའི་སྐུའི་དག་པར་སྟོན་པ་མིན་པས། དེའི་ཕྱིར་མངོན་བྱང་ཕྱི་མ་གསུམ་ལ། གསུང་ཐུགས་སྐུའི་རིམ་པར་འདོད་པ་ནི་ཤིན་ཏུ་མི་ལེགས་ཏེ། གོ་རིམ་དེ་འདྲ་རྡོ་རྗེ་གསུམ་ལུགས་འབྱུང་ལུགས་ཟློག་སུ་དང་ཡང་མི་མཐུན་པས་སོ། །རྫོགས་རིམ་གྱི་སྨིན་བྱེད་འདི་ནི་མཚོན་བྱེད་དེ། ཕྲ་ཐིག་གི་བདེ་སྟོང་ལས་ལུས་དབེན་གྱི་ལྷ་སྐུ་ལྡང་བ་དང༌། ངག་དབེན་གྱི་རིམ་པ་དང༌། སེམས་དབེན་གྱི་རིམ་པ་དང༌། སྒྱུ་ལུས་ཀྱི་རིམ་པ་ལ་གནས་པ་རྣམས་ཀྱི་བདེ་སྟོང་དང༌། ལྷ་སྐུ་ཐམས་ཅད་ལ་འབྱོར་བར་འགྱུར་རོ། །དང་པོའི་མགོན་པོ་སྐུ་མདོག་དཀར་པོར་བྱེད་པ་ནི། རྒྱུའི་རྡོ་རྗེ་སེམས་དཔའི་དོན་ཡིན་ལ། ཞལ་གསུམ་ཕྱག་དྲུག་པ་བྱེད་པ་ལས་ཞལ་གཅིག་ཕྱག་གཉིས་པར་བྱེད་པ་ལེགས་ཏེ། རྩ་བའི་ལྷ་ཡིན་པ་མཚོན་པའི་ཕྱིར་དང༌། རྒྱུད་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །ཞེས་པ་ལུགས་འདི་ལ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ན། ཞལ་གསུམ་པར་གྱུར་པའི་དམིགས་བསལ་དུ་སྦྱོར་བ་མཛད་པས། དེའི་སྔོན་དུ་ཞལ་གཅིག་པར་གསལ་བའི་ཕྱིར་རོ། །ད་ནི་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ལ། དང་པོའི་མགོན་པོའི་མཛད་པ་ནས་གཟུང་སྟེ། རིགས་བདག་གིས་རྒྱས་བཏབ་པའི་བར་ཏེ། དེ་ལ་མཛད་པ་ནི་དང་པོའི་མགོན་པོའི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་བསྐུལ་ནས། དེ་རྣམས་རྗེས་ཆགས་མཛད་པ་ནི། བར་དོའི་སེམས་ཅན་གྱི་ལས་ཀྱིས་བསྐུལ་ནས་ཕ་མ་རྣམས་རྗེས་ཆགས་ལ་


TNT05_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་མཚོན་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་མི་བསྐྱོད་པས་འགྲོ་བ་རྣམས་ལ་བྱིན་གྱིས་རླབས་པ་ནི། ཕོ་མོ་གཉིས་ཀྱི་རྩ་བདུན་ཁྲི་ཉིས་སྟོང་ནས་ཐིག་ལེ་ཞུ་བ་དང་མཚུངས། སེམས་ཅན་རྣམས་བདེ་བ་ཐོབ་པ་ནི། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་བས་བྱིན་གྱིས་རླབས་པ་དང་མཐུན། གཞལ་མེད་ཁང་མངལ་གནས་དང་མཚུངས་པའི་ནང་དུ་མཁའ་ཁྱབ་ཀྱི་ལྷ་དེ་རྣམས་འདུས་ཤིང་འདྲེས་པ་ཁམས་དཀར་དམར་དང་མཚུངས་པ་ལ། བར་དོ་དང་འདྲ་བའི་དང་པོའི་མགོན་པོ་ཐིམ་པས། སྐྱེ་བ་བཟུང་བ་དང་འདྲ་བའི་སྤྲུལ་སྐུ་རྡོར་སེམས་སུ་གྱུར་པ་ཡིན་ནོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་འདེབས་པ་ནི། མངལ་དུ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རིམ་གྱིས་ཡོངས་སུ་རྫོགས་པ་མཚོན་ལ། སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་ནི། ལུས་ངག་ཡིད་གསུམ་སོ་སོ་དང༌། གསུམ་ཀ་གོང་ནས་གོང་དུ་འཕེལ་བ་མཚོན་པ་དང་སེམས་དཔའ་གསུམ་བརྩེག་ནི། ལུས་རགས་པ་དང༌། སྙིང་ག་གཙོ་བོར་གྱུར་པའི་རྩ་ནང་གི་ཐིག་ལེ་དང༌། དེ་ལ་བརྟེན་པའི་རླུང་དང་རིག་པའི་མཐུ་སྟོབས་གོང་འཕེལ་དུ་འགྲུབ་པ་སྦྱོར་བའི་ཕྱིར་ཡིན་ནོ། །རིགས་བདག་གིས་རྒྱས་འདེབས་པ་ནི། རང་གི་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམ་པར་དག་པ་སྟེ། དེ་ཡང་དང་པོའི་མགོན་པོར་བསྒྱུར་བ་དང༌། ལུས་དཀྱིལ་ནི་གཙོ་བོར་མངལ་གྱི་གནས་སྐབས་རྣམ་པར་དག་པ་དང༌། རྡོ་རྗེ་གསུམ་བྱིན་རླབས། སེམས་དཔའ་གསུམ་བརྩེགས། རིགས་བདག་རྒྱས་འདེབས་རྣམས་བཙས་ནས་ལུས་རྫོགས་ཀྱི་བར་དང་སྦྱར་རོ། །འབྲས་བུའི་དབང་དུ་བྱས་ན། །ལོངས་སྤྱོད་རྫོགས་པའི་སྐུ་དེ་སྐྱེ་བོ་


TNT05_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་མི་མཐོང་བས་འགྲོ་བ་རྣམས་ཀྱི་སྣང་ངོར་སྤྲུལ་པའི་སྐུ་སྤྲུལ་པ་ནི། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་སྟེ། རྩ་བའི་སྤྲུལ་སྐུ་ཡིན་ལ། དེ་ནས་གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་འབྱུང་བ་ནི། ཡན་ལག་གི་སྤྲུལ་སྐུ་སྟེ། ལུས་དཀྱིལ་གྱི་ལྷ་བསྒོམས་པས་ལམ་དུ་བྱེད་ལ། དེ་དག་ཡེ་ཤེས་གཅིག་ཉིད་ལས་བྱུང་བ་ནི། ལྷ་རྣམས་རྡོར་སེམས་ཀྱི་ལུས་ནང་དུ་ཆུད་པས་མཚོན་པའོ། །རྡོ་རྗེ་གསུམ་བྱིན་གྱིས་རླབས་པ་ནི། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱི་གོ་འཕང་བརྙེས་པ་དང༌། སེམས་དཔའ་གསུམ་བརྩེག་ལ། དམ་ཚིག་སེམས་དཔའ་ནི་རྩ་དང་བཅས་པའི་ལུས། ཡེ་ཤེས་སེམས་དཔའ་ནི་རླུང་དང་བཅས་པའི་ཐིག་ལེ། ཏིང་ངེ་འཛིན་སེམས་དཔའ་ནི་འོད་གསལ་གྱི་སེམས་ཏེ། དེ་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་གྱུར་པའོ། །རིགས་བདག་གིས་རྒྱས་བཏབ་ཅིང༌། བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་ནི། བདེ་བ་ཆེན་པོའི་སྐུ་བརྙེས་པ་དང༌། འགྲོ་བའི་དོན་ལ་དབང་བསྐུར་བ་ཡིན་པས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་སྤྱོད་པའི་ནུས་པ་དང་ལྡན་ པའོ། །རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཚུལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པར་སྦྱོར་བའི་བདེ་བ་ལ་བདག་ཉིད་ཞུགས་པས་སྤྲུལ་སྐུ་རྡོར་སེམས་སུ་གྱུར་པ་ནི། རྫོགས་རིམ་གྱི་མཉམ་བཞག་བདེ་སྟོང་ལས་ལངས་པ་ན་སྣང་བ་ཐམས་ཅད་ལ་བདེ་སྟོང་རྗེས་སུ་ཞུགས་པ་མཚོན་ཞིང༌། ཁ་ཅིག་དབེན་གསུམ་གྱི་སྐབས་ཀྱི་སྒྱུ་ལུས་རྗེས་མཐུན་པ་དང༌། རིམ་པ་གསུམ་པའི་རླུང་སེམས་ཀྱི་ལྷ་སྐུ་དེ་རགས་པའི་ལུས་ལ་འཇུག་པ་མཚོན་ནོ། །


TNT05_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་འདོད་དེ་མི་འགལ་བར་མཐོང་ངོ༌། །འོན་ཀྱང་སྣང་བ་ཐམས་ཅད་ལ་བདེ་བ་རྗེས་སུ་ཞུགས་པ་དེ་ནི་རྫོགས་རིམ་གྱི་སྐབས་སུ་སྤྲུལ་སྐུ་ལམ་འཁྱེར་གྱི་གཙོ་བོ་ཡིན་ལ། གཞན་དག་ནི་རྣམ་གྲངས་སོ། །ལུས་དཀྱིལ་བསྒོམ་པས་ནི། ཕུང་ཁམས་སྙིགས་མ་རྣམས་འོད་གསལ་དུ་ཐིམ་པ་དང༌། དངས་མ་རྣམས་ལྷ་སྐུར་སྤྲོ་བའི་སྨིན་བྱེད་དང༌། སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་ནི། ལུས་དབེན་ནས་བརྩམས་ཟུང་འཇུག་གི་བར་དུ་སྣང་བ་གསུམ་གྱི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པའི་གཞི་འདིངས་པ་དང༌། སེམས་དཔའ་གསུམ་བརྩེགས་བསྒོམ་པས་ཀྱང༌། རྩ་ཁམས་རླུང་སེམས་ཀྱི་དངས་མ་ལྷ་སྐུར་འཆར་བའི་སྨིན་བྱེད་དང༌། རྒྱས་བཏབ་དབང་བསྐུར་ནི། བྱང་ཆུབ་ཀྱི་སེམས་སྤྱི་བོར་བརྟན་པས། ཕུང་ཁམས་ཐམས་ཅད་བདེ་ཆེན་དུ་གྱུར་པའི་སྨིན་བྱེད་དོ། གསུམ་བྱིན་གྱིས་རླབས་པ་མན་ཆད་ལམ་དང་འབྲས་བུའི་སྤྲུལ་སྐུ་ཁོ་ན་དང་སྦྱོར་བ་མིན་ཏེ། སྐུ་གསུམ་ཆར་གྱི་ཐུན་མོང་དུ་སྣང་ངོ༌། འོན་ཀྱང་སྐྱེ་བ་སྤྲུལ་སྐུ་ལམ་བྱེད་ཀྱི་སྐབས་སུ་བྱུང་བས་དེའི་སྡེ་ཚན་དུ་བཞག་གོ །འདིར་ལུས་དཀྱིལ་གྱི་ལུས་ཞེས་བྱ་བ་ནི། ལྷའི་སྐུ་ལུས་དེ་ཡིན་ལ། དེ་ཉིད་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཚང་བར་བྱས་ཏེ་བསྒོམ་པ་ལ་ལུས་དཀྱིལ་ཞེས་བྱ་ཡི། ལུས་དཀྱིལ་གྱི་གོ་དོན་སྒྲུབ་གཞི་ལུས་ཡིན་པའི་དཀྱིལ་འཁོར་ལ་འཆད་པ་དོན་མ་ཡིན་ཏེ། ཁོ་བོ་ཅག་ལྟར་ན་བསྒྲུབ་གཞི་ལུས་མ་ཡིན་པའི་ཁྱབ་པ་ཡོད་མོད། གཞན་ཁྱེད་དག་ལྟར་ཡང་རྟེན་དང་བརྟེན་པ་གཉིས་ཀའི་སྐབས་སུ་བསྒྲུབ་གཞི་ཤེས་པ་དང༌། འདུས་མ་བྱས་དུ་མ་ཁས་ལེན་དགོས་པའི་ཕྱིར་རོ། །ལུས་དཀྱིལ་གྱི་གཞལ་


TNT05_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་ནི་ལྷའི་སྐུ་ཉིད་གཞལ་ཡས་ཁང་དུ་མོས་པ་ཁོ་ནས་འགྲུབ་ཀྱི། ཕྱི་དཀྱིལ་གྱི་གཞལ་ཡས་ཁང་གི་རྒྱུན་དེ། ལུས་ཀྱི་འབྲས་བུར་མོས་པ་ཙམ་ལ་ལུས་དཀྱིལ་དུ་འཆད་པ་ནི་གང་ནས་ཀྱང་མ་བཤད་དོ། །སྐབས་འདིར་སྦྱང་བྱ་སྦྱོང་བྱེད་རྣམས་འཛམ་བུ་གླིང་པའི་མི་དང་མཐུན་པར་འཆད་པའི་རྒྱུ་མཚན་འཇིག་རྟེན་སོ་སོ་སྐྱེ་བོ་ཕལ་གྱི་སྣང་བ་ལ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་ཐ་སྙད་འཇོག་པ་དེ། འཛམ་བུ་གླིང་གི་རྟེན་ཁོ་ན་ལ་འབྱུང་བར་འདོད་པས། འཛམ་བུ་གླིང་གི་རྟེན་དེ་མཆོག་ཏུ་བསྔགས་པའི་ཕྱིར། འདི་དག་མཐུན་པར་སྦྱར་བ་ནི། སྡོམ་འབྱུང་ལ་སོགས་པའི་རྒྱུད་ལས་ཀྱང་འབྱུང་ཞིང༌། བླ་མའི་མན་ངག་ལས་འབྱུང་བ་ལྟར་བསྟན་པ་ཡིན་གྱི། སྤྱིར་འཆི་བར་སྐྱེ་གསུམ་གྱི་སྲིད་པ་སྦྱོར་ཚུལ་གཅིག་བསྒོམས་པས། འགྲོ་བ་སོ་སོ་ཐ་དད་པའི་འཆི་བར་སྐྱེ་གསུམ་ཐམས་ཅད་གཅིག་ཅར་སྦྱོང་ནུས་པ་ཡིན་ཏེ། རིགས་འདྲ་བ་ཉིད་ཀྱི་ཕྱིར་རོ། །དེས་ན་གང་དག་ཚེ་གཅིག་གིས་འཚང་རྒྱ་བའི་རྟེན་ལ་འཛམ་བུ་གླིང་པ་ཁོ་ན་དགོས་པ་དང༌། གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་ནུས་པ་ཡང་འཛམ་བུ་གླིང་པ་ཁོ་ན་ལ་ཡོད་པ་དང་སྔགས་ལ་བརྟེན་ནས་སངས་རྒྱས་སྒྲུབ་པ་རྣམས་འོག་མིན་གྱི་ཞིང་དུ་སངས་མི་རྒྱ་བར། མ་དག་པའི་ཞིང་དུ་མ་དག་པའི་ལུས་རྟེན་ལ་སངས་རྒྱ་བ་དང༌། འཛམ་བུ་གླིང་དུ་སངས་རྒྱ་མཁན་དེའི་འཆི་བར་སྐྱེ་གསུམ་སྦྱང་གཞི་དངོས་ཡིན་གྱི་གཞན་རྣམས་མིན་པར་འདོད་པ་སོགས་ནི། གནད་མ་གོ་བའི་ཅལ་ཅོལ་ཙམ་དུ་སྣང་ལ། གཟུགས་མེད་ཁམས་ན་གཟུགས་མེད་པ་དང༌། གཟུགས་ཁམས་ན་གཉིས་སྦྱོར་


TNT05_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། ལྷའི་ལུས་རྟེན་ལ་ཁམས་དཀར་དམར་མེད་པ་སོགས་མངོན་པའི་ལུང་གིས་སྒྲུབ་པ་ནི། སྤྱིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་ལུགས་མ་གོ་ཞིང༌། སྒོས་སུ་གསང་བ་འདུས་པའི་རྒྱུད་ཀྱི་དངོས་བསྟན་དང་འགལ་བའི་བཤད་པར་སྣང་ངོ༌། །ལྷག་མོས་འོད་གསལ་དུ་བསྡུ་བ་ནས་རིགས་བདག་གིས་རྒྱས་བཏབ་པའི་བར་ནི། རྣལ་འབྱོར་བཞིའི་མཚན་ཉིད་ཅན་དང་པོ་སྦྱོར་བ་དངོས་ཡིན་ལ། རིག་མ་འདུས་བྱ་བ་ལ་སོགས་པ་ནི་ཡན་ལག་གོ །དེ་ཡང་གོང་དུ་སྨོས་པ་ལྟར་སྒྲུབ་པའི་སྐབས་ཡིན་ན། དངོས་ཀྱི་རིག་མ་འམ། ཡིད་ཀྱི་བསྒོམ་པ་ཡིན་ཡང་ལས་ཀྱི་དངོས་གྲུབ་སྒྲུབ་པའི་ཁྱད་པར་ལས། རྡོ་རྗེའི་རིགས་ལ་སྨིན་ཤ་ཅན། །རྣམ་སྣང་རིགས་ལ་བཙོ་རླག་མ། །རིན་ཆེན་རིགས་ལ་གར་མཁན་མ། །པདྨའི་རིགས་ལ་འཕྲེང་རྒྱུད་མ། །ལས་ཀྱི་རིགས་ལ་བཟོ་བྱེད་མ་རྣམས་སྒོམ་པར་བྱེད་དགོས་པ་ལས། སྐབས་འདིར་སྨེ་ཤ་ཅན་ནོ། །དེ་ཡང་ཡིད་ཀྱིས་བསྒོམ་པ་ཡིན་ན། དེ་དག་སྙིང་ག་ནས་སྤྲུལ་ཏེ་སླར་ཡང་བསྐྱེད་བྱ་ལྷ་མོ་དགུ་ཡོད་པ་ལས་རྡོ་རྗེའི་རིགས་ལ་མཱ་མ་ཀཱིའམ། རེག་བྱ་རྡོ་རྗེ་མ་གང་རུང་དུ་བསྐྱེད་པ་ཡིན་ལ། ལས་དང་པོ་པས་བསྙེན་པའི་དུས་སུ་སྒོམ་པ་ལ་ནི། རེག་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་ཉིད་བསྒོམ་པས་ཆོག་གི་མིའི་བུད་མེད་བསྒོམ་མི་དགོས་མོད། འོན་ཀྱང་བླ་མ་རྣམས་ནི་བསྒོམ་པར་མཛད་དོ། །རིག་མ་དེའི་ལུས་ལ་ལྷ་ཉེར་དགུ་འགོད་པ་ནི། རིག་མ་འདུས་བྱ་བ་ཡིན་ལ། མཁའ་གསང་བྱིན་གྱིས་རླབས་ནས། རིན་འབྱུང་གི་ང་རྒྱལ་གྱིས་རྗེས་ཆགས་


TNT05_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་ང་རྒྱལ་བཟུང་བ་ནི། རྗེས་ཆགས་དངོས་དང༌། ཡང་རྡོ་རྗེ་འཆང་གི་ང་རྒྱལ་གྱིས་ཧཱུཾ་འདོན་ཞིང་འོད་ཟེར་གྱིས་གང་བས་རྗེས་ཆགས་བརྟན་པར་བྱས། དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་གཉིས་སྦྱོར་གྱི་མཆོད་པ་འབུལ་ཞིང༌། ང་རྒྱལ་བཟུང་བ་ནི། མཆོད་པ་དངོས་ཡིན་ཡང་རྗེས་ཆགས་དང་སྡོམས་ནས་མཆོད་པ་ཞེས་སྤྱྀ་མིང་དུ་བྱའོ། །སྐབས་འདིར་ང་རྒྱལ་སོ་སོར་འཕོ་བ་ཡིན་གྱི། སྐུའི་རྣམ་པ་བསྒྱུར་བ་ནི་མི་དགོས་སོ། །རིག་མ་འདུ་བྱ་བ་དང༌། མཆོད་པ་འདི་གཉིས་ལུས་དཀྱིལ་གྱི་ལྷ་མཆོད་པའི་དོན་དང༌། ལྷའི་སྐུ་ལ་བདེ་སྟོང་གིས་རྒྱས་འདེབས་པའི་ཕྱིར་བསྒོམ་པ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། རྗེས་ཆགས་ཀྱི་རྐྱེན་གྱིས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག་སངས་རྒྱས་དེ་རྣམས་དང་ལུས་དཀྱིལ་གྱི་ལྷ་རྣམས་ཞུ་བའི་ཐིག་ལེ་རྒྱུར་བྱས་ནས། གནས་ཡུམ་གྱི་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད་དགོས་པ་ལ། རྣམ་གཞག་རིམ་པ་ལས་གཞལ་ཡས་ཁང་བསྒོམ་པར་གསུངས་པས་གཞལ་ཡས་ཁང་བསྒོམ་དགོས་ཤིང༌། ལྷ་རྣམས་བསྐྱེད་པ་ལ་ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་དང༌། ཐུགས་ཀར་དྲངས་ནས་ཕྱོགས་བཅུར་སྤྲོ་བ་དང༌། སྤྱི་དང་སྒོས་ཀྱི་མཛད་པ་མཛད་པ་དང༌། སྤྲུལ་པ་རྣམས་གཅིག་ཏུ་བསྡུ་བ་དང༌། དེ་ལ་རང་རང་གི་ཡེ་ཤེས་པ་རྣམས་བསྲེ་བ་དང༌། ཐོག་མ་ཉིད་ནས་རིགས་བདག་རང་ཆས་སུ་བསྐྱེད་ནས། སྐབས་འདིར་རིགས་བདག་ཡབ་ཡུམ་གྱི་ཐིག་ལེས་དབང་བསྐུར་བ་དང༌། སླར་བྱོན་ཏེ་རང་གནས་སུ་འཁོད་པ་རྣམས་ལ། བསྐྱེད་པའི་སྒོ།


TNT05_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བའི་སྒོ། མཛད་པའི་སྒོ། བསྡུ་བའི་སྒོ། འདྲེས་པའི་སྒོ། དབང་བསྐུར་བའི་སྒོ། གནས་སུ་འཁོད་པའི་སྒོ་སྟེ་སྒོ་བདུན་གྱི་ཐ་སྙད་མཛད་ལ། དེའི་དང་པོ་ཆོ་ག་གསུམ་ནི། ཐིག་ལེ་སོ་གཉིས་ཟླ་བ་ལས་བྱང་ཆུབ་པ་དང༌། ས་བོན་དེ་ཉིད་གསུམ་སྤེལ་ཅན་སོ་གཉིས་རྣམས་ནི་ཡིག་འབྲུ་ལས་བྱང་ཆུབ་པ་དང༌། ཕྱག་མཚན་སོ་གཉིས་ནི་ཕྱག་མཚན་ལས་བྱང་ཆུབ་པ་སྟེ། རྒྱུ་ཆོ་ག་གསུམ་གྱི་སྒོ་ནས་འབྲས་བུ་ལྷར་བསྐྱེད་པའོ། །རྣམ་གཞག་རིམ་པར་ཕྱག་རྒྱ་རྒྱས་འདེབས་ཀྱི་དོགས་གཅོད་མཛད་པའི་དགོངས་དོན་སྙིང་པོ་འདི་ཡིན་ཏེ། རྣལ་འབྱོར་རྒྱུད་དུ་ཕྱག་རྒྱ་བཞིའི་རྒྱས་འདེབས་གསུངས་པའི་དོད་ལ་དེ་ལས་ཀྱང་བཟང་བ་ཏིང་ངེ་འཛིན་ཁོ་ནས་འགྲུབ་པ་ནི། དཀྱིལ་འཁོར་རྒྱལ་མཆོག་འདི་ལ་ཕྱག་རྒྱ་བཞིས་རྒྱས་འདེབས་པའི་དོན་ཚང་བ་ཡིན་ཏེ། ས་བོན་ཡིག་གསུམ་དང་སྤེལ་བ་གསུང་ཆོས་ཀྱི་ཕྱག་རྒྱ། ཕྱག་མཚན་སོ་གཉིས་ཐུགས་དམ་ཚིག་གི་ཕྱག་རྒྱ། ལྷ་སོ་གཉིས་སྐུ་ཕྱག་རྒྱ་ཆེན་པོ། སྤྱི་སྒོས་ཀྱི་མཛད་པ་རྣམས་འཕྲིན་ལས་ལས་ཀྱི་ཕྱག་རྒྱ་སྟེ། ལྷ་སོ་གཉིས་སྐྱེད་ཆོག་བཞི་པོ་དེ་ཚང་བ་ལས་གཞན་དུ་མི་འདའ་བ་ནི། ཕྱག་རྒྱས་རྒྱས་བཏབ་པའི་དོན་ནོ། །གསུམ་པ་ལས་རྒྱལ་པོ་མཆོག་ནི། གདོང་གི་སྣ་རྩེར་ཉི་གདན་ལ་རྡོ་རྗེ་རྩེ་ལྔ་པ་ཕྲ་མོ་བསྒོམས་ཏེ། རེག་མཐོང་གི་མཚན་མ་རྙེད་ཅིང་བརྟན་པར་གྱུར་ན། མཐའ་ཡས་པའི་བར་དུ་སྤྲོ་ཞིང་བསྡུ་བ་ལ་བསླབ། དེ་ཡང་བརྟན་ན་ལྷའི་སྐུར་བསྒྱུར་ཏེ་མཐའ་ཡས་པའི་བར་དུ་སྤྲོ་བསྡུ་ལ་བསླབ། དེ་ལ་བརྟན་ན་


TNT05_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྩེ་མོར་ཐིག་ལེའི་གཟུགས་ལ་བསླབ། དེ་ཡང་བརྟན་ན་པདྨར་སྤྲོས་ཏེ། ཐིག་ལེའི་དབུས་སུ་དཀྱིལ་འཁོར་བསྒོམ་པ་ལ་བསླབ། དེ་ཡང་བརྟན་ན་དཀྱིལ་འཁོར་དེའི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐིག་ལེའི་དབུས་སུ་ཡང་དཀྱིལ་འཁོར་བསྒོམ་པ་ལ་བསླབ་པོ། འོན་ཀྱང་བསྙེན་པ་རྐྱང་བའི་བསྙེན་པ་དང་པོའི་སྐབས་སུ་ནི་གདོང་གི་སྣ་རྩེའི་ཕྱག་མཚན་དང༌། ནོར་བུའི་ཐིག་ལེ་ཙམ་བསྒོམ་པས་ཆོག་གོ །རྡོ་རྗེའི་བཟླས་པ་ནི། སྔགས་ཀྱི་འཕྲེང་བ་ལ་དམིགས་ནས། སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་དྲན་བཞིན་པས་ཡི་གེ་འབྲུ་གསུམ་ཡིད་བཟླས་སམ། འགོག་པའི་བཟླས་པ་བྱའོ། །ཕྱིར་རོལ་གྱི་བཟླས་པ་ནི། བཟླས་པའི་མན་ངག་སྤྱི་དང་མཐུན༌། བཟླས་པའི་གྲངས་ནི། དབང་བསྐུར་སོགས་ཀྱི་དོན་དུ། གཙོ་བོ་ལ་འབུམ་འཁོར་རྣམས་ལ་ཁྲི། བགེགས་མཐར་བྱེད་ཀྱི་འཕྲེང་སྔགས་ལ་ཁྲི། ཡེ་ཤེས་འབེབས་པའི་སྔགས་འབུམ་དེའི་བཅུ་ཆའི་སྦྱིན་སྲེག་དང་བཅས་པས་རྫོགས་པའོ། །དངོས་གྲུབ་སྒྲུབ་པ་ལ་ནི་ཚད་མེད་དེ། ལྷས་བྱིན་གྱིས་རླབས་པ་དང༌། དངོས་གྲུབ་སོ་སོའི་མཚན་མ་ཐོབ་ཀྱི་བར་དུའོ། །བཟླས་བྱའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ནི་ལྷ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོརགསུངས་ལ། བཛྲ་དྷྲི་ཀ་ལ་སོགས་པ་འབྱིན་སྔགས་རྣམས་ནི། སྙིང་པོའི་སྙིང་པོ་ཡིན་པར་གསུངས་པས་ཉེ་སྙིང་ངོ༌། །འབྱིན་སྔགས་ས་བོན་དང་བཅས་པ་དེ་ཉིད་གསུམ་སྤེལ་ལམ། ལྔ་སྤེལ་དུ་བྱེད་པ་ནི་སྙིང་པོ་ཡིན་ཞིང༌། ཕཊ་དང་སྤེལ་བ་ཡང་དཔལ་ལྡན་ཨ་ཏི་ཤའི་རྒྱ་དཔེ་ལ་མངོན་སུམ་དུ་མཐོང་བས། ནོར་པའོ་ཞེས་སྨྲ་བར་མི་ནུས་སོ། །འཕྲེང་སྔགས་ནི་རྩ་རྒྱུད་


TNT05_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དུཡུམ་བཞི་དང༌། ཁྲོ་བོ་དགུའི་འཕྲེང་སྔགས་ཙམ་གསུངས་སོ། །དེ་ཡང་རང་གཙོ་བོར་གསལ་བ་དང༌། གཙོ་འཁོར་ཐམས་ཅད་རྒྱུད་གཅིག་པ་དང༌། ལྷ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་བལྟས་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་བའི་དོན་དུ་ལྷ་ཐམས་ཅད་ཀྱི་ཞལ་ནས་བཟློས་པར་བསམ་དགོས་སོ། །དེ་ནས་རྗེས་ཆགས་ཀྱི་རྐྱེན་གྱིས་གཙོ་བོ་སེམས་དཔའ་གསུམ་བརྩེགས་འོད་གསལ་དུ་གཞུག་པ་དང༌། ལྷ་མོ་བཞིས་བདེ་བ་ཆེན་པོ་ལ་བསྐུལ་ནས་ལྡང་བ་དང༌། དེ་ལ་བསྟོད་པ་དང༌། མཆོད་པ་བྱེད་པ་རྣམས་ཀྱང་སྟེ། རྗེས་བསྡུ་ཉིད་ཀྱི་སྔོན་འགྲོ་ཡིན་ལ། དེའི་མཐར་རྗེས་ཡོངས་སུ་བསྡུ་བ་ཡིན་ནོ། །རིག་མ་འདུ་བྱ་མན་ཆད་ལ་རྣམ་གཞག་རིམ་པ་ལས། སྦྱང་དང་སྦྱངས་འབྲས་ཇི་ལྟར་ཡིན་གྱི་གསལ་ཁ་མེད་ཀྱང༌། རིག་མ་འདུ་བྱ་བ་ནི། རིགས་དང་མཐུན་པའི་ཁྱིམ་ཐབ་བམ། ཆགས་པའི་ཡུལ་དོན་དུ་གཉེར་ཞིང༌། དེའི་དོན་དུ་ཡོ་བྱད་གསོག་པ་སོགས་ སྦྱོང༌། མཆོད་པ་ནི་ཕོ་མོ་སྙོམས་པར་འཇུག་པ་སྦྱོང༌། དཀྱིལ་འཁོར་རྒྱལ་མཆོག་གིས་ནི་བུ་དང༌། ཚ་བོ་སྤྲོ་བ་ལ་སོགས་པ་སྦྱོང༌། ལས་རྒྱལ་མཆོག་གི་ཕྲ་ཐིག་ནི། གཉིད་དང་རྨི་ལམ་ལ་སོགས་པའི་སྣང་བ་སྦྱོང༌། བཟླས་པས་ནི་ངག་གི་སྨྲ་བ་སྣ་ཚོགས་དང༌། དེར་འཛིན་པ་སྦྱོང་ལ། བླ་མ་སྔ་རབས་པ་ཁ་ཅིག་གཙོ་བོ་འོད་གསལ་དུ་གཞུག་པ་ནི་ཚེའི་མཐར་འཆི་བ་སྦྱོང༌། གླུས་བསྐུར་བ་ནི། ཉེ་དུ་མྱ་ངན་བྱེད་པ་སྦྱོང་ཞེས་ཀྱང་འཆད་ཀྱང༌། ཉེར་བསྡུ་འཆི་བ་དང་སྦྱོར་དགོས་ན། རྗེས་ཀྱི་རིམ་པ་ཁོ་ན་ལ་འཆི་བ་སྦྱོང་བྱེད་རིམ་པ་གཉིས་མི་དགོས་པས་དེ་ནི་མི་


TNT05_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལ། དེས་ན་འདི་ནི་འོད་གསལ་དུ་བསྡུ་བ་རྒྱ་ཆུང་ངུའི་དབང་དུ་བྱས་ཏེ། གཉིད་འཐུག་པོ་སྦྱོང་པ་ལ་གཙོ་བོ་གཞུག་པ་སྦྱོང་བྱེད་དུ་བྱའོ། །བསྐུལ་ཞིང་བླང་བ་ནི། ཡང་རླུང་གི་སྟོབས་ལས། སྣང་བཞི་དང་འབྱུང་བཞིའི་རིམ་པས་གཉིད་སད་ཀྱི་སྣང་བ་རགས་པ་སྦྱོང༌། མཆོད་བསྟོད་ལ་སོགས་པས་དེའི་ལོངས་སྤྱོད་རྣམས་སྦྱོང་བ་ཡིན་ནོ། །འབྲས་བུ་དང་སྦྱར་ན། རིམ་མ་སྦྱང་བ་དང༌། མཆོད་པ་ནི་ཡེ་ཤེས་ཀྱི་སྐུ་ཁ་སྦྱོར་གྱི་རྣམ་པ་དང༌། ཐུགས་བདེ་བས་གང་བ་མཚོན། དཀྱིལ་འཁོར་རྒྱལ་མཆོག་ནི། གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་མཛད་པ་མཚོན། ཡང་ན་སྤྲུལ་པའི་སྐུའི་དབང་དུ་བྱས་ན། འདོད་ཆགས་ཆེན་པོའི་གདུལ་བྱ་ལ་གཟིགས་ནས་ཁ་སྦྱོར་གྱི་སྐུར་སྟོན་ཞིང༌། འདོད་ཆགས་ཆེན་པོའི་སྤྱོད་པས་དཀྱིལ་འཁོར་སྤྲུལ་པ་ཡང་མཚོན། ཕྲ་ཐིག་གིས་ནི་རང་གི་ཡེ་ཤེས་ཁོ་ན་ལས་གྲུབ་པའི་སྐུ་དང༌། ཞིང་ཁམས་དང་མཛད་པ་རྒྱུན་མི་འཆད་པ་མཚོན། བཟླས་པ་ནི། གདུལ་བྱ་གཞན་སྣང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན། གཙོ་བོ་འོད་གསལ་དུ་བསྡུ་བ་ནི། གདུལ་བྱ་གཞན་སྣང་གི་སྐུ་དེ་དངོས་ཀྱི་གདུལ་བྱ་མེད་པ་ན། མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་དང་འདྲ། གླུས་བསྐུལ་ཞིང་བཞེངས་པ་ནི། གདུལ་བྱ་ཡོད་པའི་ཞིང་དེར་ཚད་མེད་བཞིས་བསྐུལ་ནས། གཟུགས་ཀྱི་སྐུར་སྟོན་པ་དང་ཆོས་མཐུན། མཆོད་བསྟོད་ནི། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་དམ་པར་གྱུར་བ་མཚོན་ནོ། །དེ་དག་རྫོགས་རིམ་དང་སྦྱར་བ་ནི། རིག་མ་འདུ་བྱ་བ་དང༌། རྗེས་ཆགས་


TNT05_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལས་ཀྱི་ཕྱག་རྒྱ་དང་འབྲེལ་བའི་རྫོགས་རིམ་ཀུན་གྱི་གཞི་འདིངས་པར་བྱེད། དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱི་རྐྱེན་མཐར་ཐུག་པ་ལས། དག་པ་དང་མ་དག་པའི་སྒྱུ་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་མཐུན། ཕྲ་ཐིག་གིས་ནི་ལུས་དབེན་གྱི་རྒྱུ་བྱེད་ཅིང༌། ལུས་དབེན་ཉིད་དང་རྣམ་པ་མཐུན། བཟླས་པས་ནི་ངག་དབེན་སྨིན་པར་བྱེད། གཙོ་བོར་འོད་གསལ་དུ་གཞུག་པས་སེམས་དབེན་དང༌། བསྐུལ་ཞིང་ལྡང་བ་མཆོད་བསྟོད་བཅས་པས་ནི། མཉམ་བཞག་དང་རྗེས་ཐོབ་ཀྱི་སྒྱུ་ལུས་སྨིན་པར་བྱེད་དོ། ཁ་ཅིག་རྗེས་བསྡུ་བ་ནི། ཐུན་མཚམས་དང་འབྲེལ་བ་ཁོ་ན་ཡིན་པའི་ཕྱིར༌། དག་བྱ་དག་བྱེད་ནི་མི་སྦྱོར་ཏེ། ཚེའི་མཐར་གྱུར་བའི་འཆི་བ་སྦྱོང་བྱེད་ནི་གོང་དུ་སོང་ཟིན་པའི་ཕྱིར་རོ། །ཞེས་པ་ནི་མི་འཐད་དེ་ཚེ་མཐའི་འཆི་བ་སྦྱོང་བྱེད་གཙོ་བོ་འོད་གསལ་དུ་བསྡུ་བ་ལ་ཤིན་ཏུ་འབྱོར་བ་མ་ཡིན་པའི་ཕྱིར་དང༌། དོན་དམ་པའི་དཀྱིལ་འཁོར་ནི་ལྷག་མོས་བསྡུ་བ་དང་ཉེར་བསྡུ་གཉིས་ཀ་ལ་སྦྱོར་དགོས་རྒྱུ་ཡིན་པ། དེ་ལ་རྣམ་གཞག་རིམ་པར་འཆི་བ་འོད་གསལ་གྱི་རྣམ་གཞག་རྒྱས་པར་གསུངས་པའི་ཕྱིར་དང༌། དེར་ཀུན་གྱི་འཇུག་ཏུ་འཆད་པའི་རྒྱུ་མཚན་ཡང་ལྷ་ཚོགས་རྣམས་ལུས་དཀྱིལ་ལ་བསྡུ་བ་དང༌། འགྲོ་བ་ཐམས་ཅད་སྦྱང་བ་དང༌། རང་ཉིད་འོད་གསལ་དུ་འཇུག་པ་རྣམས་ཡིན་ལ། དེའི་ཕྱིར་ཐུན་མཚམས་ཀྱི་ལྷ་སྐུ་ཡང་སླར་སྲིད་པའི་འབྱུང་བ་མཚོན། ཡང་ཁ་ཅིག་རིག་མ་འདུ་བྱ་བ་མན་ཆད་སྦྱངས་འབྲས་ཁོ་ནའི་སྐབས་ཡིན་པས།


TNT05_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དང་སྦྱོར་བ་མི་འཐད་དོ། །ཞེས་ཟེར། འོ་ན་ལུས་དཀྱིལ་ཡན་ཆད་གཞིའི་གནས་སྐབས་དང་སྦྱོར་བའི་སྐབས་ཡིན་པས། འབྲས་བུའི་གནས་སྐབས་དང་སྦྱོར་བ་མི་འཐད་པར་འགྱུར་རོ། །དེས་ན་སྔ་མ་རྣམས་ལ་གཞི་འཁོར་བ་དང་མཐུན་པ་དང༌། འབྲས་བུ་སངས་རྒྱས་དང་མཐུན་པ་གཉིས་གཉིས་ཡོད་པ་བཞིན་དུ་འདི་དག་ལའང་རིགས་པ་ཁོ་ནའོ། །རིག་མ་འདུ་བྱ་བ་མན་ཆད་འཁོར་བའི་ཆོས་ལ་སྦྱར་བ་ནི་མི་རུང་སྟེ། སངས་རྒྱས་ཟིན་པའི་གནས་སྐབས་དང་སྦྱོར་དགོས་པའི་ཕྱིར་སྙམ་ན། མངོན་བྱང་ཕྱི་མ་ནས་ལུས་དཀྱིལ་གྱི་བར། བར་སྲིད་སྐྱེ་སྲིད་སོགས་དང་སྦྱོར་དུ་མི་རུང་བར་འགྱུར་ཏེ། ཆོས་སྐུ་ཐོབ་ཟིན་པའི་གནས་སྐབས་དང་སྦྱོར་དགོས་པའི་ཕྱིར་རོ། །དེ་ཉིད་སྦྱང་གཞི་དང་སྦྱངས་འབྲས་ཀྱི་ཕྲུགས་སོ་སོ་ཡིན་ནོ་སྙམ་ན། འདིར་ཡང་དེ་ལྟར་ཡིན་པས་སྦྱང་བྱ་རིགས་ཀྱི་བག་མ་བླང་བ་སོགས་དང་སྦྱར་བ་དེ། སྦྱངས་འབྲས་སངས་རྒྱས་ཟིན་པའི་ཕྲུགས་ཀྱི་འཕྲོ་ལ་འཐུད་རྒྱུ་ག་ལ་ཡིན། འདི་ནི་སྦྱང་བྱའི་ཕྲུགས་དང་སྦྱོར་ཏེ་སྦྱང་བྱ་སྐྱེ་བ་བླངས་ཤིང༌། ལུས་ཚད་ཕྱིན་པའི་འཕྲོ་ལ་འཐུད་རྒྱུ་ཡིན་པས་འགལ་བ་ཅི་ཡང་མེད་དོ། །འོན་ཀྱང་སྒྲུབ་ཐབས་ཀྱི་སྟོད་རྣམས་སྦྱང་གཞི་སངས་རྒྱས་མ་ཐོབ་གོང་དང་སྨད་རྣམས་སྦྱངས་འབྲས་སངས་རྒྱས་ཐོབ་པའི་དུས་དང་སྦྱོར་དགོས་པས་མི་འདྲའོ་སྙམ་ན། སྒྲུབ་ཐབས་ལ་སྦྱང་བྱ་སྦྱོང་བྱེད་ཀྱི་དུམ་བུ་གཉིས་སུ་འབྱེད་པ་འདི་འདྲ་རྒྱུད་གཞུང་མན་ངག་གང་གི་ཡང་ཁུངས་མེད་ཅིང༌། མ་དག་པའི་ལུས་རྟེན་ལ་སངས་རྒྱས་ཐོབ་པར་འདོད་པའི་གྲུབ་མཐའ་བློ་


TNT05_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་མ་དེ་དང་བསྒྲིགས་པ་ཡིན་གྱི། དོན་ལ་ཤིན་ཏུ་མི་འཐད་དེ། འཛམ་བུ་གླིང་དུ་སངས་རྒྱས་པར་སྟོན་པ་དང༌། དེའི་སྐྱེ་བ་དང་བར་དོ་སོགས་ནི་སངས་རྒྱས་ཀྱི་རྣམ་འཕྲུལ་གྱི་མཛད་པ་ཡིན་གྱི། བར་དོ་དང་སྐྱེ་བ་ཕལ་པ་ཡིན་པ་མི་སྲིད་པས་ནམ་དུ་ཡང་སྦྱང་བྱར་མི་འགྱུར་རོ། །སྦྱང་བྱའི་གཙོ་བོ་ནི། འཁོར་བ་མཐའ་མེད་པའི་སྲིད་པ་ཁོ་ན་ཡིན་གྱི། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ལ་བར་དོ་དང་སྐྱེ་བ་མཚན་ཉིད་པ་མི་སྲིད་མོད། གལ་ཏེ་སྲིད་དུ་ཆུག་ཀྱང་དེ་མ་སྦྱངས་ཀྱང་སྐྱོན་མེད་ལ། སྦྱངས་ཀྱང་ཕན་ཡོད་མེད་པའི་ཕྱིར་དང༌། དེ་ནི་སྦྱངས་འབྲས་དང་ལམ་གྱིས་བསྡུས་པ་ཁོ་ན་ཡིན་པའི་ཕྱིར་ རོ། །རྣམ་གཞག་རིམ་པ་ལས། ཕྱག་རྒྱ་བཞི་ཚང་ཚུལ་ལ་དོགས་པ་དཔྱད་པའི་དོན་ནི། གོང་དུ་དཀྱིལ་འཁོར་རྒྱལ་མཆོག་ཕྱག་རྒྱ་བཞིར་བཤད་པ་དེ་ཡིན་ལ། ཞལ་གྱི་དག་པའི་ཞུ་ལན་ནི། ལྷ་ཐམས་ཅད་ཞལ་གསུམ་པར་བྱེད་པ་དག་པ་ཅི་ལ་དགོངས། ཞེས་དྲིས་པ་ལ། རྡོ་རྗེ་ཐལ་མོའི་ངེས་དོན་དབང་ལྔ་ཡུལ་ལྔ་འོད་གསལ་དུ་བཅུག་པ་ངེས་དོན་དུ་བཤད་ནས། ཤེས་རབ་འོད་གསལ་དང་ཐབས་སྒྱུ་མའི་སྐུ་དང༌། དེ་གཉིས་ཟུང་དུ་འཇུག་པ་ཏེ་སྡེ་གསུམ་པོ་དེ་མཚོན་པ་དང༌། ལུང་སྟོན་ལས། སྐྱབས་གསུམ་དེ་ཉིད་གསུམ་ཡིན་ཏེ། །སྐུ་གསུམ་རྣམ་པར་ཐར་གསུམ་གྱི། །ཞལ་གསུམ་ཡིན་ཏེ་མདོག་གསུམ་ཡིན། །སྦྱོར་གསུམ་དམ་ཚིག་གསུམ་སྦྱོར་བས། ཁམས་གསུམ་དུ་ནི་ལྷ་གསུམ་གྱི། །དཀྱིལ་འཁོར་གསུམ་གྱི་དུས་གསུམ་དུ། །ལམ་གསུམ་གྱི་ནི་མཆོག་གསུམ་གྱི། །ཇི་སྙེད་དུ་ནི་རྟོགས་པས་བསྐུལ། །ཞེས་


TNT05_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚན་གྱི་ཆོས་བཅུ་གཉིས་སམ། བཅུ་གསུམ་དག་པའི་ཞལ་གསུམ་དུ་བཤད་ལ། གཞུང་ནས་མི་གསལ་ཡང༌། སྣང་གསུམ་ལུགས་འབྱུང་ལུགས་ཟློག་དག་པ་དང༌། ཕར་ཕྱིན་དྲུག་དག་པའི་ཕྱག་དྲུག་གོ །འདི་ནི་མཚོན་བྱེད་ཙམ་སྟེ། ཕྱག་མཚན་ལ་སོགས་པའི་དག་པ་རྒྱས་པ་རྟོགས་དགོས་པའི་དོན་ཡིན་ལ། དེ་ཡང་མདོར་བྱས་སུ་དག་དྲན་གྱི་གསལ་ཁ་མེད་པས། དག་པ་དྲན་པ་བསམ་པ་དང་ཤེས་དགོས་ཞེས་པའི་དོན་ཏེ། དེ་དག་ཀྱང་མན་ངག་སྙེ་མ་སོགས་ལས་གསལ་བར་འབྱུང་བ་ལྟར་ཤེས་པར་བྱ་ཡི། གང་དག་ཞལ་གསུམ་ཕྱག་དྲུག་པ་མ་ཡིན་པའི་ལྷས་རྫོགས་རིམ་སྨིན་བྱེད་ཀྱིས་བསྐྱེད་རིམ་མི་འགྲུབ་པ་དང༌། རྒྱུད་གཞན་ལས་སྒྱུ་ལུས་དང༌། འོད་གསལ་དང༌། ཟུང་འཇུག་གསུམ་དཔྱིས་ཕྱིན་པ་མི་སྟོན་པས། ལྷ་ཐམས་ཅད་ཞལ་གསུམ་པར་མི་བྱེད་ཅེས་པ་དང༌། རྒྱུད་གསང་བ་འདུས་པ་དང་ལྷ་ཞལ་གསུམ་ཕྱག་དྲུག་མ་སྒོམས་ན་སངས་མི་རྒྱ་ཞེས་ཟེར་ཞིང༌། རེས་འགའ་རྒྱུ་མཚན་རྟོགས་དཀའ་བ་ཞིག་ཡོང་གྱུ་བ་བྱེད་ལ། རེས་འགའ་ཞལ་གསུམ་གྱི་དག་པ་ཁོ་ན་གོ་བས་ཆེས་བླུན་པོ་མ་གཏོགས། གསང་འདུས་འབའ་ཞིག་ལ་དད་པ་སྐྱེ་དགོས་ཟེར་བ་སོགས་ནི་མུ་ཅོར་ཁོ་ནར་ཟད་དོ། ལྷའི་གྲངས་ལ་དོགས་གཅོད་ཀྱི་དོན་ཡང༌། སློབ་དཔོན་སོ་སོས་གསང་འདུས་ཀྱི་རྒྱུད་ལ་ལྷ་གྲངས་མི་འདྲ་བ་དུ་མ་བྱས་པ་ལས། འདིར་སུམ་ཅུ་སོ་གཉིས་མཛད་པ་ལ། དག་སྦྱོར་གྱི་དགོས་པ་ཅི་ཡོད་ཅེས་དྲིས་པའི་ལན་དུ་ལུས་དཀྱིལ་གྱི་སྐབས་སུ་སྦྱང་བྱ་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམ་


TNT05_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་སྦྱོང་བྱེད་ལྷ་སོ་གཉིས་ཡོད་པ་བཞིན་དུ་ཕྱི་དཀྱིལ་ལ་ཡང་དག་བྱ་དག་བྱེད་དེ་དག་ཚང་དགོས་པའི་ཕྱིར། ལྷ་སོ་གཉིས་སུ་བྱས། དག་བྱ་ཡང་ཕུང་པོ་ལྔ། འབྱུང་བ་བཞི༌། དབང་པོ་དྲུག་ཡུལ་ལྔ་ལུས་ཀྱི་རྟེན་ཁོག་པ་ལ་ཚིགས་དང་རྩ་རྒྱུས་ཡན་ལག་བསྔོམས་པས་བཅུ་གཉིས་རྣམས་ཏེ། དེ་རྣམས་དག་བྱེད་ཀྱི་དབང་དུ་བྱས་པས་དག་པ་ཆ་ཚང་ཕྲུགས་གཅིག་ལ་སུམ་ཅུ་སོ་གཉིས་དགོས་པའི་སྐབས་བྱུང་ཞིང༌། དེ་ལས་ལྷག་པ་མི་དགོས་པའི་གནས་སྐབས་ཞིག་ཀྱང་ཡོད་པས། སུམ་ཅུ་སོ་གཉིས་སུ་བྱས་ཞེས་པའི་དོན་ཡིན་ཏེ། ཞལ་དང་ལྷ་ཚོགས་ཀྱི་གྲངས་ངེས་འདི་གཉིས་ཀར་དགོས་པ་ལ་བལྟོས་པའི་གྲངས་ངེས་ཡིན་གྱི། ཕུང་གསུམ་སེལ་བའི་གྲངས་ངེས་མ་ཡིན་པས། ཚད་མའི་ཁ་སྐད་འབྲེལ་མེད་འགའ་ཞིག་འདིར་བཅུག་ནས། རྩོད་པ་ལ་ཡིད་དགའ་མི་བྱའོ། །དེས་ན་ཕྱིས་འགའ་ཞིག་ཟེར་བ་ལྟར་སློབ་དཔོན་གཞན་གྱི་ལུགས་ལྷ་གྲངས་སོ་སོ་བ་དེ་དག་ལ། དག་སྦྱོར་རྣམ་དག་མེད་ཅིང༌། སོ་གཉིས་པ་ལ་དག་སྦྱོར་རྣམ་དག་ཡོད་པས། གསང་འདུས་ཀྱི་དཀྱིལ་འཁོར་གཞན་དེ་རྣམས་མ་དག་ཅེས་པའི་དོན་ཡེ་མིན་ནོ། །སྤྱིར་རྣམ་གཞག་རིམ་པ་ལ། མངོན་པ་མཛོད་ཀྱི་ལུང་དྲངས་པ་དང༌། འདུས་པ་ལ་སློབ་དཔོན་ཐ་དད་ཀྱི་སྒྲུབ་ཐབས་མང་པོ་བརྩམས་པ་ཡང༌། ཕྱིས་རྒྱལ་པོ་པཱ་ལ་བདུན་གྱི་རིང་ལ་ཕལ་ཆེར་བྱུང་གི །སྔོན་ཆེར་མེད་པས་སྒྲུབ་ཐབས་མི་འདྲ་བའི་དོགས་གཅོད་བཀོད་པ་འདིས་ཀྱང༌། འཕགས་པའི་དངོས་སློབ་ཀྱི་ཀླུ་བྱང་མིན་ནོ་ཞེས། རྒྱ་གར་བ་འགའ་ཞིག་སྨྲ་བ་


TNT05_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། སྐབས་འདིར་ནི་དོན་ལ་རྟོན་པ་ཉིད་ཀྱི་ཕྱིར་དང༌། འཕགས་སྐོར་གྱི་གཞུང་རྣམས་བརྩམས་ཚུལ་གོང་དུ་སྨོས་པ་བཞིན་ཡིན་པས་མི་འགལ་བར་ཤེས་སོ། །གཉིས་པ་སྒྲུབ་ཐབས་ཀྱི་ཆིངས་བཤད་པ་ལ། རྡོ་རྗེ་འཕྲེང་བའི་རྒྱུད་འགྲེལ་པ་དང་མཐུན་པའི་འགྱུར་ལས། དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོར་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི།རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱ་མཆོག།རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ །ཞེས་དེ་ཉིད་བཞི་བཅུ་ཞེ་དགུར་འདོད་ལ། དེ་ཡང་ཨ་ལང་ཀ་ཀ་ལ་ཤའི་འགྲེལ་པ་དེར། རང་གི་སེམས་ལ་སོ་སོར་རྟོག་པ་དང༌། རྣམ་ཐར་བཞི་དང༌། མཆོད་པ་བཞི་དང༌། ཚད་མེད་བཞི་དང༌། གནས་དང༌། བགེགས་བསྐྲད་དང༌། སྟོང་ཉིད་བསྒོམ་པ་དང༌། ཡེ་ཤེས་ཀྱི་ས་དང༌། གཞལ་ཡས་ཁང་དང༌། ལྷག་མོས་བསྒོམ་པ་སྟེ། འཁོར་གྱི་དེ་ཉིད་བཅུ་དང༌། དོན་དམ་པའི་དཀྱིལ་འཁོར་དང༌། དེ་ལས་ལྡང་བ་དང༌། བར་སྲིད་དག་པ་དང༌། ཆོས་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་དང༌། སྔགས་ཀྱིས་བསྟེན་པར་བྱེད་པ་སྟེ། །སྒྱུ་ལུས་སུ་གྱུར་བའི་དེ་ཉིད་ལྔ། དེ་ལྟར་བཅོ་ལྔ་དང་པོ་སྦྱོར་བའོ། །རྗེས་སུ་རྣལ་འབྱོར་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ཡན་ལག་བྱིན་གྱིས་རླབས་པ་སྟེ་བཞི་དང༌། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རླབས་པ་གསུམ། སེམས་དཔའ་གསུམ་སྟེ་དྲུག།ཕྱག་རྒྱའི་དབྱེ་བ། དེ་འདུ་བྱ་བ། རྡོ་རྗེ་པདྨ་བྱིན་གྱིས་


TNT05_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པ། རྗེས་ཆགས་ཀྱི་སྔགས་བརྗོད་པ། བདེ་ཆེན་གྱི་མཆོད་པ། སྔགས་ཀྱིས་བརྟན་པ་སྟེ། རྗེས་སུ་རྣལ་འབྱོར་མན་ཆད་ཀྱི་དབྱེ་བ་བཅུ་བདུན་དང༌། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་སྤྲོ་བ་སྟེ། དཀྱིལ་འཁོར་རྒྱལ་མཆོག་ལ་ ལྔའོ། །ཕྲ་མོ་དང༌། བཟླས་པ་དང༌། ཞུ་བ་དང༌། བསྐུལ་བ་དང༌། ལྡང་བ་དང༌། བསྟོད་པ་དང༌། ཉེར་བསྡུ་དང༌། སྒོང་སྐྱེས་ཀྱི་རིམ་པས་རྡོ་རྗེ་སེམས་དཔའ་བསྐྱེད་པ་དང༌། ལུས་གསོ་བ་དང༌། བདུད་རྩི་མྱང་བ་དང༌། བཟའ་བའི་ཆོ་ག་དང་གཤེགས་སུ་གསོལ་ནས་ཉལ་བའི་ཆོ་ག་སྟེ་བཅུ་གཉིས་སོ། །ཞེས་བཤད་པ་ལ། སྒྲོན་གསལ་དང་མི་འགྲིག་པ་འགའ་རེ་བྱུང་ཡང༌། འཕགས་སྐོར་གྱི་མངོན་རྟོགས་ཁོ་ནའི་དབང་དུ་བྱས་པ་མིན། འཕྲེང་བ་རང་གི་དབང་དུ་བྱས་པར་སྣང་བས་རྒྱུ་མཚན་དེ་ཙམ་གྱིས་མ་དག་པར་འཇོག་མི་ཐུབ་བོ། །བར་སྐབས་དང༌། ཕྱིས་བྱུང་བའི་མཁས་པ་བུ་སྟོན་ཆེན་པོ་དང་མཁས་པ་གཞན་དང་གཞན་དག་ཀྱང༌། དེ་ཉིད་ཞེ་དགུར་བཞེད་པར་འདྲ་བ་ལ། རྣམ་གྲངས་མི་འདྲ་ཙམ་ཁོ་ན་འཆད་དོ། །འོན་ཀྱང་སྐབས་འདིར་རྡོ་རྗེ་འཕྲེང་བ་འགྱུར་གཞན་ལས་འདི་སྐད་ཅེས་འབྱུང་སྟེ། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་བརྒྱད་ཀྱིས། །དང་པོ་སྦྱོར་བ་བསྒོམ་པར་བྱ། །དེ་ལས་དཀྱིལ་འཁོར་རྒྱལ་མཆོག་གི།རྣམ་འབྱོར་མཆོག་ལ་དབྱེ་བ་བརྒྱད། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། ། དེ་ཉིད་དབྱེ་བ་སུམ་ཅུ་བརྒྱད། །བསྐྱེད་


TNT05_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པ་བསྡུས་པའོ། །ཞེས་འབྱུང་བ་ལྟར་དེ་ཉིད་སུམ་ཅུ་རྩ་བརྒྱད་དུ་བྱས་ན་ལེགས་སོ། །སྔ་མ་མང་པོ་ཞིག་ཞེ་དགུ་དག་པར་འདོད་དེ། འགྲེལ་པའི་ལུགས་དེ་མི་འདོད་ཕྱིན། འཕགས་སྐོར་གྱི་མངོན་རྟོགས་ལ་སོ་བརྒྱད་དུ་སྦྱར་བ་འདི་འགྲིག་ཅིང༌། འགོས་ལུགས་པ་རྣམས་ཀྱང་སོ་བརྒྱད་ཉིད་བཞེད་དོ། །རྣལ་འབྱོར་སྲུང་བ་དང༌། གནས་སྲུང་བ་དང༌། བདག་སྲུང་བ་སྟེ་སྲུང་འཁོར་ལ་གསུམ། ཡེ་ཤེས་ཀྱི་ས་བསྐྱེད་པ། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ། ལྷག་མོས་འཁོར་དང་བཅས་པ་སྟེ། དང་སྦྱོར་གྱི་སྔོན་འགྲོ་ལ་གསུམ། དེ་ནས་མངོན་བྱང་ལྔ་ལ་རེ་རེ། སྤྲུལ་སྐུ་རྡོ་རྗེ་སེམས་དཔར་བསྒྱུར་བ་དང་ལུས་དཀྱིལ་དང༌། སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་དང༌། སེམས་དཔའ་གསུམ་བརྩེགས་དང༌། རྒྱས་བཏབ་སྟེ། དང་སྦྱོར་དངོས་གཞི་ལ་བཅུའོ། །རིག་མ་འདུ་བྱ་བ་དང༌། མཆོད་པ་ནི། དང་སྦྱོར་གྱི་ཡན་ལག་ཀྱང་ཡིན་ལ། དཀྱིལ་འཁོར་རྒྱལ་མཆོག་གི་སྔོན་འགྲོ་ཡང་ཡིན་པས། གཉིས་པོ་གང་དུ་སྦྱར་ཡང་མི་འགལ་མོད། རེ་ཞིག་དང་པོ་སྦྱོར་བ་ཉིད་དུ་བསྡུ་བར་གསུངས་པས་དེ་གཉིས་དང་པོ་སྦྱོར་བ་རྗེས་ཏེ། སྔོན་འགྲོ་དངོས་གཞི་རྗེས་བསྡོམས་པས་དང་སྦྱོར་ལ་བཅོ་བརྒྱད་དེ། གཞལ་ཡས་ཁང་བསྐྱེད་པ་ལ་གཅིག་དང༌། ལྷ་བསྐྱེད་པ་ལ་སྒོ་བདུན་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་དབྱེ་བ་བརྒྱད་དོ། །ཕྲ་ཐིག་སྟེང་གི་སྣ་རྩེར་བསྒོམ་པ་ལ། གཞིའི་རྣལ་འབྱོར་དང་སྤྲོ་བསྡུའི་རྣལ་འབྱོར་གཉིས། འོག་གི་སྣ་རྩེར་བསྒོམ་པ་ལ་ཡང་དེ་


TNT05_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གཉིས་ཏེ་བཞི། རྡོ་རྗེའི་བཟླས་པ་དང༌། ངག་བཟླས་གཉིས། གཙོ་བོ་འོད་གསལ་དུ་བཞུགས་པ། གླུས་བསྐུལ་ཞིང་བཞེངས་པ། བསྟོད་པ། མཆོད་པ། ཉེར་བསྡུ། ཐུན་མཚུངས་སུ་བཞེང་པ་སྟེ་དྲུག།དེ་རྣམས་བསྡོམས་པས་བཅུ་གཉིས་ནི་ལས་རྒྱལ་མཆོག་གོ །ཡང་མདོར་བྱས་ལས་གསུངས་པའི་རིམ་པ་དོན་ཚན་ཉི་ཤུ་རྩ་ལྔར་བསྡུ་བ་ནི། འཕགས་པ་ཉིད་ཀྱི་མདོ་སྡེ་ལས། འདི་སྐད་ཅེས་གསུངས་ཏེ། ད་ནི་མདོར་བསྡུ་བའི་ཕྱིར། མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་གནས་ངེས་པ་དང༌། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང༌། བཀའི་འཁོར་ལོ་དང་སྟོང་པ་ཉིད་ལ་དམིགས་པ་དང༌། སའི་ཆ་བསྐྱེད་པ་དང༌། གཞལ་ཡས་ཁང་དང༌། དཀྱིལ་འཁོར་འགོད་པ་དང༌། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང༌། ལྡང་པ་སྟེ་ཉི་མ་ལ་དམིགས་པ་དང༌། མཐར་ཟླ་བའི་དཀྱིལ་འཁོར་དང༌། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་སྔགས་ཀྱི་བྱིན་གྱིས་རླབས་པས་ཕུང་པོ་ལ་སོགས་པ་དག་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་དང་ལྡན་པའི་འདུས་བྱས་པ་དང༌། རྡོ་རྗེ་པདྨ་འདུས་བྱས་པ་དང༌། རྗེས་སུ་ཆགས་པས་རྡོ་རྗེ་བྱིན་གྱིས་རླབས་པ་དང༌། དཀྱིལ་འཁོར་ཕྱུང་བ་དང༌། ཕྲ་མོའི་སྦྱོར་བ་དང༌། རྡོ་རྗེ་བཟླས་པ་དང༌། ངག་གི་བཟླས་པ་དང༌། དོན་དམ་པ་ལ་རབ་ཏུ་འཇུག་པའི་བསྐུལ་བ་དང༌། ཡང་བླང་བ་དང༌། བསྟོད་པ་བྱེད་པ་དང༌། ཉེ་བར་བསྡུ་བ་དང༌། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །ཞེས་དོན་མཚན་ཉི་ཤུ་རྩ་ལྔར་ཡང་གསུངས་སོ། །རྡོ་རྗེ་བཞིའི་ཆིངས་ཀྱི་དབང་དུ་བྱས་ན་རྒྱུད་ཕྱི་མ་ལས། དང་


TNT05_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་ པ་ཡིན། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་ པའོ། །ཞེས་གསུངས་པའི་དོན་ལ་ཕྱོགས་མཐུན་ཙམ་དུ་སྦྱར་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡན་ཆད། སྟོང་ཉིད་བྱང་ཆུབ་ཐུགས་རྡོ་རྗེའི་རྣལ་འབྱོར། དེ་ནས་ཕྱག་མཚན་ལས་བྱང་ཆུབ་པའི་བར་ནི་ས་བོན་བསྡུས་པ་གསུང་རྡོ་རྗེའི་རྣལ་འབྱོར། དེ་ནས་ལུས་དཀྱིལ་རྫོགས་པའི་བར་ནི་གཟུགས་རྫོགས་པ་སྐུ་རྡོ་རྗེའི་རྣམ་འབྱོར། གཙོ་རྐྱང་བསྒོམ་པ་ཡིན་ན། དེ་ནས་མཆོད་པའི་བར་དང༌། དཀྱིལ་འཁོར་ཡོངས་རྫོགས་ལྟར་ན། དཀྱིལ་འཁོར་རྒྱལ་མཆོག་རྫོགས་ཀྱི་བར། ཡི་གེ་དགོད་པ་རྡོ་རྗེ་གསུམ་ཐུན་མོང་གི་རྣལ་འབྱོར་རོ། །རྣལ་འབྱོར་དྲུག་གི་ཁུངས་ནི། རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་རྣལ་ཆེ། དང་པོ་སྦྱོར་བ་མདོར་བསྡུས་པའོ། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག།ལས་ཀྱི་རྒྱལ་པོ་རྣལ་འབྱོར་ མཆོག།ཅེས་གསུངས་ནས། མངོན་བྱང་དང་པོ་གཉིས་ཡན་ཆད་རྣལ་འབྱོར། མངོན་བྱང་ཕྱི་མ་གསུམ་རྗེས་སུ་རྣམ་འབྱོར། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་དང་ལུས་དཀྱིལ་ཤིན་ཏུ་རྣལ་འབྱོར། དེ་ནས་རྗེས་ཆགས་ཀྱི་མཆོད་པ་རྫོགས་ཀྱི་བར་རྣལ་འབྱོར་ཆེན་པོ། དེ་ནས་གཞལ་ཡས་ཁང་སྦྲོས་ཟིན་པའི་བར་དཀྱིལ་འཁོར་རྒྱལ་མཆོག།དེ་ནས་ཐུན་མཚམས་ཀྱི་བར་ལས་རྒྱལ་མཆོག་ཡིན་ལ། ཐུན་མཚམས་ཀྱི་སྤྱོད་པ་དང༌། ལས་དང་དངོས་གྲུབ་སྒྲུབ་པ་རྣམས་སྤྱིར་ལས་རྒྱལ་མཆོག་ཙམ་དུ་འཆད་པའི་གནས་སྐབས་འདུག་ཀྱང༌། མངོན་


TNT05_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་རིམ་པ་གཅིག་གི་ལས་རྒྱལ་མཆོག་ལ་མི་བགྲོད་པས། ཡན་ལག་དྲུག་གམ་ཏིང་ངེ་འཛིན་གསུམ་གྱི་ལས་རྒྱལ་མཆོག་ལ་བགྲོང་པ་ནི་མི་བདེའོ། །ཏིང་ངེ་འཛིན་གསུམ་གྱི་དབང་དུ་བྱས་ན། བཤད་མ་ཐག་པའི་རྣལ་འབྱོར་བཞི་པོ་ནི་དང་པོ་སྦྱོར་བ་ཡིན་ལ། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གོང་བཞིན་ནོ། །བསྙེན་སྒྲུབ་ཡན་ལག་བཞིའི་དབང་དུ་བྱས། རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་གི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ཡིས། །སྒྲུབ་པའི་ཚེ་ན་སྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། བསྙེན་པའི་ཡན་ལག་ནི་མངོན་བྱང་དང་པོ་ཡན་ཆད་དེ། ཡུལ་སྟོང་ཉིད་ལ་ཡུལ་ཅན་ཡེ་ཤེས་བསྙེན་པར་བྱེད་པའི་ཕྱིར། བྱང་ཆུབ་མཆོག་སྟོང་ཉིད་ལ་དམིགས་པའོ། །ཉེར་སྒྲུབ་ནི། དེ་ནས་ལུས་དཀྱིལ་རྫོགས་ཀྱི་བར་ཏེ། ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་སྐུ་ལ་ཁད་ཉེ་བའི་སྔགས་ཀྱི་ལོངས་སྐུ་སྒྲུབ་པ་ཡིན་ཞིང༌། ལྷའི་སྐྱེད་མཆེད་སྒྲུབ་པའི་ཕྱིར་རོ། །དེ་ནས་རྗེས་ཆགས་ཀྱི་བར་ནི་སྒྲུབ་པའི་ཡན་ལག་སྟེ། རང་གི་སྒོ་གསུམ་དང༌། སྔགས་ཀྱི་བདག་པོ་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གཅིག་ཏུ་སྒྲུབ་པའི་ཕྱིར་རོ། །སྒྲུབ་ཆེན་ནི་མཆོད་པའི་རྗེས་ནས་ཉེར་བསྡུའི་བར་ཏེ། གཞན་དོན་རྒྱ་ཆེན་པོ་སྒྲུབ་པར་བྱེད་པ་དང༌། རང་སྔགས་སེམས་དཔའ་གསུམ་དང་རིགས་


TNT05_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དབུ་རྒྱན་བྱ་བ་བྱེད་པའི་ཕྱིར་རོ། །གསུམ་པ་ལས་དང་པོ་པའི་དངོས་གྲུབ་སྒྲུབ་ཚུལ་ནི། ཡང་དེ་ལྟ་བུའི་བསྙེན་སྒྲུབ་ཡན་ལག་བཞི་ཀར་བསྙེན་པའི་ཡན་ལག་དང༌། ལེའུ་བཅུ་པ་ལས་གསུངས་པ་ལྟར་སྤྱོད་པ་ལ་བརྟེན་ནས་སྙིང་པོ་བསྐུར་བ་ནི། ཉེར་སྒྲུབ་ཀྱི་ཡན་ལག་དང༌། བསྐྱེད་རིམ་པའི་སྤྱོད་པ་དང༌། དྲག་ཤུལ་སྦྱོར་བ་ནི། སྒྲུབ་པའི་ཡན་ལག་དང༌། ཞི་སོགས་ཀྱི་ལས་དང༌། དངོས་གྲུབ་ཀྱི་སྦྱོར་བ་ནི། སྒྲུབ་པ་ཆེན་པོའི་ཡན་ལག་གོ །བསྒྲུབ་བྱ་ལས་དང་དངོས་གྲུབ་ནི། ཞི་སོགས་བྱ་བའི་ཆོ་ག་དང༌། དེ་བཞིན་གྲུབ་པ་བརྒྱད་དང་ནི། ཞེས་གསུངས་པ་ལྟར་ལས། ཞི་སོགས་ཀྱི་ལས་ལ། ལས་ཐམས་ཅད་ཀྱི་ཐུན་མོང་གི་རྗེས་སུ་འགྲོ་བ་བརྒྱད་དེ། ཕྱོགས་དང༌། དུས་དང༌། ཆ་བྱད་དང༌། བསམ་པ་དང༌། གནས་དང༌། ཡུལ་དང༌། ཁ་ཟས་དང༌། ཆོ་གའི་ཁྱད་པར་རྣམས་སོ། །དཀྱིལ་འཁོར་ལ་གསལ་སྣང་ཐོབ་ནས་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ཏེ། ལས་ཚོགས་སྒྲུབ་པ་ཤེས་ཆེ་བར་གསུངས་ལ། མཐའ་གཅིག་ཏུ་དགོས་པའམ་མ་ཡིན་ཏེ། དཔའ་པོ་གཅིག་པའི་རྣལ་འབྱོར་གྱིས་ཀྱང་འགྲུབ་པར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་ལ་ལྷ་མོ་བཞིས་ཞུས་ལས། རྫས་བརྒྱད་ཡན་ལག་སྒྲུབ་བ་བཤད། ། རི་ལུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །མཁའ་ལ་ཕུར་དང་མི་སྣང་དང༌། །འཆི་བ་མེད་དང་ནད་མཇོམས་སོ། །ཞེས་གསུངས་ལ། དེ་དག་ཀྱང་རགས་པ་ལ་གསལ་སྣང་ཐོབ་པ་སྔགས་ལ་གཞོལ་བས་ནི། བཟླས་པ་དང། སྦྱིན་སྲེག་དང༌། རྫས་དང་


TNT05_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་ལ་སོགས་པས་བསྒྲུབ་དགོས་ལ། ཕྲ་མོ་ལ་བརྟན་པ་ཐོབ་པ་ནང་ལ་གཞོལ་བས་ནི། དེ་དག་ལ་མ་བལྟོས་པར་བསམ་གཏན་ཙམ་གྱིས་འགྲུབ་བོ། བསྐྱེད་རིམ་གྱི་སྤྱོད་པ་ལ་བརྟེན་ནས་ཞོར་བྱུང་དུ་གྲུབ་པ་བརྒྱད་ལ་སོགས་པ་འགྲུབ་པ་ཡོད་ཀྱང༌། སྤྱིར་གྲུབ་པ་བརྒྱད་སོགས་སྒྲུབ་པའི་ཡན་ལག་ཏུ་བསྐྱེད་རིམ་གྱི་སྤྱོད་པ་སྤྱོད་པ་དང་སྡིགས་སྦྱོར་དགོས་པ་ནི་མ་ཡིན་ནོ། །ནང་ལ་གཞོལ་བའི་སྔགས་པས། བསྐྱེད་རིམ་གྱི་རིག་པ་འཛིན་པ་ཆེན་པོ་སྒྲུབ་པ་ལ། སྤོགས་ཆོག་དང་སྙིང་པོ་བསྐུལ་བ་མི་དགོས་ཤིང༌། སྔགས་ལ་གཞོལ་བས་སྤྱོད་པ་ཟླ་བ་དྲུག་ཏུ་སྤྱད་ཀྱང་མ་འགྲུབ་ན། སྤྱོད་པ་ལན་གསུམ་གྱི་བར་དུ་སྤྱོད་དགོས་པ་དང་དེས་ཀྱང་མ་འགྲུབ་ན་དྲག་ཤུལ་གྱི་སྦྱོར་བ་བྱ་ལ། རྫོགས་རིམ་གྱི་དངོས་གྲུབ་ནི་མི་འགྲུབ་པ་མི་སྲིད་པའི་ཕྱིར། དེ་དག་མི་དགོས་སོ། །ཞེས་བོད་ཀྱི་འཕགས་སྐོར་བ་སྔ་ཕྱི་རྣམས་འཆད་དོ། ། འོན་ཀྱང་ནང་ལ་གཞོལ་བ་ལ་མི་དགོས་པར་བཤད་པ་ནི། བསྐྱེད་རིམ་པའི་ནང་ལ་གཞོལ་བ་དེ་མ་ཡིན་གྱི། རྫོགས་རིམ་པའི་དབང་དུ་བྱས་པ་ཡིན་ལ། བསྐྱེད་རིམ་པའི་དེ་གཉིས་ཀར་ལ་དགོས་པ་སྲིད་དོ། །དེ་བས་ན་དེ་དགོས་མི་དགོས་དབང་པོ་རྣོ་རྟུལ་གྱི་ཁྱད་ཡིན་ཏེ། རྣོ་ན་བོགས་འདོན་གྱི་སྤྱོད་པ་དང་པོ་ཁོ་ནས་མཆོག་ལ། འབྲིང་ན་སྤྱོད་པ་ལན་གཉིས་སམ་གསུམ་སྤྱོད་ཅིང༌། ཐ་མས་དེའི་སྟེང་དུ་སྦོགས་ཆོག་སྡིགས་སྦྱོར་ཡང་དགོས་པ་ཡིན་པར་བཤད་ལ། འོ་ན་སྔགས་ལ་གཞོལ་བ་དེ་དང་ནང་ལ་གཞོལ་བ་དེ་ལ་བཟང་ངན་མེད་པར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། དངོས་གྲུབ་ཕལ་པ་དང༌། རིག་པ་འཛིན་པའི་རྒྱལ་པོར་


TNT05_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པ་ལ་ཡང་ཐུན་མོང་སྒྲུབ་པ་མེད་པ་མ་ཡིན་ལ། འོན་ཀྱང་ཞོར་བྱུང་དུ་འགྲུབ་པ་ཤས་ཆེ་ཞིང༌། ཐུན་མོང་ཁོ་ནའི་ཆེད་དུ་སྤྱོད་པ་དང༌། དྲག་ཤུལ་སྦྱོར་བ་མི་བྱེད་ཀྱང་མཆོག་སྒྲུབ་པ་ལ་དྲག་ཤུལ་སྦྱོར་བའི་སྐབས་སྲིད་པར་གྲུབ་པའི་སློབ་དཔོན་འགའ་ཞིག་བཞེད་པས། དེ་ཡང་མེད་ཅེས་མཐའ་གཅིག་ཏུ་སྨྲ་བར་མི་བྱ་ལ། བསྐྱེད་རིམ་པའི་སྡིགས་སྦྱོར་གྱི་དབྱེ་བ་རྒྱུད་འདི་ལས་སྐུ་གསུང་ཐུགས་ཀྱི་དབྱེ་བ་གསུམ་དུ་གསུངས་སོ། །རྩ་རྒྱུད་ལེའུ་བཅུ་པ་ལས། སྙིང་པོ་བསྐུལ་བ་འདི་དག་རྒྱས་པར་གསུངས། སྡིགས་སྦྱོར་ལེའུ་བཅུ་བཞི་པ་ལས་གསུངས། རྒྱུད་ཕྱི་མ་ལས། ཇི་སྲིད་མཐོང་བ་དེ་སྲིད་དུ། །རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། །འདོད་པ་ཀུན་ལ་ལོངས་སྦྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་བཤད་པའི་ཆོ་ག་དང༌། །སྡོམ་པ་ལན་གསུམ་བརྩམ་པར་བྱ། །དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། །མཐོང་བ་བྱུང་བར་མི་གྱུར་ཞིང༌། །གལ་ཏེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །འགྲུབ་པ་ངེས་པར་ཉེ་བར་འགྱུར། །རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང༌། །སྲུང་བའི་སྦྱོར་བ་དག་ཀྱང་བྱ། །ཞེས་གསུངས་སོ། །ཆོ་ག་དང་བྱ་བའི་རིམ་པ་དེ་དག་གིས་སྤྱིར་ལས་དང་དངོས་གྲུབ་ཐམས་ཅད་བསྒྲུབ་ལ། སྒོས་སུ་རྒྱུད་འདི་ལས་གསུངས་པ་གོང་དུ་སྨྲོས་པ་རྣམས་ནི་ངེས་པ་ཁོ་


TNT05_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ནར་སྤྱད་དོ། །བཞི་པ་བསྐྱེད་རིམ་གྱི་རྣལ་འབྱོར་གཉིས་ངོས་གཟུང་བ་ལས། དྲན་པ་གཅིག་པ་དང༌། རྟོག་པའི་རྣལ་འབྱོར་གཉིས་སོ། །དང་པོ་ལ་དོན་ཚན་ཐོག་མ་རྟོག་པའི་རྣལ་འབྱོར་གྱི་ངོ་བོ་ནི། ཁྱད་པར་གསུམ་ལྡན་གྱི་ལྷའི་རྣལ་འབྱོར་རགས་པ་ལ་སེམས་ཟིན་པའི་ཏིང་ངེ་འཛིན་ནོ། །དེ་ལ་ཁྱད་པར་གསུམ་ནི། རང་བཞིན་སྟོང་ཉིད་མདངས་སྙིང་རྗེ་རྣམ་པ་སྐུ་གསུང་ཐུགས་རྡོ་རྗེའི་ལམ་ཁྱེར་ རོ། །དེ་ལ་ནང་ཚན་དུ་དབྱེ་ན། དཀྱིལ་འཁོར་གྱི་འཁོར་ལོ་དང༌། བསྡུས་པའི་རྣལ་འབྱོར་གཉིས་སོ། །དང་པོ་ཡང་མེ་ཏོག་གང་ལ་ཕོག་པའི་ལྷའི་དབྱེ་བས་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཡིན་ལ། དེ་རེ་རེ་ལའང་སེམས་དཔའ་གསུམ་གསུམ་གྱི་དབྱེ་བས་སྦྱོར་བ་དགུ་བཅུ་རྩ་དྲུག་གོ །དཔའ་བོ་གཅིག་པ་ལ་ཡང༌། དབང་པོ་རབ་རྣལ་འབྱོར་བཞི་བསྐྱེད་སུམ་ཅུ་སོ་གཉིས་དང༌། འབྲིང་མངོན་བྱང་ལྔ་བསྐྱེད་སུམ་ཅུ་སོ་གཉིས་དང༌། ཐ་མ་རྡོ་རྗེ་བཞི་བསྐྱེད་སུམ་ཅུ་སོ་གཉིས་ཏེ། དེ་རེ་རེ་ལ་ཡང་སེམས་པ་གསུམ་གྱི་དབྱེ་བས། སྦྱོར་བ་དགུ་བཅུ་རྩ་དྲུག་པ་གསུམ་མོ། །རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །དཀྱིལ་འཁོར་དབུས་སུ་བྲི་བར་བྱ། །དེ་ཡི་མིང་དངོས་རྣལ་འབྱོར་ བ། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུངས། །ཞེས་སུངས་ཏེ། དེ་ཡང་རྣམ་སྣང་གཙོ་བོར་བྱེད་ན་དབུས་སུ་རྣམ་སྣང་དང༌། ཤར་དུ་མི་བསྐྱོད་པ་བཞག །གཤེགས་པ་གཞན་རྣམས་ལའང་དེས་རིགས་འགྲེ། རིགས་ལྔ་ལ་དབུ་རྒྱན་རྡོ་རྗེ་སེམས་དཔའ་ཡིན། གཞན་ལ་རྒྱལ་བ་རིགས་ལྔ་འཁོར་གྱི་


TNT05_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་མི་འགྲོ། འཁོར་གྱི་ལྷ་རྣམས་ལ་གོ་འཕོ་ན། རྣམ་པ་འཁོར་དེ་དང་དེ་ལ་ངོ་བོ་རང་རིགས་ཀྱི་དེ་བཞིན་གཤེགས་པར་གནས་གྱུར་ནས་དབུས་སུ་བཞུགས་པ་ཡིན་ཏེ། དཔེར་ན་སྤྱན་མ་དབུས་སུ་བཞུགས་ན་དེ་ཡང་རྣམ་སྣང་གི་ངོ་བོར་མོས། རྣམ་སྣང་གི་གོ་སར་མི་བསྐྱོད་པ་བཞག།སྤྱན་མའི་གནས་སུ་ཡང་སྤྱན་མ་གཉིས་པ་བཞག་གོ །དེ་ལ་རྗེས་འགོས་ལ་སོགས་པ་བླ་མ་གོང་མ་རྣམས་ནི། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་དོད་རྣམ་སྣང་དང་སྤྱན་མ་ལ་སོགས་པ་དེར་བསྐྱེད། རྗེས་ཆགས་ཀྱི་སྐབས། རང་ཉིད་སངས་རྒྱས་སྤྱན་མ་རྟགས་བསྒྱུར་ཏེ། ལྷ་ཡབ་དུ་བསྒྱུར། རིག་མ་ཡང་སྤྱན་མར་བསྐྱེད། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་རང་ལ་རྣམ་སྣང་བཅུག།ངོ་བོ་རྣམ་སྣང་ལ་རྣམ་པ་སངས་རྒྱས་སྤྱན་ཕོ་མོའི་ཚུལ་གྱིས་མཁའ་ནང་ནས་དཀྱིལ་འཁོར་ལྷག་མ་སྤྲོ། །དེས་དཀྱིལ་འཁོར་རྒྱལ་མཆོག་གྲུབ་ཟིན་པ་ན། རང་ཉིད་སྤྱན་མ་ཡུམ་རྐྱང་གི་ང་རྒྱལ་དུ་གནས་པར་བྱ། གནོད་མཛེས་ཀྱི་བར་དུ་རིགས་འགྲེ་སྟེ། རང་རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་ང་རྒྱལ་དུ་བྱེད་པ་ཡིན་གསུང༌། ཡང་འགའ་ཞིག་ནི། དང་པོ་སྦྱོར་བ་སྤྱི་དང་འདྲ་བ་ལ། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་གང་གཙོ་བོར་བྱེད་པ་དེ་དང་སྤྲོས་ཤིང་རང་ལ་བསྟིམ་པས། རང་ཉིད་ལྷ་དེ་དང་དེའི་རྣམ་པར་གྱུར་པ་ཡིན་ལ། ལྷ་མོ་རྣམས་ལ་གོང་དུ་སྨོས་པ་བཞིན་གྱི་རྟགས་བསྒྱུར་བ་དེ་དཀྱིལ་འཁོར་རྒྱལ་མཆོག་མ་རྫོགས་ཀྱི་རིང་ལ་དགོས་ལ། དེའི་འོག་ཏུ་ལྷ་མོ་ཡུམ་རྐྱང་དུ་བསྒྱུར་བར་


TNT05_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རིག་མ་བྱིན་གྱིས་རློབས་པ་ཡང༌། རེག་བྱ་རྡོ་རྗེ་མ་ཉིད་དུ་ངེས་པར་བྱས་ན། ལྷ་སོ་གཉིས་ཀྱི་གྲངས་དང་ངོ་བོ་ཚང་བས་ལེགས་པར་འདོད་ཅིང༌། རེག་རྡོ་རྗེ་མ་ཉིད་ཀྱི་དཀྱིལ་འཁོར་ལ་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས། རེག་རྡོ་རྗེ་ཕོ་མོའི་རྣམ་པ་བྱེད་པར་བཞེད་དོ། །ལུགས་དེ་གཉིས་ཀར་ལ་འགལ་བ་མ་མཐོང་ངོ༌། ལྷ་གཅིག་པའི་ཕྱོགས་ལ་རྣལ་འབྱོར་བཞི་བསྐྱེད་ནི། རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་རྗེས་ཀྱི་རྣལ་འབྱོར་དང༌། ། ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། ཞེས་པས་བསྟན་ཞིང༌། མངོན་བྱང་ལྔ་བསྐྱེད་ནི། དེ་ཉིད་ལས། མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །མིང་གིས་རབ་ཏུ་བསྐུལ་བ་ཡིན། །ཞེས་སོ། །རྡོ་རྗེ་བཞི་བསྐྱེད་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། ཡང་ན་རྡོ་རྗེ་བཞི་དག་གི།བརྟུལ་ཞུགས་བརྟན་པས་བསྙེན་པར་བྱ། ། ཞེས་པས་བསྟན་ཞིང༌། རྒྱུད་ཕྱི་མའི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། སོགས་ཀྱིས་ཀྱང་ངོ༌། །སྐབས་འདིར་མན་ངག་ལ་སྡང་བ་ཁ་ཅིག་རྣལ་འབྱོར་བཞི་བསྐྱེད་ལས་བསྡུས་པའི་སྒྲུབ་ཐབས་ལུགས་འདི་ལ་མེད་ཅེས་ཟེར་བ་ནི། སྦྱང་བྱ་སྦྱོང་བྱེད་ཕྱོགས་གཅིག་ཙམ་གོ་བའི་ང་རྒྱལ་གྱིས་ཁེངས་ཤིང༌། ཆོ་ག་སྤྲོས་པ་ཆེ་བ་ཁོ་ན་ལ་དགའ་བའི་རྣམ་འགྱུར་དུ་ཟད་ལ། རྒྱལ་བ་རིགས་ལྔ་ལས་གཞན་པའི་གཙོ་བོ་གོ་འཕོ་མི་འདོད་པ་ཡང༌། བདག་ཅག་གིས་ནི་མོས་པ་ཐ་དད་པའི་གང་ཟག་རྗེས་སུ་འཛིན་པའི་ཐབས་མི་ཤེས་སོ། །ཞེས་གསལ་བར་སྟོན་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད་དོ། །དོན་ཚན་གཉིས་པ་སྒྲ་དོན་ནི། ལྷའི་རྣམ་པ་ལ་དྲན་པ་སྟེ་


TNT05_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩེ་གཅིག་ཏུ་གནས་པའི་ཕྱིར་དྲན་པ་གཅིག་པའོ། །དོན་ཚན་གསུམ་པ་དྲན་པ་གཅིག་པའི་ཤེས་བྱ་ནི། རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། ཞེས་པ་ལ་སོགས་པས་ཕུང་ཁམས་ཀྱི་རང་བཞིན་ལྷའི་འཁོར་ལོ་ཙམ་དུ་ཤེས་པ་ཐུན་མོང་བ་དང༌། ཇི་སྐད་དུ། སྐུ་དང་གསུང་ཐུགས་བདག་མེད་པར། །ཡེ་ཤེས་སེམས་ཀྱིས་ཡང་དག་ སྤྲོ། །འདི་ནི་ཡེ་ཤེས་སྤྱན་ཕྱེ་པའི། །སངས་རྒྱས་རྣམས་ནི་ཀུན་གྱི་ཡིན། །ཞེས་ལྷ་སྐུ་དེ་ཡང་བདེ་སྟོང་གི་རྣམ་རོལ་དུ་ཤེས་པ་ནི། ཐུན་མོང་མ་ཡིན་པའི་ཤེས་ བྱའོ། །དོན་ཚན་བཞི་པ་སྤང་བྱ་ནི། འཁོར་བའི་གནས་ལུས་ལོངས་སྤྱོད་ལ་ཞེན་པ་སྟེ་གོང་དུ་བཤད་ཟིན་ཏོ། །དོན་ཚན་ལྔ་པ་ཉམས་སུ་ལེན་ཚུལ་ནི། ཡིག་འབྲུ་ལ་བསླབ། ཕྱག་མཚན་ལ་བསླབ། རྩ་ཞལ་ལ་བསླབ། སྐུ་ལ་བསླབ། རྒྱན་ལ་བསླབ། སྒྲ་ལ་སོགས་པ་རྐྱེན་དང་བསྲེ་བ་ལ་བསླབ། དེ་རྣམས་ལ་ལོབས་ནས་དཀྱིལ་འཁོར་སྒོམ་དུ་རུང་བས་དཀྱིལ་འཁོར་བསྒོམ་སྟེ། རྣམ་པ་ལ་བསླབ། གོ་རིམ་ལ་བསླབ། ཐུན་མཚམས་ལ་བསླབ། ཡུན་བསྲིང་པ་ལ་བསླབ། རྒྱ་བཀྱེད་པ་ལ་བསླབ་བོ། དེ་ལྟར་བསླབས་པས་ལོབས་པའི་ཚད། བསྒོམ་བྱ་ལྷ་སྐུ་གསལ་སྟོང་རྩོལ་མེད་ལྷུན་གྲུབ་ཏུ་ཡུན་རིང་པོ་དང༌། ཤིན་ཏུ་གསལ་བར་མཐོང་སྟེ། གསལ་བའི་ཚད་ནི་རིག་པ་དང༌། མཐོང་བའི་མཚན་མ་རྙེད་པ་ཡིན་ལ། གཞན་ཡང་ལྷ་དང་བླ་མ་ལ་ཡིད་ཆེས་པ་སོགས་རྟག་དུ་མ་ཞིག་འབྱུང་བ་ཡིན་ནོ། །རེག་མཐོང་གི་མཚན་མ་ལ་བླ་མ་གོང་མ་རྣམས་དབང་པོ་གཉིས་ཀྱིས་


TNT05_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་གྱུར་པ་ཞེས་ཐ་སྙད་མཛད་མོད་ཅུང་ཟད་མི་ལེགས་ཏེ་རྣམ་པ་འདྲ་བ་ཙམ་ཡིན་གྱི། དོན་དུ་ནི་མིག་དང་ལུས་ཀྱི་དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། ཆོས་ཀྱི་སྐྱེ་མཆེད་ཁོ་ནས་བསྡུས་པ་ཉིད་ཀྱིས་ཕྱིར་རོ། །དོན་ཚན་དྲུག་པ་ཕན་ཡོན་ནི། ཐ་མལ་པའི་སྣོད་བཅུད་ཀྱི་ཞེན་པ་བཟློག །ཚོགས་གཉིས་དང་ཁྱད་པར་དུ་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་གསོག །བདག་ཉིད་རྣམ་པར་གྲོལ་བའི་སངས་རྒྱས་ཀྱི་གོ་འཕང་རྗེས་མཐུན་པ་ཐོབ། ལྷ་ཚོགས་ཐམས་ཅད་ཀྱིས་བདག་རྒྱུད་ལ་བྱིན་གྱིས་རླབས་ཤིང༌། སེམས་ཅན་གཞན་ལ་བྱིན་གྱིས་རློབས་པར་ནུས། ལྷ་དང་ལྷ་མིན་དང་དུད་འགྲོ་ཆུ་ལས་སྐྱེས་པ་དང༌། ཐང་ལས་སྐྱེས་པ་སོགས་དབང་དུ་འདུ། རྟོག་པའི་རྣལ་འབྱོར་སྒོམ་པའི་སྐལ་བ་ཅན་དུ་འགྱུར་བ་ལ་སོགས་པའོ། །གཉིས་པ་རྟོག་པའི་རྣལ་འབྱོར་ལ། དོན་ཚན་དང་པོ་ངོ་བོ་ནི། ཕྲ་མོའི་དཀྱིལ་འཁོར་ལ་དམིགས་པས་སེམས་རྣམ་པར་སྦྱོང་བའི་ཏིང་ངེ་འཛིན་ཡིན་ལ། དེ་ལ་དབྱེ་ན་སྟེང་སྒོ་ལ་བརྟེན་པ་དང༌། འོག་སྒོ་ལ་བརྟེན་པའོ། ། དང་པོ་ནི། ཇི་སྐད་དུ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། ། ཞེས་གསུངས་ཤིང༌། དེ་ལ་དབྱེ་ན། དང་པོ་སྣ་རྩེར་ཕྲ་མོའི་དཀྱིལ་འཁོར་བསྒོམ་པ་དང༌། ཤིན་ཏུ་བརྟན་པ་ཐོབ་ནས་སྤྲོ་བ་གཉིས་ཏེ། རིན་ཆེན་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་ཡོངས་མི་སྤྲོ། །ཞེས་སོ། །འོག་སྒོ་ལ་བརྟེན་པ་ལ་ཡང་གཉིས་ཏེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྒོམ་པ་དང་


TNT05_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལྷའི་མཚན་མ་བསྒོམ་པའོ། །དེ་ལྟར་ཡང་ལེའུ་དྲུག་པ་ལས། ཨུཏྤལ་མཐིང་ཀའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་དུ། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཚད་ཙམ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤེས་ཏེ། །བསྒོམ་པས་བྱང་ཆུབ་གཞོལ་བར་འགྱུར། །ཞེས་གསུངས་ཤིང༌། འོག་གི་སྣ་རྩེར་ལྷའི་མཚན་མ་བརྟན་པར་བསླབ། དེ་ལ་ལོབས་ནས་དབང་དུ་གྱུར་པ་བསྐྱེད་པའི་ཕྱིར། མཚན་མའི་སྤྲོ་བསྡུ་དང༌། ལྷ་སྤྲོ་བསྡུ་ལ་སློབ་པ་ཡིན་ནོ། །དོན་ཚན་གཉིས་པ་ངེས་ཚིག་ནི། ཆ་ཕྲ་ཞིང་རྟོགས་དཀའ་བ་ལ་དམིགས་པའི་ཕྱིར་ཕྲ་མོའི་རྣལ་འབྱོར་དང༌། ཕྲ་མོའི་དཀྱིལ་འཁོར་ལ་རྟོག་པའི་ཕྱིར། རྟོག་པའི་རྣལ་འབྱོར་ཞེས་ཀྱང་འདོད་ལ། ཡང་ན་རང་རྒྱུ་རྟོག་པས་བསྒོམ་དགོས་པའི་རྣལ་འབྱོར་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར་རྟོག་པའི་རྣལ་འབྱོར་རོ། །དོན་ཚན་གསུམ་པ་ཇི་ལྟར་བསླབ་པའི་ཚུལ་ནི། སྔགས་ལ་མཆོག་ཏུ་གཞོལ་བས་བཟླས་པ་མཐར་ཕྱུང་སྟེ་སྦྱིན་སྲེག་གི་ལྷ་མཉེས་པར་བྱེད་ལ། དེ་ལྟར་ཡང༌། ཡང་ན་ཁྲོ་བོ་ཐམས་ཅད་ ནི། །དབེན་པའི་གནས་ནི་ཐམས་ཅད་དུ། །སྔགས་པས་འབུམ་དུ་བཟླས་བྱས་ ན། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །ཅེས་དང༌། དངོས་གྲུབ་ཀུན་གྱི་འབྲས་འདོད་པས། །སྔགས་ཤེས་པས་ནི་སྦྱིན་བསྲེག་བྱ། ཞེས་གསུངས༌། ནང་ལ་མཆོག་ཏུ་གཞོལ་བས་ནི། ངག་གི་བཟླས་པ་སྤངས་ཏེ་སྒོམ་པ་ཁོ་ན་མཐར་འབྱིན་པར་བྱའོ། །མན་ངག་ལས་ནི། སྟེང་འོག་གི་སྣ་རྩེ་


TNT05_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་ལ། ཐིག་ལེའི་དཀྱིལ་འཁོར་དང༌། ཡི་གེའི་དཀྱིལ་འཁོར་དང༌། ཕྱག་མཚན་གྱི་དཀྱིལ་འཁོར་དང༌། སྐུའི་དཀྱིལ་འཁོར་ཏེ་བཞི་བཞིའི་དབྱེ་བ་ཡོད་པ། དེ་རེ་རེ་ལ་ཡང་གཙོ་བོ་གོ་འཕོའི་དབྱེ་བས། སྦྱོར་བ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཡོད་དོ་ཞེས་འབྱུང་ལ། དོན་ཚན་བཞི་པ་མཐར་ཕྱིན་པའི་ཚད་ནི།དང་པོར་དམིགས་པའི་གཞི་ལ་བརྟེན་པར་སློབ་པའི་ཚད་མཐར་ཕྱིན་པ་ནི། རྩ་བའི་དཀྱིལ་འཁོར་ཕྲ་མོ་དེ་དང་དེ་ལ་རེག་མཐོང་གི་མཚན་མ་རྙེད་པ་ཡིན་ཞིང༌། རྩ་བའི་ཕྱག་མཚན་གཉིས་ལ་རེག་མཐོང་གི་མཚན་མ་རྙེད་ན་ཡང་དེ་དང་དེའི་རྟགས་མཐར་ཕྱིན་པ་ཡིན་ལ། འབད་རྩོལ་མེད་པར་སྤྲོ་བསྡུ་ལ་རེག་མཐོང་གི་མཚན་མ་རྙེད་ན། རྟོག་པའི་རྣལ་འབྱོར་ཤིན་ཏུ་མཐའ་ཕྱིན་པ་ཡིན་ནོ། །དོན་ཚན་ལྔ་པ་ཕན་ཡོན་ནི། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས། །ཉམས་དགའ་བྱང་ཆུབ་གནས་འགྲུབ་འགྱུར། །ཞེས་གསུངས་ཏེ། རྣལ་འབྱོར་འདི་ཐོབ་པས་རྫོགས་པའི་རིམ་པ་སྒོམ་པར་བྱེད་ན། ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ་ཡང་ཚེགས་མེད་དེ། ལོ་གསུམ་ལ་སོགས་པས་བདེ་བར་འགྲུབ་པ་དང༌། རྣལ་འབྱོར་འདི་ཐོབ་པ་ཁོ་ནས། འདོད་ན་ལྗོན་ཤིང་དང་ལྟེང་ཀ་ལ་སོགས་པ་སྐད་ཅིག་ཙམ་གྱིས་སྐེམ་པར་བྱེད་ཅིང༌། འདོད་ན་ཡུད་ཙམ་གྱིས་ལྗོན་ཤིང་སྐམ་པོ་ལས་མེ་ཏོག་འབྱུང་བ་དང༌། རྡོ་རྗེ་དྲིལ་བུ་ནམ་མཁར་འཇོག་པ་ལ་སོགས་པ་ཡ་མཚན་སྣ་ཚོགས་འབྱུང་ཞིང༌། ཐུན་མོང་གི་དངོས་གྲུབ་ཆེ་ཆུང་ཐམས་ཅད་ཉམས་འོག་ཏུ་ཆུད་པའོ། །གལ་ཏེ་འདིས་རིག་པ་འཛིན་པ་ཆེན་པོ་དག་ཐོབ་པར་འདོད་ན། ཇི་སྐད་དུ། གཟུགས་


TNT05_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲ་དང་རོར་ལྡན་པ། །ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། ཞེས་གསུངས་པ་ལྟར། སྤྱོད་པ་ཟླ་བ་དྲུག་སྤྱད་པས། །ཐུན་མོང་གི་དངོས་གྲུབ་ཆེན་པོ་ལ་སྦྱོར་བར་ནུས་ཤིང༌། །སྤྱིར་རྫོགས་རིམ་མ་བསྒོམས་པར་སྤྱོད་པ་སྤྱད་ན། དངོས་གྲུབ་མཆོག་ལ་ཅུང་ཟད་འགྱང་བར་བཤད་ཀྱང༌། རིག་པ་འཛིན་པའི་ལུས་གྲུབ་ནས། རྫོགས་རིམ་ལ་བརྟེན་ཏེ་རིམ་པས་དངོས་གྲུབ་མཆོག་ལ་སྦྱོར་ནུས་པའི་ཕྱིར། སྐྱོན་ཅན་གྱིས་འགྱངས་པ་མ་ཡིན་ནོ། །གང་ལོག་པར་ལྷུང་བ་སོགས་སྡུག་བསྔལ་དང༌། རྣམ་གཡེང་དང༌། ཉོན་མོངས་ཅན་གྱི་ལས་བསགས་པ་དང་ཐབས་ལ་མི་མཁས་པའི་འགྱངས་པ་ནི། ཉེས་ཅན་ཡིན་ཡང་འདི་དེ་ལྟར་མ་ཡིན་ལ། ཐུན་མོང་གི་དངོས་གྲུབ་ཆེད་ཆེར་འཛིན་པ་ནི་དབང་པོ་རྟུལ་པོ་ཡིན་ཡང༌། གཞན་དོན་སྒྲུབ་པའི་ཐབས་ལ་མཁས་པས་ཐུན་མོང་དོན་དུ་གཉེར་བ་ནི། དབང་པོ་རྟུལ་པོའི་ཡན་ལག་ཏུ་མི་འགྱུར་ རོ། །དེའི་ཕྱིར་རྒྱུད་སྡེ་རྣམས་ལས་ཐུན་མོང་གི་ཆོ་ག་མཐའ་ཡས་པ་གསུངས་པ་རྣམས་དམན་པ་ལ་མོས་པ་ཁོ་ནའི་དོན་དུ་མི་གཟུང་གི །ཐུན་མོངས་ཞེས་པའི་ཚིག་ཉིད་ཀྱིས་ཀྱང་དམན་པ་ཁོ་ནའི་མ་ཡིན་ཏེ། མཆོག་དམན་གཉིས་ཀའི་ཡུལ་དུ་གོ་བར་བྱ་དགོས་སོ།། །།དེ་ལྟར་ན་བསྐྱེད་རིམ་གྱི་མངོན་པར་རྟོགས་པ་ཞིབ་མོ་བློ་ལ་ངེས་པར་བྱས་ནས། ད་ནི་སྒྲུབ་པའི་ཐབས། རྒྱ་སྐད་དུ། བི་ན་ཏི་ཀྲ་མ། བོད་སྐད་དུ། མདོར་བྱས་ཞེས་བྱ་བའམ། རིམ་པ་ལྔ་ལས་བསྡུས་པའི་རིམ་པར་གྲགས་པའི་གཞུང་འདི་ལ། ས་མཚམས་རྣམ་པར་དབྱེ་བ་ཅུང་ཟད་ཙམ་བྱ་སྟེ། དེ་ཡང་ཁམས་གསུམ་སྤྱོད་པ་ལས་གྲོལ་ཞེས་སོགས་ནི།


TNT05_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་དབྱིངས་ལ་ཕྱག་འཚལ་བའི་སྒོ་ནས་མཆོད་པར་བརྗོད་པའོ། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། ཞེས་སོགས་ནི་རྩོམ་པར་དམ་བཅའ་བ་སྟེ། དགོས་འགྲེལ་གྱི་ངག་ཀྱང་ཡིན་ནོ། དོན་བསྡུས་ཞེས་པ་རྒྱུད་མཐའ་དག་གི་དོན་བསྡུ་ལ་མི་ཟེར་གྱི། རྒྱུད་ལས་བསྐྱེད་རིམ་འཐོར་ཐབས་སུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དོན་ནོ། །རྣམ་རྟོག་བག་ཆགས་ཞེས་སོགས་ཀྱིས་བསྐྱེད་རིམ་གྱི་དགོས་པ་ཡང་བསྟན་ཞིང༌། སྙིང་རྗེ་ཆེན་པོ་ལ་དམིགས་པ་ཡང་བསྟན་ཏེ། རྣམ་རྨོངས་ལ་ལེགས་བལྟས་ཞེས་པའི་ཚིག་ཟུར་གྱིས་སོ། །འདོད་པ་ལྔ་ནི་ཞེས་སོགས་ཀྱིས་སྔགས་ལམ་གྱི་ངོ་བོ་ཆགས་ལམ་གྱིས་བསྡུས་པར་བསྟན་ནོ། །དེས་ན་འདི་ནི་ཞེས་སོགས་ཀྱིས་སྒྲུབ་པ་པོའི་མཚན་ཉིད་དང༌། སྐུ་གསུང་སོགས་ཀྱིས་བསྒྲུབ་བྱའི་དངོས་བསྟན་ནོ། །དགོན་པ་ཆེན་པོའི་སོགས་ཀྱིས་གནས་ཀྱི་ངེས་པ་དང༌། འཇམ་པའི་སྟན་ལ་སོགས་ཀྱིས་སྒྲུབ་པ་པོའི་སྤྱོད་ལམ་བསྟན་ནོ། །ཞེ་སྡང་རྡོ་རྗེ་ཏིང་ངེ་འཛིན་གནས། ཞེས་པ་ནས་སྟེང་འོག་ཡང་དག་བྱིན་གྱིས་བརླབས༌། ཞེས་པའི་བར་གྱིས་སྲུང་བའི་འཁོར་ལོ་སྟེ། ཞེ་སྡང་རྡོ་རྗེ་ཏིང་འཛིན་གནས། གནས་སྲུང་བ་ནི་བསམ་པར་བྱ། ཞེས་པ་ནི་མདོར་བསྟན་ཡིན་ལ། ལྷག་མ་རྣམས་རྒྱས་བཤད་དོ། ཞེ་སྡང་རྡོ་རྗེ་ནི་མི་བསྐྱོད་པ་ཡིན་ཡང༌། ནག་པོ་པའི་འགྲེལ་པར། ཧཱུཾ་མཛད་དུ་འཆད་པ་ཡང་མི་འགལ་ཏེ། དེ་ཉིད་འཁོར་ལོའི་དབང་ཕྱུག་གི་ཁྲོ་བོ་ཡིན་པའི་ཕྱིར་རོ། །དེའི་ཚེ་དྲག་པོ་དང་དཀར་མོ་ཞབས་འོག་ཏུ་མནན་པ་ཡང་འབྲེལ་མེད་དོ་ཞེས་སྨྲ་བར་མི་བྱ་སྟེ། ཁྲོ་བོ་དེའི་མཚན་ཉིད་ལ་རྗེས་


TNT05_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞུགས་པའི་ཕྱིར་དང༌། གནོད་བྱེད་མེད་པའི་ཕྱིར་རོ། །ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོ་ལ། ཞེས་འདོན་པ་ནི། འཁོར་ལོ་རྩིབས་བཅུ་བསྒོམ་པའི་རང་འདོད་ཀྱིས་བསྒྱུར་བར་ཟད་ཀྱི། ཡི་གེ་དག་པ་ཀུན་ལས་དཀྱིལ་འཁོར་ཆ་རུ་ནི་ཞེས་འབྱུང་བ་ཉིད་ཚད་མའོ། གནོད་མཛེས་ལ་བཀའ་སྩལ་བ་ནི། ཧཱུཾ་བཞི་པའི་སྔགས་ཉིད་ཡིན་ལ། ཕུར་བུས་གདབ་ཅེས་པ་འོག་གི་ཕུར་གདབ་རྒྱས་པའི་མདོར་བསྟན་ནོ། །ཕྱོགས་བཅུ་ཕུར་བུས་སོགས་ནི། གནས་སྲུང་རྒྱས་པར་བཤད་པའི་དོན་བསྡུའོ། །དམ་པའི་དོན་དུ་ཞེས་སོགས་ནི་ཡེ་ཤེས་ཀྱི་ས་གཞི་བསྒོམ་པའོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པ་སོགས་ནི། རྡོ་རྗེའི་ས་གཞི་བསྒོམ་པ་སྟེ། དེ་ལ་ནམ་མཁའི་ཁམས་ནི་ཆོས་འབྱུང་ངོ༌། །ཧཱུཾ་གཉིས་ནི་རྡོ་རྗེ་གཉིས་ཀྱི་ས་བོན་ཏེ། འབྱུང་བཞིའི་དཀྱིལ་འཁོར་རེ་རེའི་སྟེང་འོག་ཏུ་བསྒོམ་པར་བྱ་བའོ། །རྡོ་རྗེའི་ས་ཞེས་པ་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་གཞི་དང༌། དཀྱིལ་འཁོར་ཞེས་པས་དེ་ཉིད་ཟླུམ་པོར་མཚམས་བཅད་པའི་མཐའ་བསྟན་པས་རཱ་བ་དངོས་སུ་བཤད་པར་འགྱུར་ཞིང༌། འབར་བའི་འོད་ཟེར་རྣམ་པ་ལྔའི་ཁོར་ཡུག་ཀྱང་ཤུགས་ལ་འཕངས་པ་ཡིན་ནོ། །དེར་ནི་བྷྲུཾ་ལས་བྱུང་བ་ཡི་ཞེས་སོགས་ཀྱིས་གཞལ་ཡས་ཁང་བསྟན་ཏེ། ཐིག་བཞི་ཞེས་པ་ནི། ནང་གི་དཀྱིལ་འཁོར་ཟླུམ་པོ་ལ་རེ་མིག་དགུར་གཅོད་པའི་ཐིག་བཞི་སྟེ། རྣམ་གྲངས་སུ་ནི་ཐིག་བརྒྱད་ཡོད་མོད་ཀྱི། གདུང་བཞི་པོའི་ཕྱི་ཐིག་ནང་ཐིག་གཅིག་ཏུ་བསྡོམས་པས་བཞིའོ། །རྡོ་རྗེ་ནོར་བུ་སོགས་དྲ་ཕྱེད་དང་ལྷན་ཅིག་པའི་


TNT05_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཡིན་ཞིང༌། བྲེའི་འཕྲེང་བ་ནི་ཐོག་ཕུབ་ཀྱི་གདུང་འདེགས་བྱེད་ཡིན་པར་གསལ་ལ། འོན་ཀྱང་ཁ་ཅིག་རྟ་བབས་འདེགས་བྱེད་ཡིན་ནོ་ཞེས་འཆད་དོ། །བདག་ཉིད་ཕྱག་རྒྱར་ལྡན་པ་ནི། ཞེས་པ་ལ་སོགས་པས་ལྷག་མོས་ཀྱི་དཀྱིལ་འཁོར་བསྟན། ཞལ་གསུམ་ཕྱག་དྲུག་ལྟ་བུ་ལ་སོགས་པ་ནི། གཙོ་བོ་རྡོ་རྗེ་འཆང་ཆེན་པོའོ། །འོ་ན་འདིར་མི་བསྐྱོད་པ་མེད་པའི་ཕྱིར། རིགས་ལྔ་མ་ཚང་ངོ་སྙམ་ན། རྒྱུ་འབྲས་ཀྱི་ཁྱད་པར་མ་གཏོགས། ངོ་བོ་གཅིག་ཏུ་དགོངས་པའི་ཕྱིར་སྐྱོན་དེ་མེད་དོ། །འདིར་ལྷག་མོས་ཀྱི་མཛད་པ་ནི། རྒྱུད་འགྲེལ་ནས་ཁ་བསྐང་བ་ཡིན་གྱི། གཞུང་འདིའི་དངོས་བསྟན་ལ་མེད་པས། བསྡུ་ན་མ་སྒོམས་ཀྱང་སྐྱོན་མེད་དོ། །སླར་ཡང་ཁ་སྦྱོར་བ་ཡི། ཞེས་སོགས་ཀྱིས་ལྷག་མོས་ལུས་ལ་བསྡུ་བ་བསྟན་ཏེ། ཁ་སྦྱོར་གྱི་དོན་ནི། གཙོ་བོ་ལ་འཁོར་རྣམས་ཐིམ་ཞིང་སྦྱོར་བ་སྟེ། རིམ་པ་ཇི་བཞིན་ཞེས་པ་འཆད་པར་འགྱུར་པའི་ལུས་དཀྱིལ་གྱི་རིམ་པ་ཇི་ལྟ་བའི་དོན་ནོ། །དོན་དམ་པ་ཡི་འཁོར་ལོ་ཡི། ཞེས་སོགས་ནི། ལྷག་མོས་འོད་གསལ་དུ་བསྡུ་བ་བསྟན་ཏེ། རྩ་རྒྱུད་དང་རྡོ་རྗེ་འཕྲེང་བའི་ལུས་དྲངས་པས་སོ། །དེ་ལ་ལྷ་རྣམས་གཅིག་ལ་གཅིག་ཐིམ་པའི་རིམ་པ་འདི་ནི། དངོས་སུ་ན་ལྷག་མོས་ཀྱི་ཡན་ལག་ཏུ་སྦྱོར་ཀྱང༌། དེ་བཞིན་ཉིད་ལས་མངོན་པར་བྱང་ཆུབ་པའི་སྔོན་འགྲོ་ཡིན་ཏེ། དེ་གཉིས་སྡོམས་པ་ལ། མདོ་སྡེ་དང་རྣམ་གཞག་ལས། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་ཐ་སྙད་མཛད་ དོ། །རང་བཞིན་གྱི་ནི་སྣང་བ་ཉིད། ཅེས་སོགས་ནི་མངོན་བྱང་ལྔའི་དབང་དུ་བྱས་ན། དེ་བཞིན་ཉིད་ལ་མངོན་པར་བྱང་ཆུབ་པ་ཡིན་ཏེ། འདིར་རྣམ་ཤེས་


TNT05_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོའི་ངོ་བོ་གཙོ་བོ་ཉིད་ལ་ལྷ་ཐམས་ཅད་ཞུགས་ཤིང་ཐིམ་པ་དང༌། གཙོ་བོ་དེ་ཡང་འོད་གསལ་སྟོང་པ་ཉིད་དུ་སྦྱངས་ནས། དེ་བརྟེན་བྱ་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏ་སོགས་ཀྱི་སྔགས་བརྗོད་པ་ཡིན་ལ། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། ཐམས་ཅད་སྟོང་པ་དང་ཆོས་ཀྱི་སྐུ་ནི་མིང་གི་རྣམ་གྲངས་ཏེ། དམིགས་པ་འདིས་དེ་དག་ལམ་དུ་བྱེད་པའི་དོན་ནོ། །གཞུང་འདི་ཉིད་ལྟར་ན། འོད་གསལ་འདི་ཁོ་ན་དོན་དམ་པའི་དཀྱིལ་འཁོར་དུ་བཤད་དེ། དངོས་ཀྱི་དབང་དུ་བྱས་པ་དང༌། ཕྱོགས་མཐུན་གྱི་དབང་དུ་བརྩིས་པ་ཡིན་པས། གཞུང་རྣམས་དགོངས་པ་འགལ་བ་ནི་ག་ལ་ཞིག།དེ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་པ་ནི། སངས་རྒྱས་ཐམས་ཅད་དོན་དམ་གཟིགས་པ་ལས་བྱུང་བའི་ཕྱིར་ རོ། །འོད་གསལ་བར་ནི་ཞེས་སོགས་རྐང་པ་བཞི་ནི། མངོན་བྱང་ཕྱི་མ་བཞི་པོའི་མདོར་བསྟན་ཡིན་ནོ། །ནམ་མཁའི་ཁམས་ཀྱི་ཞེས་པ་ལ་སོགས་པ་ཟླ་བ་ལས་མངོན་པར་བྱང་ཆུབ་པ་སྟེ། ནམ་མཁའི་ཁམས་ཀྱི་དབུས་ཞེས་པ༌། སྟོང་པའི་ངང་ལས་བཞེངས་པའམ། །གཞལ་ཡས་ཁང་གི་ནང་དབུས་ཀྱི་གདན་ལ་ཞེས་ཀྱང་འཆད་དོ། །རྒྱུ་དང་མི་རྒྱུ་ཞེས་སོགས་ནི། །སྣོད་བཅུད་ཟླ་བ་ལ་བསྡུ་བའི་དོན་ནོ། །དེ་ལྟར་སྦྱོར་བ་ཞེས་པ་ནི། དེ་ཡན་ཆད་མངོན་བྱང་གཉིས་པོ་དེ། རྣལ་འབྱོར་བཞི་ལས་སྦྱོར་བ་སྟེ་རྣལ་འབྱོར་དང་པོ་ཡིན་ལ། དེའི་འོག་ཏུ་རྗེས་སུ་རྣལ་འབྱོར་བརྩམ་པར་བྱའོ། །ཞེས་པའི་དོན་ནོ། །རྣལ་འབྱོར་པ་ཡི་ཡིག་གསུམ་ཞེས་སོགས་ནི། ས་བོན་ལས་མངོན་པར་བྱང་ཆུབ་པའོ། །ཡིག་གསུམ་ལས་བྱུང་བ་ཞེས་པ་ནི། འབྲུ་


TNT05_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་བྱུང་བ་རྡོ་རྗེ་ཀུན་ད་དང་ཟླ་བ་ལྟར་དཀར་བ་ཡིན་ཏེ། ཕྱག་མཚན་ལས་མངོན་པར་བྱང་ཆུབ་པའོ། །དང་པོའི་མགོན་པོ་ཞེས་སོགས་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་སྟེ། མངོན་བྱང་ཕྱི་མ་གསུམ་པོ་དེ་ནི་རྗེས་སུ་རྣལ་འབྱོར་རོ། །བསམ་ནས་ཀྱང་ཞེས་པ་སྔ་ཕྱིའི་གོ་རིམ་སྟོན་པའོ། །ཐུབ་པ་དཔལ་གྱི་འགྲེལ་པར་ལུང་དྲངས་པ། དེ་ཁོ་ན་ཉིད་གྲུབ་པར་ནཱ་ག་བོ་དྷིའི་ཞབས་ཀྱིས་གསུངས་པ་ཡང༌། ཇི་ལྟར་འདོད་པའི་ཕྱོགས་གནས་དེ། །སྐད་ཅིག་ཉིད་ལ་ལྷ་བཟང་པོ། །ཞལ་གཅིག་ཕྱག་ནི་གཉིས་པར་ནི། །ལྷ་འདི་བསྒོམ་པར་བྱ་བ་ཡིན། །ཞེས་འབྱུང་བར་བཤད་པས། སྤྱིར་ཐུབ་པ་དཔལ་གྱིས་བཤད་པ་ཙམ་ལ་ངེས་པ་མེད་དུ་ཆུག་ཀྱང༌། ཀླུ་བྱང་གིས་བཤད་པར་སྣང་བས་དེ་དང་ནག་པོ་དམ་ཚིག་རྡོ་རྗེས་ཕྱག་གཉིས་པར་བཤད་པ་ཡང་ནོར་པ་མིན་ནོ། །འདིའི་མངོན་བྱུང་གཉིས་པའི་སྐབས། ཡིག་འབྲུ་ཟླ་བར་བསྡུ་བ་དང༌། སྣོད་བཅུད་ཟླ་བ་བསྡུ་བ་གཉིས་བྱུང་བ་ལུགས་གཞན་ལས་ཨཱ་ལི་ཀཱ་ལིས་མཚན་པའི་ཟླ་བ་གཉིས་འབྱུང་བ་དང་དོད་མཚུངས་ལ། མདོ་སྡེ་ལས། དོན་དམ་པ་ལས་ལྡང་བ་ཉི་མ་ལ་དམིགས་པ་ཞེས་འབྱུང་བ་ནི་ཉི་ཟླ་པདྨ་ཡི་གེ་གསུམ་བརྩེགས་པ་བསྒོམ་པའི་སྐབས་ཡིན་ལ། ཡི་གེ་ཐིམ་པ་དང༌། སྣོད་བཅུད་ཐིམ་པ་ནི་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ཞེས་གཅིག་ཏུ་བསྡུས་པ་ཡིན་ཅིང༌། སྣོད་བཅུད་ཟླ་བར་བསྡུ་བ་ལ་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ཞེས་ཀྱང་ཟེར་རོ། །མངོན་བྱང་ཕྱི་མ་གསུམ་དང༌། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་རྣམས་སྡོམས་པ་ལ། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་ཞེས་ཟེར་རོ། །མི་བསྐྱོད་


TNT05_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྗེས་ཞུགས་པས་ཞེས་པ་ལ་སོགས་པ་ཤིན་ཏུ་རྣལ་འབྱོར་ཏེ། དེ་ལས་དང་པོར། གཡོན་པའི་ཕྱག་ཏུ་བསམ་པར་བྱ། ཞེས་པ་སོགས་ཀྱིས་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་བསྟན། འདི་ལ་འདོད་ཚུལ་མི་གཅིག་པ་མང་དུ་བྱུང་ཡང་མི་བསྐྱོད་པ་ཐུགས་ཀ་ནས་སྤྲོ་བ་འཐད་པར་མཐོང་ངོ༌། །དེ་ནས་ཕུང་པོ་ཞེས་པ་ནས་སྐུའི་དཀྱིལ་འཁོར་རྫོགས་གྱུར་ནས། ཞེས་པའི་བར་ལུས་དཀྱིལ་ཡིན་ལ། དེ་ཡང་ས་བོན་ལས་ལྷར་བསྐྱེད་པ་ནི་རྒྱས་པའི་ལུགས་ཡིན་ཞིང༌། ལྷའི་ངོ་བོ་སྔགས་ཀྱི་ཡིག་འབྲུར་བསྒོམ་པས་ཀྱང༌། ལུས་དཀྱིལ་དུ་མི་འགྱུར་བ་ནི་མ་ཡིན་ཏེ། སྔགས་ཉིད་ལྷའི་རང་བཞིན་དུ་བཤད་པའི་གནས་སྐབས་ཤིན་ཏུ་མང་བས་སོ། །འདིར་ལུས་གཞལ་ཡས་ཁང་དུ་བསྐྱེད་པའི་རྣམ་གཞག་མ་བྱུང་བས་བསྡུ་ན་གཞི་ལུས་ཉིད་གཞལ་ཡས་ཁང་དུ་མོས་པ་ཙམ་གྱིས་ཆོག་ལ། རྒྱས་པར་ན་རྣམ་གཞག་རིམ་པ་ལས་ཀྱང་ཟུར་ཙམ་གསུངས་ཤིང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ལུས་ནི་གཞལ་ཡས་ཁང་དུ་གྱུར། །ཞེས་སོགས་ལུས་ཀྱི་ཆ་ཤས་སོ་སོ་དཀྱིལ་འཁོར་གྱི་ཆ་ཤས་སོ་སོར་མོས་དགོས་པ་ཡིན་ལ། དེའི་ཚེ་ལུས་ཀྱི་སྟེང་འོག་གི་སྒོ་བཞི་ནི། ཁ་སྣ་གཉིས་དང༌། འོག་སྒོ་གཉིས་ཡིན་ལ། སྣ་རྩེ་བཞི་ནི། གསང་གནས་ཀྱི་སྣ་རྩེ། ལྟེ་བའི་སྣ་རྩེ། སྙིང་གའི་སྣ་རྩེ། གདོང་གི་སྣ་རྩེ་སྟེ་བཞིའོ། །ཡང་དཀྱུས་ལ་གཏི་མུག་དགའ་སོགས་སྔགས་ཞེས་པའི་སྐབས་སུ་འདོད་ཚུལ་སྣ་ཚོགས་ཡོད་ཀྱང༌། ས་བོན་དང་མཚན་སྔགས་སོགས་གང་བསྒོམས་ཀྱང་དགོས་དོན་འདྲ་བས། སོ་སོའི་


TNT05_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་བཞིན་དུ་བྱས་པས་ཆོག་གི་དགག་སྒྲུབ་དོན་མེད་དོ། །སྐབས་འདིར་རྣམ་གཞག་རིམ་པ་ལས། ལུས་ལ་ལྷ་འགོད་པའི་དོགས་གཅོད་ཅུང་ཟད་གཅིག་མཛད་པའི་དོན་ནི། མི་གཙང་བའི་ལུས་ལ་ལྷ་བཀོད་པ་འགལ་ལོ་ཞེས་དོགས་པ་བཀོད་པ་ལ། ཟངས་ཀྱི་རང་བཞིན་གཅིག་ལ། བཀྲུ་བཤལ་གྱི་སྣོད་བྱས་པའི་ཚེ། ཟས་ཀྱི་སྣོད་མི་བྱེད། ཕྱག་ཀྱང་མི་འཚལ། དེ་ཉིད་ཟས་སྣོད་དུ་བྱེད་པའི་དུས། བཀྲུ་བཤལ་མི་བྱེད། ཕྱག་མི་འཚལ། དེ་ཉིད་ལ་ལྷའི་སྐུ་གཟུགས་བཞེངས་པའི་ཚེ། གཞན་གཉིས་མྀ་བྱེད་ཅིང་ཕྱག་འཚལ་བ་ལྟར། ལུས་ངག་ཡིད་གསུམ་གྱི་རང་བཞིན་ཆོས་ཉིད་དེ། འཁོར་བའི་གནས་སྐབས་དང་འབྲེལ་བ་ན། སེམས་ཅན་རྣམས་ལ་ངན་པར་སྣང་ཞིང༌། འཁོར་བ་ཅུང་ཟད་དག་པའི་གནས་སྐབས་ན། འཕགས་པ་རྣམས་ལམ་གྱི་ཆོས་སུ་སྣང༌། འཁོར་བ་ཤིན་ཏུ་སྤངས་པའི་སྐབས་ན། སངས་རྒྱས་རྣམས་ལ་འབྲས་བུའི་ཡེ་ཤེས་སམ་ཆོས་ཉིད་དུ་སྣང་ཡང༌། ཆོས་ཉིད་ངོ་བོ་ལ་བཟང་ངན་མེད་དེ། གནས་སྐབས་གསུམ་གྱི་ཟངས་ཀྱི་རང་བཞིན་ལ་ཁྱད་པར་མེད་པ་བཞིན་ནོ། །ཞེས་ལན་དུ་བཀོད་པའི་དོན་ནི། མི་གཙང་བའི་ཕུང་པོ་དངོས་པོར་ཡོད་པ་ཞིག་ལ། དེ་དང་མ་འབྲེལ་བའི་སངས་རྒྱས་གཙང་སྦྲ་ཅན་ཅིག་ཕྱོགས་གཞན་ནས་སྤྱན་དྲངས་ཏེ། དེའི་ནང་དུ་དགོང་པ་ཡིན་ན་རིགས་པ་མ་ཡིན་པ་བདེན་ཀྱང༌། ཐ་མལ་གྱི་ལུས་འདི་ཉིད་ཁོ་ནའི་རང་བཞིན་ནམ་ཆོས་ཉིད་གདོད་ནས་སངས་རྒྱས་སུ་བཞུགས་པ་དེ་གསལ་འདེབས་པ་ཡིན་པས། ལུས་ལ་


TNT05_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གདོད་མ་ནས་བཞུགས་པ་ཡིན་གྱི། མི་གཙང་བའི་དཀྱིལ་དུ་སྤྱན་དྲངས་པ་མེད་པས་ཉེས་པ་མེད་ཅེས་པ་དང༌།ཡང་མི་གཙང་བའི་ལུས་དངོས་གནས་མ་གྲུབ་ཀྱིས། མི་གཙང་བར་འཛིན་པའི་རྣམ་རྟོག་གིས་བཞག་པ་ཡིན་པས། བཀྲུ་བཤལ་བྱེད་པའི་ཟངས་ལ་མི་གཙང་བར་འཛིན་པ་དང་འདྲ་སྟེ། བཀྲུ་བཤལ་གྱི་སྣོད་བྱས་ཀྱང་ཟངས་ཀྱི་རང་བཞིན་མི་གཙང་བར་མ་སོང་བ་ལྟར། མི་གཙང་འཁོར་བ་རང་གདོང་ནས་མ་གྲུབ་པས། ལྷ་ལ་མ་གུས་པ་འབྱུང་བའི་ཉེས་པའི་གཞི་མེད་ཅེས་པའི་དོན་ཡིན་ནོ། །འོ་ན་དྲི་མ་དང་བཅས་པའི་ཆོས་ཉིད་དེ། ཕྱིས་རྣམ་པར་དག་ཚུལ་ཇི་ལྟ་བུ་སྙམ་ན། གསེར་འགྱུར་རྩིའི་དཔེ་ལྟ་བུ་སྟེ། གསེར་འགྱུར་གྱི་རྩི་ཡིས་ཟངས་ལྕགས་ཀྱི་དྲི་མ་ནག་པོ་སྦྱངས་ནས། ཟངས་ལྕགས་ཀྱི་རང་བཞིན་ཁ་དོག་གསལ་བ་དེ་མངོན་དུ་གྱུར་པ་ལ་གསེར་དུ་གྱུར་ཏོ་ཞེས་འཇོག་པ་ལྟར་གདོད་མ་ནས་ལྷུན་རྫོགས་དེ་མངོན་དུ་གྱུར་པ་ལ། སངས་རྒྱས་ཐོབ་བོ་ཞེས་ཐ་སྙད་བཏགས་པ་ཡིན་ནོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་ལས། ཕུང་པོ་འདི་དག་སངས་རྒྱས་ཡིན། །རྫོགས་པའི་བྱང་ཆུབ་རྐྱེན་དུ་ འགྱུར༌། །གཉིས་མེད་དེ་བཞིན་གཤེགས་འཇུག་པ། །དེ་ཡང་དེ་བཞིན་གཤེགས་ཞེས་བརྗོད། །ཅེས་གསུངས་ཏེ། ཕུང་པོ་རྣམས་ཀྱི་ཆོས་ཉིད་སངས་རྒྱས་ཡིན་ཏེ། ལམ་བསྒོམ་པའི་རྐྱེན་གྱིས་དེ་མངོན་དུ་གྱུར་པ་ན་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་བྱ་ལ། མངོན་དུ་འགྱུར་པ་ཉིད་ཀྱང་ལམ་གྱི་ཡོན་ཏན་གསར་དུ་བཞག་པ་མ་ཡིན་གྱི། འཁོར་བ་གཟུང་


TNT05_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གཉིས་གདོད་ནས་མེད་པ་ལ། མེད་པར་རྟོགས་པའི་ཚུལ་གྱིས་གནས་ལུགས་དེ་བཞིན་ཉིད་ལ་ཞུགས་པར་བྱེད་པ་ནི། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བའི་ཐབས་ཡིན་ནོ། །སྐུ་ཡི་དཀྱིལ་འཁོར་རྫོགས་གྱུར་ནས། ཞེས་པ་ནས་བརྩམས་ཏེ་རྣལ་འབྱོར་ཆེན་པོ་ཡིན་ལ། དེ་ལ་ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས། ཞེས་སོགས་སྐུ་རྡོ་རྗེ་བྱིན་གྱིས་རླབས་པ་དང༌། ཨ་ནི་ཁ་དོག་དམར་ལྡན་པ། ཞེས་སོགས་གསུང་རྡོ་རྗེ་བྱིན་གྱིས་རློབས་པ་དང་སྔགས་པས་སྙིང་གར་ཉི་མ་ཡི། ཞེས་སོགས་ཐུགས་རྡོ་རྗེ་བྱིན་གྱིས་རློབས་པ་དང༌། སོ་སོར་བྱིན་གྱིས་རླབས་ནས་ནི། ཞེས་སོགས་རྡོ་རྗེ་གསུམ་ཀར་ཐུན་མོང་དུ་བྱིན་གྱིས་རླབས་པའོ། །དེ་ལྟར་བདག་ཉིད་བྱིན་རླབས་ནས། ཞེས་སོགས་ནི་སེམས་དཔའ་གསུམ་རྩེག་བསྒོམ་པའོ། །གཞུང་འདི་ལས་སྐབས་འདིར་དབུ་རྒྱན་གྱི་གསལ་ཁ་མ་མཛད་པ་ནི། འོག་ཏུ་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པའི་ཚེ། རིགས་བདག་གིས་དབང་བསྐུར་བ་ཡོད་པས། རྒྱལ་མཆོག་བསྒོམ་ཕྱིན་དབང་བསྐུར་ལན་གཉིས་མི་དགོས་པར་དགོངས་ལ། དཀྱིལ་འཁོར་རྒྱལ་མཆོག་མི་བསྒོམ་པ་རྣལ་འབྱོར་བཞི་བསྐྱེད་ལྟ་བུ་འདིར་ངེས་པར་དགོས་ཏེ། རྩ་བའི་རྒྱུད་ལས་ཀྱང༌། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །བདག་ཉིད་སྐུ་གསུང་ཐུགས་རྡོ་རྗེས། །སྙིང་གར་ཡེ་ཤེས་དམ་ཚིག་དང༌། །དབུ་རྒྱན་རྡོ་རྗེ་འཛིན་པའི་མཆོག།སངས་རྒྱས་ཐམས་ཅད་མཉེས་འགྱུར་པ། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །དངོས་གྲུབ་ཐམས་ཅད་འགྲུབ་པའི་


TNT05_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དམ་ཚིག་མཆོག་གིས་རབ་ཏུ་བྱ། །ཞེས་གསུངས་ཤིང༌། ད་ལྟའི་ལག་ལེན་ལ་ནི། དཀྱིལ་འཁོར་རྒྱལ་མཆོག་སྒོམ་པར་འགྱུར་ཡང༌། སྐབས་འདིར་རིགས་བདག་བསྒོམ་པ་ཉིད་དེ། འདི་ཉིད་ཀྱི་འགྲེལ་པ་རྣམས་ཀྱི་ཡང་དགོངས་པ་ཡིན་ནོ། །དེའི་ཕྱིར་རྒྱས་པའི་ལུགས་ལ་དེ་ལྟར་ བྱའོ། །འོན་ཀྱང་གཞུང་གི་དངོས་བསྟན་ལ། རྒྱལ་མཆོག་གི་སྐབས་སུ་ཡང་དབུ་རྒྱན་རིགས་བདག་བཤད་པ་ཙམ་མ་གཏོགས། དབང་ཇི་ལྟར་བསྐུར་མི་གསལ་ཡང་འགྲེལ་པ་རྣམས་དང་མན་ངག་ཕལ་ཆེར་མཐུན་པར། བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ཉིད་ཡིན་པ། རིགས་བདག་བསྟན་པས་དེ་ཡང་བསྟན་ པའོ། །དེ་ལྟར་སྦྱོར་བ་ཆེ་བསྐྱེད་ནས། །ཞེས་པ་ནི། དེ་ཡན་ཆད་ཀྱིས་རྣལ་འབྱོར་ཆེན་པོ་དངོས་སོང་བ་ཡིན་ཏེ། རིག་མ་སྒྲུབ་པ་དང་མཆོད་པ་ནི། རྣལ་འབྱོར་ཆེན་པོའི་ཡན་ལག་གམ་རྗེས་ཀྱི་བྱ་བར་བསྡུའོ། །ཆོ་གའི་སྦྱོར་བ་འདི་ཡི་ནི། །ཞེས་སོགས་རིག་མ་སྒྲུབ་པ་སྟེ། གཟུགས་བཟང་ཞེས་པ་ནས་ཤིན་ཏུ་མོས་ཀྱི་བར་ནི། ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་སོ། །དབང་གི་སྤྱི་བོར་ཞེས་པ་ལ་སོགས་པ། ཨོཾ་ལས་བྱུང་བའི་རྣལ་པར་སྣང་མཛད་ལ་སོགས་པའི་དོན་ནོ། །ལྷ་མོ་གཟུགས་རྡོ་རྗེ་ལ་སོགས་ཞེས་སོགས་ལ་རིག་མའི་ལུས་ལ་ལྷ་མོ་བསྒོམ་པ་དེ། ཡབ་ཀྱི་སྐུ་ལ་བཀོད་པའི་སའི་སྙིང་པོ་སོགས་དང་མཉམ་པར་སྦྱོར་རོ། །ཞེས་པ་ཉིད་ཚིག་དོན་དུ་སྣང་ངོ༌། ཁྲོ་མོ་རྣམས་ནི་ཆ་བྱད་ཡབ་ཁྲོ་བོ་བཅུ་དང་མཚུངས་པ་ཡིན་ལ། རལ་གཅིག་མ་བདུད་རྩི་འཁྱིལ་བའི་ཡུམ་དུ་བྱེད་པ་ནི།


TNT05_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་རྣམ་གཞག་དང་མི་མཐུན་ཡང། དེ་སྒྲོལ་མའི་རིགས་ཀྱི་ཁྲོ་མོ་ཡིན་པས། ལས་ཀྱི་རིགས་སུ་མཚུངས་པར་སྦྱར་བ་ལ་དགོངས་པ་སྟེ་འགལ་བར་མི་བསམ་མོ། །དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ་ལ་སོགས་པ་བཞི་ནི། རང་སྣང་གི་ཡུམ་ལ་མཚན་སོ་སོར་བཏགས་པའོ་གསུངས་ཤིང༌། ནམ་མཁའི་རྡོ་རྗེ་མ་དང་ས་འཛིན་ལྷ་མོ་གཉིས་ཀྱང་རང་སྣང་གི་ཡུམ་ཉིད་ཡིན་ནམ་སྙམ་མོ། །སྤྱིར་ཁྲོ་བོ་དྲུག་པོ་དེ་ལ་ཤེས་རབ་མ་ངེས་ཅན་རྒྱུད་གཞན་དུ་གསུངས་མོད་ཀྱི་ལུགས་འདིར་ནི་དེ་ཙམ་མོ། །དེ་ལྟར་འདུས་བྱས་རྣལ་འབྱོར་བས་སོགས་ནི་རྡོ་རྗེ་དང་པདྨ་བྱིན་གྱིས་རླབས་པའོ། །དེ་འོག་སྒྲུབ་པ་བརྩམ་པར་བྱ། ཞེས་སོགས་རྗེས་ཆགས་དང༌། ཕྱུང་ནས་སྔགས་པས་སླར་ཡང་ནི། ཞེས་པ་ལ་སོགས་པ་མཆོད་པའོ། །རང་སྔགས་ཡི་གེ་ལས་བྱུང་བ། ཞེས་པ་ནས། ས་ཡི་འོག་ཏུ་དེ་བཞུགས་སོ། །ཞེས་པའི་བར་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཚོགས་སྤྲོ་བ་བསྟན་པ་ཡིན་ཏེ། དངོས་སུ་ན་སངས་རྒྱས་ཐམས་ཅད་ལུས་ལ་ཞུགས་པ་ཉིད་མཆོད་པ་དང༌། དེ་ལས་དཀྱིལ་འཁོར་སྤྲུལ་པ་ལྟ་བུའི་ཚིག་ཏུ་གསལ་ལ། རྩ་བའི་གཞུང་དང་སྒྲོན་གསལ་སོགས་གུང་བསྟུན་ན། མཆོད་པ་ཡན་ཆད་དང་པོ་སྦྱོར་བར་བསྡུ་བ་གཙོ་ཆེ་བས། དང་སྦྱོར་དང་རྒྱལ་མཆོག་ས་མཚམས་ཕྱེད་པ་དགོས་པའི་ཕྱིར། སླར་ཡང་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཡུམ་གྱི་ལུས་དཀྱིལ་ཞུ་བ་དང་ལྷན་ཅིག་པདྨར་བབས་པ་ལ་དཀྱིལ་འཁོར་བསྐྱེད་ན། སྒྲུབ་ཐབས་གཞན་དང་མཐུན་པས་ལེགས་པར་འགྱུར་ལ། གཞལ་ཡས་ཁང་བསྐྱེད་པ་གཞུང་འདིར་གསལ་བར་མི་འབྱུང་བས།


TNT05_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་པའི་ཚེ་ཡུམ་གྱི་མངལ་གནས་ཉིད་གཞལ་ཡས་ཁང་གི་དོད་ཡིན་པས། གཞལ་ཡས་ཁང་མ་བསྒོམས་ཀྱང་སྐྱོན་མི་སྐྱེད་པར་མངོན་ལ། འོན་ཀྱང་འགྲུབ་ན་བསྒོམ་པ་ལེགས་ཤིང༌། ལག་ལེན་དུ་ཡང་བསྒོམ་པ་ཉིད་ལ་སྔ་ཕྱི་ཐམས་ཅད་མཐུན་ནོ། །འོན་ཀྱང་བླ་མ་གོང་མ་རྣམས་རྗེས་ཆགས་ཀྱི་བྱང་ཆུབ་ཀྱི་སེམས་ཆ་གསུམ་དུ་བྱས། ཆ་གཅིག་མཆོད་པ་ཆ་གཅིག་གཞལ་ཡས་ཁང༌། ཆ་གཅིག་ཆ་སོ་གཉིས་སུ་གྱུར་པ་ལས། ལྷར་བསྐྱེད་ཅིང་བསྲུང་བ་དང༌། ལུས་དཀྱིལ་གྱི་ལྷ་རྣམས་ཞུ་བས་ལྷ་དང༌། ལུས་ཀྱི་གཞལ་ཡས་ཁང་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པར་བཞེད་དོ། །རྡོ་རྗེ་གསུམ་གྱི་བྱིན་རླབས་དག།ཅེས་པ་ནི། ས་བོན་ཧཱུཾ་ངམ་འབྱིན་སྔགས་བཛྲ་དྷྲི་ཀ་ཅེས་པ་ལ་སོགས་པ་རྣམས་ཡི་གེ་འབྲུ་གསུམ་གྱི་བར་དུ་སྤེལ་བའི་དོན་ནོ། །ཞེ་སྡང་རྡོ་རྗེ་ཞེས་པ་ནི་མི་བསྐྱོད་པའོ། །སྔ་མའི་གཟུགས་ནི་ཡོངས་གྱུར་ནས། ཞེས་པ་ནི། རང་ཉིད་རྡོ་རྗེ་འཆང་ལ་མི་བསྐྱོད་པ་ཐིམ་པས་རྡོ་རྗེ་འཆང་མི་བསྐྱོད་པར་གྱུར་པའི་དོན་ཡིན་ནོ། །འབྲས་བུའི་མི་བསྐྱོད་པའི་ང་རྒྱལ་དུ་འཕོ་བ་དང༌། དྲག་པོ་ཞིང་དང་འདོད་ཆགས་ཆ། ཞེས་པས། རྩ་ཞལ་ཁྲོ་བ། གཡས་ཞལ་ཞི་བ། གཡོན་ཞལ་ཆགས་པའི་ཉམས་ཅན་དུ་བསྒྱུར་བ་ཡིན་གྱི། ལྷག་མ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་མི་འདྲ་བ་མེད་དོ། །ཕྱག་མཚན་འདི་དག་ལ་འཕགས་ཡུམ་གྱི་ཤིང་རྟ་ཆེན་པོ་འགའ་ཞིག །གཡས་ཡས་རིམ་དང༌། གཡོན་མས་རིམ་དུ་བཞེད་པའང་བྱུང་མོད་ཀྱི། ཐམས་ཅད་ཡས་རིམ་དུ་བྱེད་པ་ཉིད་འཕགས་སྐོར་པ་ཕལ་ཆེར་གྱི་འདོད་པའོ། །དཔའ་བོ་རང་གི་ཕྱག་རྒྱས་འཁྱུད་ཅེས་པ་ནི་སྔར་གྱི་རིག་མ་དེ་ཡིན་གྱི། དཀྱིལ་


TNT05_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱལ་མཆོག་གི་རེག་བྱ་རྡོ་རྗེ་མ་མ་ཡིན་ཏེ། དེའི་སྤྲོ་བསྡུ་བྱས་མ་ཟིན་པའི་ཕྱིར་རོ། །བགེགས་མཐར་བྱེད་ལྗང་ཁུར་འཆད་པ་ཡང་བྱུང་བ། རྒྱ་སྐད་དུ་ཤྱ་མ་ཅེས་པ་ལྗང་ཁུ་ལ་འཇུག་པའང་ཡོད་མོད། འདིར་ཨུཏྤལ་སྔོན་པོའི་འདབ་ལྟར་རྒྱས། ཞེས་གསུངས་བས། སྔོ་སངས་ཁོ་ནར་གསལ། མདོར་བྱས་ཀྱི་དཔེ་རྙིང་མང་པོ་ན། ཁྲོ་བོ་ལྷག་མ་དྲུག་ལ་སྔོ་དང་དམར་དང་དཀར་ཞེས་འབྱུང་ལ། རྡོ་རྗེ་སྙིང་འགྲེལ་གྱི་ཁྲོ་བཅུ་ཡང་ཕལ་ཆེར་འདི་དང་འདྲ་བ་ཡིན་པ་ལས། དེ་ཡང་དེ་བཞིན་དུ་འབྱུང་མོད། འོན་ཀྱང་འཕགས་སྐོར་བ་ཕལ་ཆེར་སྐུ་མདོག་ནག་པོ་རྣམས་ཀྱི་ཞལ་གཡས་དཀར། གཡོན་དམར་དུ་ངེས་པར་འཆད་དོ། །རྒྱུད་ལས་ནི། མི་གཡོ་བའི་སྐབས་སུ། ཞི་བ་རལ་གྲི་ཞགས་པ་བསྣམས། ཞེས་དང༌། འདོད་རྒྱལ་གྱི་སྐབས་སུ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ཞེས་སོགས་ཡོད་ཀྱང༌། འཕགས་སྐོར་གྱི་མན་ངག་ལས་དེ་ལྟར་མི་མཛད་པ་གཞུང་ན་གསལ་ཏེ། ཁྲོ་བོ་བཅུ་ཀར་ཆེར་ཁྲོས་པའོ། །ལྷ་ནི་སུམ་ཅུ་གཉིས་རང་བཞིན། ཅེས་པ་ལ་སོགས་པས། ཕྲ་མོའི་རྣལ་འབྱོར་བསྟན་ནོ། །སློང་མོ་ཟ་ཞིང་མི་བཟླ་སྟེ། ཞེས་པ་ལ་སོགས་པས་རྡོ་རྗེའི་བཟླས་པ་དང་ཕྱི་རོལ་གྱི་བཟླས་པ་གཉིས་བསྟན་ནོ། །སླར་ཡང་སྔགས་པ་སོགས་ཀྱིས་གཙོ་བོ་དེ་བཞིན་ཉིད་ལ་ཞུགས་པའོ། །དེ་ནས་དཀྱིལ་འཁོར་གནས་པ་ཡིས། སོགས་ནི། གླུས་བསྐུལ་ཞིང་བཞེངས་པའོ། །དེ་ལྟར་ཡང་དག་ཡོན་ཏན་ནི་སོགས་ནི་བསྟོད་པ་སྟེ། དེ་ལྟར་འཁོར་ལོ་སོགས་ཀྱིས་མཆོད་པ་ཡང་བསྟན་ནོ། །རང་གི་འཁོར་ལོ་སོགས་ནི་ཉེ་བར་བསྡུ་བ། ཐུན་མཚམས་


TNT05_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱ་བ་དང་བཅས་པ་བསྟན་ནོ། །སྔགས་པས་ཏིང་ངེ་འཛིན་དམིགས་པའི་ཚེ། ཞེས་སོགས་ཀྱིས་སྒྲུབ་པ་པོ་གཟི་བརྗིད་བསྐྱེད་པ་སྟེ། སྤྱི་བོའི་སྟེང་མཐོ་གང་ཙམ་གྱིས་སྤགས་པར། བཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་འོག་ཏུ་སངས་རྒྱས་ལྔའི་རང་བཞིན། ཨོཾ་དཀར་པོ་མགོ་བོ་ཐུར་བསྟན་ནོ། །དེ་ལས་ཡེ་ཤེས་ལྔའི་ངོ་བོ་བདུད་རྩི་ཁ་དོག་སྣ་ལྔ་བབས་པས། སྤྱི་བོ་ནས་རྐང་མཐིལ་གྱི་མཐར་ཐུག་པའི་ལུས་ཐམས་ཅད་གང་བར་བསམ་པ་སྟེ། ཏིང་ངེ་འཛིན་གྱི་བཅུད་ལེན་ནོ། །དེ་ལྟར་སློབ་པའི་སྔགས་པ་ཡིས། ཞེས་པ་ལ་སོགས་པ། ཁ་ཟས་ཀྱི་རྣལ་འབྱོར་བསྟན་ཏེ། དེ་ལྟར་སོགས་ཚིགས་བཅད་གཅིག་གིས་མདོར་བསྟན། ཧཱུཾ་གིས་ལེགས་སྦྱང་སོགས་ཀྱིས་རྒྱས་པར་བཤད་ དོ། །དེ་ཡང་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་རླབས་ནས། ལྐོག་མ་སྦྱང་བ་ནི་མགྲིན་པར་ཧྲཱིཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་སྔོན་པོ་ལས་རྡོ་རྗེ་རྩེ་ལྔ་པ་དབུས་རྭ་སྦུབས་ཅན་གྱི་རྩེ་མོར་ཨོཾ་ཡིག་གོ །དེ་ལས་འོད་ཟེར་འཕྲོས་པ་ཟས་ལ་ཕོག་པར་བསམ། སྙིང་ག་སྦྱང་བ་ནི། སྣ་ཚོགས་པད་ཉི་ལ་ཧཱུཾ་སྔོན་པོ་ལས་མེ་ལྕེ་རྩེ་མོ་གསུམ་འཕྲོ་བ་བསམ་ལ། ལག་པ་དགང་གཟར་བླུགས་གཟར་དུ་མོས་ཏེ། ཨོཾ་གྱི་འོད་ཟེར་འཕུལ་བས་རྡོ་རྗེའི་རྭ་སྦུབས་བརྒྱུད་ནས། སྙིང་གའི་ཧཱུཾ་ཡིག་ལྷ་ཐམས་ཅད་འདུས་པའི་ངོ་བོ་འབུལ་ཏེ་ནང་གི་སྦྱིན་སྲེག་གོ །འདིར་སྤྲིན་གྱི་སྒྲ་ཞེས་པ་ནི་ཨོཾ་ཡིག་གི་མིང་ཡིན་ལ། ཁ་ཅིག་མགྲིན་པ་དུང་གི་རྣམ་པར་བསྒོམ་ཞེས་ཀྱང་ཟེར་ཏེ། འགའ་ཞིག་གིས་དེ་ལྟར་བཤད་པ་ནི། མགྲིན་པའི་རི་མོ་དུང་གི་འཁྱིལ་བ་ལྟར་ཡོད་པའི་དོན་ཙམ་ཞིག་ཡིན་གྱི། དུང་


TNT05_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟུགས་བསྒོམ་པ་མིན་ནོ། །དེའི་རྗེས་ཀྱི་བྱ་བ་ནི། རླུང་གིས་མེ་ནི་འབར་བྱེད་པ། ཞེས་པ་ལ་སོགས་པ་སྟེ། གསང་གནས་སུ་ཡཾ་ལས་རླུང༌། ལྟེ་བར་རཾ་ལས་མེ། སྙིང་གར་ལཾ་ལས་ས། མགྲིན་པར་བཾ་ལས་ཆུ་རྣམས་བསྒོམས་ཏེ། རླུང་གིས་མེ་སྦར། དེས་ས་བསྲེགས། དེས་ཆུ་བསྐོལ། དེས་ཁ་ཟས་རྣམས་ཞུ་ནས། མགྲིན་པའི་པདྨ་ནས་ཞུགས། སྙིང་གར་སླེབ་པ་ན། དངས་མས་ལྷ་རྣམས་ཚིམ། ལྟེ་བར་སླེབ་པ་ན་རམ་གྱི་མེས་སྙིགས་མ་རྣམས་བསྲེགས་ཏེ་ཐལ་བར་གྱུར་པ། གསང་བའི་འཁོར་ལོ་ནས་བརྒྱུད། རླུང་ཤུགས་ཀྱིས་བརྡས་ཏེ་འོག་སྒོ་ནས་ཐོན་པར་བསམ། སྟེང་འོག་གི་རླུང་ཁ་སྦྱོར་དྲག་ཏུ་བཟུང་ངོ༌། །དེ་ལྟར་གོམས་པར་བྱས་ན་ནད་དང་དུག་ལ་སོགས་པས་མི་ཚུགས་ཤིང༌། དུས་མིན་གྱི་འཆི་བ་བཟློག་པ་ཡིན་ནོ། ཞེས་པའོ། དེ་ལ་ཁ་སྦྱོར་ཞེས་པ་ནི་རླུང་ཁ་སྦྱོར་དང༌། གསང་བའི་པདྨ་ཞེས་པ་ནི་གསང་གནས་ཀྱི་རྩ་འཁོར་རོ། །ནང་གི་སྦྱིན་སྲེག་གི་ཕན་ཡོན་བསྟན་པ་ནི། རིམ་སོགས་མེད་ཅིང་ཞེས་པ་ལ་སོགས་པའོ། །དེ་ལ་ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབ་དགོས་ན། གཏོར་མའི་ཆོ་ག་གང་གི་རྗེས་སུ་འབྲང་ཞེ་ན། འཕགས་སྐོར་གྱི་རྩ་བའི་གཞུང་ལ་གཏོར་ཆོག་མེད་ཅིང༌། བར་སྐབས་ཀྱི་མཁས་པ་ཆེན་པོ་དག་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་བཤད་པའི་འདུས་པའི་གཏོར་ཆོག་དེ་སྦྱོར་བར་མཛད་པ་དང༌། ཡང་རྗེས་སུ་བྱོན་པའི་མཁས་པ་ཁ་ཅིག་གཞི་དེ་ག་དང་མཐུན་པ་ལ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་དང་སྒྲོན་གསལ་སོགས་ལས་ལེགས་བཏུས་སུ་མཛད་པའང་ཡོད་པ་དེ་དག་ཀྱང་མི་ལེགས་པ་མ་ཡིན་མོད། རྩ་བའི་གཞུང་དང་རྒྱུད་འགྲེལ་སོགས་དང་མི་འགལ་ཕྱིན། བརྒྱུད་པའི་མན་ངག་ལ་རྩིས་


TNT05_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱ་དགོས་པས། ཟ་ཧོར་གྱི་མཁས་པ་ཤནྟ་དེ་བ་དང༌། རྡོ་རྗེ་གདན་གྱི་ནག་པོ་པའི་གཏོར་མའི་ཆོ་ག་ལས་ཤེས་པར་བྱའོ། །རྡོ་རྗེ་འཕྲེང་བ་དཔལ་མཆོག་སྲུབས་ཤིང་གིས་ཞེས་པ་ལ་སོགས་པ་ལུགས་འདི་བཤད་རྒྱུད་གང་ལ་བརྟེན་ཏེ་བརྩམས་པ་དང༌། དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །གཞུང་འདི་ལ་ཆག་ལོའི་འགྱུར་ཡང་ཡོད་མོད་ཀྱི། ལོ་ཙ་བ་རིན་ཆེན་བཟང་བོའི་འགྱུར་གྱི་དབང་དུ་བྱས་ཏེ་བཤད་པའོ། །ལུགས་འདིའི་བསྐྱེད་རིམ་གྱི་གཞུང་མདོར་བྱས་དང་མདོ་བསྲེ་དང་རྣམ་གཞག་རིམ་པ་སྟེ་གསུམ་ཀར་ལ། སྔ་རབས་པ་རྔོག་སྟོན་ཡབ་སྲས་ཀྱི་བཤད་པ་ཡོད་ཅིང༌། ཕྱིས་ཀྱི་འཕགས་སྐོར་བ་རྣམས་ཀྱིས་ཀྱང་བཤད་པ་རྒྱས་པོ་མང་དུ་སྣང་བས་དང༌། བསྐྱེད་རིམ་གྱི་གཞུང་འདི་རྣམས་ཚིག་དོན་ཕལ་ཆེར་གོ་སླ་བར་ཡང་སྣང་བས་རྒྱས་པར་ནི་མ་སྨོས་མོད། འདི་ཙམ་གྱིས་ལུགས་འདིའི་རིམ་པ་དང་པོའི་རྣམ་གཞག་ཕྱིན་ཅི་མ་ལོག་པར་རྟོག་པར་འགྱུར་རོ། །ཡང་རྣམ་གྲངས་སུ་ན། མཁས་པ་ཆེན་པོ་ཨབྷ་ཡཱ་ཀ་ར་གུཔྟའི་ཞལ་སྔ་ནས། འདི་སྐད་ཅེས་འབྱུང་སྟེ། ཡུད་ཀྱིས་ལྷག་པར་མོས་པས་བསྐྱེད་པའི་བཅོམ་ལྡན་འདས་ཀྱི་སྐུ་ནི། བར་དོའི་སྲིད་པའི་གནས་སྐབས་བཞིན་ནོ། །དེ་རིམ་པས་འགོག་པའི་རྗེས་སུ་ཉི་མ་དང༌། ཟླ་བ་དང༌། པདྨ་དང་ཡི་གེ་གསུམ་དང༌། བརྟན་པ་དང༌། གཡོ་བ་རོ་མཉམ་པར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པའི་དང་པོའི་མགོན་པོའི་སྐུ་ཏིང་ངེ་འཛིན་གྱི་སེམས་དཔའི་མིང་ཅན་ཧཱུཾ་འགོད་པ་ཇི་སྲིད་པ་ནི། མངལ་གྱི་གནས་སྐབས་བཞིན་ནོ། །དེའི་རྗེས་སུ་བཙས་པའི་གནས་སྐབས་ལྟ་བུ་ནི། གཟུགས་དང་ལང་ཚོ་ལ་སོགས་པས་བརྒྱན་པའི་བུ་མོ་དང་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་སོ། །དེ་ནི་སྤྲོས་པའི་མི་བསྐྱོད་པ་


TNT05_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ལས། སྔར་ནི་འབྲས་བུའི་རྡོ་རྗེ་འཛིན་པ་ཉིད་ན་ཡང་གཟུགས་དཀར་པོར་མི་འགལ་ཏེ། རྒྱུ་དང་འབྲས་བུ་དག་གཞན་པར་ངེས་པ་མེད་པས་སོ །ཞེས་དང༌། དེ་ཉིད་ཀྱི་ཕྱིར་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་ཀྱང་དྲི་ཟ་འཇུག་པ་མེད་པར་ཡང་ཞུ་བར་གྱུར་པ་བསྡུས་པའི་རིམ་པར་གསུངས་ཏེ། དེའི་གནས་སྐབས་ཀྱི་ཡང་གདུལ་བྱར་རུང་བ་རྣམས་མ་བྱུང་བ་ན། བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ཁོ་ནས་གནས་པའོ། །ཞེས་དང༌། བྱུང་ན་ནི་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང༌། བཏང་སྙོམས་ཆེན་པོའི་རང་བཞིན་ས་དང༌། ཆུ་དང༌། མེ་དང༌། རླུང་རྣམ་པར་དག་པའི་ངོ་བོ་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ཀྱིས་སླར་ཡང་སློང་བར་བྱེད་དོ། །ཞེས་བཤད་དེ། ལྷག་མོས་བར་དོ་དང༌། དང་པོའི་མགོན་པོ་རྫོགས་པ་ཡན་ཆད་མངལ་གྱི་གནས་སྐབས་དངོས་དང༌། དེ་ནས་ཏིང་ངེ་འཛིན་སེམས་དཔའི་བར། མངལ་གྱི་གནས་སྐབས་ཀྱི་ཡན་ལག་བྱིས་པའི་དུས་དང་འདྲ་བར་དགོངས་པ་སོགས་ཡིན་ནོ། ཁ་ཅིག་འདི་མི་འཐད་དེ། རྣམ་གཞག་རིམ་པ་དང་འགལ་བའི་ཕྱིར་ཞེས་འགོག་མོད་ཀྱང༌། སློབ་དཔོན་འདིས་རྣམ་གཞག་རིམ་པ་ཞལ་གྱིས་མི་བཞེས་པའི་ཕྱིར་དེ་ཁེགས་པར་ནི་མི་འགྱུར་ལ། འོན་ཀྱང་རང་ལུགས་ལ་རྣམ་གཞག་རིམ་པ་གཞུང་ཤིན་ཏུ་བཟང་ཤིང༌། ཀླུ་བྱང་གིས་མཛད་པར་བླ་མ་གོང་མ་ཐམས་ཅད་མགྲིན་གཅིག་ཏུ་བཞེད་པས། རེ་ཞིག་ལུགས་འདི་གཉིས་ལས། རྣམ་གཞག་རིམ་པའི་རྗེས་སུ་འབྲང་བར་བྱའོ། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་དག་པ་ནི། རྒྱས་པར་ཨབྷ་ཡཱ་ཀ་རས་མཛད་པའི་མན་ངག་སྙེ་མ་ལས་རྟོགས་པར་བྱ་ལ་


TNT05_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གསང་བའི་རྒྱུད་དང༌། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང༌། རྣམ་གཞག་རིམ་པར་ཞལ་གསུམ་གྱི་དག་པ་སོགས་སྦྱར་བས་ཀྱང་ངེས་པ་རྙེད་པར་འགྱུ་རོ། །དེ་ལྟར་ན་ཁྱད་པར་གསུམ་དང་ལྡན་པའི་དཀྱིལ་འཁོར་ཕྲ་རགས་ཀྱི་ཏིང་ངེ་འཛིན་ཐོབ་པ་དེས་ནི། ཇི་སྐད་དུ།གཟུགས་དང་སྒྲ་དང་རོ་ལྡན་པ། ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། །ཞེས་གསུངས་པ་ལྟར། སྤྱོད་པ་སྤྱོད་པའི་དུས་སམ། རིག་པའི་རྟུལ་ཞུགས་མི་སྤྱོད་ཀྱང་རུང་སྟེ། ལེའུ་བཅུ་བདུན་པ་ལས། ལུས་ཀྱི་རྣམ་གསུམ་ཐམས་ཅད་ནི། །རྡོ་རྗེ་ལས་ནི་འབྱུང་བར་བྱ། །སེམས་ཅན་ཁམས་ནི་ཐམས་ཅད་དུ། །རྟག་ཏུ་སངས་རྒྱས་སྐུ་བྱེད་ པའོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་བཞིན་དུ། དགོངས་ཏེ་གསུངས་པའི་དམ་ཚིག་རྣམས་ཀྱི་སྒྲ་ཇི་བཞིན་པ་དག་ཀྱང༌། སེམས་ཅན་གྱི་དོན་དུ་སྤྱོད་པར་ནུས་པ་ཡིན་ལ། གཞན་ཡང་ལུས་དང་ངག་དང་སེམས་རྣམས་ནི། བདེ་བར་གནས་ན་བྱང་ཆུབ་ཐོབ། ཅེས་དང༌། འདས་ན་རྡོ་རྗེ་གསུམ་བདག་ཉིད། །མི་འགྱུར་རྡོ་རྗེ་མ་རུངས་འགྱུར། །ཞེས་དང༌། དཀའ་ཐུབ་སྒོམ་པ་མི་བཟད་པས། །བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་རྣམས། །ཆོས་མཆོག་མི་གཡོ་བརྙེས་པ་ཡང༌། །འདོད་པ་ཐམས་ཅད་བསྟེན་པས་སོ། །ཞེས་པ་ལ་སོགས་པ་འདོད་ཡོན་ལམ་དུ་བྱེད་ཚུལ་ཇི་སྙེད་གཅིག་གསུངས་པ་ཐམས་ཅད་ཀྱང༌། གནས་སྐབས་དེ་ཙམ་ན་འགྲུབ་པར་འགྱུར་རོ། །རྫོགས་རིམ་གྱི་སྤྱོད་པའི་


TNT05_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱང༌། སྤྱིར་དེ་བཞིན་ཡིན་མོད་ཀྱི། དེར་ནི་ཡེ་ཤེས་ཀྱི་རྣལ་རོལ་མཐའ་ཡས་པ་ཉིད་གཙོ་བོར་འཇུག་པས། ཕྱི་རོལ་གྱི་འདོད་ཡོན་རྣམ་པ་གཅིག་ཏུ་ན་གཙོ་ཆེ་བ་མིན་པས། ཕྱི་རོལ་གྱི་འདོད་ཡོན་ལམ་བྱེད་གཙོ་ཆེ་བའི་སྐབས་ནི། རིམ་པ་དང་པོའི་སྐབས་འདི་དག་ཡིན་པར་ཤེས་པར་བྱའོ། །དེ་ནི་བདག་ཅག་གི་བླ་མའི་བླ་མ་དེ་བ་སམྦྷ་བའི་ཞབས་བཞིན་ཏེ། རྣམ་པར་དབྱེ་བ་འདི་ཡང༌། དེ་ཉིད་ཀྱི་བཀའ་ལས་འབྱུང་ངོ་ཞེས་ཐོས་ སོ། །འདིར་ཐེ་ཚོམ་གཞན་ཞིག་འབྱུང་སྟེ། ལས་དང་པོ་པས་ཀྱང་རང་དང་རྗེས་སུ་མཐུན་པ་སྒོམ་ནུས་ན། སྦྱང་བྱ་སྦྱོང་བྱེད་ཀྱི་གནད་རྒྱས་པ་ཡོད་པའི་ཕྱིར། དཀྱིལ་འཁོར་རྒྱས་པ་ཉིད་བསྒོམ་པ་མཆོག་ཡིན་པ་དང་རྒྱས་པར་རང་དང་རྗེས་མཐུན་ཡང་སྒོམ་པར་མི་ནུས་པས་ནི། དཔའ་བོ་གཅིག་པ་སོགས་བསྒོམ་པ་དེ་ནི་ཐབས་གཞན་མེད་པའི་ཕྱིར་འོས་མེད་ཀྱི་རིག་པ་སྦྱར་བ་ཡིན་པས་ཕྱིས་བསྒོམ་པར་ནུས་པའི་ཚེ། རྒྱས་པ་ཁོ་ན་བསྒོམ་དགོས་སམ་སྙམ་མོ། །དེའི་ལན་ནི་ཤིན་ཏུ་ལས་དང་པོ་པས་བསྡུས་པ་བསྒོམ་པ་དེ་ཡང༌། བྱ་ཐབས་གཞན་མེད་ནས་བྱེད་པ་ཁོ་ན་མ་ཡིན་ཏེ། དྲན་པ་གཅིག་པ་ལ་དེ་ཙམ་གྱིས་ཀྱང་གོ་ཆོད་པ་ཡིན་ནོ། །ཕྱིས་ནུས་ན་རྒྱས་པ་བཟང་མོད་ཀྱང༌། བསྡུས་པས་གོ་མི་ཆོད་པ་ནི་མ་ཡིན་ཏེ། བསྐྱེད་རིམ་བསྒོམ་པའི་དགོས་པའི་གཙོ་བོ་ཐ་མལ་གྱི་སྣང་ཞེན་བསྒྱུར་ནས། དག་པའི་ལྷར་སྣང་ཁྱད་པར་གསུམ་ལྡན་དུ་བྱེད་པ་ཉིད་ཡིན་ན། དོན་གྱི་གཙོ་བོ་དེ་ནི་བསྡུས་པ་ལ་ཡང་ཚང་བའི་ཕྱིར་རོ། །སྦྱང་བྱ་སྦྱོང་བྱེད་ཀྱི་རིམ་པ་ཞིབ་མོ་རྣམས། ལམ་གྱི་རྣོ་ཁྱད་དང་མོས་པ་བརྟན་པའི་ཕྱིར་ཡིན་གྱི། དྲན་པ་གཅིག་པ་བསྡུས་པ་རྣམས་ཀྱིས་ཀྱང༌། འཆི་བར་སྐྱེ་


TNT05_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྲིད་པ་སྦྱོར་བ་དང༌། སྐུ་གསུམ་ལམ་དུ་བྱེད་མི་ནུས་པ་ནི་མ་ཡིན་ནོ། །འོ་ན་གསང་སྔགས་ཕྱི་པའི་སྒྲུབ་ཐབས་ཕྲ་མོ་རྣམས་ལའང་དེ་བཞིན་དུ་འགྱུར་རོ་སྙམ་ན། སྐྱེད་ཆོག་གི་ཁྱད་པར་མི་འདྲ་བའི་ཕྱིར་དང༌། རྒྱུད་སྡེ་སོ་སོའི་དེ་བཞིན་གཤེགས་པ་ཉིད་ཀྱི་ལྷའི་རྣམ་པ་དང༌། སྔགས་ཀྱི་ཁྱད་པར་ལ། བྱིན་རླབས་འཇུག་ཚུལ་ཐ་དད་པ་ཉིད་དུ་བྱིན་གྱིས་རླབས་པའི་ཕྱིར། སྐྱོན་དེ་ཡོད་པ་མ་ཡིན་གྱི། དཔེར་ན་ལྷ་དང་སྔགས་གཅིག་ཅིང༌། ཆོ་ག་ཕྱོགས་འདྲ་བ་ལ། རྒྱུད་སྡེ་སོ་སོ་ལས་གསུངས་པ་རྣམས་འཇུག་སྒོ་དང་སྤྱོད་པ་ཐ་དད་པ་དགོས་པ་བཞིན་ནོ། །གཉིས་པ་སྤྱོད་བསྡུས་ལས་འབྱུང་བ་ལྟར་ལུས་རྣམ་པར་དབེན་པ་བཤད་པ་སྟེ། དེ་ལ་འགའ་ཞིག་ལུས་དབེན་ལ་བསྐྱེད་རིམ་གྱིས་ཁྱབ་པ་དང༌། འགའ་ཞིག་རྫོགས་རིམ་གྱིས་ཁྱབ་པ་དང༌། འགའ་ཞིག་གཉིས་ཀར་མ་ཡིན་པའི་རི་ཐང་མཚམས་པ་ དང༌། འགའ་ཞིག་རིགས་བརྒྱ་ནས་གསུམ་གྱི་བར་བསྐྱེད་རིམ་དང༌། གསང་ཆེན་རིགས་གཅིག་རྫོགས་རིམ་མོ། །ཞེས་པ་ལྟ་བུ་གཉིས་ཀར་གྱི་ཆ་ཤས་ཡོད་པར་འདོད་པ་སོགས་མི་མཐུན་པ་སྣ་ཚོགས་ཡོད་པ་ལྟར་བྱུང་ཡང༌། སོ་སོའི་འདོད་པའི་ཕུགས་ཀྱི་བློ་རྩེ་གཏད་མཚམས་ལ་ཞིབ་མོར་བལྟས་ན་འགལ་བ་ཆེན་པོ་ཡང་མི་སྣང་སྟེ། རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྒྲུབ་པ་ཡིན་པའི་ཕྱིར། འགའ་ཞིག་གིས་རྫོགས་རིམ་དུ་བཤད་པ་དང༌། དེ་མ་ཐག་པའི་དངོས་རྒྱུ་རྣམ་རྟོག་རང་མིན་ཡང་སྤྱིར་རྣམ་རྟོག་གི་འཕེན་པ་ལ་ལྟོས་ཤིང༌། ཐུན་མོང་མ་ཡིན་པའི་རྒྱུ་སྔོན་བྱུང་བ་རྣམས་རྣམ་རྟོག་ཡིན་པ་དང༌། བསྐྱེད་རིམ་དངོས་དང་ཕལ་ཆེར་མཚན་ཉིད་མཚུངས་པའི་ཕྱིར་གཞན་འགས་བསྐྱེད་རིམ་དུ་བྱས་པར་སྣང་


TNT05_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེའི་ནང་ནས་ཀྱང་ཟབ་མོ་བསྐྱེད་རིམ་ཡིན་པར་བཞེད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་གཉིས་མིན་ཡང་འགྲུབ་ལ། གཉིས་ཀའི་ཆ་འདོད་པ་ཡང༌། བདེ་སྟོང་ལས་ལྷ་སྐུར་ལྡང་ཐུབ་པ་གསང་ཆེན་རིགས་གཅིག་དང༌། མི་ཐུབ་པའི་ལྷ་སྐུ་རྣམས་རིགས་བརྒྱ་སོགས་སུ་བསམ་པར་སྣང་པས་མི་འཐད་པ་ཅི་རིགས་ཡོད་མོད། དེ་དག་རང་ལ་དགག་སྒྲུབ་ཆེར་མི་དགོས་པར་སྣང་ངོ༌། །དེས་ན་ལུས་དབེན་གྱི་རྣམ་གཞག་ལ་དབེན་གཞིའི་ལུས་དང༌། གང་ལས་དབེན་པའི་སྤང་བྱ་དང༌། དེ་ལས་དབེན་པའི་ཏིང་ངེ་འཛིན་གསུམ་མོ། ། དང་པོ་ནི། མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་ལུས་ནི་མཚན་གཞི་ཡིན་ལ། དེ་ཉིད་ལ་ཕུང་པོ་དང༌། འབྱུང་བ་དང༌། སྐྱེ་མཆེད་ལ་སོགས་པ་མཚན་ཉིད་མི་འདྲ་བ་སྣ་ཚོགས་གནས་པ་ནི། སོ་སོའི་མཚན་ཉིད་ཡིན་ཞིང༌། ལུས་ཀྱི་ཡན་ལག་ལ་སོགས་པ་ནས་མཐར་རྡུལ་ཕྲན་གྱི་བར་དུ་བཤིག་ན། རྡུལ་ཕྲན་ཙམ་འདུས་པ་དང༌། ཤེས་པ་ལ་རྣམ་པར་ཕྱེ་ན་ཡང༌། བློ་རིགས་མི་འདྲ་བ་དུ་མའི་རང་བཞིན་དང༌། རེ་རེ་ཡང་སྔ་ཕྱི་བར་གསུམ་དུ་རྣམ་པར་ཕྱེ་ན། མཐར་སྐད་ཅིག་མ་སིལ་བུར་གནས་པ་ལས་གཞན་མེད་པ་ནི་སྤྱིའི་མཚན་ཉིད་དོ། །གཉིས་པ་གང་ལས་དབེན་པའི་སྤང་བྱ་ནི། མཚན་གཞི་དང༌། མཚན་ཉིད་དེ་ལྟ་བུ་ལ་ཕྱིན་ཅི་ལོག་གི་བློ་གྲོས་ལོག་པར་ཞུགས་ཏེ། མི་གཙང་བའི་ཕུང་པོ་ཉིད་ལ་གཙང་ཞིང་བཟང་བར་རྟོག་པ་དང༌། དུ་མ་སིལ་བུ་ལ་དངོས་པོ་རགས་པ་གཅིག་པུ་གོང་བུར་འཛིན་པ་དང༌། ཐུན་མོང་དུ་བདག་ཏུ་འཛིན་པ་དང༌། ཕུང་སོགས་དངོས་པོ་བདེན་པར་འཛིན་པ་དང་ཐ་མལ་དུ་མངོན་པར་ཞེན་པ་རྣམས་ཡིན་ནོ། །གསུམ་པ་དེ་ལས་དབེན་པའི་ཏིང་ངེ་


TNT05_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ། ངོ་བོ་དང༌། རྒྱུ་དང༌། དབྱེ་བ་དང་མཐར་ཕྱིན་པའི་ཚད་གསུམ་ལས། དང་པོ་ནི། ནམ་མཁའ་དང་མཉམ་པའི་རྒྱུད་སྦྱོང་བསྡུས་སུ་དྲངས་པ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པ་སྟེ། བདེ་བས་སེམས་ལྷ་སྐུར་ཤར་བ་གཅིག་དགོས་ལ། བདེ་བ་དེ་ཡང་སྒོམ་སྟོབས་ཀྱིས་རླུང་དབུ་མར་ཐིམ་པའི་ཞུ་བ་དེའི་མཚན་ཉིད་ཅན་གཅིག་ཡིན་པ། དེ་དངོས་སུ་རྣམ་རྟོགས་ལ་བརྟེན་ནས་བསྐྱེད་མ་དགོས་པར། ལྷ་སྐུར་ཤར་བ་ཡིན་པ་དེ་ཡང་ཡིད་ངོ་དང་བློ་ངོར་ལྷ་སྐུར་ཤར་བ་ཙམ་ལས། གཞན་དངོས་སུ་ལྷ་སྐུར་ལངས་པ་མ་ཡིན་པའོ། །གཉིས་པ་ནི། རྒྱུད་འདི་ཉིད་ལས་གསུངས་པ་ལྟར་ན། རྟོག་པའི་རྣལ་འབྱོར་གི་སྐབས་སུ་ཕྲ་ཐིག་སྒོམ་པ་སྟེ། ལེའུ་གསུམ་པར། རིན་ཆེན་བརྟན་པར་གྱུར་ན་སྤྲོ། ཞེས་སོགས་དང༌། ལེའུ་དྲུག་པར། ཨུཏྤལ་མཐིང་གའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་ གྱིས། །སྣའི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཚད་ཙམ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤེས་ཏེ། །བསྒོམ་པས་བྱང་ཆུབ་གཞོལ་བར་འགྱུར། །ཞེས་གསུངས་པ་ལྟར། གསང་བའི་སྣ་རྩེ་ལྟར་བུར། ཡིག་འབྲུ་ཕྱག་མཚན་ལ་སོགས་པ། བསྒོམ་པ་བརྟན་པོར་གྱུར་པ་ན། གནས་དེ་ན་ཀུན་རྫོབ་ཀྱི་དབུ་མའི་མས་སྣ་ཡོད་པས། དེར་རོ་རྐྱང་གི་རླུང་ཞུགས་པ་དང༌། གནས་པ་དང༌། ཐིམ་པའི་རིམ་པས། དབུ་མ་ལས་གཞན་པའི་རྩ་ཕྲན་གྱི་འབར་འཛག་འབྱུང་ཞིང༌། དེ་ལ་རིམ་པས་གོམས་པས། མཐར་དབུ་མའི་མས་སྣ་རླུང་དང་ཐིག་ལེ་ཅུང་ཟད་


TNT05_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཤིང་བརྟན་པའི་བདེ་སྟོང་གི་ཉམས་ཡང་ཡང་དྲངས་ཤིང་གོམས་པར་བྱས་པ་དང༌། མ་མཐའ་ཡང་ལྷ་གཅིག་ཡན་ཆད་ཀྱི་གསལ་སྣང་ཅུང་ཟད་གྲུབ་པ་གཅིག་དགོས་ཏེ། དེ་ནི་ལུས་དབེན་གྱི་རྒྱུ་ཡིན་ ནོ། །དགྱེས་རྡོར་གྱི་སྒྲུབ་ཐབས་མཚོ་སྐྱེས་ལས་འབྱུང་བ་ལྟ་བུ་ལ་སོགས་པ་བསྐྱེད་རིམ་དང་ལྷན་ཅིག་འཁོར་ལོ་བཞིའི་གཏུམ་མོ་བསྒོམ་པ་སོགས་ལ་ནི། གོང་དུ་བཤད་པའི་ཕྲ་ཐིག་དེ་འདྲ་མི་དགོས་པས། དེས་ན་ཐུན་མོང་མ་ཡིན་པའི་བདེ་བསྐྱེད་བྱེད་དུ་ཕྲ་ཐིག་དེ་ནི་མཚོན་བྱེད་དེ། གཞན་ཡང་དམིགས་པའི་ཁྱད་པར་སྣ་ཚོགས་པ་འབྱུང་ངོ༌། །སྐབས་འདིའི་བདེ་བ་ཡང་ཆ་ཕྲ་མོད་ཀྱི། དེ་ལ་བལྟོས་པའི་སྣང་བ་གསུམ་མམ་བཞིའི་ཆ་ཤས་སུ་འབྱུང་བས། རང་བཞིན་གྱི་རྣམ་རྟོག་མཐའ་དག་འགགས་པ་མིན་ཡང༌། རང་བཞིན་རྣམ་རྟོག་གི་ཆ་ཤས་ཕྲ་མོ་ཙམ་ཐིམ་པ་ཡིན་ནོ། །རྒྱུ་དེ་ལས་ལུས་དབེན་ཇི་ལྟར་བསྐྱེད་པ་ནི། ལྷར་སྣང་དང་བདེ་བ་གཉིས་ཀར་གོམས་པ་དེས། ས་བོན་ཕྱག་མཚན་ནམ། གཏུམ་མོའམ་ལས་རྒྱ་ལ་སོགས་པས། བདེ་བ་སྒྲུབ་པའི་སྐབས་རྣམ་རྟོག་གི་རྩོལ་བ་ཡོད་ཀྱི་བར་དུ། ཕྱི་ནང་གི་དམིགས་པ་ལ་སེམས་གཏོད་བཞིན་དུ། མི་རྟོག་པའི་བདེ་བ་འབྱུང་བར་འགྱུར་བ་འདི་ལས་ནམ་སད་པ་ན། རྟོག་པ་གཞན་གྱིས་བར་མ་ཆོད་པར་ལྷའི་སྐུར་འཆར་བར་སྙམ་པའི་འདུན་པ་ཙམ་སྦྱོང་ཞིང༌། དེའི་མཐར་དར་ཅིག་བདེ་ལ་མི་རྟོག་པའི་ཚུལ་གྱིས་སེམས་གནས་པར་འགྱུར་ལ། དེ་ལས་ལངས་བའི་སྐབས་རྩོལ་བའི་རྣམ་རྟོག་བསྐྱེད་མི་དགོས་པར། ལྷ་སྐུ་རང་ཤར་དུ་འབྱུང་ཞིང༌། དེའི་ཚེ་མི་རྟོག་པ་དངོས་སད་ཀྱང་མི་རྟོག་པའི་ཞད་ཡོད་ཅིང༌། བདེ་བའི་རྩི་མ་ཡལ་ཏེ། ལྷ་སྐུ་


TNT05_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེ་བ་ཟུང་འབྲེལ་དུ་འབྱུང་ངོ༌། བསྐྱེད་རིམ་ཕྲ་རགས་དངོས་ཀྱི་སྐབས་སུ་དངོས་ཀྱི་རྒྱུ་རྣམ་རྟོག་གི་རྩོལ་བ་མེད་ན། མི་རྟོག་པ་ལས་གཅིག་ཅར་ལྡང་ཡང་མི་ཐུབ་ཅིང༌། མི་རྟོག་པ་ལས་ལངས་ཐུབ་ཀྱང༌། ཐུན་མོང་མ་ཡིན་པའི་བདེ་བ་མ་ཐོབ་པའི་ཕྱིར། དེ་ལས་ལྡང་རྒྱུ་མེད་ཅིང༌། ལངས་ཀྱང་མི་རྟོག་པ་ཉིད་ཀྱི་རྣམ་རོལ་ལས། བདེ་བ་དང་ལྷ་སྐུ་ཟུང་འབྲེལ་ཡང་མི་འབྱུང་ལ། འདིར་དེ་དག་འབྱུང་བས། སྤྱིར་ལུས་དབེན་འདི་བསྐྱེད་རྫོགས་གང་དུ་བསྡུ་དགོས་ནི་སོམས་ཤིག་དང༌། ཡོངས་སུ་གྲགས་པའི་བསྐྱེད་རིམ་ཕྲ་རགས་རྣམས་ལས་ཁྱད་པར་དུ་འཕགས་ཚུལ་ནི་དེ་ཡིན་ནོ། །ཚུལ་རྣམ་པ་འདི་ལྟ་བུས་ལྷ་གཅིག་ཁོ་ན་ལས་ལྷག་པོ་བསྐྱེད་མི་ཐུབ་ཀྱང༌། དེ་ཐུབ་ན་ལུས་དབེན་གྱི་རིམ་པར་རྟོགས་ལ། རྟོག་པའི་རྩོལ་བས་བསྐྱེད་དགོས་ན༑ དཀྱིལ་འཁོར་རབ་འབྱམས་སྒོམ་ཐུབ་ཀྱང༌། བསྐྱེད་རིམ་དངོས་ཡིན་གྱི་ལུས་དབེན་མིན་ནོ། །དེས་ན་རྟོག་པའི་རྣལ་འབྱོར་མཐར་ཕྱིན་ནས་དཀྱིལ་འཁོར་མང་པོ་སྤྲོ་བསྡུ་ནུས་ཀྱང༌། བདེ་སྟོང་གི་ལྷ་སྐུ་རྩོལ་མེད་དུ་འཆར་ནུས་པ་ལ་ད་དུང་ཡུན་རིང་དུ་བསླབ་དགོས་ཤིང༌། རྩོལ་བཅས་ཀྱི་སྐབས་དཀྱིལ་འཁོར་མང་པོ་འཆར་ཐུབ་ཀྱང༌། སྐབས་འདིར་རྩོལ་མེད་དུ་འཆར་དགོས་པའི་སྐབས། ལྷ་རེ་རེ་ལས་བསྐྱེད་མི་ཐུབ་པ་ཡང་ཡོད་ལ། དབང་པོ་ཤིན་ཏུ་རྣོ་ན་རྩོལ་བཅས་ཀྱི་སྐབས་ལས་འདིར་མང་པ་ཡང་འཆར་བ་ཡང་སྲིད། དབང་པོ་འབྲིང་པོས་བསྐྱེད་ལུགས་ཀྱི་ཁྱད་མ་གཏོགས། མང་ཉུང་མཉམ་པར་འཆང་བ་ཡང་སྲིད་པས། ཁ་ཅིག་རྟོག་པའི་རྣལ་འབྱོར་ལ་བརྟན་


TNT05_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོབ་ཕྱིན་ལུས་དབེན་རིགས་བརྒྱ་ལ་སློབ་པ་ལ་དཀའ་ཚེགས་མེད་ཅིང༌། གལ་ཏེ་དཀའ་ཚེགས་ཡོད་ན། བསྐྱེད་རྫོགས་གོ་རིམ་ངེས་པ་ཅན་མ་བྱས་པར་རིམ་པ་ཐོད་རྒལ་དུ་བྱས་པའི་སྐྱོན་ནོ་སྙམ་དུ་སེམས་པ་ནི་ཕོ་ཚོད་ཙམ་ཡིན་ཀྱང༌། སྤྱིར་ནས་རིམ་པ་རྒལ་ཡང་སྐྱོན་དུ་མི་འགྱུར་བ་ཤིན་ཏུ་མང་བར་མ་ཟད། ད་ལྟའི་གང་ཟག་ལ་རིམ་པ་བརྒལ་བ་ངེས་པར་དགོས་པའང་ཡོད་དོ། །གསུམ་པ་དབྱེ་བ་ནི། རྒྱུད་ཕྱི་མ་ལས། དེ་ཉིད་རྣམ་པ་ལྔ་རུ་བཤད། གསང་བ་རྣམ་པ་གསུམ་དུ་བཤད། ལྷག་པའི་ལྷ་ནི་གསང་ཆེན་ཏེ། དམ་པ་རིགས་ནི་རྣམ་པ་བརྒྱ། ཞེས་པའི་རྗེས་སུ་འབྲང་ནས། དམ་པ་རིགས་བརྒྱའི་ལུས་དབེན། དེ་ཉིད་རིགས་ལྔའི་ལུས་དབེན། གསང་བ་རིགས་གསུམ་གྱི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་རྣམས་སོ། །དང་པོ་ནི། རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། ཞེས་ཕུང་པོ་ལྔ་པོ་རྒྱལ་བ་རིགས་ལྔར་བསྒོམ་པ་ལས། རེ་རེ་བཞིན་ཡང་ནང་ཚན་རྒྱལ་བ་རིགས་ལྔ་ལྔས་ཕྱེ་བས་རྒྱལ་བ་ཉི་ཤུ་རྩ་ལྔའོ། །ས་ནི་སྤྱན་མ་ཞེས་བྱ་བ་ཡིན། ཆུའི་ཁམས་ནི་མཱ་མ་ཀཱི། དཀར་དང་སྒྲོན་མ་ཞེས་བྱ་བ། མེ་དང་རླུང་དུ་རབ་ཏུ་བསྒྲགས། ཞེས་འབྱུང་བ་བཞི་ཡུམ་བཞིར་དག་པ་ལས། ནང་ཚན་རྒྱལ་བ་རིགས་ལྔ་ལྔའི་དབྱེ་བས་ཡུམ་ཉི་ཤུའོ། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག།ཅེས་སྐྱེ་མཆེད་དྲུག་ནི་སེམས་དཔའ་དྲུག་ཡིན་ལ། དེ་རེ་རེ་ཡང་རིགས་ལྔ་ལྔས་ཕྱེ་བས་སུམ་ཅུ་བྱུང་ཡང༌། ཡིད་འཇམ་དཔལ་གྱི་ལྔ་པོ་ལོགས་སུ་བཞག་ནས། བྱང་ཆུབ་


TNT05_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཉེར་ལྔའོ། །གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། ལྷ་ཉིད་དུ་ནི་རྟག་ཏུ་སྒོམས། ཞེས་གཟུགས་སོགས་ཡུམ་ལྔ་ནི་རྡོ་རྗེ་མ་ལྔའི་དག་པ་ཅན་ཡིན་ལ། དེ་རེ་རེ་ལའང་རིགས་ལྔ་ལྔར་ཕྱེ་བས། ལྷ་མོ་ཉི་ཤུ་རྩ་ལྔ་ཡིན་པས། དེ་ལྟར་ན་ཁྱབ་བྱ་དགུ་བཅུ་གོ་ལྔ་ལ་ཁྱབ་བྱེད་ཡེ་ཤེས་ལྔ་ཡོད་པ། འཇམ་དཔལ་ལྔ་དང་གཅིག་ཏུ་བསྲེས་པས་ལྔ་ཚན་གཅིག་སྟེ་བརྒྱ་ཐམ་པའོ། །སྤྱོད་བསྡུས་ཀྱི་བཤད་ཚུལ་དེ་ལྟར་ཡིན་ལ། འགའ་ཞིག་ལས་འཇམ་དཔལ་ལྔ་མ་བགྲངས་པར། རྡོར་དབྱིངས་དབང་ཕྱུག་མ་ལྔ་བསྣན་པ་ཡང་ཡོད་དེ། འདི་རྣམས་ཞི་བ་རིགས་བརྒྱའི་དབང་དུ་བྱས་པ་ཡིན་ནོ། །དེ་ཡང་བརྒྱའི་གྲངས་ཀྱི་དབང་དུ་རྩིས་ནས་དེ་ལྟར་བྱས་ཀྱི། སྤྱིར་བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །ཞེས་པ་ལྟར་ཡིན་པས་ངེས་པ་མེད་དེ། ཁྲོ་བོ་ཁྲོ་མོ་ཕོ་ཉ་ཕྱག་བརྙན་དང་བཅས་པ་རྣམས་ཞི་བའི་རྣམ་འཕྲུལ་ཡིན་པས་འདིར་འདུས་པར་དགོངས་ནས་མ་བཤད་པ་ཡིན་གྱི། གཞན་དུ་ན་དེ་དག་གི་ལུས་དབེན་ཡང་དཔག་ཏུ་མེད་པར་འགྱུར་རོ། །ཕུང་ཁམས་བརྒྱའི་དབྱེ་བ་དང༌། རིགས་བརྒྱའི་ལྷ་བསྐྱེད་ཚུལ་རྣམས་འགོས་ལུགས་ཀྱི་ཁྲིད་ཡིག་ཏུ་བཤད་ཟིན་ལ། དོན་གྱི་སྙིང་པོ་གཟུགས་ཕུང་སྟོང་ཉིད་དུ་སྦྱངས་ནས། དེའི་རང་བཞིན་རྣམ་སྣང་དུ་སྒོམ་མོ་སྙམ་པའི་འཕེན་པ་སྔོན་དུ་བཏང་ནས། བདེ་སྟོང་ལ་མཉམ་པར་བཞག་པས་དེ་ལས་ལངས་དུས་རྣམ་སྣང་རིགས་ལྔ་བྱུང༌། འདི་ནི་མཉམ་བཞག་གི་ལུས་དབེན་ཁོ་ན་ཡིན། ཐོག་མའི་སྐབས་ཀྱི་རྗེས་ཐོབ་སྤྱོད་ལམ་ནི། བསྐྱེད་རིམ་དང་འདྲ་བར་མོས་སྒོམ་བྱེད་པ་ཡིན་ནོ། །འདི་ལ་བརྟན་པ་ཐོབ་ནས་


TNT05_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་གོང་དང་འདྲ་བ་ལས་རྗེས་ཐོབ་ཀྱི་ལུས་དབེན་བསྒོམས་ཏེ། ལུས་དབེན་གྱི་ལྷ་སྐུ་དེ་མ་ཡལ་བར་བྱས་ནས། གཟུགས་སྣང་ལྟ་བུ་གཅིག་གི་སྟེང་དུ་དེ་བཞག་སྟེ་སྣང་བ་དེ་དང་བསྲེས། དེ་བདེ་བས་རྒྱས་བཏབ། དེ་ཡང་སྟོང་པར་རྒྱས་བཏབ་སྟེ་སྒོམ་པས། མ་དག་པའི་སྣང་བ་དེ་འགགས་ཏེ། ལུས་དབེན་གྱི་ལྷའི་རྣམ་པ་འཁོར་དང་བཅས་པར་སྣང་བར་འགྱུར་ལ། དེ་ཤིན་ཏུ་གོམས་ན། དེས་ཀྱང་ནང་དུ་བདེ་བ་འཕེལ་བའི་གྲོགས་སུ་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ། རིགས་བརྒྱའམ། རིགས་སྣ་ཚོགས་པ་དུ་མའམ། རིགས་བརྒྱ་ཉིད་ནས་ལྷ་མཐའ་མེད་པའི་བར་དུ་ཡང་འགྱུར་ཏེ། རིགས་བརྒྱའི་སྒོམ་ཚུལ་ནི་དེ་ལྟར་ཡིན་ནོ། །ཕྱི་མ་རྣམས་ལ་སྒོམ་ཚུལ་འདི་ཉིད་མ་གཏོགས་ལྷག་པོ་མེད་ན། བརྒྱ་ལ་ལོབས་ནས། ལྔ་ནས་གཅིག་གི་བར་ལ་ལོགས་སུ་བསླབ་མི་དགོས་པར་ཞོར་ལ་ལོབས་པར་འགྱུར་མོད་ཀྱང༌། སྒོམ་ཐབས་ལྷག་པོ་རེ་ཡོད་པས། དེ་དག་ཕྱིས་སྒོམ་པར་གསུངས་པ་ཡིན་ནོ། །གཉིས་པ་ནི། གཞན་བསྐྱེད་ཚུལ་སྔ་མ་དང་འདྲ་བ་ལས། ལྷ་དེ་དག་རེ་རེ་བཞིན་ཡང༌། རིགས་ལྔའི་རྒྱས་བཏབ་ཅན་དུ་ཤེས་དགོས་པས། སྣང་བའི་ཆ་ནས་སྐུ་རྡོ་རྗེ། གྲགས་པའི་ཆ་ནས་གསུང་རྡོ་རྗེ། སྟོང་པའི་ཆ་ནས་ཐུགས་རྡོ་རྗེ། བདེ་བའི་ཆ་ནས་ཡོན་ཏན་རྡོ་རྗེ། མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་འཇུག་པའི་ཆ་ནས། ལས་ཀྱི་རྡོ་རྗེ་སྟེ། མོས་པའི་སྒོ་ནས་ལྷ་ཐམས་ཅད་ལ་རྒྱས་བཏབ་པས། དེ་དང་དེའི་རྣམ་པར་གསལ་སྣང་འཆར་བ་ཡིན་ནོ། །དེས་ནི་རྣམ་རྟོག་གིས་མ་བརྟགས་པར་རང་ཤུགས་ཉིད་དུ་སྔར་གྱི་ལྷ་རྣམས་


TNT05_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་ཞིང་མང་བར་འགྱུར་རོ། །གསུམ་པ་ནི། དེ་ལྟར་མངོན་དུ་གྱུར་པ་དེ་ལའང༌། སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་བྱེད་པ་སྟེ། རིགས་ལྔའི་ཡེ་ཤེས་རྣམ་པ་ལྔ་པོ་དེ་རྣམས་རེ་རེ་ནས་དེ་དང་དེའི་སྣང་བ་ནི་སྐུ་དང༌། སྣང་བ་དེ་ཉིད་རིག་པས་ཉམས་སུ་མྱོང་བ་ནི་གསུང་དང༌། དེའི་རང་བཞིན་བརྗོད་བྲལ་མི་རྟོག་པར་བཞག་པ་ནི་ཐུགས་ཏེ། དེ་ལྟར་རྒྱས་བཏབ་ཅིང་བསྒོམས་པས། སྔ་མ་ལས་ཀྱང་ཆེས་མང་ཞིང་ཕྲ་བ། རྡུལ་ཕྲན་གྱི་མཐར་གཏུགས་པ། ལྷ་སྐུ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྣང་བར་དངོས་སུ་རྟོགས་པར་འགྱུར་ཏེ། འདི་དག་ཀྱང་མོས་པའི་ཁྱད་པར་མ་གཏོགས་ཕྱོགས་བཅུའི་སྣང་བ་ཐམས་ཅད་དེ་ལྟར་འགྱུར་བ་མ་ཡིན་ཏེ། རང་ལུས་ཙམ་མམ། ཕྱི་རོལ་གྱི་དངོས་པོ་གཅིག་སོགས་དམིགས་པ་གང་གཏད་པ་ལ་དེ་ལྟར་འགྱུར་རོ། །བཞི་པ་ནི། དེ་དག་ཐམས་ཅད་ལ་ཞུ་བདེ་ལྷན་ཅིག་སྐྱེས་པ་རང་བཞིན་སྟོང་པར་ཤར་བ་དེ་ཁོ་ནས་རྒྱས་བཏབ་པས། ལྷ་སྐུའི་སྣང་བ་དེ་མ་ཡལ་ཀྱང༌། རྡུལ་ཕྲན་ལྟར་ཤིན་ཏུ་ཕྲ་བར་འགྲོ་བས། ཉི་ཟེར་གྱི་རྡུལ་བར་སྣང་ལ་འདྲེས་པ་བཞིན་དུ་སྟོང་པ་གཅིག་གི་ངོ་བོར་སྣང་བ་ནི་རིགས་གཅིག་ཏུ་གྱུར་པའི་དོན་ ནོ། །དེ་ལྟར་མན་ངག་ལས། ལྷ་བརྒྱ་ཕྲག་དང༌། ལྔ་དང༌། གསུམ་དང་གཅིག་ཏུ་སྒོམ་པ་ལ་སོགས་པ་ནི། ལུས་དབེན་རྗེས་མཐུན་པ་སྒོམ་ཚུལ་ཏེ། དེ་ཉིད་ལུས་དབེན་དངོས་ཀྱི་བསྐྱེད་ཚུལ་དུ་མོས་པ་བྱས་པས་ལུས་དབེན་གྱི་རྟོགས་པ་འདྲེན་པར་བྱེད་པའི་ཐབས་སུ་འགྱུར་བ་ཡིན་ནོ། །ལུས་དབེན་ཕྱི་མ་འདི་དག་ལུས་དབེན་འབའ་ཞིག་བསྒོམས་པས་མཐར་ཕྱིན་པའང་ཡོད་ལ། ཕལ་ཆེར་


TNT05_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་འགྱུར་བའི་རྡོར་བཟླས་སོགས་དང་བསྲེས་ཏེ་བསྒོམས་པས། མཐར་ཕྱིན་པར་འགྱུར་བ་མང་ངོ༌། །བཞི་པ་ནི། འཕེན་པ་མི་དགོས་ཤིང། འདོད་ན་རྒྱུ་བདེ་སྟོང་དང་འབྲས་བུ་ལྷ་སྐུ་གཉིས་ཀ །གང་འདོད་འདོད་སྐྱོང་ཡང་ཐུབ་ལ། ཡང་མྱུར་བར་འདོད་ན། སྐད་ཅིག་ཙམ་ལ་བདེ་སྟོང་གི་ཉམས་ལས་ལྷ་སྐུར་ལྡང་ཡང་ཐུབ་ ཅིང༌། དམིགས་པ་གང་གཏད་པ་དེ། ལྷ་སྐུ་རགས་པ་གཅིག་ལས་ལྷ་སྐུ་ཕྲ་མོ་མཐའ་ཡས་པ། བདེ་སྟོང་གི་ནང་དུ་ཐིམ་པ་སྙམ་བྱེད་པ། དེ་ནམ་འདོད་ཡོང་ཞིང་ཅི་འདོད་འཁྱོངས་པ་ཡིན་ནོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཁ་ཅིག་ལུས་དབེན་ལ་བསྐྱེད་རིམ་དང༌། བསྐྱེད་རིམ་མ་ཡིན་པའི་ཆ་གཉིས་ཡོད་དེ། །ལྷག་མོས་ལུས་ལ་བསྡུས་པ་དང༌། ལུས་དཀྱིལ་ལ་སོགས་པ་བསྐྱེད་རིམ་གྱི་ལུས་དབེན་ཡིན་ལ། རྫོགས་རིམ་གྱི་ལུས་དབེན་ནི་སྐབས་འདིའི་ཡིན་ཞིང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་དངོས་སུ་མ་འགྲུབ་ཀྱང༌། ཕྲ་ཐིག་གིས་རླུང་དབུ་མར་བཅུག་པའི་བདེ་བ་དེ་རྫོགས་རིམ་ཡིན་པས། དེ་ལས་སྐྱེས་པའི་ཕྱིར་འདི་ཡང་རྫོགས་རིམ་མོ་ཞེས་འཆད་ན། རྫོགས་རིམ་ཡིན་ཚུལ་དེ་ལ་འགལ་བ་ཆེར་མི་སྣང་ཡང༌། ལུས་དཀྱིལ་སོགས་ལུས་དབེན་དུ་འདོད་པ་ནི། བློས་བཏགས་ཀྱིས་ཐ་སྙད་གསར་པ་སྦྱར་ན་མ་གཏོགས། རིམ་ལྔ་དང་སྤྱོད་བསྡུས་སུ་བཤད་པའི་ལུས་དབེན་དངོས་དང་རྗེས་མཐུན་གང་ཡང་མ་ཡིན་ནོ། །དེ་དག་ལུས་དབེན་ཡིན་ན། བསྐྱེད་རིམ་གྱི་བཟླས་པ་ཡང་དག་དབེན་དང༌། ལྷག་མོས་འོད་གསལ་དུ་བསྡུ་བ་དང་དཀྱིལ་འཁོར་ཉེར་བསྡུ་སོགས་སེམས་དབེན་དང་འོད་གསལ། དང་པོའི་མགོན་པོ་བསྐྱེད་པ་སོགས་སྒྱུ་ལུས་དང་ཟུང་འཇུག་ཏུ་ཐལ་


TNT05_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ལ། དེ་ཡང་དེ་ལྟ་ན་བསྐྱེད་རིམ་ལ་ཡང་རིམ་ལྔ་ཡོད་པ་དང༌། རིམ་ལྔའི་གོ་རིམ་ཡང་འཁྲུགས་པར་ཐལ་བར་འགྱུར་རོ། །དེས་ན་ལུས་དབེན་དུ་མ་ཟད། སྔགས་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མ་སློངས་པའི་ངག་དབེན་མན་ཆད་ཀྱང༌། མཚན་མ་དང་བཅས་ཤིང་རྣམ་རྟོག་གི་རྩོལ་བའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ངོ་བོའི་སྒོ་ནས་བསྐྱེད་རིམ་དུ་གཏོགས་ཏེ། མན་ངག་གཞན་ལས་འབྱུང་བའི་འཁོར་ལོ་བཞིའི་གཏུམ་མོ་ལ་སོགས་པ་དམིགས་བཅས་ཀྱི་རྫོགས་རིམ་དུ་གྲགས་པ་ཐམས་ཅད་དོ། །འདི་དག་ལ་ཟབ་མོ་བསྐྱེད་རིམ་དང༌། དམིགས་བཅས་ཀྱི་རྫོགས་རིམ་ཞེས་རིམ་པ་གཉིས་ཀར་གྱི་མིང་འདོགས་པ་ནི། རང་གི་ངོ་བོ་བསྐྱེད་རིམ་ཏུ་རྟོགས་པ་དང༌། རྫོགས་རིམ་ལ་ཤིན་ཏུ་ཕན་འདོགས་ཤིང༌། རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པ་ལ་ཐུན་མོང་མ་ཡིན་པའི་རྒྱུའི་བྱ་བ་བྱེད་པས་ན་གཉིས་ཡིན་དུ་བཏགས་པ་སྟེ། དཔེར་ན་རྒྱལ་རིགས་ཀྱི་བུ་ཞིག།བྲམ་ཟེའི་གཡོག་པོ་བྱེད་ན། དེ་ཉིད་རྒྱལ་རིགས་ཡིན་ཀྱང༌། དེའི་བྱ་བ་ཐམས་ཅད་བྲམ་ཟེའི་བྱ་བ་ཡིན་པས། དེའི་བྱས་པ་རྣམས་བྲམ་ཟེས་བྱས་པར་འགྱུར་བ་བཞིན་ནོ། །དེས་ན་སྤྱོད་བསྡུས་ལས། རྫོགས་རིམ་དངོས་སེམས་དབེན་ཡན་ཆད་དུ་བཤད་པ་དང༌། ངག་དབེན་ལ་བསྐྱེད་རིམ་གྱི་ཡུལ་ལས་འདས་པར་བཤད་པ་གཉིས་ཀར་མི་འགལ་ཏེ། ངག་དབེན་ལ་རྫོགས་རིམ་དངོས་ཡིན་མིན་གཉིས་ཀ་ཡོད་པས། རྫོགས་རིམ་འདྲེས་མེད་ཉག་གཅིག་ནི། སེམས་དབེན་ཡན་ཆད་ཡིན་པ་དང༌། ངག་དབེན་དམིགས་བཅས་ཚུན་ཆོད་ཀྱང༌། བསྐྱེད་རིམ་ཞེས་ཡོངས་སུ་གྲགས་ཆེ་ཞིང་ཀུན་ལ་གྲགས་


TNT05_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲན་པ་གཅིག་པ་དང༌། རྟོག་པའི་རྣལ་འབྱོར་པའི་སྤྱོད་ཡུལ་མ་ཡིན་པ་སྟེ། དེས་དེའི་ཕྱོགས་སུ་མ་ཕྱིན་པའི་དོན་ནོ། །སྔགས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་ཐུབ་པའི་ངག་དབེན་ནི། རྫོགས་རིམ་གྱི་ལམ་དངོས་སུ་འཇོག་གོ །འོ་ན་ལུས་དབེན་ངག་དབེན་གཉིས་ཀར་དམིགས་བཅས་ཀྱི་རྫོགས་རིམ་ཡིན་མཉམ་ལ། ངག་དབེན་དམིགས་བཅས་བསྐྱེད་རིམ་པའི་ཡུལ་མ་ཡིན་པ་དང༌། ལུས་དབེན་བསྐྱེད་རིམ་པ་དང་ཐུན་མོང་བར་བཤད་པ་ཅི་སྙམ་ན། ལུས་དབེན་ནི་ཕྲ་ཐིག་མཐར་ཕྱིན་པའི་རང་ཤུགས་ལ་ཅུང་ཟད་འབྱུང་བ་ཡང་ཡོད་དེ་བསྐྱེད་རིམ་གྱིས་དྲངས་པའི་རྫོགས་རིམ་མམ། རྟོག་པའི་རྣལ་འབྱོར་གྱི་དྲངས་པའི་རྫོགས་རིམ་ཞེས་ཟེར་རོ། །དེའི་ཕྱིར་རྟོག་པའི་རྣལ་འབྱོར་པའི་སྤྱོད་ཡུལ་དུ་གྱུར་ལ། ལུས་དབེན་ལོགས་སུ་ཆེད་དུ་གཏད་ནས་སྒོམ་པའི་སྐབས་ཡིན་ཡང༌། རྟོག་པའི་རྣལ་འབྱོར་མཐར་ཕྱིན་པ་ཡིན་ན། འབད་རྩོལ་གྱིས་སྒྲུབ་མི་དགོས་པར་ལུས་དབེན་ཤུགས་ཀྱིས་འབྱུང་ལ། དེར་མ་ཟད་བདེ་བ་དང༌། ལྷ་སྐུའི་ཉམས་མྱོང་བསྐྱེད་རིམ་ཕྲ་མོ་རྟོག་པའི་རྣལ་འབྱོར་ལས་ཆེས་བཟང་ཞིང་ཁྱད་ཆེ་ཡང་དམིགས་པ་སྒོམ་ཚུལ་མི་འདྲ་བའི་ཁྱད་ཐོན་པ་མེད་པར། བསྐྱེད་རིམ་གྱི་ནང་ནས་འགའ་ཞིག་ཟུར་དུ་བཀོལ་ཏེ་སྒོམ་པ་ལྟ་བུར་ཡོད་ལ། ངག་དབེན་ནི་དམིགས་པའི་ཁྱད་པར་ཡང་མི་འདྲ་བ་ཆེ་ལ། བསྐྱེད་རིམ་མཐར་ཕྱིན་ཡང་རྩལ་ཤུགས་ཕྱུང་སྟེ་འབད་པས་མ་བསྒོམས་ན། བསྐྱེད་རིམ་དང་ལུས་དབེན་གྱི་ཞོར་ལ་འདྲེན་པ་མེད་པའི་ཕྱིར་རོ། །དེས་ན་ལུས་དབེན་བསྐྱེད་རྫོགས་རི་ཐང་མཚམས་པ་དང༌། གཉིས་ཡིན་དང༌། གཉིས་མིན་དུ་འདོད་ཚུལ་རྣམས། གནད་


TNT05_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྟོགས་ན་ཕྱོགས་རེ་ནས་འགལ་བ་མེད་དོ། །ཕལ་ཆེར་ལ་གྲགས་པ་ལྟར། དངོས་བཏགས་མ་ཕྱེ་བ་ལྟར་ན། ལུས་དབེན་དང༌། ངག་དབེན་གྱི་རིམ་པ་ཐམས་ཅད་བསྐྱེད་པར་མི་བསྡུ་སྟེ་རྫོགས་པར་བསྡུའོ། །ཡང་གླན་རྩད་ཚལ་སོགས་པ་འགའ་ཞིག་གི་བཞེད་པ་ལྟར༌། སྤྱོད་བསྡུས་ལས། དམ་པ་རིག་བརྒྱ་མཐར་ཕྱིན་ནས། ངག་དབེན་ལ་འཇུག་དགོས་པར་བཤད་པ་དང༌། ཏིང་ངེ་འཛིན་ཇེ་བཟང་དུ་གྱུར་པ་ན་ལྷ་ཇེ་མང་དུ་སྤྲོ་བ་འཐད་པར་བསམ་ནས། རིགས་བརྒྱ་མཐར་གཅིག་གི་བར་དུ་བསྡུ་བ་ནི། བཤད་པའི་གོ་རིམ་ཙམ་ཡིན་གྱི། སྒོམ་པའི་ཚེ་དེ་ལས་ལྡོག་སྟེ། མཐར་ཐུག་རིགས་བརྒྱ་ལ་སྐྱེལ་དགོས་སོ་སྙམ་དུ་སེམས་ཤིང་སྨྲ་བར་སྣང་ཡང༌། མ་ཡིན་ཏེ་རིགས་ལྔ་རིགས་གསུམ་རིགས་གཅིག་ལ་སོགས་པའི་བར་དུ། ལྷར་སྣང་ཉུང་དུ་སོང་བ་མ་ཡིན་པ་དང༌། བསླབ་བྱ་གཞན་ནི་ཆོས་ལྷག་པོ་ཡོད་ཚུལ་གོང་དུ་བཤད་པ་ལྟར་ཡིན་ལ། སྤྱོད་བསྡུས་ལས་ཀྱང༌། སྔ་མ་སྔ་མ་ཤེས་ནས་ཕྱི་མ་ཕྱི་མ་ལ་སློབ་ཚུལ་དུ་གསལ་བས། དངོས་པོའི་གོ་རིམ་ཉིད་ཡིན་གྱི། བཤད་པའི་གོ་རིམ་ཙམ་མིན་ནོ། །རིགས་བརྒྱ་ལ་ལོབས་ནས་ངག་དབེན་ལ་འཇུག་པར་གསུངས་པ་ནི། རིགས་བརྒྱ་མཚོན་བྱེད་དེ་རིགས་མཐའ་ཡས་པའང་ཡོད་མོད། ཇི་སྲིད་དུ་རྒྱས་བཏབ་གཅིག་པ་འདི་མཐར་ཕྱིན་གྱི་བར་དུ། ལུས་དབེན་ཁོ་ན་བསྒོམས་པས་ཆོག་པས། ལུས་དབེན་ཕྱི་རིམ་པ་དངོས་ཡིན་ལ། ལྷག་མ་འདི་རྣམས་ལུས་དབེན་གྱི་རྣལ་འབྱོར་ཡིན་ཡང༌། ལུས་དབེན་ཁོ་ནས་མི་ཐོབ་པ་ཤས་ཆེ་བས། ལུས་དབེན་གྱི་རིམ་པར་མི་འགྱུར་བ་མང་ལ།


TNT05_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བ་ཞིག་རྡོ་རྗེའི་བཟླས་པ་དང་ལྷན་ཅིག་ཏུ་བསྒོམས་པས་རིམ་གྱིས་འགྲུབ་པ་སྟེ། གསང་ཆེན་རིགས་གཅིག་དང་རྡོ་རྗེའི་བཟླས་པ་མཐར་ཕྱིན་པ་དུས་མཉམ་མོ། །དེའི་ཕྱིར་གོ་རིམ་གྱི་སྐབས་སུ། རིགས་བརྒྱ་དང་ངག་དབེན་ལ་གོ་རིམ་མཛད་པའོ། །ད་ནི་སྐབས་འདིར་ཉེ་བར་མཁོ་བའི་ཕྱིར། ཕུང་ཁམས་རིགས་བརྒྱ་པོ་རྣམས་ཀྱི་མིང་སྡོམས་ཀྱི་ཚུལ་དུ་སྦྱར་བར་བྱ་སྟེ། རིགས་བྱེད་མིན་དང་དབྱིབས་དང་བདག་གཞན་བཀོད། ཁ་དོག་གཟུགས་དང་འོད་སྣང་གཟུགས་ཕུང་ལྔ།།འཁྲིས་བཅས་འདུས་པའི་ཚོར་དང་བཏང་སྙོམས་དང༌། །བད་རླུང་ཚོར་དང་བདེ་སྡུག་ཚོར་བ་ལྔ། །རྐང་གཉིས་འདུ་ཤེས་མི་གཡོ་མི་རྒྱུ་ཤེས། །རྐང་བཞི་རྐང་མེད་རྐང་མང་འདུ་ཤེས་ལྔ། །ཡིད་ཀྱི་འདུ་བྱེད་ལུས་དང་ཁམས་གསུམ་ ལས། །ངག་དང་ཐར་བའི་ལས་ཏེ་འདུ་བྱེད་ལྔ། །ལུས་མིག་རྣ་བ་སྣ་ལྕེ་རྣམ་ཤེས་ལྔ། །དྲི་མ་རྒྱུ་མ་མཁྲིས་པ་དེ་བཞིན་སྙིང༌། །སྐྲ་དང་རུས་པ་བཤང་བ་མཆིན་པ་སྙིང༌། །སྤུ་དང་སེན་མོ་རྣག་དང་ཁྲག་དང་སྙིང༌། །སོ་དང་པགས་པ་ཤ་དང་སྙིང་དུ་འདོད། །རྒྱུས་པ་ཤ་དང་རྩིབ་མ་སྙིང་ཞེས་བྱ། །དེ་དག་ནང་གི་ས་ཁམས་རྣམ་ལྔ་ཡིན། །ལུས་འཕགས་རི་རབ་འཛམ་གླིང་བ་ལང་སྤྱོད། །སྒྲ་མི་སྙན་ཏེ་ཕྱིའི་ས་ཁམས་ལྔ། །དྲི་ཆུ་མཆི་མར་བཅས་པའི་བད་ཀན་དང༌། །རྡུལ་དང་ཁྲག་དང་མཆིལ་མ་ནང་གི་ཆུ། །རྒྱ་མཚོ་འབབ་ཆུ་ཕྲ་མོ་ཆུ་བོའི་ཆུ། །བཀོད་མ་ལྟེང་ཀ་ཕྱི་ཡི་ཆུ་ཁམས་ལྷ། །སྙིང་ག་མགོ་བོ་ལྟེ་བའི་མེ་དྲོད་དང༌། །ཡན་ལག་ཕོ་བའི་དྲོད་ནི་ནང་གི་མེ། །རྒྱུན་གཞག་རྡོ་བའི་མེ་དག་མེ་ཤེལ་སྐྱེས། །ཤིང་བུ་ལས་སྐྱེས་ནགས་ཀྱི་མེ་སྟེ་ཕྱི། །སྲོག་རླུང་ཁྱབ་


TNT05_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཐུར་སེལ་གྱེན་རྒྱུ་དང༌། །མ་ཉམས་ཞེས་པ་ནང་གི་རླུང་ལྔ་སྟེ། །ཤར་དང་སྟེང་དང་ལྷོ་ནུབ་བྱང་སྟེ་ཕྱི། །ཕྱི་ནང་སྦྱར་བས་འབྱུང་བ་ཉི་ཤུར་འདོད། །ནམ་མཁའ་རགས་པའི་འབྱུང་བ་མིན་ཕྱིར་བཞག།འདི་ནི་རེ་ཞིག་མདོ་དང་བསྟུན་པ་ཡིན་གཏན་ནས་འབྱུང་བ་མིན་པར་མི་བཞེད་དོ། །མིག་འབྲས་གཟུགས་འཛིན་ཚིལ་བུའི་ཆ་དང་ནི། །ཟུར་གྱིས་ལྟ་དང་དབྱེ་བ་མིག་གི་བརྡ། །སྣ་དབང་རྣ་བའི་ཕྱི་གཟུགས་སྒྲ་གསུམ་འཛིན། །བུ་ག་རྩ་བའི་རྩ་སྟེ་རྣ་བ་ལྔ། །སྣ་ཡི་དབང་པོ་སྣ་གཟུགས་བར་བཀག་དང༌། །དྲི་འཛིན་བུ་ག་སྣ་ཡི་སྐྱེ་མཆེད་ལྔ། །ལྕེ་དབང་དབྱིབས་དང་ལྕེ་རྩེའི་རྩ་དང་ནི། །ལྕེ་རྩེར་རོ་གསུམ་འཛིན་པ་ལྕེའི་ཁམས། །རེག་གསུམ་འཛིན་དང་ལུས་དབང་རུས་པའི་ཚོགས། །ཤ་ཡི་ཚོགས་དང་ལྤགས་པའི་ཚོགས་ཏེ་ལུས། །སྲོག་གི་རླུང་ནི་དབང་པོ་ལྔ་ལ་བརྟེན། །ཡུམ་ལྔའི་སྣང་བ་སྣ་ཚོགས་འཆར་བར་བྱེད། །འགྱིང་བག་སོགས་དང་རྒྱུ་བཞི་ལས་བྱུང་མཐོང༌། །ཆགས་པའི་གཟུགས་དང་གཟུགས་གསུམ་དབྱེ་བ་དང༌། །བྱ་བྱེད་གཟུགས་ཏེ་གཟུགས་ཀྱི་སྐྱེ་མཆེད་ལྔ། །སྒྲིབ་གཡོགས་མེད་དང་སྣང་དང་ཡིད་སྤྱོད་དང༌། །དབང་པོའི་ཚོགས་པར་ལྡན་པ་རྒྱུ་བཞིའོ། །མི་ཤིགས་སྒྲ་དང་རྣ་བའི་ནད་སོགས་སྒྲ། །རྒྱུད་ཆེན་སྒྲ་དང་ཁ་ལས་བྱུང་བའི་སྒྲ། །ནགས་ཚལ་ཆུ་དང་རོལ་མོ་ལ་སོགས་པ། །སྣ་ཚོགས་སྒྲ་སྟེ་དབྱེ་བ་ལྔ་རུ་འདོད། །དྲི་ང་དྲི་ཡི་ཚོགས་དང་ཡན་ལག་དྲི། །དྲི་གསུམ་དབྱེ་བ་དབུགས་བྲལ་ལུས་ཀྱི་དྲི། ཁ་བ་མངར་དང་བསྐ་བ་ལན་ཚའི་རོ། །སྐྱུར་དང་ཚ་བ་བསྡོམས་པས་རོ་ལྔ་སྟེ། །གཉིས་སྦྱོར་རེག་བྱ་སྟན་གཅིག་གནས་པ་དང༌། །འཁྱུད་དང་འོ་བྱེད་འཇིབས་པ་རེག་པ་


TNT05_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། །རྩུབ་དང་འཇམ་དང་དྲོད་དང་སིལ་བ་དང༌། །བཀྲེས་སྐོམ་སོགས་ཀྱང་ཕྱིའི་རེག་བྱར་འདོད། །ལས་ཉོན་རྣམ་རྟོག་དག་བྱེད་ཆོས་དབྱིངས་ཏེ། །མང་པོ་གཅིག་ཅར་གསལ་བ་མེ་ལོང་འདྲ། །འགྲོ་ཀུན་སེམས་སུ་ཤེས་པ་མཉམ་ཉིད་དེ། །དངོས་ཀུན་རང་བཞིན་སངས་རྒྱས་ངོ་བོ་ལས། །དབྱེ་བའི་ཁྱད་པར་ཤེས་པ་སོ་སོར་རྟོག །སྒོ་གསུམ་བྱ་བ་རྫོགས་བྱེད་ནན་ཏན་ནོ། །ཕུང་ལྔ་འབྱུང་བཞི་དབང་ལྔ་ཡུལ་ལྔ་ལ། །ལྔ་ལྔར་ཕྱེ་ཞིང་ཁྱབ་བྱེད་ཡེ་ཤེས་ལྔ། །དེ་རྣམས་རིགས་བརྒྱའི་དག་པ་ཕུང་ཁམས་བརྒྱ། །ཡེ་ཤེས་ལྔ་དང་འཇམ་དཔལ་དོན་གྱིས་ སྦྱོར། །དབྱེ་གཞི་ཉི་ཤུ་སྤྱི་དང་མཚུངས་པར་ཤེས། །ཞེས་པའོ། ཉི་ཤུ་པོ་རེ་རེ་བཞིན་དུ་མི་བསྐྱོད་རྣམ་སྣང་རིན་འབྱུང་འོད་དཔག་མེད། དོན་གྲུབ་ཀྱི་རིགས་རྣམས་སུ་སྦྱོར་ཞིང༌། དེ་ལས་རིག་བྱེད་མ་ཡིན་པའི་གཟུགས་ནི། ཡིད་ངོར་གཟུགས་ཀྱི་གསལ་སྣང་ཤར་བ་ལ་དངོས་འཛིན་ཞིང༌། འདི་སྐབས་ཀྱི་གཟུགས་ཕུང་ཡང༌། གཟུགས་ཀྱི་སྐྱེ་མཆེད་ཕྱོགས་གཏོགས་དང་བཅས་པ་ལ་ངོས་བཟུང་ངོ༌། །སྤྱོད་བསྡུས་ན་ཚོར་བ་མཉམ་པ་ཉིད་ཅེས་གསུངས་པ་བཏང་སྙོམས་ཡིན། སའི་སྐབས་ན། རྡོ་རྗེ་འཕྲེང་བའི་ལུང་དྲངས་ཏེ། །སྙིང་ནི་ལྔ་ལ་ངེས་གནས་ ཏེ། །སྒོ་ལྔ་རྣམ་པར་འབྱུང་བ་ནི། །རྨི་ལམ་རླུང་དང་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །ཅེས་དོན་སྣོད་ལྔའི་སྙིང་གིས་ཀྱང༌། །སྲོག་གི་རླུང་དང་ཡིད་ཤེས་ཀྱི་རྟེན་བྱེད་ཅིང༌། །སྒོ་ལྔའི་རྣམ་ཤེས་བསྐྱེད་པའི་རླུང་འབྱུང་བ་དང༌། གཉིད་དང་རྨི་ལམ་གྱི་སྣང་བ་བསྐྱེད་པར་བཤད་པས། སྙིང་གའི་འཁོར་ལོ་དང་གནད་གཅིག་པར་འོང་ལ། ཡང་ཡུལ་ལྔ་རྒྱས་


TNT05_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱི་འགོར། སྲོག་ལ་སོགས་པའི་རླུང་ལྔ་ནི། ཕུང་པོ་ལྔ་ལ་བརྟེན་ནས་ཕུང་པོའི་བྱ་བ་བྱེད་དོ། །ཞེས་གསུངས་པ་ནི། རྩ་བའི་ཁམས་ལྔའི་རླུང་དང་ཅུང་མི་འདྲ་སྟེ། རྩ་བའི་ཁམས་ལྔ་ཆར་ཅུང་ཟད་འདྲེས་ཤིང༌། རྣམ་པ་གཞན་དུ་གྱུར་བ་ཡིན་པས། འབྱུང་བ་ལས་གྱུར་པ་དང༌། ཕུང་པོའི་མིང་གིས་བཏགས་པ་ཡིན་ནོ། །འདིར་གཟུགས་ཀྱི་སྐྱེ་མཆེད་གསུངས་པ་དང༌། གོང་གི་གཟུགས་ཕུང་ཟློས་པར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། དབྱེ་སྒོ་ཐ་དད་པའི་ཕྱིར་དང་སྔ་མ་ཡུལ་དུ་གནས་པའི་ཆ་ནས་འཇོག་ཅིང༌།འདིར་རླུང་གི་དེ་རྣམས་གསལ་བར་བྱེད་པའི་སྒོ་ནས་འཇོག་གོ །དེ་ལྟ་ན། ཕུང་ཁམས་དེ་དག་གི་བཞོན་པར་གྱུར་པའི་རླུང་སེམས་རྣམས་དངོས་སུ་ལྷར་གྱུར་ནས། རྣལ་འབྱོར་བའི་ལུས་ཀྱི་བྱ་བ་བྱེད་ནུས་པ། སྒྱུ་ལུས་ཀྱི་སྐུ་ལྟ་བུའི་སྟོབས་དང་ནུས་པར་ལྡན་པ་སྐབས་འདིར་མ་ཐོབ་ཀྱང༌། དེ་ལྟར་བུའི་རྒྱུ་ལུས་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་སྐབས་འདིར་གྲུབ་པ་ཡིན་ཞིང༌། དེ་ཡང་ཕུང་ཁམས་དེ་དང་དེའི་དངས་མ་རླུང་སེམས་ཀྱི་ཆ་ཤས་ལས། འཇའ་ཚོན་བཞིན་དུ་སྣང་ཆར་ཤར་བ་ཙམ་ནི་ཡིན་ཏེ། སྐབས་འདི་ཉིད་དུ་གཏོགས་པའི་བདེ་བ་ཆེན་པོའི་རྒྱུ་རྐྱེན་དངོས་བྱས། ཕུང་ཁམས་དེ་དང་དེའི་རང་བཞིན་ལྷ་སྐུར་འཆར་འདོད་ཀྱི་སེམས་དང་ལྷག་པར་མོས་པས་ལྷན་ཅིག་བྱེད་རྐྱེན་བྱས་ནས་བདེ་བ་དེ། ཕུང་ཁམས་དེ་དང་དེའི་དངས་མའི་ཆ་ཤས་དང་འདྲེས་པ་ལས་ཡིད་ངོར་ཤར་བ་ཡིན་པས། དེ་རྣམས་ཀྱི་དག་པ་ལ་སྦྱོར་ཚུལ། བསྐྱེད་རིམ་མོས་པ་ལམ་བྱེད་ཁོ་ནའི་སྐབས་དང་མི་འདྲ་སྟེ། དངོས་སུ་དག་པར་བྱེད་པའི་རིགས་སུ་གཏོགས་པ་དང༌།


TNT05_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་བསྐྱེད་ཐུབ་པའི་ཆ་ཤས་ཙམ་ཡིན་ནོ། །སྤྱོད་བསྡུས་ལས། རྡོ་རྗེ་གསུམ་གྱི་བདག་ཉིད་ནི། །རྡོ་རྗེ་འཆང་ཆེན་པོ་ལྷག་པར་མོས་པར་བྱ་བ་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཞེས་བྱ་བར་བཤད་དོ། །ཞེས་གསང་ཆེན་རིགས་གཅིག་གི་སྐབས་སུ་བཤད་པ་ནི། ལུས་དབེན་གཞན་ལའང་རིགས་འགྲེ་བས། བྱིན་རླབས་ཀྱི་རྣལ་འབྱོར་བསྐྱེད་རིམ་དཀྲོང་བསྐྱེད་ཡིན་པར་འདོད་པ་ནི་ཤིན་ཏུ་མ་བརྟགས་པའོ། །བསྐྱེད་རིམ་དཀྲོང་བསྐྱེད་འགའ་ཞིག་དེ་འདྲ་རྗེས་མཐུན་པའམ་ལམ་དུ་བྱེད་པ་ཡིན་པས་སོ་སྙམ་ན། དེ་ལྟར་ན་དེ་འདྲ་སྒྱུ་ལུས་དང་ཟུང་འཇུག་ཀྱང་ལམ་དུ་བྱེད་པ་ཡིན་པས། རྫོགས་པའི་རྣལ་འབྱོར་ཀྱང་བསྐྱེད་རིམ་ཐལ་བར་འགྱུར་བ་མ་ཡིན་ནམ། ཞེས་བསམ་པར་བྱའོ།། །།གསུམ་པ་གཞུང་འདི་ཉིད་ཀྱི་ཚིག་དོན་དང་འབྲེལ་བ་རྣམས་རྒྱས་པར་བཤད་པ་ལ། གཞུང་རིམ་པ་ལྔ་རིམ་ཅན་དུ་ཡོད་པ་ལས། དང་པོ་རྡོ་རྗེའི་བཟླས་པའི་རིམ་པ་དངོས་བཤད་དེ། འདི་ལ་ཡང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སོ། །དང་པོ་ལ་རྩ་བའི་རྒྱུད་ལས་གསུངས་ཚུལ། ལྷ་མོ་བཞིས་ཞུས་ལས་གསུངས་ཚུལ། རྒྱུད་ཕྱི་མ་ལས་གསུངས་ཚུལ་ཏེ་གསུམ་ལས། དང་པོ་ནི། དེ་ལ་དང་པོ་ཁོ་ན་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། འགྲོ་དང་མི་འགྲོ་ཡུངས་དཀར་ལ། །གསང་བའི་སྔགས་ཀྱིས་བརྟགས་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་པ།།ཡུངས་ཀར་གྱི་ནི་འབྲུ་ཚོད་ ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་


TNT05_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །ཞེས་བྱ་སྟེ། འདི་ནི་དགོངས་པས་བཤད་པའོ། །ཞེས་སོ། །འདིས་སྲོག་རྩོལ་གྱི་ཡན་ལག་མཐའ་དག་བསྟན་པ་ཡིན་མོད་ཀྱི། རླུང་གི་དེ་ཁོ་ན་ཉིད་སྒོས་སུ་ཡང་ཅུང་ཟད་གསལ་བ་དང༌། འོག་ཏུ་རྒྱས་བཤད་ཀྱི་དང་པོར་ཡང་རླུང་གི་དེ་ཁོ་ན་ཉིད་འབྱུང་བ་དེ། གཞུང་འདི་དག་དང་བར་མ་ཆད་པར་བསྒྲིགས་པའི་ཕྱིར། རླུང་གི་དེ་ཁོ་ན་ཉིད་ལ་བཤད་པར་དམ་བཅའ་བ་མཛད་པ་ཡིན་ནོ། །དེ་ལ་སྣའི་རྩེ་མོ་ནི། སྟེང་སྒོ་ཀུན་རྫོབ་ཀྱི་སྣ་རྩེ་ཞེས་བྱ་བ་གདོང་གི་སྣ་རྩེ་དངོས་དང༌། གསང་བའི་སྣ་རྩེ་ཞེས་བྱ་བ། རྡོ་རྗེ་དང་པདྨའི་དབུས་ན་གནས་པ་དབུ་མའི་ཡལ་ག་མས་སྣའི་རྩེ་མོ་དང༌། སྙིང་གའི་སྣ་རྩེ་ཞེས་བྱ་བ། གཙོ་བོར་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་རྩ་མདུད་ཀྱི་ནང་ཡིན་ལ། ཞོར་བྱུང་དུ་བསྟན་པ་རིགས་མཐུན་པ་ཉིད་ཀྱི་ཕྱིར། སྤྱི་མགྲིན་ལྟེ་བ་ལ་སོགས་པའི་འཁོར་ལོའི་དབུས་རྣམས་ཀྱང་སྙིང་གའི་བརྡས་བསྟན་པ་ཡིན་ནོ། །ཡུངས་ཀར་ཞེས་བྱ་བ་ནི་རླུང་གི་བརྡ་སྟེ། དེ་ཡང་གདོང་དང་སྙིང་ག་དང་གསང་བའི་སྣ་རྩེ་གསུམ་དུ་ལྡང་འཇུག་གནས་གསུམ་གྱི་མཚན་ཉིད་ཅན་རླུང་གི་ཐིག་ལེ་བསམ་དགོས་ལ། འགྲོ་བ་བཅུད་དང་མི་འགྲོ་བ་སྣོད་ཀྱི་སེམས་ཅན་ཐམས་ཅད་དུ་སྣང་བ་འབྱུང་བའི་གཞི་རླུང་གི་ཐིག་ལེ་ལ་གསང་བའི་ཡེ་ཤེས་སམ་སྔགས་འབྲུ་གསུམ་གྱི་བརྡར་འབྲེལ་ཞིང་བཏགས་པའི་དེ་ཁོ་ན་ཉིད་གསུམ་པོ་དེ་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། བདེ་བ་ཆེན་པོའི་ཡེ་ཤེས་མཆོག་གི་གནས་ཐོབ་པའི་ཕྱིར་དུ་བསྒོམ་པའོ། །ཡེ་ཤེས་གནས་ནི་ཉམས་དགའ་ཞེས་འདོན་པ་ལྟར་ནའང་དེ་བཞིན་ནོ། །རྩ་རྒྱུད་ཀྱི་ཚིག་འདི་ལ་སྒྲོན་གསལ་ལས་ནི་དྲང་ངེས་གཉིས་ཀྱི་བཤད་པ་བྱས་སོ། །དེ་བཞིན་དུ་


TNT05_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གསུམ་པ་ལས་གསུངས་པ། རླུང་གི་རིན་པོ་ཆེའི་འབྱུང་བ་ལྔའི་རང་བཞིན་གྱི་རིགས་དང་ཁ་དོག་ལྔ་ཚོགས་པ། ཡུངས་ཀར་གྱི་འབྲུ་ཚོད་ལྟར་ཕྲ་བ། སྣའི་རྩེ་མོ་རྣམ་པ་གསུམ་གྱི་ནང་དུ་དུས་རྟག་པར་ནན་ཏན་དང་ལྡན་པའི་ཚུལ་དུ་རླུང་སྔགས་གཉིས་སུ་མེད་པའི་རྣལ་འབྱོར་རེག་ཅིང་རྟོགས་པས་རྟག་ཏུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །དགོངས་པས་བཤད་པའོ། །ཞེས་པ་ནི། དགོངས་པ་དགོངས་མིན་གཉིས་ལས་འདི་དགོངས་བཤད་ཡིན་ཏེ། ཡུངས་ཀར་རླུང་དང་སྣ་རྩེ་ཡང་སྣ་རྩེ་གསུམ་དུ་དགོངས་པས་ན་ཚིག་འབྲུ་ཇི་ལྟ་བ་མ་ཡིན་པས་སོ། །སྤྱོད་བསྡུས་ལས། རྒྱུད་ཚིག་འདི་ལ་དྲང་ངེས་གཉིས་ཀྱི་བཤད་པ་མཛད་ཅིང༌། སྒྲོན་གསལ་དུ་ཚུལ་བཞི་སོགས་རྣམ་གྲངས་དུ་མས་བཤད་ལ། འདིར་གཞི་རླུང་གི་དེ་ཉིད་དང༌། ལམ་རྡོར་བཟླས་ཁོ་ནའི་ཚུལ་གྱིས་འཆད་པའི་ཕྱིར། འདི་འདྲའི་རིགས་ཀྱི་འབྲུ་གནོན་རྣམས་འགྲེལ་པ་དེ་ཁོ་ན་དང་བསྟུན་པའི་བཤད་པ་བྱེད་མི་དགོས་སོ། །གཉིས་པ་ནི། རྡོ་རྗེའི་ཚིག་འདིའི་བཤད་པ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ་བཤད་པའི་རྒྱུད་ལས། སྙིང་པོ་ལས་ནི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་གསང་བ་ནི། །གང་དེ་ཐམས་ཅད་བདག་ཉིད་གནས། །དེ་ནི་ལྷ་མོ་བཤད་པར་བྱ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། ཞེས་གསུངས་པ་དང༌། ཞེས་པ་སྟེ། རྡོ་རྗེའི་ཚིག་ཅེས་པ་ནི། རྟོགས་དཀའ་བའི་ཕྱིར་རྩ་བའི་རྒྱུད་ཀྱི་ཚིག་གོ །སྔ་མ་དེ་ཚིག་འདིས་ཇི་ལྟར་གསལ་བར་བྱེད་སྙམ་ན། ཁ་དོག་ལྔ་ཡེ་ཤེས་ལྔར་བསྟན་པ་དང༌། གསང་བའི་ཡེ་ཤེས་


TNT05_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྟགས་པ་དང༌། རིན་པོ་ཆེའི་དོན་མི་གསལ་གསལ་བའི་བདག་ཉིད་ཅན་གྱི་ལྷར་བཤད་པས་ངོས་འཛིན་གསལ་དུ་སོང་བས་ཡིན་ནོ། །དེ་ཡང་ཟབ་མོའི་དོན་ཐམས་ཅད་ཀྱི་སྦས་པའི་དོན་གྱི་སྙིང་པོ་ལས་ཀྱང་སྙིང་པོར་སྦས་ཤིང༌། ཤིན་ཏུ་ཟབ་པའི་མཆོག།འཇིག་རྟེན་དུ་ཆེ་བར་གྲགས་པ་གཞན་སུས་ཀྱང་མ་ཤེས་ཤིང༌། སངས་རྒྱས་ཁོ་ནས་མཁྱེན་པས་སངས་རྒྱས་ཀུན་གྱི་གསང་བར་འགྱུར་པ། རླུང་ནི་རང་བཞིན་གང་དེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཁྱབ་པའི་ཚུལ་དུ་གནས་པ་དེ་ནི་བཤད་པར་བྱའོ། །ལྷ་མོ་ཞེས་པ་ནི། སངས་རྒྱས་སྤྱན་མ་ལ་བོད་པའོ། །ཆོས་ཉིད་ཀྱི་རླུང་ནི་འབྱུང་བ་ལྔའི་དངས་མ་དོན་དམ་པ་གདོད་མའི་ཡེ་ཤེས་ལྔར་ངོ་བོར་ཡེ་ནས་གནས་པ་ཡིན་ལ། དེ་དང་ལྷན་ཅིག་སྤྱོད་པ་ཀུན་རྫོབ་འོད་གསལ་གྱི་རླུང་ཡང་ཁམས་ལྔའི་དངས་མ་རྣམ་ཤེས་ཀྱི་བསྡུས་པ་ཡིན་པའི་ཕྱིར། ལམ་དུ་བྱས་ན་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་ལྔར་གནས་འགྱུར་ཞིང༌། གཞི་དུས་ནས་ཀྱང་ཤིན་ཏུ་གསལ་ཞིང་རིག་པ་སྣ་ཚོགས་པ་འཆར་བའི་གཞི་ཡིན་པ་དང༌། ཕྲ་ཞིང་འདྲེས་ལ་རྟོགས་པར་དཀའ་བ་དང༌། རགས་པའི་ཁམས་ལྔ་ལ་སྲོག་གི་ཚུལ་དུ་ཞུགས་པས་ན། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་ཡེ་ཤེས་ལྔའི་མིང་གིས་བཏགས་སོ། །དེ་ལྟ་བུའི་ཡེ་ཤེས་ལྔའི་དངོས་པོ་སྟེ་ངོ་བོ་རླུང་དེ་ཉིད་རྣལ་འབྱོར་པས་ཅུང་ཟད་ལམ་དུ་བྱས་པའི་ཚེ། ཀུན་རྫོབ་རགས་པའི་སྣང་བ་འདི་རྣམས་རེ་ཤིག་རྩ་བ་ནས་མ་འགགས་ཀྱང་རགས་པའི་སྣང་བ་འདི་ཅུང་ཟད་མི་གསལ་བར་འགྱུར་ཞིང༌། སྔར་འདིར་རགས་པའི་གསེབ་ཏུ་བག་ལ་ཞ་བ་དེ། དེ་སྐབས་གསལ་བར་གྱུར་


TNT05_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལོགས་སུ་གོང་བུར་འགྲིལ་བ་ལྟར་སྣང་བ་དང༌། ཕྲ་བའི་བརྡ་ཉིད་ཀྱི་ཕྱིར། ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ་ཞེས་བྱའོ། །ཀུན་རྫོབ་འོད་གསལ་གྱི་རླུང་དེའི་དབུས་ན་གནས་པའི་ཆོས་ཉིད་དངས་མའི་ཡེ་ཤེས་ལྔ་ནི། དོན་དམ་པའི་ལྷ་སྟེ། མི་གསལ་བ་སྣོད་ཀྱི་འཇིག་རྟེན་དང་གསལ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་ཀྱི་བདག་ཉིད་ཅན་ནོ། །དེ་ཡང་ཕུང་ཁམས་གཞན་རྣམས་ཀྱི་ཁོག་ཏུ་རགས་པའི་རླུང་ལྔ་གནས་ཤིང༌། དེའི་དབུས་ན་ཕྲ་བ་འོད་གསལ་གྱི་རླུང་ལྔ་གནས་པ་དང༌། དེའི་དབུས་ན་ཤིན་ཏུ་ཕྲ་བ་ཆོས་ཉིད་ཡེ་ཤེས་ལྔ་གནས་སོ། །དབུས་ན་གནས་པའི་གོ་དོན་གནས་ལུགས་སུ་ཡོད་པའི་དོན་ཡིན་གྱི། ཕྱོགས་ཀྱི་ཆས་བསྡུས་པའི་དཀྱིལ་ནི་མ་ཡིན་མོད། འོན་ཀྱང་ཀུན་རྫོབ་ཐ་སྙད་ཀྱི་ཚུལ་དང༌། གནད་དུ་བསྣུན་པའི་གཞི་དང༌། རྣལ་འབྱོར་ཅན་གྱི་སྣང་ངོ་དང་བསྟུན་ནས་རྩ་འཁོར་རྣམས་ཀྱི་ལྟེ་བ་དང༌། ཁྱད་པར་དུ་སྙིང་གའི་རྩ་མདུད་ཀྱི་དབུས་སུ་ཐིག་ལེ་དཀར་དམར་ཁ་སྦྱོར་གྱི་དབུས་སུ་འོད་གསལ་གྱི་རླུང་གནས་སོ་ཞེས་པའི་རྣམ་གཞག་ཙམ་ནི་བྱེད་དོ། །གསུམ་པ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་དོན་འདི་ཉིད་གསལ་བར་གསུངས་ཏེ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། འབྱུང་བ་ལྔ་ཡིས་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །ས་ཡི་རྩེ་མོར་རབ་ཏུ་བརྟག།རིན་ཆེན་ཁ་དོན་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གནས་པར་བཞག །ཅེས་གསུངས་པ་དང༌། ཞེས་པའོ། །དོན་འདི་ཉིད་ཅེས་པ་གོང་གི་རྩ་


TNT05_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་ཚིག་ལ་སྙེག་པ་ཡིན་གྱི། དེ་མ་ཐག་པའི་ལྷ་མོ་བཞེས་ཞུས་ཀྱི་ཚིག་ལ་སྙེག་པ་མ་ཡིན་ནོ། །དེ་ཡང་འཕགས་སྐོར་གྱི་ལུགས་འདི་ལྟར་ན། སྲོག་གི་རྩོལ་བ་ཞེས་བྱར་བཤད། ཅེས་བཅོས་ཏེ། གོང་དུ་སྨོས་པ་ལྟར། ཡེ་ཤེས་ཏེ་གསལ་ཞིང་དངས་པ་ཁམས་ལྔའི་དངས་མ་ལྔ་པོའི་རང་བཞིན་གྱི་དབུགས་དེ། ཁམས་འབྱུང་བ་ལྔ་རགས་པའི་རླུང་ཐིག་ལེར་བཅས་པ་དང་ལྷན་ཅིག་ཞུ་སྟེ། གཅིག་ཏུ་འདུས་པའི་ངོ་བོ་ཉིད་གོང་བུ་སྟེ། གོང་བུར་འགྲིལ་པའི་ཚུལ་གྱིས་བདེ་བའི་རེག་བྱའམ། ཡིག་འབྲུ་ཐིག་ལེ་ཕྱག་མཚན་ལ་སོགས་པ་གོང་བུ་ཁ་དོག་དབྱིབས་ཀྱི་རྣམ་པར་ཡང་རུང་སྟེ། གཟུགས་ཞེས་པའི་དོན་ནི་རྣམ་པའི་དོན་ཏེ་ཐིག་ལེའི་རེག་བྱའམ་གཟུགས་ཀྱི་རྣམ་པས། རྡོ་རྗེའི་ལམ་ནས་ཕྱུང་ནས་པདྨའི་སྣ་རྩེར་རབ་ཏུ་བརྟག་ཅིག་བསྒོམས་པར་བྱའོ། །དེ་ཡང་ནོར་བུར་མྱོང་བ་ལྷན་སྐྱེས་ཀྱི་བདེ་བ་ཉིད་ལ་དམིགས་པས། རླུང་རྣམས་གནས་དེར་ཐིམ་པར་བྱེད་པ་དང༌། ནོར་བུའི་དབུས་ཉིད་དམ། ཐབས་ཤེས་ཀྱི་རྩ་ཕྲད་མཚམས་སུ་ཐིག་ལེའི་གཟུགས་སུ་བསྒོམས་པས། རླུང་ཐིམ་པར་བྱེད་པ་དང༌། ཤེས་རབ་མའི་པདྨའི་སྣ་རྩེར་བསྒོམས་པས་དེ་བཞིན་བྱེད་པ་སྟེ། དེས་མཚོན་ནས་གསང་བའི་འཁོར་ལོ་དང་སྐེད་པ་སོགས་ཀྱང་ཞོར་ལ་འཕངས་པས། འདིས་ནི་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་བསྟན་ནོ། །ཡང་རིན་ཆེན་རླུང་འབྱུང་བ་ལྔའི་རང་བཞིན་ཁ་དོག་སྣ་ལྔ་པ་དེ་དབུ་མའི་ཡས་སྣ་དང་སྨིན་མཚམས་ཀྱི་འཁོར་ལོ་དག་པར་བྱེད་པའི་ཕྱིར། སྟེང་ཀུན་རྫོབ་ཀྱི་སྣ་སྒོར་རྒྱུ་བ་ན། རྡོ་རྗེའི་བཟླས་པའི་རྣལ་འབྱོར་ཉིད་ཀྱིས་སྲོག་གི་རྒྱུ་བ་རིང་དུ་རྩོལ་བ་སྟེ།


TNT05_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་རྒྱུ་བས་གནས་པར་འགྱུར་རོ། །ཞེས་བྱ་བར་བཤད་དོ། །འདིར་སྲོག་རྩོལ་གྱི་གོ་བ་སྲོག་ནི་རླུང་རྩོལ་བ་ནི་རིང་པོར་བྱེད་པ་སྟེ་དབུ་མར་ཡུན་རིང་དུ་གནས་པའི་དོན་ནོ། །འདིས་ནི་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་བསྟན་ནོ། །དེ་ལྟར་རྡོ་རྗེའི་བཟླས་པ་འབྱུང་གནས་འཇུག་གསུམ་དུ་བཟླ་བ་དེ་ནི། རང་སྔགས་སོ་ཞེས་སྦྱར་ནས། རང་སྔགས་ཞེས་པ་ཚིག་གོང་ལ་མ་སྦྱོར་བར་བཤད་པའི་ལུགས་བཞིན་སྦྱར་ཀྱང་རུང་ངོ༌། །སྙིང་ག་ཆོས་འཁོར་གཙོ་བོར་གྱུར་པའི་རྩ་འཁོར་ལོ་རྣམས་ཀྱི་སྙིང་ག་སྟེ་དབུས་སུ་ཡིག་འབྲུ་ཐིག་ལེ་ལ་སོགས་པའི་དམིགས་པའི་ཁྱད་པར་རམ། བདེ་བ་ཙམ་མམ། ཆེས་མཆོག་ཏུ་གྱུར་པ། ཡེ་ཤེས་ཀྱི་སྣང་བརྙན་སོགས་ལ་བསམ་ཞིང་བསྒོམས་པས། སྲོག་རླུང་རྣམས་ནི། མི་ཤིགས་པའི་ཐིག་ལེར་ཐིམ་ཞིང་གནས་པར་གྱུར་པ་ལ་མཉམ་པར་འཇོག་ཅེས་པ་སྟེ། འདིས་ནི་སྙིང་གའི་སྣ་རྩེ་སྔགས་ཀྱི་ཐིག་ལེ་སྒོམ་པ་བསྟན་ཞིང༌། སེམས་རྣམ་པར་དབེན་པ་ལ་སྦྱོར་བའི་མན་ངག་ནི་འདི་ཡིན་པས། ངག་དབེན་གྱི་རིམ་པ་མཐར་ཕྱིན་པ་རྣམས་ཀྱིས་བསྒོམ་བྱའོ། །འདིས་ནི་རྩ་རྒྱུད་ཀྱི་ཚིག་ལས། སྣ་རྩེར་ཡུངས་དཀར་དང་རིན་པོ་ཆེ་སྒོམས་ཞེས་གསུངས་པའི་སྣ་རྩེ་གང་དུ་རིན་པོ་ཆེའམ་ཡུངས་ཀར་ཅི་ལྟ་བུ་ཞིག་ཚུལ་ཇི་ལྟར་སྒོམ་པའི་ཚུལ་གསལ་བར་བྱས་སོ། །རྡོ་རྗེ་འཕྲེང་བ་ལས། སྣ་རྩེ་གསུམ་གྱི་མཚན་ཉིད་ནི། གསང་བ་སྙིང་ག་གདོང་སྣའི་མིང༌། ཞེས་སྣ་རྩེ་གསུམ་དང༌། རླུང་དང་རྫས་དང་སྔགས་རྣམས་ཀྱི། ཐིག་ལེ་གསུམ་ནི་བླ་མེད་པའོ། །ཞེས་ཐིག་ལེའི་རྣལ་འབྱོར་གསུམ་པོ་གསལ་བར་བསྟན་ཏེ།


TNT05_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་དོན་རྒྱས་བཤད་མང་པོ་ཡོད་པ་རྒྱུད་དེ་ཉིད་དུ་བལྟའོ། །གཉིས་པ་རྒྱས་བཤད་ལ། རླུང་གི་དེ་ཁོ་ན་ཉིད་རྒྱས་པར་བཤད་པ་དང༌། སྔགས་དང་བཟླས་པའི་དེ་ཁོ་ན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རླུང་རྣམས་ཀྱི་ཀུན་རྫོབ་ཀྱི་གནས་ཐབས་གང་ཡིན་པ་དང༌། དོན་དམ་ཆོས་ཉིད་ཀྱི་འཇུག་པ་ཅི་ཡིན་པ་དེ་ལ། རླུང་གི་གནས་ཚུལ་ལམ་དེ་ཁོ་ན་ཉིད་ཅེས་བྱ་སྟེ། དེ་འདྲ་དེ་རྣལ་འབྱོར་བས་གོ་ཞིང་རྟོགས་ལ་དམིགས་པའི་ཡུལ་དུ་བྱེད་དགོས་པའི་དོན་ནོ། །དེ་ལ་སྤྱི་དོན་ཅུང་ཟད་བརྗོད་ན། སྤྱིར་གང་ལ་གནད་དུ་བསྣུན་པའི་གཞི་ནི། གནས་པ་རྩ། གཡོ་བ་རླུང༌།བཀོད་པ་བྱང་ཆུབ་ཀྱི་སེམས་དང༌།སེམས་ཉིད་འོད་གསལ་ཏེ་བཞི་པོ་དེ་ཡིན་པ་ལས། རྩ་དང་ཐིག་ལེའི་རྣམ་གཞག་འཕགས་སྐོར་གྱི་གཞུང་རྣམས་ལས་རྒྱས་པར་མི་འབྱུང་བས། རེ་ཞིག་འདིར་ཡང་རྒྱས་པར་མི་འཆད་དེ། ཤེས་པར་འདོད་ན་བཤད་རྒྱུད་རྡོ་རྗེ་འཕྲེང་བའམ། མ་རྒྱུད་ཀྱི་རྒྱུད་གཞུང་རྣམས་ལས་རྟོགས་པར་བྱ་སྟེ། རགས་རིམ་རྣམས་བདག་གིས་ཀྱང་གཞན་དུ་གསལ་བར་བཤད་ཟིན་ནོ། །དེ་ཡང་རྩ་བདུན་ཁྲི་ཉིས་སྟོང་ནི་རག་པ་འཁོར་ལོ་བཞི་དང༌། སྨིན་མཚམས་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང༌། མགྲིན་འོག་མེའི་འཁོར་ལོ་རྩིབས་གསུམ་པ་སྟེ་མེ་རླུང་གི་འཁོར་ལོ་གཉིས་བསྣན་པའི་རྩ་འཁོར་ལོ་དྲུག་པ་ནི་འབྲིང་པོ་ཡིན་ལ། རོ་རྐྱང་དབུ་མ་གསུམ་ནི་ཕྲ་བ་དང༌། དབུ་མའི་འཁོར་ལོའི་ལྟེ་བ་རྣམས་ནི་ཤིན་ཏུ་ཕྲ་བའོ། རླུང་ཡང་སྣ་སྒོར་རྒྱུ་བ་དང༌། སྒུལ་སྐྱོད་བྱེད་པ་སོགས་རགས་པ། ལུས་ནང་དུ་མི་གཡོ་ཞིང་འཁོར་བའི་རང་


TNT05_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འབྱུང་བ་ལྔའི་རླུང་དང༌། རྣམ་འགྱུར་རླུང་བཅུ་རྣམས་དང༌། རྣམ་རྟོག་སྣ་ཚོགས་སྐྱེད་པར་བྱེད་པ་དེ་རྣམས་འབྲིང་པོ་ཡིན་ལ། སྣང་བཞིའི་བཞོན་པར་གྱུར་པའི་རླུང་ཕྲ་བ་དང༌། ཁྱད་པར་འོད་གསལ་གྱི་བཞོན་པ་ནི་ཤིན་ཏུ་ཕྲ་བའོ། ཤ་ཁྲག་རུས་པ་ནང་ཁྲོལ་ལ་སོགས་པ་ཁམས་བཅུ་དྲུག་གམ་ཉེར་བཞི་ལ་སོགས་པ་ནི་རགས་པ་ཡིན་ལ། དེ་རྣམས་ཀྱི་རྒྱུ་དཀར་དམར་གཉིས་ནི་འབྲིང་པོ་ཡིན་ཞིང་དབུ་མའི་ནང་ན་གནས་པའི་དཀར་དམར་ནི་ཕྲ་བ་དང༌། དེ་རྣམས་ཀྱི་སྟེང་ན་གནས་པ་ཀ་ཡིན་ཀྱང་རེག་ཐོགས་མེད་ཅིང༌། བཀྲག་དང་མདངས་དང་འོད་ཀྱི་ཚུལ་དུ་གནས་པ་ནི་ཤིན་ཏུ་ཕྲ་བའོ། །ལས་བྱ་བྱེད་དང་འབྲེལ་བའི་དགེ་སྡིག་ལུང་མ་བསྟན་རྣམ་རྟོག་སྣ་ཚོགས་པ་འདི་ནི་སེམས་རགས་པ་ཡིན་ལ། ཡུལ་སྣང་སྣ་ཚོགས་པ་འཆར་བའི་ཤེས་པ་ནི་འབྲིང་བ་ཡིན་ཞིང༌། ནང་གི་བདེ་གསལ་ཉམས་སྣ་ཚོགས་པ་འཆར་བ་ནི་ཕྲ་བ་ཡིན་པ་དང༌། རིག་སྟོང་གི་སེམས་ཉིད་ནམ་ཡང་འགྱུར་བ་མེད་པ་ནི་ཤིན་ཏུ་ཕྲ་བའོ། །ཐ་མ་འདི་མ་གཏོགས་གཞན་རྣམས་དེ་དག་ཀུན་རྫོབ་བདེན་པ་ཁོ་ནའི་དབང་དུ་བྱས་ལ། དོན་དམ་པའི་འོད་གསལ་ནི། ཕྱི་མ་འདིའི་ནང་ཚན་དུ་ཡོད་དེ། རྣམ་པ་ཐམས་ཅད་པ། སྤྲོས་པ་དང་བྲལ་བ། འགྱུར་བ་མེད་ཅིང་རང་རིག་པའི་བདེ་བ་ཆེན་པོའོ། །དེ་ལྟར་ཕྲ་རགས་སྤྱི་ལྡོག་ནས་གོ་བར་བྱས་ནས། ད་ནི་རླུང་གི་རྣམ་གཞག་ཅུང་ཟད་བརྗོད་པར་བྱའོ། །དེ་ལྟར་ཡང་རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་བས་ནི་རླུང་བསྒོམས་ན། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ཞེས་རླུང་ལ་ལེགས་པར་གནད་དུ་


TNT05_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པའི་ཕན་ཡོན་དང༌། སྡོམ་འབྱུང་ལས། རླུང་གི་སྦྱོར་བ་མི་ཤེས་དང༌། གང་ཞིག་ཤེས་ཀྱང་མི་སྒོམ་པ། །དེ་ནི་སྡུག་བསྔལ་ཐམས་ཅད་ཀྱིས། །ཉེར་འཚོ་འཁོར་བའི་སྲིན་བུར་འགྱུར། ཞེས་རླུང་གི་རྣལ་འབྱོར་མི་ཤེས་པ་དང༌། ཤེས་ཀྱང་མ་སྒོམ་པའི་ཉེས་དམིགས་སོ། །དེ་ལྟར་ན་འདིར་རླུང་གི་དབྱེ་བ་དང༌། མིང་གི་རྣམ་གྲངས་དང༌། ཕྱེ་བ་སོ་སོའི་དོན་དང༌། ཇི་ལྟར་རྒྱུ་བའི་ཚུལ་དང༌། ཉམས་ལེན་གྱི་གནད་དང་འབྲེལ་བའི་ཚུལ་ཏེ་ལྔའོ། །དང་པོ་ནི་རླུང་རྣམས་ཀྱི་ཉེར་མཁོའི་དབྱེ་བ་ནི། རྩ་བའི་རླུང་ལྔ་དང༌། ཡན་ལག་གི་རླུང་ལྔ་སྟེ་བཅུའོ། །གཞན་ནི་རྡོ་རྗེ་འཕྲེང་བ་ལས། རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་རྟ་རྣམས་ངོས་བཟུང་བའི་ཕྱིར། རླུང་བརྒྱ་རྩ་བརྒྱད་དུ་གསུངས་པ་ཡང༌། རླུང་བཅུའི་ནང་ཚན་དུ་ནི་འདུས་མོད། སྤྱིར་རྩ་བའི་རླུང་ཁམས་ལྔའི་རང་བཞིན་དང༌། སྣང་བ་བཞིའི་བཞོན་པའི་རླུང་དངོས་རྣམས་ནི། རླུང་བཅུར་མི་འདུ་ལ། དེ་དག་ལ་སྲོག་གི་རླུང་དུ་བཤད་པ་ནི། རླུང་ཐམས་ཅད་ལ་སྲོག་གི་ཐ་སྙད་བཞག་པའི་སྐབས་ཀྱི་གཏམ་ཙམ་ཡིན་ནོ། །དེས་ན་རང་བཞིན་འབྱུང་བ་ལྔའི་རླུང་ནི། བཟོ་རྒྱུ་གསེར་དངུལ་ཟངས་ལྕགས་ལ་སོགས་པ་ཁམས་བརྒྱད་སྤུངས་པའི་ཕུང་པོ་དང་འདྲ། འོད་གསལ་གྱི་རླུང་ནི། བཟོའི་བཀོད་པ་བྱེད་པ་པོ་དང་འདྲ། སྣང་གསུམ་གྱི་རླུང་ནི་བཟོ་བོ་དང་འདྲ། རླུང་བཅུར་གྱུར་པ་ནི། བཟོ་པོ་དེ་རྣམས་ཀྱིས་བཟོ་རྒྱུ་ཁམས་བརྒྱད་པོ་དེ་དག་བསྲེས་ཤིང་སྤེལ་ནས། མི་གཟུགས་དང་གླང་པོ་ཆེའི་གཟུགས་དང༌། རྟའི་གཟུགས་སོགས་སྣ་ཚོགས་བཙཽས་པ་དང་འདྲའོ། །གཉིས་པ་ནི། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་དང༌།


TNT05_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རླུང་བཅུ་པོ་འདི་ལ། ཀོཊ་ཀྵ་ལ་སོགས་པའི་བརྡས་བསྟན་ཞིང༌། རྡོ་རྗེ་སྒོ་ཞེས་བྱ་བའི་རྒྱུད་ལས། སྲོག་འཛིན། ཐུར་སེལ། གྱེན་རྒྱུ། མཉམ་གནས་ཁྱབ་བྱེད་ཏེ་རྩ་བའི་རླུང་ལྔ་དང༌། རྒྱུ་བ་དང༌། རྣམ་པར་རྒྱུ་བ་དང༌། ཡང་དག་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང༌། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་གསུངས་པར་བཤད་ལ། དགོངས་པ་ལུང་སྟོན་དང༌། བཤད་རྒྱུད་རྡོ་རྗེ་འཕྲེང་པ་ལས།རྩ་བའི་རླུང་དེ་དང་འདྲ་བ་ལས། ཡན་ལག་གི་རླུང་ལྔ་ལ། ཀླུ་དང་རུས་སྦལ་རྩངས་པ་དང༌། ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། ཞེས་པ་ལྟར་བཤད་དོ། །གཞན་རྡོ་རྗེ་འཕྲེང་བ་ལས། ལས་རླུང་བརྒྱ་རྩ་བརྒྱད་ལ་མིང་ཡང་སོ་སོར་གསུངས་པ་སོགས་མང་དུ་ཡོད་ཀྱང་ཉེར་མཁོ་ཆུང་བས་རེ་ཞིག་བཞག་གོ །གསུམ་པ་ནི། སྲོག་འཛིན་ནི་སྙིང་ག་ཆོས་ཀྱི་འཁོར་ལོར་གནས། བྱེད་ལས་ཚེ་གནས་ཤིང་ཡིད་དགའ་བར་བྱེད། རྒྱུ་བའི་ལམ་སྟེང་གི་སྣ་བུག་གཉིས་ནས་རྒྱུ། རང་དབང་ཅན་གྱི་ཁ་དོག་ནི་དཀར་པོ། ཁམས་ནི་ཆུ་ཁམས་གཙོ་ཆེ་བའོ། །ཐུར་སེལ་ནི་གསང་གནས་བདེ་སྐྱོང་གི་འཁོར་ལོ་ལ་གནས། བྱེད་ལས་བཤང་གཅི་ཁུ་བ་འཕེན་སྡོམས་འཛིན་པའི་བྱ་བ་བྱེད། རྒྱུ་བའི་སྒོ་འོག་སྒོ་གཉིས་ཡིན་ཞིང༌། རླུང་འདི་གསང་བ་ནས་སྟེང་གི་སྣ་རྩེའི་བར་དུ་འགྲོ་བ་སོགས་བཤད་པ་ནི། ལུས་ནང་དུ་བྱ་བ་བྱེད་ཚུལ་ཙམ་ཡིན་ནོ། ཁ་དོག་སེར་པོ་དང་སའི་ཁམས་སོ། །མཉམ་གནས་ནི་ལྟ་བའི་མེ་དང་མཉམ་དུ་གནས་པ་ཞེས་གྲགས་ཏེ། ལྟེ་བ་སྤྲུལ་འཁོར་ན་གནས། བྱེད་ལས་ཟས་འཇུ་བ་དང་


TNT05_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དངས་སྙིགས་འབྱེད་པའི་བྱ་བ་བྱེད། རྒྱུ་ས་རྩའི་སྒོ་ཕྱོགས་ཀུན་ཏུ་རྒྱུ། ཁ་དོག་སྔོན་པོའམ་ནག་པོ་དང་རླུང་གི་ཁམས་སོ། །གྱེན་རྒྱུ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་གནས། བྱེད་ལས་སྨྲར་བ་དང༌། སྲོག་འཛིན་གྱི་རླུང་ཁ་སྣ་ནས་འདྲེན་པ་དང༌། ཟས་མིད་པ་དང༌། སྣ་བུག་ནས་ཁྲག་འཕེན་པ་སོགས་ཀྱི་བྱ་བ་བྱེད། ཁ་དོག་དམར་པོ་མེའི་ཁམས་སོ། ཁྱབ་བྱེད་ནི་སྤྱིར་ལུས་ཐམས་ཅད་དང༌། ཁྱད་པར་དུ་ཚིགས་སུམ་བརྒྱ་དྲུག་ཅུ་ལ་གནས། བྱེད་ལས་སྒུལ་བསྐྱོད། བརྐྱང་བསྐུམ་འགྲོ་འོང་སོགས་བྱེད། འཆི་བའི་ཚེ་སྟེང་འོག་གི་ལམ་གཉིས་ཀར་ནས་རྒྱུ། ཁ་དོག་ཤིན་ཏུ་དངས་བས་མི་གསལ་བ་དང་ནམ་མཁའི་ཁམས་སོ། ཁ་ཅིག་འདི་ཁ་དོག་སྔོན་པོ་དང་དཀར་པོར་ཡང་འདོད་དེ། དཀྱིལ་འཁོར་ལྔའི་སྐབས་སུ་ནམ་མཁའི་ཁམས་ཀྱི་རླུང་གི་ཁ་དོག་མི་འཆད་པ་ནི་ཤིན་ཏུ་དངས་པས། མི་གསལ་བའམ་ཐམས་ཅད་འདྲེས་པར་དགོངས་པར་སྣང་བ། དེ་དང་རིགས་འདྲ་བའི་ཕྱིར་ལྗང་ཁུར་རུང་ལ། དཀར་པོ་དང༌། སྔོན་པོར་བྱེད་པ་མི་ལེགས་སོ། །རླུང་དེ་དག་ཐམས་ཅད་འཁོར་གྱི་ཚུལ་གྱིས་སྣ་སྒོ་ནས་ཀྱང་རྒྱུ་ལ། དེ་བཞིན་དུ་བཤང་སྒོ་དང་རྟགས་ཀྱི་རྩེ་ལས་ཀྱང་ངོ༌། །རང་དབང་དུ་རྒྱུ་བ་ནི་ཁ་དང་སྣ་ལས་སྲོག་དང་འོག་སྒོ་གཉིས་ནས་ཐུར་སེལ་མ་གཏོགས། གཞན་རྣམས་ཕྱི་རོལ་ཏུ་མི་རྒྱུ་ལ། རླུང་བཅུ་ཀར་ཡང་ལུས་ཀྱི་ནང་དུ་ནི། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྒྱུ་བར་རིག་པར་བྱའོ། །རྡོ་རྗེ་འཕྲེང་བ་ལས་སྲོག་གི་རླུང་ནི་སྙིང་གར་གནས། མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །འདོམས་ན་གནས་པའི་ཐུར་སེལ་ནི། །


TNT05_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱེས། །སྟེང་དུ་རྒྱུ་བ་ལྐོག་མར་གནས། །འོད་དཔག་མེད་ཀྱི་རང་བཞིན་ནོ། །མཉམ་གནས་ལྟེ་བའི་པདྨར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ཏེ། ཁྱབ་བྱེད་ཡན་ལག་ཀུན་ལ་ གནས། །རྣམ་སྣང་མཛད་ཀྱི་ངོ་བོའོ། །ཞེས་པ་ནི་འབྱུང་བའི་ཁམས་དང་བསྟུན་ནས་རིགས་ལྔའི་དག་པ་མཛད་པ་ཡིན་པས་སྣ་སྒོ་ནས་རྒྱུ་བ་དཀྱིལ་འཁོར་ལྔའི་རྡོ་རྗེ་མགོན་པོ་སོགས་དང༌། འདི་དག་གཅིག་པར་རློམ་ན་ནི། ནོར་ཚབས་ཤིན་ཏུ་ཆེ་བ་ཡིན་ནོ། ཁ་དོག་སོ་སོར་སྨོས་པ་ནི། ལས་བྱེད་པའི་གཙོ་བོའི་དབང་དུ་བྱས་ཀྱི། གཞན་ཐམས་ཅད་ཀྱང་ཁ་དོག་ཐམས་ཅད་འདྲེས་པ་ཡིན་ལ། འབྱུང་བའི་ཁམས་ཀྱི་རིམ་པ་ཡང་དེ་དང་འདྲ་སྟེ། ཐམས་ཅད་ཀྱང་ཤིན་ཏུ་འདྲེས་པ་ཤ་སྟག་གོ །ཡན་ལག་གི་རླུང་རྣམས་རིམ་པ་བཞིན་དུ་དབང་པོ་ལྔ་ལ་གནས་པ་ཡིན་པར་ཡང་བཤད་ཅིང༌། ཡང་རྡོ་རྗེ་འཕྲེང་བ་ལས། ཟླ་བའི་ཆ་དང་སྣང་བ་ ལ། །བསྙེན་བཀུར་ལྐོག་ཞལ་མིན་པ་སྟེ། །རྩ་ནི་ལྔ་ཡི་མིང་ཅན་ནོ། །རྩ་ལྔ་ལ་ནི་གནས་པའི་རླུང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་གསུངས་པ་ལྟར། ཟླ་བའི་ཆ་ལ་སོགས་པ་རྩ་ལྔ་ལས་འབྱུང་ལ་རྩ་ལྔ་པོ་དེ་ནི། སྙིང་གའི་མཚམས་ཀྱི་རྩ་བཞི་དང༌། བདུད་འབྲལ་མ་ལས་སྐྱེས་པའི་རྩ་གཅིག་ཡོད་པ་རྩ་བདུད་བྲལ་དེ་ཉིད་དང༌། ལུས་དང་གྲིབ་མའི་ཚུལ་དུ་ཤར་བ་གཅིག་ཡོད་དེ། རྒྱུད་གཞན་ཡང་མཆོད་པའི་རྩ་ལྔ་འམ། འདོད་ཡོན་ལྔ་འབབ་པའི་རྩ་ཞེས་བཤད་པའི་དེའོ། །དེ་ལ་རྒྱུར་ཞེས་བྱ་བའི་རླུང་གིས། མིག་ཤེས་ཀྱི་བཞོན་པ་བྱས་ནས་རྒྱུ་


TNT05_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བས་མིག་གི་དབང་ཤེས་ལ་གཟུགས་ཀྱི་ཡུལ་སྣང་འཆར་བ་ལ་དབང་བྱེད་པ་ནས། ངེས་པར་རྒྱུ་བའི་རླུང་གིས་ལུས་ཀྱི་དབང་ཤེས་ཀྱི་བཞོན་པ་བྱས་ནས། ལུས་ཤེས་ལ་རེག་བྱའི་སྣང་བ་འཆར་བ་ལ་དབང་བྱེད་པའི་བར་དུ་བྱེད་ལ། དེ་ལྔ་ལ་ཁྱབ་བྱེད་དུ་ཡིད་ཀྱི་ཤེས་པའི་བཞོན་པའི་རླུང་ཡོད་དོ། །དེ་ཡན་ལག་གི་རླུང་གཞན་ལྔ་པོ་ལ་འདྲེས་པ་ཁོ་ན་ལས་རང་དབང་དུ་རྒྱུ་བ་མེད་པས། རྐང་གྲངས་ལོགས་སུ་མ་བསྟན་པ་ཡིན་ཏེ། དེ་ནི་ཡིད་ཀྱི་དབང་པོའི་མིང་ཅན་སྙིང་ལ་གནས་བཅས་ནས། ཡེ་ཤེས་ཀྱི་བཞོན་པ་བྱས་ཏེ། ཡིད་ལ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོགས་ཡུལ་རྣམ་པ་ལྔ་ཆར་གྱི་སྣང་བ་འཆར་བ་ལ་དབང་བྱེད་པའི་ཕྱིར་རོ། །སྙིང་ལ་ཁམས་ལྔ་ཅར་གྱི་དག་པ་མཛད་པའི་རྒྱུ་མཚན་ཡང་དེའོ། །རྡོ་རྗེ་འཕྲེང་བ་ལས། སྙིང་གའི་དབུས་ན་བདེ་བའི་དངོས། །སངས་རྒྱས་ཉི་མ་གསལ་བའི་འོད། །གཟུང་དང་འཛིན་པའི་གཟུགས་ཀྱིས་ཀྱང༌། །དེ་ནི་འོད་ཟེར་བཅུ་གཉིས་སོ། །འོད་འཕེལ་འོད་ཟེར་གཟི་བརྗིད་ལ། །མིག་ལ་སོགས་པ་ལ་བརྟན་ནས། །ཕྱི་རོལ་གཟུགས་སོགས་འཛིན་པའོ། །འོད་ཟེར་འོད་མ་སྣང་བ་མ། །གསལ་མཛེས་གསལ་འོད་ཉི་མ་གསལ། །ཕྱི་རོལ་གཟུགས་སོགས་སྣང་བའོ། །དྲུག་པོ་འདི་དག་འོད་དུ་འདོད། །ཅེས་པ་འདི་རྣམས་ཚོགས་དྲུག་ཡུལ་དྲུག་ལ་གཡོ་བའི་བྱ་བ་བྱེད་པ། འཛིན་པའི་རླུང་དྲུག་དང༌། ཚོགས་དྲུག་ལ་གཟུགས་སོགས་ཀྱི་སྣང་བ་ཚུར་འཆར་བར་བྱེད་པ་དྲུག་གཟུང་བའི་རླུང་དྲུག་ཅེས་བྱ་བ་དེ་དག་ཡིན་ཏེ། རླུང་འོད་ཟེར་བཅུ་གཉིས་པ་དང༌། གཟུང་འཛིན་གྱི་རླུང་བཅུ་གཉིས་ཞེས་ཟེར་ན། ཡན་ལག་གི་རླུང་ལྔ་


TNT05_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁྱབ་བྱེད་ཡིད་ཀྱི་རླུང་སྟེ་དྲུག་ལ་ནང་སེལ་གཉིས་གཉིས་སུ་ཕྱེའོ། །དེ་དག་གི་འབྱུང་བའི་ཁམས་དང་རིགས་ནི་ལྷའི་དག་པས་མཚོན་པའི་ཕྱིར་རྟོགས་སླ་ལ། ཁ་དོག་ཀྱང་དེ་དང་འདྲའོ། །རླུང་རྣམ་ཤེས་ཀྱི་རྟ་བྱེད་པའི་དོན་ནི། རྣམ་ཤེས་ཉིད་གཟུགས་ཅན་མ་ཡིན་པས། གཟུགས་ཅན་དངོས་སུ་འཛིན་པའི་ནུས་པ་མེད་པས་ན། རྣམ་ཤེས་དེ་རླུང་དང་འདྲེས་ནས་ཡུལ་ལ་འགྲོ་འོང་གི་བྱ་བ་ཐམས་ཅད་བྱེད་པའི་རྒྱུ་མཚན་གྱིས་སོ། །ཡང་རྣམ་གྲངས་ཀྱི་སྒོ་ནས་ཐ་སྙད་ཙམ་དུ་གཞི་དུས་ཀྱི་འཆི་བ་སོགས་བསྐྱེད་པའི་འོད་གསལ་གྱི་བཞོན་པའི་རླུང་དང༌། ལམ་དུས་ཀྱི་དཔེའི་འོད་གསལ་གྱི་བཞོན་པའི་རླུང་དང༌། དོན་གྱི་འོད་གསལ་རྟོགས་བྱེད་ཀྱི་རླུང་རྣམས་ངོ་བོ་མི་གཅིག་ཀྱང༌། དངོས་པོའི་རིགས་གཅིག་སྟེ། གོང་དུ་སྨོས་པ་ལྟར་སྙིང་གའི་ཐིག་ལེའི་དབུས་ན་གནས་པ་མི་ཤིགས་པའི་རླུང་ཞེས་ཟེར་རོ། །རྡོ་རྗེ་འཕྲེང་བ་ལས། སྙིང་གའི་པད་སྦུབས་ནམ་མཁའ་ལ། ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། ཞེས་དང༌། གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དུ། །དེར་ནི་རྟག་ཏུ་བཞུགས་པའི་ས། །སྲོག་གི་ཡེ་ཤེས་མིང་ཅན་ཏེ། །ཞེས་འབྱུང་ངོ༌། །གཞི་དུས་དང་ལམ་དུས་ཀྱི་སྣང་མཆེད་ཐོབ་གསུམ་གྱི་བཞོན་པའི་རླུང་ནི། སྔ་མ་ལས་རགས་པའི་ཚུལ་གྱིས་སྙིང་ག་ལ་སོགས་པ་རྩ་འཁོར་རྣམས་ཀྱི་རྩ་མདུད་ཀྱི་ནང་དུ་གནས་སོ། །རླུང་དེ་དག་ནི་རླུང་གཞན་ཐམས་ཅད་ཀྱི་བདག་པོ་ཡིན་ཡང༌། གཙོ་བོའམ་འཁོར་གྱི་ཚུལ་གང་གི་སྒོ་ནས་ཀྱང་རུང་སྟེ་ཕྱི་རོལ་དུ་ནི་འབྱུང་འཇུག་མི་བྱེད་དོ། །རགས་པ་རླུང་བཅུ་བོ་དེ་རྣམས་ལ་ཡང༌།


TNT05_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཉིད་ལ་བལྟོས་པའི་ཕྲ་རགས་གསུམ་ཡོད་དེ་རྣམ་རྟོག་གི་རྒྱུ་བྱེད་པ་ལས། རྩ་ཁམས་ལ་འདྲེས་ཤིག་མི་འགུལ་པར་གནས་པ་ནི་ཕྲ་བ་དང༌། གནས་སོ་སོར་གཡོ་བ་དང༌། འདར་བ་དང༌། འཁོར་བའི་ཚུལ་གྱིས་ནང་གི་ཁམས་འཕེལ་འགྲིབ་ཀྱི་རྒྱུ་བྱེད་པ་ནི་འབྲིང་པོ་དང༌། ཕྱི་རོལ་གྱི་སྒོར་རྒྱུ་ཞིང༌། ལུས་ངག་གི་བྱ་བ་མངོན་གྱུར་པ་རྣམས་དང༌། ནད་དང༌། རྒས་པ་སོགས་བསྐྱེད་པ་ནི། རགས་པ་ཡིན་ཞིང༌། རླུང་བཅུ་རླུང་ལྔར་བསྡུ་བའི་ཚེ། ཡན་ལག་གི་རླུང་ལྔ་སྲོག་འཛིན་ལས་གཙོ་བོར་བྱུང་བའི་ཕྱིར་དེའི་ཁོངས་སུ་བསྡུའོ། །བཞི་པ་ནི། རླུང་བཅུ་མངལ་དུ་འཆགས་པ་ཡིན་ཡང༌། འབྱུང་རྔུབ་མི་བྱེད་ལ། མངལ་ནས་བཙས་ཏེ་རྒྱུ་བའི་ཚུལ་ནི། ཉིན་ཞག་གཅིག་ལ་འབྱུང་འཇུག་གནས་གསུམ་ལ་དབུགས་གཅིག་ཏུ་བྱས་པའི་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་རྒྱུ་ལ། དེ་ལ་ཆ་བཅུ་གཉིས་སུ་བགོས་ན། ཐུན་བཅུ་གཉིས་དང༌། ཉི་ཤུ་རྩ་བཞིར་བགོས་ན་ཐུན་ཕྱེད་པ་ཉེར་བཞིའོ། །ཐུན་ཕྱེད་རེ་རེ་ལ་རླུང་དགུ་བརྒྱ་པ་རེ་རེ་འབྱུང་བ། འདི་ལ་སྣ་སྒོ་ནས་རྒྱུ་བའི་མགོན་པོ་བཞི་པའི་ངོས་འཛིན་གྱེན་རྒྱུ། མཉམ་གནས། སྲོག་ཐུར་སེལ་བཞི་པོ་དགུ་བརྒྱ་པ་རེ་རེ་རྒྱུ་བར་འདོད་པ་ནི། ཡང་དག་པའི་རྒྱུ་མཚན་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་སྣ་སྒོར་རྒྱུ་བའི་རླུང་དེ་དག་ནི། རེ་རེ་བཞིན་རྩ་བའི་རླུང་ལྔའམ་བཅུ་ཀར་འདྲེས་པ་ཡིན་ཡང༌། དབང་བསྒྱུར་པ་པོ་དང༌། ཁ་ལོ་བྱེད་པ་པོ་དང༌། ལས་བྱེད་པའི་བདག་པོ་ནི་སྲོག་འཛིན་ཡིན་ལ། ཁམས་ཀྱང་ལྔ་ཅར་རྟག་ཏུ་འདྲེས་པ་ཡིན་ཡང༌། བྱེད་པ་པོ་སྲོག་འཛིན་གྱིས་ལུས་སུ་བྱ་བ་མེ་


TNT05_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་སྤྱོད་པས་འགོ་བསྡུ་བྱས་པའི་ཆ་ནས་ནི་པདྨའི་མགོན་པོ་དང༌། རླུང་བཅུ་འབྱུང་བ་གཞན་གསུམ་ལ་སྤྱོད་པ་ཡང་མགོན་པོ་གཞན་གསུམ་མོ། །འཆི་བའི་ཚེ་མ་གཏོགས་མཁའ་ཁམས་ལ་གཙོ་བོར་སྤྱོད་པ་མེད་དོ་ཞེས་པ་ནི་གཞུང་འདི་དག་གི་དགོངས་པའོ། །དེ་ཡང་རྩ་རྒྱུད་ལས། འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། ཞེས་པ་དཀྱིལ་འཁོར་གཅིག་གཙོ་བོར་རྒྱུ་བ་ན་གཞན་རྣམས་ཞོར་བྱུང་དུ་རྒྱུའོ། །ཞེས་པའི་དོན་དུ་འགྲེལ་པས་བཤད་དོ། །དེ་དག་ཇི་ལྟར་རྒྱུ་བའི་ཚུལ་ནི། ཞག་གཅིག་གི་སྔ་དྲོའི་ཆ་དང་པོ་ལ། མེ་ཁམས་ཀྱིས་གཙོ་བྱས་གཞན་གསུམ་གྱིས་འཁོར་བྱས་ནས། སྣ་བུག་གཡས་ཁོ་ན་ནས་དགུ་བརྒྱ་རྒྱུ་སྟེ་པདྨའི་མགོན་པོའོ། །དེ་རྗེས་ཆུ་རླུང་གིས་གཙོ་བྱས། གཞན་གསུམ་གྱིས་འཁོར་བྱས་ནས། སྣ་བུག་གཡས་གཡོན་གཉིས་ཀ་ནས་དགུ་བརྒྱ་རྒྱུ་སྟེ། རྡོ་རྗེ་མགོན་པོའོ། །དེ་རྗེས་རླུང་ཁམས་ཀྱིས་གཙོ་བྱས། གཞན་གསུམ་གྱིས་འཁོར་བྱས་ནས། སྣ་བུག་གཡོན་ཁོ་ན་ནས་དགུ་བརྒྱ་རྒྱུ་སྟེ། ལས་ཀྱི་མགོན་པོའོ། །དེ་རྗེས་ས་ཁམས་ཀྱིས་གཙོ་བྱས། གཞན་གསུམ་གྱིས་འཁོར་བྱས་ནས།གཡས་གཡོན་གཉིས་ཀ་ནས་དགུ་བརྒྱ་རྒྱུ་སྟེ་རིན་ཆེན་མགོན་པོའོ། །དེ་ཡང་ཆུས་གཙོ་བྱས་པའི་མཉམ་རྒྱུ་ནི། འཇམ་ཞིང་དལ་ལ། སས་གཙོ་བྱས་ན་དྲག་ལ་རྩུབ་པའོ། །གཞི་དུས་སུ་འཆི་བའི་དུས་མ་གཏོགས་པ། དབུ་མས་དབང་བྱས་ཤིང་དབུ་མ་ནས་དངོས་སུ་སྣ་སྒོར་རྒྱུ་བ་མེད་ལ། ལམ་བསྒོམས་ན་ནི་ཡོད་དེ། དོན་ཕལ་ཆེར་ཞིག་མཉམ་རྒྱུ་ཤེད་མཚུངས་པ་ཁོ་ནར་འབྱུང་ངོ་སྐད། འོན་ཀྱང་ངེས་པ་མེད་དེ། ལམ་སྒོམ་པ་ལ་ཡང་འཇམ་


TNT05_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་བར་མ་གསུམ་ཆར་དང་ཤེད་མཚུངས་མི་མཚུངས་གཉིས་ཀ་ཡོད་པར་སྣང་ངོ༌། །མགོན་པོ་རེ་རེའི་རླུང་ཡང་ལྷ་མོ་བཞི་ཆ་ཤས་སུ་རྒྱུ་སྟེ། མེ་རླུང་གིས་གཙོ་བྱས་ནས་རྒྱུ་བའི་ཚེ། ཐོག་མར་གོས་དཀར་མོ་ཉིས་བརྒྱ་ཤུ་རྩ་ལྔ། དེ་ནས་སྒྲོལ་མ། དེ་ནས་སྤྱན་མ། དེ་ནས་མཱ་མ་ཀཱི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་སྟེ། མེ་ཉིད་ལ་བལྟོས་པའི་ནང་ཚན་མེ་དང༌། ས་དང་རླུང་དང་ཆུའི་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་ཆུ་གཙོ་ཆེ་བ་ལ། ཆུ་མེ་རླུང་སའི་རིམ་པས། མཱ་མ་ཀཱི་དང་པོར་བྱས་ནས་རྒྱུའོ། །རླུང་གཙོ་ཆེ་བ་ལ་རླུང་ས་ཆུ་མེའི་རིམ་པས་སྒྲོལ་མ་ལ་སོགས་པ་རྒྱུའོ། །དེ་ནས་ས་གཙོ་ཆེ་བ་ལ། ས་ཆུ་མེ་རླུང་གི་རིམ་པས་སྤྱན་མ་ལ་སོགས་པ་རྒྱུའོ། །ཞེས་པ་འདི་ནི་འཕགས་སྐོར་པ་ཕལ་ཆེར་གྱི་འདོད་ཚུལ་ཡིན་ལ། རྡོར་འཕྲེང་དང་དགོངས་པ་ལུང་སྟོན་གྱི་རྒྱུད་ཀྱི་དངོས་བསྟན་ལྟར་ན། མགོན་པོ་བཞི་ཡང་མེ་རླུང་ས་ཆུའི་རིམ་པ་ དང༌། རེ་རེ་བཞིན་ལྷ་མོའི་རིམ་པ་ཡང༌། གོས་དཀར། སྒྲོལ་མ། སྤྱན་མ། མཱ་མ་ཀཱིའི་རིམ་པ་ཉིད་གསུངས་ཀྱི་རིམ་པ་དཀྲུགས་སྡེབས་མ་གསུངས་པས། རྒྱུད་གཞུང་གི་དངོས་བསྟན་འདི་ཉིད་ཁོ་ན་བརླིང་ངོ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པའོ། །ལྷ་མོ་བཞི་པོ་རེ་རེའི་རླུང་ལ། ཉིས་བརྒྱ་ཉེར་ལྔ་པ་རེ་ཡོད་པ། ཚན་པ་བཞི་སྡོམས་པས་དགུ་བརྒྱར་ལོངས་སོ། །དེ་ལ་གོས་དཀར་མོ་ཡིན་ཚད་སྣ་བུག་གི་སྟེང་དང༌། སྒྲོལ་མ་ཡིན་ཚད་སོགས་སམ་ལོགས་ཏེ་འཁུར་ཚོས་ཀྱི་ངོས་དང༌། སྤྱན་མ་ཡིན་ཚད་ཐད་ཀ་སྟེ་སྣ་བུག་གི་དཀྱིལ་དང༌། མཱ་མ་ཀཱི་ཡིན་ཚད་འོག་སྟིམ་ཆུའི་ངོས་ལ་རྒྱུའོ། །འདི་དག་རྒྱུ་བའི་ཚེ། ཡན་ལག་གི་རླུང་རྣམས་ཀྱང་སོ་སོའི་གནས་


TNT05_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱུ་བར་བྱེད་ཅིང༌། འོག་གི་སྒོ་ནས་ཐུར་སེལ་ཡང་རྒྱུ་སྟེ། གཞི་དུས་ལ་སྟེང་གི་རླུང་ནང་དུ་འོང་བའི་ཚེ་དེ་ཕྱིར་རྒྱུ། ནང་དུ་གནས་པའི་ཚེ་དེ་ཕྱིར་གནས། ཕྱིར་འགྲོ་བའི་ཚེ་ནང་དུ་འོང༌། ཕྱིར་གནས་པའི་ཚེ་དེ་ནང་དུ་གནས་པ་ཡིན་ལ། ལམ་བསྒོམ་པའི་ཚེ་དེ་གོ་ཟློག་སྟེ་གོང་བུ་གཅིག་ཏུ་བྱེད་དོ། །ལྔ་པ་ནི། རྡོ་རྗེ་འཕྲེང་བ་ལས། སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། ཞེས་གསུངས་པ་ལྟར། འཆི་བ་འོད་གསལ་ལས། ཉེར་ཐོབ་ནས་རང་བཞིན་བརྒྱད་ཅུའི་བར་རིམ་གྱིས་སྐྱེ་བ་ལྟར། ཐིམ་པའི་ཚེ། རང་བཞིན་བརྒྱད་ཅུ་ནས་ཉེར་ཐོབ་ཀྱི་བར་རིམ་གྱིས་འོད་གསལ་ལ་ཐིམ་པར་འགྱུར་ཞིང༌། ཡང་དེ་ལས་ཉོན་མོངས་ཅན་ཡིད་སྲོག་རླུང་ནི། རྟག་ཏུ་ཡང་དག་འགྲོ་བར་འགྱུར། ཐོག་མར་འཕོ་བའི་དུས་སུ་ནི། ཉ་ཡི་རྣམ་པ་ལྟ་བུར་འགྱུར། ཞེས་སོགས་རྒྱས་པར་གསུངས་ཏེ། མངལ་དུ་ཐོག་མར་སྲོག་འཛིན་གྱི་རླུང་དང་སྙིང་གའི་རྩ་ཆགས་ཏེ་དེ་ནས་ལུས་ཡས་མས་སུ་ཆགས་པ་དང༌། མཐར་འཆི་བའི་དུས་སུ་ཡང་འབྱུང་བ་དང༌། རླུང་སེམས་རྣམས་ཡས་མས་ནས་བསྡུས་ནས་མཐར་སྡུད་པའི་གནས་ཀྱི་མཐར་ཐུག་སྙིང་ག་ཡིན་ནོ། །འོན་ཀྱང་འཆགས་པའི་སྐབས་སྙིང་གའི་རྩ་དེ་ཉིད་གའུ་ཁ་བྱེ་བ་བཞིན་དུ་སོང༌། བར་དུ་རྩ་གཞན་སྐྱེས་པས་བར་ཐག་རིང་དུ་སོང་ནས་ལྟེ་བ་གྲུབ་པ་དང༌། རྩ་འཁོར་གཞན་རྣམས་ཀྱང་ཚུལ་དེ་ཀས་གྲུབ་པ་ཡིན་པའི་ཕྱིར། དང་པོར་ཆག་པའི་སྙིང་གི་རྩ་དེ་ཁའི་ཆ་ཤས་རྩ་འཁོར་གཞན་གྱི་ལྟེ་བ་ཐམས་ཅད་ཀྱང་ཡིན་པས་འདི་ན་གང་དག་རྩ་འཁོར་གཞན་རྣམས་ལ་གནད་དུ་བསྣུན་ཀྱང་ཕན་ཡོན་མཐར་ཐུག་མེད་ལ། སྙིང་ག་ཆོས་འཁོར་ཁོ་ན་ལ་


TNT05_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སྐད་སྨྲ་བ་ནི། རྩ་འཁོར་ཐམས་ཅད་ལ་དུས་གཅིག་ཏུ་གནད་དུ་བསྣུན་པའི་གདམས་ངག་ཁྱད་པར་ཅན་ཁོང་དུ་མ་ཆུད་ཅིང༌། ཆོས་འདི་ལ་གཞན་ལ་མེད་པའི་ཁྱད་ཆོས་ཞིག་སྒྲུབ་ནི་འདོད་པས། ཁྱད་ཆོས་མ་ཡིན་པ་ལ་ཁྱད་ཆོས་སུ་སྒྲོ་བཏགས་པའོ། །ཡང་མདོ་སྔགས་གཉིས་རྟོགས་བྱ་སྟོང་ཉིད་ལ་ཁྱད་མེད་ཀྱང༌། རྟོགས་བྱེད་ཡུལ་ཅན་གསང་སྔགས་ལ་ཞུ་བདེས་བྱེད་པས། ཆོས་སྐུའི་རིགས་འདྲའི་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང༌། སྒྱུ་མའི་སྐུ་ཡར་བལྟས་གཟུགས་སྐུ་དང་འདྲ། མར་བལྟས་བར་དོ་དང་འདྲ་བ་གཅིག་དགོས་པ་དེ། གཟུགས་སྐུའི་རྒྱུ་རིགས་འདྲ་སྔགས་ཀྱི་ཐུན་མོང་མ་ཡིན་པ་ཅིག་ཡིན་ལ། དེ་བསྐྱེད་པ་ལ་འཆི་བ་དང་འདྲ་བའི་སྣང་བ་བཞི་འཆར་དགོས། དེ་རླུང་སྙིང་གར་བསྡུ་བ་ལ་རག་ལས་སོ་ཞེས་སོགས་མང་པོ་ཞིག་འཆད་ཀྱང༌། སྙིང་གར་ཐིམ་པའི་དོན་ནི་དོན་དམ་གྱི་རྩ་ལ་གནད་དུ་རེག་པ་གཅིག་གི་མིང་ཡིན་པ་དང༌། དེའི་ཕྱིར་ཀུན་རྫོབ་ཀྱི་རྩ་དབུ་མའི་གནས་གང་གནད་དུ་བསྣུན་ཀྱང༌། ཐབས་ཁྱད་པར་ཅན་དུ་འགྱུར་བ་ཁོ་ན་ལས། གནད་ཆུང་བ་ཅི་ཡང་མེད་དེ། དེས་ན་དེ་སྐད་མོས་པ་དེ་དག་ནི། ཟབ་མོའི་ལམ་གྱི་འཇུག་སྒོ་མཐའ་ཡས་ཡོད་པ་མ་རྟོགས་ཤིང༌། ལམ་ཟབ་མོ་ལ་མ་གུས་པའི་རྣམ་འགྱུར་ཙམ་དུ་སྣང་བས། སྙིང་པོ་རང་ཞིག་ཡོད་པར་མ་མཐོང་ངོ༌། །རང་ལུགས་ནི་དོན་དམ་པའི་སྐུ་གསུང་ཐུགས་རྡོ་རྗེ་མཉམ་ཉིད་ཡིན་པས། དོན་དམ་ཡེ་ཤེས་རྩའི་སྐུ་གསུང་ཐུགས་ཀྱང་ངོ་བོ་དབྱེ་བ་མེད་དོ། །ཀུན་རྫོབ་སྣང་ངོའི་ཆ་ནས་འཇོག་དགོས་པས། ཀུན་རྫོབ་ཀྱི་སྐུ་གསུང་ཐུགས་ངོ་བོ་གཅིག་པ་རང་ཏ་


TNT05_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ། འོན་ཀྱང་ཀུན་རྫོབ་ལྟེ་བ་དང་སྤྱི་བོ་སྐུའི་རྩ་ལ་གནད་དུ་བསྣུན་པས། ཡེ་ཤེས་ཀྱི་སྐུའི་རྩ་ལ་གནད་དུ་རེག་པར་འགྱུར། དེ་བཞིན་དུ་མགྲིན་གསང་གསུང་དང༌། སྙིང་ནོར་ཐུགས་ལའང་རིགས་འགྲེའོ། ཡེ་ཤེས་ཀྱི་སྐུའི་རྩ་ལ་གནད་དུ་རེག་པས་ངོ་བོ་གཅིག་པའི་ཕྱིར་ན། གསུང་དང་ཐུགས་ལའང་རིག་གོ །དཔེར་ན་ཤེལ་སྔོན་པོའི་སྔོན་པོ་བརྡུངས་ན་སྲ་བ་ཡང་འཇིག་ལ། སྲ་བ་བརྡུངས་ན་སྔོན་པོ་ཡང་འཇིག་པ་བཞིན་ནོ། །སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་ཀྱི་གནས་ལུགས་དང༌། རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱང་དེའི་ལམ་བྱེད་དང༌། གནད་དུ་བསྣུན་ཚུལ་རྣམས་ཀྱང་སྐུ་གསུང་ཐུགས་གསུམ་གྱི་རྩ་ཁམས་རླུང་རྣམས་ལ་གནད་དུ་བསྣུན་དགོས་པའི་ཟབ་ཚུལ་འདི་རྣམས་མ་ཤེས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ། གསང་བ་འདུས་པ་ཞེས་བྱ་བའི་མཚན་དང་འགལ་ཞིང་དོན་ཕྱོགས་འགྲོ་ཙམ་ཡང་མི་གོ་བས། སྙིང་ག་དང་རྡོར་བཟླས་ལ་བསྔགས་པ་ཆེ་ཡང་དགོས་དོན་སྟོང་ཉེན་ཡོད་དོ། །ད་ནི་གཞུང་གི་ཚིག་དོན་ལ་འཇུག་པར་བྱ་སྟེ། འདི་ཉིད་ཡང་སླར་བཤད་པ། རྡོ་རྗེ་འཕྲེང་བ་ཞེས་བྱ་བའི་བཤད་པའི་རྒྱུད་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བའི་རྟག་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །སྟེང་གི་སྣ་ལས་ངེས་བྱུང་བ། །གཡས་དང་གཡོན་དང་གཉིས་ཀ་ དང༌། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། ། ལྐོག་མ་སྙིང་ག་ལྟེ་བ་དང༌། །གསང་


TNT05_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམ་ཇི་བཞིན་གནས་པར་བསྟན། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་ཞིང་གསལ་བ་འདི། །པདྨའི་མགོན་པོའི་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་ སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་ཅིང་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་ རླུང༌། །བྱ་བ་ཀུན་ལ་འཇུག་པ་པོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང༌། །རྟོག་གེ་བ་ཡིས་མི་ཤེས་སོ། །ཞེས་གསུངས་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་ལུང་འདིས། རླུང་རྣམས་ཇི་ལྟར་རྒྱུ་བའི་མཚན་ཉིད་རགས་པ་ཙམ་བསྟན་ཞིང༌། འདིའི་དོན་གྱི་འཕྲོས་ནི། འོག་ཏུ་སྔགས་ཀྱི་དེ་ཉིད་ཀྱི་སྐབས་སུ་དགོངས་པ་ལུང་སྟོན་གྱི་ལུང་དྲངས་པའི་འཇུག་གི་ཆ་ལ་ཡོད་དོ། །དེ་ཡང་གོང་དུ་བཤད་ཟིན་པ་ལྟར་འདུས་པ་རྩ་རྒྱུད་ལས། སྣ་རྩེར་ཡུངས་ཀར་བསྒོམ་ཞེས་གསུངས་པ་ནི། སྲོག་གི་རྩོལ་པའི་རྟག་པ་སྟེ་སྒོམ་ཐབས་ཡིན་ལ། དེ་ཡང་སྲོག་


TNT05_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩོལ་བའི་རྣལ་འབྱོར་ལ་གནས་པ་དེས་རླུང་འོད་ཟེར་ལྔ་པོ་སངས་རྒྱས་རིགས་ལྔ་རྣམས་སུ་བསྒོམ་པར་བྱའོ། །དེ་ཡང་འབྱུང་བ་ལྔའི་རླུང་རྣམས་ཀུན་རྫོབ་རིགས་སོ་སོའི་དག་པ་སྒོམ་པ་ནི། འབྱུང་བ་ལྔ་ཉིད་ཀྱི་སྒོ་ནས་གནད་དུ་བསྣུན་པས་ཚད་ལ་ཐུན་མོང་དུ་དག་པའི་གཙོ་བོ་རྒྱུ་བདེ་སྟོང་གི་ཉམས་ལས་བསྒྲུབས་པ་སྔོན་དུ་སོང་ནས། དངོས་གཞིའི་དུས་སུ་ཡང་བདེ་བའི་ཡེ་ཤེས་ཀྱིས་ཟིན་པ་དང༌། དེ་ཉིད་གོམས་པ་ལས་འབྲས་བུའི་ཚུལ་དུ་ཡང་བདེ་ཆེན་སྐྱེ་བར་འགྱུར་བས། རྟག་ཏུ་བདེ་བ་ཆེན་པོས་བསྐོར་བ་ནི། སངས་རྒྱས་སུ་བསྒོམ་པའི་དོན་ཡིན་ནོ། །སྟེང་གི་སྣ་སྟེ་གདོང་གི་སྣ་བུག་ལས་ངེས་པར་བྱུང་བ། གཡས་སུ་མེ་རླུང་དང་གཡོན་དུ་རླུང་གི་རླུང་དང༌། གཉིས་ཀ་ནས་སའི་རླུང་དང༌། གཉིས་ཀ་ནས་དལ་བར་རྒྱུ་བ་ཆུ་རླུང་སྟེ། འཕོ་བའམ་དཀྱིལ་འཁོར་རྣམ་པ་བཞིར་འགྱུར་ལ། ཕྱིའི་ཐུན་ཚོད་དང་མཐུན་པར་ནང་གི་རླུང་རྒྱུ་བའི་དུས་ནི་ཡིན་པར་བཤད་དོ། །འདིར་ནང་གི་དུས་ཞེས་པ་ནང་གི་ལས་བཞི་སྒྲུབ་པའི་དུས་ལ་ངོས་འཛིན་ཞིང༌། དེ་ཉིད་སྒྲོན་གསལ་གྱི་དགོངས་དོན་ཡིན་པར་འགོས་ལུགས་པའི་བླ་མ་གོང་མ་རྣམས་འཆད་དོ། །ནང་དུ་ནི་ལྐོག་མ་སྟེ་མགྲིན་པ་ནས་གྱེན་རྒྱུ་སོགས་མེ་རླུང་དང༌། སྙིང་ག་ནས་སྲོག་འཛིན་སོགས་ཆུ་རླུང་དང༌། ལྟེ་བ་ནས་མེ་མཉམ་སོགས་རླུང་གི་རླུང་དང་གསང་བའི་པདྨ་སྟེ་འཁོར་ལོ་ནས་ཐུར་སེལ་སོགས་ས་ཁམས་ཀྱི་རླུང་འགྲོ་འོང་བྱེད་པར་སྟོན་པ་སྟེ་དེར་ཐིམ་པ་དང༌། དེ་ལས་སྐྱེ་བ་དང༌། འཕེལ་འགྲིབ་ལ་སོགས་པའི་ལས་བྱེད་པའི་དོན་ནི། སྤྱིར་


TNT05_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ཆར་དང༌། རླུང་བཅུ་ཆར་རྩ་འཁོར་ཐམས་ཅད་ལ་ཁྱབ་པ་ཡིན་མོད། བྱ་བ་བྱེད་པའི་གནས་ལ་དེ་དང་དེར་གནས་པའི་ཐ་སྙད་བསྟན་ནོ། །ཞག་གཅིག་ལ་ཐུན་ཕྱེད་ཀྱི་དུས་ཉི་ཤུ་རྩ་བཞི་པོ་དག་ཏུ་གོང་དུ་བཤད་པའི་གཡས་སོགས་དང༌། ལྐོག་མ་སོགས་ཀྱི་གོ་རིམ་ཇི་བཞིན་དུ་རླུང་དགུ་བརྒྱ་པ་ཕྲ་རེ་རེས་རྒྱུ་བའི་ཚུལ་གྱིས་གནས་པར་བསྟན་ནོ། །འོན་ཀྱང་འདི་ལ་ལྐོག་མ་ལྟེ་བ་གསང་བ་དང༌། སྙིང་གའི་པདྨར་ཞེས་འདོན་པ་སྤོ་བའི་སྲོལ་ཡང་བྱུང་ངོ༌། །སྣ་བུག་གཡས་པ་ནས་ནི་རླུང་དགུ་བརྒྱ་པ་ཕྲག་གཅིག་འབྱུང་བའི་ཁམས་མེའི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་ཞིང་གསལ་བ་འདིས་ལྷ་ནི་པདྨའི་མགོན་པོ་འོད་དཔག་མེད་པའི་རྒྱུ་བའོ། །གཡོན་པ་ནས་ནི་རླུང་དགུ་བརྒྱ་བ་ཕྲག་གཅིག་འབྱུང་བ་འདིའི་ཁམས་ནི་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ཏེ། ཁ་དོག་ལྗང་ཁུའམ་ནག་པོ་དག་ཏུ་སྣང་བ་སྟེ། ལྷ་ནི་ལས་ཀྱི་མགོན་པོ་དོན་ཡོད་གྲུབ་པའི་རྒྱུ་བའོ། །འདིར་ལྗང་སེར་ཞེས་འབྱུང་བ་འགྱུར་མ་དག་གོ །ཞེས་གྲགས་སོ། །འོ་ན་ལྗང་ཁུ་དང་ནག་པོ་གཉིས་ཀ་རུང་ངམ་ཞེ་ན། ནག་པོ་ཉིད་དོན་ཏུ་འཐད་པར་མངོན་ནོ། །སྣ་བུག་གཉིས་ཀ་ལས་ནི་དྲག་ཅིང་རྩུབ་པར་རླུང་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་དེའི་ཁམས་ནི། དབང་ཆེན་ས་ཡི་དཀྱིལ་འཁོར་ཉིད་དེ་གསེར་གྱི་མདོག་ཏུ་སྣང་བ་སེར་པོ་འདི་ནི་ལྷ་རིན་ཆེན་མགོན་པོ་རིན་ཆེན་འབྱུང་ལྡན་གྱི་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་དལ་ཞིང་འཇམ་པོ་རྒྱུ་བ་མེད་པ་སྟེ་འགྲོས་བུལ་ཞིང་ཞན་པ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་དེའི་ཁམས་ནི་ཆུའི་དཀྱིལ་


TNT05_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཉིད་ཡིན་ཏེ། ཁ་དོག་དྲི་མས་མ་གོས་པ་ལྟར་དག་ཅིང༌། དག་པའི་ཤེལ་ལྟར་དཀར་པོར་སྣང་བ་ནི་ལྷ་རྡོ་རྗེའི་མགོན་པོ་མི་བསྐྱོད་པའི་རྒྱུ་བའོ། །ལུས་ཀྱི་ཚིགས་ཀུན་ལ་གནས་པའི་རླུང་སྔར་བཤད་པའི་རླུང་བཞི་པོ་ཐམས་ཅད་ཀྱི་བྱ་བ་ཀུན་ལ་འཇུག་པ་པོ་འབྱུང་བ་ནམ་མཁའི་ཁམས་ཁ་དོག་ཤིན་ཏུ་དངས་བས་མི་གསལ་བ། འདིའི་ལྷ་ནི་སངས་རྒྱས་མགོན་པོ་རྣམ་སྣང་གི་ངོ་བོ་སྟེ། གསོན་པོའི་དུས་ད་ལྟ་རླུང་འདིས་གཙོ་བོ་བྱས་ནས་དཀྱིལ་འཁོར་གྱི་ཚུལ་དུ་མི་རྒྱུ་ཡང༌། འཆི་བའི་སྔོན་རོལ་དུ་དགུ་བརྒྱ་པ་ཕྲག་གཅིག་ལུས་ཀྱི་སྣ་སྒོ་ནས་འབྱུང་བར་འགྱུར་རོ། །གསོན་པོའི་སྐབས་སུའང་འདི་གཏན་ནས་མི་རྒྱུ་བ་མ་ཡིན་ཏེ། དཀྱིལ་འཁོར་བཞི་པོ་ཐམས་ཅད་ཀྱི་བྱ་བ་ལ་འཇུག་པར་བཤད་པས་ཀུན་ལ་ཁྱབ་བྱེད་དུ་རྒྱུའོ། །སྐབས་འདིར་དཀྱིལ་འཁོར་ལྔ་རྩ་བའི་རླུང་ལྔ་དང་སྦྱོར་ན་འདི་ལྟར་སྲོག་གི་རླུང་དང་འབྱུང་བ་སོ་སོའི་དངས་མ་འཇུག་པ་གཅིག་ཏུ་དྲིལ་ནས་ལས་བྱེད་པ་ཡིན་པས། གྱེན་རྒྱུ་ལ་སོགས་པ་ཡང་འབྱུང་བ་དེ་དང་དེ་ཡི་ཁམས་ཡིན་པས་ན། པདྨའི་མགོན་པོ་གྱེན་རྒྱུ་དང་འབྲེལ་བ་སོགས་དཀྱིལ་འཁོར་གསུམ་ལ་རླུང་དེ་གསུམ་གྱི་བྱ་བ་ཤས་ཆེ་བ་དང༌། རྡོ་རྗེ་མགོན་པོ་སྲོག་འཛིན་ཁོ་ནའི་བྱ་བ་ཡིན་ནོ། །ཞེས་བརྗོད་ན་ནི་མི་འགལ་ཙམ་ཡིན་ནོ། །རླུང་གི་དེ་ཁོ་ན་ཉིད་དེ། ངོ་བོ་དང༌། དབྱེ་བ་དང༌། རྒྱུ་བའི་ཚུལ་གསལ་བ་འདི་འབྱུང་བ་ལྔའི་དངས་མ་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ། མེ་རླུང་སོར་རྟོག།རླུང་གི་རླུང་བྱ་སྒྲུབ། ས་རླུང་མཉམ་ཉིད། ཆུ་རླུང་མེ་ལོང་ལྟ་བུ། མཁའ་ཁམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །


TNT05_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྔའི་དངས་མ་ཡེ་ཤེས་ལྔའི་ངོ་བོར་གནས་པ་སོགས་དེ་ཁོ་ན་ཉིད་འདི་ནི། རྣལ་འབྱོར་ཏེ་མཉམ་གཞག་པ་ཡིན་དུ་ཆུག་ཀྱང༌། བྱིས་པ་སོ་སོ་སྐྱེ་བོ་ཡིན་ན་དེའི་སྤྱོད་ཡུལ་མ་ཡིན་ཞིང༌། དཔེ་དང་གཏན་ཚིགས་ཙམ་ལ་བརྟེན་པའི་རྟོག་གེ་བས་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་ཤེས་སོ། །གཉིས་པ་སྔགས་དང་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་རྒྱས་པར་བཤད་པ་ལ། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པ་དང༌། བཟླས་པའི་དེ་ཁོ་ན་ཉིད་བཤད་པའོ། །དང་པོ་ནི། སྤྱིར་སྔགས་ཀྱི་དེ་ཉིད་ཅེས་པ་ནི། སྔགས་ཀྱང་ཡིན་དེ་ཁོ་ན་ཉིད་ཀྱང་ཡིན་པས་སྔགས་དང་དེ་ཁོ་ན་ཉིད་ཀྱི་གཞི་མཐུན་པ་སྟེ། དོན་དམ་སྐུ་གསུང་ཐུགས་ཀྱི་སྔགས་ནི་སྔགས་གཞན་ཐམས་ཅད་ཀྱི་ཆོས་ཉིད་དང་གནས་ཚུལ་ཡིན་པས་ སོ། །དེ་ནི་ཐ་མལ་གྱི་ངག་དག་པར་འགྱུར་བའི་གཞི་དང༌། དེ་ལམ་དུ་བྱེད་པའི་རྣལ་འབྱོར་ནི་ངག་དག་བྱེད་ཡིན་ལ། ངག་གི་གཞི་དང་རྩ་བ་ནི་རླུང་འགྲོ་འོང་གནས་གསུམ་ཡིན་ནོ། །རླུང་གསུམ་པོ་དེ་ལ་ཀུན་རྫོབ་ཏུ་ཡང་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་གྱི་སྔགས་ཡི་གེ་འབྲུ་གསུམ་གྱི་ཐ་སྙད་སྦྱོར་བའི་རྒྱུ་མཚན་དང༌། རླུང་དེའི་རང་བཞིན་ནམ་ཆོས་ཉིད་དོན་དམ་རྡོ་རྗེ་གསུམ་གྱི་རང་སྔགས་སུ་གནས་པའི་ཚུལ་ནི། སྐབས་འདིར་གཏན་ལ་དབབ་བྱ་ཡིན་ནོ། །དེ་ལ་རྡོ་རྗེའི་བཟླས་པ་བྱེད་པའི་གཞི་འམ། གང་ལ་བྱ་བའི་ཡུལ་ཤེས་པའི་ཕྱིར་རླུང་གི་དེ་ཉིད་གཏན་ལ་དབབ་དགོས་ལ། བཟླ་རྒྱུའི་སྔགས་ཀྱི་རང་བཞིན་དང༌། བཟླས་པའི་དགོས་པ་ལེགས་པར་ཤེས་ཤིང་གཏན་


TNT05_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ་པའི་ཕྱིར་དུ། སྔགས་ཀྱི་དེ་ཉིད་ཤེས་དགོས་པ་ཡིན་ནོ། །དེ་ལ་སྔགས་བཏུབ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དོན་དམ་པ་སྟེ་བཞི་ལས། དང་པོ་ནི། སྤྱིར་སྔགས་གང་ལས་འཐུ་བའི་གཞི་ནི་ཨཱ་ལི་ཀཱ་ལི་ཡིན་ལ། དེ་ལས་བཏུས་པའི་སྔགས་ནི་གསང་སྔགས་དང༌། རིགས་སྔགས་དང༌། གཟུངས་སྔགས་ཐམས་ཅད་ཡིན་པ་ལས། སྐབས་འདིར་ནི། ཨ་ཨུ་ཨཾ་གསུམ་བཏུས་པ་ལས་ཨོཾ་དང༌། ཨ་ཨ་ཨཿརྣམས་བཏུས་པ་ལས་ཨཱཿདང༌། ཧ་ཨཱུ་ཨཾ་གསུམ་བཏུས་པ་ལས་ཧཱུཾ་དུ་བྱའོ། །འདིར་ཨཾ་གཉིས་དང་ཨ་ཚེག་དྲག་ཅན་ནི། ང་རོ་དང་རྣམ་བཅད་དག་ནས་འདོན་པའི་རྟེན་དུ་བཀོད་པ་ཡིན་གྱི། སྔགས་བཏུ་དངོས་ལ་མི་དགོས་པས། དངོས་ལ་དགོས་པའི་ཡི་གེ་ནི། ཨ་ཨུ་མ་ཨ་ཨ་ཧ། ཧ་ཨཱུ་མ་ཞེས་པ་རྣམས་ཡིན་ལ། ཧ་ཡིག་ཚེག་དྲག་ཏུ་འགྱུར་བ་སྒྲའི་གཞུང་དུ་གྲགས་པ་རྣམས་ལས་མ་བཤད་ཀྱང༌། རིག་བྱེད་ལས་འབྱུང་བ་ཡིན་ལ། ཡི་གེ་ཀློག་པའི་ངག་ཏུ་བརྗོད་ཚུལ་གྱི་སྒྲ་དང་ནི་མཐུན་ཏེ། ཡུལ་སྐད་དང་བསྟན་བཅོས་ཀྱི་ཚུལ་གང་ཡིན་ཡང་རུང་སྟེ། རྣམ་བཅད་ཧ་སྒྲར་བཀླག་པ་ཉིད་རྒྱ་གར་འཕགས་ཡུལ་བ་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར་རོ། །ཡི་གེ་དེ་དག་གི་བརྡ་ནང་གི་སྔགས་བཏུ་བའི་ཚུལ་ན་འོག་ཏུ་འཆད་པར་འགྱུར་ལ། འབྲུ་གསུམ་པོ་རེ་རེ་ལ་ཡི་གེ་གསུམ་གསུམ་བཏུས་པའི་མཚོན་དོན་ནི། སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་གསུམ་པོ་རེ་རེ་ཡང་ནང་ཚན་དུ་རྡོ་རྗེ་གསུམ་གསུམ་གྱི་རྒྱས་བཏབ་ཅན་ཡིན་པར་མཚོན་ནོ། །དེ་ཡང་ཡེ་ཤེས་གཅིག་ཉིད་རང་སྣང་གི་སྐུ་མཚན་དཔེ་ཅན་རྒྱན་དང་ཆ་བྱད་


TNT05_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པ་དང༌། སྐུ་མདོག་ཞལ་ཕྱག་རྣམ་འགྱུར་མཚན་མ་ཆ་ལུགས་མཐའ་ཡས་པ་དང༌། ཡབ་ཡུམ་དང་གཙོ་འཁོར་དང༌། གཞལ་མེད་ཁང་དང༌། མཆོད་པ་དང༌། ཞིང་ཁམས་དང༌། གཞན་ཡང་ཁམས་གསུམ་འཁོར་འདས་ན་ཡོད་པའི་གཟུགས་དྲི་རོ་རེག་ཅི་ཡོད་པ་ཐམས་ཅད་དང་འདྲ་བའི་རྣམ་པ་གཅིག་ཅར་ཏུ་ཤར་བ་དེ་ནི་སྐུ་རྡོ་རྗེའོ། །ཡེ་ཤེས་དེ་ཉིད་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཡི་གེ་དང༌། མིང་དང་ཚིག་དང་སྐད་དང་བརྡ་དང་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་དང༌། སེམས་ཅན་སོ་སོ་ཐམས་ཅད་ཀྱི་བསམ་པ་དང་མཐུན་པའི་ངག་ཚིག་བརྗོད་ཀྱིས་མི་ལང་བ་དེ་ཐམས་ཅད་དང་མཚུངས་པའི་རྣམ་པ་གཅིག་ཅར་རྟག་ཏུ་ཤར་བ་དེ་ནི་གསུང་རྡོ་རྗེའོ་རྟག་ཏུ་རྣམ་རྟོག་མེད་ཅིང་གཟུང་འཛིན་གྱི་སྤྲོས་པ་ཡང་མི་འཆར་ལ། དེ་མི་འཆར་བཞིན་དུ་ཆོས་ཉིད་ཀྱི་རྣམ་པ་ཐམས་ཅད་པ་རང་གིས་རིག་པས་མངོན་སུམ་དུ་རྟོགས་ཤིང༌། དེའི་ཤུགས་ལ་ཀུན་རྫོབ་རྟེན་འབྲེལ་མ་ལུས་པ་ཡང་གཅིག་ཅར་རྟག་ཏུ་རིག་པ་ན་ཐུགས་རྡོ་རྗེའོ། །རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཀྱང༌། དེ་རྫོགས་པར་རྟོགས་པའམ། མངོན་དུ་གྱུར་པའམ། དེ་ཐོབ་པ་ཞེས་བྱ་བ་སྒྲུབ་པ་པོ་རང་ཉིད་དེའི་ངོ་བོར་སོང་བ་ནི། རྫོགས་པའི་སངས་རྒྱས་ཁོ་ནའོ། །དེ་ཉིད་རྣམ་པ་ཕྱོགས་རེ་མཚུངས་པའི་སྒོ་ནས་ལམ་དུ་བྱེད་པ་ནི་ཐམས་ཅད་ཀྱང་ཡིན་མོད་ཀྱི། སོ་སོ་སྐྱེ་བོའི་ལམ་དུ་ནི་རྣམ་པ་ལམ་བྱེད་ཁོ་ནས་འཇུག་པ་དང༌། དོན་གྱི་འོད་གསལ་ཐོབ་ནས་ནི། རྣམ་པ་ལམ་བྱེད་དང༌། མངོན་གྱུར་ལམ་བྱེད་འདྲེས་པའི་ཚུལ་གྱིས་འཇུག་གོ །བསྐྱེད་


TNT05_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཁོ་ནའི་སྐབས་སུ་ནི་རྣམ་པ་ཙམ་ལམ་དུ་བྱེད་མོད་ཀྱང་མོས་སྒོམ་ཁོ་ནའི་ཕྱིར། རྣམ་པ་ཤིན་ཏུ་འདྲ་བར་ལམ་དུ་བྱེད་མི་ནུས་ལ། རྫོགས་རིམ་གྱི་ཡེ་ཤེས་སྐྱེས་ནས་ནི་ནུས་པ་ཡིན་ནོ། །དེའི་ནང་ནས་ཀྱང་སྐབས་འདིར་རླུང་ལྡང་འཇུག་གནས་གསུམ་ལ་གནད་དུ་བསྣུན་པའི་སྒོ་ནས་རྡོ་རྗེ་གསུམ་གྱི་རྣམ་པ་ཤིན་ཏུ་འདྲ་བ་ལམ་དུ་བྱེད་པ་ལ་རྫོགས་རིམ་གྱི་རྡོ་རྗེའི་བཟླས་པ་ཞེས་བྱ་བ་ཡིན་གྱི། གང་དག་རླུང་ལ་ཡི་གེ་གསུམ་གྱི་སྒྲ་ཀུན་རྫོབ་པ་འདིར་མོས་པ་བྱེད་པ་རྫོགས་རིམ་གྱི་རླུང་སྔགས་དབྱེར་མེད་ཀྱི་བཟླས་པར་རློམ་མོད། ངེས་དོན་གྱི་སྙིང་པོ་ཡོད་པར་མ་མཐོང་ངོ༌། །དེ་འདྲ་དེ་ཡང་གོང་དུ་སྨོས་པ་ལྟར། ལས་དང་པོ་པའི་ངག་དབེན་ཞེས་བྱ་བ་རྡོར་བཟླས་རྗེས་མཐུན་པ་ཡིན་ཞིང༌། ལས་དང་པོ་པ་ལ་མཁོ་བའི་མན་ངག་དང༌། ངག་དབེན་དངོས་ཀྱི་རྒྱུ་ཚོགས་སུ་འགྱུར་བ་ལ་བསམ་ན་ནི་ཤིན་ཏུ་ཡིན་མོད་ཀྱི། དེའི་ཚེ་ཡི་གེའི་གཟུགས་སྒོམ་པ་དང༌། ཨཱ་ལི་ཀཱ་ལིའི་འཕྲེང་བ་སྒོམ་པ་སོགས་ཀྱང་དགོས་པ་དང་རྒྱུ་མཚན་དེའི་སྒོ་ནས་ཁྱད་མེད་པས་གྲུབ་ཐོབ་ཀྱི་མན་ངག་སྣ་ཚོགས་པ་རྣམས་དགག་པར་མི་བྱའོ། །གཞན་ཡང་སྐུ་རྡོ་རྗེའི་སྐུ་ནི་རྣམ་པ་ཐམས་ཅད་པ་དང༌། གསུང་ནི་བདེ་བ་དང༌། ཐུགས་ནི་འགྱུར་བ་མེད་ཅིང་རྟག་པའི་སྟོང་ཉིད་ཀྱི་ངོ་བོ་སྟེ། གསུམ་པོ་དེ་ཡང་ངོ་བོ་གཅིག་གོ །གསུང་རྡོ་རྗེའི་སྐུ་ནི་བདེ་བ། གསུང་ནི་སྒྲ་སྐད་ཐམས་ཅད་པ། ཐུགས་ནི་མི་རྟོག་པ་སྟེ་གསུམ་པོའང་གཅིག་ལ་འདུས་སོ། །ཐུགས་རྡོ་རྗེའི་སྐུ་ནི་སྟོང་ཉིད། གསུང་ནི་གཟུགས་སྒྲ་རྣམ་པ་ཐམས་ཅད་པ། ཐུགས་ནི་བདེ་བ་ཆེན་


TNT05_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ་གསུམ་ཀའང་ངོ་བོ་གཅིག་པའོ། །ཡང་ན་ཐམས་ཅད་ལ་ཡང་བདེ་བ་དང༌། གསལ་བ་དང༌། མི་རྟོག་པ་གསུམ་སྦྱར་ཀྱང་རུང་ངོ༌། །དེ་དག་ནི་ཡེ་གེ་དགུའི་མཚོན་དོན་ཏེ། མདོར་ན་རླུང་སྔགས་དབྱེར་མེད་ཅེས་བྱ་བ། རྟགས་ཀྱི་གསལ་སྣང་དང༌། རླུང་ཅུང་ཟད་དག་པའི་སྒྲའི་ཚུལ་སེམས་ཀྱི་གསལ་ཆ་དང་བཅས་པ་དང༌། ཞུ་བདེ་ཅི་རིགས་པ་ཤིན་ཏུ་སྦྱངས་པའི་བདེ་བ་དང་བཅས་པ་དེས་རླུང་གི་འགྲོ་འོང་ལ་རྒྱས་བཏབ་ཅིང་བསྒོམ་པས་གོམས་ཤིང་བརྟེན་པ་ན། རླུང་རྣམས་དེའི་ངོ་བོར་ཤར་པ་ནི། རླུང་སྔགས་དབྱེར་མེད་ཀྱི་དོན་ཡིན་ཏེ། རླུང་ལ་ཐ་སྙད་ཀྱི་ཡིག་འབྲུ་གསུམ་པོ་འདིའི་སྒྲ་ལྷང་ལྷང་པོར་མོས་པ་བྱེད་པ་ནི། བསྐྱེད་རིམ་གྱི་ཡན་ལག་ངག་སྔགས་ཀྱི་རྣལ་འབྱོར་ལས་མ་འདས་སོ། །འདི་དག་བཟླས་པའི་དེ་ཉིད་ཀྱི་དོན་ཡིན་ཀྱང་སྐབས་འདིར་མ་བཤད་ན། སྔགས་ཀྱི་དེ་ཉིད་ཀྱི་དོན་མི་གོ་བས་འདིར་བཤད་དོ། །ཀུན་རྫོབ་ཏུ་སྔགས་བཏུས་པའི་དགོས་པ་ནི། དབྱངས་གསལ་གྱི་ཡི་གེ་ཐམས་ཅད་སྐྱེས་པ་བུད་མེད་མ་ནིང་གསུམ་དུ་འདུས་ཏེ། རྀ་ལྀ་མ་གཏོགས་པའི་དབྱིངས་བཅུ་གཉིས་བུད་མེད་དང༌། ང་ཉ་ཎ་ན་མ་རྣམས་མ་གཏོགས་པའི་གསལ་བྱེད་རྣམས་སྐྱེས་པ་དང༌། མ་གཏོགས་པའི་ཡི་གེ་དགུ་པོ་དེ་རྣམས་མ་ནིང་ངོ༌། །དེ་ལ་དབྱངས་རྣམས་ཨོཾ་དུ་འདུས་ཤིང༌། གསལ་བྱེད་རྣམས་ཀྱི་དོན་ཨཱཿརུ་འདུས་ཤིང། མ་ནིང་རྣམས་ཧཱུཾ་དུ་འདུས། ཞེས་བྱ་ཞིང༌། དེའི་ཕྱིར་ལྷ་ཡབ་རྐྱང་གི་སྔགས་ཐམས་ཅད་ཨཱཿདང༌། ཡུམ་རྐྱང་གི་སྔགས་ཐམས་ཅད་ཨོཾ་དང༌། ཁ་སྦྱོར་གྱི་སྔགས་ཐམས་


TNT05_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཧཱུཾ་ ངོ༌། །ཡང་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་སྔགས་ཀྱང་ཡི་གེ་གསུམ་ཡིན་ཏེ། དེ་ཡང་སྒོམ་པ་དབྱིབས་ཀྱི་ཡི་གེ་གསུམ་དང༌། བརྗོད་སྒྲའི་ཡི་གེ་གསུམ་ནི། བསྐྱེད་རིམ་གྱི་ཡི་གེ་ཡིན་ཞིང༌། རྫོགས་རིམ་གྱི་ཡེ་གེ་ནི་རླུང་སྔགས་དབྱེར་མེད་དུ་གདོད་ནས་གྲུབ་པ་དེ་ཡིན་པས། དེ་གདོད་ནས་གྲུབ་པ་དང་མཚུངས་པར་ལམ་དུ་བྱེད་པ་ནི། ཡི་གེ་དེ་བཟླས་པའི་དོན་ནོ། །སྤྱིར་ཐ་སྙད་ཙམ་དུ་སྲོག་ཐུར་གཉིས་ཀྱིས་གཙོ་བྱས་པའི་རླུང་འོད་ཟེར་སྣ་ལྔ་པ། སྣ་སྒོ་ནས་ནང་དུ་འཇུག་པའི་ཚེ་ཨོཾ་དང༌། ནང་དུ་གནས་པའི་ཚེ་ཨཱཿདང༌། ཕྱིར་འབྱུང་བའི་ཚེ་ཧཱུཾ་སྟེ། རླུང་གསུམ་པོའི་རང་སྒྲ་ཡི་གེ་འབྲུ་གསུམ་གྱི་གདངས་སུ་རང་གྲུབ་ཏུ་ཡོད་དོ་ཞེས་པ་ཙམ་ཞིག་རྣམ་པར་འཇོག་མོད་ཀྱང་རང་གྲུབ་ཀྱི་དངས་སུ་ཡོད་རྒྱུའི་ཡི་གེ་འབྲུ་གསུམ་པོ་དེ་འབྲུ་གསུམ་གྱི་མཚོན་དོན་གོང་དུ་བཤད་པ་ལྟར་ཡིན་གྱི། སྒྲ་སྐད་དེ་ལྟར་བུར་སྒྲོག་པ་ཙམ་ནི་མ་ཡིན་ནོ། །མི་གསལ་བའི་ཚུལ་གྱི་ཡོད་ཅེ་ན་ཡང་མི་རུང་སྟེ། མི་གསལ་བ་སྐད་ཆུང་ངུར་སྒྲོག་པ་ཡིན་ནོ་སྙམ་ན་བཞད་གད་ཀྱི་གནས་ཡིན་ཞིང༌། ཅི་ཡང་མི་གསལ་ན་སྒྲ་སྐད་ཡིན་པའང་འགལ་ལ། ནུས་པའི་ཚུལ་དུ་གནས་ཀྱང་མི་རུང་སྟེ། དཔེར་ན་རླུང་ནང་དུ་འོང་བ་ལ་ཨོཾ་ཞེས་བྱ་བའི་སྒྲའི་ནུས་པ་ཁོ་ན་ཡོད་ཀྱི། གཞན་གང་གི་ཡང་ནུས་པ་མེད་པའི་རྒྱུ་མཚན་མི་སྣང་བའི་ཕྱིར་རོ། །དེས་ན་རྒྱུད་རྣམས་ལས་ཡི་གེ་གསུམ་གྱི་རྡོ་བཟླས་རང་ལ་ཡང་སྦྱོར་ཚུལ་མི་འདྲ་བ་དུ་མ་དང༌། ཡི་གེ་གཉིས་པ་དང་ཡི་གེ་མང་པོའིབཟླས་པ་སོགས་མཐའ་


TNT05_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མ་ངེས་པ་དུ་མ་ཞིག་འབྱུང་ཡང་མི་འགལ་ཏེ། མཚོན་དོན་གྱི་གནད་ལ་མི་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཡི་གེ་གསུམ་བཟླས་པས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་བྱིན་གྱིས་རློབས་པར་འགྱུར་བ་དང༌། སྒོམ་པ་དབྱིབས་ཀྱི་ཡི་གེ་ལ་བརྟེན་ནས་བསྐྱེད་རིམ་གྱི་སྐབས་སུ་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་དང་པོའི་མགོན་པོ་ལ་སོགས་པའི་ལྷར་བསྐྱེད་པ་དང༌། བསྐྱེད་ཟིན་ནས་གནས་གསུམ་བྱིན་གྱིས་རླབས་པ་དང༌། མཐར་སྒྲ་བཅས་དང༌། ཤུབ་པུ་དང༌། ཡིད་བཟླས་སོགས་ཀྱང་འབྲུ་གསུམ་གྱི་སྒོ་ནས་བྱེད་པ་དང༌། དེའི་ཕྱིར་སྔགས་ཀྱི་བྱིན་རླབས་ཐམས་ཅད་ཀྱང་འདིའི་ཡིན་པར་འགྱུར་ཞིང༌། བསྐྱེད་རིམ་པས་དང་པོར་ལྷ་བསྐྱེད་པ་དང༌། བར་དུ་བྱིན་གྱིས་རླབས་པ་དང༌། མཐར་བཟླས་པ་རྣམས་འབྲུ་གསུམ་གྱིས་བསྒྲུབས་ནས། བསམ་པ་དང༌། འདུག་སྟངས་དང་ཕྱོགས་དང༌། དུས་ལ་སོགས་པ་ལས་དང་རྗེས་མཐུན་པར་བྱས་ནས། ཞི་སོགས་ལས་རབ་འབྱམས་རྣམས་ཀྱང་ཡི་གེ་གསུམ་ལ་བརྟེན་ནས་སྒྲུབ་པོ། །དེ་བཞིན་དུ་ཁ་ཟས་དང་གཏོར་མ་ལ་སོགས་པའི་རྗེས་བྱིན་གྱིས་རློབ་པ་ཡང་ཡི་གེ་གསུམ་གྱིས་བྱེད་ལ། རླུང་དང་འབྲུ་གསུམ་སྦྱར་བའི་བཟླས་པས་ལས་སྒྲིབ་སྦྱོང་བ་དང༌། ཚེ་བསྲེང་བ་དང༌། ཕྱོགས་དུས་འདུག་སྟངས་སོགས་ལ་མ་བལྟོས་པར་འབྱུང་བ་སོ་སོའི་དཀྱིལ་འཁོར་ལ་བརྟེན་ནས། ལས་བཞི་སྒྲུབ་པ་དང༌། བྱེད་ལས་ཀྱི་གཙོ་བོ་སྙིང་ག་ལ་སོགས་པ་རྩ་འཁོར་རྣམས་ཀྱི་དབུས་ན་གནས་པའི་མི་ཤིགས་པའི་ཐིག་ལེ་ལ་རླུང་རྣམས་ཐིམ་པའི་སྒོ་ནས་གཏུམ་མོ་འབར་བ་དང་ཞུ་བདེ་


TNT05_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་སྒྲུབ་ཅིང༌། དེ་ལ་བརྟེན་ནས་མ་དག་པ་དང་དག་པའི་སྒྱུ་ལུས་ཀྱང་འགྲུབ་པར་བྱེད་ལ། ཡན་ལག་གི་རླུང་གི་རྡོར་བཟླས་ཀྱིས་སྒོ་ལྔའི་མངོན་ཤེས་སམ་མངོན་ཤེས་དྲུག་འགྲུབ་པར་བྱེད་ལ། དེ་བཞིན་དུ་འདོད་ན་ས་ཆུ་མེ་རླུང་གི་ཡོན་ཏན་དང༌། ཟླ་ཉི་ནམ་མཁའ་རྣམ་ཤེས་ཀྱི་ཡོན་ཏན་ཏེ། ཕྲ་མོ་བརྒྱད་པོ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །ཁ་ཅིག་ཟུང་འཇུག་ཐོབ་ནས་རྡོར་བཟླས་ཀྱིས་མངོན་ཤེས་རྣམས་སྒྲུབ་དགོས་ཟེར་བ་ནི། གཞུང་འགྲེལ་གྱི་དོན་མ་གོ་བའི་འཆལ་གཏམ་ཡིན་ལ། བསྐྱེད་རིམ་མཐར་ཕྱིན་པས་སྤྱོད་པ་གསུམ་ཉམས་འོག་ཏུ་ཆུག་ཀྱང༌། རིག་པ་འཛིན་པའི་དངོས་གྲུབ་ཆེན་པོ་རྣམས་མ་གྲུབ་ན། འབྲུ་གསུམ་གྱི་བཟླས་པས་སྙིང་པོ་བསྐུལ་ན་འགྲུབ་པར། རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས་གསུངས་པ་ཡང༌། ཁ་ཅིག་རྡོར་བཟླས་འདིའི་ཆེ་བར་འདོད་མོད་ཀྱི། རྒྱུད་འདིར་བསྐྱེད་རིམ་གྱི་སྐབས་ཀྱི་བཟླས་པའི་གཙོ་བོ་ཡང༌། མཚན་སྔགས་དང་ས་བོན་གྱི་ཁ་བསྒྱུར་འཕྲན་བུ་མ་གཏོགས། བཟླས་སྔགས་ཀྱི་རྐང་འབྲུ་གསུམ་ཉིད་ཡིན་པས། སྐབས་དེར་ཡང་སྔགས་ཀྱི་གཙོ་བོ་དེ་གས་བསྐུལ་བ་ཡིན་པའི་ཕྱིར། དེས་སྔགས་གཞན་ལའང་རིགས་འགྲེ་བས་འབྲུ་གསུམ་གྱི་ཁྱད་ཆོས་སུ་མི་འགྱུར་རོ། །གཞན་ཡང་གཞིའི་དུས་སུ་ཡིག་གསུམ་ཨཱ་ལི་ཀཱ་ལིའི་རང་བཞིན་ཁུ་ཁྲག་དང་འདྲེས་ནས་བུ་དང་བུ་མོའི་ལུས་འགྲུབ་ཅིང༌། དེའི་ཚེ་ཐུར་སེལ་གྱི་རླུང་འབྱུང་འཇུག་གནས་གསུམ་ཡི་གེ་འབྲུ་གསུམ་གྱི་ངོ་བོར་གནས་པའི་རྒྱུ་ལས་བྱུང་བར་དགོངས་པ་ཡིན་ལ། སྟེང་གི་རླུང་ཡང་འབྲུ་གསུམ་གྱི་བདག་ཉིད་ཀྱི་ཕྱིར། དབང་པོ་ལྔ་ལ་བརྟེན་ནས་གཟུགས་


TNT05_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡུལ་ལྔ་འཛིན་པའི་བྱ་བ་བྱེད་དེ། གཞི་དང་མཐུན་པར་ལམ་བསྒོམ་པའི་སྐབས་ཀྱང༌། སྲོག་དང་ཐུར་སེལ་ལ་གནད་དུ་བསྣུན་དགོས་པའི་གནད་ནི་དེ་ཡིན་ནོ། །གཉིས་པ་སྔགས་ཀྱི་བརྡ་ནི་ཐོག་མར་ཨོཾ་མེད་པ་ནི་མགོ་མེད་དང༌། མཐའ་ན་སྭཱ་ཧཱ་མེད་པ་ནི་མཐའ་མེད་དང༌། གཉིས་ཀ་ཡོད་པ་ནི་སྦྲུལ་དང༌། གཉིས་ཀ་མེད་པ་ནི་བཏུས་པ་ཞེས་བྱ་ན། ལྷ་རྣམས་ཀྱི་རྩ་སྔགས་དང་སྙིང་པོ་ལ་སོགས་པའི་སྔགས་ཐམས་ཅད་ཀྱང་དེ་བཞིར་ནི་འདུས་སོ། །བརྗོད་པ་སྒྲའི་འབྲུ་གསུམ་དངོས་ནི་བཟླས་བྱར་བྱེད་ན་འཇུག་མེད་ཡིན་ཀྱང༌། བསྡུད་བྱ་སྡུད་བྱེད་ཀྱི་དབང་ལས། སྔགས་ཐམས་ཅད་འབྲུ་གསུམ་གྱི་དག་པར་འདུས་པའོ། །ཇི་ལྟར་འདུས་ན། ཨོཾ་ཁོ་ན་ཡོད་པའི་སྔགས་རྣམས་ཨོཾ་ཡིག་དང༌། སྭཱ་ཧཱ་ཁོ་ན་ཡོད་པའི་སྔགས་རྣམས་ཨཱཿཡིག་དང༌། གཉིས་ཀར་ཡོད་པ་རྣམས་གཉིས་ཀས་བསྡུས་ཤིང༌། གཉིས་ཀ་མེད་པ་ནི་ཧཱུཾ་གིས་བསྡུས་སོ། །དེ་ཡང་ཨོཾ་དང་བཅས་པ་ནི་སྐུའི་རྣམ་པ་སྒྲུབ་པའི་དོན་དང༌། སྭཱ་ཧཱར་བཅས་པ་ནི་སྔགས་ཚིག་གི་ནུས་པ་སྒྲུབ་པའི་ཕྱིར་དང༌། དེ་གཉིས་དང་བྲལ་བ་ནི་སེམས་ཀྱི་ནུས་པ་སྒྲུབ་པའི་ཆེད་དུ་གཙོ་བོར་སྦྱོར་བས་རྒྱུ་མཚན་དེའི་ཕྱིར་ཡིན་ལ། བཞི་པ་སྦྲུལ་ནི་སྤྱིར་ཡེ་ཤེས་རྡོ་རྗེའི་དག་པ་དང་སྦྱོར་ཡང་སྐབས་འདིར་རྣམ་གཞག་མ་མཛད་པས་སྤྱི་ཁྱབ་ཏུ་བཏང་ངོ༌། །ཡང་ཨོཾ་གྱི་བརྡས་རླུང་ནང་དུ་འཇུག་པ་དང༌། ཨཱའི་བརྡས་ནང་དུ་གནས་པ་དང༌། ཧཱུཾ་གི་བརྡས་ཕྱིར་ལྡང་བ་གསུམ་བསྟན་པ་ཡིན་ན་དེ་དག་ལ་ཡང་སྔགས་བཞི་པོ་དེ་དག་དང་མཚུངས་པའི་ནུས་པ་འབྱོར་ཞིང༌། དེའི་ཕྱིར་སྔགས་ཐམས་ཅད་


TNT05_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བཟླས་པར་འདུས་ལ། རླུང་མྱུར་བ་སྟེ་ཕྱིར་ལྡང་བ་ནི་ལྷ་རྣམས་གཤེགས་སུ་གསོལ་བ་དང༌། རྣམ་སྡུད་དེ་ནང་དུ་འཇུག་པ་ནི་སྤྱན་འདྲེན་པ་དང༌། དལ་བ་ཅན་ཏེ་ནང་དུ་གནས་པ་ནི། བཞུགས་སུ་གསོལ་བ་ཡིན་པས། རྒྱུད་སྡེ་འོག་མ་རྣམས་སུ་ལག་པའི་ཕྱག་རྒྱ་བཅིངས་པས་ལས་དེ་གསུམ་བྱ་བའི་དགོས་པ་ཐམས་ཅད་འདིས་འགྲུབ་ཅིང་རྫོགས་རིམ་པས་ཕྲན་ཚེགས་ཀྱི་ལས་སྒྲུབ་ན་འདི་བཞིན་བྱ་བའང་ཡིན་ཏེ། འཇུག་པའི་ཚེ་ལྷ་རྣམས་སྙིང་ག་ལ་སོགས་པར་སྤྱན་དྲངས། གནས་པའི་ཚེ་ལས་ལ་སྦྱོར་བའི་དམིགས་པ་བྱེད། ལྡང་བའི་ཚེ་ལས་ལ་བསྐུལ་བ་ཡིན་ནོ། །གསུམ་པ་སྔགས་ཀྱི་དོན་ནི། སྔགས་ཀྱི་དགོས་པ་སྟེ། སེམས་དམིགས་དང་རིམ་པ་བཞི་པ་ལ་སོགས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ལྷ་དང༌། བདག་བྱིན་རླབས་པ་རྣམ་པ་གཉིས་ལ་སོགས་པ་སྒྱུ་མ་ལྟ་བུའི་ལྷ་སྐུ་སྟེ། སྔགས་ཀྱི་དོན་ནི་ལྷ་ཡིན་ལ། དེ་ཡང་གོང་དུ་སྨོས་པ་ལྟར་རླུང་ལ་བརྟེན་ནས་སྐུ་གསུང་ཐུགས་རྡོ་རྗེའི་འདྲ་མཚུངས་ཀྱི་ཉམས་ལེན་བྱས་པས། གནས་སྐབས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་གྲུབ་པ་སྟེ། ཐུགས་ནི་བདེ་བ། སྐུ་ནི་དཀྱིལ་འཁོར། གསུང་ནི་གཉིས་ཀ་ལ་ཁྱབ་པའོ། །བཞི་པ་སྔགས་ཀྱི་དོན་དམ་པ་ནི་དགོངས་པ་ལུང་སྟོན་ལས། འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆད་པ་རྣམ་པར་སྤངས། །དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་རྟག་ཆད་སྐྱེ་འགག་དང་བྲལ་བའི་སེམས་ཀྱི་གནས་ལུགས་སོ་སོ་རང་གིས་རིག་པའི་བདེ་ཆེན་དེ་ནི། ཇི་སྐད་དུ་


TNT05_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་པ་ལྟར། དུས་གསུམ་མཁྱེན་པ་སངས་རྒྱས་ཀྱིས་ཀྱང་མ་བྱས་ན། གཞན་གྱིས་སྨོས་ཀྱང་མ་དགོས་ཏེ། གདོད་ནས་གྲུབ་པ་འདུས་མ་བྱས་པའི་མཚན་ཉིད་དོ། དེ་ལྟར་བུའི་དབྱིངས་དེར་རླུང་རྣམས་ཐིམ་པས། རྣམ་པར་རྟོག་པ་ཐམས་ཅད་ཀྱང་ནམ་མཁའ་དང་དབྱེར་མེད་པའི་སྤྲོས་བྲལ་གྱི་རང་བཞིན་དུ་སངས་པ་དེ་ནི་སྔགས་ཀྱི་དོན་དམ་པ་སྟེ། ངག་ཆོས་དབྱིངས་སུ་ཐིམ་པས་ངག་དེ་ཆོས་དབྱིངས་ཀྱི་རྣམ་པར་ཤར་ པའོ། །འདི་ནི་སྒྲ་ཐམས་ཅད་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་དོན་དམ་རྡོ་རྗེའི་བཟླས་པ་ཡང་ཡིན་ནོ། །ཡང་དོན་དེ་མིང་གི་རྣམ་གྲངས་གཞན་གྱིས་བཤད་ན། རླུང་ཐམས་ཅད་འོད་གསལ་དུ་ཐིམ་པ་དང༌། སྒྲ་ཐམས་ཅད་ཨ་ཐུང་ལ་ཐིམ་པ་ཞེས་ཟེར་ཏེ། ཕྱི་ནང་གི་བསྟན་བཅོས་སྨྲ་བ་ཐམས་ཅད་ཀྱང་སྣ་ཚོགས་པའི་ཚིག་ལ་བརྟེན་ནས་སྨྲ་བར་བྱེད་ཀྱི། ཚིག་དེ་རྣམས་ཀྱི་ངེས་པའི་དོན་ཁོང་དུ་མ་ཆུད་དོ། །དེ་ཡང་བསྟན་བཅོས་ཐམས་ཅད་ནི་ཚིག་འདུས་པ་ལས་འབྱུང་ལ། ཚིག་ནི་མིང་འདུས་པ་དང༌། མིང་ནི་ཡི་གེ་འདུས་པ་ལས་སོ། །ཡི་གེ་ཐམས་ཅད་ནི་དབྱངས་དང་གསལ་བྱེད་དུ་འདུས་ཤིང༌། གསལ་བྱེད་ཀྱང་དབྱངས་སུ་འདུས་པ་དང༌། དབྱངས་གཞན་ཐམས་ཅད་ཨ་ཐུང་ལས་བྱུང་ཞིང༌། དེ་ལ་རྒྱུའི་ཡི་གེ་གཞན་མེད་པས་མ་སྐྱེས་པ་ཞེས་བྱའོ། །དེ་ནི་དཔེ་ཡིན་ལ། དོན་ནི་བརྗོད་པ་སྣ་ཚོགས་པའི་གཞི་སྟོང་ཕྲག་


TNT05_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཅུ་རྩ་གཉིས་ཀྱི་རྩ་ལ་གནས་པའི་རླུང་ཐམས་ཅད་འཁོར་ལོ་བཞིའི་འདབ་མའི་དབྱངས་གསལ་གྱི་རླུང་ལ་འདུས་ཤིང༌། དེ་དག་ཀྱང་འབྱུང་བ་ལྔའི་དངས་མ་དང༌། ཡང་མི་ཤིགས་པའི་རླུང་དང༌། དེའི་ཡང་དངས་མ་སྤྲོས་པ་དང་བྲལ་བའི་རང་རིག་བདེ་བ་ལ་ཐིམ་པར་འགྱུར་རོ། ། སྤྱོད་བསྡུས་སྒྲོན་མེ་ལས། དེ་རྣམས་མི་ཤིགས་པ་ལ་ཞུགས་ནས་དངོས་པོ་མེད་པར་འགྱུར་རོ་ཞེས་གསུངས་ཏེ། དངོས་པོ་མེད་པ་ནི་འོད་གསལ་ཏེ་རང་རིག་བདེ་ཆེན་དེའོ། དེས་ན་ཕུང་ཁམས་སྤྲོས་པའི་སྣང་བ་ཐམས་ཅད་འོད་གསལ་དུ་ཞུགས་པའི་ཚེ་ན། འོད་གསལ་དེ་ལ་ངོ་བོའི་དབྱེ་བ་མེད་ཀྱང༌། ལྡོག་ཆ་བཟུང་ན་གསལ་བའི་ཡེ་ཤེས་གསུང་སྒྲ་སྐད་དུ་ཤར་བའི་རྣམ་པ་དེ། སྔར་ངག་གི་བརྗོད་པ་རླུང་རྟོག་པར་བཅས་པ་ཡོད་པ་དེ་རྣམས་ཐིམ་པ་ལས་མངོན་དུ་གྱུར་པ་ཡིན་ཏེ། འོད་གསལ་གྱི་སྒྲ་དབྱངས་དེ་སྔར་ངག་ཚིག་ཐམས་ཅད་ལ་སྲོག་ཏུ་ཞུགས་ཀྱང་མ་མངོན་པ་ལས། འདིར་དེ་རྣམས་སྟོང་པར་ཐིམ་པ་ལས་དེ་མངོན་དུ་གྱུར་པ་ཡིན་ནོ། །དེས་ན་ཨ་ཐུང་གི་བརྡས་མཚོན་རྒྱུ་ནི། གསུང་འོད་གསལ་དོན་དམ་པའི་སྒྲ་སྤྲོས་བྲལ་དེ་ཡིན་ལ། དེ་ཉིད་རླུང་ལ་ཆོས་ཉིད་དུ་སོང་བའི་ལྡོག་ཆ་ནས་ནི་མི་ཤིགས་པའི་རླུང་ཞེས་བྱ་ཞིང༌། ཡང་འཁོར་བའི་དུས་སོགས་ན་དེ་ལས་འོད་གསལ་གྱི་རླུང་བྱུང༌། དེ་ལས་སྣང་བའི་རླུང་བྱུང། དེ་ལས་རླུང་བཅུ་སོགས་རགས་པ་རྣམས་བྱུང༌། རླུང་དེ་རྣམས་སྐུལ་པར་བྱེད་པ་པོ། སྒྲ་དོན་འདྲེས་འཛིན་གྱི་རྣམ་རྟོག་གིས་བསྐུལ་ནས་བྱེད་པ་ལྕེ་རྐན་ལ་སོགས་པ་ཕྲད་པའི་རྐྱེན་གྱིས། འབྲས་བུ་མིང་ཚིག་


TNT05_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་གཟུགས་སུ་ཤར་བའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་འདི་རྣམས།སྤྱོད་བསྡུས་ལས་གསུངས་པའི་དོན་གྱི་སྙིང་པོ་འདུས་ཤིང་ཞིབ་ལ་གསལ་བར་བཀོད་པ་ཡིན་ཏེ། ཚིག་རྣམས་དྲངས་ན་མངས་ཀྱི་དོགས་པས་བཞག་གོ །གཉིས་པ་ནི་དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་ངག་དབེན་གྱི་དེ་ཁོ་ན་ཉིད་གསུམ་པ་བཟླས་པའི་དེ་ཁོ་ན་ཉིད་ཅུང་ཟད་བཤད་ན། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཤེས་ནས། ཡུལ་རླུང་གི་དེ་ཁོ་ན་ཉིད་ཏེ་ཁྱད་ཆོས་སྔགས་ཀྱི་དེ་ཁོ་ན་ཉིད་དང་ལྡན་པ་དེ་ལ་དེ་དང་མཚུངས་པར་ཉམས་ལེན་བྱེད་པ་ནི་བཟླས་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་ཡིན་པས། གཞན་གཉིས་གོ་ཡུལ་དུ་བྱས་ཤིང་ལག་ལེན་ནི་གནས་འདི་ལ་སྦྱོར་དགོས་པས། ངག་དབེན་གྱི་ལམ་དངོས་དང་རྡོར་བཟླས་ཀྱི་ཉམས་ལེན་དངོས་ནི་འདི་ཡིན་ནོ། །དོན་འདི་གཞུང་དོན་གྱི་སྐབས་སུ་ཞིབ་མོར་འཆད་པར་ཡང་འགྱུར་མོད་ཀྱི། སྤྱི་དོན་ཅུང་ཟད་ཙམ་བརྗོད་ན། འབྲུ་གསུམ་གྱི་ནང་གི་སྔགས་བཏུ་བ་བཤད་པས་འབྲུ་གསུམ་གྱི་དོན་ལ་ངེས་ཤེས་བསྐྱེད་པ་དང་དོན་དེ་ཉིད་སྣ་རྩེ་གསུམ་གྱི་གདམས་པས་ཇི་ལྟར་སྒྲུབ་པའི་ཚུལ་དང༌། རྣལ་འབྱོར་དྲུག་གི་རིམ་པ་ཇི་ལྟར་རྒྱུད་ལ་བསྐྱེད་པ་སྟེ་གསུམ་ལས། དང་པོ་ནི། རྡོ་རྗེ་འཕྲེང་བ་ལས་ཨ་ནི་ཆོས་འཁོར་པདྨར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་བསྡུས། །ཨུ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡི། །


TNT05_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་མཐར་གནས་སྤྱི་གཙུག་མཐར། ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། །བདེ་ཆེན་འཁོར་ལོ་ཞེས་བྱར་གནས། །ཡི་གེ་མ་ནི་ཐིག་ལེ་ཙམ། །མཐོ་བའི་ཚད་ནི་སོར་བཅུ་གཉིས། །རྒྱལ་པོ་གཙུག་ཏོར་ནང་ན་ནས། ཞེས་ཨོཾ་ཡིག་འཐུ་བ་སྟེ། །སྙིང་ག་ཆོས་འཁོར་ན་གནས་པའི་སྲོག་གི་རླུང་ཨ་ཐུང་གི་བརྡས་མཚོན་པ་དང༌། མགྲིན་པ་ན་གནསཔའི་གྱེན་རྒྱུ་ཨུ་ཡིག་གི་བརྡས་མཚོན་པ་ཁམས་དམར་པོའི་འོད་དང་འདྲེས་པས་ཉི་མ་དང་མེ་ལྟར་གཟི་བརྗིད་ཅན་ཨུ་ཡིག་གི་བརྡས་བསྟན་པ་དེ་དང༌། བདེ་ཆེན་འཁོར་ལོའི་དབུས་སུ་གནས་པའི་ཐིག་ལེ་མ་ཡིག་གི་བརྡས་མཚོན་པ་རྐན་ནས་གཙུག་ཏོར་གྱི་བར་སོར་བཅུ་གཉིས་ཀྱི་ཚད་དུ་ཁྱད་པ་དེ་གསུམ་སྤྱི་བོར་བསྡུས་པ་ནི། ཨོཾ་གྱིས་མཚན་པར་བྱེད་པ་སྟེ། བསྐྱེད་རིམ་ལ་སྤྱི་བོར་ཨོཾ་བསྒོམ་པའི་ངེས་དོན་ནོ། །གྱེན་རྒྱུ་ཨུ་ཡིག་ཏུ་བཤད་པ་ནི། མགྲིན་པའི་ཨོཾ་གྱི་རྒྱུ་ཡིན་པ་ལ་དགོངས་སམ་སྙམ་སྟེ། རྒྱུད་འདི་ཉིད་ལས། གྱེན་རྒྱུ་སྟེང་དུ་འགྲོ་བ་ན་ཨཱུའི་སྒྲ་ཅན་དུ་བཤད་དོ། །ཡི་གེ་ཨ་ནི་སྔར་བཤད་ཟིན། སྲོག་གི་རླུང་ནི་མཆོག་ཡིན་ནོ། ཞེས་དང༌། ཨ་ནི་ཆོས་འཁོར་པདྨ་ལས། མགྲིན་པར་ཡི་གེ་ཨ་ཉིས་འགྱུར། །སྲོག་ཉིད་དང་ནི་ཐུར་སེལ་བ། །ཡི་གེ་ཧ་ཡིས་ཀུན་ནས་ནི། །མགྲིན་པའི་དབུས་ན་གནས་པ་བཅིངས། །ཞེས་པ་ནི་ཨཱཿཡིག་འཐུ་བ་སྟེ། སྙིང་གའི་སྲོག་འཛིན་ཨ་དེ་མགྲིན་པའི་ཨ་དང་འཕྲད་པ་ལས་ཉིས་འགྱུར་རིང་པོར་འགྱུར་བས་ཨཱ་ཞེས་བྱ་ཞིང༌། ཐུར་སེལ་ཧ་ཡང་དེ་ལ་བསྣན་པས་ཚིག་དྲག་ཏུ་གྱུར་པ་ནི་ཨ་ཡིག་གི་མཚོན་དོན་ཏེ།


TNT05_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿབསྒོམ་པ་ཡང་འདི་ལ་དགོངས་པས་མགྲིན་པའི་དབུས་སུ་བཅིང་ཞེས་པའོ། ཧ་ནི་ཐུར་སེལ་མིང་ཅན་རླུང༌། བཤང་སྒོ་གསོད་པའི་དབུས་ན་གནས། ཡི་གེ་ཨཱུ་ནི་སྟེང་འགྲོའི་རླུང༌། མགྲིན་པའི་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བ་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ག་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། ཅེས་པ་ནི་ཧཱུཾ་ཡིག་འཐུ་བ་སྟེ། ཐུར་སེལ་གྱི་རླུང་ཧའི་བརྡས་བསྟན་པ་དང༌། མགྲིན་པའི་རླུང་ཨཱུ་རིང་པོའི་བརྡས་བསྟན་པ་གཉིས་འཛོམ་པའི་སྟེང་དུ། སྲོག་གི་རླུང་སྤྱི་བོ་དང༌། སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་འདྲེས་པ་ཐིག་ལེ་ཀླད་སྐོར་གྱི་གཟུགས་ལ་སོགས་པ་མཚོན་བྱེད་དུ་མའི་བརྡས་བསྟན་པ་སྟེ། དཔྲལ་བ་མན་ཆད་དང༌། བཤང་ལམ་ཡན་ཆད་ཀྱི་རླུང་དང་ཐིག་ལེ་འདུས་པ་ཨུ་མའི་དབུས་སྙིང་གར་ཐིམ་པ་ནི། ཧཱུཾ་ཡིག་སྙིང་གར་འགོད་པའི་མཚོན་དོན་ནོ། །དེ་ལ་དཔེ་ནི། སཾ་སྐྲི་ཏའི་བརྗོད་ཚུལ་ལ། ཨའི་ཡི་གེ་ཕ་རོལ་ཨུ་ཡིག་མཐོང་བ་ལས་ཨོར་གྱུར་ཞིང༌། ཕ་རོལ་ཨུ་ཡི་ཉིད་ཕྱིས་པ་དང༌། ཨའི་ཡི་གེ་གཉིས་མཚུངས་འདྲ། སྔ་མ་རིང་པོར་གྱུར་ཞིང་ཕྱི་མ་ཕྱིས་པ་དང༌། ཧ་ཡིག་སྲོག་མེད་ཨཱུ་རིང་པོའི་སྟེང་དུ་དྲངས་པ་ དང༌། མ་སྲོག་མེད་རྗེས་སུ་ང་རོར་གྱུར་ཞིང༌། མཐར་བརྟེན་གྱི་ཧ་སྲོག་མེད་ཀྱང་རྣམ་བཅད་དུ་གྱུར་པ་དཔེར་བྱས་ནས། ནང་དུ་སྲོག་དང་གྱེན་རྒྱུ་ཐུར་སེལ་ཏེ་རླུང་གསུམ་དང༌། སྤྱི་བོ་དང་སྙིང་གའི་ཐིག་ལེ་གཉིས་པོ་རོ་མཉམ་དུ་བྱེད་པའི་དོན་ཡིན་པར་བཤད་ན། སྤྱི་བོའི་ཐིག་ལེའི་ཤུགས་ལ་ཁྱབ་བྱེད་ཀྱི་རླུང་ཡང་


TNT05_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཤིང༌། བཤང་སྒོའི་ཐུར་སེལ་གྱི་ཤུགས་ལ་ལྟེ་བའི་མེ་མཉམ་ཡང་གོ་ནུས། གྱེན་རྒྱུའི་སྐབས་སུ་མགྲིན་པའི་གཏུམ་མོ་དམར་ཆ་ཡང་བསྟན་པས། དེའི་ཤུགས་ལ་ལྟེ་བའི་གཏུམ་མོ་ཡང་གོ་དགོས་སོ། །རྒྱུ་འདིའི་སྐབས་འདི་ཐད་ཀྱི་འབྲུ་གསུམ་རླུང་དང་སྦྱོར་ཚུལ་ལ། རྒྱ་བོད་ཀྱི་ཆེས་ཆེ་བ་རྣམས་ལའང་འཆད་ཚུལ་སྣ་ཚོགས་ཡོད་ཀྱང་འཕགས་སྐོར་དང་བསྟུན་ནས་བཤད་དགོས་པས། རླུང་ནང་དུ་འོང་བའི་ཚེ་སྤྱི་བོའི་ཧཾ་ལ་རེག་པས་བདེ་བའི་ཆ་ཤས་ཐུར་དུ་འབད་པ་དང༌། དེ་ནས་མགྲིན་པའི་མེ་རླུང་གི་ཤུགས་ཀྱི་གསལ་ཆ་དང༌། སྙིང་གའི་སྟོང་ཉམས་མི་རྟོག་པ་རོ་གཅིག་ཏུ་འདྲེས་པའི་ཚུལ་གྱི་བསྒོམ་པ་དང༌། གནས་པའི་སྐབས་མགྲིན་པ་དང་ལྟེ་བའི་གཏུམ་མོའི་ནུས་པ་ལས་གསལ་སྣང་དང༌། ཐུར་སེལ་གཏུམ་མོ་དང་འདྲེས་པས་སྔར་བབས་པའི་ཐིག་ལེ་བསྐྱིལ་བའི་བདེ་བ་དང༌། སྙིང་གའི་མི་ཤིགས་པས་དབང་བྱས་པས་མི་རྟོག་པ་གཙོ་བོར་གྱུར་པ་སྟེ། རླུང་གནས་པའི་ཏིང་ངེ་འཛིན་འཆར་ཚུལ་དེ་བཞིན་ཡིན་ལ། ཕྱིར་འགྲོ་བའི་ཚེ་ཐུར་སེལ་གཏུམ་མོ་འབར་བ་དང་བཅས་པའི་གསལ་སྣང་དེ་མགྲིན་པའི་གཏུམ་མོ་དང་འདྲེས་པས་སྟོབས་ཆེན་པོར་གྱུར་ནས་གྱེན་དུ་འགྲོ་བའི་ཞུ་བདེ་ཅུང་ཟད་དང་སྙིང་གའི་མི་ཤིགས་པ་ལས་བྱུང་བའི་མི་རྟོག་པས་ཅི་རིགས་པ་བརྒྱན་པའི་ཡེ་ཤེས་སྐྱེ་བའི་དོན་ཏེ། རླུང་ཕྱིར་འགྲོ་བ་ལས་བྱུང་བའི་ཏིང་ངེ་འཛིན་ནོ། །དེ་ལྟར་ན་ཨོཾ་ནང་དུ་འོང་བ་བདེ་ཆ་གཙོ་ཆེ། ཨཱཿནང་དུ་གནས་པ་མི་རྟོག་པ་གཙོ་ཆེ། ཧཱུཾ་ཕྱིར་འགྲོ་བ་གསལ་ཆ་གཙོ་ཆེ་སྟེ། ཡི་གེ་གསུམ་གྱི་སྔགས་


TNT05_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཏུའི་མཚོན་དོན་དེ་འདྲ་ཡིན་ལ། ངག་དབེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ན་དེ་ལྟར་འབྱུང་བ་ཡིན་ནོ། །སྤྱིར་རྡོ་རྗེ་གསུམ་གྱི་གཙོ་བོ་ཐུགས་རྡོ་རྗེ་ཡིན་པས། དུས་འཁོར་སོགས་ལས་ཐུགས་ཀྱི་ས་བོན་ཧཱུཾ་གནས་པ་ལ་སྦྱོར་ཞིང་འཕྲེང་བའི་དངོས་བསྟན་ཡང་དེ་དང་འགྲིག་མོད། གཞུང་འདི་སོགས་མང་པོ་ཞིག་ཏུ་ཨཱཿཡིག་གནས་པ་དང་སྦྱར་ཏེ་བཟླས་པའི་གཙོ་བོར་བྱེད་པ་ནི། སྤྱིར་ཐུགས་གཙོ་བོ་ཡིན་ཡང་ངག་དག་བྱེད་ཀྱི་སྐབས་སུ་གསུང་གཙོ་བོར་བྱེད་པ་ལ་དགོངས་སོ། །སྤྱིར་རྡོ་རྗེའི་བཟླས་པ་ཞེས་པ་སྤྱི་མིང་བྱེ་བྲག་ལ་ཐོགས་ནས། རླུང་ཤུགས་དྲག་པོས་མ་བཀག་པའི་འབྱུང་འཇུག་གནས་གསུམ་ཅར་ལ་ཆ་མཉམ་པར་སྤྱོད་པའི་རྣལ་འབྱོར་ནང་གི་དེ་ཉིད་ཅན་རྣམས་ལ་ཕལ་ཆེར་གྲགས་སོ། །དེ་ནི་གྲགས་པ་ཙམ་ཡིན་གྱི། ནང་གི་དེ་ཉིད་དང་སྦྱོར་བ་མེད་ན་ནི། འབྱུང་འཇུག་གནས་གསུམ་ཆ་མཉམ་པས་ཀྱང་རྡོར་བཟླས་སུ་མི་འགྱུར་ལ། གོང་དུ་བཤད་པའི་ནང་གི་དེ་ཉིད་ལམ་དུ་བྱེད་པའི་ཚུལ་དུ་བསྒོམ་ན་ནི་བུམ་པ་ཅན་དང༌། རྡུལ་མཐའ་ཅན་དང༌། གང་བ་ཅན་དང༌། རེངས་པ་ལ་སོགས་པ་རླུང་སྦྱོར་གང་བསྒོམས་ཀྱང་རྡོ་རྗེའི་བཟླས་པ་ཡིན་ཏེ། དེ་ཉིད་ཤེས་པས་ཐུན་མཚམས་སྤྱོད་ལམ་ལ་གནས་པའི་རླུང་ཡང་རྡོ་རྗེའི་བཟླས་པ་ཡིན་ན། དེ་དག་ཅིའི་ཕྱིར་མ་ཡིན་ཏེ། དེ་ལ་ནི་རླུང་སྦྱོར་ཐམས་ཅད་རྡོ་རྗེའི་བཟླས་པའོ། །གཞུང་འདིར་རྡོ་རྗེའི་བཟླས་པ་ཞེས་གསུངས་པ་ཡང་འདི་ཁོ་ན་ཡིན་གྱི། བསྐྱེད་རིམ་དང་ཡང་ཐུན་མོང་པ་རྩ་ལམ་སྦྱོང་བྱེད་ལ་གཙོ་བོར་བསྔགས་པའི་རྡོར་བཟླས་ཉེ་ཚེ་བ་དེ་ཁོ་ན་ལ་ཟེར་བ་མ་ཡིན་ནོ། །དེའི་ཕྱིར་རྡོར་བཟླས་ཞེས་པ་བྱུང་ན་ཉེ་


TNT05_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བ་དེ་ཁོ་ན་ལ་བསམས་ནས་བུམ་པ་ཅན་ལ་སོགས་པ་གཞན་པས་དེ་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་ངལ་བ་ཆེན་པོས་སྒྲུབ་བྱེད་འགོད་པ་ནྀ། དོན་མ་གོ་བའི་སྐྱོན་དང་ཕྱོགས་སུ་ལྷུང་པའི་སྐྱོན་ཏེ་སྐྱོན་གཉིས་དང་ལྡན་པའོ། །གཉིས་པ་དོན་དེ་ཉིད་སྣ་རྩེ་གསུམ་གྱི་གདམས་པས་ཇི་ལྟར་སྒྲུབ་པའི་ཚུལ་ནི། དེ་ཡང་རྡོར་བཟླས་ཀྱི་དེ་ཁོ་ན་ཉིད་རྗེས་མཐུན་པ་ཙམ་མངོན་དུ་གྱུར་པ་ལ། མི་རྟོག་པའི་ཚུལ་གྱིས་དངོས་སུ་ཉམས་སུ་མྱོང་པ་ནི། ངག་དབེན་གྱི་ཡེ་ཤེས་སྐྱེས་པ་ཡན་ཆད་ལ་འབྱུང་བ་ཡིན་གྱི། དེའི་སྔ་རོལ་དུ་མོས་སྒོམ་གྱིས་ཚུལ་གྱི་ཉམས་ཐོག་ཏུ་སྦྱོར་བ་ཡིན་ནོ། །དེ་འདྲ་ལ་དབྱེ་ན་གསུམ་གྱི་དང་པོ་འོད་ཀྱི་ཐིག་ལེའི་ཉམས་ལེན་ནི། འོད་ཀྱི་ཐིག་ལེ་བྱ་བ་ཕྱི་ནང་དུ་རྒྱུ་བའི་དབུགས་ཀྱི་མིང་ཡིན་ཏེ། དེ་འབྱུང་འཇུག་གི་སྒོ་སྣའི་བུག་ནས་བྱེད་པས་གདོང་གི་སྣ་རྩེར་བསྒོམ་ཞེས་བྱའི། སྣ་རྩེའི་ནང་དུ་དམིགས་པ་གཏོད་དགོས་པ་ནི་མ་ཡིན་ནོ། ། འདི་ལ་བོད་རྙིང་པ་ཕལ་ཆེ་བ་ནི། གྱེན་རྒྱུ་མགྲིན་པ། སྲོག་འཛིན་སྙིང་ག། མཉམ་གནས་ལྟེ་བ། ཐུར་སེལ་གསང་བ། ཁྱབ་བྱེད་སྤྱི་བོ་རྣམས་ནས་བཟླས་པ་བྱེད་ལ། གསང་འདུས་འཕགས་སྐོར་བ་གསར་པ་རྣམས་ནི། རླུང་བཅུ་པོ་གང་ལ་རྡོར་བཟླས་བྱེད་ཀྱང༌། སྙིང་གའི་འཁོར་ལོ་ཁོ་ན་ལ་བྱེད་དགོས་ཏེ། གཞན་དུ་ན་སྤྱིར་གསང་འདུས་དང༌། སྒོས་སུ་འཕགས་སྐོར་གྱི་དགོངས་པར་ཡེ་མི་འགྱུར་གསུང་ངོ༌། །གསར་རྙིང་དེ་དག་རྣམས་ཕལ་ཆེར་རྩ་ལམ་སྦྱོང་བའི་རྡོར་བཟླས་ཙམ་ལ་ངོས་འཛིན་པར་འདྲའོ། །རྒྱ་བོད་འགའ་ཞིག་བུམ་ཅན་ལ་སོགས་པའི་རླུང་སྦྱོར་ཡང་སྐབས་འདིར་སྦྱོར་བ་ནི། འཐད་


TNT05_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མི་འཐད་གོང་དུ་སྨྲས་པ་ལྟར་ཡིན་ནོ། །རང་ལུགས་ནི་དཔེར་ན། སྙིང་གའམ་ལྟེ་བ་ལྟ་བུ་རྩ་འཁོར་རེ་རེ་ནས་ཀྱང་རླུང་བཅུ་ཀར་གྱི་རྡོར་བཟླས་ཀྱང་བྱ་རུ་རུང་ལ། སོ་སོའི་གནས་ནས་ཀྱང་རུང་སྟེ། རྩ་འཁོར་ཐམས་ཅད་ལས་ཀྱང་སྣང་བཞིའི་ཡེ་ཤེས་བསྐྱེད་ནུས་པ་ཤ་སྟག་དང༌། ཅི་སྟེ་སྙིང་ག་ཉིད་གྲོལ་བ་དགོས་ན་ཡང་ལྟེ་བ་ལྟ་བུ་ཞིག་གི་རྩ་མདུད་གྲོལ་ན་སྙིང་ག་ཡང་འབད་མེད་དུ་གྲོལ་བར་འགྱུར་བའི་ཕྱིར། འདོད་དོན་འགྲུབ་པའི་རྒྱབ་དཔུང་ཁོ་ནར་འགྱུར་གྱི་གནད་འཆུག་པ་ཡེ་མིན་ནོ། །འོན་ཀྱང་ད་ལྟ་ཕལ་ཆེར་ལ་རྡོར་བཟླས་སུ་གྲགས་པའི་འབྱུང་འཇུག་གི་རྣལ་འབྱོར་འདི་རྣམས་བསྟེན་པས་རགས་པའི་རྩ་རྣམས་ཀྱི་མདུད་པ་འཇོམས་པ་ལ་བསྔགས་པར་བཤད་དོ། །གཉིས་པ་མི་ཤིགས་པའི་ཐིག་ལེ་ཞེས་བྱ་བ་རྩ་འཁོར་ལོ་རྣམས་ཀྱི་སྙིང་གའི་སྣ་རྩེ་ན་རླུང་སེམས་དང་ཐིག་ལེ་འདྲེས་པའི་དངས་མ་ཀུན་རྫོབ་པ་རེ་ཡོད་པས། དེར་རགས་པའི་རླུང་དང་ཁམས་རྣམས་ཡང་ཡང་ཐིམ་པར་བྱས་ན། ཡེ་ཤེས་ཀྱི་ཐིག་ལེའི་ཆ་ཤས་ལ་རེག་ནས་སྣང་བ་བཞིའི་ཡེ་ཤེས་འདྲེན་པར་བྱེད་པ་ཡིན་ཏེ། ཉམས་ལེན་དམིགས་པའི་གནད་ནི། དེ་དག་ཏུ་ཡིག་འབྲུ་ཐིག་ལེ་ལ་སོགས་པའི་གཟུགས་སམ། རེག་བྱ་བདེ་བ་ལ་དམིགས་པའམ། བྱེད་བཅིངས་འཁྲུལ་འཁོར་གྱིས་གནད་དུ་བསྣུན་པ་ལ་སོགས་པ་གང་གིས་ཀྱང་རུང་ལ། ཕྱག་རྒྱ་ཆེན་པོའི་གཟུགས་བརྙན་ལ་དམིགས་ན་ནི་གཞན་ཀུན་ལས་མཆོག་སྟེ། དམིགས་པ་གཅིག་ཏུ་ངེས་པ་མ་ཡིན་ལ། རླུང་གི་སྦྱོར་བ་ཡང་རྩོལ་བཅས་རྩོལ་མེད་སྣ་ཚོགས་པ་ཡོད་དོ། །མན་ངག་འདི་ནི་གདོང་གི་སྣ་རྩེའི་སྔོན་དུ་རྩ་གནས་སོ་སོར་རླུང་ཞུགས་


TNT05_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐིམ་གསུམ་བསྒྲུབ་པའི་ཕྱིར་བསྒོམ་དགོས་པ་ཡང་ཡོད་ལ། གཉིད་དང་སད་དུས་སོགས་ཉམས་མྱོང་སོ་སོར་སྤེལ་པའི་ཕྱིར། དེ་དང་མཉམ་དུ་བསྒོམ་པའང་ཡོད། དུས་སྔ་མར་འོད་ཀྱི་ཐིག་ལེ་བསྒོམས་པས་རགས་པའི་རྩ་མདུད་ཅི་རིགས་པར་གྲོལ་ནས། སླར་ཡང་མི་ཤིགས་པའི་ཐིག་ལེ་ལ་རླུང་སེམས་ཐིམ་པའི་ཕྱིར་བསྒོམ་པའང་ཡོད་པས་དུས་ལ་ངེས་པ་མེད་དོ། །གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པ་ནི། སྔ་མ་གཉིས་ལའང། གནད་དུ་བསྣུན་པའི་གཞི་རྫས་གཅིག་ཡོད་མོད་ཀྱི། མངོན་ཤེས་མ་ཐོབ་བར་དུ་དེ་མངོན་སུམ་དུ་མི་མཐོང་བས་རང་གི་ཡིད་ལ་ཤར་བ་ཉིད་ལམ་དུ་བྱེད་དོ། །འདིར་ཡང་བཅོས་མའི་དམིགས་པ་ཅུང་ཟད་བསྒོམ་པ་ཡོད་སྲིད་ཀྱང༌། གཙོ་བོར་རྫས་ཀྱི་ཐིག་ལེའི་བདེ་བ་ཉིད་ལ་མངོན་སུམ་དུ་དམིགས་པའི་ཕྱིར། རྫས་ཀྱི་ཐིག་ལེ་བསྒོམ་པ་ཞེས་བྱ་བ་ལ། འདི་རེག་མཐོང་གི་མཚན་མ་རྙེད་ན་ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་འགྲུབ་མོད། དེ་མིན་ན་ལས་ཀྱི་ཕྱག་རྒྱས་སྒྲུབ་བོ། དེ་ཡང་ཆགས་ལམ་གཙོ་བོར་བྱེད་པས་རླུང་གི་རྣལ་འབྱོར་ཅུང་ཟད་གོམས་ན། གཞན་ཤིན་ཏུ་བརྟན་པོར་མ་གྱུར་ཀྱང་བཙན་ཐབས་ཀྱི་སྦྱོར་བས་དཔེའི་ལྷན་སྐྱེས་མཚོན་པར་བྱེད་ཅིང༌། མཚོན་ན་དེས་རླུང་སེམས་དབུ་མར་འཕྲལ་དུ་སྡུད་ཐུབ་ལ། དེ་ཉིད་ཐུན་བཞི་ལ་སོགས་པར་ཡང་བསྒོམ་ཞིང༌། བར་བར་དུ་དམིགས་པ་དང་རླུང་གི་སྦྱོར་བས་དྲག་ཏུ་བསྐྱངས་པ་ན། དབུ་མར་ཞུགས་གནས་ཐིམ་གསུམ་བརྟན་པོར་འགྱུར་རོ། །དེ་འདྲ་དེས་རང་ལུས་ཐབས་ལྡན་བསྒོམ་པ་ན། སྟེང་སྒོའི་ལམ་ལ་བརྟེན་ནས་ཀྱང་རླུང་དབུ་མར་ཞུགས་གནས་


TNT05_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་གསུམ་དཀའ་བ་མེད་པར་འགྲུབ་བོ། ཡང་གོང་གི་ཐིག་ལེ་གཉིས་ཀྱི་རྣལ་འབྱོར་རང་ལུས་ཐབས་ལྡན་གྱི་སྒོ་ནས་ཡུན་རིང་དུ་བསྒོམས་པའི་གྲོལ་ལམ་གཙོ་བོར་བྱེད་པ་ཞིག་གིས་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང༌། སྤྱི་བོ་ནས་གསང་བའི་བར་གྱི་དགའ་བཞི་ཙམ་ཡང་ཡང་འདྲེན་ཐུབ་ཀྱང༌། གསང་བའི་རྩ་འཁོར་རྣམས་བདེ་བས་བྱིན་གྱི་བརླབ་པར་མ་ནུས་ཤིང༌། དེའི་ཕྱིར་འཁོར་ལོ་གཞན་རྣམས་ཀྱི་ཡང་མདུད་པའི་སྒོ་ཅུང་ཟད་གྲོལ་ཀྱང་ད་དུང་ཤིན་ཏུ་དམ་པར་སྣང་བ་ལ། ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་རྐྱེན་གྱིས་གསང་བ་དང་ནོར་བུའི་འཁོར་ལོ་ནང་གི་བདེ་བ་དམ་པས་བརླན། དེའི་རྐྱེན་གྱིས་རྩ་འཁོར་ཐམས་ཅད་ཀྱང་འཇམ་ཞིང་མཉེན་ལ་རྩ་མདུད་ལྷོད་པོར་འགྱུར། རླུང་གི་ཆ་ཤས་མང་པོ་ཞིག་དབུ་མར་མ་ཞུགས་པ་རྣམས་ཞུགས། ཞུགས་ལ་མ་འཆིངས་པ་རྣམས་བཅིངས། བཅིངས་ལ་མ་ཐིམ་པ་མང་པོ་ཐིམ། གཏུམ་མོ་འབར་ཚབས་ཆེ་ཞིང༌། བྱང་ཆུབ་ཀྱི་སེམས་ཞུ་བ་ཡང་སྟོབས་ཆེན་པོར་འགྱུར། དེས་ཐིག་ལེ་ཅུང་ཟད་དངས་པར་འགྱུར་ཞིང༌། སྔར་ལ་བལྟོས་ན་ཤིན་ཏུ་བརྟན་པར་ཡང་འགྱུར་རོ། །དེ་ལྟར་ན་འདི་བསྒོམ་པའི་དུས་སྐབས་གཉིས་སོ། །རྡོ་རྗེ་འཕྲེང་བ་ལས། རྩ་རྣམས་ཀུན་ཏུ་དབབ་པ་དང༌། བྱང་ཆུབ་སེམས་ནི་བརྟན་བྱས་ལ། །རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་གིས་བཟུང་བའི་སྐད་ཅིག་ལ། །རྐན་ལ་ཡི་གེའི་སྦྱོར་བ་དང༌། །ཀྵྨཾ་སྔགས་ཀྱི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་ནི་ཐོབ་པར་བཤད། ། ཅེས་འབྱུང་སྟེ། རྐན་ལ་ཡི་གེའི་སྦྱོར་བ་ནི། ཐབས་ཤེས་ཀྱི་རྩའི་སྦྱོར་བ་ཡིན་པར་འགྲེལ་པས་


TNT05_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར་ཡིན་ལ། རླུང་གིས་བཟུང་བ་ནི། རླུང་གི་བཙན་ཐབས་ཀྱི་སྦྱོར་བ་རྣམས་ཡིན་ཞིང༌། ཀྵྨཾ་སྔགས་ཀྱི་ཞེས་པ་ཀྵྨཾ་གྱི་ཡིག་གཟུགས་བསྒོམ་པ་མ་ཡིན་ཏེ། མ་ནི་ཞུ་བའི་ཐིག་ལེ། ཥ་ནི་གཏུམ་མོ་འབར་བའི་སྦྱོར་བས་ཟློག་པ། ཀ་ནི་ཁྱབ་པར་བྱེད་པ། ཀླད་སྐོར་ནི་རླུང་དང་བསྲེ་ཞིང་ཡེ་ཤེས་ཆེན་པོར་སྐྱེས་པའོ། །དེ་བཞིན་དུ། འཁོར་ལོ་བཞི་དང་ཐ་མི་ དད༌། །སྔགས་ནི་ལྷན་ཅིག་ཆོ་ག་བཞིན། །དཔའ་བོ་རྣལ་འབྱོར་མ་སྦྱོར་ བ། །གང་རྩེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང༌། །དེ་ཡིས་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་བཅུ་གཉིས། །རྩ་རྣམས་རབ་སད་གཟི་བརྗིད་ཀྱིས། བདེ་བ་ཀུན་གྱི་གོ་འཕང་མཆོག།བདེ་བ་ཆེན་པོའི་འཁོར་ལོ་ ཁྱབ། །ཅེས་གསུངས་སོ། །དེ་ལྟར་ན་སྣ་རྩེའི་སྦྱོར་བ་དེ་གསུམ་ཀར་ཡང༌། ངག་དབེན་དང་སྲོག་རྩོལ་གྱི་རིམ་པ་ཡིན་པ་བཞིན་དུ་རྡོ་རྗེའི་བཟླས་པ་ཡང་ཡིན་པས་གནད་འདི་གོ་ན། ཁ་ཅིག་རིམ་པ་འདིའི་སྤྱི་མིང་ནི་སྲོག་རྩོལ་གྱི་རིམ་པ་ཞེས་བྱ་ལ། རྡོར་བཟླས་ཀྱི་རིམ་པ་ཞེས་པ་ནི་བྱེ་བྲག་གི་མིང་སྤྱི་ལ་ཐོགས་པ་ཡིན་ནོ་ཞེས་ཟེར་བ་དང༌། ནང་གི་སྲོག་རྩོལ་རྡོར་བཟླས་དང༌། ཕྱིའི་སྲོག་རྩོལ་ལས་རྒྱ། ཞེས་ཟེར་བ་སོགས་ཅུང་ཟད་ནི་གོ་ལ་ཅི་རིགས་པར་ནི་མ་གོ་བའི་འཁྲུལ་གཞི་ཐམས་ཅད་སངས་པར་འགྱུར་རོ། །གསུམ་པ་རྣལ་འབྱོར་དྲུག་གི་རིམ་པ་ཇི་ལྟར་རྒྱུད་ལ་སྐྱེད་པ་ནི། སློབ་དཔོན་དབྱིག་གཉེན་གྱི་མཛོད་འགྲེལ་ལས། བགྲངས་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་པ་དང་ནི་བསྒྱུར་བ་དང༌། །


TNT05_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དག་རྣམ་པ་དྲུག་ཏུ་འདོད། ཅེས་འབྱུང་བ་རྣམས་རྡོར་བཟླས་དངོས་ཏ་ག་ལ་ཡིན་ཏེ། འོན་ཀྱང་རྡོར་བཟླས་ཀྱི་རྣལ་འབྱོར་དྲུག་པོ་དང་མིང་ཡང་གཅིག་ལ་མཚན་ཉིད་ཀྱང་ཕལ་ཆེར་ཕྱོགས་མཚུངས་སོ། །དེ་ལ་བགྲང་བ་ནི་མ་ནོར་བར་བགྲོང་པ་སྟེ། སྟོང་གི་བར་དུ་ནུས་ན་ཞི་གནས་འགྲུབ་པ་ཡིན་ནོ་ཞེས་ལོ་ཙ་བ་ཆེན་པོ་ཡེ་ཤེས་སྡེས་བཤད་དོ། །རྗེས་འགྲོ་ནི། དབུགས་འགྲོ་འོང་ལ་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་གཞན་གསུམ་ཡང་རྗེས་སུ་འགྲོ་བར་ཤེས་པའོ། །འཇོག་པ་ནི་རླུང་ནང་དུ་གནས་པ་ན། སྣ་སྒོ་ནས་རྐང་མཐིལ་གྱི་བར་དུ་འཕྲེང་བ་ལྟར་གོང་བུར་གནས་པར་ཤེས་པའོ། །རྟོག་པ་ནི་རླུང་གི་ལས་ཕན་གནོད་ལ་སེམས་པའོ། །བསྒྱུར་བ་ནི་རླུང་གི་འདུ་ཤེས་བདག་མེད་ལ་སོགས་པར་བསྒྱུར་པའོ། །ཡོངས་དག་ནི། དེ་བསྒོམས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་ཏེ་མཐོང་སྤངས་རྣམས་སྤངས་པའོ། ། འདིར་ཡང་རྡོ་རྗེ་འཕྲེང་བ་ལས། དབུགས་ཀྱི་ཚད་ནི་བགྲང་བ་དང༌། །རླུང་གི་རྣམ་པར་དཔྱད་པ་དང༌། །གནས་ཀྱི་དབྱེ་བ་རྩ་རྣམས་ཀྱི། །དུས་ཀྱི་དབྱེ་བ་རྟོག་པ་དང༌། །རླུང་རྣམས་ཀྱི་ནི་ཟློག་པ་དང༌། །རྟོག་པ་དང་བཅས་སྤངས་པ་སྟེ། །དེ་ལྟར་མདོར་བསྡུས་རྣམ་དྲུག་གི།འབྱུང་དང་རྔུབ་པ་ཞེས་སུ་བརྗོད་ཅེས་གསུངས་ཏེ། དང་པོ་བགྲང་བའི་རྣལ་འབྱོར་དང༌། གཉིས་པ་རྣམ་པར་དཔྱད་པ་སྟེ་རྗེས་སུ་འགྲོ་བ་དང༌། གསུམ་པ་གནས་ཀྱི་རྣལ་འབྱོར་ནི་འཇོག་པ་དང་འགྱུར་ཁྱད་ཡིན་ཞིང༌། བཞི་པ་རྟོག་པའི་རྣལ་འབྱོར་ཞེས་པ་མིང་གཅིག་པ་ཁོ་ན་དང༌། ལྔ་པ་བཟློག་པའི་རྣལ་འབྱོར་ནི་བསྒྱུར་བ་དང་དོན་གཅིག་ལ།


TNT05_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་རྟོག་བཅས་སྤངས་པའི་རྣལ་འབྱོར་ནི་ཡོངས་དག་དང་གཅིག་གོ །དང་པོའི་དབང་དུ་བྱས་ནས། ཐོག་མར་འབྱུང་དང་རྔུབ་པ་རྣམས། ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག།ཉིན་དང་མཚན་མོ་ངེས་པ་ནི། །ཇི་སྲིད་གྲངས་ནི་ཐོབ་པའི་གནས། །ཞེས་རྒྱུ་བ་ངེས་པའི་ཚུལ་གྱིས་བགྲང་བར་ངེས་པ་ཡིན་ལ། གཉིས་པའི་དབང་དུ་བྱས་ནས། ཐུན་ཚོད་སོ་སོར་སྲོག་རྣམས་དང༌། རྩོལ་བ་རུ་ནི་བརྟག་པ་སྟེ། ཉིས་སྟོང་བདུན་བརྒྱའི་གྲངས་ཀྱིས་ནི། ཡང་དག་པར་ནི་ངོས་བཟུང་བྱེད། ཅེས་ཏེ། ཐུན་ཚོད་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུ་བ་སོགས་ཁྱད་པར་མང་པོ་དང༌། མགོན་པོ་བཞིའི་རླུང་གི་ནང་ཚན་ལྷ་མོ་བཞི་པོ་སོ་སོ་སོགས་རླུང་ལ་འབྱུང་བ་གཞན་རྗེས་སུ་འགྲོ་བ་ཤེས་པ་སྟེ་འདི་ནི་རྣམ་པ་གསལ་བའོ། །གསུམ་པའི་དབང་དུ་བྱས་ནས། འཁོར་ལོ་བཞིའི་རབ་དབྱེ་བས། །ཉིན་དང་མཚན་དུ་ངེས་པར་ནི། །དེ་རྗེས་གནས་ཀྱི་རྩོལ་བ་ཡིས། །ཐ་དད་དུ་ནི་རབ་ཏུ་བརྟག།ཅེས་འབྱུང་སྟེ། འབྱུང་རྔུབ་ཀྱི་རླུང་འདི་ནི་རྩའི་འཁོར་ལོ་འདི་ལས་རྒྱུ་བ་ཡིན་ནོ་ཞེས་སོགས་སོ་སོར་ཤེས་པ་སྟེ། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གོང་བུའི་ཚུལ་གྱིས་རྟོགས་པའོ། །བཞི་པའི་དབང་དུ་བྱས་ནས། གནས་ནི་སོ་སོར་བརྟགས་པ་ཡི། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རྣམ་རྟོག་མེད་པའི་སྦྱོར་བ་ཡིས། །རྣམ་རྟོག་སྤངས་པའི་མཚན་ཉིད་ཅན། ཞེས་ཏེ་རླུང་བརྒྱ་རྩ་བརྒྱད་ཀྱི་མཚན་ཉིད་ཤེས་ཤིང༌། དེས་རྣམ་རྟོག་གང་བསྐྱེད་ཀྱང་ཤེས་ལ། དེ་དག་རྒྱུས་ཟིན་པ་ནི་རྟོག་མེད་དུ་འགྱུར་པས་རྟོག་མེད་ཀྱི་ཡེ་ཤེས་


TNT05_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བའི་ཚུལ་ཡང་ཤེས་པས་རྟོག་པ་དང་རྟོག་མེད་ཀྱི་ཕན་གནོད་རིག་པའོ། །ལྔ་པའི་དབང་དུ་བྱས་ནས། དེ་ནས་རྣལ་འབྱོར་བཟློག་ནས་ནི། རྟོག་པ་དང་བྲལ་རླུང་ཆེན་ པོ། །རྩ་ཡི་འཁོར་ལོར་རྣམ་པར་རྒྱུ། དེ་ཐོབ་ནས་ནི་བཟློག་པ་དང༌། །ཀུན་ནས་ཉོན་མོངས་རྣལ་འབྱོར་པས། །ངེས་པ་ལ་ནི་དོན་དམ་པ། ཞེས་གསུངས་ཏེ། རྟོག་པའི་སྐད་དོད་ཨུ་པ་ལ་ཀྵ་ན། ཞེས་པ་ཉེ་བར་མཚོན་པ་ཞེས་བྱ་བ་ལ་ཡང་འདུག་པ་ཡིན་པས། །མཚན་ཉིད་གནས་པའི་རྣལ་འབྱོར་བ། །ཇི་ལྟར་གནས་པའི་རང་ངོ་བོ། ཞེས་ཀྱང་འབྱུང་ངོ༌། །དེ་ཡང་སྔར་གྱི་རྣམ་རྟོག་རྒྱུ་བར་ཤུགས་ཅན་དེ་བཟློག་ནས། རྟོག་པའི་རླུང་བརྒྱ་རྩ་བརྒྱད་པོ་རྟོག་བྲལ་གྱི་རླུང་དུ་སོང་པས་མཉམ་གཞག་ཏུ་མི་རྟོག་པ་ཁོ་ན་ལ་གནས་མོད་ཀྱི། རྟོག་མེད་ཡིན་ཡང་རྩའི་འཁོར་ལོ་ན་རྒྱུ་བ་ན་ཉོན་མོངས་ཀྱི་ཞལ་ཡོད་པས་ཉོན་མོངས་དང༌། ཀུན་རྫོབ་ཅེས་བྱ་ལ། འགགས་ནས་མི་ཤིགས་པ་ལ་ཐིམ་པ་ན། ཡེ་ཤེས་དང་དོན་དམ་ཞེས་ཟེར་ཞིང༌། ཡང་དེ་ལས་ལངས་ནས་རྩའི་འཁོར་ལོར་རྒྱུ་བ་སོགས་བྱེད་དོ། །དྲུག་པའི་དབང་དུ་བྱས་ནས། དེ་ནས་དག་པ་དེ་དག་ཀྱང༌། །ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །སྲོག་དང་རྩོལ་བའི་རྣམ་རྟོག་རྣམས༌། །ཀུན་ནས་རབ་ཏུ་སྤངས་ནས་ནི། །རླུང་གི་དེ་ཁོ་ན་ཉིད་རྒྱུ། རྣལ་འབྱོར་མཆོག་ནི་བསྒོམ་པར་བྱ། ཞེས་གསུངས་ཏེ། རྩ་འཁོར་ལོ་རྣམས་སུ་རྒྱུ་བ་དང་མི་རྒྱུ་བའི་དབྱེ་བ་ཡང་སྤངས་ཏེ། རྟག་ཏུ་མི་ཤིགས་པ་ལ་ཐིམ་པ་ཡང་ཡིན་ལ། དེའི་འོད་དང་མདངས་ཀྱིས་རྩ་འཁོར་ཐམས་ཅད་ལ་ཁྱབ་པར་གནས་


TNT05_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡིན་པས། རྟག་ཏུ་རླུང་གི་དེ་ཁོ་ན་ཉིད་མཉམ་བཞག་གསལ་སྟོང་བདེ་བའི་མཚན་ཉིད་ཅན་དེའི་ངང་དུ་རླུང་ཐམས་ཅད་ཐིམ་པའི་འོད་གསལ་བསྒོམ་པའོ། །དེ་ལ་དང་པོས་གྲངས་ཀྱི་སྒོ་ནས་རླུང་ངེས་པ་དང༌། གཉིས་པས་རེ་རེ་བཞིན་འོད་ལྔ་དང་རྗེས་སུ་འབྲེལ་བ་ཤེས་པ་དང༌། གསུམ་པས་རྩ་གང་ལས་རླུང་ཅི་རྒྱུ་བ་དེ་ཤེས་པ་དང༌། བཞི་པས་རླུང་གང་གིས་རྟོག་པ་གང་བསྐྱེད་ཤེས་ནས་རྟོག་པ་དང་རྟོག་མེད་ཀྱི་མཚམས་གསལ་པོར་རིག་པ་དང༌། ལྔ་པས་རྟོག་པ་རྣམས་རྟོག་མེད་དུ་གནས་འགྱུར་བར་ཤེས་པ་དང༌། དྲུག་པས་རྟོག་པ་སྤངས་པའི་རྟོག་མེད་ཤེས་པའོ། འདི་སྤྱིར་རྡོ་རྗེའི་བཟླས་པའི་དབྱེ་བ་ཡིན་གྱི། ངག་དབེན་གྱི་རིམ་པ་ཁོ་ན་ལ་དྲུག་དུ་ཕྱེ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དང་པོ་གསུམ་ངག་དབེན་གྱི་རིམ་པ་དང༌། བཞི་པ་སེམས་དབེན་གྱི་རིམ་པ་དང༌། ལྔ་པ་སྒྱུ་ལུས་ཀྱི་རིམ་པ་དང༌། དྲུག་པ་འོད་གསལ་གྱི་རིམ་པའི་སྐབས་སུ་འབྱུང་བའི་རྡོར་བཟླས་ཡིན་ལ། རྗེས་མཐུན་པ་ཙམ་ངག་དབེན་གྱི་སྐབས་སུ་འབྱུང་བ་སྲིད་མོད་ཀྱི། དངོས་དང་རྗེས་མཐུན་པ་མ་ནོར་བ་གལ་ཆེའོ། །གཉིས་པ་ཚིག་དོན་ལ། བཤད་བྱ་རྩ་རྒྱུད་ཀྱི་གཞུང་བཀོད། འཆད་བྱེད་རྒྱུད་གཞན་གྱི་ལུང་དྲངས་པ་སྟེ་གཉིས་ལས། དང་པོ་ནི། དེ་ལྟར་རླུང་གི་དེ་ཁོ་ན་ཉིད་བསྟན་ནས། དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་ཚིག།རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ། སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བ། མཆོག་ཏུ་གསང་


TNT05_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ཉིད་ཀྱི། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། ཚིག་གི་ལམ་ངེས་པར་བརྗོད་པས། སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ཨོཾ་ཨཱཿཧཱུཾ། ཞེས་པ་འདི་ལེའུ་བཅུ་པ་ལས་འབྱུང་བའོ། །དོན་རྟོགས་པ་ཡི་བཟླས་པ་ཡི། ངོ་བོ་ཉིད་མེད་བཟང་པོ་ལས། དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེའི་བཟླས་པར་དེ་བཤད་དོ། །ཞེས་པ་འདི་ལེའུ་བཅུ་གསུམ་པ་ལས་འབྱུང་བའོ། །སློངས་མོ་ཟ་ཞིང་མི་བཟླ་སྟེ། །མ་སླངས་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་ བཟླས། །ཞེས་པ་འདི་ལེའུ་བདུན་པ་ལས་འབྱུང་པའོ། །དེ་དང་དེའི་དོན་ནི་འདི་ལྟར་བྱ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི། སྔགས་ཁོ་ན་མ་ཡིན་ཏེ་བཟླས་པའི་དེ་ཁོ་ན་ཉིད་ཀྱང་སྔགས་དང་ལྷན་ཅིག་ཏུ་སྟོན་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་གསལ་བ་ཞེས་པ་ནི། ཡི་གེ་གསུམ་གྱི་མཚོན་དོན་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་ལ་སྐུལ་བར་བྱད་པ་ཡང་ཡིན་ཏེ། དེ་ཁོ་ན་ཉིད་རྟོགས་པ་དེས་དོན་ལ་མཉམ་པར་འཇོག་བཞིན་དུ་བརྡའི་ཡི་གེ་གསུམ་བཟླས་པ་ལས་སོ། །ཚིག་གི་ལམ་ཞེས་པ་ནི། རྡོ་རྗེ་གསུམ་གྱིས་བྱིན་གྱིས་རླབས་ནས་སྤྲུལ་པར་མ་ཟད། ཞལ་གྱི་སྒོ་ནས་བརྗོད་པའི་ཚུལ་གྱིས་ཅེས་པའོ། །རླུང་འཇུག་གནས་འབྱུང་གསུམ་གྱི་མཚན་ཉིད་དམ་རང་བཞིན་བདེ་སྟོང་གི་དོན་རྟོགས་པའི་བཟླས་པ་ནི། རགས་པའི་རླུང་རྣམས་མི་ཤིགས་པ་ལ་ཐིམ་ནས་ངོ་བོ་ཉིད་མེད་པར་བྱེད་པ་དང༌། དེ་ལས་འོད་གསལ་རྟོགས་པར་བྱེད་པས་བཟང་པོ་


TNT05_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེའི་ཕྱིར་ལས་ཞེས་པ་རྒྱུ་མཚན་གྱི་ཚིག་སྟེ། བཟང་པོ་ཡིན་པའི་ཕྱིར་བཟླས་པ་དེ་ནི་རྡོ་རྗེའི་བཟླས་པར་བཤད་དོ། དུས་གསུམ་ནི་རླུང་འབྱུང་གནས་འཇུག་གསུམ་སྟེ། དེ་ཉིད་སངས་རྒྱས་ཏེ་བདེ་གསལ་སྟོང་པའི་ཡེ་ཤེས་ཀྱིས་རྒྱས་བཏབ་ཅིང་བརྟགས་པ་སྟེ་བསྒོམ་པའོ། །དུས་གསུམ་ཞེས་པའི་ཚིག་འདིས། དོན་རྟོགས་པ་ཞེས་པ་དེའི་དོན་རྒྱས་པར་བཤད་དོ། །ཡང་སློངས་མོའི་སྐད་དོད་བྷིཀྵ་ཅེས་པ་ལ་ཡི་གེ་བསྣན་ཏེ། བྷནྣི་ཨ་ཀྵ་ར་ཞེས་པ་ནི་ཐ་དད་ཡི་གེ་ཞེས་པའོ། དགོངས་པ་ལུང་སྟོན་ལས། ཐ་དད་ཡི་གེ་སློངས་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། །དེ་དག་སློངས་མོ་ཟ་བར་འདོད། གང་ཞེསཟློས་པར་དགའ་བ་དེ། རྣལ་འབྱོར་པ་ཡི་དབུགས་འབྱུང་རྔུབ། སྦྱོར་བ་བཞི་ཡི་དེ་ཉིད་ནི། ཤེས་རབ་ཐབས་ཀྱི་གཞིར་གནས་ པས། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་ལ། ཆག་འགྱུར་ལས། དེ་དག་ཅེས་སོགས་ལ། སློངས་མོ་དེ་དག་ཟ་མི་འདོད། །ཅེས་དགག་སྒྲ་འབྱུང་བ་ལེགས་ཏེ། སློངས་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་མི་ཟ་བའི་དོན་འཆད་རྒྱུ་ཡིན་པས་སོ། །དེས་ན་རླུང་འབྱུང་གནས་འཇུག་གསུམ་དང༌། ཡི་གེ་འབྲུ་གསུམ་གྱི་མཚོན་དོན་ངོ་བོ་གཅིག་ཏུ་མ་ཤེས་ཤིང་ཐ་དད་པར་འཛིན་པ་ནི་སློངས་མོ་སྟེ། དེ་ལྟ་བུའི་རླུང་འགྲོ་འོང་གི་ཚུལ་གྱིས་འདོན་པ་ནི། སློངས་མོ་ཟ་བའི་བརྡའ་དོན་ཡིན་པ་ལས་རླུང་སྔགས་ཐ་དད་པར་འཛིན་པའི་ཚུལ་གྱིས་སྔགས་མི་བཟླ་བར་རླུང་དང་སྔགས་དབྱེར་མེད་དུ་ཤེས་པའི་སྒོ་ནས་བཟླ་ཞིང༌། མ་སླངས་པ་སྟེ་རླུང་སྔགས་དབྱེར་མེད་དེ་ལ་ཡང་བདེན་


TNT05_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་དང་ང་རྒྱལ་གྱི་སྒོ་ནས་ཆགས་པར་མི་བྱའོ། །ཐབས་དཀྱིལ་འཁོར་བཞི་པོ་རེ་རེ་ལ་ཡང་ཤེས་རབ་ལྷ་མོ་བཞི་བཞི་དང་བཅས་པའི་རླུང་གི་དབྱེ་བ་ཡོད་པ་ཉིན་ཞག་གཅིག་གི་ནང་དུ་འབྱུང་བ་ཆེ་ཆུང་གི་རླུང་གི་ཆ་དང་གྲངས་ཚང་བར་བྱེད་པ་ནི་སྔགས་ཀྱི་ཡན་ལག་མ་ཉམས་པ་སྟེ་དེ་ལྟར་བཟླའོ། །དེ་ནི་ཞག་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་མཐའ་དག་ལ་མ་ཡེངས་པར་བཟླ་ཐུབ་ན་དེས་འགྲུབ་ཀྱང༌། དེ་བཞིན་མ་གྲུབ་ན་གོས་དཀར་མོའི་བཟླས་པ་ཁོ་ན་བྱེད་པའམ། པདྨའི་མགོན་པོ་ལྟ་བུ་གཅིག་ཁོ་ནས་སྔགས་ཀྱི་ཡན་ལག་ཚང་བར་མི་འགྱུར་བས་ཡོན་ཏན་སྐྱེ་ཕུལ་ཆུང་ཞིང་གེགས་སྐྱེད་དོ། དེས་ན་སྔ་དྲོའི་ཐུན་ལ་གོས་དཀར་མོའི་ཉིས་བརྒྱ་ཉེར་ལྔ་བཟླས་ལ། གུང་ཐུན་ལ་མཱ་མ་ཀཱི་དང་དགོངས་ཐུན་ལ་སངས་རྒྱས་སྤྱན་མ་དང༌། སྲོད་ཐུན་ལ་སྒྲོལ་མའི་ཉིས་བརྒྱ་ཉེར་ལྔ་བཟླས་ན། ལྷ་མོའི་སྔགས་ཀྱི་ཡན་ལག་ཆ་ཚང་བར་འགྱུར་བས། དེས་གཞན་ལའང་རིགས་འགྲེ་ལ། ཡང་འབྱུང་བ་ཆེ་བའི་དབང་དུ་བྱས་ན། སྔ་དྲོ་པདྨའི་མགོན་པོ་དགུ་བརྒྱ་པ་དང༌། གུང་ལ་ལས་ཀྱི་མགོན་པོ་དང༌། །དགོངས་ཀ་རིན་ཆེན་མགོན་པོ་དང༌། །སྲོད་ལ་རྡོ་རྗེའི་མགོན་པོ་དགུ་བརྒྱ་པ་གཅིག་བཟླས་ནའང༌། ཐབས་མགོན་པོ་བཞིའི་རླུང་གི་ཡན་ལག་མ་ཉམས་པར་འགྱུར་ཞིང༌། ཤེས་རབ་ཀྱི་ཡན་ལག་མ་ཉམས་པ་ཞོར་ལ་གྲུབ་པས་བགེགས་ཀྱང་མི་འབྱུང་ལ་ཡོན་ཏན་སྐྱེ་ཕུལ་ཆེ་སྟེ། དེས་གཞན་ལའང་རིགས་འགྲེའོ། །སེམས་དབེན་ཡན་ཆད་ཀྱི་རྟོགས་པ་སྐྱེས་པ་ན། དེ་ལྟར་བུའི་ངེས་པ་མི་དགོས་ཀྱང་དེ་མན་ཆད་དུ་དེ་གནད་ཆེ་བར་


TNT05_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དེ། དེ་ཡང་ལས་དང་པོ་པས་མིན་གྱི་མགོན་པོ་དང་ལྷ་མོའི་དཀྱིལ་འཁོར་གྱི་དབྱེ་བ་རྟོགས་ནུས་པའི་དབང་དུ་བྱ་དགོས་པས་ངག་དབེན་གྱི་རིམ་པ་ལ་གནས་པས་དེ་བཞིན་དུ་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་པ་ནི། ཡན་ལག་གི་རླུང་ལྔ་རྡོ་རྗེའི་བཟླས་པ་བྱེད་ཅིང༌། འདོད་ཡོན་སྣ་ཚོགས་བསྟེན་པས་ཡེ་ཤེས་ཀྱི་རྒྱུར་གྱུར་པའང་ཡིན་ལ། གསང་བར་རྫས་ཀྱི་ཐིག་ལེ་སྒོམ་པའང་ཤུགས་ལ་བསྟན་ནོ། །གཉིས་པ་ལ། དགོངས་པ་ལུང་སྟོན་གྱི་ལུང་གིས་བཤད་པ་དང༌། རྒྱུད་ཕྱི་མ་ལ་སོགས་པ་སྣ་ཚོགས་པའི་ལུང་གིས་བཤད་པ་དང༌། གཉིས་མེད་རྣམ་རྒྱལ་ལ་སོགས་པའི་ལུང་གིས་བཤད་པའོ། །དང་པོ་ནི་བཤད་པ་འདི་ཉིད་སླར་ཡང་བཤད་པ། དགོངས་པ་ལུང་སྟོན་པའི་རྒྱུད་ལས་གསུངས་པས། དེ་ལ་འཇུག་པར་བྱ་སྟེ། དེ་ནས་དཔལ་ལྡན་སྣང་མཛད་ཆེ། ཁྱབ་བདག་ལ་ནི་སླར་གསོལ་བ། སེམས་ཅན་ཐམས་ཅད་སྐྱེད་པ་པོ། སྣ་ཚོགས་གཟུགས་ཅན་སེམས་འདི་ནི། །དེ་བས་དངོས་པོ་མེད་གྱུར་ཀྱང༌། །དངོས་པོ་དག་ཏུ་རབ་ཏུ་གྲགས། །བྱང་ཆུབ་སེམས་ནི་མཁའ་མཉམ་པ། །ལེགས་པར་རྗེས་སུ་མྱོང་མཛད་པ། །འགྲོ་བའི་དོན་ནི་མཛད་པ་པོ། །སྐྱེ་བོ་མཆོག་ལ་དེ་བསྟན་གསོལ། །སྒྲུབ་པ་ཡི་ནི་ཐབས་ཙམ་ཞིག།ཤེས་ནས་རྒྱུད་རྣམས་འཆད་པར་བྱེད། །འདི་ལྟར་བདག་ནི་སློབ་དཔོན་ཞེས། །མ་འོངས་པ་ན་སྨྲ་བར་འགྱུར། །བདག་གི་ཚིག་ནི་འདི་ཉིད་དག །ཡིན་ཞེས་སྨྲ་ཞིང་བྱིས་པ་འཇིག།དེས་ནི་དགོངས་པའི་བྱང་ཆུབ་ སེམས། །ཇི་བཞིན་དོན་བཟུང་མི་ཤེས་སོ། །དེ་ནས་བདག་པོ་བཅོམ་


TNT05_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས། །རྣམ་པར་སྣང་མཛད་ཐུབ་ཆེན་གྱིས། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །ལག་ན་རྡོ་རྗེ་ལ་འདི་གསུངས། །མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་དང་དམིགས་པར་བཤད་པ་ དང༌། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། ། དམིགས་པར་བཤད་པ་སངས་རྒྱས་ཉིད། །སྔགས་ཀྱི་དེ་ཉིད་བརྡའ་རུ་བཤད། ། དོན་དམ་དེ་བཞིན་ཉིད་ཡིན་ནོ། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིངས་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི་གེ་སྟེ། །གྲངས་དགུ་ཡིས་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་དེ་ཤེས་འགྲོ་བའི་བླ། ། འབྱུང་བའི་མཐའ་དང་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་ཐ་དད་མ་ཡིན་ནོ། །ཡི་གེ་གང་ཞིག་སྔར་བཤད་དང༌། ། གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། ཁམས་ལ་སོགས་པར་རབ་ཏུ་བརྟག །འོག་དང་སྟེང་དུ་བཅས་པར་ནི། །ཤེས་ནས་བློ་ནི་ངེས་པར་སྦྱར། །བརྗོད་པ་ཡི་ནི་སྔགས་འདི་དག།དངོས་མེད་ངོ་བོ་ལས་བྱུང་པའོ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པའོ། །བརྡའ་ཡི་དེ་ཉིད་གསུམ་གནས་པ། །


TNT05_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གནས་པའི་མཚན་ཉིད་དོ། །ཨ་ཡིས་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་སྙིང་པོར་གྱུར། །ཧཱུཾ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨོཾ་ཀྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུར་ནི་རབ་ཏུ་བརྟག།ཨཿནི་གནས་པར་གྱུར་པའོ། ། འཇུག་པ་ཉིད་དང་གནས་པ་དང༌། །ལྡང་བ་ཡིས་ནི་རིམ་གྱིས་ཀྱང༌། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲོས་ནས་ནི། །སྦྱོར་བཞིས་བསྡུས་པ་བརྒྱ་ཕྲག་དགུ །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་བྱུང་བ་ ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་པ་སྟེ། རྩ་རྒྱུད་ཀྱི་འབྲུ་གསུམ་དང༌། དེ་བཟླ་ཚུལ་འཆད་པའི་རྒྱུད་ཚིག་གི་དོན་འདི་ཉིད་སླར་ཡང་ཞིབ་ཏུ་བཤད་དགོས་པ་ལས། དགོངས་པ་ལུང་སྟོན་གྱི་འཆད་ཚུལ་ནི། དེ་ནས་དཔལ་ལྡན་རྣམ་པར་སྣང་མཛད་ཆེན་པོ་སྟོན་པ་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ་ནི། ཕྱག་ན་རྡོ་རྗེས་སླར་གསོལ་བ། བཅོམ་ལྡན་འདས་ཁྱོད་ནི་སེམས་ཅན་ཐམས་ཅད་སྐྱེད་པ་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་དུ་ཞུགས་པའི་ཕྱིར་རོ། །ཡང་ན་འོད་གསལ་གྱི་སེམས་འདི་ནི་རྣམ་པ་ཐམས་ཅད་པར་འཆར་བའི་ཕྱིར་སྣ་ཚོགས་པའི་གཟུགས་ཅན་སེམས་ཅན་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ཐམས་ཅད་སྐྱེད་པ་པོ། རྒྱུ་མཚན་དེ་བས་སྤྲོས་པའི་དངོས་པོ་གང་ཡང་མེད་


TNT05_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཀྱང་རྣམ་པ་ཐམས་ཅད་པའི་དངོས་པོ་དག་ཏུ་རབ་ཏུ་གྲགས་སོ། །འོད་གསལ་བྱང་ཆུབ་ཀྱི་སེམས་དེ་ནི་ཀུན་ཁྱབ་ཡིན་པའི་ཕྱིར་ནམ་མཁའ་དང་མཉམ་པ་ཡིན་ཡང༌། དེ་སེམས་ཅན་རྣམས་ཀྱིས་རྗེས་སུ་མྱོང་ཞིང་རྟོགས་པར་མཛད་པའི་སྒོ་ནས་འགྲོ་བའི་དོན་མཛད་པ་པོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཁྱེད་ཀྱིས་སྐྱེ་བོའི་མཆོག་དངོས་ཀྱི་གདུལ་བྱ་འདི་རྣམས་ལ་བྱང་ཆུབ་ཀྱི་སེམས་དེ་རྟོགས་པའི་ཐབས་དེ་བསྟན་པར་མཛད་དུ་གསོལ། ཞེས་པ་དང༌། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དང༌། བཀའ་སྡུད་པ་པོ་དང༌། དཔང་པོར་གྱུར་པའི་སྐྱེ་བོ་མཆོག་རྣམས་མི་སྣང་བར་གྱུར་པའི་ཚེ། འདི་ལྟར་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ནོ་ཞེས་གསང་སྔགས་པར་རློམ་པ་ཁ་ཅིག་ང་རྒྱལ་བྱེད་དོ། །བསྐྱེད་རིམ་གྱི་སྒྲུབ་ཐབས་ཙམ་ཞིག་ཤེས་ནས། ཟབ་མོའི་དོན་མ་རྟོགས་ཀྱང་ང་རྒྱལ་གྱི་དབང་གིས་རྒྱུད་རྣམས་འཆད་པར་བྱེད་དོ། །དཔེ་འགའ་ཞིག་ལས། ཤེས་ནས་རྒྱུད་ལ་རྒྱབ་ཀྱིས་ཕྱོགས། ཞེས་འབྱུང་ཡང་རྒྱུད་དོན་མི་ཤེས་པར་ཁས་ལེན་བཞིན་དུ་གསང་སྔགས་འཆད་པ་པོར་མི་འོས་པའི་ཚུལ་ཀུན་གྱི་གོ་ནུས་པ་ཡིན་པས་གཞན་བསླུ་ནུས་པ་ཉུང་བ་དང༌། རྡོ་རྗེ་སློབ་དཔོན་དུ་བརྫུ་བ་ལ་རྒྱུད་འཆད་ཚུལ་ཡང་སྟོན་དགོས་པ་ཤས་ཆེ་བས་དཀྱུས་ལྟར་ལེགས་པ་འདྲའོ། །འདི་ནི་ཟབ་དོན་ཡང་དག་པའི་ལག་ལེན་ཉམས་ཀྱང་སྔགས་ཀྱི་ལག་ལེན་བྲིས་ཀ་མ་ནུབ་པའི་སྐབས་ལ་དགོངས་ཏེ། བསྐྱེད་རིམ་གྱི་སྒྲུབ་ཐབས་ཤེས་པ་བྱ་བ་ཡང་ཚིག་འདོན་དང་གོ་བ་ཡོད་ཙམ་ཁོ་ན་མི་ཟེར་གྱི། དེ་བསྒྲུབས་པས་ནུས་པ་ཅུང་ཟད་རྙེད་ནས། ལས་ཕྲ་མོ་རྣམས་ཅི་


TNT05_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་གྲུབ་པས་སྐྱེ་བོ་རྣམས་ཡིད་ཆེས་བསྐྱེད་དུ་འཇུག་པའི་དོན་ཡིན་པས། ཟབ་དོན་འགྲེལ་པ་ན་མངོན་པའི་ང་རྒྱལ་གྱིས་ལོག་པར་འཆད་ཀྱང༌། རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་དུ་འགྲུབ་ནུས་པ་ཙམ་ཞིག་ཡོད་པའོ། །དེང་སང་གངས་རིའི་ཁྲོད་འདིར་ནི་དེ་ཙམ་ཡང་མེད་དེ། འགའ་ཞིག་ནི་ཚིག་ཙམ་ལ་འཆོལ། འགའ་ཞིག་ནི་རྫུན་ཁོ་ན་སྐྱབས་སུ་འཛིན་པའོ། །མཁས་པར་རློམ་པའི་ང་རྒྱལ་ཅན་གྱི་སློབ་དཔོན་དེ་དག་ནི་བདག་གི་ཚིག་ནི་སྨྲས་པ་འདི་ཉིད་དག་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ །ཞེས་སྨྲ་ཞིང༌། བྱིས་པ་སོ་སོ་སྐྱེ་བོ་རྣམས་ལོག་པའི་ལམ་དུ་ཁྲིད་པས་བདེ་བ་ལས་ཉམས་ཤིང་འཇིག་པར་བྱེད་དོ། །དེ་འདྲ་བས་ནི་རྒྱུད་རྣམས་ལས་དགོངས་པས་གསུངས་པའི་བྱང་ཆུབ་ཀྱི་སེམས་འདིའི་དོན་ཇི་བཞིན་དུ་བློ་གྲོས་ཀྱིས་བཟུང་མི་ཤེས་སོ། །ཞེས་ཞུས་པའོ། །དེ་ནས་རིགས་ཐམས་ཅད་ཀྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐུབ་པ་ཆེན་པོ་རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ་དྲི་བས་མཉེས་པའི་ཚུལ་གྱིས་ལེགས་སོ་ཞེས་ལན་གསུམ་དུ་གསུང་བར་མཛད་ནས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །རྣམ་པར་མི་རྟོག་པའི་དོན་བྱང་ཆུབ་ཀྱི་སེམས་རྟོགས་པའི་ཐབས་ཀྱི་དེ་ཁོ་ན་ཉིད་ནི་རབ་ཏུ་གསལ་བར་ཕྱེ་ནས་བཤད་པར་བྱའོ། །སྐབས་འདི་དག་ཏུ་བཤད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་འོད་གསལ་ཡིན་ལ། དེ་ཡང་དོན་དམ་དབྱིངས་ཀྱི་འོད་གསལ་དང༌། དབྱིངས་དེ་མངོན་སུམ་དུ་རྟོགས་པའི་ལམ་གྱི་འོད་གསལ་དང༌། གསེར་དང་


TNT05_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཡའ་བཞིན་དུ་དབྱིངས་དེ་ལ་བརྟེན་པའི་གློ་བུར་གྱི་དྲི་མ་ཀུན་རྫོབ་བདེ་གསལ་མི་རྟོག་པའི་ཚུལ་དུ་གནས་པའི་སྒོ་ནས། དབྱིངས་དང་རྣམ་པ་འདྲ་རུང་བར་ཤར་བ་སྒྲིབ་པའི་འོད་གསལ་གཅིག་སྟེ་འོད་གསལ་དུ་འཇོག་མཚམས་གསུམ་ཡོད་དོ། །རླུང་ཞེས་བྱ་བ་བྱང་ཆུབ་སེམས། ཞེས་འབྱུང་བ་ལྟར། དོན་དམ་དབྱིངས་དེ་ཀུན་འགྲོ་ཀུན་ཁྱབ་ཤེས་བྱ་ཀུན་ལ་འཇུག་པའི་རྒྱུ་མཚན་གྱི་རླུང་དུ་འཇོག་པ་ཅིག་དང༌། སྒྲིབ་པའི་འོད་གསལ་དེ་རགས་པའི་རླུང་མཐའ་དག་འབྱུང་བའི་ནུས་པར་གནས་པས་རླུང་དུ་འཇོག་པ་ཅིག་དང༌། ཕྲ་རགས་ཀྱི་རླུང་རྣམས་ཐིམ་པ་ལས་ཤར་བའི་འོད་གསལ་ཁོར་རང་རླུང་དེ་རྣམས་ཀྱི་དངས་མའི་ངོ་བོར་གནས་པས་ལམ་གྱི་འོད་གསལ་དེ་ལའང་རླུང་གི་མིང་བཏགས་ཏེ་དེར་འཇོག་པ་ཅིག་ཡོད་ དོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་རླུང་ཞེས་བྱ་བའང་དེ་དག་ཅི་རིགས་པ་ལ་འཇོག་ཅིང༌། གསུམ་པོ་ངོ་བོ་ཤིན་ཏུ་མི་གཅིག་ཀྱང་འགྲོ་ལྡོག་གཅིག་པ་ཡིན་པས། གང་ལ་བཤད་ཀྱང་མི་འགལ་བ་ཞིག་ཡོང་ངོ༌། །དེ་ལ་དབྱིངས་ཀྱི་དེ་ནི་དོན་དམ་བྱང་སེམས་དངོས་ཡིན་ལ། གཞན་གཉིས་རང་གི་ངོ་བོའི་སྒོ་ནས་ཀུན་རྫོབ་ཡིན་ཡང་ལམ་གྱིས་ནི་དོན་དམ་རྟོགས་ཤིང༌། རྟོགས་ཚུལ་ཡང་དོན་དམ་ཉིད་དང་མཐུན་པས་བསླུ་མེད་ཀྱི་འབྲེལ་བའི་སྒོ་ནས་དོན་དམ་ཉིད་དུ་འཇོག་ ཅིང༌། སྒྲིབ་པའི་དེ་ཡང་དོན་དམ་དང་རྣམས་པ་ཕྱོགས་འདྲ་བའི་ཕྱིར་དང༌། འཁོར་བ་དང་ལམ་ཀུན་གྱི་གཞི་དངོས་སུ་སྤོང་དགོས་རྒྱུ་ཡིན་པས། བླང་དོར་བྱ་བྱེད་ལ་མི་བསླུ་བའི་སྒོ་ནས་དོན་དམ་དུ་བཞག་གོ །ད་ནི་


TNT05_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་ལ་འཇུག་སྟེ། བྱང་ཆུབ་ཀྱི་སེམས་དེ་རྟོགས་པའི་ཐབས་སམ། གནས་ལུགས་དེ་ལ་འཇུག་ཚུལ་ནི་བཞི་ཡིན་ཏེ། བརྗོད་པ་དང་བཅས་པ་དང༌། དམིགས་པར་བཤད་པ་དང༌། བརྡར་གྱུར་པ་དང༌། དོན་དམ་པའི་ཚུལ་ལོ། །འདི་ལ་རིམ་ལྔའི་འགྲེལ་པ་ནོར་བུའི་འཕྲེང་བ་ཞེས་བྱ་བ་དེ་ལས། གོང་དུ་བཤད་པའི་སྔགས་བཏུབ་ལ་སོགས་པ་དོན་བཞི་དང་འཇུག་ཚུལ་བཞི་པོ་འདི་གཅིག་ཏུ་སྦྱོར་ཏེ། བརྗོད་པ་ནི་སྔགས་བཏུ་བ། དམིགས་པ་ནི་སྔགས་ཀྱི་དོན། བརྡའ་གྱུར་ནི་སྔགས་ཀྱི་བརྡའ། དོན་དམ་ནི་སྔགས་ཀྱི་དོན་དམ་པའོ། ། ཞེས་འཆད་ཅིང་རྡོར་བཟླས་བཞིའི་ཐ་སྙད་མི་བྱེད་ལ། བོད་ཀྱི་འཕགས་སྐོར་བ་ཕྱི་མ་རྣམས་ཀྱང་དེ་དང་འདྲའོ། །འགྲེལ་བ་གཞན་དང་གཞན་ལས་ཀྱང་སྣ་ཚོགས་བཤད་དོ། །ཨ་བྷ་ཡཱ་ཀ་ར་དང༌། དེའི་རྗེས་འབྲང་ཐུབ་པ་དཔལ་ནི། འཇུག་ཚུལ་བཞི་པོ་རྡོར་བཟླས་བཞིར་བཞེད་ཅིང༌། བརྡར་གྱུར་རྡོར་བཟླས་ནི་ངག་དབེན་གྱི་རིམ་པ་དངོས་སུ་བཤད་དོ། །བདག་གིས་རྣམ་པར་བརྟགས་ན། སྔགས་བཏུ་སོགས་བཞི་དང༌། རྡོར་བཟླས་བཞི་པོ་བཟླས་པ་གང་ལ་བྱེད་པའི་ཡུལ་དང༌། དེ་ལ་བཟླས་པ་བྱེད་པའི་ཁྱད་པར་མ་གཏོགས། གནད་གཅིག་པར་མཐོང་བས་གཉིས་ཀ་མི་འགལ་པར་ཤེས་སོ། །དེ་ལ་སྔགས་བཏུ་བ་ནི། ཡི་གེ་སྣ་ཚོགས་པ་ལས་སྔགས་རྣམས་བྱུང་བ་ཡིན་ཞིང༌། བརྗོད་བཅས་རྡོ་རྗེའི་བཟླས་པ་ཡང་རླུང་ལ་སྔགས་ཀྱི་ཡིག་གཟུགས་སམ། ཡང་ན་སྒྲར་མོས་པས་འཇུག་པ་ཡིན་པའི་ཕྱིར། བཏུས་པའི་སྔགས་དངོས་དེའི་ཉམས་ལེན་ཡིན་


TNT05_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྔགས་ཀྱི་དོན་ནི། བདེ་སྟོང་གི་ལྷ་དང་རླུང་སེམས་ཀྱི་ལྷ་སྐུ་གཉིས་ཀ་ཚོགས་པའམ། ཡ་གྱལ་རེ་རེ་བ་ཡང་ཡིན་ན་དམིགས་པ་རྡོ་རྗེའི་བཟླས་པ་ཡང༌། བསྐྱེད་རིམ་པའམ། ལུས་དབེན་པའམ། སྐབས་འདིར་རླུང་རྣམས་ལྷ་སྐུའི་རྣམ་པའམ། ལྷའི་རང་བཞིན་དུ་མོས་པར་བྱེད་པ་ཡིན་པས། དེ་ལམ་བྱེད་དམ་དེ་རྟོགས་པའི་རྒྱུ་དངོས་ཡིན་ནོ། །སྔགས་ཀྱི་བརྡའ་ནི། བརྡས་མཚོན་པའི་དོན་ལ་བརྡའི་མིང་བཏགས་པ་སྟེ། རླུང་ཉིད་རྐྱེན་ལས་བྱུང་བའི་བདེ་གསལ་མི་རྟོག་པའི་རྣམ་པར་ཉམས་སུ་མྱོང་བས་ན། དེ་རྣམས་ཀྱི་རང་བཞིན་གནས་ལུགས་ཀྱི་བདེ་གསལ་མི་རྟོག་པར་གྲུབ་པ་ལ་འཇོག་ན། བརྡའ་གྱུར་རྡོར་བཟླས་ཀྱང་རླུང་དབུ་མར་ཅི་རིགས་པར་ཐིམ་པ་ལས། དབུ་མར་འབར་འཛག་དང་འབྲེལ་བའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་གིས་རླུང་གི་སྣང་བ་ལ་རྒྱས་བཏབ་པས། དེ་ཡང་དེའི་ངོ་བོར་འཆར་བ་དེ་ཁོ་ན་ཡིན་པའི་ཕྱིར་རོ། །རླུང་གི་དོན་དམ་པ་བརྗོད་བྲལ་མཁའ་མཉམ་དེ་ནི་རྣམ་རྟོག་རླུང་བཅས་དབྱིངས་དེར་ཡང་ཡང་བསྲེ་བའི་ཚུལ་གྱིས་བསྒོམ་དགོས་པ། དེ་ལྟར་བསྒོམ་པ་དོན་དམ་རྡོ་རྗེའི་བཟླས་པ་ཡིན་ནོ། །དེས་ན་ངག་དབེན་གྱི་རིམ་པ་དངོས་ནི་བརྡའ་གྱུར་རྡོར་བཟླས་སུ་བཞེད་པ་ཡང་དོན་ལ་གནས་ལ། དམིགས་པ་རྡོར་བཟླས་ནི། བསྐྱེད་རིམ་ནས་སྒྱུ་ལུས་མ་ཐོབ་ཀྱི་བར་དུ་མ་གྲུབ་པ་བསྒྲུབ་པའི་ཕྱིར་དུ་བསྒོམ་ལ། སྒྱུ་ལུས་ཀྱི་རིམ་པ་གྲུབ་ཕན་ཆད་དེ་ཡང་གྲུབ་པའོ། །སེམས་དབེན་དང་སྒྱུ་ལུས་ཀྱི་རིམ་པའི་སྐབས་སུ་


TNT05_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་གྱུར་རྡོར་བཟླས་དེ་ཡང་གྲུབ་ཟིན་ནས་གོང་དུ་འཕེལ་བ་ཡིན་ཞིང༌། འོད་གསལ་དང་ཟུང་འཇུག་གི་རིམ་པ་ལ་ནི། དེ་ཉིད་དོན་དམ་རྡོར་བཟླས་སུ་གནས་གྱུར་པའོ། །ལས་དང་པོ་པས་བསྐྱེད་རིམ་གྱི་བཟླས་པའམ། རྫོགས་རིམ་ལ་འཇུག་པའི་དུས་ཀྱི་རྡོར་བཟླས་སུ་གྲགས་པ་ཐམས་ཅད་ཀྱང་བརྗོད་པ་དང་འབྲེལ་བའི་ཕྱིར། བརྗོད་བཅས་རྡོ་རྗེའི་བཟླས་པའོ། །དེ་ལྟར་ན་སྐབས་འདིར་བྱང་ཆུབ་ཀྱི་སེམས་དེ་བརྗོད་བཅས་ཀྱི་ཚུལ་དུ་བཤད་པ་དང༌། དམིགས་བཅས་ཀྱི་ཚུལ་དུ་བཤད་པ་དང༌། བརྡར་གྱུར་བའི་ཚུལ་གྱིས་བཤད་པ་དང༌། དོན་དམ་པའི་ཚུལ་གྱིས་བཤད་པའོ། །དེ་རེ་རེ་ལ་ཡང་བསྟན་བཤད་གཉིས་ཡོད་དེ། བཞི་ཀར་ཕྱི་མདོར་བསྟན་པ་ནི། ཡི་གེ་འབྲུ་གསུམ་སོགས་ཚིག་གི་བརྗོད་པ་ངག་ནས་དངོས་སུ་སྨྲས་པའམ། སྒྲ་སྤྱི་བློ་ལ་སྣང་བ་བསྐྱེད་རིམ་པ་ཚུན་ཆོད་སྔགས་པ་མཆོག་དམན་ཀུན་ལ་ཐུན་མོང་དུ་གྲག་པ་སྟེ། དམིགས་པར་བཤད་པ་ནི། མགོན་པོའི་རླུང་རིགས་བཞི་དང༌། ལྷ་མོའི་རླུང་ལྷ་མོ་བཞི་དང༌། ཡན་ལག་གི་རླུང་སེམས་དཔའ་ཡབ་ཡུམ་དང༌། ཁྱབ་བྱེད་ཀྱི་རླུང་ཁྲོ་བོ་ཁྲོ་མོ་སོགས་སངས་རྒྱས་ཉིད་ཀྱི་སྐུའི་རྣམ་པར་བསྒོམ་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་དེ་བརྡས་མཚོན་པར་བྱེད་པ་ནི་བརྡའ་རུ་བཤད་དེ། དོན་དམ་པ་ནི་དེ་བཞིན་ཉིད་སྔགས་ཀྱི་ངོ་བོར་བཤད་པའོ། །འོ་ན་སྔགས་དོན་དེ་བཞིན་ཉིད་ཡིན་ན། བརྡས་ཀྱང་དོན་དེ་ཉིད་ཀ་མཚོན་པའི་ཕྱིར། གཅིག་ཏུ་མི་འགྱུར་རམ་སྙམ་ན། འགའ་ཞིག་དབུགས་འབྱུང་རྔུབ་དང༌།


TNT05_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་སྤྲོས་བྲལ་ལ་དེ་གཉིས་སོ་སོར་ངོས་འཛིན་པ་བྱུང་ཡང༌། འདིར་བཞི་པོ་འཆད་ཚུལ་ལམ། གཏན་ལ་འབེབས་ཚུལ་མ་གཏོགས་དོན་གྱི་དངོས་པོ་གཅིག་ལ་འབབ་པའི་ཚུལ་གྱིས་བཤད་དགོས་པས་ཁྱད་གཞི་སོ་སོར་བྱེད་པ་མི་ལེགས་སོ། །དེས་ན་བརྡས་མཚོན་པའི་དོན་དང་དོན་དམ་ངོ་བོ་གཅིག་ཀྱང༌། སྔ་མ་ནི་བརྡའ་དོན་འབྲེལ་བའི་སྒོ་ནས་བཤད་པ་དང༌། ཕྱི་མ་ནི་བརྡའ་ལ་མ་བརྟེན་པར་དོན་དམ་ཁོ་ནའི་ཚུལ་གྱིས་བཤད་པའི་ཁྱད་དོ། །རྒྱས་བཤད་བཞི་ལས། བརྗོད་བཅས་སྔགས་བཏུའི་དབང་དུ་བྱས་ན། ཡི་གེ་རྣམས་ཀྱི་དང་པོ་ཨ་ཐུང་གཅིག་པུ་ནི། སྡེ་ཚན་དགུའི་ཡི་གེ་རྣམས་ཀྱི་དབུས་ན་གནས་ཀྱང༌། གང་ཞིག་ཡི་གེ་སྡེ་ཚན་བཅུ་པོ་རྣམས་ཀྱིས་མ་བཅིངས་པ་སྟེ། ཨ་ཡིག་དེ་ཉིད་བཅུ་པོས་བཤིག་པ་དང་རྟོག་པར་མ་ནུས་པ་དེ་ནི་བཅིངས་པ་མེད་ཅིང་གྲོལ་བ་མེད་པའི་ཡི་གེ་ཞེས་བྱ་སྟེ། ཀུན་ཁྱབ་ཀྱི་ཨ་ཐུང་དེའི་རང་བཞིན་ཤེས་པ་དེ་ནི་མཆོག་གི་དངོས་གྲུབ་ཀྱི་གནས་སོ། །དབྱངས་བཅུ་དྲུག་དང༌། གསལ་བྱེད་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་སྟེ། གྲངས་ཀྱི་སྡེ་ཚན་དགུ་པོ་དེའི་རྗེས་སུ་འཇུག་པ། གསལ་བྱེད་སོ་སོ་ལ་དབྱངས་སོ་སོ་རྣམས་ཞུགས་པ་དང༌། བརྩེགས་མ་དང༌། ལུས་འགྱུར་བ་དང༌། སྒྲ་འགྱུར་བ་དང༌། ང་རོ་རྣམ་བཅད་ལ་སོགས་པ་རྗེས་འཇུག་གི་ཡི་གེ་མཐའ་ཡས་པ་རྣམས་ཨ་ཐུང་གི་ཡི་གེས་དབང་བྱས་ཤིང་བཅིངས་པ་ཡིན་ལ། ཨ་ནི་དེ་དག་ལ་སྲོག་གི་ཚུལ་དང༌། དེ་དག་ནི་ཨ་ལ་ཕན་འདོགས་ཤིང་རྣམ་འགྱུར་གྱིས་ཚུལ་གྱིས་ཕན་ཚུན་ཡང་དག་པར་སྦྱོར་བའི་མཚོན་དོན་ནི་


TNT05_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཤེས་ན་འགྲོ་བའི་བླ་མ་སངས་རྒྱས་སུ་འགྱུར་རོ། །སྡེ་ཚན་དགུ་བགྲོང་ཚུལ་ལ་འགྲེལ་པ་འགའ་ཞིག་ལས། དབྱངས་ལ་རིང་སྡེ་དང་ཐུང་སྡེ་གཉིས་སུ་ཕྱེ་ནའང་རིམ་ལྔའི་འགྲེལ་པ་ཟླ་འོད་རྗེས་འབྲང་དང་བཅས་པ་ལས། དབྱངས་ལ་དབྱེ་བ་མཛད་པར་སྣ་ལྡན་གྱི་ཡི་གེ་སྡེ་ཚན་ལོགས་སུ་མཛད་པ་ལྟར་ལེགས་པར་མངོན་ལ། སྡེ་ཚན་བཅུར་བྱས་པའི་ཚེ། དེའི་སྟེང་དུ་ང་རོ་རྣམ་བཅད་ལྕེ་རྩ་ཅན་དང་མཆུ་ཅན་ཏེ་བཞི་ལ་གཞན་བྱུང་གི་སྡེ་པ་ཞེས་སྣོན་ནོ། །འདིར་གྲངས་དགུ་དང༌། དགུ་དབུས་ན་ཞེས་པ་གསུངས་རབ་ཡན་ལག་དགུ་ལ་འཆད་པ་ཚིག་དོན་མིན་ཞིང༌། ཤྲ་དྷ་ཀ་རས་ཚུལ་བཞི་དང་འབྲེལ་བའི་བཤད་པའི་རྣམ་གྲངས་ཆེས་མང་བ་བཤད་པ་ཡང་སྤྲོས་པ་ཙམ་ མོ། །འོན་ཀྱང་དཔེའམ་བརྡའ་ནི་སྔགས་བཏུ་བའི་གཞི་ཨཱ་ལི་ཀཱ་ལྀའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། དབུས་ཀྱི་ཨ་ཐུང་ཡི་གེ་ཀུན་ཁྱབ་དུ་སྦྱར་བ་དེ་ཡིན་ལ། དེས་མཚོན་པའི་དོན་ནི། དང་པོ་འོད་གསལ་གྱི་རླུང་སེམས་གཅིག་པུ་དེ་ཉིད་ཕུང་པོ་ལྔ་དང་ཁམས་བཞི་སྟེ་དགུའི་དབུས་ཏེ་སྲོག་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་ལ། ཕུང་ཁམས་དེ་རྣམས་ཀྱི་དངས་མའི་རྣམ་འགྱུར་རླུང་བཅུ་རྣམ་རྟོག་འཁོར་དང་བཅས་པས་འགྲོ་བ་རྣམས་བསླད་ཅིང་བཅིངས་ཀྱང༌། འོད་གསལ་གྱི་སེམས་ལ་དེས་མ་གོས་ཤིང་མ་བཅིངས་པའི་གནས་ལུགས་རྟོགས་ན་གྲོལ་བ་དང༌། ཕུང་ཁམས་དགུའི་རྗེས་སུ་འཇུག་པ་ནང་རྩ་རླུང་ཐིག་ལེ་ཕྱི་གནས་ལུས་ལོངས་སྤྱོད་དཔག་ཏུ་མེད་པ་རྣམས་དབྱངས་གསལ་གྱི་བདག་ཉིད་རྩ་རོ་རྐྱང་ཁམས་ཁུ་ཁྲག་རླུང་ལྡང་


TNT05_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་མཐུ་ལས་བྱུང་བ་ཡིན་ཞིང༌། དེ་དག་ཐམས་ཅད་འོད་གསལ་གྱི་སེམས་ཀྱིས་བཅིངས་པ་སྟེ་ངང་དུ་གནས་པ་ནི། སྤྲིན་རྣམས་ནམ་མཁའི་ངང་དུ་གནས་པ་དང་འདྲ་ལ། དེ་དག་རྣམས་ཆོས་ཅན་དང་ཆོས་ཉིད་ཀྱི་འབྲེལ་བ་ཡང་དག་པ་ཕན་ཚུན་དུ་སྦྱོར་བ་གང་གིས་རྟོགས་པ་དེ་ཡང་གྲོལ་བའོ། །ཞེས་པ་འདི་ཙམ་ཞིག་ངེས་པར་རྟོགས་པར་བྱའོ། །དེ་ལས་ཡི་གེ་གསུམ་འཐུ་བ་ནི། དབྱངས་ཀྱི་ནང་ནས་འབྱུང་བ་སྟེ་ལྔའི་མཐའ་དྲུག་གི་གྲངས་དང་ཡང་དག་པར་ལྡན་པའི་ཨཱུ་རིང་པོ་དང༌། ཟླ་འོད་རྗེས་འབྲང་དང་བཅས་པ་ལས་སོགས་པ་དང་པོར་བསྒྱུར་ནས་མཐའི་དང་པོ་ཞེས་བྱ་བར་འདོན་པ་ལྟར་བྱ་སྟེ། ཆ་སྟེ་དབྱངས་ཀྱི་དང་པོ་ཨ་ཐུང་དང༌། ཐ་མ་བཅུ་དྲུག་པར་གནས་པ་ཨཿཚེག་དྲག་ཅན་ནོ། །གསལ་བྱེད་སྡེ་ཚན་ལྔ་པ་པ་སྡེའི་ཡང་ནང་ཚན་ལྔ་པ་མ་ཡིག་དང་ཡང་དག་པར་ལྡན་པའོ། །ཡང་འབྱུང་བའི་མཐའ་ཞེས་པའི་ཚིག་ཟུར་ལས། མཐར་གནས་ཀྱི་ཐ་མ་དྲོ་བའི་ཡང་མཐའི་ཡིགེ་ཧ་ཡིག་ཀྱང་བསྟན་ཞེས་འབྲེལ་བ་གཞན་ལས་འཆད་པ་ལྟར་ཡང་སྣོན་དགོས་པར་མངོན་ནོ། །ཡི་གེ་བཞི་ནི་ཨཿཚེ་དྲག་ཅན་ཚེ་དྲག་གི་སྒོ་ནས་ཡི་གེའི་ཆ་ཤས་ཙམ་ལས་ཡོངས་རྫོགས་མ་ཡིན་པ་དང༌། ཨའི་སྒོ་ནས་དང་པོ་དང་གཅིག་པུའི་ཕྱིར་ལོགས་སུ་མ་བགྲངས་ཤིང༌། ཨུ་ཞེས་པས་རིང་ཐུང་གཉིས་གོ་དགོས་སོ། །དེས་ན་ཧ་དང་ཨ་དང་ཨུ་དང་མ་སྟེ་ཡི་གེ་བཞི་བོ་དེ་ཉིད་སུམ་ཚན་གསུམ་དུ་ངེས་པར་སྦྱར་བར་བྱའོ། །དེ་ལ་གནས་དང་པོར་ཨ་དང་ཨུ་དང་མའོ། །གཉིས་པར་ཨ་དང་ཨཿཚེག་དྲག་ཅན་ནོ། །གསུམ་པར་ཧ་དང་


TNT05_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱུ་དང་མའོ། །དེ་ཡང་ཨོཾ་ནི་ཨཾ་དང་བཅས་པའི་ཡི་གེ་སྟེ་ང་རོ་དང་བཅས་པའི་དོན་ཡིན་ལ། རིང་པོར་བཅས་པ་ནི་ཨཱཿཡིག་སྟེ་རིང་ཆ་ཡོད་ཅིང་ཚེ་དྲག་དང་བཅས་པའོ། །ཨཾ་དང་རིང་པོ་གཉིས་ཀར་བཅས་པ་ནི། ཧཱུཾ་ཡིག་སྟེ་དབྱངས་རིང་པོ་དང་ང་རོ་གཉིས་ཀ་ཡོད་པའི་ཕྱིར་རོ། །ཡོན་ཏན་སྦྱོར་བ་ནི། ཚུར་རོལ་ཨ་ཡིག་གིས་ཕ་རོལ་ཨུ་མཐོང་བས་ཨ་ཡིག་ཉིད་ཨུའི་ཡོན་ཏན་ཨོར་སོང་བ་དང༌། སོགས་ཁོངས་ནས་ཨ་མཚུངས་འདྲ་ཚུར་རོལ་རིང་པོར་གྱུར་པ་དང༌། ཧ་དབྱངས་མེད་ཕ་རོལ་ཨཱུ་ཡིག་གི་སྟེང་དུ་སྦྱར་བ་སྟེ། དེ་རྣམས་ལ་ཨུ་དང་ཨ་ནི་ཕྱིས་པ་དངོས་ཡིན་ལ། ཕྱི་མ་ཨཱུ་ཡིག་ནི་ཕྱིས་པ་མིན་ཀྱང་ལུས་མི་མངོན་པས་ཕྱིས་པ་དང་མཚུངས་སོ། །དེ་ལྟར་ན་ཨོཾ་དང་ཨའི་ཡང་རྩ་བའི་ཡི་གེ་ཨ་ཐུང་ཡིན་ཞིང༌། ཧ་སྲོག་མེད་ཀྱང་ཨུའི་སྒྲ་ཉམས་པ་ལས་བྱུང་བའི་ཕྱིར་ཡི་གེ་འབྲུ་གསུམ་ཨ་ཐུང་ཉིད་དུ་འདུས་སོ། །དེའི་ཕྱིར་མ་ལུས་པའི་བསྟན་བཅོས་དང་ངག་ཐམས་ཅད་ཨ་ཐུང་ངུར་འདུས་ལ། ཐུང་ངུ་ཉིད་མ་ལུས་པའི་ངག་ཏུ་འཆར་ཞིང་འབྱུང་འགྱུར་རོ། །དཔེ་དེ་བཞིན་དུ་ཨ་ཐུང་གིས་མཚོན་པའི་འོད་གསལ་རླུང་བཅས་བྱང་ཆུབ་ཀྱི་སེམས་ལས་རླུང་དང་རྣམ་རྟོག་སྤྱོད་ཡུལ་དང་བཅས་པ་བྱུང་ལ། འཁོར་བ་ཟློག་པའི་ཚེ་བྱུང་བ་དེ་དག་ཐམས་ཅད་དེར་ཐིམ་པར་ཡང་འགྱུར་རོ། །དེའི་ཕྱིར་ཨ་ནི་རྣམ་འགྱུར་ཐ་དད་པའི་ཕྱིར་ཡི་གེ་གཞན་རྣམས་དང་གཅིག་པ་ཡང་མ་ཡིན་ལ། ཁྱབ་བྱེད་དུ་འདྲེས་པའི་ཕྱིར་ཐ་དད་པ་ཡང་མ་ཡིན་པ་དེ་བཞིན་དུ་འོད་གསལ་རླུང་བཅས་དང་ཁམས་གསུམ་འདི་


TNT05_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དག་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ། །རྒྱུ་མཚན་དེ་ཁོ་ནའི་ཕྱིར་རོ། །ཡི་གེ་གང་ཞིག་སྔར་བཤད་པའི་ཨཱ་ལི་ཀཱ་ལི་རྣམས་དང༌། གང་ཡང་རྩ་བ་ཡི་གེ་དེ་ལ་མངོན་པར་ཕྱོགས་པའི་ངག་ཚིག་རྣམས་དང༌། བུད་མེད་དེ་ལྷ་ཡུམ་རྐྱང་གི་སྔགས་དང༌། སྐྱེས་པ་སྟེ་ཡབ་རྐྱང་གི་སྔགས་དང༌། མ་ནིང་སྟེ་མཉམ་པར་སྦྱོར་བའི་སྔགས་དང༌། བྷུ་ཡོད་པ་ལའོ་ཞེས་བྱ་བ་ལ་སོགས་པའི་སྐད་ཀྱི་ཁམས་སམ་བྱིངས་དང༌། སོགས་ཁོངས་ནས་རྐྱེན་དང་རྣམ་འགྱུར་ལ་སོགས་པ་སྟེ། དེ་དང་དེ་ཡི་གེ་གསུམ་གྱི་དོན་ལས་བྱུང་ཞིང་བརྟག་གོ །དེ་ཉིད་སྟེང་གི་སྣ་སྒོར་རོ་རྐྱང་དབུ་མ་གསུམ་གྱི་བྱེད་པ་དང་བཅས་པར་རླུང་གི་ཚུལ་གྱིས་འབྱུང་ལ། འོག་ཏུ་ནི་རྡུལ་དང༌། སྙིང་སྟོབས་མུན་པའི་ཚུལ་གྱིས་ཁམས་ཀྱི་ཚུལ་གྱིས་འབབ་པར་ཤེས་ནས་རྣལ་འབྱོར་ཏིང་ངེ་འཛིན་གྱི་བློས་ནི། འབྲུ་གསུམ་གྱི་བཟླས་པས་དབུ་མའི་ནང་གི་མི་ཤིགས་པའི་ཨ་ཐུང་ལ། རླུང་དང་ཁམས་དེ་དག་ཐིམ་པའི་ཚུལ་དུ་ངེས་པར་སྦྱར་བར་བྱའོ། །དེ་ལྟར་ན་བརྗོད་པའི་སྔགས་ཏེ་ཚིག་འདི་དག་ཐམས་ཅད་དངོས་མེད་འོད་གསལ་གྱི་ངོ་བོ་ལས་བྱུང་བའོ། །རྒྱས་བཤད་གཉིས་པ་སྔགས་ཀྱི་དོན་དམིགས་པ་ནི། རགས་པ་དང་ཕྲ་བའི་རླུང་དེ་རྣམས་ནི་ཡོངས་སུ་གྱུར་པའི་གཟུགས་ལྷའི་སྐུར་ཉེ་བར་དམིགས་ཤིང་གསལ་བར་གྱུར་བ་སྟེ། སྒྱུ་ལུས་ཀྱི་རིམ་པ་དང༌། ཟུང་འཇུག་གི་ལྷའི་སྐུ་ནི། རླུང་ལྷ་སྐུ་དངོས་སུ་དམིགས་པ་ཡིན་ལ། འོད་གསལ་དང་སེམས་དབེན་གྱི་བདེ་བ་ཡང་རླུང་ཉིད་


TNT05_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ལྷར་དམིགས་པ་སྟེ། རྡོ་རྗེའི་བཟླས་པའི་གྲུབ་འབྲས་ཡིན་ལ། བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་དང་བདེ་བ་བཅོས་མ་དང༌། རྫོགས་རིམ་གྱི་ཡང་སེམས་དབེན་མ་ཐོབ་པའི་སྔོན་དུ་མ་བརྟགས་པའི་ལྷ་སྐུ་དང་བདེ་བ་ཙམ་ཡོད་ཀྱང༌། དེ་ཉིད་རླུང་དང་ངོ་བོ་གཅིག་པར་མ་རྟོགས་པས་རླུང་ལྷ་སྐུར་དམིགས་པའི་ཆ་ནས་མོས་སྒོམ་ཙམ་ཡིན་གྱི་དངོས་སུ་མ་ཡིན་ནོ། །རྒྱས་བཤད་གསུམ་པ་སྔགས་ཀྱི་བརྡར་གྱུར་པ་ནི། ཡི་གེ་འབྲུ་གསུམ་གྱི་བརྡས་རླུང་འཇུག་གནས་ལྡང་གསུམ། བདེ་གསལ་སྟོང་པའི་དེ་ཁོ་ན་ཉིད་གསུམ་དུ་གནས་པ་གོ་དགོས་ཤིང༌། དེ་ཡང་དཔེའི་དེ་ཉིད་གསུམ་དངོས་སུ་མྱོང་བས་གནས་ལུགས་ཀྱི་དེ་ཉིད་རང་བཞིན་དུ་གནས་པའི་མཚན་ཉིད་ལ་སྒྲོ་འདོགས་ཆོད་པའོ། །དཔེ་ཁ་ཅིག་ལས། རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་པ་ནི། དོན་སྔ་མ་བཞིན་དུ་བཤད་དགོས་ཀྱང༌། འདི་བཟླས་པའི་སྒྲ་བཤད་རྒྱུ་མིན་པས་མ་དག་པ་འདྲའོ། །བར་འདིར་རྒྱུད་ལས། མིང་མེད་བརྗོད་དུ་མེད་པ་སྟེ། ཞེས་པ་ལ་སོགས་པ་དོན་དམ་རྡོར་བཟླས་ཀྱི་རྒྱུད་བཤད་མཛད་དེ། བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །གསུམ་པོ་དེ་ཉིད་གཅིག་གྱུར་པ། འགྲོ་བ་མེད་ཅིང་འོང་བ་མེད། འགག་མེད་རབ་ཏུ་ཞི་བ་སྟེ། སོགས་གོང་དུ་དྲངས་པ་བཞིན་དུ་གསུངས་སོ། །སྤྱོད་བསྡུས་སུ་དེ་ལུང་དྲངས་ཀྱང་འདིར་ནི་དེ་མ་དྲངས་ཏེ། སྐབས་འདིར་དོན་དམ་པའི་རྒྱས་བཤད་ནི། ཨ་ཡིས་སོགས་ཏེ། ཨ་ཐུང་གི་བརྡ་ཡིས་བཤད་པའི་


TNT05_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་ཡེ་ཤེས་ནི། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སངས་རྒྱས་ཀྱི་སྙིང་པོར་གྱུར་པ་དེ་ཡིན་ན། དོན་དམ་དེར་རྣམ་རྟོག་རླུང་བཅས་ཡང་ཡང་ཐིམ་པར་བྱེད་པའི་རྐྱེན་གྱིས་ཕུང་སོགས་འོད་གསལ་དུ་འཇུག་པ་ནི། དོན་དམ་རྡོ་རྗེའི་བཟླས་པའོ། །གོང་དུ་བཤད་པ་ལྟར་རྡོར་བཟླས་ཀྱིས་སྦྱོར་བ་དྲུག་པོ་ལས། དང་པོ་དང་གཉིས་པ་བརྗོད་བཅས་དང་དམིགས་པར་འདུས་ལ། གསུམ་པ་བརྡའ་གྱུར་དང༌། བཞི་པ་ནི་བརྡའ་དང་དོན་དམ་གྱི་མཚམས་སྦྱོར་དང༌། ལྔ་པ་དོན་དམ་ལ་འཇུག་པ་དང༌། དྲུག་པ་དོན་དམ་དངོས་ཏེ། ཕྱི་མ་གསུམ་པོ་དོན་དམ་རྡོར་བཟླས་སུ་བསྡུའོ། །ད་ནི་སྔར་གྱི་བརྡའི་འཕྲོས་ཡིན་ཏེ། ཧཱུཾ་གི་ཡི་གེ་རླུང་ཕྱིར་འགྲོ་དང་སྦྱར་བ་ནི། འོད་གསལ་བདེ་བ་ལས་ལངས་ནས་སེམས་ཏེ་སྣང་བ་དང་རང་བཞིན་སྤྲོ་བའི་ནུས་པ་ཅན་ཡིན་ལ། ཕྱིར་འགྲོ་བས་རྒས་པ་དང༌། རྒུད་པ་དང༌། འཆི་བ་སོགས་བྱེད་པའི་ཕྱིར། འཁོར་བ་འཇིག་པས་སངས་རྒྱས་ཀྱི་ཐུགས་སྟོང་པ་ཉིད་དང་མཚུངས་པར་རབ་ཏུ་བརྟག་ལ། ཨོཾ་ཡིག་གི་བརྡས་རླུང་ནང་དུ་འཇུག་པ་ནི། རང་བཞིན་དང་སྣང་བའི་སེམས་ཅན་དེ་རྣམས་ཐིམ་ཞིང་འགག་ལ། མི་ཤིགས་ཐིག་ལེ་ལ་ཡང་དག་པར་སྡུད་པར་བྱེད་པ་དང༌། ནང་དུ་འོང་བས་ཚེ་དང་མདངས་དང་སྟོབས་རྒྱས་པར་བྱེད་པའི་ཕྱིར། ལུས་ལ་ཕན་འདོགས་པས་ན། སངས་རྒྱས་ཀྱི་སྐུའི་དག་པར་ནི་རབ་ཏུ་བརྟག་ཅིང་བསྒོམ་མོ། །ཨཱཿཡིག་ནི་རང་བཞིན་དང་སྣང་བ་དེ་རྣམས་འོད་གསལ་


TNT05_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐིམ་ཞིང་གནས་པར་གྱུར་པ་སྟེ། རླུང་གི་དངས་མའི་རང་བཞིན་ཙམ་ལ་གནས་པའི་ཕྱིར། སངས་རྒྱས་ཀྱི་གསུང་གི་རང་བཞིན་དུ་བརྟག་ཅིང་བསྒོམ་མོ། །དེ་བཞིན་དུ་རླུང་འཇུག་པ་ཉིད་དང་གནས་པ་ཉིད་དང༌། ལྡང་བ་ཡི་ནི་རིམ་གྱིས་ཀྱང་ཤེས་རབ་ལྷ་མོ་བཞི་དང༌། ཐབས་མགོན་པོ་བཞིའི་རང་བཞིན་དུ་གཞི་དངོས་པོ་ལ་གནས་པ་ལྟར་བསྒོམ་སྟེ། སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླ་བར་བྱའོ། །གོང་གི་དམིགས་པའི་འཕྲོས་ལས་རླུང་རྣམས་ལྷར་བསྐྱེད་དགོས་ན་ལྷ་གང་གང་གི་དག་པ་ཡིན་ཅེ་ན། མེ་རླུང་གི་མེ་གོས་དཀར་མོའི་དཀྱིལ་འཁོར་དང༌། སོགས་ཁོངས་ནས། རླུང་སྒྲོལ་མ། ས་སངས་རྒྱས་སྤྱན། ཆུ་མཱ་མ་ཀཱིའི་དཀྱིལ་འཁོར་གྱི་བཟླས་པ་བཤད་པ་རྣམས་ལ་རེ་རེ་བཞིན་བརྒྱ་ཕྲག་གཉིས་དང་ཉི་ཤུ་རྩ་ལྔ་པ་རེ་ཡོད་ལ། དཀྱིལ་འཁོར་བཞི་པོ་དེ་ལེགས་པར་བསྡུས་ན་ནི། ལྷ་དང་འབྱུང་བ་དང༌། རླུང་སྦྱོར་བའི་རྣལ་འབྱོར་མི་འདྲ་བ་བཞིས་བསྡུས་པ་ཡོངས་སུ་སྡོམས་པས་རླུང་བརྒྱ་ཕྲག་དགུ་ཡོད་པ་དེ་ནི་པདྨའི་མགོན་པོ་ལ་སོགས་པ་མགོན་པོ་གང་ཡང་རུང་བ་གཅིག་གི་རྒྱུ་བའམ། དཀྱིལ་འཁོར་ཆེན་པོའམ། འཕོ་བ་གཅིག་གོ །དེ་ལྟར་རླུང་དགུ་བརྒྱ་པ་དག་ཏུ་གང་བསྟན་པ་དེ་འདྲ་དེ་ནི་སྤེལ་ཞིང་སོ་སོར་བྱུང་བ་ལས། འཕོ་བ་ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། ཉིན་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །གཉིས་པ་རྒྱུད་ཕྱི་མའི་ལུང་ལ་སོགས་པ་སྣ་ཚོགས་པའི་ལུང་གིས་བཤད་པ་ནི། ནང་གི་དུས་འདི་ཉིད་གསལ་བར་བྱ་


TNT05_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིག་པའི་ཆོ་ག་འདི་ཡིས་ནི། །ཐུན་མཚམས་བཞི་རུ་རབ་སྦྱོར་ལ། །གྲངས་འབུམ་གྱིས་ནི་མཚན་ཉིད་ཅན། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་པ་དང༌། སྒོམ་པ་ཡི་ནི་བར་ཆད་ཅན། །རྣལ་འབྱོར་ཕྱི་རོལ་བཟླས་པ་སྤང༌། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེའི་བདག་ཉིད་ཇི་ལྟར་བཟློས། །གླང་པོ་མངོན་དུ་རྙེད་གྱུར་ནས། །གླང་པའི་རྗེས་ནི་འཚོལ་བྱེད་ལྟར། །སྔགས་ལུས་རང་ཉིད་མངོན་གྱུར་ནས། །གཞན་དག་ཅི་ག་འཚོལ་བྱེད་དམ། །གཞན་ཡང་རྡོ་རྗེ་འཛིན་གང་ཞིག།སྦྱོར་བ་གསུམ་དང་ལྡན་པའི་མི། །སྤྱན་དྲངས་གཤེགས་སུ་གསོལ་གྱུར་དང༌། །དེ་བཞིན་བཞུགས་སུ་གསོལ་བ་ཡང༌། གཞུག་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །གཉིས་ཀ་མིན་པ་བཞུགས་སུ་གསོལ། །སྣ་ཚོགས་གནས་གྲུབ་བླ་མེད་པའོ། །མྱུར་པ་དང་ནི་རྣམ་སྡུད་དང་དལ་བ་ཅན་དང་སྔགས་སྦྱོར་བ། །བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བརྗོད་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་གི།ཐབས་ཀྱི་དམ་པ་བསྟན་པའི་ཕྱིར། །རྣལ་འབྱོར་འབྲས་བུ་རབ་སྟེར་བའི། །གསང་བའི་ཡི་གེ་བཤད་པར་བྱ། །གང་ཞིག་བསམ་པ་ཙམ་གྱིས་ནི། །རྣལ་འབྱོར་ཅན་ལ་མཆོག་སྟེར་འགྱུར། །དང་པོའི་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་དབུགས་ནི་རྔུབ་པར་བྱ། །བརྒྱད་པའི་མཐའ་དག་ལྡན་པ་ཡི། །ཡི་གེ་ཨཱུ་ནི་ཐིག་ལེར་བཅས། ། རྣལ་འབྱོར་


TNT05_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དབུགས་གཏོང་བྱེད། །འདི་ནི་ཅི་དགའི་བཟླས་པར་བཤད། ཁྲི་ཕྲག་གཉིས་དང་ཆིག་སྟོང་དང༌། །དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག།རྣལ་འབྱོར་དབང་པོ་ཉིན་མཚན་གྱི། །བཟླས་བརྗོད་ཀྱི་ནི་གྲངས་བྱེད་དོ། །དེ་འདིར་གསང་ཞིང་དགོངས་པ་ཡིས། །ཕྲ་མོའི་སྦྱོར་བར་བཤད་པ་ཡིན། །ཀློག་གམ་ཁ་འདོན་མེད་མོད་ཀྱི། །འོན་ཀྱང་བཟླས་པར་བཤད་པ་ཡིན། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྟེན་བྱ་ཞིང༌། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་སོ། །ནང་གི་དུས་ཞེས་བྱ་བ་ནི། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །ཞེས་བྱ་བ་ལ་བསྙེག་སྟེ། །ཕྱི་རོལ་ན་དབྱུག་ཚོད་དུས་སྦྱོར་ལ་སོགས་པའི་འཕོ་བ་ཡོད་པ་བཞིན་དུ་ནང་གི་ཡང་འཕོ་བའི་དུས་ཡིན་པའི་ཕྱིར། ནང་གི་དུས་ཡིན་ནོ། །ཞེས་པའི་དོན་ནོ། །འདི་ལ་དོན་ཚན་དྲུག་སྟེ། རླུང་གི་བཟླས་པར་བྱེད་ཚུལ། ཕྱི་རོལ་གྱི་སྤྲོས་པ་སྤང་པ། ཕྱག་རྒྱའི་ལས་གསུམ་འགྲུབ་ཚུལ། འབྱུང་འཇུག་གི་བཟླས་པ་བཤད་པ། མིང་གི་རྣམ་གྲངས་བཤད་པ། ལས་སྒྲུབ་པའི་ཏིང་ངེ་འཛིན་བཤད་པ་རྣམས་སོ། །དེ་ལ་རླུང་གི་བཟླས་པ་བྱེད་ཚུལ་ནི། སྔགས་ཀྱི་དོན་ཤེས་པའི་སྒོ་ནས་ཡི་གེ་གསུམ་གྱི་རིག་པ་རླུང་འབྱུང་གནས་འཇུག་གསུམ་དང་སྦྱར་བའི་ཆོ་ག་འདིས་ནི། ཐུན་མཚམས་བཞི་སྟེ། དཀྱིལ་འཁོར་བཞིའི་རིམ་པ་རུ་རབ་ཏུ་སྦྱོར་ལ། གྲངས་འབུམ་ཞེས་པ་འབུམ་ཕྲག་གི་ངེས་བཟུང་མ་ཡིན་གྱི། གྲངས་ཤིན་ཏུ་མང་པོའི་དོན་ནོ། །དེ་ལྟར་ན་ཤིན་ཏུ་མང་པོའི་


TNT05_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅན་དུ་སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླའོ། །ཡང་འགྱུར་གཞན་ལས། མཚོན་བྱ་མཚོན་བྱེད་གྲངས་ཀྱིས་ནི། ཞེས་ཀྱང་འབྱུང་སྟེ། མཚོན་བྱ་འབྱུང་ཆེན་བཞི་ཡེ་ཤེས་བཞི་ལ། མཚན་བྱེད་འབྱུང་ཆུང་ཡེ་ཤེས་བཞི་བཞིའམ་ཚད་མེད་བཞིའི་དབྱེ་བས་བཟླས་པའི་དོན་དུ་འཆད་ དོ། །ཡན་ལག་མ་ཉམས་པ་ནི། འབྱུང་བཞི་ཆ་མཉམ་པ་དང༌། ལྷ་སོ་སོའི་རང་བཞིན་དུ་ཤེས་པ་དང༌། འདོད་ཡོན་ལྔ་ལ་སྤྱོད་པ་ན། དབང་ཤེས་རླུང་བཅས་ལ་བདེ་སྟོང་གིས་རྒྱས་ཐེབས་པ་རྣམས་སོ། །རྒྱུད་ཕྱི་མའི་ཚིག་ནི་དེ་ཡན་ཆད་ཁོ་ན་ཡིན་ལ། གཞན་རྣམས་དགོངས་པ་ལུང་སྟོན་གྱི་ཚིག་ཤས་ཆེའོ། །ཕྱི་རོལ་གྱི་སྤྲོས་པ་སྤངས་བའི་དབང་དུ་བྱས་པ་ནི། རླུང་སྔགས་དབྱེར་མེད་དུ་འགྱུར་བར་བསྒོམ་པ་ཡི་ནི་བར་ཆད་དུ་འགྱུར་བའི་མཚན་ཉིད་ཅན་ཕྱི་རོལ་སྒྲ་དང་གཟུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང་ངག་ནས་འདོན་བའི་སྔགས་ཀྱི་བཟླས་པ་ནི། ངག་དབེན་གྱི་དོན་རྟོགས་པའི་རྣལ་འབྱོར་པས་སྤང་བར་བྱའོ། །སྔགས་ཀྱི་དོན་བཅོམ་ལྡན་འདས་རྡོ་རྗེ་ཅན་ཏེ། བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་སྟེ་འོད་གསལ་སྤྲོས་བྲལ་གྱི་བདག་ཉིད་ཅན་དེའི་རྣམ་པ་ཇི་ལྟ་བར་མངོན་དུ་བྱས་ནས་ཟློས་ ཤིག །དཔེར་ན་གླང་པོ་ཆེ་དོན་དུ་གཉེར་བས་གླང་པོ་ཆེ་མངོན་སུམ་དུ་རྙེད་པར་གྱུར་ནས་དེ་མི་འཛིན་པར་གླང་པོའི་རྐང་རྗེས་བཙལ་ཏེ། གླང་པོ་འཚོལ་བར་བྱེད་ཀྱང་དོན་མེད་པ་ལྟར། སྔགས་ཀྱི་ལུས་ཏེ་སྔགས་དངོས་གཞི་རང་ཉིད་མངོན་དུ་གྱུར་ནས། སྔགས་ཀྱི་འདྲ་


TNT05_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་གཞན་ཡི་གེ་མིང་ཚིག་གི་བཟླས་པ་དག་ཅིག་འཚོལ་བར་བྱེད་དམ་ཞེས་ཏེ་མ་རངས་པའི་ཚིག་གོ །ཕྱག་རྒྱའི་ལས་གསུམ་འགྲུབ་ཚུལ་ནི། གཞན་ཡང་རྟོགས་པས་བསྒོམ་པའི་ལྷའི་རྣལ་འབྱོར་མཐར་ཕྱིན་ཞིང༌། ངག་བཟླས་ཀྱི་ནུས་པ་རྙེད་པའི་རྡོ་རྗེ་འཛིན་པའི་མི་གང་ཞིག།སྦྱོར་བ་གསུམ་ལ་དངོས་སུ་སྦྱོར་བའི་ནུས་པ་དང་ལྡན་པའི་མིས་སྔགས་དང་ཕྱག་རྒྱས་ལྷ་རྣམས་སྤྱན་དྲངས་པ་དང༌། གཤེགས་སུ་གསོལ་བར་གྱུར་བ་དང༌། དེ་བཞིན་དུ་བཞུགས་སུ་གསོལ་བ་ཡང་སྟེ། སྦྱོར་བ་གསུམ་པོ་དེ་ལ་བརྟེན་ནས་བདག་ཉིད་ཚོགས་གསོག་པ་དང༌། དངོས་གྲུབ་སྒྲུབ་པར་བྱེད་ན། ངག་དབེན་གྱི་རྣལ་འབྱོར་པས་ནི། སྤྲོས་པའི་སྔགས་དང་ཕྱག་རྒྱ་སྤངས་ཏེ། རླུང་སྔགས་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་བསྒོམ་བཞིན་དུ་རླུང་ནང་དུ་གཞུག་པ་ཡིས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ཏེ། མྱུར་བ་སྟེ་ཕྱིར་འགྲོ་བས་ནི་གཤེགས་སུ་གསོལ་བ་དང༌། གཉིས་ཀ་མིན་པས་ཏེ་ནང་དུ་གནས་པས་ནི་བཞུགས་སུ་གསོལ་བའི་བྱ་བ་ཐམས་ཅད་འགྲུབ་སྟེ། དངོས་གྲུབ་སྣ་ཚོགས་དང༌། ལས་སྣ་ཚོགས་དང༌། ཚོགས་གསོག་པ་སྣ་ཚོགས་འབྱུང་བའི་གནས་འདོད་དོན་ཐམས་ཅད་གྲུབ་པར་བྱེད་པའི་ཕུན་སུམ་ཚོགས་པ་བླ་ན་མེད་པའོ། །ཧཱུཾ་གི་ཡི་གེས་ཕྱིར་ལྡང་བ་མྱུར་བ་དང་ནི། ཨོཾ་གྱི་ཡི་གེས་ནང་དུ་འོང་པ་རྣམ་པར་སྡུད་པ་དང༌། ཨཱཿའི་ཡི་གེས་གནས་པ་ནི་དལ་བ་ཅན་ཏེ། རླུང་དང་སྔགས་གསུམ་གྱི་དོན་སྦྱོར་བ་འདི་ནི་ཤིན་ཏུ་གསངས་


TNT05_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྐལ་མེད་ཀྱིས་མི་ཐོས་པའི་ཕྱིར་རུ། བླ་མས་སློབ་མའི་རྣ་བའི་དྲུང་དུ་རབ་ཏུ་འབད་དེ་བརྗོད་པ་བྱའོ། །འབྱུང་འཇུག་གི་བཟླས་པ་བཤད་པ་ནི། དེ་ནས་ངག་དབེན་གྱི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་དབང་ཕྱུག་གི་ཐབས་ཉམས་ལན་གྱི་དམ་པ་སྟེ་མཆོག་རབ་ཏུ་བརྟན་པའི་ཕྱིར་རུ། རྣལ་འབྱོར་ཏིང་ངེ་འཛིན་གྱི་འབྲས་བུ་རབ་ཏུ་སྟེར་བའི་གསང་བའི་ཡི་གེ་བཤད་པར་བྱའོ། །གང་ཞིག་བསམ་ཤིང་བསྒོམ་པ་ཙམ་གྱིས་ཏེ། མྱུར་བ་ཉིད་དུ་རྟེན་གྱི་གང་ཟག་རྣལ་འབྱོར་ཅན་ལ་དངོས་གྲུབ་མཆོག་སྟེར་བར་འགྱུར་བ། ཡི་གེ་ཀློག་པ་ཐམས་ཅད་ཀྱི་དང་པོར་འདོན་པའི་ཕྱིར། ཨོཾ་ཡིག་ནི་དང་པོའི་ཡི་གེ་སྟེ། དེའི་དོན་ལ་སེམས་སྦྱོར་བས་རྟག་ཏུ་དབུགས་ནི་ནང་དུ་རྔུབ་པར་བྱ་ལ། སྡེ་ཚན་བརྒྱད་པ་དྲོ་བའི་མཐའ་ཧ་ཡིག་དང་ལྡན་པའི་ཡི་གེ་ཨཱུ་ནི་སྟེང་དུ་ཐིག་ལེར་བཅས་པ་ཧཱུཾ་གི་ཡི་གེའི་དོན་ལ་མཉམ་པར་འཇོག་པས། རྣལ་འབྱོར་བ་ནི་དབུགས་ཕྱིར་གཏོང་བར་བྱེད་དེ་འདི་ནི་ཅི་དགའ་བར་སྤྱོད་ཅིང་འབད་རྩོལ་མེད་པའི་བཟླས་པར་བཤད་དོ། །འདི་ལ་རླུང་གནས་པ་ཡང་མ་གསུངས། ཨཱཿཡིག་ཀྱང་མ་གསུངས་པས་ཡི་གེ་གཉིས་པའི་རྡོར་བཟླས་ཡིན་པར་མངོན་ནོ། །དེ་ཡང་གཞིའི་དུས་ན་རླུང་ནང་དུ་གནས་པ་དང༌། ཕྱིར་གནས་པ་ནི་ཅུང་ཟད་ཅིག་ཡོད་ཀྱང་ཤིན་ཏུ་ཕྲ་བས། ཕྱིར་གནས་པ་ཕྱིར་འགྲོའི་ནང་དུ་བསྡུས། ནང་དུ་གནས་པ་འོང་བའི་ནང་དུ་བསྡུས་ན་ཡི་གེ་གཉིས་པ་ཡིན་ལ། ཕྱིར་གནས་པ་དེ་དང་མཚུངས་པ་ལ། ནང་དུ་གནས་པ་ཡུན་རིང་དུ་བསྐྱེད་པ་ནི་ཡི་གེ་གསུམ་པའི་


TNT05_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་འགྱུར་ཞིང༌། ཕྱིར་གནས་པ་ཡང་བསྐྱེད་ན་བཞི་པར་འགྱུར་རོ། །དེ་དག་གི་ནང་ཚན་གྱི་དབྱེ་བ་དང༌། དབུག་གཉིས་དང་གསུམ་ལ་སོགས་པ་ལ་སྦྱར་བས་ཡི་གེ་དུ་མའི་བཟླས་པ་འབྱུང་ངོ༌། །དེ་ལས་ཡི་གེ་གཉིས་པ་ལ། རྡོ་རྗེ་འཕྲེང་བ་ལས། ཧཱུཾ་ཧོཿའི་ཡི་གེ་གཉིས་སྦྱར་བ་གསུངས་ཤིང༌། དེའི་མཚོན་དོན་འོག་ཏུ་འཆད་པར་འགྱུར་ལ། འདིར་ནི་ཨོཾ་གྱིས་གསལ་བའི་ཉམས་དང༌། ཧཱུཾ་གིས་སྟོང་བའི་ཉམས་ཀྱིས་རྒྱས་འདེབས་པ་བསྟན་པ། བདེ་དྲོད་ཀྱི་ཉམས་ནི་གཉིས་ཀར་ལ་ཐུན་མོང་དུ་སྦྱོར་ རོ། །དེའི་ལྟ་བུའི་རླུང་གི་བཟླས་པ། །ཁྲི་ཕྲག་གཉིས་དང་ཆིག་སྟོང་དང༌། དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག།ཉིན་མཚན་གཅིག་གིས་བསྡུས་པའི་ཞག་རེ་བཞིན་དུ་རྣལ་འབྱོར་དབང་པོས་རླུང་གི་སྔགས་བཟླས་སྟེ། བཟླས་བརྗོད་ཀྱི་གྲངས་ནི་དེ་ཙམ་བྱེད་ན། རྫོགས་རིམ་པའི་རྡོར་བཟླས་འདི་ནི་བཟླས་པ་རེ་རེས་ཀྱང་ལྷ་ཐམས་ཅད་ཀྱི་སྔགས་གཅིག་ཅར་བཟླས་པ་ཡིན་པའི་ཕྱིར། བསྐྱེད་རིམ་པས་བསྐལ་པའི་བར་དུ་བགྲང་བར་མི་ནུས་པ་འདིར་ཡུད་ཙམ་གྱིས་བྱེད་དོ། །མིང་གི་རྣམ་གྲངས་བསྟན་པ་ནི། དེ་ལྟ་བུའི་རླུང་གི་རྣལ་འབྱོར་དེ་ནི་རྣལ་འབྱོར་ནང་གི་རྒྱུད་འདིར་ཕྲ་མོའི་སྦྱོར་བའི་རྣལ་འབྱོར་ཞེས་བཤད་པ་ཡིན་ཏེ། ཤིན་ཏུ་ཟབ་ཅིང་གསང་བ་རྟོགས་པར་དཀའ་བ་ལ་ཕྲ་མོར་དགོངས་པའི་ཕྱིར་རོ། །གླེགས་བམ་ཀློག་པ་དང་ཁ་བཏོན་གྱི་བཟླས་པ་ནི་མེད་མོད་ཀྱི་འོན་ཀྱང་ངོ་བོ་ཉིད་ཀྱིས་རང་གྲུབ་པས་རྡོ་རྗེའི་བཟླས་པར་བཤད་པ་ཡིན་ནོ། །ངག་དབེན་གྱི་རིམ་པའི་མིང་གི་རྣམ་གྲངས་


TNT05_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་དུ་བཤད་མོད། བསྐྱེད་རིམ་གྱི་ཕྲ་བཟླས་དང་ཡེ་མི་གཅིག་སྟེ་རྫོགས་པའི་རིམ་པ་ཁོ་ནའོ། །ལས་ཚོགས་འགྲུབ་པའི་ཏིང་ངེ་འཛིན་གྱི་དོན་ནི་འཆད་པར་འགྱུར་བ་དཀྱིལ་འཁོར་སོ་སོ་དང་བསྟན་པ་སོགས་ཆོ་ག་ཇི་ལྟ་བ་བཞིན་བསྟེན་པར་བྱ་ ཞིང༌། རྡོ་རྗེའི་བཟླས་པ་བཟླས་བརྗོད་བྱས་པ་འདིས་ནི། ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱའོ། །འོན་ཀྱང་སྔགས་ཀྱི་ལས་སྒྲུབ་པ་ལ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་དགོས་ན། དེ་ཡང་ཅི་ཞེ་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ལྷའོ། །འོ་ན་ངག་དབེན་གྱི་རིམ་པའི་སྐབས་སུ་མི་འགྲུབ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ལྷ་སྐུ་ནི། སྒྱུ་ལུས་ཀྱི་རིམ་པ་ཉིད་གྲུབ་ནས་ཡིན་པས་སོ་སྙམ་ན། ལུས་དབེན་གྱི་ལྷ་ཡང་སྒྱུ་མའི་སྐུ་རྗེས་མཐུན་པ་ནི་ཡིན་ལ། རྡོར་བཟླས་ཀྱི་མཐུ་ལས་བྱུང་བ། ལུས་དབེན་ལས་ཁྱབ་པར་དུ་འཕགས་པའི་ལྷ་སྐུ་ཞིག་ངག་དབེན་མཐར་ཕྱིན་པའི་སྐབས་སུ་ཡང་གྲུབ་ཡོད་པས། དེ་སྒྱུ་ལུས་དང་ཤིན་ཏུ་ཕྱོགས་མཚུངས་པའི་ཕྱིར་དང༌། དེར་མ་ཟད་ཐུན་མོང་གི་སྒྱུ་ལུས་ཞེས་བྱ་བ། ཆོས་ཐམས་ཅད་བདེན་མེད་དུ་ལྷག་པར་མོས་པ་ཁོ་ནའམ། དེ་དང་བཅས་པའི་ལྷ་སྐུ་ཀྱང་ལས་སོགས་ཐམས་ཅད་འགྲུབ་པ་ཡིན་ནོ། །གསུམ་པ་གཉིས་མེད་རྣམ་རྒྱལ་ལ་སོགས་པའི་ལུང་གིས་བཤད་པ་ནི། དེ་བས་ན་གཉིས་སུ་མེད་པར་མཉམ་པ་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང༌། མཉམ་མེད་སྔགས་ནི་བཟླས་ནས་


TNT05_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་སྒྲུབ། །དེ་ཡི་ཟླ་བ་གཅིག་གིས་ནི། ཁམས་གསུམ་འགྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང༌། །རྡོ་རྗེ་སེམས་དཔར་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །འཕྲེང་བ་མི་དགོས་སྔགས་མི་དགོས། །བཟུང་དང་སྦྱིན་སྲེག་ལས་རྣམས་དག།གཅིག་ནས་གཅིག་ཏུ་ཟློག་པར་འགྱུར། །ཡ་ཡི་དོན་གྱི་གང་ཅི་འང་རུང༌། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དང༌། །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། ཅེས་གསུངས་ཏེ། དེ་བས་ན་ཞེས་པ་ངག་བཟླས་ཐམས་ཅད་ཀྱི་ཕན་ཡོན་འདི་ལ་ཡོད་པ་དང༌། སྦྱོར་བ་གསུམ་ཡང་འདི་ལ་འདུས་ཤིང༌། འདིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡང་འགྲུབ་པས་ན། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་དགོས་དོན་ཐམས་ཅད་ཚང་བས་ན། ཞི་བ་ལ་སོགས་པའི་ལས་སྒྲུབ་པ་འཐད་པ་དེའི་ཕྱིར། འཆད་པར་འགྱུར་བ་ལྟར་སྒྲུབ་པ་བརྩམ་པར་འོས་སོ་ཞེས་རྒྱུ་མཚན་གྱི་ཚིག་ཏུ་སྦྱར་བ་ཡིན་ནོ། །གཉིས་མེད་རྣམ་རྒྱལ་རྣམ་དག་འདི་ནི་


TNT05_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་ཀྱི་བཤད་རྒྱུད་མ་ཡིན་ཏེ། གསང་འདུས་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་རྒྱུད་ཡིན་ལ། འདི་ནི་རྣམ་སྣང་གི་རིགས་གཙོ་བོར་སྟོན་པའི་རྒྱུད་ཡིན་པས་སོ། །འོན་ཀྱང་བཤད་ཚུལ་ཕྱོགས་མཚུངས་པ་ནི་ཡིན་ཏེ། སྒྱུ་འཕྲུལ་དྲ་བ་བཞིན་ནོ། །སྤྱིར་ཡང་རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། བཤད་ཚུལ་མཐུན་པ་ཁོ་ན་དང་ཡང་སྦྱོར་མི་དགོས་ཏེ། བཤད་ཚུལ་མི་མཐུན་ཡང་དགོངས་པ་གཅིག་པའི་ཕྱིར། ཕན་ཚུན་དུ་སྦྱར་པས་མཐའ་གཅོད་བླ་ན་མེད་པར་འགྱུར་རོ། །གཞུང་དོན་ནི་འདི་སྐད་ཅེས་བྱ་སྟེ། བསྐྱེད་རིམ་གྱི་སྔགས་བཟླས་པ་སོགས་ཀྱིས་རྫོགས་རིམ་གྱི་བཟླས་པ་མཆོག་འདིའི་བྱེ་བའི་ཆ་ལ་ཡང་བསྐྲུན་པར་མི་ནུས་པས། མཉམ་པའི་འགྲན་ཟླ་མེད་པ་རླུང་དང་སྔགས་ནི་དབྱེར་མེད་པའི་རྡོ་རྗེའི་བཟླས་པ་འདི་ནི་བཟླས་ནས་སུ། མཆོག་དང་ཐུན་མོང་དང་ལས་ཚོགས་རྣམས་སྒྲུབ་པའི་བདག་ཉིད་ཅན་འགྲུབ་པར་ངེས་པའི་ཚོགས་བསྒྲུབ་པར་བྱའོ། །འདིར་སྒྲུབ་པ་ཞེས་པ་བསྒྲུབ་པར་བྱ་རྒྱུ་དངོས་གྲུབ་ཡིན་ནོ་ཞེས་འགྲེལ་པ་ཁ་ཅིག་ལས་བཤད་དོ། །དེ་ལྟར་དེས་ཟླ་བ་གཅིག་ཏུ་བསྒྲུབས་པས་ཁམས་གསུམ་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་གདོན་མི་ཟའོ། །སྒྲ་ཇི་བཞིན་པའི་དོན་ནི་དེ་ལྟར་ཡིན་ལ། ཐུན་མོང་མ་ཡིན་པ་ཁྱད་པར་གྱི་དོན་ནི་དབང་པོ་རྣོན་པོས་རྡོ་རྗེའི་བཟླས་པ་མངོན་གྱུར་དུ་ཐོབ་པའི་རྗེས་སུ་ཟླ་བ་གཅིག་བཟླས་པས། ཁམས་གསུམ་གྱི་བརྡས་སྣང་བ་གསུམ་པོ་སྟེ་སེམས་རྣམ་པར་


TNT05_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པ་འགྲུབ་པའོ། །དེ་ཡང་ཞིབ་མོར་ཕྱེ་ན། སྣང་བ་གསུམ་གྱི་ས་གསུམ་པོ་དུས་གཅིག་ཏུ་འགྲུབ་པ་མིན་པས། ངག་དབེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཟིན་པ་གཅིག་གིས་སླར་རྡོར་བཟླས་ཟླ་བ་གཅིག་གིས་སྣང་བའི་ས་ཐོབ་ཅིང༌། དེ་ནས་རྡོར་བཟླས་ཟླ་གཅིག་གིས་མཆོད་པ་དང༌། ཡང་རྡོར་བཟླས་ཟླ་བ་གཅིག་གིས་ཐོབ་པའི་ས་ཡང་མངོན་དུ་བྱེད་དོ། །ཞེས་སྦྱོར་དགོས་ཤིང༌། ངག་དབེན་གྱི་རྟོགས་པ་སྐྱེས་པའི་ཚད་ཀྱང༌། གོང་དུ་བཤད་པའི་བགྲང་པ་དང༌། རྣམ་པར་དཔྱད་པ་དང༌། གནས་ཀྱི་རྣལ་འབྱོར་ཏེ་གསུམ་པོ་འགྲུབ་པ་ལ་འཇོག་པ་དང༌། སེམས་དབེན་ལ་འབྱོར་ཐུབ་པ་ནི་རྡོར་བཟླས་ཀྱི་ཕན་ཡོན་ཡིན་པའི་དབང་དུ་བྱས་ནས་བཤད་དོ། །སྒྲུབ་པའི་བདག་ཉིད་ཅན་ཞེས་བྱ་བ་སླར་ཡང་གསལ་བར་བཤད་པ་ནི། རྣམ་ཤེས་ལས་བྱུང་བ་མཚན་ཉིད་དྲུག་ལྡན་ཞེས་པ་འདི་ཡིན་ལ། ཟླ་གཅིག་ཅེས་པ་གསལ་བར་འཆད་པ་ནི། རྡོ་རྗེ་སེམས་དཔའ་མཆོད་པ་དང༌། ཟླ་བ་ཉ་ལ་ཞེས་པ་འདི་ཡིན་ནོ། །དེ་ལ་རྒྱ་སྐད་ལ་ཀྵ་ཞེས་པ་འབུམ་དང༌། མཚན་ཉིད་གཉིས་ཀར་ལ་འཇུག་པའི་སྐབས་ཡོད་པས། འབུམ་ཕྲག་དྲུག་ཅེས་བསྒྱུར་བ་དང༌། རིམ་ལྔའི་འགྲེལ་པ་ཕལ་ཆེ་བས་ཀྱང༌། འབུམ་ཕྲག་གི་བཤད་པ་བྱས་ཤིང༌། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱིས་ཀྱང༌། འབུམ་ཕྲག་དྲུག་ཏུ་འབྲུ་གནོན་མཛད་དོ། དེ་དག་གི་ལུགས་ལྟར་ན། ཉིན་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་པས། ཉིན་ཞག་


TNT05_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལ་འབུམ་བརྒྱད་སྟོང་སོང་ལ། ཉིན་ཞག་སུམ་ཅུ་ལ་དྲུག་འབུམ་བཞི་ཁྲི་བརྒྱད་སྟོང་འགྲོ་བ་ཡིན་ཡང་རགས་རྩིས་ཀྱི་དབང་དུ་བྱས་ནས་དྲུག་འབུམ་དུ་བརྗོད། ཅེས་འཆད་པ་ལས། གཞན་རྣམས་རགས་རྩིས་ཇི་ལྟར་ཡིན་མི་གསལ་ལ། ནོར་བུའི་འཕྲེང་བ་ལས། བཞི་ཁྲི་བརྒྱད་སྟོང་པོ་མི་བགྲོང་བའི་དབང་དུ་བྱས་འདུག་ནའང༌། ཟླ་གཅིག་ལ་འབུམ་ཕྲག་དྲུག་ཏུ་འཆད་པའི་ལུགས་འདི་བྱེད་ན། རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་དྲུག་པོ་རེ་རེ་བཞིན་ཉིན་ཞག་ཉི་ཤུ་རྩ་བདུན་རྩ་བདུན་དུ་བཟླ་བར་གསུངས་ཤིང༌། ལྷག་མ་ཞག་གསུམ་གསུམ་སྔར་གྱི་དེ་བརྟན་བྱེད་དུ་དགོངས་པ་དང་གནད་གཅིག་པར་བྱ་དགོས་ཏེ། དབུགས་འབུམ་ཕྲག་དྲུག་ནི་ཞག་པོ་ཉི་ཤུ་རྩ་བརྒྱད་ཀྱི་སྟེང་ནས་དབུགས་བཞི་སྟོང་བརྒྱད་བརྒྱས་ཕྲི་བའི་གྲངས་ཡིན་པས། རགས་རྩིས་སུ་མཚན་མོའི་ཐུན་ཐ་མ་མ་ཚང་བ་ཡིན་ལ། འདི་ལ་ཡང་ཞག་ཡོངས་རྫོགས་ཉི་ཤུ་རྩ་བདུན་ཡིན་པས། འཕྲེང་བ་ལས། རྣལ་འབྱོར་དྲུག་པོ་རེ་རེ་ལ་ཞག་པོ་ཉེར་བདུན་རེ་སློབ་དགོས་པར་གསུངས་པ་དང༌། འདིར་འབུམ་ཕྲག་དྲུག་གིས་ཟླ་བ་གཅིག་པ་རེར་བསྒོམ་པས་འགྲུབ་པར་གསུངས་པ་གུང་འགྲིག་ཅིང༌། རགས་རྩིས་ལ་གུང་འགྲིག་པས་ཆོག་པའང་ཡིན་ཏེ། དེར་ཞག་ཉི་ཤུ་རྩ་བདུན་རེ་གསུངས་པ་ཡང༌། དབང་པོ་རྣོན་པོ་ལམ་བགྲོད་པ་མྱུར་ཤོས་ཀྱི་དབང་དུ་བྱས་ནས། སྲིད་མཐའ་ལ་འབྱུང་བའི་དབང་དུ་བྱས་ནས་གསུངས་པ་མ་གཏོགས། གཞན་དུས་ཀྱི་ངེས་


TNT05_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཕྱིར་རོ། །དེས་ན་འབུམ་ཕྲག་དྲུག་ཏུ་བཤད་ནའང་མི་འཐད་པ་མ་ཡིན་ལ། འོན་ཀྱང་གཙོ་བོར་རང་ལུགས་ནི་མཚན་ཉིད་དྲུག་ལྡན་དུ་བསྒྱུར་བ་ལ་བྱ་སྟེ། གོང་དུ་བཤད་པ་ལྟར་བགྲང་པ་དང༌། རྣམ་པར་དཔྱད་པ་དང༌། གནས་པ་དང༌། རྟོག་པ་དང༌། ཟློག་པ་དང༌། རྟོག་བཅས་སྤངས་པ་སྟེ། རླུང་གི་རྣལ་འབྱོར་དྲུག་པོ་དེའོ། །དེ་ལྟར་ན་འདི་སྐད་ཅེས་བྱ་སྟེ། རྣམ་པར་ཤེས་པ་སྟེ་འོད་གསལ་རླུང་དང་བཅས་པ་ལས་ནི་བྱུང་བ་སྟེ། འོད་གསལ་དང་རླུང་གི་ངོ་བོར་གྱུར་པའི་སྔགས་ཡི་གེ་འབྲུ་གསུམ་པོ་རྡོ་རྗེའི་བཟླས་པའི་མཚན་ཉིད་དྲུག་ལས། གང་སྐབས་སུ་བབ་པ་རེ་རེ་དང་ལྡན་པར་བཟླས་ནས་ཀྱང༌། རྡོ་རྗེ་སེམས་དཔའ་སྟེ་བདེ་བ་ཆེན་པོའི་དབྱིངས་དེ་ལ་རླུང་དང་རྣམ་རྟོག་ཕུང་ཁམས་སོགས་ཐིམ་པར་བྱེད་པའི་ཕྱག་འཚལ་བ་བྱས་ཤིང༌། ཉིན་མཚན་བར་མ་ཆད་དུ་བཟླས་ན། ཟླ་བ་ཉ་བའི་དུས་སུ་རྡོར་བཟླས་ཀྱི་རྣལ་འབྱོར་དྲུག་གི་རིམ་པ་རེ་རེ་འགྲུབ་པར་འགྱུར་རོ། །དེ་ཡང་མཚན་ཉིད་དྲུག་པོ་རེ་རེ་ཟླ་བ་རེ་རེར་བསྒོམས་པས་ཟླ་བ་ཉ་བ་དྲུག་ལ་འགྲུབ་ཐེངས་དྲུག་འབྱུང་བ་ལྟ་བུའི་དོན་ནོ། །ཟླ་བ་ཉ་བའི་དུས་སྨོས་པ་ནི། དུས་ཀྱི་མཆོག་ཡིན་པའི་ཕྱིར་དང༌། ཉ་བའི་དུས་དེས་ཟླ་བ་དེ་རྫོགས་པའི་དབང་དུ་བྱས་པའོ། །འོན་ཀྱང་ངེས་དོན་དུ་ན། རང་རང་སོ་སོའི་གནས་སྐབས་ལ་བལྟོས་པའི་ནག་ཕྱོགས་ཀྱི་རླུང་དང་ཐིག་ལེ་རྣམས་ཐིམ་པའི་མཐར། དཀར་ཕྱོགས་ཀྱི་རླུང་དང་ཐིག་ལེ་ཡང་རིམ་གྱིས་ཐིམ་ནས་ཟླ་བ་ཉ་བའི་ཐིག་ལེ་དེ་དང་དེ་ཐིམ་པ་ན་སོ་སོའི་


TNT05_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དེ་གྲུབ་པའོ། །ད་དུང་འདིའི་དོན་རྟོགས་དཀའ་བ་གཞན་ཞིག་ཡོད་དེ། དོན་འདི་ནི་རྡོར་བཟླས་དྲུག་པ་མཐར་ཕྱིན་པ་ན། དོན་གྱི་འོད་གསལ་ཐོབ་ནས་ཟུང་འཇུག་ལ་སྦྱོར་བ་ཡིན་ན། རྡོ་རྗེའི་བཟླས་པའི་རིམ་པའམ། ངག་དབེན་གྱི་རིམ་པའི་སྐབས་སུ་འཆད་པ་མི་འཐད་དོ་སྙམ་ན། རྡོར་བཟླས་ཕྱི་མ་གསུམ་པོ་ངག་དབེན་གྱི་རིམ་པའི་སྐབས་འདིར་མི་ཐོབ་ཀྱང༌། སྤྱིར་རྡོར་བཟླས་ཀྱི་བྱེད་ལས་ཡིན་པས་འཕྲོས་དོན་གྱིས་ཚུལ་གྱི་བཤད་པ་ཡིན་པ་དང༌། དྲུག་པོ་ལྷན་ཅིག་ཏུ་བཤད་ན་གོ་སླ་ཞིང་གོ་བབས་ཆེ་བའི་ཕྱིར་ཡིན་པས་འགལ་བ་མེད་དེ། འདི་འདྲའི་རིགས་གཞུང་ཐམས་ཅད་ན་ཤིན་ཏུ་མང་ངོ༌། ཡང་འདི་སྐད་དུ། འཕྲེང་བ་ལས། རྣལ་འབྱོར་དྲུག་ལ་ཟླ་བ་དྲུག་བཤད་པ་ནི་དབང་པོ་ཤིན་ཏུ་རྣོན་པོས་རྡོ་རྗེའི་བཟླས་པའི་རིམ་པ་ཉིད་མཐར་ཕྱིན་པ་ལ་དགོངས་པ་ཡིན་ཏེ། རྫོགས་རིམ་ཟླ་བ་དྲུག་གི་ཟུང་འཇུག་ཐོབ་པ་རིམ་གྱིས་འཇུག་པ་ལ་ཇི་ཙམ་དབང་པོ་རྣོ་ཡང་མི་འཐད་དོ་སྙམ་ན། དེ་འདྲ་ཡང་མཐའ་གཅིག་ཏུ་མི་སྲིད་པ་མ་ཡིན་ལ། འོན་ཀྱང་རྡོར་བཟླས་ཀྱི་རིམ་པ་མཐར་ཕྱིན་པར་དགོངས་པ་ནི་ཡིན་ན། རྣལ་འབྱོར་དང་པོ་གསུམ་དངོས་སུ་མངོན་དུ་བྱེད་པ་དང༌། ཕྱི་མ་གསུམ་ལ་བློ་བསྐོལ་དུ་བཏུབ་པའི་ཉམས་མྱོང་རྗེས་མཐུན་པ་ཤར་བ་ནི། རྡོར་བཟླས་ཀྱི་རིམ་པའམ་ངག་དབེན་གྱི་རིམ་པ་མཐར་ཕྱིན་པ་ཡིན་ནོ། དེའི་རྒྱུ་མཚན་ཡང་ཕྱིས་ཀྱང་རྡོར་བཟླས་ལ་བརྟེན་པའི་ཉམས་རྟོགས་དང་ཡེ་ཤེས་གོང་ནས་གོང་དུ་འཕེལ་བའི་གསར་ཐོབ་ཁོ་ན་འབྱུང་མོད་ཀྱང་


TNT05_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་བཟླས་ཀྱི་དམིགས་རྣམ་རིགས་མི་མཐུན་གསར་པ་ལ་སློབ་མི་དགོས་པ་ཞིག་རིམ་པ་འདིར་གྲུབ་དགོས་ལ། དེའི་རྒྱུ་མཚན་རིམ་པ་ཕྱི་མ་རྣམས་སུ་ཡང་རྡོར་བཟླས་ཀྱི་སྒོ་ནས། དམིགས་རྣམ་རིགས་མི་མཐུན་གསར་པ་ལ་སློབ་དགོས་ན། དེ་དག་ཀྱང་རྡོར་བཟླས་ཀྱི་རིམ་པར་ཐལ་བར་འགྱུར་ལ། དེ་ཡང་འདོད་ན་རིམ་པ་ལྔའི་གོ་རིམ་ཞིག་པར་འགྱུར་རོ། །ཡང་རྣལ་འབྱོར་ཕྱི་མ་གསུམ་རིམ་པ་འདིར་དངོས་སུ་ཐོབ་པ་ནི་མ་ཡིན་ཏེ། ཡིན་ན་བཞི་པ་རྟོག་པའི་རྣལ་འབྱོར་གྱི་སྐབས་སུ། རང་བཞིན་སྣང་བའི་དབྱེ་བ་ཤེས་ཟིན་པར་བཤད་པས། ཕྱིས་སེམས་དབེན་བསྒོམ་པ་དོན་མེད་པར་ཐལ་བ་དང༌། ལྔ་པ་དང་དྲུག་པའི་ཡོན་ཏན་དེ་དག་ཀྱང་སྐབས་འདིར་ལེགས་པར་ཐོབ་ཟིན་ན། སྒྱུ་ལུས་དང་འོད་གསལ་གྱི་རིམ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །རྡོ་རྗེའི་བཟླས་པས་དེ་དང་དེ་སྒྲུབ་བོ་ཞེས་བྱ་བ་རྣམས་ད་ལྟ་ཕལ་ཆེ་ལ་རྩ་ལམ་སྦྱོང་བའི་རྡོར་བཟླས་ཁོ་ན། རྡོར་བཟླས་སུ་གྲགས་ཆེས་པའི་རྗེས་སུ་འབྲངས་ནས་ཞོགས་རྒྱུགས་མི་བྱ་སྟེ། གོང་དུ་ཇི་སྐད་བཤད་པ་ལྟར་རླུང་གི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་རང་ལུས་ཐབས་ལྡན་ནམ། གཞན་ལུས་ཤེས་རབ་བམ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཐམས་ཅད་རྡོ་རྗེའི་བཟླས་པ་ཡིན་ནོ། །དེ་བཞིན་དུ་སྙིང་ཁའི་མི་ཤིགས་པ་ཞེས་ཡང་ཡང་གསུངས་པ་ཐམས་ཅད་དོན་དམ་ཆོས་དབྱིངས་ཀྱི་ཡེ་ཤེས་ཉིད་ལ་བདེ་བ་དང་གསལ་བའི་ལྡོག་ཆ་ནས་བསྟན་པ་ཁོ་ན་ཡིན་ལ། སེམས་ཀྱི་གནས་ལུགས་རྟོགས་པ་ལ་ལུས་ལ་


TNT05_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་བསྣུན་དགོས་པའི་ཆ་ནས། དབུ་མ་དང་འབྲེལ་བའི་རྩ་འཁོར་རྣམས་ཀྱི་ལྟེ་བ་ན་གནས་པའི་རླུང་སེམས་འདྲེས་པའི་དངས་མ་ཐམས་ཅད་ལ་ཟེར་ཏེ། གཅེས་པ་དང༌། དབུས་ན་གནས་པ་དང༌། མཆོག་གི་གནས་ཡིན་པའི་ཕྱིར་སྙིང་གའི་བརྡས་བསྟན་པའོ། །དེ་རྣམས་ཀྱི་ནང་ནས་ཐུགས་རྡོ་རྗེའི་ཉིད་མཚོན་པའི་ཕྱིར། ཆོས་ཀྱི་འཁོར་ལོ་གཙོ་བོར་འཇོག་པ་འགོག་པ་ནི་མ་ཡིན་མོད་ཀྱི། གཅིག་ཁོ་ན་ལ་ཞེན་ན། རྒྱུད་དོན་མང་པོ་ནོར་བར་འཆད་དགོས་འོང་ངོ༌། །དེ་བཞིན་དུ་གཞན་ཡང་བཟླས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གསུངས་པ་ལ། སྣ་སྒོ་ནས་འགྲོ་འོང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བྱེད་མི་དགོས་ཏེ། དཔེར་ན་ཉིན་ཞག་གཅིག་ཏུ་རླུང་འགྲོ་འོང་མེད་པར་ནང་དུ་གནས་ཀྱང༌། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབྱུང་བའི་རྩ་ལ་རླུང་རྣམས་འབབ་ཀྱིན་ཡོད་པས། ནང་དུ་དབུགས་དེ་རྣམས་གནས་པ་ཡིན་ལ། དེ་དག་རླུང་གི་དེ་ཉིད་རིག་པའི་རྣལ་འབྱོར་གྱིས་བྱིན་གྱིས་བརླབས་པས་བཟླས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲོ་བ་ལས། ཁྱད་པར་སྣ་སྒོར་རྒྱུ་པ་ལས་ཀྱང་ནང་དུ་གནས་པ་ཆེས་མཆོག་ཡིན་ནོ། །རེ་ཞིག་རླུང་རྣམས་ཐིམ་ཞིང་འགགས་པའི་སྐབས་ཀྱང་རླུང་རྣམས་ཅི་མང་དུ་སོང་བ་ཡང་མ་ཡིན་ལ། ཐིམ་པའི་སྐབས་སུ་དེ་དང་དེའི་ནུས་པ་ལུས་ལ་གནས་པས་གྲངས་མི་ཚང་བ་ཡང་མ་ཡིན་པས། སྤྱིར་ཡང་རྣམ་རྟོག་སྐྱེད་བྱེད་ཀྱི་རླུང་ལམ་ཀྱི་ཡེ་ཤེས་སྐྱེས་བྱེད་དུ་གནས་གྱུར་པ་ལ་ཐིམ་པའི་ཐ་སྙད་འཇོག་པའང་ཡིན་པས། བཟླས་བརྗོད་ཀྱི་གྲངས་སྒྲིག་


TNT05_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་འགལ་བ་དང༌། འོད་གསལ་གྱི་རིམ་པའི་གནས་སྐབས་སུ་རླུང་དེ་རྣམས་རྩ་བ་ནས་འགགས་དགོས་ཀྱང༌། དེའི་དོད་ཡེ་ཤེས་ཆེན་པོ་རེ་སྐྱེས་པ་ཡིན་པས་བཟླས་བརྗོད་ཀྱི་གྲངས་ཉུང་དུ་མ་སོང་བར་མ་ཟད་མཐའ་མེད་པར་འཕེལ་བ་ཡིན་ནོ། །ཞལ་ལ་འོངས་པས་ཆོག་གོ །གཉིས་མེད་རྣམ་རྒྱལ་གྱི་ཚིག་ནི་ཤོ་ལོ་ཀ་གཉིས་པོ་དེ་ཁོ་ན་ཡིན་ལ། འདི་མན་ཆད་དགོངས་པ་ལུང་སྟོན་སོགས་སྣ་ཚོགས་པའོ། །ཡང་དེ་ལ་རྡོ་རྗེ་བཟླས་པའི་རྣལ་འབྱོར་པས་ལས་སྒྲུབ་ན། ཕྱིའི་སྤྲོས་པ་འདི་དག་དགོས་སམ་ཞེ་ན་མི་དགོས་ཏེ། འདི་ལ་སྔགས་ཀྱི་དམ་ཚིག་ལས་གཞན་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་བརྟུལ་ཞུགས་བཤད་པ་མེད་ཅིང་སྔགས་འགྲང་བའི་འཕྲེང་བ་མི་དགོས་ལ། ངག་བཟླས་ཀྱི་སྔགས་ཀྱང་མི་དགོས་ཤིང༌། བཟུང་དང་ཞེས་པ་ཁ་ཅིག་གྲངས་བཟུང་བ་དང༌། གཞན་དག་ལུས་ངག་ཡིད་གསུམ་གྱི་བསླབ་པ་བཟུང་བ་དང༌། ལ་ལ་དག་བཙན་ཐབས་ཀྱི་སྦྱོར་བས་རླུང་བཟུང་བའི་རྣལ་འབྱོར་སོགས་ལ་འཆད་པ་ཡོད་ཀྱང༌། འདིར་ནི་ཕྱོགས་དང་དུས་དང་ཆ་བྱད་དང་བསམ་པའི་ངེས་པ་བཟུང་པ་ལ་བཤད་ན་ལེགས་པས་བཟུང་བ་དེ་རྣམས་དང༌། ཕྱི་རོལ་གྱི་སྦྱིན་སྲེག་གི་ལས་ལ་སོགས་པ་དེ་དག་རྣམས་གཅིག་ནས་གཅིག་ནི། གཅིག་དང་གཅིག་གི་དོན་ཏེ། རང་རང་སོ་སོའི་གནས་སུ་ལྡོག་པར་འགྱུར་བའོ། །དེའི་དོན་ཡང་དེ་དག་གི་ངེས་དོན་ཐམས་ཅད་རྡོ་རྗེའི་བཟླས་པ་ལ་ཚང་བས། དོན་དམ་གྱི་དེ་དང་དེར་ཀུན་རྫོབ་ཀྱི་དེ་


TNT05_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་དག་ལྡོག་གོ །ཞེས་པའོ། །ཡི་གེ་ཡ་ཡིག་གི་བརྡས་དོན་རླུང་དབུ་མར་འགགས་པའི་ཡེ་ཤེས་ཀྱིས་གང་ཅི་ཡང་རུང་བའི་མངག་གཞུག་ལ་སོགས་པའི་དངོས་གྲུབ་དང༌། ལས་སྣ་ཚོགས་པ་འདོད་པས་སྒྲུབ་པར་བྱེད་ལ། དེ་ལྟར་སྒྲུབ་པ་ལ་ཤིན་ཏུ་ཕན་འདོགས་པའི་བྱ་བ་ནི། ར་ཡིག་ལ་སོགས་པ་གསུམ་གྱི་མཚོན་དོན་ཉིད་ཀྱིས་ནི་རང་གཞན་འགྲོ་བའི་དོན་ཇི་ལྟར་རིག་པ་དེ་ལ་འཇུག་པར་བྱའོ། །གསུམ་གང་ཞེ་ན། ར་ཡིག་གི་མཚོན་དོན་སྒོམ་སྟོབས་ཀྱིས་རྗེས་ཆགས་འབར་པའི་གཏུམ་མོ་དང༌། ཝ་ཡིག་གི་མཚོན་དོན་དེ་ལས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བདེ་བ་དང༌། ལ་ཡིག་གི་མཚོན་དོན་ཐིག་ལེ་དེ་གཡོ་མེད་དུ་བཅིངས་པས་སྲ་བར་གྱུར་པའི་དོན་ཏེ། མེ་ཆུ་ས་གསུམ་གྱི་ཆོས་སྤྱི་ལྡོག་ཙམ་མ་ཡིན་པར་ཁྱད་ཆོས་དེ་ལྟར་སྦྱོར་དགོས་ལ། ཁྱད་ཆོས་དེ་རྣམས་ཚང་བའི་རྡོར་བཟླས་ཀྱིས་ལས་དང་དངོས་གྲུབ་སྒྲུབ་པར་ནུས་ཀྱི་གཞན་ནི་མ་ཡིན་ནོ། །ཞེས་པའོ། །ཚིགས་བཅད་འདིའི་དོན་འཆད་པ་ལ། ཡ་སྟེ་རླུང་གི་དཀྱིལ་འཁོར་ལ་གང་ཅི་ཡང་རུང་བ་དྲག་པོའི་ལས་དང༌། ར་སོགས་གསུམ་ལ་ལས་ལྷག་མ་གསུམ་གྱི་སྒོ་ནས་འགྲོ་དོན་ལ་འཇུག་ཅེས་རྒྱ་བོད་ཕལ་ཆེར་འཆད་དེ། དངོས་གྲུབ་ཞི་སོགས་ལ་ངོས་འཛིན་པར་སྣང་ངོ༌། །འདི་ལ་དཔྱད་ན། གང་ཅི་ཡང་རུང་བ་ཞེས་པས་མངོན་སྤྱོད་ཁོ་ན་བསྟན་པ་དང༌། འགྲོ་བའི་དོན་ཞི་རྒྱས་དབང་གསུམ་སྟོན་པའི་ངེས་པ་ཅི་ཡང་མི་སྣང་ཞིང༌། ལས་བཞི་ཙམ་འགྲུབ་པ་ལ་


TNT05_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་འདོད་པ་ཞེས་པ་ཡང་འབྲུ་མི་ནོན་པར་སྣང་ལ། ཚིག་འོག་མ་རྣམས་དང་དོན་ཟློས་པའི་སྐྱོན་དུའང་འགྱུར་རོ། །དེས་ན་རླུང་དབུ་མར་འགགས་ཤིང༌། དབུ་མའི་ནང་དུ་བདེ་དྲོད་ཁ་སྦྱོར་དུ་སྐྱོང་ནུས་པ། རླུང་ཡང་རྒྱུ་བ་ངེས་ཤིང་རྣམ་པ་གསལ་བ། རྩ་འཁོར་སོ་སོའི་རླུང་གི་འཇུག་ཚུལ་རྣལ་འབྱོར་པས་མཐོང་བ་ཞིག་དགོས་ལ། དེའི་ཚེ་རླུང་གི་དངས་མ་ལྷའི་གཟུགས་སུ་བསྒྱུར་ནུས་པས། གོང་དུ་བཤད་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་དང༌། རྡོ་རྗེ་སེམས་དཔར་ཕྱག་བྱས་ནས་ཞེས་པས་ཀྱང་ཟུར་གྱིས་འཕངས་པའི་སྒྱུ་མའི་སྐུ་དེ་འབྱུང་ལ། དེ་བྱུང་ན་རྡོར་བཟླས་ཀྱི་ལས་དང་དངོས་གྲུབ་རྣམས་ཐོགས་མེད་དུ་འབྱུང་བར་འགྱུར་རོ། །འདི་ནི་ནམ་དམིགས་པའི་ཚེ་སྐུ་དེར་འགྱུར་བ་ཡིན་ལ། རྟག་ཏུ་དེའི་རྒྱུན་ལ་གནས་པ་ཡང་མིན་ཞིང༌། རྣལ་འབྱོར་པ་དེའི་ལུས་དངོས་ཀྱི་བྱ་བ་བྱེད་པ་ཡང་མིན་ལུས་ཀྱི་གཙོ་བོར་གྱུར་པ་ཡང་མིན་པས། བདག་བྱིན་བརླབ་པའི་རིམ་པ་དང་མི་འདྲ་ལ། དམིགས་པས་བསྒྱུར་བའི་ཚེ་རྩ་དབུ་མ་ལ་སོགས་པའི་ནང་དུ་སྲོག་ལ་སོགས་པའི་རླུང་རྣམས་དངོས་སུ་གྱུར་པའང་ཡིན་པས། ཡིད་ངོ་ཙམ་དུ་ཤར་བའི་བསྐྱེད་རིམ་ལུས་དབེན་དང་བཅས་པ་ལས་ཆེས་ལྷག་གོ །འདི་ནི་མཐར་ཐུག་པའི་རྒྱུད་སྡེ་གཞན་ལས་སྲོག་གཟུགས་གྲུབ་པར་གསུངས་པ་དང་དོན་གཅིག་ཀྱང། གངས་རིའི་ཁྲོད་ཀྱི་གསང་འདུས་འཕགས་སྐོར་བ་སྔ་ཕྱི་སུ་ལ་ཡང་མ་གྲགས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཞེས་སོགས་ཀྱི་ཚིག་ཡུལ་ཡུལ་པོར་འདོན་པར་བྱེད་དོ། །དཀྱིལ་


TNT05_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སོ་སོས་ལས་ལ་སྦྱོར་བ་ནི། མེའི་རླུང་དང༌། རླུང་གི་རླུང་དང༌། དབང་ཆེན་སའི་རླུང་དང༌། ཆུའི་རླུང་སྟེ་འབྱུང་ཆེན་ནམ་འབྱུང་ཆུང་སོ་སོའི་དཀྱིལ་འཁོར་དུ་སོ་སོར་ལས་ཆེན་བཞི་འགྲུབ་པར་འགྱུར་པས། ཐུན་ནི་ཕྱེད་ཕྱེད་དེ་རླུང་དགུ་བརྒྱ་པ་ཚན་རེ་རེའི་དུས་སུ་ནི། འབྱུང་ཆེན་དང་འབྱུང་ཆུང་ལ་བལྟོས་པའི་ལས་ནི་མི་འདྲ་བ་གཉིས་གཉིས་དག་འགྲུབ་ཏུ་རུང་བའི་གནས་ཡིན་པར་འགྱུར་རོ། །དེ་ཡང་རླུང་གིས་དྲག་པོ། མེས་དབང༌། ཆུས་ཞི་བ་སས་རྒྱས་པ་རྣམས་འགྲུབ་ན། པདྨའི་མགོན་པོ་དགུ་བརྒྱ་པ་ཕྲག་གཅིག་གི་དུས་སུ། འབྱུང་ཆེན་ཐབས་ཀྱི་ཕྱོགས་ལ་བརྟེན་ནས། དེའི་བར་ལ་རྟག་ཏུ་དབང་གི་ལས་འགྲུབ་ཏུ་རུང་ཞིང༌། འབྱུང་ཆུང་ཤེས་རབ་ཀྱི་ཕྱོགས་ལ་བརྟེན་ནས་མེ་ཉིས་བརྒྱ་ཉེར་ལྔ་ལ་དབང་གི་ལས་ཉིད་ཡིན་ཀྱང་དེའི་ཕྱོགས་དགུག་པ་ལ་སོགས་པ་དང༌། རླུང་ཉིས་བརྒྱ་ཉེར་ལྔ་ལ་མངོན་སྤྱོད་དང༌། ས་ཉིས་བརྒྱ་ཉེར་ལྔ་ལ་རྒྱས་པ་དང༌། ཆུ་ཉིས་བརྒྱ་ཉེར་ལྔ་ལ་ཞི་བ་འགྲུབ་པས། ལས་གཉིས་གཉིས་འགྲུབ་ཚུལ་དེ་ལྟར་ཡིན་ནོ། ཁ་ཅིག་འབྱུང་བ་བཞི་ལ་ཕྱིར་ལས་ཚོགས་རེ་དང༌། ནང་དུ་དབུ་མར་འཇུག་པའི་ཡེ་ཤེས་སྐད་ཅིག་རེ་སྟེ། ལས་གཉིས་གཉིས་བྱེད་དོ་ཟེར་བ་དང༌། ཐུན་ཕྱེད་ཀྱི་ངོས་འཛིན་ཐུན་བརྒྱད་ཀྱི་དབང་དུ་བྱས་ནས་འཆད་པ་སོགས་ཡོད་ཀྱང་མ་འབྲེལ་ཞིང་མི་འགྲིག་གོ །དེས་ན་སྐབས་འདིར་ཉིན་ཐུན་དྲུག་དང༌། མཚན་ཐུན་དྲུག་སྟེ་ཐུན་བཅུ་གཉིས་ཡིན་ལ་


TNT05_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་ཡོད། དེ་ཕྱེད་ནི་དགུ་བརྒྱ་པ་གཅིག་སྟེ། མགོན་པོ་དཀྱིལ་འཁོར་གཅིག་གོ །དེ་ཡང་དཀྱིལ་འཁོར་དེ་དང་དེ་འབབ་པའི་ཚེ་མཉམ་བཞག་ཏུ་རླུང་དབུ་མར་བཅུག་བདེ་དྲོད་ཀྱིས་རྒྱས་བཏབ། རླུང་སྒྱུ་མ་ལྟ་བུའི་ལྷར་ཤར་བ་ན་འདུན་པ་གཏད་དེ་རྡོར་བཟླས་བྱས་པ་ཙམ་གྱིས་ལས་ཚོགས་དེ་དག་འགྲུབ་ཅིང༌། དངོས་གྲུབ་ཀྱང་རླུང་གིས་རོ་ལངས་ལ་སོགས་པ་དང༌། མེས་མངག་གཞུག་ལ་སོགས་པ་དང༌། ཆུས་བཅུད་ལེན་དང༌། འཆི་བ་མེད་པ་སོགས་དང༌། སས་གཏེར་དང་གནོད་སྦྱིན་མོ་ལ་སོགས་པའོ། །དེ་ཡང་ལས་བཞི་ནི་དཀྱིལ་འཁོར་དེ་དག་ཚར་རེ་རེས་འགྲུབ་ལ། དངོས་གྲུབ་རྣམས་ཀྱང་ཞག་གཅིག་གམ་བདུན་ལ་སོགས་པས་འགྲུབ་པར་འགྱུར་རོ། །ལས་ཚོགས་ལ་དངོས་སུ་དེ་ལྟར་སྦྱོར་བ་ཡིན་ལ། རྒྱུད་ནས་ཚོགས་གསོག་པའི་དཔུང་ནི། ཡེ་ཤེས་ལྷ་ལ་མཆོད་པ་ལ་བརྩོན་པས་རང་ཉིད་ཁམས་གསུམ་གྱི་འགྲོ་བས་མཆོད་པར་འགྱུར་ལ། བཟླས་པ་ལ་རབ་ཏུ་བརྩོན་པས་ནི། ལུས་ངག་ཡིད་གསུམ་གྱི་སྐྱོན་རྣམས་རྣམ་པར་འདག་པར་འགྱུར་བ་དང༌། མེ་ལ་སྦྱིན་སྲེག་འབུལ་བ་ལ་བརྩོན་པས་ནི། ཡོན་ཏན་གྱི་འབྱོར་བ་དུ་མས་འབྱོར་ཞིང༌། འབྱོར་པ་རྫུ་འཕྲུལ་དང་ལྡན་པར་འགྱུར་བ་དང༌། ལྷ་སྐུ་དང་སྟོང་ཉིད་དང་བདེ་བ་ཆེན་པོའི་བསམ་གཏན་ལ་བརྩོན་པས་ནི། ཐར་པ་མཆོག་ཐོབ་པར་འགྱུར་རོ། །ཚིགས་བཅད་འདི་ནང་སྦས་དོན་ལ་སྦྱོར་བའི་བཤད་པ་བྱེད་པ་


TNT05_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡང༌། ཚིག་དོན་དུ་མི་འགྱུར་པས་རྫོགས་རིམ་གྱི་བསམ་གཏན་དང་བཟླས་པ་དེ་དག་གིས་ལས་དེ་དག་འགྲུབ་ཏུ་རུང་བའི་རྒྱུ་མཚན་དུ་སྤྱིར་མཆོད་པ་དང་བཟླས་པ་དང་བསམ་གཏན་གྱི་ཕན་ཡོན་བཤད་པ་ཙམ་དུ་ཤེས་པར་བྱའོ། །གཉིས་པ་ངག་དབེན་གྱི་རིམ་པ་ལ་གནས་པའི་སྤྱོད་པ་བཤད་པ་ནི། སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །དེ་ནས་མི་རྟོགས་ཆོས་ཅན་གྱི། །གསང་སྔགས་རྣམས་ནི་འགྲུབ་པར་འགྱུར། །ཞེས་པ་སྟེ། ངག་དབེན་བསྒོམ་པའི་སྔགས་པ་དེས་རླུང་དང་སྔགས་དང་བཟླས་པའི་དེ་ཁོ་ན་ཉིད་དེ་ལྟར་ཉམས་མྱོང་གིས་ཤེས་ནས་ནི། འགྲོ་བ་རྣམས་ཀྱི་ནང་ན་བྱིས་པ་ཤེད་མ་བྱེ་བ་ལྟར་བདེ་སྡུག་དགྲ་གཉེན་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ། རོ་མཉམ་པར་སྤྱོད་པར་བྱེད་དེ་ངག་དབེན་མཐར་ཕྱིན་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་རགས་པ་རྣམས་སྤངས་ཏེ་མགོ་སྙོམས་པར་གྱུར་པ་དང༌། རྟེན་སློབ་ཀྱི་སྤྱོད་པ་ཡང་ཟུར་གྱིས་འཕངས་པ་ཡིན་ནོ། །དེ་ལྟར་བསླབས་པ་ལ་བརྟེན་ནས་རང་བཞིན་བརྒྱད་ཅུ་འགགས་པའི་མི་རྟོག་པའི་ཆོས་ཅན་གྱི་གསང་སྔགས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ་བཞི་པོ་རྣམས་ནི་འགྲུབ་པར་འགྱུར་རོ། །རྩ་བའི་གསུམ་པ་དོན་བསྡུས་མཚམས་སྦྱོར་བ་ནི། གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །འདི་ནི་སྔགས་ཀྱི་དེ་ཉིད་གསལ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །ངག་དབེན་གྱི་རིམ་པ་འདི་ནི་


TNT05_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་བསྡུས་པའི་གསུངས་རྡོ་རྗེའི་ཡེ་ཤེས་དེ་སྒྲུབ་པར་བྱེད་པ་སྟེ། ལམ་གྱི་རིམ་པ་འདི་ནི་དེ་ཁོ་ན་ཉིད་ལྔ་ལས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་ཡིན་ ལ། གསལ་བའི་ཡེ་ཤེས་མཐར་ཕྱིན་པ་ཡང་ཡིན་ཏེ། འདི་ལ་བརྟེན་ནས་སྣང་བ་དང༌། མཆེད་པ་དང༌། ཐོབ་པའི་ཡེ་ཤེས་གསུམ་གྱི་དབྱེ་བའི་ས་རྣམས་ཐོབ་པར་འགྱུར་བ་དང༌། སེམས་འོད་གསལ་དྲི་མ་ཆེས་རགས་པས་དག་པ་ཙམ་སྟེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་དྲི་མ་སྤོང་པའི་སེམས་དབེན་གྱི་རིམ་པ་ལ་ངེས་པར་སྦྱར་བར་བྱའོ། །ཞེས་ངེས་པར་འབྱོར་བའི་དོན་ནོ། །སྤྱིར་ལམ་གྱིས་བསྡུས་པས་སྐུ་གསུང་ཐུགས་རྡོ་རྗེ་ལ་ནི་འཇོག་མཚམས་མི་འདྲ་བ་དུ་མ་ཡོད་པས་མཐའ་གཅིག་ཏུ་མ་ངེས་ཀྱང༌། ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་དུ་འཇོག་པ་སྟེ། རྒྱུའི་རྫོགས་རིམ་རྣམ་པ་གསུམ་གྱི་དབང་དུ་མཛད་པའི་དབྱེ་བའོ། །གསུམ་པ་སྣོད་ཀྱི་ཁྱད་པར་བཤད་པ་ནི། བླ་མ་ལ་བརྙས་སྒྱུ་ཅན་དད་པ་མེད། སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། གང་ཞིག་བླ་མ་ལ་གུས་དད་དང་ལྡན། མོས་པས་བསྙེན་བཀུར་ལ་ནི་རྟག་ཏུ་བརྩོན། ཐོས་པ་འཛིན་གང་སློབ་མའི་དམ་པ་ལ། དེ་ལ་བླ་མའི་དྲིན་སྦྱིན་བརྟགས་མི་དགོས། རི་དབང་རྩེ་ནས་གང་ཞིག་ལྷུངས་འགྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་


TNT05_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །དཔེ་འགའ་ཞིག་ལས། ཐོས་པ་འཛིན་གང་བླ་མ་དམ་པ་ཡི། ཞེས་འབྱུང་ངོ༌། །དེ་ཡང་བླ་མ་ལ་བརྙས་པ་བྱེད་པར་འགྱུར་བའི་རིགས་ཅན་དང༌། གཡོ་སྒྱུ་ཆེན་པོས་ཡིད་བརྟན་མི་ཐུབ་པ་དང༌། ཆོས་ལ་དད་པ་མེད་པས་ཡིད་ཆེས་བྲལ་བ་དང༌། སྔགས་པར་རློམ་པ་ཁ་ཅིག་སྔགས་ཀྱི་ཆོ་ག་ལ་སོགས་པ་ཅུང་ཟད་ཤེས་པས་ཆེན་པོར་རློམ་ཞིང༌། བླ་མ་དམ་པ་ལས་མན་ངག་མ་ཐོབ་ཀྱང༌། གླེགས་བམ་མཐོང་པ་ཙམ་གྱིས་དོན་ཤེས་སོ་སྙམ་ནས་སེམས་ཁེངས་པ་དང༌། བླ་མ་ལ་དད་པ་མེད་ཅིང་དབང་བསྐུར་གྱི་དམན་པ་ནི། དབང་བསྐུར་བ་ཡེ་ནས་མ་ཐོབ་པའམ། དབང་ཙམ་ཐོབ་ཀྱང་གསང་སྔགས་ནང་པའི་དབང་བཞི་རྫོགས་པར་མ་ཐོབ་པའམ། དེ་ཡང་ཆོ་གས་དབང་བསྐུར་ཙམ་ཐོབ་དུ་ཟིན་ཀྱང༌། ཡེ་ཤེས་ཀྱི་བྱིན་རླབས་མ་ཞུགས་པ་སྟེ་གསུམ་པོ་དེའོ། །དཔེ་འགའ་ཞིག་ལས། རྙེད་བསྐུར་དམན་པ་ཞེས་འབྱུང་ན། རྙེད་པ་དང་བཀུར་བསྟིས་བླ་མ་མཉེས་པར་མ་བྱས་པ་སྟེ། དེ་ལྟར་བུ་ལ་རྡོ་རྗེའི་བཟླས་པའི་གཏམ་གྱི་རིམ་པ་ཉིད་དམ། རིམ་པ་ལྔའི་གཏམ་ཙམ་ཡང་དེ་ལ་བརྗོད་པར་མི་བྱའོ། ། ཡང་གང་ཞིག་བླ་མ་ལ་གུས་ཤིང་ཆོས་ལ་དད་པ་དང་ལྡན་པ། བླ་མ་ལ་མོས་པའི་སྒོ་ནས་བརྙེན་བཀུར་ལ་ནི་རྟག་ཏུ་བརྩོན་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པའི་གཞུང་དང་མན་ངག་ཐོས་པ་འཛིན་པ་གང་དེ་ནི་སློབ་མའི་དམ་པ་སྟེ། དེ་ལ་བླ་མའི་མན་ངག་


TNT05_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཀའ་དྲིན་སྦྱིན་པས་ཆོག་གི །གདམས་ངག་སྦྱིན་ནམ་མི་སྤྱིན་ཞེས་བརྟག་མི་དགོས་སོ། །བླ་མ་དམ་པ་ཡིས་ཞེས་པ་ལྟར་ན། ཐོས་པ་འཛིན་པ་གང་དེ་ལ་དམ་པས་བླ་མའི་མན་ངག་གི་བཀའ་དྲིན་སྦྱིན་པར་བྱའོ། །ཞེས་བཤད་དགོས་སོ། །བླ་མའི་ལུང་ཐོབ་དགོས་པའི་རྒྱུ་མཚན་ཅི་སྙམ་ན། སྐྱེས་བུ་འགའ་ཞིག་རི་དབང་མཐོན་པོའི་རྩེ་ནས་ལྷུངས་པར་གྱུར་ན་ནི། ས་ལ་ལྷུང་བར་མི་བྱ་སྟེ་མི་ལྷུང་བར་གྱུར་ཅིག་སྙམ་ནའང༌། ས་ལ་ལྷུང་བར་འགྱུར་བ་བཞིན་དུ། བླ་མ་དམ་པའི་བཀའ་དྲིན་གྱིས་སློབ་མ་ལ་ཕན་པ་སྟེ་བྱིན་རླབས་ཞུགས་པའི་མན་ངག་གི་ལུང་ཐོབ་ན་ནི། གྲོལ་བར་མི་འགྱུར་བར་བྱའོ་སྙམ་ན་ཡང་ཇི་ལྟར་འོས་པའི་དུས་སུ་གྲོལ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེའི་ལྡོག་དོན་ལ་ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། རིམ་པའི་རྣམ་གཞག་གོ་ཞིང༌། མན་ངག་གི་ལག་ལེན་མཐོང་ཡང༌། བླ་མའི་བྱིན་རླབས་མ་ཞུགས་ན། གྲོལ་འདོད་དྲག་པོས་འབད་དེ་བསྒོམས་ཀྱང་གྲོལ་བར་མི་འགྱུར་རོ། །ཞེས་པ་འདི་འབྱུང་ངོ༌། དེ་བས་ན་བླ་མ་དམ་པ་མཉེས་པ་ནི་རིམ་པ་ཐམས་ཅད་ཀྱི་ཡེ་ཤེས་སྐྱེད་པའི་རྩ་ བའོ། །རྡོ་རྗེའི་བཟླས་པའི་རིམ་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་དང་པོའོ། །གཞུང་འདིར་ངག་རྣམ་པར་དབེན་པ་ཉིད་ཤིན་ཏུ་རྒྱས་པར་བཤད་པ་ཉིད་ཡིན་ཞིང༌། ཡེ་ཤེས་གསུམ་གྱི་དབྱེ་བ་ཡི། །སེམས་ཙམ་ལ་ནི་ངེས་པར་སྦྱར། ཞེས་པ་དང༌། སྔར་ཞོར་བྱུང་གི་ཚུལ་དུ་སེམས་


TNT05_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབེན་པ་ཡང་ཅུང་ཟད་བསྟན་ལ། རྡོ་རྗེའི་བཟླས་པ་ཉིད་ཀྱིས་སྒྲུབ་དགོས་པའི་འཕྲོས་དོན་དུ་སྒྱུ་ལུས་འོད་གསལ་ཟུང་འཇུག་ཟུར་ཙམ་སྨོས་སོ། །ཐམས་ཅད་རྡོ་རྗེའི་བཟླས་པ་ཉིད་དང་འབྲེལ་པའི་ཕྱིར། རྡོ་རྗེའི་བཟླས་པའི་རིམ་པ་ཞེས་བྱའོ།། །།ད་ནི་རིམ་པ་གཉིས་པ་དགོངས་པ་བླ་ན་མེད་པ་ཞེས་བྱ་བའི་སྐབས་ཀྱི་གཞུང་བཤད་པར་བྱའོ། །དེ་ལ་གཞུང་འདི་ཉིད་ལས། ཤཱཀྱ་བཤེས་གཉེན་གྱིས་མཛད་ཅེས་འབྱུང་ལ་སྤྱོད་བསྡུས་སྒྲོན་མེར། གཞུང་འདི་ཁུངས་སུ་མཛད་པས། སྤྱོད་བསྡུས་མཛད་པ་པོའི་སྔ་རོལ་དུ་གཞུང་འདི་བྱུང་བར་གསལ་མོད། རིམ་ལྔའི་འཇུག་ཏུ་རིམ་པ་ལྔའི་གཞུང་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ཀླུ་སྒྲུབ་ཉིད་ཀྱིས་མཛད་པ་ལས་དང༌། འདི་མ་བགྲངས་ན་རྫོགས་རིམ་གྱི་གཞུང་རིམ་པ་ལྔ་ཡང་མི་ཚང་བས། ཀླུ་སྒྲུབ་ཉིད་ཀྱིས་མཛད་དགོས་པ་ལྟར་ཡང་སྣང་ལ། ཡང་འདི་དང་རིམ་པ་གོང་འོག་རྣམས་གཞུང་ཚིག་དོན་ཟློས་པར་འགྱུར་བ་ཡང་འགའ་རེ་ཡོད་པས། སློབ་དཔོན་ཀླུས་མཛད་པ་མིན་པ་ལྟར་ཡང་སྣང་བ། འདི་ལ་སྔ་མ་ཁ་ཅིག་ཤཱཀྱ་བཤེས་གཉེན་ཞེས་པ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་ཡིན་ལ། འཕགས་པ་རྡོ་རྗེ་ཅན་ཞེས་པའང་ས་ར་ཧ་ཉིད་དོ་ཞེས་གསུང༌། ཁ་ཅིག་ནི་ཀླུ་ཉིད་ཀྱིས་མཛད་པ་ཡིན་ཡང༌། སློབ་མ་ཤཱཀྱ་བཤེས་གཉེན་ལ་ཐུགས་རབ་ཏུ་དགྱེས་པའི་ཕྱིར་ན། སློབ་མའི་མཛད་བྱང་བཅུག་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་ཤཱཀྱ་བཤེས་གཉེན་གྱིས་རིམ་པ་ལྔ་ཅར་གྱི་གཞུང་མཛད་


TNT05_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སློབ་དཔོན་ལ་གཟིགས་ཕུལ་བས་རིམ་པ་གཞན་རྣམས་ལ་བཅོས་མང་དུ་མཛད་པས་ཀླུས་མཛད་པར་སོང་ལ། འདི་ལ་བཅོས་མ་དགོས་པ་ཡིན་ནོ་ཟེར་ཏེ། ཤཱཀྱ་བཤེས་གཉེན་ཡང་དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་མཛད་པ་པོ་དང་གཅིག་པར་འདོད་པ་དང་ཐ་དད་པར་འདོད་པ་སྣ་ཚོགས་བྱུང་ངོ༌། ། ཕྱིས་ཀྱི་མཁས་པ་འགའ་ཞིག་གཞུང་གི་སྟོད་ནས་ཅི་རིགས་པ་ཞིག་འཕགས་པས་མཛད་པ་ལ། ཁ་སྐོང་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་འཐད་དེ། དེ་ལྟར་ན་སྤྱོད་བསྡུས་སུ་ལུང་དྲངས་པ་དང༌། རིམ་པ་ལྔ་ཅར་གྱི་དགེ་བ་བསྔོ་བ་ཀླུ་སྒྲུབ་ཀྱིས་མཛད་པ་ཡང་མི་འགལ་ཏེ། གཞུང་གི་སྟོང་ཀླུས་མཛད་པའི་ཕྱིར་དང༌། རིམ་པ་གཞན་དང་ཟློས་བུ་ཅུང་ཟད་བྱུང་བ་དང༌། འཇུག་གི་འཕགས་པ་རྡོ་རྗེ་ཅན་ཞེས་པ་ཀླུ་སྒྲུབ་ཡིན་པ་དང༌། འདི་ལ་སྒོས་སུ་ཤཱཀྱ་གཤེས་གཉེན་གྱིས་དགེ་བ་བསྔོ་བ་ཡང་མི་འགལ་ཏེ། གཞུང་གི་སྨད་དེ་ཉིད་ཀྱིས་མཛད་པའི་ཕྱིར་རོ། ། ཞེས་གསུངས་པ་ལྟར་ཡང་ལེགས་པར་མངོན་ནོ། །འོན་ཀྱང་གཞུང་འདི་ནི་ལུགས་འདིའི་ལམ་རིམ་ཡོངས་རྫོགས་སྟོན་པ་ཡིན་པས་རིམ་པ་ལྔ་ཅར་གྱི་དོན་འཆད་དོ། །ཇི་ལྟར་འཆད་ཅེ་ན། དང་པོའི་རིམ་པའི་སྦྱོར་བ་ཡིས་སོགས་བསྐྱེད་རིམ་འཆད་བྱེད་ཀྱང་ཡོད་ལ། ལུས་དབེན་དང༌། རྡོར་བཟླས་ཀྱི་མིང་གསལ་མ་བྱུང་ཡང༌། དེ་གཉིས་ཀྱི་ཉམས་མྱོང་ཡེ་ཤེས་རྣམས་སྣང་བ་གསུམ་གྱི་ཆ་ཤས་སུ་འདུ་ཞིང༌། སྣང་བ་གསུམ་ལ་འདིར་རྒྱས་བཤད་མཛད་པས་རིམ་པ་དེ་གཉིས་


TNT05_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཤུགས་ལ་བསྟན་པ་དང༌། སྒྱུ་ལུས་འོད་གསལ་ལ་ཟུང་འཇུག་སྤྱོད་པ་དང་བཅས་པ་རྣམས་ཀྱང་སྙིང་པོ་འདུས་ཙམ་རེ་གསུངས་པ་ཡིན་པས། རིམ་ལྔའི་གཞུང་གཞན་དང་འདི་གཉིས་རྒྱས་བསྡུས་ཀྱི་ཁྱད་པར་དུ་འགྱུར་རོ། །དེ་ཡང་བསྐྱེད་རིམ་ངག་དབེན་སྒྱུ་ལུས་འོད་གསལ་ཟུང་འཇུག་རྣམས་གཞན་དུ་རྒྱས་ལ་འདིར་བསྡུས་ཤིང༌། སེམས་དབེན་གྱི་རིམ་པ་ནི་གཞུང་འདིར་ཤིན་ཏུ་རྒྱས་པར་བསྟན་ཞིང༌། རྡོར་བཟླས་ཀྱི་འཇུག་གི་ཆ་དང༌། རིམ་པ་གསུམ་པར་ཅུང་ཟད་ཙམ་ལས་མ་སྨོས་པས་གཞན་དེ་དག་ཏུ་བསྡུས་པར་བསྟན་པ་ཡིན་ནོ། །དེས་ན་ཟློས་པ་ལྟར་སྣང་བ་རྣམས་ཀྱང་བསྟན་བཤད་ཀྱི་ཁྱད་པར་ཡིན་པ་དང༌། རྣམ་གྲངས་མི་འདྲ་ཙམ་གྱི་ཁྱད་ཡོད་པས་ཟློས་པའི་སྐྱོན་མེད་དོ། །གོང་དུ་སྨོས་པ་ལྟར། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་གསུངས་པ་ཉིད་ཚད་མར་བྱས་དགོས་པ། རྗོད་བྱེད་ཚིག་གི་གཞུང་རིམ་པ་ལྔ་ཀླུ་སྒྲུབ་ཀྱིས་མཛད་པ་ནི། བསྡུས་པའི་རིམ་པ་སྟེ་མདོར་བྱས་དང༌། རྡོར་བཟླས། བདག་བྱིན་རླབས་པས། མངོན་པར་བྱང་ཆུབ་པ། མི་གནས་མྱང་འདས་ཀྱི་རིམ་པ་སྟེ་ལྔ་པོ་ཉིད་ཡིན་ལ། དགོངས་པ་བླ་ན་མེད་པའི་རིམ་པ་འདིའི་ནང་ན་ཀླུ་སྒྲུབ་ཀྱི་གསུང་ཅི་རིགས་པ་ཡོད་སྲིད་ཀྱང༌། གཞུང་འདིའི་སྟོད་སྨད་བར་གསུམ་ཕལ་ཆེ་བ། ཤཱཀྱ་བཤེས་གཉེན་ཉིད་ཀྱིས་མཛད་པར་བྱ་དགོས་ལ། དེ་ནི་སྤྱོད་བསྡུས་མཛད་པ་པོའི་ཡང་རྡོ་རྗེའི་སྤུན་ནམ་སློབ་དཔོན་ལྟ་བུ་གོང་མར་གྱུར་པ་ཡིན་པ་སྲིད་ཅིང་མི་འགལ་པས། དེར་ལུང་དྲངས་


TNT05_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་གྱིས་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མི་དགོས་སོ། །ཐོག་མར་བརྩམས་ཚུལ་དེ་ལྟར་ཡིན་ཡང༌། ད་ལྟ་མདོར་བྱས་ལོགས་སུ་བྱས་ལ། རིམ་ལྔར་གཞུང་འདི་བཅུག་པའི་དགོས་པ་ནི། ཕྱིས་འཕགས་པའི་ཡུལ་དུ་འཕགས་སྐོར་དང་པོར་གྱུར་པའི་ཚེ། རྫོགས་རིམ་གྱི་གཞུང་རྣམས་ཕྱོགས་གཅིག་ཏུ་སྡེབས་ན་ལེགས་པར་བྱུང་ཞིང༌། སེམས་དབེན་རྒྱས་པར་སྟོན་བྱེད་ཀྱི་རྩ་བའི་གཞུང་ཞིག་དགོས་པར་བྱུང་བ་ལ་གཞུང་གཞན་མེད་པས་གཞུང་འདི་དཀྱུས་ལ་བཅུག་པར་སྣང་ཞིང༌། མདོར་བྱས་ལོགས་སུ་བཞུགས་ན་འཆད་པའི་རིམ་པ་ལ་སྟབས་བདེ་བར་མཐོང་སྟེ། རིམ་པ་འདི་དག་གི་སྡེབས་ལ་མ་བསྡུས་པའོ། །དེ་ལྟར་བྱེད་པའི་རྒྱུ་མཚན་བསྐྱེད་རིམ་གྱི་གཞུང་འཆད་དགོས་ལ་རྫོགས་རིམ་གྱི་གཞུང་མི་མཁོ་བའི་གང་ཟག་ཀྱང་ཤིན་ཏུ་མང་ལ། བསྐྱེད་རིམ་རྒྱུད་སྡེ་གཞན་གྱི་ལུགས་བཞིན་བསྒོམ་པའང་ཡོད་པས། དེ་དག་ལ་མདོར་བྱས་མི་མཁོ་ལ། རྫོགས་རིམ་ལུགས་འདི་བཞིན་དུ་བསྒོམ་པར་བྱེད་ཅིང༌། བསྐྱེད་རིམ་གཞན་ལྟར་བྱེད་པ་ཡང་ཤིན་ཏུ་མང་བར་བྱུང་བའི་ཕྱིར། གླེགས་བམ་བཞུགས་ཚུལ་སྒྲིག་པའི་སྐབས་མདོར་བྱས་ལོགས་སུ་བཞག་ཅིང་སེམས་དབེན་རྒྱས་བཤད་དགོས་པ་བྱུང་བས། གཞུང་འདི་བར་དུ་བཅུག་ནས་ཕྱོགས་གཅིག་ཏུ་བསྒྲིགས་པའོ། །འོན་ཀྱང་ལུས་དབེན་རྒྱས་པར་སྟོན་བྱེད་ཀྱི་རྩ་བའི་གཞུང་ནི་གཞན་མེད་པས། སྤྱོད་བསྡུས་ཉིད་ལ་རག་ལས་པ་ཡིན་གྱི། ཁ་ཅིག་ལྟར་དེ་ནི་བསྐྱེད་


TNT05_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཡིན་པའི་ཕྱིར་མདོར་བྱས་སུ་འདུའོ། །ཞེས་ཟེར་བ་མི་ལེགས་སོ། །ད་ནི་གཞུང་འདི་ཉིད་འཆད་པ་ལ། དང་པོར་གཞུང་ལ་འཇུག་པ། བར་དུ་གཞུང་དངོས། རྗེས་བཤད་ཟིན་གྱི་དོན་ཏེ་གསུམ་ལས། དང་པོ་ལ། ཕྱག་འཚལ་བ་དང༌། དེའི་དོན་བཤད་པ། དོགས་པ་སྤོང་པ་སྟེ་གསུམ་མོ། །དང་པོ་ནི། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། ཅེས་པ་སྟེ། འདི་ལ་ཕྱག་འཚལ་བའི་རྣམ་གྲངས་བརྒྱད་བྱུང་བ། སྣང་གསུམ་དང་སྒྱུ་ལུས་འོད་གསལ་སོགས་ལ་སྦྱོར་བའི་བཤད་ཚུལ་མང་པོ་སྣང་ཡང་ངེས་པ་ཐོབ་པར་མི་འདུག་གོ །དེས་ན་འདི་སྐད་ཅེས་བྱ་སྟེ། རྒྱལ་བ་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་ལ་ཕྱག་འཚལ་ཞིང་འདུད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཡང་ཕྱག་འཚལ་ཞིང་འདུད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཡང་ཕྱག་འཚལ་ཞིང༌། སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་ཕྱག་འཚལ་ལ། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་ཕྱག་འཚལ་ཞིང་འདུད་དོ། །ཞེས་ཕྱག་འཚལ་གྱི་དོན་བསྡུ་ལྔར་བྱེད་པ་ལྟར་འཐད་དོ། །གཉིས་པ་ནི། ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ།།གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞིན་དུ། །གང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། ཞེས་པ་སྟེ། གོང་དུ་ཕྱག་འཚལ་ལོ་ཞེས་སྨོས་ན། ཚུལ་ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ་ཡང་གང༌། ཡུལ་གང་ལ་ཕྱག་འཚལ་ཞིང་བསྟོད་པ་དང༌། བྱེད་པ་པོ་གང་གིས་


TNT05_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཅིང་ཕྱག་འཚལ་བར་བྱེད་ཅེ་ན། ཕྱག་འཚལ་བའི་ཡུལ་རང་གི་ཡེ་ཤེས་ཏེ། ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ཡེ་ཤེས་རང་ཉིད་ལ་གནས་པ་བདེ་གཤེགས་སྙིང་པོའི་ངོ་བོར་གྱུར་པའི་ཡེ་ཤེས་ལྔ་པོ་ལའོ། །གང་གིས་ཕྱག་འཚལ་བ་ནི། རང་གི་སེམས་ཉིད་ཀྱིས་སོ། །ཇི་ལྟར་ཕྱག་འཚལ་བའི་ཚུལ་ནི། རང་བཞིན་རྟོགས་བྱའི་ཆོས་དབྱིངས་དང༌། རྟོགས་བྱེད་རིག་པའི་ཡེ་ཤེས་གཉིས་པོ་ཡུལ་ཡུལ་ཅན་ཕན་ཚུན་དུ་ཤར་པ་ལྟ་བུ་མ་ཡིན་པར། ཇི་ལྟར་ཆུ་ལ་ཆུ་བཞག་པ་དང༌། ཇི་ལྟར་མར་ཞུན་ལ་མར་ཞུན་བླུག་པ་བཞིན་དུ། རྟོགས་བྱ་རྟོགས་བྱེད་དབྱེར་མེད་རོ་གཅིག་ཏུ་འདྲེས་པའི་སྒོ་ནས། རང་གི་གནས་ཚུལ་ལེགས་པར་མཐོང་ཞིང་རྟོགས་པ་ནི། འདིར་དོན་དམ་པའི་ཕྱག་འཚལ་བ་ཡིན་ནོ། །གསུམ་པ་ནི། འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེབས་པ།།དྲིན་གྱིས་སྣང་བ་ཐོབ་པར་འགྱུར། །ཞེས་པ་སྟེ། དོན་དམ་པའི་ཕྱག་འཚལ་བ་ནི་དེ་ཡིན་མོད་ཀྱི། འོན་ཀྱང་དེ་ནི་ཀུན་མཁྱེན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོང་འཕང་མ་ཐོབ་ཀྱི་བར་དུ། གཉིས་སྣང་ཐམས་ཅད་ནུབ་པའི་མཚན་ཉིད་ཅན་ཡེ་ཤེས་དབྱེར་མེད་རོ་གཅིག་པ་དེ་ནི། ཉམས་སུ་མྱོང་ཞིང་དངོས་སུ་རྟོགས་པའི་སྒོ་ནས་ཉེ་བར་དམིགས་པར་མི་འགྱུར་ན། ཁྱེད་ཀྱི་འདི་ཡང་ཚིག་གི་མཛེས་ཁྲིགས་ཙམ་ཁོ་ན་ལས་ཉམས་སུ་བབ་པ་མ་ཡིན་ནོ་ཞེ་ན། བདག་ཅག་ལྟ་བུ་སོ་སོ་སྐྱེ་བོ་རྣམས་མི་ཤེས་པའི་མུན་ནག་གི་རབ་རིབ་ཀྱིས་ཁེབས་པ་ནི་ཡིན་མོད་ཀྱི། འོན་ཀྱང་


TNT05_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་དྲིན་གྱི་མན་ངག་ལས། སོ་སོ་སྐྱེ་བོའི་དུས་ཉིད་ནས་ཀྱང་ཟུང་འཇུག་གནས་ལུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་རང་གིས་རིག་པའི་ཚུལ་གྱིས་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་པར་འགྱུར་བ་ནི་ཡོད་པས་ན། དེ་ལྟར་ཕྱག་འཚལ་བ་མི་འགལ་ལོ། །དེའི་ཕྱིར་ཉམས་སུ་མྱོང་བས་གྲུབ་པར་ཡང་ཁས་ལེན་ནོ། །གཞུང་འདིར་གཙོ་བོར་སེམས་དབེན་རྒྱས་པར་སྟོན་ལ། དེའི་དབང་དུ་བྱ་ནས་ཆོས་ཉིད་མངོན་སུམ་དུ་མ་རྟོགས་ཤིང༌། མ་རིག་པའི་རབ་རིབ་ཅན་ཡིན་ཡང༌། བདེ་སྟོང་གཉིས་སུ་མེད་པ་དང་ཟུང་འཇུག་གི་ཚུལ་ལ་རང་གི་ཉམས་མྱོང་དཔེར་བྱས་པའི་སྒོ་ནས་ངེས་ཤེས་རྙེད་པ་དང༌། དེར་མ་ཟད་མཉམ་བཞག་གིས་དུས་སུ་སེམས་དབེན་གྱི་ཡེ་ཤེས་ལ་བརྟེན་ནས་ཆོས་ཉིད་ཀྱི་གནས་ཚུལ་ཡང་ཕྱོགས་མཚོན་པ་ནི། དཔེར་ན་ཕྱི་གཡོགས་སྲབ་མེས་དཀྲིས་པའི་ནང་གི་དངོས་པོ་ལག་པས་ནོམ་པས་ཉེ་བར་མཚོན་པ་བཞིན་ནོ། །དོན་གྱི་ཡེ་ཤེས་སྐྱེས་ན་ཡུལ་ཡུལ་ཅན་དབྱེར་མེད་ཀྱི་ཡེ་ཤེས་ཐོབ་པ་མ་ཡིན་ནམ། རྫོགས་པའི་སངས་རྒྱས་ཁོ་ན་སྨོས་པ་ཅི་ཞེ་ན། དེ་ནི་ཡིན་མོད་ཀྱི། སློབ་པའི་གནས་སྐབས་ན། མཉམ་བཞག་ཏུ་གཉིས་སྣང་མངོན་གྱུར་པ་མེད་ཀྱང༌། གཉིས་སྣང་གི་བག་ཆགས་མ་སྤངས་ཤིང༌། རྗེས་ཐོབ་ཏུ་གཉིས་སྣང་མངོན་འགྱུར་བའང་ཡིན་པས། རྟག་ཏུ་གཉིས་མེད་ཀྱི་རང་བཞིན་ཐོབ་པ་ནི་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་པས་གཙོ་བོའི་དབང་དུ་བྱས་ནས་དེ་ཉིད་ཁོ་ན་སྨོས་པ་ཡིན་པས་སྐྱོན་མེད་དོ། །གཉིས་པ་བར་དུ་གཞུང་དངོས་བཤད་པ་ལ།


TNT05_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་རྒྱས་བཤད་གཉིས་སོ། །དང་པོ་ནི། སྟོང་ཉིད་ཤིན་ཏུ་སྟོང་བ་དང༌། གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ ། ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པ་ཉེ་བར་ཐོབ་པར་འགྱུར༌། །རྫོགས་པ་ཉེ་བར་ཐོབ་གྱུར་ནས། །ཐམས་ཅད་སྟོང་པ་འོད་གསལ་བ། །རྒྱུ་ཡི་རིམ་པ་རྣམ་དག་པ། །རྣམ་ཤེས་གསུམ་པོ་འབྱོར་པ་དང༌། །སྟོང་པ་གསུམ་ནི་མཉམ་སྦྱོར་བས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །དེ་ཡང་སྟོང་པ་ཉིད་དེ་སྣང་བ་དང་པོའི་ས་དང༌། ཤིན་ཏུ་སྟོང་པ་སྟེ་སྣང་བ་མཆེད་པའི་ས་དང༌། གསུམ་པ་སྟོང་པ་ཆེན་པོ་སྟེ། །སྣང་བ་ཐོབ་པའི་ས་དང༌། བཞི་པ་ཐམས་ཅད་སྟོང་པའི་ས་རྣམས་ནི། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་བསྒྲུབ་དགོས་པའི་ཕྱིར། ས་སྔ་མ་སྔ་མ་ནི་རྒྱུ་དང༌། ཕྱི་མ་ཕྱི་མ་རྣམས་དེ་དང་དེའི་འབྲས་བུའི་བྱེ་བྲག་གི་ཁྱད་པར་དང་ལྡན་པའོ། །དེ་ཡང་སྣང་བ་དང་པོའི་ས་ནི་རྒྱུ། །མཆེད་པའི་ས་ནི་འབྲས་བུ། དེ་བཞིན་དུ་མཆེད་པའི་ས་ནི་རྒྱུ། ཐོབ་པའི་ས་ནི་འབྲས་བུ། བར་འདིར་ཐམས་ཅད་སྟོང་པའི་ས་རྗེས་མཐུན་པ་ཞིག་ཡོད་ཀྱང༌། དེ་སྒྱུ་ལུས་ཀྱི་སའི་ཁོངས་སུ་བསྡུ་བས་ལོགས་སུ་མི་བགྲོང་ངོ༌། །དེ་ཡང་ཤེས་རབ་སྣང་བ་དང༌། ཐབས་མཆེད་པ་གཉིས་གཉིས་མེད་དུ་སྦྱོར་བ་སྦྱོར་བ་སྣང་པ་ཐོབ་པའི་ས་མཐར་ཕྱིན་པ་ལས། སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱི་ལྷ་སྐུའི་རྣམ་པ་ལམ་བྱེད་རྫོགས་པའི་རྣལ་འབྱོར་སྒྱུ་ལུས་ཀྱི་སྐུ་ཉེ་བར་ཐོབ་པར་འགྱུར་ལ། རྫོགས་པའི་སྒྱུ་ལུས་


TNT05_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉེ་བར་ཐོབ་པར་གྱུར་ནས། དེ་འདྲ་དེ་རྟེན་རགས་པ་དང་བཅས་པ་ལ་གནད་དུ་བསྣུན་པས། ཐམས་ཅད་སྟོང་པ་འོད་གསལ་བ་རྒྱུའི་རིམ་པ་སྟེ། རྒྱུ་འཁོར་བའི་དུས་ཉིད་ནས་རྣམ་པར་དག་པའི་རང་བཞིན་ཅན་དེ་ལ་དམིགས་ཤིང་བསྒོམས་པས། རྣམ་ཤེས་སྣང་བ་གསུམ་པོ་དེ་ལ་དབང་འབྱོར་བ་སྟེ་ཇི་ལྟར་འདོད་པར་སྤོང་ཐུབ་པའི་ངེས་པ་རྙེད་པ་ན། མངོན་པར་བྱང་ཆུབ་པའི་རིམ་པས་སྟོང་པ་གསུམ་པོ་དོན་གྱི་འོད་གསལ་དུ་མཉམ་པར་སྦྱོར་བའི་ཐམས་ཅད་སྟོང་པའི་ས་ཐོབ་པར་འགྱུར་ཞིང༌། དེ་ཐོབ་པས་དེའི་དེ་མ་ཐག་ཏུ་བླ་ན་མེད་པ་ཟུང་འཇུག་གི་གོ་འཕང་ཐོབ་པར་འགྱུར་རོ། །དོན་གྱི་འོད་གསལ་ཐོག་མར་ཐོབ་པ་དང༌། ཟུང་འཇུག་ཐོག་མར་ཐོབ་པའི་གནས་སྐབས་གཉིས་དུས་སྔ་ཕྱི་ཡོད་ཀྱང༌། སྐབས་འདིར་སའི་རིམ་པ་གཅིག་ཏུ་བསྡུ་སྟེ་ཐམས་ཅད་སྟོང་པའི་ སའོ། །ས་བཞིའི་རྣམ་གཞག་འདི་ལྟར་བྱེད་པའི་སྐབས། བདག་བྱིན་རླབས་པའི་ས་ཡང་སྣང་བ་ཐོབ་པའི་སའི་ནང་དུ་བསྡུ་སྟེ། དེ་ལྟར་ན་སྟོང་པ་བཞི་ལ་བལྟོས་པའི་ས་བཞིར་འདུས་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་སེམས་དབེན་འཕྲོས་དང་བཅས་པ་རྒྱས་པར་བསྟན། བདེན་གཉིས་ཟུང་འཇུག་དང་བཅས་པ་མདོ་ཙམ་སྨོས། ལམ་གྱིས་མཚམས་སྤྱི་དང་བོགས་འབྱིན་ཅུང་ཟད་བཤད་པ་སྟེ་བཞི་ལས། དང་པོ་ལ་སེམས་དབེན་དངོས་བཤད་པ་དང༌། འཕྲོས་དོན་ལས་ཀྱི་མཐའ་རྣམ་པར་འབྱེད་པའོ། །དང་པོ་ལ་རང་བཞིན་དང་བཅས་པའི་སྣང་བའི་རྣམ་གྲངས་བཤད་པ་དང༌། སྣང་གསུམ་གྱི་ངོ་བོ་


TNT05_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་བཟུང་བ་དང༌། ལམ་གྱི་སྣང་གསུམ་སྒྲུབ་པའི་ཐབས་བསྟན་པ་སྟེ་གསུམ་མོ། །དང་པོ་ནི། སྣང་བ་སྟོང་པ་ཤེས་རབ་དང༌། །སེམས་དང་གཞན་གྱི་དབང་དག་སྟེ། །དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་ དག །ཡིད་ལ་འཕྲོ་ཞིང་འོང་བ་དང༌། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང༌། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །སྲེད་དང་སྲེད་པའི་བར་མ་དང༌། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང༌། །ཚོར་དང་ཚོར་བ་བར་མ་དང༌། །ཤིན་ཏུ་ཚོར་བའི་སྐད་ཅིག་ དང༌། །རིག་པ་པོ་དང་རིག་འཛིན་གཞི། །སོ་སོར་རྟོག་དང་ངོ་ཚ་ཤེས༌། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་སེར་སྣ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང༌། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། །མཚན་མོའི་མིང་དུ་ངེས་པར་བཤད། །དེ་བཞིན་བུད་མེད་མིང་དུ་བརྗོད། །འཇམ་པ་ལྟ་བུའང་དེ་བཞིན་ ནོ། ། གཡོན་པའི་མིང་ཡང་དེ་ཉིད་དེ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། ། བསྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོའི་ཡི་གེ་ཐིག་ལེར་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང༌། །སྣང་བའི་ཡེ་ཤེས་ཡང་དག་འབྱུང༌། །ཤིན་ཏུ་སྟོང་པ་ཐབས་ལྡན་པ། །སྣང་བ་མཆེད་པ་ཞེས་བརྗོད་དོ། །དེ་བཞིན་དུ་ནི་ཀུན་བཏགས་ དང༌། །དེ་བཞིན་སེམས་ལས་བྱུང་བར་བཤད། །ཆགས་དང་ཞེན་དང་དེ་བཞིན་


TNT05_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་རབ་ཏུ་མགུ་བ་དང༌། །ངོ་མཚར་དེ་བཞིན་རྒོད་པ་དང༌། །ཚིམ་དང་དེ་བཞིན་འཁྱུད་པ་དང༌། །འོ་བྱེད་དེ་བཞིན་འཇིགས་པ་དང༌། བརྟན་དང་བརྩོན་དང་ང་རྒྱལ་དང༌། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང༌། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག།རྣམ་པར་སྒེག་དང་ཞེ་འགྲས་ ཉིད། །དགེ་དང་ཚིག་གསལ་བདེན་པ་དང༌། །མི་བདེན་པ་དང་དེ་བཞིན་ ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་དེ་བཞིན་དཔའ་བོ་དང༌། །ངོ་ཚ་མེད་དང་སྒྱུ་དང་གདུག།མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །ཉིན་མོ་སྐྱེས་པའི་མིང་དང་ནི། །རྩུབ་མོ་གཡས་པར་བསྟན་པ་ཡིན། །ཉི་མའི་དཀྱིལ་འཁོར་མིང་དང་ནི། །དེ་བཞིན་དུ་ནི་རྡོ་རྗེའི་མིང༌། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་ བྱ། །ཉི་མའི་འོད་ཟེར་འདྲ་བ་དང༌། །སྣང་བ་མཆེད་པའི་སྦྱོར་ལས་བྱུང༌། །སྣང་བ་ཐོབ་པ་དག་དང་ནི། །ཉེ་བར་ཐོབ་པ་དེ་བཞིན་ཏེ། །ཡོངས་སུ་གྲུབ་པ་ཉིད་དང་ནི། །མ་རིག་པ་ནི་ཉིད་ཅེས་བྱ། །སྟོང་པ་ཆེན་པོའི་ཚིག་གིས་ནི། །རྣམ་གྲངས་འདི་དག་རྒྱལ་བས་གསུངས། །ཆགས་པ་བར་མའི་སྐད་ཅིག་དང༌། བརྗེད་ངས་པ་དང་འཁྲུལ་པ་དང༌། །མི་སྨྲར་གྱུར་དང་སྐྱོ་བ་དང༌། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །མ་རིག་སྐད་ཅིག་བདུན་པོ་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ས་བོན་ཐིག་ལེར་ལྡན་


TNT05_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཞེས་གསུངས་ཏེ། དེ་ལ་ཐོག་མར་སྤྱི་དོན་ཅུང་ཟད་ཀྱིས་མཐའ་གཅོད་པ་འདི་ལྟར་གོ་བར་བྱའོ། །རྩ་བ་རང་རིག་པ་དང་རྣམ་འགྱུར་སྣང་བ་གསུམ་ཞེས་བྱ་སྟེ། དེ་ཡང་ངོ་བོ་ཐ་དད་པ་མ་ཡིན་པར། དཔེར་ན། གསེར་ལས་བྱས་པའི་གཟུགས་གསུམ་ཞེས་བྱ་ན། རྩ་བའམ་རང་བཞིན་གསེར་དང༌། རྣམ་འགྱུར་གཟུགས་གསུམ་ཞེས་པ་ལྟ་བུ་ཡིན་པས། གསེར་གྱི་གཟུགས་གསུམ་པོའི་གསེར་དང་གཟུགས་ལ་དབྱེ་བ་མེད་པ་བཞིན། སྐབས་འདིའི་རང་རིག་དང་སྣང་གསུམ་ལའང་དབྱེ་བ་མེད་པ་ཁོ་ ནའོ། །དེ་ཡང་དངོས་དང་བཏགས་པ་མ་ཕྱེ་བའི་དབང་དུ་བྱས་ནས་དབྱེ་ན། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་གསུམ་དང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གསུམ་མོ། །དེ་ལ་དང་པོ་ནི། རྩ་བ་ཆོས་ཀྱི་དབྱིངས་རང་སེམས་བདེ་ཆེན་རྟག་པ་འགྱུར་མེད། དོན་དམ་རང་རིག་ཆེན་པོ་དེ་ཡིན་ལ། འདི་ལ་རིག་ན་རིག་བྱ་རིག་བྱེད་གཉིས་དགོས་པར་ཐལ་བ་དང༌། རང་གཅིག་པུ་ལ་རིག་པའི་བྱ་བ་མི་འཐད་ཟེར་བ་དང༌། གྲུབ་ཙམ་ནས་གསལ་བའི་ངོ་བོར་སྐྱེས་པ་མི་རུང་སྟེ་མ་བསྒྲིབས་པ་ལ་གསལ་པ་མི་འཐད་པའི་ཕྱིར་རོ། །ཞེས་སོགས་སྐྱོན་འདོགས་པ་ནི་རྟོག་གེ་ཁོ་ན་ལ་ངལ་བར་བྱས་པ་རྣམས་ཀྱིས་བྱིས་པའི་རྩོད་པའོ། །དེ་དག་ནི་ཀུན་རྫོབ་ཀྱི་རང་རིག་འགོག་བྱེད་དུ་འགྱུར་ཡང༌། དོན་དམ་འགོག་པར་མི་ནུས་ཏེ་འགལ་འདུས་སྐྱོན་མེད་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་རང་རིག་ལ་སོགས་པ་དེ་དག་ལ་ཡང་བདེན་པ་འགོག་པ་


TNT05_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་རང་རིག་ཙམ་མི་ཁེགས་སོ། ཁྱད་པར་དུ་མར་མེ་གསལ་བར་བྱ་བ་མ་ཡིན་ཏེ། མ་བསྒྲིབས་པའི་ཕྱིར་རོ་ཞེས། གསལ་བའི་སྔོན་དུ་བསྒྲིབས་པ་འགྲོ་དགོས་པར་འདོད་པ་ཡིན་འདུག་ནའང༌། འདི་དག་ནི་འཇིག་རྟེན་དང་གཞུང་ལུགས་གང་ལ་སྦྱར་ཀྱང་རིག་པ་བཟང་པོར་ཡང་མི་མངོན་པས། དམ་པ་མཆོག་གིས་གསུངས་པའི་ཚིག་གི་ནང་དུ་འགའ་ཞིག་གིས་ཚིག་གཞན་བཅུག་པ་ཡིན་ཡང་དག་གོ །ངོ་བོ་བདེ་ཆེན་དེ་ཉིད་ཀྱི་རང་གི་རྣམ་ཆའི་རང་གཟུགས་འཆར་ཚུལ། སྐུའི་གསང་བ་བསམ་གྱིས་ཁྱབ་པ་ནི་སྣང་བ་དང༌། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་མཆེད་པ་དང༌། ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པ་ནི་ཐོབ་པ་དང་ཀུན་ཁྱབ་བདེ་བ་ཆེན་པོ་གོང་དུ་བཤད་པ་དེ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་ཡིན་ནོ། །རྣམ་པ་ཐམས་ཅད་པའི་སྐུ་གསུང་ཐུགས་གསུམ་པོ་དེ་ཡང་དབྱེ་བ་ཡོད་པ་མ་ཡིན་ཏེ། སྐུ་གསུང་ཐུགས་མཉམ་པ་ཉིད་དོ། །འདི་ནི་གཞི་གདོད་མའི་ཆོས་ཉིད་དང༌། འབྲས་བུ་མངོན་འགྱུར་དུ་ཐོབ་ཅེས་པའི་མངོན་དུ་འགྱུར་རྒྱུ་དང་ཐོབ་རྒྱུ་དང༌། ལམ་བསྒོམ་པའི་དམིགས་པའི་ཡུལ་ཡིན་ཞིང༌། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ལ་ཀུན་ཁྱབ་ཡིན་ཡང༌། རང་གི་ངོ་བོ་གཞི་ལམ་འབྲས་བུ་གསུམ་ཀ་ལས་འདས་པ་ཡིན་ནོ། །འདི་སྣང་གསུམ་དངོས་མ་ཡིན་ཡང་དེའི་ཆོས་ཉིད་ཡིན་པས་དེར་བཏགས་སོ། །གཉིས་པ་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གསུམ་ཞེས་བྱ་བ་ནི། སྣང་བ་གསུམ་དང་ཡེ་ཤེས་གསུམ་དང་


TNT05_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་གསུམ་ཞེས་གྲགས་ལ། དེ་ལ་དབྱེ་ན་གཉིས་ཏེ། རང་བཞིན་དང་བཅས་པའི་སྣང་བ་གསུམ་དང༌། རང་བཞིན་དང་བྲལ་བའི་སྣང་བ་གསུམ་མོ། །རང་བཞིན་དང་བྲལ་མ་བྲལ་ཡང་ཉོན་མོངས་ཀྱི་རྣམ་རྟོག་དང་བྲལ་མ་བྲལ་ལོ། །དང་པོ་ལ་དབྱེ་ན། གཞིའི་དུས་ཀྱི་སྣང་བ་གསུམ་དང༌། ལམ་གྱི་དུས་ཀྱི་སྣང་བ་གསུམ་མོ། ། གཞི་དུས་ལ་དབྱེ་ན། རྒྱུན་ཆགས་པའི་སྣང་བ་གསུམ་དང༌། ཁྱད་པར་གྱི་དུས་སུ་འབྱུང་བའི་སྣང་བ་གསུམ་མོ། །དེའི་དང་པོ་ནི། སྔར་ཇི་སྐད་བཤད་པའི་ཆོས་ཉིད་ཀྱི་སྣང་གསུམ་དེ། སེམས་ཅན་ཀུན་ལ་ཁྱབ་ཚུལ་དུ་གནས་པ་ན། དེའི་གཡའ་ལྟ་བུར་སེམས་ཅན་སོ་སོའི་སེམས་ལས་བྱུང་བ་སྟེ། དེ་ཡང་བདེ་བ་ལ་སྲེད་པའི་བག་ཆགས་སེམས་ཡུལ་ལ་ཆགས་སུ་རུང་བའི་ནུས་པ་ཅན་གཅིག་ཡོད་པ་དེའི་རྣམ་འགྱུར་རྣམ་པ་གསུམ་སྟེ། ལུས་ཀྱི་སྣང་བ་འཆར་དུ་རུང་བའི་ནུས་པའི་སེམས་རང་རིག་ནི་སྣང་བ་དང༌། ངག་གི་སྣང་བ་འཆར་དུ་རུང་བའི་ནུས་པའི་རང་རིག་ནི་སྣང་བ་ཆེད་པ་དང༌། ཡིད་ཀྱི་སྣང་བ་སྣ་ཚོགས་པ་འཆར་དུ་རུང་བའི་ནུས་པའི་སེམས་རང་རིག་ནི་སྣང་བ་ཐོབ་པ་སྟེ། གསུམ་ཀར་ཡང་ཀུན་རྫོབ་ཀྱི་རང་རིག་དང་ཁ་ནང་ལྟས་ཀྱི་ཆ་ཁོ་ན་ཡིན་ནོ། །སྣང་གསུམ་འདི་རྒྱུད་གཞན་ལས། བདེ་བ་འགྱུར་བཅས་དང་འཛག་པ་དེའི་ས་བོན་དུ་གསུངས་ཤིང༌། གསུམ་ཀར་ངོ་བོ་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་ཡིན་ཡང༌། སྐབས་འདིའི་སྣང་བས་ཡིད་ཤེས་དང་དབང་ཤེས་སྐྱེད་པའི་རྒྱུ་བྱེད་ཅིང༌། མཆེད་པས་ཉོན་ཡིད་སྐྱེད་པའི་རྒྱུ་


TNT05_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་དེ་དང་དེར་བཞག་ལ། ཐོབ་པ་ནི་ཐོབ་པའི་ལྡོག་ཆ་ནས་ཀུན་གཞི་རང་གི་མཚན་ཉིད་ལ་གནས་པ་ཙམ་དང་བརྒྱུད་ནས་སྐྱེས་པ་མ་གཏོགས། དངོས་སུ་རྣམ་ཤེས་བདུན་པོ་དེ་དག་སྐྱེད་པར་མི་བྱེད་པས་ཀུན་གཞི་ཁོ་ནར་འཇོག་སྟེ། དེའི་ཕྱིར་སྣང་བ་གསུམ་སེམས་ཡིད་རྣམ་ཤེས་སུ་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སྣང་བ་གསུམ་ནི། ངོ་བོ་དབྱེ་བ་མེད་ཅིང་གཅིག་ཏུ་འདྲེས་ལ། འཁོར་བ་ཇི་སྲིད་བར་དུ་རྒྱ྄ུན་མི་ཆད་པར་འཇུག་པའོ། །དེ་ཡང་རྡོ་རྗེ་འཕྲེང་བ་ལས་འདི་སྐད་དུ། །ཤེས་རབ་དམ་པ་གཙོ་བོ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག།སྲིད་པ་གསུམ་ན་ཡོངས་ཤེས་པའི། །འདི་ནི་རྩ་བར་རྣམ་པར་བསྟན། །འོད་མ་འགྲེང་བ་ལྟར་མཛེས་ཤིང༌། །ཆགས་ལ་སོགས་པ་རབ་སྐྱེད་ལྡན། །སྣང་བ་མཆེད་པ་རྣམ་པར་ཤེས། །མིང་ནི་ཐབས་ཞེས་བྱ་བ་ཡིན། །རིག་ཆེན་རང་ཉིད་རྩ་བ་སྟེ། ཞེས་དང༌། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་དེར་རྣམ་ཤེས་གསུམ་ཐོས་པ།།སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་འཛིན་བྱེད་ལ། །རླུང་དང་ལྡན་པའི་རྣམ་ཤེས་ནི། །རྟག་ཏུ་འགྲོ་ལ་གནས་པར་འགྱུར། །འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡིས་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། ཞེས་གསུངས། འགྱུར་ཕལ་ཆེར་ལས། ཨེ་ནི་ཤེས་རབ་དམ་པ་སྟེ། ཞེས་འབྱུང་


TNT05_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། ཡི་གེ་གཞན་རྣམས་ཐམས་ཅད་ལ། །ཝོཾ་ནི་ཞེས་པ་ལྟ་བུ་ནས། །ར་ནི་ཞེས་པ་ལྟ་བུར་ཚིགས་བཅད་ཀྱི་ནང་དུ་ཡི་གེ་ཉིད་ལོགས་སུ་སྨོས་པ་མེད་པས། དེ་དག་དང་རིག་པ་མཚུངས་པའི་ཕྱིར་ཨེ་ནི་ཞེས་བརྗོད་པ་མི་ལེགས་སོ། །ཤེས་རབ་བདེ་བ་དམ་པའི་ཡེ་ཤེས་ཀྱང་ཡིན་པའམ། ཡང་ན་ཤེས་རབ་ནི་རྩ་རྐྱང་མ་སྟེ་དེ་དང་འབྲེལ་ཞིང༌། གཙོ་བོ་ནི་ཁམས་ཀྱི་སྤྱི་བོའི་ཧཾ་ཡིག་སྟེ། དེས་མཚོན་པའི་ཁམས་དཀར་པོ་དང་འབྲེལ་བའོ། །རང་ཉིད་ཀྱི་བཞོན་པར་གྱུར་པའི་རླུང་གི་ངོ་བོ་ནི་ཕྲ་མོ་ཡིན་ལ། དེ་རང་ཉིད་འགྲོ་འོང་གནས་པ་གསུམ་ཆར་བྱེད་མོད་ཀྱང༌། རགས་པའི་རླུང་ནང་དུ་འོང་བའི་བྱ་བ་ཅན་རྩ་བའི་རྣམ་པར་ཤེས་པ་གསུམ་གྱི་ནང་ཚན་སྣང་བ་དང་པོའི་ཤེས་པ་འདི་ལས། འདོད་ཆགས་དང་བྲལ་བ་ལ་སོགས་པ་རྣམ་རྟོག་སོ་གསུམ་སྐྱེ་ཞིང་འཆར་བས། རྣམ་རྟོག་དེ་རྣམས་ཀྱི་བདག་ཉིད་ཅེས་བྱ་སྟེ། སྲིད་པ་གསུམ་ན་ཡོངས་སུ་ཤེས་པ་སྟེ་རྟོགས་སླ་བས། ཡོངས་སུ་སྟེ་གསལ་ཞིང་རགས་པས་ཤེས་པ་ནི་ལུས་ཀྱི་སྣང་བའོ། །ཤེས་པ་ཞེས་པ་ཤེས་པར་བྱ་བའི་དོན་ནོ། །སྣང་བ་དང་པོ་དེ་ནི་ལུས་ཀྱི་སྣང་བ་ཐམས་ཅད་ཀྱི་རྩ་བར་ངེས་པར་བསྟན་ནོ། །དེ་བཞིན་དུ་རྩ་རོ་མ་དང་རགས་པའི་རླུང་ནང་དུ་གནས་པ་དང་འབྲེལ་བས་ཤིན་ཏུ་གསལ་བའི་ཉམས་དང༌། ཁམས་ལྟེ་བ་ན་གནས་པའི་གཏུམ་མོ་དམར་ཆ་འོད་མའི་དབྱུག་པ་བགྲེང་པ་ལྟར་མཛེས་པ་དང་འབྲེལ་ཞིང༌། བྱེད་ལས་ཆགས་པ་ལ་སོགས་པ་རྣམ་རྟོག་བཞི་བཅུ་རབ་ཏུ་སྐྱེད་པ་དང་ལྡན་པ། སྣང་བ་མཆེད་པའི་རྣམ་པར་ཤེས་པ་འདི་ནི་ཤིན་ཏུ་གསལ་བའི་རང་བཞིན་གྱི་


TNT05_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐབས་ཞེས་བྱའོ། །འོད་མ་འགྲེང་པའི་དོན་ལྟེ་བའི་གཏུམ་མོ་ལ་མི་སྦྱོར་ན། བཤད་པ་གཞན་ཐམས་ཅད་དཀའ་ཚེགས་ཆེ་ལ་དོན་ཆུང་བ་ཤ་སྟག་འབྲེལ་མེད་ཡིན་པ་གོ་བར་གྱིས་ཤིག །དེ་གཉིས་ཀྱིས་མཚོན་ཏེ། རྩ་དབུ་མ་དང༌། རླུང་ཕྱིར་འགྲོ་དང༌། ཁམས་མུན་པའམ་རླུང་དང་འབྲེལ་བ་མ་རིག་པའི་རྣམ་རྟོག་བདུན་སྐྱེད་པའི་ལས་ཅན་ཞེས་པའང་ཤུགས་ལ་གོ་སྟེ། སྟོང་པ་དང་མི་རྟོག་པའི་ཉམས་ཤིན་ཏུ་ཤས་ཆེ་པའི་ཕྱིར་རིག་པ་ཆེན་པོ་སྟེ། སྣང་བ་ཐོབ་པ་འདི་ནི་ཤེས་ཡིད་ཀྱི་ཆོས་སུ་སྣང་བ་ཐམས་ཅད་ཀྱི་བརྒྱུད་པའི་རྒྱུར་གྱུར་བའི་རྩ་བའོ། །སྣང་བ་གསུམ་གྱི་མཚན་ཉིད་ཅན་གཏན་དུ་འཇུག་པའི་རྩ་བའི་རྣམ་པར་ཤེས་པ་འདི་ནི། ཁྱད་པར་གྱི་དུས་སུ་འཇུག་པའི་རྣམ་ཤེས་གསུམ་པོ་འདི་དག་ཡང་དང་ཡང་དུ་འབྱུང་ཞིང་སྐྱེད་པས་མཛག་པའི་མཚན་ཉིད་ཅན་ཏེ། ཐོས་པའི་སྐད་དོད་ཤྲ་ཝ་ཏ་ནི་འཛག་པའི་དོན་ནོ། །རྣམ་ཤེས་གསུམ་གྱི་རྣམ་འགྱུར་ཡང་ཡང་གཡོ་བ་དེ་འཛག་པ་དེ་ཕྲ་མོ་དང་དོན་གཅིག་པས། འགའ་ཞིག་འཛག་བདེ་འཁོར་བའི་རྩ་བར་གསུངས་པ་ནི། དུས་འཁོར་ཁོ་ན་ལ་གྲགས་ཀྱི། རྒྱུད་གཞན་ལས་མ་གསུངས་སོ་སྙམ་པ་ནི་གནད་ཆེ་ས་ན་ཕར་ཡེ་མ་གོ་བའི་གཏམ་མོ། །དེ་ལྟར་རྣམ་ཤེས་གསུམ་གཡོ་ཞིང་འཛག་པ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཡུལ་ཕྱོགས་དང་བཅས་པའི་རང་བཞིན་ཏེ་རྒྱུ་དང་རྩ་བ་ཡང་ཡིན་ནོ། །དེ་ཡང་སྣང་བ་གསུམ་པོ་དེ་ནི་རླུང་ཕྲ་རགས་རྣམས་བླངས་ནས་བཟུང་བ་ལས་རླུང་གི་ཆ་ཤས་རེ་རེ་ནས་དབང་པོ་ལྔ་དང་ཡུལ་ལྔ་དང་འབྱུང་བ་ལྔ་


TNT05_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སོ་སོ་རེ་རེར་ཕྱི་དོན་དུ་སྣང་བ་སྣ་ཚོགས་པ་སྐྱེ་ལ། དེ་ཡང་དཔེར་ན་སྒྱུ་མ་མཁན་པོ་རང་ཉིད་ཀྱིས་སྤྲུལ་པའི་ནོར་ལ་ཆགས་པ་ལྟར། ཡུལ་དབང་ཕྲད་པར་སྣང་བ་ལས་རྣམ་ཤེས་རྣམ་རྟོག་དང་བཅས་པའི་འགྲོ་འོང་འབྱུང་ལ། འདིའི་དོན་ལ་ཁྱད་པར་གྱི་དུས་སུ་འཆར་བའི་རྣམ་ཤེས་གསུམ་པོ་རྣམས་ལ་ཡང་རང་རང་གི་བཞོན་པའི་རླུང་དང་བཅས་པ་ཡིན་མོད་ཀྱང༌། བཞོན་པའི་རླུང་དེ་དང་རྣམ་ཤེས་གསུམ་པོ་དེ་དག་ཀྱང་ཡུད་ཙམ་རེ་འབྱུང་ཞིང་དེ་ནས་འགག་པས་འགྲོ་བ་རྣམས་ལ་རྟག་ཏུ་གནས་པ་མ་ཡིན་ནོ། །རྩ་བའི་རྣམ་ཤེས་གསུམ་པོའི་བཞོན་པར་གྱུར་པའི་རླུང་འདི་ནི། རླུང་གི་ཁམས་ཆེན་པོ་སྟེ་རླུང་དེ་ཡང་རྟག་ཏུ་གནས་ལ་རྣམ་ཤེས་གསུམ་པོ་ཡང་རྟག་ཏུ་གནས་པའི་ཕྱིར། ཕྱི་རོལ་གྱི་རྐྱེན་རེ་དང་ནམ་ཕྲད་ཀྱང་རྐྱེན་ཇི་ལྟ་ཇི་ལྟར་རང་བཞིན་གྱི་རྣམ་རྟོག་ཀྱང་དེ་ལྟ་དེ་ལྟར་འགྲོ་བར་འགྱུར་རོ། །འཆི་བ་ལ་སོགས་པ་ཁྱད་པར་ཅན་གྱི་དུས་དེ་དག་མ་གཏོགས་སྣང་བ་གསུམ་མི་འབྱུང་ན། དུས་གཞན་དུ་རྣམ་རྟོག་ཀྱང་མི་འབྱུང་བར་ཐལ་བར་འགྱུར་ཏེ། རྒྱུ་ལྡོག་ན་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །རྩ་བའི་སྣང་བ་གསུམ་པོ་དེ་ལས་ལུས་ངག་ཡིད་གསུམ་གྱི་སྣང་བ་མཐའ་དག་འབྱུང་བའི་ཕྱིར་དང༌། སྒོ་གསུམ་གྱི་ཉེར་སྤྱོད་ཡིན་པའི་ཕྱིར། དེ་ལས་སྣོད་ཀྱི་འཇིག་རྟེན་ལས་དེ་དག་གི་ཞོར་ལ་འབྱུང་ངོ༌། །དེ་ལྟར་ཡང་ཀླུའི་བྱང་ཆུབ་ཀྱི་ལས་མཐའ་རྣམ་འབྱེད་ལས། སྟོང་ཉིད་གསུམ་ལས་བྱུང་པའི་རླུང༌། །དེ་ཉིད་དང་ནི་ཀུན་དུ་གནས། །དེ་ཡི་བཞོན་པ་ཉིད་འགྱུར་ཏེ། །བདག་ཉིད་


TNT05_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནི་སྟོང་པའི་ཕྱིར། །རྣམ་ཤེས་ལས་ནི་རླུང་འབྱུང་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང༌། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ཡང་ནི་ས་འབྱུང་ངོ༌། །དེ་རྣམས་ལ་ནི་ཕུང་པོ་འབྱུང༌། དེ་ལས་ཀྱང་ནི་སྐྱེ་མཆེད་འབྱུང༌། དེ་ལས་ཡེ་ཤེས་རང་བཞིན་རྣམས། །བརྒྱ་ནི་དྲུག་ཅུ་དང་བཅས་སླར། །ཞེས་གསུངས་ཏེ། དེ་ཡང་ཞིབ་མོར་ན་རྩ་བའི་སྣང་བ་གསུམ་པོ་དེ་བདེ་བ་ཡིན་ལ། དེ་ཡང་འགྱུར་མེད་མ་ཡིན་ཏེ་འགྱུར་བཅས་སོ། ། འགྱུར་བཅས་དེ་ནི་འབྱུང་བ་ལྔ་དང་འདྲེས་པའི་བདེ་བ་ཡིན་པས། དེ་ལས་རགས་པའི་འབྱུང་བ་ལྔ་འབྱུང་ཞིང༌། འབྱུང་བ་རྣམས་འདུས་པའི་བྱེ་བྲག་ལས་ཕུང་པོ་ལྔ་དང༌། དེའི་ནང་ཚན་རང་རྒྱུད་ཀྱིས་བསྡུས་པའི་འགྲོ་བ་ནང་གི་ཆོས་ལ་སྐྱེ་མཆེད་དྲུག་དང་སྤྱོད་ཡུལ་ཉེར་སྤྱོད་ཀྱི་ཚུལ་དུ་ཡུལ་ལྔའམ་དྲུག་འབྱུང༌། དེ་ལས་ཡེ་ཤེས་ལྔའི་མིང་ཅན་གྱི་རྣམ་པར་ཤེས་པ་ལྔ་འབྱུང་ངོ༌། །སྤྱིར་གཞི་དུས་ཀྱི་ཆོས་ཉིད་ཀྱང་ཡེ་ཤེས་ལྔ་ཡིན་ཞིང༌། དེའི་སྟོབས་ཀྱིས་གློ་བུར་གྱི་དྲི་མའང་རྩ་བའི་སྣང་བ་གསུམ་འབྱུང་བར་གནས་པ་དེ་ལ་གཞི་འཁོར་བ་ལ་བལྟོས་པའི་ཡེ་ཤེས་ལྔའི་མིང་འཇོག་ཀྱང༌། སྐབས་འདིའི་ཡེ་ཤེས་ལྔའམ། རྣམ་ཤེས་ལྔ་ནི་རགས་པ་ཉེར་ལྔའི་ནང་ཚན་ཡིན་པས་རྣམ་རྟོག་ཡིན་ཞིང༌། དེ་ཡང་རང་བཞིན་བརྒྱད་ཅུ་སོགས་ཀྱི་གཙོ་བོ་བསྡུས་པའོ། །དཔེར་ན། གཤེར་དང་ལྡན་པའི་ས་ལས་རླངས་བྱུང༌། དེ་ལས་ཟིལ་པ་ཆགས། ཟིལ་པ་འདུས་པ་ལས་ཆུར་གྱུར་ཞིང༌། ཆུ་ལ་གཟུགས་བརྙན་འཆར། དེ་རླུང་གིས་


TNT05_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པས་གཟུགས་བརྙན་རྒྱུག་པ་སོགས་སུ་སྣང་ངོ་དེ་བཞིན་དུ་ས་རླན་ཅན་དང་འདྲ་བ་རྩ་བའི་སྣང་བ་གསུམ། དྲོད་ཀྱིས་བསྐུལ་ནས་རླངས་འབྱུང་བ་དང་འདྲ་བར་རླུང་གཡོས་པས་བདེ་བ་འབྱུང་བ་ལྔའི་རྣམ་པར་གྱུར་པ། ཟིལ་པ་དང་འདྲ་བར་རགས་པའི་འབྱུང་བ་ལྔ། ཆུར་འཁྱིལ་བ་དང་འདྲ་བར་ཕུང་པོ་ལྔའི་ངོ་བོ་གྲུབ། དེ་ལ་གཟུགས་བརྙན་མང་པོ་ཤར་བ་དང་འདྲ་བར་དབང་ཡུལ་སོ་སོར་སྣང༌། གཟུགས་བརྙན་གཡོ་བ་དང་འདྲ་བ་རྣམ་ཤེས་ལྔའི་རྣམ་རྟོག་འབྱུང་བ་ཡིན་ནོ། ། ཡང་ཆུ་དེ་ས་ལ་སིམ་པ་ན་གཟུགས་བརྙན་ལ་སོགས་པ་ཐམས་ཅད་མི་སྣང་བར་འགྲོ་བ་དང་འདྲ་བར་འཆི་བའམ་གཉིད་ལ་སོགས་པའི་དུས་སམ། གནས་སྐབས་གཞན་དུ་ཡང་རུང་སྟེ། འཕེན་པ་གཅིག་པོ་དེའི་ནུས་པ་ཟད་པ་ན། རྩ་བའི་སྣང་གསུམ་ལ་དེ་ཐམས་ཅད་བག་ཆགས་བཞག་པའི་ཚུལ་གྱིས་ཐིམ་པར་འགྱུར་རོ། །དེ་ཡང་རྡོ་རྗེ་འཕྲེང་བ་ལས། །སྲ་བའི་ཁམས་དང་ཆུ་ཉིད་དང༌། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། འདི་ནི་ཕུང་པོ་ལྔ་རྣམས་སུ། །འབྱུང་བ་འདུས་བྱས་མཚན་ཉིད་ནི། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང༌། །རྣམ་ཤེས་ཉིད་ནི་ལྔ་པོའོ། །མཉམ་ཉིད་སོ་སོར་རྟོག་པ་དང༌། །བྱ་བ་སྒྲུབ་པ་ཉིད་དང་ནི། །མེ་ལོང་དང་ནི་ཆོས་ཀྱི་དབྱིངས། །འདི་ནི་རྣམ་ཤེས་ལྔ་པོ་ཡིན། །ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། །མིག་དང་དེ་བཞིན་རྣ་བ་དང༌། སྣ་དང་ལྕེ་དང་ལུས་རྣམས་ཏེ། །འདི་ནི་སྐྱེ་མཆེད་རྣམས་འབྱུང་བའོ། །ཞེས་དང༌། དབང་པོ་རང་ཉིད་རང་ཡུལ་


TNT05_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འགྲོ་བར་གྱུར་པ་དེ་དང་དེ། །དབང་པོ་གང་དང་གང་སྤྱོད་ཡུལ། །དེ་དེ་སྣང་བ་ཙམ་ཉིད་དོ། །ཞེས་གསུངས་པ། དབང་པོ་ཡུལ་དང་བཅས་པ་སེམས་ཀྱི་སྣང་བ་ཙམ་མོ། །ཞེས་འབྱུང་སྟེ། འདི་ལ་མང་པོ་ཞིག་སྣང་བ་ཞེས་པ་ལམ་གྱི་སེམས་གསུམ་ལ་བཞག་ནས། འདོད་ཡོན་གྱི་སྣང་བ་ལ་བསྲེ་བ་དང་སྦྱོར་བ་ནི། སྦས་དོན་དུ་སྒྲུབ་འདོད་པས་སྐྱོགས་ཏེ་བཤད་པ་ཡིན་ནོ། །སྣང་བ་གསུམ་ལ་འཆད་ཀྱང་རྩ་བའི་སྣང་གསུམ་དང་སྦྱོར་ན་ལེགས་ལ། ཅི་སྟེ་སྦས་དོན་ལ་སྦྱོར་བར་འདོད་ཀྱང༌། སྦས་དོན་གྱི་ལམ་རྣམས་གང་ལ་བྱུང་བའི་གཞི་དུས་ཀྱི་རྣམ་གཞག་ཏུ་གོ་ན་སྐྱོན་མེད་དོ། །ཡང་འདི་སྐད་ཅེས། འབྱུང་བ་འདི་ལས་རང་བཞིན་ ཡང༌། །ཆགས་དང་ཆགས་མེད་ལ་སོགས་པ། །དེ་ལས་དགེ་དང་མི་དགེའི་ ལས། །དེ་ལས་སྐྱེ་བ་འབྱུང་བ་ཡིན། །རགས་པ་རྣམས་ཐིམ་ནས་བག་ཆགས་ཇི་ལྟར་འཇོག་ཚུལ་ནི། སྣང་བ་གསུམ་ལས་རྣམ་ཤེས་ལྔ་སོགས་དང༌། རང་བཞིན་གྱི་རྣམ་རྟོག་འབྱུང་ཚུལ་གྱི་བར་གོང་དུ་བཤད་པ་བཞིན་ཡིན་ལ། དེས་དགེ་བ་དང་མི་དགེ་བའི་ལས་བྱས་ནས་རྩ་བའི་སེམས་ལ་བག་ཆགས་འཇོག་ ཅིང༌། དུས་གཞན་དུ་བག་ཆགས་དེ་སྨིན་པ་ལས་འགྲོ་བ་དྲུག་ཏུ་སྐྱེ་བ་རྣམས་འབྱུང་བ་ཡིན་ནོ། །འཁོར་བ་འཇུག་ཚུལ་གྱི་རྣམ་གཞག་འདི་མ་ཤེས་ན། སྐྱེ་བ་དང་འཆི་བའི་སྐབས་ཀྱི་དངོས་པོ་བརྒྱད་པོ་ཐིམ་རིམ་དང་སྐྱེ་རིམ་ཉེ་ཚེ་ཙམ་བཤད་ཀྱང་དོན་གྱི་དབྱིངས་མི་གོ་བར་སྣང་ངོ༌། །སེམས་ཅན་རྣམས་ཀྱི་འཁྲུལ་ངོར་ཇི་ལྟར་སྣང་བ་དང༌། ཇི་ལྟར་མྱོང་བ་དང༌། མྱོང་བ་དེའི་དངོས་རྒྱུ་


TNT05_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཉིད་དུ་ཇི་ལྟར་འབྱུང་བའི་དབང་དུ་བྱས་ནས་མ་བརྟགས་མ་དཔྱད་པའི་ཚུལ་དུ་དེ་ལྟར་ཁས་ལེན་ལ། ཀུན་རྫོབ་དག་པ་པའི་ཕྱོགས་ལ་རིག་པས་དཔྱད་ན། གཟུགས་སོགས་ཡུལ་རྣམས་སེམས་སྣང་ཙམ་དུ་གསུངས་པ་བཞིན་དེ་དག་ཐམས་ཅད་སེམས་གཅིག་པུའི་སྣང་བ་ཁོ་ན་སྟེ། རྩ་བའི་སྣང་བ་གསུམ་ལས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཉིད་ཡིན་ལ། དེ་ཡང་བག་ཆགས་རླུང་གིས་བསྐྱོད་པའི་སྟོབས་ལས། རྒྱུ་ལས་ཉོན་གྱི་སྣང་བ་གསལ་པོར་བྱུང་ཞིང༌། རང་གི་རླུང་ཐིམ་པས་གསལ་བ་དེའི་རྒྱུན་མི་གསལ་བ་ས་བོན་གྱི་ཚུལ་དུ་གྱུར་ལ། ཡང་འབྲས་བུའི་སྣང་བ་སྐྱེད་པའི་རླུང་གིས་བསྐུལ་བ་ན། སྐྱེ་བ་ལ་སོགས་པ་འབྲས་བུའི་སྣང་བར་འཆར་ཞིང༌། ཡང་དེའི་རླུང་གི་སྟོབས་ཐིམ་ཞིང་གཞན་དུ་གྱུར་པ་ན། བག་ཆགས་ཀྱི་རང་བཞིན་དུ་གནས་པར་གྱུར་ཏོ། །དེ་ལྟར་ན་རྩ་བའི་སེམས་གསུམ་གྱི་རང་བཞིན་རྣམ་པ་ཐམས་ཅད་པ་དེ། རང་དང་ངོ་བོ་གཅིག་པའི་རླུང་གཡོ་བའི་རང་བཞིན་ཅན་དེའི་མཐུས། རྒྱུའི་རང་བཞིན་གསལ་མི་གསལ་དང་འབྲས་བུའི་རང་བཞིན་གསལ་མི་གསལ་རྣམས་སེམས་ཅན་རྣམས་ཀྱི་བློ་ངོར་རིམ་ཅན་དུ་བྱུང་བ་སྟེ། ཕྲུགས་རེ་རེ་བཞིན་རིམ་པ་མ་འཁྲུལ་བར་འབྱུང་བ་ནི། རྟེན་འབྲེལ་བསླུ་བ་མེད་པའི་རིམ་པའོ། །སྣང་མཆེད་ཐོབ་གསུམ་གྱི་ངོ་བོར་གྱུར་པའི་རྩ་བའི་སེམས་འདི་ནི། ཀུན་གཞི་རྣམ་པར་ཤེས་པ་ཞེས་མདོ་སྡེ་རྣམས་ལས་གང་གསུངས་པ་དེའོ། །དེ་ལ་གསང་འདུས་འཕགས་སྐོར་བར་གྲགས་པ་མང་པོ་ཞིག་ནི།


TNT05_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དབེན་གྱི་སྐབས་སུ་བཤད་པའི་སྣང་གསུམ་གྱི་མཚན་ཉིད་དང༌། ཀུན་གཞི་དང་ཉོན་ཡིད་ཀྱི་མཚན་ཉིད་རྣལ་འབྱོར་སྤྱོད་པའི་གཞུང་ན་བཤད་པ་གཉིས་མི་མཐུན་པས་སྣང་བ་གསུམ་དང་དེ་དག་མི་གཅིག་གོ །ཞེས་ཟེར་ཞིང༌། བློ་ཕུགས་ཀྱི་སྙིང་པོ་རྩ་བཞི་འཇུག་གསུམ་གྱི་འགྲེལ་བ། ཟླ་གྲགས་ཀྱིས་མཛད་པ་རྣམས་ལས། ཀུན་གཞི་རྣམ་ཤེས་ཚོགས་དྲུག་ལས་དོན་གཞན་པ་མི་བཞེད་པས་སོ་སྙམ་པའོ། །དེ་ལ་འདི་སྐད་ཅེས་བརྗོད་དེ། ཚོགས་དྲུག་ལས་གཞན་པའི་ཀུན་གཞི་རྣམ་ཤེས་ཞིག་ཤེས་བྱ་ལ་སྲིད་དམ་མི་སྲིད། སྲིད་ན་གསང་འདུས་རྩ་བཤད་ཀྱི་རྒྱུད་ལས་ཡེ་ནས་བཤད་དུ་མི་རུང་བའི་རྒྱུ་མཚན་ཅི། མི་སྲིད་ན་འདིར་བསྟན་སྣང་བ་སོགས་དང་ཀུན་གཞི་དང་ཉོན་ཡིད་གཅིག་པ་མི་འཐད་དེ། ཚོགས་དྲུག་ལས་གཞན་པའི་ཀུན་གཞི་དང་ཉོན་ཡིད་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ཞེས་ཟེར་བ་འཐད་ཀྱི། རྣལ་འབྱོར་སྤྱོད་པའི་གཞུང་དང་འགལ་བ་རྒྱུ་མཚན་དུ་བཀོད་པས་ཅི་ཞིག་བྱ། གཞུང་དེ་ལ་འཁྲུལ་བ་མེད་པ་ཞིག་ཡིན་ན་ནི། ཚོགས་བརྒྱད་ཀྱི་ཀུན་གཞི་དང་ཉོན་ཡིད་སྲིད་པར་འགྱུར་ལ། དེ་ཚད་མ་དང་མི་ལྡན་ན་ནི། དེ་མིན་ཏེ་དེ་ནས་བཤད་པ་དང་མི་མཐུན་པའི་ཕྱིར་ཞེས་བཀོད་པ་ལ་སྙིང་པོ་ཅི་ཞིག་ཡོད། བཤད་ཚུལ་དེ་དང་འགལ་ཡང་དེ་འདྲ་ཡིན་དུ་རུང་བར་ཐལ་བའི་ཕྱིར་རོ། །འཇུག་འགྲེལ་མཛད་པ་པོ་དང༌། སྒྲོན་གསལ་མཛད་པ་པོ་ཡང་གང་ཟག་གི་རྒྱུད་གཅིག་ཏུ་ཆུག་ཀྱང༌། ཐ་ན་ཚིག་བཅད་དང་ཚིག་རྐྱང་པ་དག་ལ་རྩོམ་པའི་བབས་དང༌། བརྗོད་ཚུལ་


TNT05_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་མི་འདྲ་བ་ཆེར་སྣང་བས་མངོན་པར་རྟོགས་པའམ། བློ་གྲོས་མི་འདྲ་བར་གྲུབ་པའི་ཕྱིར། གྲུབ་མཐའ་མི་འདྲ་བ་འབྱུང་བ་ལ་འགལ་བ་མེད་ལ། འཕགས་པ་ཡབ་སྲས་ཀྱི་རིག་ཚོགས་སོགས་མདོ་ལུགས་ཀྱི་གཞུང་ལས་ཀྱང་ཀུན་གཞི་བཀག་པའི་གསལ་ཁ་ཡེ་མེད་ཅིང༌། དེར་མ་ཟད་སེམས་ཅན་བསམ་པའི་དབང་གིས་ཆོས་སྟོན་པའང་ཡིན་པས། དེ་དག་དང་ཆོས་སྐད་མཐའ་གཅིག་ཏུ་སྒྲིག་དགོས་པའང་མ་ཡིན་ནོ། །དེ་དག་གི་རྒྱུ་མཚན་རང་ལུགས་ནི་སྔར་སྨོས་པ་བཞིན་ཡིན་པས། འདི་ན་གང་དག་འཕགས་པ་ཡབ་སྲས་དང་ཟླ་བས་མཛད་ཕྱིན། རིག་ཚོགས་དང་བཅས་པའི་འཇུག་པ་སོགས་དང་བསྟུན་དགོས་ཏེ། མཛད་པ་པོ་གཅིག་ཅིང་ངེས་པ་གཏིང་ཚུགས་པའི་གྲུབ་མཐའ་སྨྲ་བ་པོ་ཡིན་པའི་ཕྱིར་རོ། །ཞེས་སྨྲ་བ་ནི། རེད་འདའ་བ་གཞོན་བློ་མན་ཆད་ཀྱི་རྣམ་རྟོག་སྟེ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་རྨོངས་ཤིང༌། རྟོག་གེ་སྨྲ་བའི་རྒྱས་འགེབས་འཕགས་པ་ལ་བྱེད་པ་དང༌། རང་འདོད་ཀྱི་གྲུབ་མཐའི་འཇོག་མཚམས་ཕྲ་མོ་རེའི་རྒྱབ་མ་འཁྱོར་དོགས་པའི་ཙབ་ཙོབ་ཁོ་ནའོ། །ཅི་སྟེ་འཕགས་པ་ཡབ་སྲས་ཀྱི་དུས་ན། །འཕགས་ཡུལ་བ་ཐམས་ཅད་རིག་ཚོགས་ཀྱི་སྐལ་བ་ཅན་ཡིན་པ་ནི་མི་འཐད་དེ། ཉན་ཐོས་དང་མུ་སྟེགས་ཅན་གྱི་རྩོད་པ་མང་དུ་མཐོང་བའི་ཕྱིར་རོ། །གདུལ་བྱ་སྐལ་བ་ཐ་དད་པ་གཞན་ཐམས་ཅད་ཡོད་ལ། རྣམ་ཤེས་ཚོགས་བརྒྱད་ཀྱི་གཏམ་འཆད་པའི་སྐལ་བ་ཅན་འབའ་ཞིག་མེད་པའི་རྒྱུ་མཚན་ཡང་མེད་དེ། ཡང་ན་གདུལ་བྱའི་བསམ་པ་ཐ་དད་པ་མ་མཁྱེན་པའམ་མཁྱེན་


TNT05_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྐལ་བ་དང་འཚམ་པར་ཆོས་སྟོན་མི་ནུས་ན་ནི། མི་ཤེས་པས་ཆེར་བསྒྲིབས་པར་འགྱུར་ཞིང༌། ནུས་ཀྱང་མི་སྟོན་ན་ནི་ཐུགས་རྗེ་ལ་གཡེལ་བར་འགྱུར་བས། དེས་བརྩམས་པའི་བསྟན་བཅོས་ལ་ཡང་མ་ཤེས་ཏེ་འཁྲུལ་པའམ། ཤེས་ཀྱང་ཇི་བཞིན་མི་སྟོན་པ་སྲིད་པར་འགྱུར་རོ། །སེམས་ཅན་བསམ་པའི་དབང་གིས་དེ་དང་མཐུན་པར་ཆོས་སྟོན་ན་ནི། སྐབས་གཞན་དུ་རྣམ་ཤེས་ཚོགས་བརྒྱད་སྟོན་པ་ཡང་ཅི་ལ་འགལ་ཏེ། སྟོན་པ་སངས་རྒྱས་ཉིད་བཞིན་ནོ། །དེས་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ཐེག་པ་ཆེ་ཆུང་རྣམས་ན་ངེས་དོན་དགོངས་པ་གཅིག་ཁོ་ན་ཡིན་ཡང༌། ཀུན་རྫོབ་གཞི་ལམ་འབྲས་གསུམ་གཏན་ལ་འབེབས་པ་ལ་རྣམ་གཞག་མི་འདྲ་བ་ཐ་དད་པ་འབྱུང་ཞིང༌། ཤེས་བྱ་ལ་མི་སྲིད་པ་ཡང་སྟོན་པར་མི་མཛད་ལ། གནས་སྐབས་ཀྱི་དགོས་དོན་འགྲུབ་པའི་ཐབས་ཁོ་ན་འབྱུང་ཞིང༌། གསུང་བ་པོ་ཡང་གཅིག་ཡིན་པས་སྟོན་ཚུལ་དུ་མ་འབྱུང་བ་ལ་སྐྱོན་མེད་ལ། དེ་བས་གཞུང་དོན་དུ་མ་ཞིག་གི་འབྲུ་སྐྱོགས་ནས་འདེབས་པ་འདི་སྐྱོན་ཆེན་པོ་ཡིན་པ་རིག་པར་གྱིས་ ཤིག།ཤིན་ཏུ་འཕྲོས་པའོ། །གཉིས་པ་ཁྱད་པར་གྱི་དུས་སུ་འབྱུང་བའི་སྣང་བ་གསུམ་ནི། ཆེས་རགས་ཤིང་གསལ་བར་འབྱུང་བ་འཆི་བའི་དུས་ཀྱི་དང༌། འབྲིང་དུ་འབྱུང་བ་ཉིད་དང༌། འཁྲིག་པའི་དུས་དང༌། ཕྲ་ཞིང་མི་གསལ་བ་འབྱུང་བ་ཚོགས་དྲུག་གི་སྣང་བ་རགས་པར་ཤར་བ་ཐམས་ཅད་ཀྱི་དུས་སོ། །དེ་ཡང་འཆི་བའི་དུས་སུ་སྔ་རོལ་དུ་རགས་པ་ཉེར་ལྔ་ཡོངས་རྫོགས་ཐིམ་སྟེ། དེ་ནི་སྨིག་སྒྱུ་ལ་


TNT05_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རྟགས་ལྔ་དང་བཅས་པའོ། །རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆད་དུ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་འདུ་བྱེད་ཀྱི་བྱ་བ་བྱེད་ནུས་པ་རྣམས་རླུང་དང་བཅས་པ་ཐིམ་པ་ཡིན་ལ། ལས་མི་བྱེད་པའི་རྣམ་རྟོག་ཕྲ་མོ་རྣམས་ནི། སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པས་སྐབས་དེར་ཐིམ་པ་མིན་ནོ། །འཕགས་སྐོར་གྱི་གཞུང་རྣམས་ལས་ནམ་མཁའི་ཐིམ་ཚུལ་གྱི་ཐ་སྙད་གསལ་བར་མི་འབྱུང་བ་ནི། ཁམས་ཕྲ་བ་སྟེ་རླུང་གི་ནང་དུ་སྦས་ཏེ་བཤད་པ་ཡིན་ནོ། །དེས་ན་ནམ་མཁའ་དང་རྣམ་ཤེས་སོ་སོར་མ་ཕྱེ་བར། རླུང་སྣང་བ་ལ་ཐིམ་པས་ནང་གི་ཁམས་དཀར་པོ་དང་འབྲེལ་བའི་དཀར་ལམ་པ་སྣང་བའི་ཡེ་ཤེས་དང༌། དེ་མཆེད་པ་ལ་ཐིམ་པས་ཁམས་དམར་པོ་དང་འབྲེལ་བའི་ཕྱིར་དམར་ལམ་པ་མཆེད་པའི་ཡེ་ཤེས་དང༌། དེ་ཐོབ་པ་ལ་ཐིམ་པ་ན་དཀར་དམར་གྱི་ནུས་པ་ཡང་དབྱིངས་སུ་ཡལ་ཏེ། སྲོག་རླུང་གི་ཆ་ཤས་འབའ་ཞིག་ལུས་པ་དེས་དབང་བྱས་པས་ནག་ལམ་པ་འབྱུང་སྟེ་ཐོབ་པའི་ཡེ་ཤེས་སོ། །དེ་ཡང་འཆི་བ་འོད་གསལ་ལ་ཐིམ་པ་ན། སྲིད་པའི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་ཀ་ལ་གནས་པ་ཡིན་ཡང་བག་ཆགས་དེ་རྣམས་ནི་མི་མངོན་ལ། ཚེ་དེས་བསྡུས་པའི་རྣམ་རྟོག་དང་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དེར་ཐིམ། ཚེ་རབས་གཞན་གྱིས་བསྡུས་པ་རྣམས་ད་ལྟ་མ་ཤར་བས་རེ་ཞིག་གཟུང་འཛིན་གྱི་སྣང་བ་མངོན་འགྱུར་བ་འགགས་ཤིང༌། མི་རྟོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ལ་ཡུད་ཅིག་གནས་པ་ནི་འཆི་བ་འོད་གསལ་ལོ། །འདི་སྐབས་


TNT05_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དུས་ཀྱི་ཁྱད་པར་འཆི་བ་ལ་བལྟོས་པའི་སྣང་གསུམ་ཐིམ་པ་ཡིན་གྱི། རྩ་བའི་སྣང་གསུམ་ཐིམ་པ་ནི་མ་ཡིན་ཏེ། སྐབས་དེར་སེམས་རང་བཞིན་གྱི་འོད་གསལ་ཡོད་པ་དེ་ལ་ཀུན་གཞི་རྣམ་ཤེས་ཀྱི་གཡས་ཁྱབ་ཅིང་ཡུལ་སྣང་ཐིམ་པའི་རྐྱེན་གྱིས་ཀུན་གཞི་བདེ་གསལ་གྱི་རོར་ཤར་བ་ཅིག་ཡོང་ངོ༌། །དེ་ལས་ལུགས་ཟློག་གི་སྣང་གསུམ་སྐད་ཅིག་ཕྲ་མོ་རེ་རེར་ལངས་པ་ལས་བར་དོ་འགྲུབ་པ་ཡིན་པ། འདི་སྐབས་དཀར་དམར་ནག་གསུམ་གསལ་པོར་འཆར་བ་མེད། ཤེས་པ་གསལ་མི་གསལ་མུན་ཉི་ཟླ་བ་གསུམ་གྱི་དཔེར་བྱས་ཤིང༌། ཐོབ་པ་ནི་འོད་གསལ་གྱི་སེམས་གསལ་པོ་མི་རྟོག་པ་ལས་ནི་ལངས་གྲུབ། རྗེས་ཤེས་ཀྱི་རིག་པའི་སྟོབས་ཀྱང་མ་རྙེད་པས་མི་གསལ་བ་དང༌། མཆེད་པའི་དུས་སུ་ཡང་རྗེས་ཤེས་སུ་མི་རྟོག་པ་གསལ་བ་ཅིག་ཡོད་པ་དང༌། སྣང་བའི་སྐབས་སུ་རྣམ་རྟོག་སྣ་ཚོགས་སྐྱེ་བའི་སྔ་ལྟས་ཀྱིས་མི་རྟོག་པའི་སྣང་བ་དེ་ཡང་ཅུང་མི་གསལ་བར་སོང་བའོ། །འོན་ཀྱང་གཞི་དུས་ལ་ལུགས་ཟློག་འདི་དག་ཤིན་ཏུ་ཕྲ་བས་མྱོང་རིག་གིས་ས་མཚམས་ཟིན་པ་ནི་མེད་དོ། །དེ་ལྟར་ཡང་རྡོ་རྗེ་འཕྲེང་བ་ལས། རིགས་ཆེན་རང་ཉིད་རྩ་བ་སྟེ། ། ལུགས་ལས་ཟློག་པའི་མ་རིག་པའོ། །མ་རིག་པ་ལས་སེམས་བྱུང་ འབྱུང༌། །དེ་ལས་སྣང་བ་འབྱུང་བའོ། །ཞེས་ལུགས་ཟློག་གི་སྣང་གསུམ་དང༌། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་པ་ཆེར་འཇུག་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་ལུགས་འབྱུང་དང༌། དེ་ནས་གོང་དུ་


TNT05_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པ་ལྟར། འབྱུང་བ་འདི་ལས་རང་བཞིན་ཡང༌། ཞེས་པ་ལ་སོགས་པ་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་འཆར་ནུབ་བྱེད་ཚུལ་ལོ། །གཉིད་དུས་ཀྱི་སྣང་བ་གསུམ་ཡང་སྐབས་དེར་རྟེན་ལུས་ཀྱི་རྩ་ཐིག་རླུང་གསུམ་དང་བརྟེན་པ་སེམས་བྲལ་བ་མེད་པས་ཕྲ་རགས་རྣམས་ཀྱི་ཆ་ཤས་ཙམ་རེ་ཀ་ཐིམ་པ་ཡིན་གྱི་རྫོགས་པར་མ་ཡིན་ལ། འདི་ལ་གཞི་དུས་སུ་ནི་ལུགས་འབྱུང་གི་སྣང་མཆེད་ཐོབ་གསུམ་ཤི་ཏུ་ཕྲ་བས་རྟོགས་པ་དཀའ་ལ། རྨི་ལམ་འབྱུང་ན་ལུགས་ཟློག་གི་སྣང་གསུམ་ཕྲ་མོ་གཅིག་ལས་འབྱུང་ཞིང༌། རྨི་ལམ་གྱི་ངང་ནས་སད་པ་ལ་སླར་ལུགས་ཟློག་གི་སྣང་གསུམ་མེད་མོད། །གཉིས་འཐུག་པོ་ནས་སད་པ་ལ་ཡོད་ དོ། །དེ་ཡང་དུས་བཞི་འདུ་བའི་གནད། གཉིད་སད་དུས་ཀྱི་བྱེད་ལས་ལྟེ་བ་ནས་བྱེད། གཉིད་འཐུག་པོའི་དུས་སུ་སྙིང་ག་ནས་བྱེད། རྨི་ལམ་གྱི་དུས་སུ་མགྲིན་པ་ནས་བྱེད། གཉིས་སྦྱོར་གྱི་དུས་སུ་སྤྱི་བོ་ནས་བྱེད་པས་དུས་དེ་དག་གི་ཉམས་ལེན་ལ་རྩ་འཁོར་ལོ་དེ་དང་དེར་གནད་དུ་བསྣུན་པ་གལ་ཆེའོ། །ཞེས་མན་ངག་རིག་པ་དག་གསུང་ན། དགྱེས་རྡོར་དུས་འཁོར་ལ་སོགས་པའི་རྒྱུད་དང་ཡང་འབྱོར་རོ། །སྤྱིར་དེ་བཞི་ཀར་འཁོར་ལོ་ཐམས་ཅད་ཀྱི་ལྟེ་བར་འདུ་བ་ལ་བཤད་དགོས་ཀྱང་གཙོ་བོར་གཉིད་འཐུག་པོའི་དུས་སུ་རླུང་སེམས་སྙིང་གའི་འཁོར་ལོར་འདུས་པ་དེ་རྨི་ལམ་འབྱུང་འདོད་ན་མགྲིན་པར་འཕོས་ནས་འགྲོ་ལ། སད་པར་འདོད་ན་ལྟེ་བ་ནས་འཕོ། དེ་ཡང་སྙིང་གར་མི་སྣང་བར་སོང་བ་ན་མགྲིན་པར་སྣང་བ་ལྟ་བུ་ཡིན་


TNT05_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། སྙིང་ག་ནས་མགྲིན་པའི་བར་ལ་རྟ་རྒྱུག་པ་བཞིན་འགྲོ་མི་དགོས་སོ། །ཞིབ་མོར་ན་སྙིང་གའི་རྩ་ཐིག་དང་རླུང་འདྲེས་པ་དེས་རླུང་སེམས་གཞན་ལ་དབང་སྒྱུར་བའི་བྱ་བ་བྱས་པ་ན་དེར་འདུས་ནས་གནས་ཞེས་བརྗོད་པ་ཡིན་གྱི། གཞན་དངོས་སུ་རླུང་ཕན་ཚུན་དུ་རྒྱུག་པ་ལྟ་བུ་མིན་པས་འཁོར་ལོ་གཞན་ལའང་དེས་རིགས་འགྲེའོ། །འཁྲིག་པའི་དུས་ཀྱི་སྣང་བ་གསུམ་འཆར་ཚུལ་ནི། དང་པོར་གཟུགས་མཐོང་བས་ཆགས་པ་སོགས་ལའང་རགས་པ་ཉེར་ལྔའི་ཐིམ་ཚུལ་ཡོད་ཅིང༌། སྒོས་སུ་རེག་པས། གཤེར་བ་ཆུ། དྲོད་མེ། ཐིག་ལེ་གཡོ་བ་རླུང་རྣམས་ལ་འབྱུང་བ་བཞིའི་ཐིམ་ཚུལ་ཡོད་པ་རྒྱུད་གཞན་ནས་གསུངས་པ་ལྟར་རྡོ་རྗེ་འཕྲེང་བའི་དགོངས་པར་ཡང་སྣང་ངོ༌། །དེ་ལྟར་འབྱུང་བཞིའི་བདེ་བ་སྔོན་དུ་སོང་བ་ན། རྩ་གནས་ཐ་དད་པའི་བྱང་ཆུབ་ཀྱི་སེམས་གསང་བའི་འཁོར་ལོར་འོང་བ་ནི་སྣང་བ། སྐེད་པར་འོང་བ་ནི་མཆེད་པ། ཐབས་ཀྱི་ནོར་བུའི་ནང་རྩ་རིགས་ཀྱི་བདག་པོ་དང་ཤེས་རབ་ཀྱི་མིའི་སྣ་རྩེར་འོང་བ་ནི་ཐོབ་པ། བྱང་ཆུབ་ཀྱི་སེམས་འཕོ་བའི་སྐད་ཅིག་མ་ནི་འོད་གསལ་བ། འཕོས་ཟིན་པ་ན་དམར་ཆ་སྟེང་དུ་བསྐྱོད་པ་ནི་སྣང་གསུམ་ལུགས་ཟློག་གོ །སྣང་བཞི་འདི་ནི་གཉིས་སྦྱོར་སྐབས་གཞི་དུས་སུ་གཙོ་བོར་རྩ་དབུ་མའི་ལམ་ཁོ་ན་ནས་དངོས་སུ་འབབ་པ་མེད་པའི་དབང་དུ་བྱས་ལ། འོན་ཀྱང་འཁོར་ལོ་བཞིའི་དངས་མ་དག་འདྲེས་པར་ཡོད་པས་འཁོར་ལོ་བཞིའི་དགའ་བཞི་དང་འགྲོས་ནི་གཅིག་གོ །ཕྲ་བ་ཡུལ་སྣང་ཐམས་ཅད་ལ་འཆར་བའི་སྣང་གསུམ་


TNT05_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དཔེར་ན་ཡུལ་ཡིད་བྱེད་ཀྱི་མཐུ་ལས་གཟུགས་དང་པོར་རགས་པ་མཐོང་བ་ཙམ་སྣང་བ། དེ་ནས་གཟུགས་ཀྱི་ཕྲ་ཞིབ་ངེས་པ་མཆེད་པ། དེ་ནས་ཡུལ་དེས་སྐྱོ་བའམ་ཚིམ་པའི་ཚུལ་གྱིས་ཅུང་ཟད་མི་གསལ་བར་རང་ལྡོག་ཏུ་སོང་བ་ནི་ཐོབ་པ། དེ་ནས་མི་སྣང་བ་ལྡོག་པ་ནི་བཞི་པ་འོད་གསལ་དུ་འཇོག་སྟེ། དེ་དག་ཀྱང་གནས་སྐབས་དེ་དང་དེའི་སེམས་གསལ་རིག་གི་འགྱུར་བའི་ཆ་ཤས་དེ་དང་དེ་སྣང་བ་གསུམ་དུ་འཇོག་སྟེ། འཁྲིག་དུས་ལ་ཡང་སྣང་གསུམ་གྱི་འཇོག་ཚུལ་གསལ་རིག་གི་འགྱུར་བར་འཇོག་པ་དེས་རིགས་འགྲེའོ། །དེ་ལྟར་ན་ཡུལ་སྣང་ལ་བརྟེན་ནས་རྣམ་རྟོག་སྐྱེ་བ་ཡིན་ཞིང༌། ཡུལ་སྣང་རེ་རེ་འཆར་བ་ཡང་རླུང་གིས་སེམས་བསྐྱོད་ཚུལ་ལས་ཤར་བ་ཡིན་པས། དེ་ཐམས་ཅད་ཀྱི་སྟེང་ན་སྣང་བ་གསུམ་གྱི་ཆ་ཤས་རེ་རེ་གཞི་དུས་ན་ཡོད་དེ་ལམ་གྱིས་རྟོགས་དགོས་པ་ཡིན་ནོ། །གཉིས་པ་ལམ་དུས་ཀྱི་སྣང་བ་གསུམ་ལ། སྐད་ཅིག་གིས་བསྡུས་པའི་སྣང་བ་གསུམ་དང༌། སའི་བསྡུས་པའི་སྣང་བ་གསུམ་མོ། །དང་པོ་ལ་དབང་དུས་ཀྱི་སྣང་བ་གསུམ་ནི། དཔེའི་ཡེ་ཤེས་ཀྱི་ཚུལ་གྱིས་ལམ་དུ་བླངས་ནས་གནས་ལུགས་ལ་ངེས་པ་བསྐྱེད་པའི་ཐབས་ཁྱད་པར་ཅན་དུ་སོང་བ་མ་གཏོགས་འཁྲིག་དུས་ཀྱི་དེ་དང་འཆར་ཚུལ་འདྲ་བར་ཤེས་པར་བྱའོ། །འདི་ཡང་སྨིན་བྱེད་ལས་དང་པོ་བ་ལ་བསྐུར་བའི་དབང་དུ་བྱས་པ་ཡིན་གྱི། སྐྱེ་བ་སྔ་མར་གསང་སྔགས་ཀྱི་ལམ་བསྒོམ་འཕྲོའམ། སྔ་མར་གསང་སྔགས་མ་བསྒོམས་ཀྱང་དགེ་རྩ་ཁྱད་པར་ཅན་


TNT05_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་རྣམས་སྔགས་ཀྱི་ཐེག་པར་སྨོན་ལམ་ཐེབས་པ་སོགས་ཤིན་ཏུ་དབང་པོ་རྣོན་པོ་ཁ་ཅིག་ལ་གསང་དབང་བསྐུར་བས་རང་ལུས་ཐབས་ལྡན་གྱི་རྫོགས་པའི་རིམ་པའི་ཡེ་ཤེས་དང་འདྲ་བའི་ཉམས་མྱོང་སྐྱེས། གསུམ་པ་བསྐུར་བ་ན་རགས་པ་དང་ཕྲ་བའི་ཐིམ་ཚུལ་མཐའ་དག་བྱུང་སྟེ། དབང་པོའི་ཁྱད་པར་གྱི་ཟབ་མོ་བསྐྱེད་རིམ་གྱི་སྣང་གསུམ་མམ། སྲོག་རྩོལ་རྡོ་རྗེའི་བཟླས་པའི་སྣང་གསུམ་མམ། སེམས་དབེན་མཐར་ཐུག་གི་འོད་གསལ་ལམ་དོན་གྱི་འོད་གསལ་སྐྱེ་བ་ཡང་ཡོད་དེ། དེ་དག་གང་ཟག་དེའི་ཚེ་འདི་ལ་བལྟོས་པའི་སྨིན་བྱེད་ཀྱི་ཡེ་ཤེས་ཀྱང་ཡིན། གྲོལ་བྱེད་ལམ་གྱི་ཡེ་ཤེས་ཁྱད་པར་ཅན་ཡང་ཡིན་ནོ། །སྤྱིར་བསྐྱེད་རྫོགས་ཀྱི་ཡེ་ཤེས་ཐམས་ཅད་དབང་གི་ཡེ་ཤེས་ཡིན་ཡང༌། ཆོ་ག་དང་འབྲེལ་བ་ལ་དབང་གི་ཡེ་ཤེས་ཞེས་སྤྱི་མིང་སྒོས་ལ་འདོགས་ན། དེ་ལ་ཡང་དབང་རྟུལ་ལས་དང་པོ་བ་ལ་ངོ་སྤྲོད་པའི་དབང་གི་ཡེ་ཤེས་དང༌། དབང་རྣོན་རིམ་པ་བརྒལ་ཏེ་འཇུག་པའི་སྨིན་བྱེད་ཀྱི་ཡེ་ཤེས་དང༌། ལམ་གྱི་དུས་ཀྱི་དབང་རིམ་པ་གཉིས་དང༌། འབྲས་བུ་ཉེ་རྒྱུའི་དབང་གི་ཡེ་ཤེས་ཏེ་མི་འདྲ་བ་བཞི་ཡོད་པ་ལས། སྐབས་འདིར་དབང་རྟུལ་ལས་དང་པོ་བའི་དབང་གི་ཡེ་ཤེས་ལ་ངོས་གཟུང་སྟེ། དབང་དང་ལམ་ཞེས་སོ་སོར་ཕྱེ་བའི་ཚེ་དབང་རྣོན་གྱི་སྨིན་བྱེད་ནི་དམིགས་གསལ་ཡིན་པ་དང༌། གཞན་རྣམས་ལམ་དུ་བསྡུས་ཏེ་སྤྱིར་བཏང་ཀྱི་དབང་ནི་འདི་ལ་ངོས་འཛིན་དགོས་པའི་ཕྱིར་རོ། །བསྐྱེད་རིམ་གྱི་སྐབས་སུ་དངོས་དང་ཡེ་ཤེས་ཀྱི་རྗེས་ཆགས་ལས་སྣང་བ་གསུམ་མཚོན་པ་


TNT05_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཟབ་མོ་བསྐྱེད་རིམ་ཕྲ་ཐིག་གི་དམིགས་པ་ལས་ཀྱང་སྣང་བ་གསུམ་འཆར་བ་དང༌། ལུས་དབེན་དང་རྡོ་རྗེའི་བཟླས་པ་ལས་ཀྱང་སྣང་གསུམ་འབྱུང་བ་རྣམས་དམིགས་པ་དང་བརྩོན་པ་དེ་དང་དེས་རླུང་ཅུང་ཟད་འདུས་པ་ན་རགས་པ་རྣམས་ཅུང་ཟད་རེ་ཐིམ། དེ་རྗེས་སྣང་བ་གསུམ་གྱི་ཡེ་ཤེས་ཡུན་རིང་ཐུང་ཅི་རིགས་རེ་ཤར་ཞིང༌། ཡང་ལུགས་ཟློག་གི་ཆ་ཤས་ཕྲ་མོ་རེ་དང་བཅས་ཏེ་སད་པར་འགྱུར་བ་ཁོ་ན་ཡིན་ལ། སེམས་དབེན་དང་སྒྱུ་ལུས་དང་འོད་གསལ་གྱི་རིམ་པས་གནས་པ་རྣམས་ལ་ནི། སྒྲུབ་པ་ཉམས་སུ་བླང་བའི་རིམ་པས་ཐོབ་པའི་སྣང་བ་གསུམ་ནི་སྟོབས་ཆེ་ཆུང་དང་བཟང་ངན་གྱི་ཁྱད་མ་གཏོགས་འཆར་ཚུལ་དེ་དག་དང་འདྲ་ལ། གྲུབ་འབྲས་མངོན་དུ་གྱུར་པའི་སྣང་གསུམ་ནི། སྣང་བ་གསུམ་གྱིས་ཉིད་དོ། །དེ་ལ་སེམས་དབེན་གྱི་དུས་སུ་མཉམ་བཞག་ཐུན་རེ་རེའི་གནས་སྐབས་ཉིད་དུ་རང་བཞིན་བརྒྱད་ཅུ་མངོན་འགྱུར་བ་འགགས་པས། ཐུན་གྱི་ཡེ་ཤེས་དེ་ཡང་སྒྲུབ་པ་པོ་རང་གི་འཆར་ཚུལ་ལ་ཤེས་བྱ་ཀུན་ལ་ཁྱབ་པ་ལྟར་སྣང་བ་ཡིན་གྱི་ངེས་པར་ན་ཁྱབ་པ་ནི་མིན་ནོ། །སྒྱུ་ལུས་ཀྱི་རིམ་པ་ལ་གནས་པས་ནི། དེའི་སྟེང་དུ་དཀྱིལ་འཁོར་གྱི་སྣང་བ་རབ་འབྱམས་དང་བཅས་པ་ཡིན་ལ། ཐུན་མཚམས་སུ་ཡང་རྣམ་རྟོག་རགས་པ་མངོན་ཚན་དུ་མི་འབྱུང་ཞིང༌། ཕྲ་བ་ཐམས་ཅད་འབྱུང་ཞིང་འབྲིང་པོ་ཅི་རིགས་པའང་འབྱུང་ངོ༌། །འོད་གསལ་གྱི་རིམ་པ་ལ་གནས་པས་ནི་དེ་དང་འདྲ་བ་ལས་དཀྱིལ་འཁོར་ཐམས་ཅད་བདེ་བའི་རང་བཞིན་དུ་རྟོགས་པ་དང་


TNT05_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཚམས་སུ་ནི་རྣམ་རྟོག་འབྲིང་པོ་རྣམས་ནི་འགགས་ཟིན། ཕྲ་བ་རྣམས་ཅི་རིགས་འགགས་ཤིང་ཅི་རིགས་འབྱུང་ངོ༌། །དེ་དག་ལ་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ཁྱབ་པ་ལྟར་སྣང་བ་དེ་ཡང་གོང་འཕེལ་དུ་ཡོད་ལ། མངོན་བྱང་གི་སྣང་བ་གསུམ་ནི་ཤེས་བྱ་ཀུན་ཁྱབ་སྟེ་འོག་ཏུ་འཆད་པར་འགྱུར་རོ། །དེ་དག་ལ་ཉམས་སུ་ལེན་པའི་སྒོ་ནི། གཞི་དུས་ལ་སྣང་གསུམ་ཇི་ལྟར་འཆར་བའི་སྐབས་དེར་གཞི་ལ་གནས་པ་ལྟར་ལམ་གྱིས་གནད་དུ་བསྣུན་དགོས་པའི་ཕྱིར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་སྒོམ་པ་དང༌། གཉིད་ཀྱི་རྣལ་འབྱོར་གྱིས་མི་རྟོག་པ་སྒོམ་པ་དང༌། གཉིས་ཀའི་ཡན་ལག་ཏུ་ཡིག་འབྲུ་ཐིག་ལེ་རྡོར་བཟླས་རླུང་གི་རྣལ་འབྱོར་སོགས་ལ་བརྟེན་ནས་གསལ་བའི་ཡེ་ཤེས་སྒོམ་པར་བྱེད་དོ། །དེ་ཡང་གཙོ་ཆེ་ཆུང་མ་གཏོགས་ལས་རྒྱ་སོགས་གསུམ་ཀ་ལས་བདེ་བ་སོགས་གསུམ་ཀ་འབྱུང་བ་ཡོད་དོ། །འཆི་བ་འོད་གསལ་ནི་ད་ལྟ་གཉིད་དང་འོད་གསལ་གྱི་བསམ་གཏན་བསྲེས་ཏེ་བསྒོམས་པས་ཚེ་འདི་ལ་དངོས་གྲུབ་མ་ཐོབ་པར་འཆི་བ་བྱུང་ན་དེ་དུས་ལམ་དུ་ལོངས་ཐུབ་པ་ཡིན་ལ། ཡུལ་སྣང་ཕལ་བའི་སྟེང་གི་སྣང་གསུམ་ནི། རྗེས་ཐོབ་སྤྱོད་ལམ་གྱི་དུས་སུ་སྒོམ་པར་བྱེད་དོ། །གཉིས་པ་སས་བསྡུས་པའི་སྣང་བ་གསུམ་ནི། སྔར་གྱི་ཐབས་དེ་དག་གིས་སྐད་ཅིག་མའི་སྣང་གསུམ་ཡང་ཡང་དྲངས་ཏེ་བསྒོམས་པས། གཞི་དུས་ཀྱི་སྣང་གསུམ་དེའི་སྟེང་དུ་བསྒོམས་པའི་བདེ་སྟོང་གི་ཡེ་ཤེས་ཤིན་ཏུ་


TNT05_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཆགས་པ་ནི། དཔེར་ན་ཟངས་ལ་ལྕི་བ་དང་དངུལ་ཆུའི་སྦྱོར་བས་གསེར་ཆགས་པ་བཞིན་ནོ། །དེ་ཡང་སྐད་ཅིག་མའི་སྣང་གསུམ་ཡང་ཡང་བསྒོམ་པས་དེའི་ནང་གི་སྣང་བ་བསྒོམས་པའི་ནུས་པ་རྣམས་གཞི་དུས་ཀྱི་སྣང་བའི་སྟེང་དུ་སྨིན་ཞིང་ཆགས་པ་ནི། སྐད་ཅིག་མའི་སྣང་གསུམ་གྱི་དུས་ཀྱི་སྣང་བའི་ཡེ་ཤེས་དེ་འདྲ་དང་ཕྱོགས་འདྲ་བ་ལ། བདེ་གསལ་སྟོང་པའི་ཡེ་ཤེས་ཆེས་རྒྱ་ཆེ་ཞིང་བརྟན་པ་ཞིག་འབྱུང་བ་ཕྱི་ནང་གི་དམིགས་པ་དང་བྱེད་པ་རེ་རེའི་རྐྱེན་གྱིས་འདྲེན་པ་ལ་མ་བལྟོས་པར་མཉམ་བཞག་གི་དུས་ལན་ཅིག་ན་འབད་མེད་དུ་ལྷང་སྟེ་རྒྱུད་ལ་སྐྱེས་ནས་དེ་ཕྱིན་ཆད་མཉམ་བཞག་ཏུ་རྟག་ཏུ་དེ་ཀ་འབྱུང་ལ། རྗེས་ཐོབ་ཏུ་ཡང་དེས་བསླན་པས་སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཙམ་སྒྱུ་མ་ལྟ་བུའི་སྣང་བར་རང་ཤུགས་ལ་འཆར་ཞིང༌། དེས་ཀྱང་ནང་གི་བདེ་བ་འཕེལ་བའི་གྲོགས་བྱེད་ དོ། །དེ་ནས་ཡང་སྔར་བཞིན་སྐད་ཅིག་གིས་སྣང་གསུམ་ཡང་ཡང་བསྒོམས་པས། དུས་གཞན་ཞིག་ན་མཆེད་པ་བསྒོམས་པའི་ནུས་པ་རྣམས་སྨིན་ཏེ་སྔར་གྱི་ཉམས་མྱོང་ལས་ཆེས་བཟང་བར་གྱུར་ནས་བསྒོམ་པའི་མཆེད་པ་དང་འདྲ་རུང་སོགས་སྔར་བཞིན་སྦྱོར་ཏེ་མཆེད་པའི་སའོ། །ཡང་སྔར་བཞིན་བསྒོམས་པ་ལས་ཉམས་མྱོང་དེ་གོང་འཕེལ་དུ་སོང་ནས་བསྒོམས་པའི་ཐོབ་པ་དང་འདྲ་རུང་འབྱུང་བ་སོགས་སྔར་བཞིན་སྦྱོར་ཏེ་ཐོབ་པའི་སའོ། །དེ་གསུམ་པོ་ནི་སེམས་དབེན་གྱི་སྐབས་སུ་རིམ་པས་ཐོབ་པ་ཡིན་ལ། སྒྱུ་ལུས་ཀྱི་རིམ་པ་ཡོངས་རྫོགས་དང་


TNT05_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་རིམ་པའི་ཐོག་མའི་སྐབས་སུ་སྤྱིར་སའི་རིམ་པ་དུ་མ་ཞིག་འཕོ་རྒྱུ་ཡོད་ནའང༌། སྣང་བ་བཞིའམ་སྟོང་པ་བཞིའི་རང་བཞིན་གྱི་བདེ་སྟོང་ལ་བལྟོས་པའི་སའི་དབང་དུ་བྱས་ན། སྣང་བ་ཐོབ་པའི་ས་དེ་ཁོ་ན་ལ་གནས་པ་ཡིན་ལ། ཡེ་ཤེས་ཀྱི་སྐུ་འགྲུབ་པའི་དབང་དུ་བྱས་ན་སྒྱུ་ལུས་ཀྱི་རིམ་པའི་ས་བར་དེར་སྣོན་དགོས་མོད། ཐམས་ཅད་སྟོང་པའི་ས་ནི་དོན་གྱི་འོད་གསལ་ཐོབ་པ་ཉིད་དོ། ། དོན་གྱི་འོད་གསལ་མ་ཐོབ་ཀྱི་བར་དུ་ཡང་ཐམས་ཅད་སྟོང་པའི་སྐད་ཅིག་མ་ཡང་ཡང་རྒྱུད་ལ་སྐྱེས་ཤིང་ཐོབ་པའི་སའི་ཐ་མ་རུ་ཐམས་ཅད་སྟོང་པའི་ས་འདྲ་རུང་ཞིག་རྒྱུད་ལ་སྐྱེས་ཀྱང་ཐོབ་པ་ལས་གཞན་དུ་སར་འཇོག་ཐུབ་པ་ཙམ་གྱི་ཡེ་ཤེས་རྐང་ཚུགས་པ་མེད་པས་ཐམས་ཅད་སྟོང་པའི་སར་མི་འཇོག་གོ །རིམ་པ་འདིར་འོག་ཏུ་འཆད་པར་འགྱུར་བའི་སྣང་བ་གསུམ་གྱི་མཚན་ཉིད་རྣམས་ཀྱང་གཙོ་བོར་སྣང་བ་གསུམ་གྱི་སའི་མཚན་ཉིད་དུ་འཇོག་ལ། སེམས་དབེན་ནས་བརྩམས་ཏེ་སྐད་ཅིག་མའི་སྣང་གསུམ་ལ་ཡང་དེའི་མཚན་ཉིད་ཚང་བ་ནི་ཡིན་ཞིང༌། ངག་དབེན་མན་ཆད་དུ་བྱུང་བའི་སྣང་གསུམ་ལ་མཚན་ཉིད་དེ་དག་ཡོངས་སུ་རྫོགས་པར་ཚང་བ་མ་ཡིན་ནོ། །གཉིས་པ་རང་བཞིན་དང་བྲལ་བའི་སྣང་བ་གསུམ་ལ་མངོན་པར་བྱང་ཆུབ་པའི་དུས་ཀྱི་སྣང་བ་གསུམ་པོ་དེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་ས་བོན་སྤོང་བའི་སྦྱོར་བ་ཡིན་པས་དངོས་སུ་སྤངས་ཟིན་པ་མིན་ཡང༌། ཕྱོགས་མཐུན་གྱི་སྒོ་ནས་རང་བཞིན་དང་བྲལ་བའི་སྣང་གསུམ་


TNT05_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྡུ་ལ། མཐོང་ལམ་ལས་ལངས་པའི་དུས་སུ་ལུགས་ཟློག་ཏུ་བྱུང་བའི་སྣང་བ་གསུམ་པོ་དེ་དང༌། ཟུང་འཇུག་ཐོབ་པ་ཕན་ཆད་ཡེ་ཤེས་ཆེན་པོའི་རྗེས་ཆགས་ཀྱིས་ཐོབ་པའི་བདེ་བ་སྐད་ཅིག་མའི་སྣང་གསུམ་གྱི་རིགས་སུ་གཏོགས་པ་ཞུ་བདེ་ཕྲ་མོས་བསླན་པའི་བདེ་བ་ཆེན་པོ་ཡང་ཡང་བསྒོམ་པ་དེ་རྣམས་རང་བཞིན་དང་བྲལ་བའི་སྣང་བ་གསུམ་ཞེས་བྱ་བ་སྟེ། དེ་དག་གི་མཚན་ཉིད་ཀྱང་སེམས་དབེན་གྱི་སྣང་བ་གསུམ་དང་ཕྱོགས་འདྲ་བ་ཙམ་ཡིན་ནོ། །གཞན་ཡང་འདི་ལྟར་གོ་དགོས་ཏེ། གཞི་དུས་ཀྱི་སྣང་བ་གསུམ་དུས་ཁྱད་པར་ཅན་ལ་འཆར་པ་རྣམས་ལ་མཚན་ཉིད་གཙོ་བོ་རེ་རེ་ཙམ་ལ་ཕྱོགས་མཐུན་ཞིང་ཡོད་དེ། ཕལ་ཆེར་ཡང་བདེ་བ་དང་གསལ་བ་དང་མི་རྟོག་པར་མཐུན་ནོ། །རྩ་བའི་སྣང་གསུམ་ནི། དངོས་སུ་ན་ལམ་གྱི་སྣང་གསུམ་དང་རྣམ་པ་འཛིན་སྟངས་མཐུན་པ་མ་ཡིན་ཡང༌། ལམ་གྱི་སྣང་གསུམ་གྱི་རྣམ་པར་དང་མཚན་ཉིད་དེ་དག་ཐམས་ཅད་འབྱུང་བའི་གཞི་དང་ནུས་པ་མ་ལུས་པ་ཚང་པ་ཡིན་ནོ། །སྣང་བ་གསུམ་ལས་སྐྱེས་པའི་རང་བཞིན་ནི་སྤྱིར་རྣམ་རྟོག་མཐའ་དག་ཡིན་པའི་ཕྱིར་གྲངས་སུ་བཅད་པ་དཀའོ། །དེ་ལྟར་ན་ཡང་རྡོ་རྗེ་འཕྲེང་བའི་ལེའུ་གསུམ་པར། ཉིན་དང་མཚན་མོ་རྟག་ཏུ་ནི། །བརྒྱ་དང་བརྒྱད་ལྷག་གསལ་བར་ཡང༌། །རྣམ་རྟོག་རང་བཞིན་རླུང་རྣམས་ནི། །འཆར་བ་དང་ནི་འཇོམས་པ་དག །ཇི་ལྟ་བ་བཞིན་རབ་དབྱེ་ཡིས། །རླུང་རྣམས་ཀུན་གྱི་མིང་


TNT05_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག །བཏང་བཟུང་དང་ནི་དུང་ཕྱུར་དང༌། མྱོང་བ་དང་ནི་བློ་ངན་དང༌། །ཞེས་པ་ནས། རྡོ་རྗེ་དབང་ཕྱུག་རླུང་གི་མིང༌། ཞེས་པའི་བར་དུ་རླུང་གི་མིང་བརྒྱ་རྩ་བརྒྱད་གསུངས་ཏེ། དེ་དག་འཁོར་ལོ་དྲུག་ཏུ་རྒྱུ་བ་སོགས་རྣམ་གཞག་དུ་མ་སྣང་ངོ༌། །རླུང་དེ་དག་ནི་བཞོན་པ་ཡིན་ལ། དེ་ལ་ཞོན་པའི་རང་བཞིན་གྱི་རྣམ་པར་རྟོག་པ་ཡང༌། རླུང་རྣམས་གསལ་བར་རྒྱུ་བ་ན། །དེ་ཉིད་གནས་ཀྱི་དབྱེ་བ་ཡིས། །སྣ་ཚོགས་པ་ཡི་རྟོག་པར་འགྲོ །རྣམ་པར་རྟོག་པ་རྣམས་ཕྱེ་ ནས། །དེ་དག་མིང་རྣམས་བཤད་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་ དང༌། །རྒྱགས་དང་ང་རྒྱལ་རྣམ་པར་ཞེན། །ཞེས་པ་ནས། འཁོར་བ་ལ་ནི་ཆགས་པ་དང༌། །རྟག་ཏུ་བརྒྱ་དང་བརྒྱད་ལྷག་པ། །ཉིན་དང་མཚན་མོར་རྟག་ཏུ་ནི། །རླུང་གི་རང་བཞིན་རྒྱུ་བ་ཡིན། །ཞེས་གསུངས། དེ་ཡང་རྣམ་རྟོག་སྐྱེ་བའི་དོན་དུ་སྙིང་ག་ཆོས་ཀྱི་འཁོར་ལོ་ནས་རླུང་རྣམས་ལངས་ཏེ། མཚན་ཕྱེད་ཀྱི་དུས་ནས་ཉི་མ་ཕྱེད་ཀྱི་བར་ལ་རྩ་འཁོར་ལོ་དྲུག་ལ་རླུང་དགུ་དགུ་རིམ་ཅན་དུ་རྒྱུ་ཞིང༌། ཡང་རྣམ་རྟོག་མེད་པའི་དབྱིངས་དབུ་མའི་ནང་གི་སྟོང་པར་ཐིམ་པར་འགྱུར་རོ། །དེ་བཞིན་དུ་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་ལ་ཡང་དེ་ལྟར་རྒྱུས་ནས་ཐིམ་པར་འགྱུར་ལ། རླུང་དེ་རྣམས་རྩ་གནས་སོ་སོར་སོང་སྟེ། ཉིན་ཞག་གཅིག་ལ་རྣམ་རྟོག་བརྒྱ་དང་བརྒྱད་པོ་རྣམས་སྐྱེ་བའི་ནུས་པ་གསོས་བཏབ་སྟེ་གནས་


TNT05_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། དེའི་ནང་ནས་ཕྱི་རོལ་གྱི་རྐྱེན་གང་དང་གང་འཕྲད་པ་དེ་དང་དེ་གསལ་བར་སྣང་བར་འགྱུར་རོ། །རླུང་དགུ་དགུ་ནི་ཁྱབ་བྱེད་མ་གཏོགས་པ་རླུང་བཅུའི་ནང་གི་དགུ་པོའོ་ཞེས་ཟེར་ཏེ་བརྟག་པར་བྱ་བ་ཉིད་དོ། །ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ནི། མ་རིག་པ་སྟེ་སྣང་བ་ཐོབ་པའི་རྗེས་སུ་འགྲོ་བའི་རྣམ་རྟོག་བདུན་པོ་ཁོ་ན་དང༌། མཆེད་པའི་འཁོར་གྱི་རྣམ་རྟོག་བཞི་དང༌། སྣང་བའི་འཁོར་གྱི་ཆགས་བྲལ་ཁོ་ན་སྨྲོས་ཏེ། དངོས་སུ་བཅུ་གཉིས་དང༌། སོགས་ཁོངས་ནས་ཇི་ལྟར་རིགས་པ་སྦྱོར་བར་གསལ་ཏེ། རང་བཞིན་རྣམས་སྣང་བ་གསུམ་ལ་བགོ་བཤའ་བྱས་ཏེ་སྦྱོར་བའི་སྦྱོར་ཚུལ་ཤེས་པར་བྱེད་པ་ལ་རྩ་བའི་ཁུངས་ཀྱི་རྒྱུད་ཚིག་འདི་ཁོ་ནའོ། །ལས་མཐའ་རྣམ་འབྱེད་ལས་ཀླུའི་བྱང་ཆུབ་ཀྱིས། སྐད་ཅིག་འདོད་ཆགས་བྲལ་དང་འཇིགས། ཞེས་སོགས་སྣང་བ་གསུམ་ལ་སྦྱོར་ཚུལ་རིམ་ལྔ་དང་སྤྱོད་བསྡུས་སུ་བཤད་པ་དང་འདྲ་བ་ལས་བར་བར་ནས་འགའ་རེ་བོར་ཏེ་དངོས་སུ་ལྔ་བཅུ་ང་བཞི་བཤད་ལ། དེ་ཉིད་ལ་ཉིན་མཚན་གྱི་དབྱེ་བས་རྣམ་རྟོག་བརྒྱ་རྩ་བརྒྱད་དུ་མཛད་དེ། འཕྲེང་བ་ནས་གསུངས་པའི་བརྒྱ་རྩ་དང་བགྲོང་ཚུལ་ཅུང་མི་འདྲའོ། ། རྣམ་རྟོག་དེ་དག་ཀྱང་སྣང་བ་གསུམ་ལས་སྐྱེ་བར་བཤད་པ་རྣམས་ཀྱི་དོན་ནི། རྩ་བའི་རྣམ་ཤེས་གསུམ་དང་རྩ་བའི་རླུང་གསུམ་གྱི་རྒྱུ་བྱས། ཁྱད་པར་གྱི་དུས་སུ་འབྱུང་བའི་སྣང་གསུམ་རླུང་དང་བཅས་པས་རྐྱེན་བྱས་ཏེ། ཕྱིའི་ཡུལ་རྐྱེན་དང་


TNT05_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད་པའི་ཚེ་ཇི་ལྟར་འོས་པར་སྐྱེ་བ་ཡིན་གྱི་ལམ་གྱི་སྣང་བ་གསུམ་ལས་སྐྱེ་བ་མ་ཡིན་ཞིང༌། རྣམ་རྟོག་མཐའ་དག་སྐྱེ་བའི་ནུས་པ་རླུང་གིས་གསོས་བཏབ་སྟེ་ནུས་པ་སྨིན་པའི་ཚུལ་དུ་རྟག་ཏུ་ཡོད་མོད། མངོན་འགྱུར་པ་དུ་མ་གཅིག་ཅར་སྐྱེ་བ་མ་ཡིན་ལ། ཉིན་ཞག་གཅིག་ལ་ཚང་བར་སྟོན་དགོས་པའང་མ་ཡིན་ཏེ། ལས་མཐའ་རྣམ་འབྱེད་ལས། ལ་ལར་མྱ་ངན་ཞི་བ་ཉིད། །ལ་ལར་བྱམས་དང་སྙིང་རྗེ་དང༌། །ཞེས་སོགས་ཐམས་ཅད་ལ་སྦྱར་ཏེ་གསུངས་པས། རྐྱེན་ཉེ་བར་དམིགས་པ་དེ་ཉིད་འབྱུང་ངོ༌། །ཞེས་པའོ། །དེས་ན་ལ་ལར་ཞེས་པའི་ཚིག་གི་ནུས་པ་རྟོགས་དགོས་ལ། རྣམ་རྟོག་འདི་དག་སྤང་བྱ་ཉིད་ཀྱི་ཕྱིར་རྣམ་རྟོག་གི་གཙོ་བོ་ནི་རྣམ་རྟོག་དགེ་བ་རྣམས་མ་ཡིན་ཏེ། ཉོན་མོངས་རྣམས་གཙོ་བོ་ཡིན་ནོ། །དེའི་གཙོ་བོ་ཡང་དུག་གསུམ་ཉིད་དུ་ཟད་པས། སྣང་བའི་འཁོར་གྱི་རྣམ་རྟོག་གི་གཙོ་བོ་ཞེ་སྡང་དང་མཆེད་པའི་རྣམ་རྟོག་གི་གཙོ་བོ་འདོད་ཆགས་དང༌། ཐོབ་པའི་རྣམ་རྟོག་གི་གཙོ་བོ་མ་རིག་པ་ཡིན་པས། དེ་དག་ཐིམ་ཚུལ་གཙོ་བོར་ཉམས་འོག་ཏུ་ཆུང་པར་བྱ་སྟེ། མན་ངག་མ་ནོར་བ་རྣམས་ལས་ཀྱང་དེ་བཞིན་དུ་བཤད་དོ། །དེ་ལྟར་ན་གཞི་དུས་ཀྱི་སྣང་གསུམ་ཐམས་ཅད་འགྱུར་བདེའི་ཆ་ཤས་ཡིན་ཞིང༌། ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཡང་དེ་ཁོ་ནའོ། །དེའི་ཕྱིར་འཁོར་བའི་རྩ་བར་གྲུབ། རང་བཞིན་གྱི་སྣང་བ་ཐམས་ཅད་ཞུ་བདེའི་རང་བཞིན་དུ་གྲུབ། འོད་གསལ་གྱི་རིམ་པའི་སྐབས་སུ་དོན་དམ་པའི་བདེ་བ་དང་ཕྱེད་


TNT05_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་སུ་ཡོད། རང་བཞིན་དང་བྲལ་བའི་སྣང་གསུམ་ནི་ལམ་གྱིས་བསྡུས་པའི་མི་འགྱུར་བའི་བདེ་བ་ཡིན་ཡང་ཞུ་བདེའི་ཆ་ཤས་དང་ནི་འདྲེས་སོ། །ཞེས་གོ་བར་བྱ་སྟེ། སྤྱི་དོན་མཐའ་གཅོད་པ་ལ་ཟད་པ་མེད་པས་རེ་ཞིག་ཉེར་མཁོ་སྙིང་པོ་ཙམ་དུ་བསྡུས་པ་དེ་ཙམ་གྱིས་ཆོག་པར་བྱའོ། །ད་ནི་གཞུང་གི་དོན་བཤད་པར་བྱ་སྟེ། སྤྱིར་ལམ་དུས་དང༌། སྒོས་སུ་སེམས་དབེན་གྱིས་བསྡུས་པའི་སྣང་གསུམ་དང་འབྲེལ་བའི་ཆོས་བཤད་པ་ལ། ཐོག་མར་སྣང་བའི་མིང་གི་རྣམ་གྲངས་བཤད་པ་དང༌། སྣང་བའི་རང་བཞིན་བཤད་པ་དང༌། མཚོན་བྱེད་ཀྱི་བརྡའ་བཤད་པ་དང༌། དེའི་འོག་ཏུ་མཆེད་པའི་མིང་གི་རྣམ་གྲངས་དང༌། མཆེད་པའི་རང་བཞིན་དང༌། མཆེད་པའི་བརྡའ་རྣམས་སོ། །དེའི་རྗེས་སུ་ཐོབ་པའི་མིང་གི་རྣམ་གྲངས་དང༌། ཐོབ་པའི་རང་བཞིན་དང༌། ཐོབ་པའི་བརྡའ་ཅུང་ཟད་ཙམ་བཤད་པ་སྟེ་དོན་ཚན་དགུ་རིམ་པ་ཅན་དུ་འབྱུང་ངོ༌། །མིང་གི་རྣམ་གྲངས་ནི་སྤྱོད་བསྡུས་ལས། སེམས་དང་ཡིད་དང་རྣམ་ཤེས་གསུམ། །ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་ངོ་བོ་ཉིད་གསུམ་རྣམས་མདོ་དང་བརྡའ་ཆད་ཐུན་མོང་དང༌། སྣང་མཆེད་ཐོབ་གསུམ། སྟོང་པ་དང་སྟོང་པ་ཆེན་པོ་དང་ཤིན་ཏུ་སྟོང་པ་གསུམ་དང༌། སེམས་དང་སེམས་ལས་བྱུང་བ་དང་མ་རིག་པ་གསུམ་དང༌། འདོད་ཆགས་དང་ཆགས་བྲལ་དང་འདོད་ཆགས་བར་མ་གསུམ་སྟེ་གསང་སྔགས་ནས་


TNT05_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཐུན་མོང་མ་ཡིན་པའི་མིང་གི་རྣམ་གྲངས་སོ། །དེ་བཞིན་དུ་ཤེས་རབ་དང་ཐབས་དང་མ་ནིང་ཞེས་ཀྱང་འབྱུང་ངོ༌། །གཞུང་འདིར་དེ་དག་ཕལ་ཆེར་གསུངས། །འགའ་ཞིག་མ་གསུངས་མོད་ཀྱང༌། སྐབས་འདིར་ཁ་བསྐང་ནས་བཤད་པར་བྱའོ། །དེ་ལ་ཡེ་ཤེས་ཀྱི་སྣང་བ་ཆུང་ངུ་ཡིན་པའི་ཕྱིར་སྣང་བ་དང༌། རང་རྒྱུ་རྣམ་རྟོག་རླུང་དང་བཅས་པ་སྟོངས་པའང་ཡིན་ལ་གནས་ལུགས་སྟོང་ཉིད་ལ་གསལ་སྣང་ཅུང་ཟད་སྐྱེས་པ་ཡིན་པའི་ཕྱིར་སྟོང་པ་དང་པོ་ཞེས་བརྗོད་ཅིང༌། བདེ་གསལ་སྟོང་པ་གསུམ་ཅར་འཛོམ་པ་ཡིན་མོད་ཀྱང༌། བདེ་བ་གཙོ་བོར་འཇོག་པའི་ཕྱིར་ཤེས་རབ་སྟེ་འདིར་གསལ་བ་ཤས་ཆུང་བས་བདེ་བ་དང་སྟོང་པ་ཆ་མཉམ་པ་ཡིན་ནོ། ། སྟོང་པ་ཤེས་རབ་ཏུ་འཇོག་པ་ཀུན་ལ་གྲགས་ཤིང༌། བདེ་བ་བུད་མེད་དང་གསལ་བ་སྐྱེས་པའི་ཆོས་སུ་འཇོག་པར་ཡང་ཆོས་འདི་དག་ལ་གྲགས་ཤིང་རིག་པས་ཀྱང་ཆོས་མཐུན་དུ་གྲུབ་པོ། །ཐིམ་རིམ་ལ་སོགས་པའི་རྒྱུ་ཚོགས་བསགས་པས་ཀྱང་སེམས་ཞེས་བྱ་ལ། སྣང་བ་སེམས་སུ་རྟོགས་པའི་ཡེ་ཤེས་ཐོག་མ་ཉིད་ཡིན་པའི་ཕྱིར་ཡང་སེམས་སོ། །ཡང་གཞི་དུས་རྩ་བའི་སྣང་གསུམ་གྱི་དབང་དུ་བྱས་ན། འཇུག་ཤེས་དྲུག་པོ་སྣང་བས་བསྐྱེད་པས་གཙོ་བོ་སེམས་ཞེས་འབྲེལ་བའི་སྒོ་ནས་འདོགས་ལ། རྩ་བའི་སེམས་ཀྱི་སྟོབས་ལས་འདི་བྱུང་བའི་ཕྱིར་འདི་ལའང་དེའི་མིང་གི་བཏགས་སོ། །གཞན་དབང་ནི་རྣམ་པར་རིག་པ་ཙམ་ཡིན་ལ། དེ་ལ་གསལ་སྣང་སྐྱེས་པའི་ཡེ་ཤེས་ཐོག་མ་ཡིན་པའི་ཕྱིར་འདི་ལ་


TNT05_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དབང་ཞེས་མིང་འདོགས་པ་དག་སྟེ། འཇུག་ཤེས་དྲུག་གི་རང་བཞིན་སྟོང་པར་ཅུང་ཟད་ཉམས་སུ་མྱོང་བའི་ཕྱིར་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་ཏེ་རྣམ་པར་ཤེས་པ་དང༌། གྲོགས་རྣམ་རྟོག་གི་ཕྱོགས་ནས་ཞེ་སྡང་ཞེས་འདོགས་པ་དང༌། བདེ་བ་ཡིན་ཡང་ཆ་ཆུང་བའི་ཕྱིར་འདོད་ཆགས་དང་བྲལ་བ་དང༌། བདེ་སྟོང་ཆ་མཉམ་ཡང་བདེ་བའི་ངོ་བོ་ཉིད་ཅེས་བྱ་བ་མ་གྲགས་པས་སྟོང་ཕྱོགས་ངོ་བོ་ཉིད་ཅེས་བྱ་སྟེ། སྟོང་པའི་ཕྱོགས་ནས་སྨོས་པའོ། །དེ་ལྟར་མིང་གི་རྣམ་གྲངས་བཤད་ཟིན་ནས། སྣང་བ་དེའི་རང་བཞིན་ཅེས་བྱ་བའི་རྣམ་རྟོག་སྣང་བ་དེ་ལས་འཕྲོ་ཞིང་འབྱུང་བ་གསལ་བར་ཤར་བ་རྣམས་ད་ནི་རབ་ཏུ་བཤད་པར་བྱ་ཞེས་པའོ། །དེ་ལ་ཆགས་བྲལ་ནི། ངོ་བོ་ཞེ་སྡང་སྟེ་ཡུལ་ལ་མི་སྡུག་པར་འཛིན་པ་ཡིན་ཞིང་དེ་ལ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །དེ་ཡང་ཅུང་ཟད་འཛིན་སྟངས་མི་གསལ་བ་ཆུང་ངུ་དང༌། གསལ་པོ་བྱུང་ཡང་ཡུན་ཐུང་བ་སོགས་ནས་འདུ་བྱེད་རྩོམ་མི་ཐུབ་པ་འབྲིང་དང༌། གསལ་ལ་ཡུན་རིང་བས་འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པོའོ། ཡིད་ལ་འགྲོ་བ་ནི་ཡུལ་ལ་ཕར་སེམས་པ་དང༌། འོང་བ་ནི་སླར་ནང་དུ་སེམས་པ་སྟེ། གཉིས་ཀར་སེམས་པའོ། །མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་གདུང་བ་སྟེ་ཆེ་ཆུང་གསུམ་ནི་ཆགས་བྲལ་གྱི་རིགས་འགྲེའོ། །ཞི་བ་ནི་ངལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འཇུག་པ་སྟེ་ཤེས་བཞིན་མ་ཡིན་པའོ། །རྣམ་རྟོག་ནི་མིང་དོན་བསྲེས་ནས་མཚན་མར་འཛིན་པའི་འདུ་ཤེས་སོ། །འཇིགས་


TNT05_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྐྲག་པ་སྟེ་དེ་ཡང་ཆེ་ཆུང་གསུམ་མོ། །སྲེད་པ་ནི་དུས་གསུམ་དུ་བྱུང་བའི་ཡིད་དུ་འོང་བ་ལ་དམིགས་ནས་ཞེན་པ་སྟེ་དེ་ཡང་གསུམ་མོ། ། ལེན་པ་ནི་སྲིད་པའི་ཡུལ་ལ་འཇུག་པར་འདོད་པའོ། །བཀྲེས་པ་དང་སྐོམ་པས་ཡིད་མི་བདེ་བ་གཉིས་དང༌། ཚོར་བ་ནི་བདེ་སྡུག་བཏང་སྙོམས་རྣམས་ཡིན་པ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །རིག་པ་པོ་སྟེ་རིག་པ་དངོས་དང༌། རིག་ཅེས་པ་རིག་མཁན་བྱེད་པ་པོ་དང༌། འཛིན་པའི་གཞི་སྟེ་རིག་བྱའི་ཡུལ་རྣམས་ལ་དེ་མ་ཡིན་ལ་དེར་འཛིན་པའི་ལོག་ཤེས་ཏེ་ཡུལ་གསུམ་པོ་དེའི་དབྱེ་བ་གསུམ་དང༌། རིགས་པ་དང་མི་རིགས་པ་དཔྱོད་པའི་སོ་སོར་རྟོག་པ་དང༌། ངོ་ཚ་ཤེས་པ་ནི་རང་ངན་པར་སོང་བའམ་འགྲོ་བ་མི་འདོད་པའམ། གཞན་ཁྲེལ་གྱི་དོགས་པས་བྱ་བ་ངན་པ་ལ་འཛེམ་པ་སྟེ་ཁྲེལ་ཡོད་ཀྱང་འདིའི་ནང་དུ་བསྡུའོ། །གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། རང་ཡིད་དུ་འོང་བའི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ནི་བརྩེ་བ་སྟེ་དབྱེ་ན་ཆེ་ཆུང་གསུམ་མམ། ཡུལ་ཡིད་དུ་སྡུག་པ་དང་བདེ་བར་འདོད་པ་དང་གནོད་པ་ལས་བསྲུང་བར་འདོད་པ་སྟེ་གསུམ་མོ་ཞེས་ཀྱང་འཆད་ལ། ཐེ་ཚོམ་དང་འབྲེལ་བར་ཉམས་ངའི་རྣམ་པ་ཅན་ཡིད་བརྟན་མེད་པ་ནི་དོགས་པ་དང༌། གཏོང་མི་ཕྲ་བའི་སེར་སྣ་ནི་གསོབ་པར་འདོད་པ་ལྟེ་བསགས་པ་དང༌། གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུག་པ་ནི་ཕྲག་དོག་སྟེ་དེ་ལྟར་ན་སུམ་ཅུ་རྩ་གསུམ་མོ། །ཆགས་


TNT05_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས་ཕྲག་དོག་ཅེས་ནི་བྱ་བའི་བར་རང་བཞིན་གྱི་རྣམ་རྟོག་སུམ་ཅུ་རྩ་གསུམ་གང་ཡིན་པ་དེ་ནི་ལུས་ཅན་རྣམས་ཉིད་ཀྱི་སེམས་ལ་འཆར་བ་སྟེ། རྣམ་རྟོག་དེ་ཀུན་ཡང་རང་གིས་རིག་པའི་རང་བཞིན་དུ་གནས་པ་ནི་རང་རིག་པ་སྟེ་སྣང་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ལ། ཕྱི་རོལ་ཡུལ་ལ་བལྟོས་ནས་རྣམ་པར་རྟོག་ཅིང་ལོག་པར་ཞུགས་པའོ། །དེ་ལྟར་སྣང་བའི་རང་བཞིན་རྣམས་བཤད་ནས། ཆོས་ཉིད་ཀྱི་སྣང་བ་དང་པོ་དང༌། རྩ་བའི་རྣམ་ཤེས་ཀྱི་སྣང་བ་དང་པོ་དང༌། ལམ་གྱི་ཡེ་ཤེས་སྣང་བ་དང་པོ་སྟེ། དེ་རྣམས་ངོ་བོ་ཐ་དད་པ་ཉིད་ཀྱང་འགྲོ་ལྡོག་གཅིག་པས་གཅིག་ཏུ་སྡོམས་ནས་འཁོར་འདས་མཉམ་ཉིད་ཀྱི་སྐུ་རྡོ་རྗེའི་སྣང་བ་དང་པོ་དེ་ནི། ཟབ་མོ་རྫོགས་རིམ་པའི་སྣོད་དུ་མ་གྱུར་པ་རྣམས་ལ་བསྐྱེད་རིམ་གྱི་སྐབས་སུ་མོས་པའི་སྒོ་ནས་རྣམ་པ་ལམ་དུ་བྱེད་པའི་ཕྱིར་དང༌། བརྡའ་ཐབས་ཀྱི་སྒོ་ནས་སྦས་ཏེ་གསུངས་པ་ནི་མངོན་བྱང་ལྔས་བསྐྱེད་པའི་ཚེ་ཀུན་རྫོབ་གསལ་བའི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་ཚུལ་ལས་རྣམ་པ་ལམ་དུ་བྱེད་པ་དང༌། གཡོན་རྐྱང་མ་མཚན་མོའི་ཆོས་དང་འབྲེལ་ཞིང་སྣང་བ་ཅུང་ཟད་མི་གསལ་བས་མཚན་མོའི་མིང་དུ་ངེས་པར་བཤད་ལ། སྟོང་པའི་རང་བཞིན་གྱི་ཕྱིར་དེ་གཞན་དུ་བུད་མེད་ཀྱི་མིང་དུ་ཡང་བརྗོད་ལ། བདེ་བ་ཉིད་ཀྱི་ཕྱིར་འཇམ་པོ་ལྟ་བུར་ཡང་དེ་བཞིན་དུ་བརྗོད་པ་ཡིན་ནོ། །ཤེས་རབ་ཡིན་ཞིང་གཡོན་གྱི་རྩ་ཁམས་དང་འབྲེལ་པས་གཡོན་པའི་མིང་ཡང་དེ་ཉིད་ལ་བརྗོད་དེ། ཟླ་བའི་དཀྱིལ་འཁོར་ལས་མངོན་པར་བྱང་ཆུབ་པ་དང༌།


TNT05_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཅན་ཉིད་ཀྱི་ཕྱིར་པདྨའི་མིང་ཅན་དུ་བསྟན་པར་བྱ་བའི་གཞིའམ་རྒྱུར་གྱུར་པ་དང་པོའི་ཡི་གེ་ཨ་ལ་ཐིག་ལེར་བཅས་པ་ཨཾ་གིས་མཚོན་པ་དང༌། སྟོན་གནམ་གཡའ་དག་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་ཁྱབ་པ་ལྟར་སྣང་བའི་དཔེས་མཚོན་ཞིང༌། དེའི་མིང་སྣང་བའི་ཡེ་ཤེས་ཞེས་ཡང་དག་པར་འབྱུང་ངོ༌། །དེ་རྣམས་ནི་སྣང་བ་དང་འབྲེལ་བའི་དོན་ཚན་གསུམ་བཤད་པའོ། །མཆེད་པ་དང་འབྲེལ་བའི་དོན་ཚན་གསུམ་ལས། མིང་གི་རྣམ་གྲངས་ནི། སྔར་རྟོག་པ་རླུང་བཅས་ཀྱིས་སྟོང་པ་ལས་དེའི་སྟེང་དུ་ཁྱད་པར་གྱི་དུས་ལ་འཆར་བའམ་སྐད་ཅིག་པའམ་སས་བསྡུས་པ་ཡིན་ཡང་རུང་སྟེ། སྣང་བ་དང་པོ་རིགས་གསུམ་པོ་རླུང་དང་བཅས་པས་སྟོང་པའི་ཕྱིར་རམ། གནས་ལུགས་ཀྱི་སྟོང་ཉིད་ལ་གསལ་སྣང་སྔར་ལས་ཅུང་ཟད་ལྷག་པ་ཐོབ་པའི་ཕྱིར་ཤིན་ཏུ་སྟོང་པ་ཞེས་བྱ་ལ། རིག་པའི་གདངས་དང་སྣང་ཆ་དུ་མ་ལ་གསལ་ཉམས་ཆེར་རྒྱས་པའི་ཕྱིར་ན་ཐབས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཐབས་ཞེས་བྱ་ལ། སྣང་བ་དང་པོ་ལས་བདེ་བ་དང་སྟོང་པའི་སྒོ་ནས་ཀྱང་འདི་ལྷག་མོད་ཀྱི། དེ་ལས་ཀྱང་གསལ་བའི་སྒོ་ནས་ཆེས་ཆེར་ལྷག་གོ །ཡེ་ཤེས་ཀྱི་སྣང་བ་འབྲིང་བའི་ཚད་དུ་ལོངས་པའི་ཕྱིར་སྔ་མ་ལས་མཆེད་ཅིང་འཕེལ་བས་ནས་སྣང་བ་མཆེད་པ་ཞེས་བརྗོད་དེ། དེ་བཞིན་དུ་ནི་སྔར་སྣང་བའི་དུས་ན་ཀུན་རྫོབ་ཇི་ལྟར་སྣང་བ་རྣམ་རིག་ཏུ་ཉམས་སུ་མྱོང་བ་ཙམ་ཡོད་ཀྱང་གཟུང་བའི་ཆོས་མེད་པར་མ་ངེས་པ་ལས། འདིར་ཀུན་བཏགས་གཟུང་བའི་ཆོས་མ་གྲུབ་པ་ལ་གསལ་སྣང་


TNT05_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་སྐྱེས་པ་ཀུན་བཏགས་ཀྱི་ཤེས་པ་ཞེས་མིང་འདོགས་པ་དང༌། དེ་བཞིན་དུ་རྩ་བའི་སེམས་ཀྱི་མཆེད་པ་ལས་ནི་སེམས་བྱུང་རྣམ་རྟོག་སྣ་ཚོགས་སྐྱེ་བའི་མཐུ་སྣང་བ་གཞན་གཉིས་ལས་ཀྱང་སྟོབས་ཆེ་བ་ཡིན་ལ། ལམ་གྱི་མཆེད་པའང་དེ་ལ་བརྟེན་ནས་འཆར་བའི་ཕྱིར་འབྲེལ་བའི་སྒོ་ནས་སེམས་ལས་བྱུང་བ་ཞེས་བྱ་བར་བཤད་དེ། འདི་ལ་སེམས་སྣང་བ་དང་པོ་ལས་བྱུང་བ་ཞེས་རྒྱ་བོད་མང་པོ་ཞིག་འཆད་མོད་ཀྱང་ཚིག་དོན་མིན་ནོ། །ལུགས་ཟློག་གི་མཆེད་པ་རྣམས་སྣང་བ་དང་པོ་ལས་མ་སྐྱེས་པས་ཀྱང་དེ་མི་འཐད་པར་ཤེས་སོ། །སྤྱོད་བསྡུས་ལས་བཤད་པའི་རྣམ་གྲངས་ནི་མཆེད་པ་འདིས་ཉོན་ཡིད་ཀྱི་རང་བཞིན་ཅུང་ཟད་རྟོགས་པའི་ཕྱིར། མ་ན་སྟེ་བོད་སྐད་དུ་ཡིད་ཅེས་བྱ་བ་དང༌། གྲོགས་རྣམ་རྟོག་གི་ཆ་ནས་འདོད་ཆགས་དང་ཁམས་དམར་པོ་འབྲེལ་ཞིང༌། དམར་པོ་དེ་ནི་ལྟེ་བའི་གཏུམ་མོ་ཆགས་བདེའི་སྣང་བ་ཅན་ཡིན་པའི་ཕྱིར་ཆགས་པ་དང་ཤིན་ཏུ་གསལ་བའི་ཕྱིར་སྣང་ཕྱོགས་ངོ་བོ་ཉིད་ཅེས་ཀྱང་གསུངས་སོ། ། མཆེད་པའི་རང་བཞིན་རྣམས་ནི་འདི་ལྟ་སྟེ། ཐོབ་བྱའི་ཡུལ་ལ་ཡིད་ཆགས་པ་དང༌། ཐོབ་ཟིན་གྱི་ཡུལ་ལ་ཆགས་པའི་ཞེན་པ་དང༌། ཡུལ་ཡིད་དུ་འོང་བར་སྣང་ཙམ་ལ་སེམས་ལ་འཕྲོད་པ་ནི་དགའ་བ་སྟེ་ཆེ་ཆུང་གི་དབྱེ་བས་གསུམ་དང་འདོད་དོན་གྲུབ་པ་ལ་དགའ་བ་རངས་པ་དང༌། དེ་ཉིད་རྣམ་པ་ཡང་ཡང་རོ་མྱང་བ་ནི་ཤིན་ཏུ་མགུ་བ་དང༌། གསར་ཐོབ་རེ་ལ་བརྟེན་ནས་སེམས་མཐོ་ཡེ་རེ་བར་བཏེགས་པ་ནི་ངོ་མཚར་བ་དང༌། ཡིད་འོང་གི་ཕྱོགས་


TNT05_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས་སྙོག་པ་ནི་རྒོད་པ་དང༌། བདེ་བས་ངོམས་པ་ནི་ཚིམ་པའོ། །འཁྱུད་པར་འདོད་པའི་སེམས་ནི་མཚོན་བྱེད་དེ་ཡུལ་ལ་ཆགས་པའི་དབང་གིས་ལུས་ངག་གི་བྱ་བ་རྩོམ་འདོད་དོ། ། འོ་བྱེད་པར་འདོད་པ་ནི་མཚོན་བྱེད་དེ་ཆགས་པའི་བྱེད་པ་ཡང་ཡང་རྩོམ་འདོད་དོ། །དེ་བཞིན་དུ་འཇིབ་པར་འདོད་པ་ཡང་མཚོན་བྱེད་དེ་བྱེད་པ་དེའི་རྒྱུན་མི་འདོར་བར་འདོད་པའོ། །འདུ་ཤེས་བརྟན་པོ་གཞན་དུ་བསྒྱུར་མི་ཐུབ་པ་ནི་བརྟན་པ་དང༌། དགེ་བ་ལ་སྤྲོ་བ་ནི་བརྩོན་འགྲུས་དང༌། རིགས་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་མཐོ་བར་སེམས་པ་ནི་ང་རྒྱལ་ཏེ་ང་རྒྱལ་བདུན་ལ་སོགས་པའོ། །ལས་སུ་བྱ་བ་རྣམས་རྫོགས་པར་བྱེད་པའི་རྩོལ་བ་མི་འདོར་པའི་འདུ་བྱེད་ནི་བྱ་བ་དང༌། བརྣབས་སེམས་ནི་འཕྲོག་པ་དང༌། གཞན་འཇོམས་པར་བྱེད་འདོད་པའི་སྟོབས་དང༌། ལས་ཕལ་པ་ལ་ཡིད་འཇུག་པའི་སྤྲོ་བ་དང༌། ལྷན་སྐྱེས་ཞེས་པ་དཔེ་མ་དག་པ་ལས་བསྒྱུར་བའི་སྐྱོན་ཏེ། ས་ཧ་ས་ཅེས་པ་ཡིན་པ་ལ་ས་ཧ་ཛ་ཞེས་པར་ནོར་རོ། །དེས་ན་ཚམ་ཚོམ་དུ་བསྒྱུར་བ་དང༌། ཆག་གིས་ནུས་པར་བསྒྱུར་ཏེ། དེ་གཉིས་ཀྱང་ཆག་གིས་བསྒྱུར་བ་ལྟར་ལེགས་སོ། །དེ་ནི་བྱ་དཀར་བ་ལ་སྦྱོར་དགོས་ཀྱང་མི་ཞུམ་པའི་སྙིང་སྟོབས་ཏེ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །དེ་བཞིན་དུ་དྲག་པོ་ནི་ཁྲོ་བ་སྟེ་རྩོད་འདོད་ལ་སོགས་པའོ། །གཞན་ཡང་མཛེས་ཆོས་སུ་སེམས་པའི་སྒེག་པ་དང༌། མཁོན་དུ་འཛིན་པའི་ཞེ་འགྲས་ཉིད་དང༌། དགེ་བ་ལ་ཡི་རང་བའི་དགེ་བ་དང༌། གཞན་གྱིས་གོ་བར་འདོད་པའི་


TNT05_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གསལ་དང༌། བདེན་པར་སྨྲ་བར་འདོད་པ་དང༌། མི་བདེན་པ་སྟེ་བརྫུན་སྨྲ་བར་འདོད་པ་དང༌། དམ་འཆའ་བརྟན་པོ་འཆའ་བའི་ངེས་པ་དང༌། ཡུལ་གྱིས་སྐྱོ་བའི་རྒྱུ་ལས་ཡུལ་ཡོངས་སུ་འཛིན་པར་མི་འདོད་པ་ཉེ་བར་མི་ལེན་པ་དང༌། སྦྱིན་པར་འདོད་པ་པོའི་བློ་དང༌། གཞན་དག་ལས་དང་བྱ་བ་ལ་བསྐུལ་བར་འདོད་པ་དང༌། སྒྲིབ་པ་ལས་གྲོལ་བར་འདོད་པ་དཔའ་བོའི་སེམས་དང༌། ཉེས་པ་ལ་མི་འཛེམ་པས་ངོ་ཚ་མེད་པ་དང༌། གཞན་བསླུ་བར་སེམས་པའི་སྒྱུ་དང༌། གདུག་པ་ཅན་གྱི་ལྟ་བ་ངན་པ་ལ་ཞེན་པ་སྟེ་ལྟ་ངན་ལྔ་དང༌། གཞན་གྱི་གནས་ལུས་ལོངས་སྤྱོད་ཆུད་གསོན་ཀྱང་ཇི་སྙམ་པའི་མཐོ་མཚམ་པ་ནི་མི་བསྲུན་པ་དང༌། རང་གི་ཉེས་པ་སྦེད་པའི་གཡོ་ནི་གྱ་གྱུ་ཉིད་དེ། རྣམ་པར་རྟོག་པའི་མཚན་ཉིད་བཞི་བཅུ་གང་ཡིན་པ་དེ་ནི་རང་གི་ངོ་བོ་ཤིན་ཏུ་སྟོང་པའི་སྐད་ཅིག་དང་དབྱེ་བ་མེད་པ་སྟེ། དེ་ཉིད་བརྡས་བསྟན་པའི་ཕྱིར་ཤིན་ཏུ་གསལ་བས་ཉིན་མོ་དང་ཐབས་ཀྱི་ཕྱོགས་ཡིན་པས་སམ་འཛིན་སྟངས་རྣམ་པ་ཤུགས་ཆེ་བའི་ཕྱིར་སྐྱེས་པའི་མིང་གིས་བསྟན་པ་དང་ནི། དམར་ཆའི་ཚ་གདུང་གི་སྡུག་བསྔལ་གྱི་ཉམས་ཅི་རིགས་དང་འདྲེས་པའི་ཕྱིར་རྩུབ་མོ་དང༌། རྩ་རོ་མ་ལ་བརྟེན་པའི་ཕྱིར་གཡས་པའི་མིང་གིས་བསྟན་པ་ཡིན་ཞིང༌། ལྷ་བསྐྱེད་པའི་མངོན་བྱང་གི་སྐབས་རྣམ་པ་ལམ་བྱེད་ཀྱི་ཚུལ་དུ་ཉི་མའི་དཀྱིལ་འཁོར་སྒོམ་མོ། ། ཞེས་བྱ་བ་དང༌། དེ་བཞིན་དུ་ནི་ཐབས་ཀྱི་རྡོ་རྗེའི་མིང་དུ་བསྟན་པ་དང་ཐིག་ལེ་གཉིས་ཏེ་ཚེག་དྲག་གིས་བརྒྱན་པའི་ཆ་སྟེ་ཨ་


TNT05_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ནི་འདིའི་བརྡའ་རུ་ཤེས་ཤིང་དཔེ་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཕོག་པ་དང་འདྲ་བ་བསྟན་པ་སྣང་བ་མཆེད་པའི་སྦྱོར་བ་ལས་བྱུང་བའོ། །དེ་ནས་སྣང་བ་ཐོབ་པ་དང་འབྲེལ་བའི་དོན་གསུམ་ལས། མིང་གི་རྣམ་གྲངས་ནི་སྐབས་འདི་ཉིད་ལ་བལྟོས་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་ཚད་དུ་ལོངས་པས་ཚད་རྫོགས་པའི་རིགས་སུ་གྱུར་པའི་ཕྱིར། སྣང་བ་ཐོབ་པ་དག་དང་ཉེ་བར་ཐོབ་པ་ཞེས་ཀྱང་དེ་བཞིན་དུ་བརྗོད་དེ། སྔར་རྣམ་པར་རིག་པ་ཙམ་དང་གཟུང་བས་སྟོང་པ་ཙམ་ཤེས་པ་དེའི་སྟེང་དུ། འདིར་ཡུལ་རང་རིག་སྤྲོས་བྲལ་བདེ་ཆེན་ཡོངས་གྲུབ་ཀྱི་ཆ་ཤས་ཅུང་ཟད་རིག་པས་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་ཏེ་ཡོངས་སུ་གྲུབ་པ་ཉིད་དང༌། རྟོག་པ་མངོན་གྱུར་བ་རྣམས་ནུབ་པས་ན་མཉམ་བཞག་གི་སྐབས་སུ་ཕྱིའི་སྣང་བ་ཡེ་མི་སྣང་བས་དང༌། རྣམ་རྟོག་གི་དྲན་རིག་ཀྱང་མེད་པའི་ཕྱིར་བྱུང་ཚོར་མི་ཤེས་པ་ལྟར་སྣང་བས་མ་རིག་པ་ཉིད་ཅེས་བྱ་ལ། རྣམ་རྟོག་རླུང་དང་བཅས་པ་དང༌། སྣང་བ་རིགས་གསུམ། མཆེད་པ་རིགས་གསུམ་རླུང་དང་བཅས་པས་སྟོང་པའམ། གནས་ལུགས་ལ་སྔ་མ་གཉིས་ལས་ཀྱང་ཆེས་ལྷག་པར་མྱོང་བའི་ཕྱིར་སྟོང་པ་ཆེན་པོ་ཞེས་བྱ་བའི་ཚིག་གིས་ནི་ཐོབ་པའི་མིང་གི་རྣམ་གྲངས་འདི་དག་རྒྱལ་བས་གསུངས་སོ། །སྤྱོད་བསྡུས་ལས་ནི་གཞན་ཡང་གསུངས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་སྟོང་པར་ཅུང་ཟད་ཉམས་སུ་མྱོང་བས་སེམས་ཏེ་ཀུན་གཞི་དང༌། གྲོགས་རྣམ་རྟོག་གི་ཕྱོགས་ནས་གཏི་མུག་དང༌། བདེ་


TNT05_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆ་མཉམ་པའི་ཕྱིར་འདོད་ཆགས་བར་མ་དང༌། སྣང་སྟོང་དབྱེར་མི་ཕྱེད་པར་ཉམས་སུ་མྱོང་བས་ཟུང་འཇུག་ངོ་བོ་ཉིད་ཅེས་གསུངས་སོ། །ཐོབ་པའི་རང་བཞིན་གྱི་རྣམ་རྟོག་ནི་རྒྱུ་འདོད་ཆགས་ཀྱིས་སེམས་རྨོངས་པར་བྱས་པའི་འབྲས་བུ་མ་རིག་པ་ནི་ཆགས་པས་གོས་པའི་བར་མ་སྟེ་རྣམ་པ་མི་གསལ་བས་མ་རིག་པའོ། །དེ་བཞིན་དུ་དྲན་པ་ཉམས་པའི་བརྗེད་ངས་དང༌། ཆེན་པོ་ལ་ཆུང་ངུར་འཛིན་པ་དང༌། གཟུགས་ལ་སྒྲར་འཛིན་པ་སོགས་འཁྲུལ་བ་དང༌། ངག་སྨྲ་བར་མི་སྤྲོ་བ་ནི་མི་སྨྲ་བར་གྱུར་པའི་སེམས་དང༌། ཡུལ་གང་ཡིན་ཡང་དེས་སུན་པའི་སྐྱོ་བ་དང་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང༌། ཡིད་གཉིས་ཟ་བའི་ཐེ་ཚོམ་སྟེ། མ་རིག་པའི་སྐད་ཅིག་བདུན་པོ་འདི་ནི་ཤིན་ཏུ་ཕྲ་བའི་སྤྱོད་ཡུལ་ཤེས་པ་ཕྲ་མོ་ཐོབ་པའི་རྣལ་འབྱོར་པས་རང་རིག་གི་ངོ་བོར་ཤེས་པར་བྱའོ། །སྣང་བ་ཐོབ་པའི་བརྡའ་ནི། ཐིག་ལེར་མི་ལྡན་ས་བོན་ཏེ། །ཞེས་བཏོན་ན་གོ་བདེ་སྟེ། དེ་ཡང་ས་བོན་དེ་ཨ་ཡིག་ཐིག་ལེར་དང་རྣམ་དཔྱད་དུ་ལྡན་པ་མ་ཡིན་པ་ཨ་ཐུང་གི་བརྡས་བསྟན་པ་ཡིན་ཏེ། གཞུང་འདི་དངོས་བསྟན་ལ་དེ་ཙམ་ཞིག་ལས་མ་གསུངས་ཀྱང༌། སྔ་མ་གཉིས་ཀྱི་འགྲོས་སྦྱར་ན། གསལ་སྟོང་ཆ་མཉམ་དུ་གྱུར་བས་ཉིན་མཚན་གྱི་མཚམས་དང༌། བདེ་གསལ་ཆ་མཉམ་པའི་ཕྱིར་མ་ནིང་དང། བདེ་སྡུག་གཉིས་ཀར་ལ་འཛིན་པ་མེད་པའི་ཕྱིར་འཇམ་མིན་རྩུབ་མིན་གྱི་བར་མ་དང༌། རྩ་དབུ་མ་དང་འབྲེལ་བའི་ཕྱིར་དབུས་མ་དང༌། ས་བོན་དང་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་དང་ཐབས་ཤེས་ཆ་མཉམ་པའི་ཕྱིར་རྡོ་རྗེ་པདྨ་མཉམ་པར་


TNT05_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་དང༌། སྟོན་གནམ་གཡའ་དག་ལ་མཚམས་ཀྱི་མུན་པས་ཁྱབ་པའི་དཔེས་མཚོན་ཞིང༌། དབུགས་རྣམས་རླུང་གི་སྒོ་ནས་འབྱུང་བ་མ་ཡིན་པ་སྟེ། མཉམ་བཞག་ཏུ་སྣ་སྒོར་རྒྱུ་བའི་རླུང་འགགས་པའི་ཡེ་ཤེས་གང་ཞིག་སྣང་བ་ཐོབ་པར་བསྟན་པ་འདི་ནི། རིམ་པ་འདི་ཉིད་ལ་བལྟོས་པའི་གསལ་སྟོང་བདེ་བའི་ཉམས་མཐར་ཕྱིན་ཞིང་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །རླུང་འགགས་པ་ནི་རླུང་གི་ཆ་ཤས་ཀྱི་དབང་དུ་བྱས་ན་ལམ་གྱི་སྣང་གསུམ་ཐམས་ཅད་ཡིན་ལ། དབུ་མར་ཕལ་ཆེར་འགགས་པའི་དབང་དུ་བྱས་ན་ངག་དབེན་ནས་ཀྱང་ཡོད་མོད། སེམས་དབེན་ནས་བརྩམས་ཏེ་དེ་ཡན་ཆད་ཀྱི་སྣང་བ་གསུམ་ཀར་མཉམ་བཞག་ཏུ་རྒྱུ་བ་ཕྲུགས་གཅིག་གི་རླུང་མཐའ་དག་དབུ་མར་འགགས་པ་ཡིན་མོད་ཀྱི། ཐོབ་པའི་གནས་སྐབས་འདིར་འགགས་ཚབས་ཆེ་བ་ལ་དགོངས་ཏེ་སྐབས་འདིར་བཤད་པའོ། །ཡང་འགོས་ལུགས་པ་འགའ་ཞིག།རླུང་གི་སྒོ་ནས་མི་འབྱུང་བ་ནི་རླུང་གནས་པའི་དོན་ཏེ། ཐོབ་པ་ལ་གནས་པའི་བརྡས་བསྟན་པས་གཞན་གཉིས་པོ་ལྡང་འཇུག་དང་སྦྱོར་གསུང་སྟེ། ལུགས་འདི་ལ་ཐུགས་ཀྱི་ས་བོན་ཧཱུཾ་དང་རླུང་ཕྱིར་འགྲོ་སྦྱོར་དགོས་པས་སྦྱོར་ཚུལ་ཅུང་མི་འགྲིག་པར་སེམས་སོ། །ད་ནི་དོན་ཚན་དེ་ཉིད་ཀྱི་འཕྲོས་ལས་རང་བཞིན་དང་སྣང་བ་དེ་དག་དུས་ཇི་ཙམ་དུ་འབྱུང་བ་བཤད་པ་ནི། རང་བཞིན་ཕྲ་བ་བརྒྱ་དང་ནི། །དྲུག་ཅུ་ཐམ་པ་འདི་དག་ཉིད། །རླུང་གི་བཞོན་པའི་རྒྱུ་ཡིས་ནི། །ཉིན་དང་མཚན་དུ་འབྱུང་བ་ཡིན། །


TNT05_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཐང་ཅིག་ཡུད་ཙམ་དང༌། །མིག་བཙུམ་དེ་བཞིན་ཐལ་མོ་སྟེ། །སྐད་ཅིག་སེ་གོལ་གཏོགས་པར་བཤད། །ཐང་ཅིག་ཡུངས་ཀར་བསྐོར་བ་ཙམ། །ཡུད་ཙམ་དབུགས་རྔུབ་འབྱུང་བ་ཙམ། །མིག་བཙུམ་མིག་ནི་འཛུམ་པའི་བར། །ཐལ་མོ་ལག་གཉིས་རྡེབ་པ་སྟེ། །སྐད་ཅིག་ལ་སོགས་མཚན་ཉིད་དོ། །ཞེས་གསུངས་ཏེ། འདིར་རྣམ་རྟོག་ལ་རང་བཞིན་ཞེས་ཟེར་བ་ནི་རང་བཞིན་གྱི་དོན་མཚན་ཉིད་ཡིན་ལ། མཚན་ཉིད་ཀྱང་མཚོན་པར་བྱེད་པས་ན་མཚན་ཉིད་དེ། དེ་མཚོན་པར་བྱེད་ཚུལ་ཡང་ཁང་བཟང་དང་བྱ་རོག་ལྟར་ངོ་བོ་ཐ་དད་པས་མཚོན་པ་དང༌། བུམ་པ་ལ་དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཞུགས་པ་ལྟ་བུ་ཆོས་དེའི་སྟེང་དུ་ངོ་བོ་གཅིག་པའི་མཚན་ཉིད་དང༌། ཤེལ་ལ་སྔོན་པོས་ཁ་བསྒྱུར་བ་ན་སྔོན་པོས་ཤེལ་མཚོན་པ་ལྟ་བུ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་མཚོན་ཚུལ་ཏེ་གསུམ་ཡོད་ཅིང༌། བར་པ་ལ་ཡང་སྤྱི་དང་རང་ཉིད་ཀྱི་མཚན་ཉིད་གཉིས་ཡོད་པ་ལས་གཙོ་བོར་ཕྱི་མ་འདི་ཡིན་ཡང་རགས་བཤད་ཀྱི་ཚུལ་དུ་དང་པོ་ལྟར་ཡང་མི་འགལ་ལོ། །སྤྱིར་ནི་སྣང་བ་གསུམ་གྱིས་རང་བཞིན་བརྒྱད་ཅུ་བསྐྱེད་ཅེས་པ། རྫ་མཁན་གྱིས་རྫ་བུམ་བསྐྱེད་པ་ལྟར་སྐྱེད་པ་པོ་ཡིན་ཡང་བསྐྱེད་ཟིན་པ་ན། རྫ་མཁན་ལ་རྫ་བུམ་མེད་ཅིང་རྫ་བུམ་ལ་རྫ་མཁན་མེད་པ་ལྟར། སྣང་བ་དང་རང་བཞིན་གཉིས་ཐ་དད་དུ་བྲལ་བ་མ་ཡིན་ཏེ་མེ་ལོང་གིས་གཟུགས་བརྙན་བསྐྱེད་པ་ལྟར་རང་ཚུལ་སྣང་བ་གསུམ་ལ་རྣམ་འགྱུར་རྣམ་རྟོག་གི་སྣང་ཆ་ཤར་བའི་ཚུལ་གྱིས་བསྐྱེད་པ་ཡིན་ནོ། །དེ་བས་ན་སྣང་གསུམ་ལུགས་ཟློག་གི་སྐབས་སུ་སྣང་གསུམ་ན་བུན་དེངས་པ་


TNT05_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྒྱུན་ཆད་པའི་རྗེས་ལ་རྣམ་རྟོག་རྣམས་ལྷག་གིས་ཤར་བ་མ་ཡིན་ཏེ། ལུགས་ཟློག་གི་ཚེ་རྣམ་རྟོག་མངོན་རྒྱུ་རགས་པས་མ་བསླད་པར་སྣང་བ་གསུམ་པོའི་རང་གི་རྣམ་པ་གསལ་པོ་རེ་བསྟན་པའི་རྗེས་སུ་གཟུགས་བརྙན་གྱི་ཚུལ་དུ་རྣམ་རྟོག་ཐམས་ཅད་ཤར་བས། སྔར་གྱི་སྣང་བ་གསུམ་པོའི་རིགས་རྒྱུན་དེ་ཡོད་ཀྱང་རྣམ་རྟོག་གི་རྣམ་པ་ཁོ་ན་སྣང་གི།སྣང་གསུམ་གྱི་རང་བཞིན་མི་མཐོང་བས་སྣང་གསུམ་འགགས། རྣམ་རྟོག་ལངས་པ་འདྲ་བ་ཞིག་ཏུ་གྱུར་པ་ལ་དེའི་ཐ་སྙད་བཞག་པ་ཡིན་ནོ། །ཡང་རླུང་གི་ཤུགས་ཆད་པས་རྣམ་རྟོག་གི་གཟུགས་བརྙན་འགགས་ན་སྣང་གསུམ་གྱི་རང་གཟུགས་གསལ་བར་འཆར་ཞིང༌། དེའི་ཚེ་རྣམ་རྟོག་རྣམས་ཀྱང་མི་གསལ་བ་ས་བོན་གྱི་ཚུལ་གྱིས་སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པ་ཡིན་ཡང༌། རྣམ་རྟོག་རྒྱུན་ཆད་པའི་རྗེས་སུ་སྣང་གསུམ་གསར་དུ་ཤར་བ་ལྟར་བྱུང་བས། སེམས་ཀྱི་འཆར་ལུགས་དང་བསྟན་ནས་རྣམ་རྟོག་འགགས་ཏེ་སྣང་གསུམ་ཤེས་ཞེས་བརྗོད་ཀྱི། སྤྱིར་རྟོག་པ་དང་སྣང་བའི་རིགས་རྒྱུན་གཉིས་ཀར་གཉེན་པོས་བཅོམ་ན་མ་གཏོགས་རྒྱུན་ཆགས་སུ་འཇུག་པའོ། །དེ་ལྟར་ན་རང་བཞིན་གྱི་རྣམ་རྟོག་ཕྲ་བ་བརྒྱད་ཅུ་པོ་དེ་ལ་ཉིན་མཚན་གཉིས་ཀྱི་དབྱེ་བས་ཕྱེ་ན། བརྒྱ་དང་དྲུག་ཅུ་ཐམ་པ་འབྱུང་བ་འདི་དག་ཉིད་རང་རང་གི་རླུང་གི་བཞོན་པས་ཁྱེར་པའི་རྒྱུ་ལ་བརྟེན་ནས་ཉིན་མོ་སད་དུས་དང་མཚན་མོ་གཉིད་དང་རྨི་ལམ་དུ་འབྱུང་བ་ཡིན་ནོ། །དེའི་དོན་ཡང་འདི་ཡིན་ཏེ། གཡས་རོ་མའི་རླུང་དང་འབྲེལ་བའི་རླུང་བརྒྱད་ཅུས་ནི་ཉིན་མོ་སྟེ་


TNT05_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སད་བའི་དུས་ཀྱི་རྣམ་རྟོག་བརྒྱད་ཅུ་ཆ་ཚང་བར་བསྐྱེད་ལ། གཡོན་རྐྱང་མ་དང་འབྲེལ་བའི་རླུང་བརྒྱད་ཅུས་ནི་མཚན་མོའི་བརྡས་གཉིད་འཐུག་དང་རྨི་ལམ་སྡོམས་པའི་གཉིད་དུས་ཀྱི་རྣམ་པར་རྟོག་པ་བརྒྱད་ཅུ་ཚང་བར་སྐྱེད་དོ། །དེ་ཡང་གཅིག་ལ་མཚོན་ན། ཆགས་བྲལ་ཞེ་སྡང་གི་རྣམ་རྟོག་སྐྱེད་པའི་རླུང་དེ་རླུང་གི་རྣམ་གྲངས་ལོགས་པ་ཞིག་ཡིན་ཡང༌། རླུང་གི་རིགས་དེ་ལ་རྩ་རོ་མའི་དྲིས་གོས་ན་སད་དུས་སུ་ཞེ་སྡང་སྐྱེད་ལ། རིགས་དེ་འདྲ་གཞན་ཞིག་ལ་རྐྱང་མའི་ནུས་པས་བསྒོས་ན་རྨི་ལམ་དུ་ཞེ་སྡང་སྐྱེད་པ་ལྟ་བུའོ། །རྩ་གཉིས་དང་ཉིན་མཚན་ཐབས་ཤེས་ཡིན་པས་ཐབས་ཤེས་ཀྱི་དབྱེ་བས་ཕྱེ་བ་ནི་འཐད་ཀྱང༌། ཐབས་ཤེས་ཀྱི་ངོས་འཛིན་ཀུན་རྫོབ་དང་དོན་དམ་སྤྱི་ཁྱབ་ཡོངས་སུ་གྲགས་པ་འདི་ལ་སྦྱོར་བ་ནི་མི་ལེགས་སོ། །སྣང་བའི་རང་བཞིན་གྱི་སྐབས་གཙོ་བོ་ཞེ་སྡང་དང༌། མཆེད་པའི་རང་བཞིན་གྱི་སྐབས་འདོད་ཆགས་ང་རྒྱལ་ལྟ་བ་གསུམ་གཙོ་བོ་དང༌། ཐོབ་པའི་རང་བཞིན་གྱི་སྐབས་མ་རིག་པ་དང་ཐེ་ཚོམ་རྣམས་གཙོ་བོ་ཡིན་ལ། གཞན་རྣམས་འཁོར་ལྟ་བུ་ཡིན་པས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག་ཏུ་འཆད་པ་དང་གནད་མཚུངས་ལ། འདི་རྣམས་འཕེན་འགྲུབ་ཀྱི་ལས་བྱེད་པ་པོ་འཁོར་བའི་རྩ་བ་ཡིན་ཡང༌། དེ་རྣམས་ཀྱི་རང་བཞིན་སྟོང་པ་དང་བདེ་བ་དང་འོད་གསལ་བར་འདུག་པས། དེ་ལྟར་རྟོགས་པའི་ཚུལ་གྱིས་འོད་གསལ་དུ་ཐིམ་ན་གྲོལ་བའི་ཐབས་ཀྱང་བླ་ན་མེད་པ་ཡིན་ནོ། །དེའི་ཕྱིར་འཁོར་བ་འཇུག་ལྡོག་གི་རྩ་བ་ནི་སྣང་བ་གསུམ་མོ། །སྣང་བའི་རྟོག་པ་སོ་གསུམ་གྱི་


TNT05_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ཆགས་བྲལ་ཏེ་ཁོང་ཁྲོ་ཡིན་ཞིང་དེ་དང་མཐུན་པའི་རྣམ་རྟོག་མང་བས་གཙོ་བོའི་མིང་ནས་སྨོས་ཏེ་ཞེ་སྡང་ལས་གྱུར་པ་སོ་གསུམ་ཞེས་དང༌། མཆེད་པའི་རྟོག་པ་བཞི་བཅུ་ལ་འདོད་ཆགས་གཙོ་བོ་དང་དེའི་རྗེས་སུ་མཐུན་པ་མང་བས་ཆགས་རྟོག་བཞི་བཅུ་ཅེས་དང༌། ཐོབ་པའི་རྟོག་པ་བདུན་གྱི་གཙོ་བོ་གཏི་མུག་ཡིན་ཞིང་དེ་དང་མཐུན་པ་མང་པས་ཀྱང་དེ་བཞིན་དུ་རྨོངས་རྟོགས་བདུན་ཞེས་མན་ངག་པ་རྣམས་ལ་གྲགས་པ་ཡང་གཙོ་བོ་སྨོས་པ་ཡིན་པས་མི་འཐད་པ་མ་ཡིན་ལ། སྤྱིར་ནི་དུག་གསུམ་པོ་ཡང་གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཡོད་པས་སྡེ་ཚན་རེ་རེ་བཞིན་ཡང་གསུམ་ཀ་འདྲེས་པ་ཡིན་ལ། གཙོ་ཆེ་ཆུང་གིས་བཞག་པ་མ་གཏོགས་སྣང་བ་གསུམ་པོ་ཡང་གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ༌། །གསུམ་དུ་བྱས་པ་ཡང་སྐུ་གསུང་ཐུགས་ཀྱི་གསང་བ་གཏན་ལ་འབེབས་པའི་ཕྱིར་ཡིན་གྱི། གཞན་དུ་ན་རྡོ་རྗེ་བཞིའི་དག་པ་ལས་སྣང་བ་བཞི་དང༌། ཡེ་ཤེས་ལྔའི་དག་པ་ལས་སྣང་བ་ལྔ་དང༌། རིགས་དྲུག་གི་དག་པ་ལས་སྣང་བ་དྲུག་ལ་སོགས་པ་རིགས་བརྒྱ་ནས་མཐའ་མེད་པའི་བར་དུ་ཡང་འབྱུང་མོད་ཀྱི། རྣམ་གཞག་ཐམས་ཅད་གཞུང་ལུགས་གཅིག་ཏུ་བསྡུ་མི་དགོས་པའི་ཕྱིར་རེ་ཞིག་གསལ་བར་མ་ཕྱེའོ། །རྣམ་རྟོག་འདི་དག་རིགས་མཐུན་དང་རིགས་མི་མཐུན་ངེས་པ་མེད་པར་འཐུད་དེ་རྟག་ཏུ་འཁོར་འགྲོ་བ་ཡིན་མོད་ཀྱང༌། རེ་རེ་བཞིན་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམ་དང་ཐལ་མོ་བརྡབས་པ་ཙམ་སྟེ་ཡུན་ཐུང་ངུ་དེ་ཙམ་དུ་སྐྱེ་ཞིང་གནས་ལ་འཇིག་གོ །


TNT05_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བརྟགས་དོན་འཚོལ་བྱེད་ཀྱི་རིག་པས་དཔྱད་པ་མ་ཡིན་ཏེ། དེ་འདྲས་དཔྱད་ན་ནི་སྐད་ཅིག་ཏུ་ཡང་གནས་པ་མི་རྙེད་པའི་ཕྱིར་རོ། །དེས་ན་ཉིན་མོའི་ཚད་ནི་ཆུ་ཚོད་སུམ་ཅུའོ། མར་མེ་འབར་བའི་ཚད་ནི་མཚན་མོ་ཐུབ་བོ་ཞེས་ཟེར་བ་དང་འདྲ་བར། རྣམ་རྟོག་རེ་རེ་བཞིན་གྱི་ཡུན་ཚད་འཆད་པ་ཡིན་ཏེ། རིགས་འདྲ་གཞན་མ་འཐུད་ན་སྐད་ཅིག་རེ་ལས་མེད་ལ། རིགས་འདྲ་གཞན་འཐུད་ཀྱང་རྟོག་པ་རེ་རེ་ལ་དེ་ལས་ལྷག་པོ་མེད་མོད། རྟོག་པ་མང་པོ་འདུས་པ་ལ་གཅིག་ཏུ་འཁྲུལ་བས་ཡུན་རིང་ངོ་སྙམ་དུ་འཛིན་པའོ། །ཡང་སྐད་ཅིག་མ་བཅུ་ལ་རྣམ་རྟོག་མི་འདྲ་བ་བཅུ་སྐྱེ་ན་དེ་ཉིད་ཕྲ་བའི་ཕྱིར་སྐྱེ་བོ་ཕལ་གྱིས་ས་མཚམས་མི་ཟིན་ཞིང་ཀུན་འདྲེས་པས་རྣམ་རྟོག་སྐྱེས་པར་ཡང་མི་མངོན་ན། རྣལ་འབྱོར་པ་ལམ་ལ་བསླབས་པ་རྣམས་ཀྱིས་ནི་ཇི་ལྟ་བར་རིག་ཅིང་རེ་རེ་བཞིན་སྣང་བ་གསུམ་གྱི་འགྲོས་དང་ལྡན་པར་ཡང་རྟོགས་སོ། །དེ་ལ་སྐད་ཅིག་ནི་སེ་གོལ་གཏོགས་པ་ཙམ་གྱི་ཡུན་དུ་བཤད་ལ། ཐང་ཅིག་ནི་ཡུངས་ཀར་བསྐོར་བ་སྟེ་ངོས་འགྱུར་བ་ཙམ་དང༌། ཡུད་ཙམ་ནི་དབུགས་འབྱུང་རྔུབ་ཙམ་དང༌། མིག་བཙུམ་ནི་མིག་བཙུམ་པས་རྫི་མ་རྡེབ་པའི་ཡུན་ཙམ་དང༌། ཐལ་མོ་ནི་ལག་པ་གཉིས་བརྡབས་པའི་སྒྲའི་ཡུན་ཙམ་སྟེ་སྐད་ཅིག་ལ་སོགས་པ་དེ་རྣམས་ཀྱི་ཡུན་རིང་ཐུང་གི་མཚན་ཉིད་དོ། །བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ། འབྱུང་དང་རྔུབ་པའི་དུས་དྲུག་ལ། །རྩ་ཤ་ཞེས་ནི་ཡོངས་སུ་གྲགས། །སྐད་ཅིག་མ་དྲུག་ལ་ནི་དབུགས། །དེ་ཉིད་སེ་གོལ་ཏོགས་པའི་ཚད། །ཐང་ཅིག་གསུམ་ལ་


TNT05_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གོ །དེ་ལ་ཡུངས་ཀར་བསྐོར་བ་ཙམ། དབུགས་གསུམ་ལ་ནི་ཐང་ཅིག་གོ ། ཐང་ཅིག་དེ་ནི་ཡུད་ཙམ་མོ། །ཐང་ཅིག་གསུམ་ལ་མིག་བཙུམ་སྟེ། །དེ་ཡང་མིག་ནི་འཛུམ་པ་ཡིད། །ཙམ་གསུམ་ལ་ནི་མིག་བཙུམ་མོ། །ཙམ་ནི་ཐལ་མོ་བརྡབས་པའོ། །བདེ་བ་འཆར་བ་དེ་གསུམ་ཙམ། །ཞེས་གསུངས་ཏེ། སྐད་ཅིག་དང་སེ་གོལ་ཏོགས་པ་དང་མིག་བཙུམ་རྣམས་དོན་གཅིག་ལ། ཐང་ཅིག་དང་ཡུང་ཀར་བསྐོར་བ་དང་མིག་འཛུམ་ཙམ་པོ་དང་ཐལ་མོ་དང་ཡུད་ཙམ་དང་དབུགས་ཕྲ་མོ་རྣམས་དོན་གཅིག་གོ །དེ་ཡང་དབུགས་ཕྲ་མོ་གསུམ་ལ་ཐང་ཅིག་གོ །ཐང་ཅིག་གསུམ་ལ་སྐད་ཅིག་གོ །སྐད་ཅིག་དྲུག་ལ་དབུགས་འབྱུང་རྔུབ་གཅིག་གོ །འབྱུང་རྔུབ་གཅིག་པོ་དེ་ལ་དབུགས་ཕྲ་མོ་ལྔ་བཅུ་ང་བཞིན་ཡོད། ཕྲ་དབུགས་དེ་དང་རྣམ་རྟོག་ཕྲ་མོ་ཚད་མཉམ་ལ། དེའི་ཕྱིར་རང་རིག་གིས་རྟོགས་སླ། བདེ་བ་ནི་དེའི་ཡང་སུམ་ཆའི་ཚད་ཙམ་དུ་རྒྱུ་བས་ཆེས་རྟོགས་པར་དཀའ་བ་ཉིད་དོ་ཞེས་པའི་དོན་ཏེ། སྨྲས་པ། དེ་ལྟར་བཤད་ཀྱང་མི་གསལ་བློ་ཅན་གྱིས་མི་གོ །རྣམ་རྟོག་རྟག་པར་འདོད་པ་འདི་ན་འགའ་ཡང་མེད། རྣམ་རྟོག་སྔ་མའི་རྒྱུན་ལ་ཡུན་རིང་གནས་པ་འགོག།རེ་རེ་རྒྱུ་རྐྱེན་གསར་བས་བརྩམས་པའི་གྲལ་བསྒྲིགས་ཙམ། འདིར་རྣམ་རྟོག་ལ་དེ་ལྟར་གསུངས་མོད། དེར་མ་ཟད་སྣང་བ་གསུམ་གྱི་ཡུན་ཆད་ཀྱང་དེ་ལྟར་ཡིན་ཏེ། སྤྱོད་བསྡུས་ལས། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམ་དང་ཐལ་མོ་བརྡབས་པ་ཙམ་དུ་སྣང་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ་ཞེས་སོ། །དེའི་ཕྱིར་


TNT05_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གསུམ་ཕྲ་མོར་ཤར་བ་རྣམས་ཤིན་ཏུ་ངོས་ཟིན་པར་དཀའ་འོ། །དེས་ན་ཤེས་པ་ཡྀན་ཚད་སྣང་གསུམ་རང་ཏ་མ་ཡིན་ཡང༌། ཀུན་རྫོབ་པའི་ཤེས་པ་ཡིན་ཕྱིན་སྣང་བ་གསུམ་དང་འབྲེལ་བའི་རྟགས་ཅན་ནམ་དེས་རྒྱས་བཏབ་པ་ཁོ་ན་ཡིན་པས། ཡུལ་སྣང་རེའི་སྟེང་དུ་སྣང་གསུམ་རེ་རྩི་བ་ལ་འདི་ནི་ཁ་ཅིག་བཞད་གད་བྱེད་པ་ནི་གསལ་བྱེད་པའི་བཞད་གད་དོ། །སྐད་ཅིག་པའི་སྣང་བ་གསུམ་ཡུན་རིང་དུ་སྐྱོང་རྒྱུ་ཡོད་པ་རྣམས་ཀྱང་རིགས་འདྲ་མང་པོ་རིམ་ཅན་དུ་ཤར་བ་ཡིན་གྱི། སྐད་ཅིག་སྔ་མ་དེ་ལས་ཕྱི་མ་བྱུང་བའི་རྒྱུན་མིན་ནོ། །འདིར་མཐའ་ཅུང་ཟད་དཔྱད་ན། ཡང་སེམས་དབེན་ཡན་ཆད་ཀྱི་སྣང་གསུམ་འཆར་ཚུལ་ལ། ཁ་ཅིག་རགས་པ་ཉི་ཤུ་སྔོན་ལ་ཐིམ། དེ་ནས་འབྱུང་པ་ལྔ་ཐིམ། དེ་ནས་རང་བཞིན་དང་སྣང་བ་ཐིམ་པར་འདོད་ལ། འགའ་ཞིག་དེ་དང་འདྲ་བ་ལས། རགས་པ་ཉེར་ལྔ་པོ་ལྔ་ཚན་ལྔ་ཚན་དུ་སྦྱར་ནས་ཐིམ་པར་འདོད། ཡང་ཁ་ཅིག་གི་འདོད་ཚུལ་ལ་གཞན་དེ་དག་དང་འདྲ་བ་ལས་མི་འདྲ་བའི་ཁྱད་ནི་འབྱུང་བ་བཞི་དང༌། རྣམ་ཤེས་གསུམ་འོད་གསལ་དུ་ཐིམ་མོ་ཞེས་བརྡའ་འཆད་བྱེད་དེ་ནམ་མཁའ་དང་སྣང་གསུམ་གཅིག་པར་འདོད་དོ། །ཡང་དེ་དག་ལས་རང་བཞིན་དང་སྣང་བ་ཐིམ་ཚུལ་ལཁ་ཅིག་རང་བཞིན་སོ་གསུམ་ཐིམ་དེ་རྗེས་སྣང་བ་འཆར། དེ་ནས་བཞི་བཅུ་ཐིམ་པས་མཆེད་པ་འཆར། དེ་ནས་བདུན་ཐིམ་པས་ཐོབ་པ་འཆར་ཞེས་འདོད་ལ། གཞན་དག་རླུང་སྣང་བ་ལ་ཐིམ་དུས་རང་བཞིན་སོ་གསུམ་ཐིམ་དེ་རྗེས་སྣང་བ་འཆར། སྣང་བའི་དུས་སུ་རང་


TNT05_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བཞི་བཅུ་ཐིམ་དེ་རྗེས་མཆེད་པ་འཆར་ཞེས་སོགས་འདོད་དོ། །ཁ་ཅིག་རང་བཞིན་རྣམས་ཐོག་མར་ཐིམ། དེ་ནས་སྣང་བ་གསུམ་རིམ་ཅན་དུ་འཆར་ཞེས་འདོད་མོད། ཐམས་ཅད་ལ་རགས་བཤད་དེ་ཙམ་ལས་མི་སྣང་ངོ༌། །འོན་ཀྱང་སྐབས་འདིར་རང་བཞིན་གྱི་ནུས་པ་དང་རང་བཞིན་དངོས་གཉིས། དངོས་ལ་ཡང་ཕྲ་རགས་གཉིས་ཡོད་པའི་ལས། རགས་པ་རླུང་དང་བཅས་པ་ཐམས་ཅད་སྣང་བ་འཆར་བའི་སྔོན་རོལ་དུ་ཐིམ་དགོས་ལ། ཕྲ་བ་རྣམས་ནི་སྣང་གསུམ་སོ་སོ་ཉིད་དང་བཅས་ཏེ་ཡོད་པས་སྣང་གསུམ་རང་རང་ཐིམ་པ་ན་ཐིམ་པར་འགྱུར་ལ། ནུས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དོན་གྱི་འོད་གསལ་སྐྱེས་ན་ཟློག་པར་འགྱུར་གྱི་གཞན་བཟློག་པ་མིན་ནོ། །གཉིས་པ་སྣང་གསུམ་གྱི་ངོ་བོ་ངོས་གཟུང་བ་ནི། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟར་བུར་མཚན་ཉིད་མེད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །སྣང་དང་སྣང་བ་མཆེད་པ་དང༌། དེ་བཞིན་སྣང་བ་ཉེར་ཐོབ་པ། ཞེས་སོ། །དེ་ཡང་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་རྣམ་གཞག་རིམ་པ་ལས་འདི་སྐད་ཅེས། རྣམ་པར་གཞག་པ་བཞི་པ་འདི་ཉིད་ཀྱི་རྫོགས་པ་ལ་གནས་པ་ཉེ་བར་བཤད་པར་བྱ་སྟེ། དེ་ལ་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་ཞུགས་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཡན་ལག་ཐམས་ཅད་ཕྲ་བ་དང༌། ལུས་ཀྱི་ཉམས་ཆུང་བ་དང༌། ནུས་པ་མེད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་ཏུ་འགྱུར་རོ། །སའི་


TNT05_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འགགས་པ་ན་ལུས་ཐམས་ཅད་སྐམས་པར་འགྱུར་རོ། །མིག་གི་དབང་པོ་འགགས་པ་ན་མིག་མི་འགྱུར་ཞིང་ཟུམ་པར་འགྱུར་རོ། །གཟུགས་ཀྱི་ཡུལ་འགགས་པ་ན་རང་གི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པར་འགྱུར་རོ། །དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྐང་མེད་དང༌། རྐང་གཉིས་དང༌། རྐང་བཞི་པ་དང༌། རྐང་མང་ལ་སོགས་པའི་སེམས་ཅན་རྣམས་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་སྐུའི་དཀྱིལ་འཁོར་ལ་གནས་ཏེ་དོན་དམ་པའི་དཀྱིལ་འཁོར་དུ་སྐད་ཅིག་པའམ་རིམ་གྱིས་འཇུག་གོ །གང་དག་ཆ་ཤས་ལ་གནས་པ་དེ་དག་གིས་ནི་འདིར་རྣམ་པར་གཞག་པ་མེད་མོད་ཀྱི། འོན་ཀྱང་རིམ་གྱིས་དོན་དམ་པའི་བདེན་པར་རབ་ཏུ་འཇུག་གོ །དེ་བཞིན་དུ་གཉིས་པ་རིམ་པོ་ཆེའི་རིགས་ཀྱི་ལྷ་རྣམས་ཀྱི་དོན་དམ་པའི་བདེན་པར་འཇུག་པ་དེའི་ཚེ། མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པ་ལུས་ཅན་རྣམས་ཀྱི་ཚོར་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཅན་གྱི་ཚོར་བ་རྣམ་པ་གསུམ་དྲན་པར་མི་འགྱུར་རོ། །ཆུའི་ཁམས་སྐམས་པ་ན་རང་གི་ལུས་ལ་ཁ་ཆུ་དང་རྔུལ་དང༌། གཅིན་དང༌། ཁྲག་དང༌། ཁུ་བ་ལ་སོགས་པ་སྐམས་པར་འགྱུར་རོ། །རྣ་བའི་དབང་པོ་ཐིམ་པ་ན་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ། །སྒྲའི་ཡུལ་ཐིམ་པ་ན་རང་གི་ལུས་ཀྱི་སྒྲ་སྒྲག་པར་མི་འགྱུར་རོ། །གཉིས་པ་ནི་རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་རྗེས་སུ་ཞུགས་


TNT05_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་དེ་བཞིན་ཉིད་དུ་འཇུག་པའི་དུས་སུ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་ན་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་མ་དང་བུ་དང་གཉེན་ལ་སོགས་པ་རྣམས་དང་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ། །མེའི་ཁམས་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ། །སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་དལ་གྱི་འགྲོ་བར་འགྱུར་རོ། །དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་ལ་དྲིའི་ཡུལ་བྲོ་བར་མི་འགྱུར་རོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྗེས་སུ་ཞུགས་པའོ། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་ཡང་དག་པའི་མཐར་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཐིམ་པ་ན་འཇིག་རྟེན་པའི་ཕྱིའི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོའོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་ཐུང་བ་དང་རྩ་བ་སྔོན་པོར་འགྱུར་རོ། །རོའི་ཡུལ་ཐིམ་པ་ན་རོ་དྲུག་ཉམས་སུ་མི་མྱོང་ངོ༌། །བཞི་པ་ལས་ཀྱི་ལྷ་རྣམས་རྗེས་སུ་ཞུགས་པའོ། །ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་རིམ་པ་གཉིས་པ་ཤེས་པར་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་དང་བཅས་པར་རྡོ་རྗེའི་བཟླས་པའི་རིམ་པར་གནས་ཏེ། རིལ་པོར་འཛིན་པ་དང་རྗེས་སུ་


TNT05_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་པའི་རིམ་པས་མི་དམིགས་པ་མངོན་སུམ་དུ་བྱས་ཏེ་འཛིན་པ་ཉེ་བར་བསྡུས་ནས། དེ་ཡིས་ཨོཾ་ཤུ་ནྱཱ་ཏ་ཛྙཱ་ནཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀ྅ཧཾ། ཞེས་བྱ་བའི་སྔགས་ཀྱི་དོན་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས་བཤད་ཅིང༌། དགོངས་པ་ལུང་སྟོན་ལས་ཀྱང༌། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་པས་ལྷག་མཐོང་ཞེས་བཤད་དེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བརྟགས་པ་དག་ནི་ཞི་གནས་བྱ། །འདི་དག་དངོས་པོ་མེད་གྱུར་པའི། །དེ་བཞིན་ཉིད་ནི་ཞི་མིང་ཅན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པ་ཡིས་སངས་རྒྱས་གཞུག།ཅེས་པ་དང༌། རྡོ་རྗེ་འཕྲེང་བ་ལས། གཟུགས་ཕུང་རྟོགས་དང་མེ་ལོང་དང༌། །ས་ཁམས་མིག་གི་དབང་པོ་དང༌། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཚོར་བའི་ཕུང་པོ་མཉམ་ཉིད་དང༌། །ཆུ་ཁམས་རྣ་བའི་དབང་པོ་དང༌། །སྒྲ་དང་རྣམ་ལྔར་གྱུར་པ་སྟེ། ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདི་ཤེས་སོ་སོར་རྟོག་པ་དང༌། བྱིན་ཟ་སྣ་ཡི་དབང་པོ་དང༌། །དྲི་དང་རྣམ་ལྔར་གྱུར་པ་སྟེ། ཁྲོ་བོ་གཉིས་དང་ཡང་དག་ ལྡན། །འདུ་བྱེད་བྱ་བ་སྒྲུབ་པ་དང༌། །རླུང་ཁམས་ལྕེ་ཡི་དབང་པོ་དང༌། །རོ་དང་རྣམ་ལྔར་གྱུར་པ་སྟེ། ཁྲོ་བོ་གཉིས་དང་ཡང་དག་ལྡན། །སྟེང་འོག་ཁྲོ་བོ་ཤིན་ཏུ་བཅས། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། ། ནམ་ཤེས་ཀྱང་ནི་འོད་གསལ་བར། །མྱ་ངན་འདས་བཅས་ཀུན་སྟོང་དང༌། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །ཞེས་གསུངས་


TNT05_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྩ་བའི་རྒྱུད་ལས། དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་པར་བྱ། །དེ་བཞིན་གཤེགས་པའི་ཚོགས་གསད་ན། །མྱུར་དུ་དངོས་སྒྲུབ་ཐོར་པར་འགྱུར། །ཞེས་གསུངས་ཏེ། ཐབས་ཤེས་མཉམ་པར་སྦྱོར་བའི་དམ་ཚིག་ལས། མའི་མངལ་དུ་ཁུ་བ་ཕྱུང་བའི་འབྲས་བུ་ལུས་གྲུབ་ནས་བྱིས་པ་དང་གཞོན་ནུ་དང་དར་བབ་དང་རྒན་པོ་ཆོག་སྟེ་རིམ་པ་བཞིན་དུ་ཉམས་སུ་མྱོང་ནས། གཞི་དུས་ཀྱི་འཆི་བའམ་ལམ་བསྒོམ་པའི་དུས་འཆི་བ་འོད་གསལ་མངོན་དུ་བྱེད་པའམ། གསོན་པོའི་དུས་ཉིད་ལ་ཡང་སེམས་དབེན་ལེགས་པར་ཐོབ་པ་ཡན་ཆད་ནས་དོན་གྱི་འོད་གསལ་མ་ཐོབ་ཀྱི་བར་དུ་སྐད་ཅིག་མའི་སྣང་བ་བཞི་འཆར་བའི་དུས་དང༌། སེམས་དབེན་གྱི་སྐབས་འདིར་ཡང་སྣང་བ་གསུམ་གྱི་ས་ཐོབ་པའི་སྔ་རོལ་དང༌། ཕྱིས་དོན་གྱི་འོད་གསལ་གྱི་སྦྱོར་བའི་སྐབས་རྣམས་སུ་ཕུང་ཁམས་ཐིམ་ཚུལ་སྟོབས་ཆེན་པོ་རེ་འབྱུང་བ་རྣམས་ལ་ཡང་བཟང་ངན་དང་མཐོང་དམན་གྱི་ཁྱད་པར་མི་འདྲ་བ་མང་པོ་ཡོད་ཀྱང་ཐིམ་ཚུལ་དང་གོ་རིམ་ནི་གཅིག་པ་ཁོ་ན་ཡིན་ནོ། །གཙོ་བོར་སྐབས་འདིར་སེམས་དབེན་གྱི་ས་དང་དོན་གྱི་འོད་གསལ་གྱི་སྐབས་སུ། དེ་བཞིན་གཤེགས་པའི་ཚོགས་ཕུང་པོ་ལྔ་པོ་འཁོར་དང་བཅས་པ་སྣང་བ་བཞིའི་རིམ་པས་འོད་གསལ་དུ་ཐིམ་ཞིང་གསད་པར་བྱས་ན། དངོས་གྲུབ་སྟེ་སྒྱུ་ལུས་ཀྱི་སྐུའམ་ཟུང་འཇུག་མྱུར་དུ་ཐོབ་པར་འགྱུར་ཞེས་པ་ནི་ཤིན་ཏུ་མདོར་བསྟན་པའི་ཚུལ་ལོ། །དེ་ལ་སྐད་ཅིག་མའི་སྣང་གསུམ་འཆར་བའི་སྔོན་རོལ་དུ་ནི་ཕུང་


TNT05_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་སྣང་བ་རགས་པ་གསལ་པོར་འཆར་བའི་རླུང་རྣམས་ཐུན་དེ་ཉིད་ཀྱི་མཉམ་བཞག་ཏུ་ཡུད་ཅིག་ཐིམ་པས་སྐབས་དེར་ཕུང་ཁམས་ཀྱི་སྣང་བ་བློ་ངོར་འགག་ཅིང༌། ཡང་མཉམ་བཞག་དེ་གྲོལ་བ་ན་རླུང་དང་དེར་སྣང་བ་གཉིས་ཀར་འབྱུང་ངོ༌། སྣང་བ་གསུམ་གྱི་ས་ཐོབ་པའི་སྔོན་དུ་འགག་ཚུལ་ནི། རྣམ་གཞག་རིམ་པར་བཤད་པའི་རྟགས་དེ་དག་དང་བཅས་པ་འཆི་བའི་སྔ་རོལ་གྱི་ཕུང་ཁམས་ཐིམ་ཚུལ་གྱི་ཉམས་དེ་ཁོ་ན་འདྲ་བ་ལ། བདེ་གསལ་སྟོང་པའི་ཉམས་གསུམ་གྱི་སྒོ་ནས་དེ་བས་ཆེས་ལྷག་པ་དང་པོར་སྡུག་བསྔལ་གྱི་ཉམས་ཅུང་ཟད་རེས་སྣ་དྲངས་ཏེ། བར་དུ་བདེ་བ་འཛིན་བཅས་དང༌། མཐར་བདེ་ལ་མི་རྟོག་པར་འགྱུར་ཚུལ་རེ་རེ་དང་བཅས་ནས། ཐོག་མར་དུས་ངེས་པ་མེད་པར་ཡུན་རིང་པོ་ནས་བསྒྲུབ་ཤིང༌། མཐར་སྣང་བའི་ས་ཐོབ་པའི་སྔ་ལོགས་སུ་དེ་ཐམས་ཅད་ཀྱི་ནུས་པ་ཕྱོགས་གཅིག་ཏུ་སྨིན་པའི་ཚུལ་གྱིས་ཐུན་གཅིག་ལ་དང་པོར། གཟུགས་སོགས་ལྔ། དེ་ནས་ཚོར་སོགས་ལྔ། དེ་ནས་འདུ་ཤེས་སོགས་ལྔ། དེ་ནས་འདུ་བྱེད་སོགས་ལྔ་ཐིམ་པ་རྣམས་སྣང་བའི་དངོས་ཀྱི་སྦྱོར་བ་ཡིན་ལ། དེ་རྗེས་ཐུན་དེ་ཉིད་ལ་སྣང་བའི་ས་དང་པོར་ཐོབ་པར་འགྱུར་རོ། ། འདི་དག་ནི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་རྩ་ཁམས་རླུང་གི་ནུས་པ་རྣམས་ཞུ་བདེ་ཁྱད་པར་ཅན་གྱི་དངོས་རྒྱུར་གྱུར་ཞིང༌། འཁོར་བའི་སྣང་བ་སྐྱེད་པའི་སྟོབས་བྲི་བ་ལ་དེ་དག་ཐིམ་པའི་ཐ་སྙད་དུ་བཞག་པ་ཡིན་པས། ཀུན་རྫོབ་ཀྱི་རྣམ་གཞག་དང་སྦྱར་ནས་ཕུང་ཁམས་དེ་རྣམས་ཀྱི་ནུས་པ་དང་རླུང་དང་དངས་མ་རྣམས་ནང་


TNT05_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྩ་དབུ་མ་དང༌། དེའི་ནང་ཚན་སྙིང་གའི་འཁོར་ལོ་གཙོ་བོར་གྱུར་པའི་རྩ་འཁོར་རྣམས་ཀྱི་ལྟེ་བར་ཞུགས་ཤིང་དེ་དག་ན་གནས་པའི་ཁམས་དངས་མ་དང་རླུང་ཕྲ་མོ་སྣང་བཞིའི་ཡེ་ཤེས་སྐྱེད་བྱེད་རྣམས་ལ་ཐིམ་མོ། །ཞེས་པ་འདི་ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་གྱི་སྒོ་ནས་ཀྱང་ཁས་ལེན་ལ། རྣལ་འབྱོར་བའི་བློ་སྣང་ལ་འཆར་ཚུལ་གྱི་སྒོ་ནས་ཀྱང་ངོ༌། །དོན་གྱི་འོད་གསལ་ཐོབ་རྒྱུའི་སྔ་ལོགས་སུ་མ་དག་པའི་ཕུང་ཁམས་དེ་དག་རྩ་བ་ནས་རྣམ་པར་དག་སྟེ། དེ་དག་གི་རིགས་རྒྱུན་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཏུ་གནས་འགྱུར་བའི་འགོ་བརྩམས་པའི་ཚུལ་གྱིས་ཐིམ་ཞིང༌། དོན་གྱི་འོད་གསལ་ནམ་སྐྱེས་པ་ན། དེ་དག་བདེ་ཆེན་དེའི་ངོ་བོར་གྱུར་ཏེ་ཐིམ་ཟིན་པ་ཡིན་ནོ། །སེམས་དབེན་མ་ཐོབ་པའི་སྔོན་རོལ་དུ་ནི་ལམ་བསྒོམ་པའི་གནས་སྐབས་ན་ཐིམ་ཚུལ་རྗེས་མཐུན་ཙམ་ཡོད་མོད་ཀྱི། རགས་པ་ཉི་ཤུའི་ཐིམ་ཚུལ་ཉི་ཤུ་པོའི་ནང་ནས་ཅི་རིགས་པ་མ་གཏོགས། ཆ་ཚང་བ་མེད་པ་ཉིད་མང་ཞིང༌། འགའ་ཞིག་ཆ་ཚང་བ་ཡོད་ཀྱང་ཉི་ཤུ་པོ་ནས་ཆ་ཤས་ཕྲ་མོ་རེ་རེ་ཐིམ་པའི་ཚུལ་ཁོ་ན་ལས་རྫོགས་པར་ཐིམ་པ་མེད་དེ། གཞིའི་དུས་ཀྱི་གཉིད་དང་འཁྲེགས་དུས་ལ་སོགས་པའང་དེ་དང་འདྲའོ། །འཆི་བའི་སྐབས་ནི་གཞི་དུས་ཡིན་ཡང་ཕུང་ཁམས་དེ་དག་རྫོགས་པར་ཐིམ་པ་ཡིན་མོད་ཀྱི། དེ་རྣམས་ཀྱི་རླུང་སོགས་དངས་མ་རྣམས་རྩ་བའི་སྣང་བ་བཞི་ལ་ཐིམ་ཞིང༌། རགས་པ་རྣམས་དང་རྩ་བའི་སེམས་བྲལ་བའི་སྒོ་ནས་ནུས་པ་ཐིམ་པ་ཡིན་པས་ཐིམ་


TNT05_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ལམ་གྱི་དུས་དང་མི་འདྲའོ། །དེ་ལྟར་ན་དགོངས་པ་ལུང་སྟོན་གྱི་ལུང་དྲངས་པའི་དོན་ནི། རྩ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་ཚོགས་གསད་ན་གསུངས་པ་དེ་འཆད་པར་བཞེད་པ་ཡིན་ཏེ། ནང་རང་རྒྱུད་དུ་གཏོགས་པའི་གཟུགས་སོགས་ཕུང་ཁམས་ལུས་དབེན་ནམ་སྒྱུ་ལུས་ཀྱི་ལྷ་སྐུའི་རྣམ་པར་ཡང་འབྱུང་ལ། ཁྱད་པར་དུ་བདེ་བས་བྱིན་གྱིས་བརླབས་པར་ལྷ་སྐུ་སྟེ་ཕུང་སོགས་ཀྱི་དངས་མ་ལྷ་དེར་མཐོང་བ་ནི་ལྷག་མཐོང་ཡིན་ལ། མི་བསྐྱོད་ལ་སོགས་ཞེས་པ་ནི་ཐ་མར་འབྱུང་བ་སྨོས་པ་སྟེ། འབྱུང་བ་ཐིམ་ཚུལ་གྱི་རིམ་པ་དང་མཐུན་པར་གྲངས་བཞིན་དུ་འོད་གསལ་དུ་ཐིམ་ཞིང་བརྟག་པར་བྱེད་པ་ནི་ཞི་གནས་ཏེ། །ཕུང་ཁམས་སངས་རྒྱས་ཀྱི་དཀྱིལ་འཁོར་དེ་བཞིན་ཉིད་དུ་ཞུགས་པའོ། །འཕྲེང་བ་དང་རྣམ་གཞག་གི་ལུང་དྲངས་པ་ནི་ཕལ་ཆེར་གོ་སླ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཟུགས་སྒྲ་སོགས་ཡུལ་གྱི་རྣམ་པ་གསལ་པོར་རིག་པ་ཡིད་རྟོག་ཡིན་ལ། མཉམ་ཉིད་ནི་བདེ་སྡུག་གི་ཚོར་བ་སོ་སོར་རིག་ནས་རིགས་བསྒྲེ་བའི་ཤེས་པ་སྟེ། མེ་སྟག་ཕྲ་མོའི་རེག་ཚོར་རིག་ནས་མེ་ཐམས་ཅད་ཀྱི་རེག་ཚོར་དེ་དང་མཉམ་པ་ཉིད་དུ་བསྲེ་བའོ། །སོར་རྟོག་ཡེ་ཤེས་ནི་མིང་ལ་དོན་དུ་འཛིན་ཞིང་དོན་ལ་མིང་དུ་འཛིན་པའོ། །བྱ་སྒྲུབ་ཡེ་ཤེས་ནི་འཕྲལ་གྱི་འདོད་དོན་སྒྲུབ་འདོད་དང་བྱ་བ་བྱེད་འདོད་ཡིན་ཞིང༌། ཆོས་དབྱིངས་ཡེ་ཤེས་ནི་ལས་དང་ཉོན་མོངས་སྦྱོང་འདོད་དང་འཁོར་བ་ལས་གྲོལ་འདོད་དེ། དེ་སྦྱོང་བའི་ཐབས་ལ་འཇུག་པའི་ཤེས་པའོ། །དེ་ལ་གཟུགས་ཕུང་མེ་ལོང་ལྟ་བུ་ས་


TNT05_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མིག་དང་གཟུགས་ཞེས་བྱ་བ་རྣམ་སྣང་དང་སའི་རིགས་སུ་གཏོགས་པ་ལྔ། ཚོར་བ་མཉམ་ཉིད་ཆུ་རྣ་བ་སྒྲ་སྟེ་རིན་འབྱུང་དང་ཆུར་གཏོགས་པ་ལྔ། འདུ་ཤེས་སོར་རྟོགས་མེ་སྣ་དྲི་སྟེ་འོད་དཔག་མེད་དང་མེར་གཏོགས་པ་ལྔ། འདུ་བྱེད་བྱ་སྒྲུབ་རླུང་ལྕེ་རོ་སྟེ་དོན་གྲུབ་དང་རླུང་དུ་གཏོགས་པ་ལྔའོ། །དེ་ལྟར་ཉི་ཤུ་ཡིན་ལ། རྣམ་ཤེས་ཆོས་དབྱིངས་ནམ་མཁའ་ཡིད་དང་ཆོས་ཏེ་ལྔ་པོ་མི་བསྐྱོད་པ་དང་མཁའ་ཁམས་ཡིན་ཡང་རེ་ཞིག་བོར་ཏེ། འཕགས་སྐོར་གྱི་སྐབས་འདིར་འཕྲེང་བའི་རྒྱུད་དང་མདོར་བྱས་ལས་བྱུང་བའི་ལྷའི་དག་པ་དང་ཕྱོགས་བསྟུན་ནས་གྲངས་མཐུན་སྒྲིབ་ཚུལ་འཛད་པར་སྣང་ངོ༌། །དེ་ལ་ལྔ་ལྔར་སྦྱར་བའི་སྡེ་ཚན་བཞི་པོའི་ཐིམ་ཚུལ་ནི། གཞུང་ལས་བཤད་པའི་གོ་རིམ་བཞིན་ཡིན་ཏེ། ཐོག་མར་ས་ཁམས་ཀྱི་སྡེ་རྣམས་ཐིམ། དེ་ནས་ཆུ་ཁམས་ཀྱི་སྡེ་རྣམས་ཐིམ། དེ་རྗེས་མེ་ཁམས་ཀྱི་སྡེ་རྣམས་ཐིམ། མཐར་རླུང་ཁམས་ཀྱི་སྡེ་རྣམས་ཐིམ་མོ། །ནང་ཚན་ལྔ་པ་རྣམས་ཀྱི་གོ་རིམ་གཞུང་གི་དངོས་བསྟན་དེ་དག་ནི་བཤད་པ་གོ་རིམ་ཡིན་གྱི། དོན་གྱི་རིམ་པ་ནི་གང་དང་པོ་རྗེས་སུ་སྐྱེས་པ་དེ་མཐར་ཐིག་པའི་དུས་སུ་སྔོན་ལ་འགག་ཅེས་གྲགས་པ་ལྟར་ཡིན་ནོ། །དེ་ལ་ཡེ་ཤེས་རྣམས་དབང་ཡུལ་ལས་བྱུང་ཞིང༌། དབང་ཡུལ་རྣམས་ཕུང་པོ་ལས་བྱུང་ལ་ཕུང་པོ་ཡང་འབྱུང་བ་ལས་བྱུང་ངོ༌། །དེའི་ཕྱིར་ལྔ་ཚན་དང་པོའི་སྐབས་སུ་དང་པོར་མེ་ལོང་ཡེ་ཤེས་ཐིམ། དེ་ནས་མིག་དང་གཟུགས་ཐིམ། དེ་ཡང་དང་པོར་གཟུགས་དང་དེ་ནས་མིག་གོ །དེ་རྗེས་གཟུགས་ཕུང་


TNT05_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ས་ཁམས་ཐིམ་པར་འགྱུར་ཏེ། དངོས་པོ་དེ་དག་རེ་རེ་ནས་འོད་གསལ་དུ་ཐིམ་པ་ཡིན་ཡང་ནུས་པའི་རིགས་རྒྱུན་ཕྱི་མ་ཕྱི་མ་ལ་འཕོ་བ་ཡིན་པས། མེ་ལོང་ཡེ་ཤེས་གཟུགས་ལ་ཐིམ། དེ་ལ་མིག་ཐིམ་ཞེས་སོགས་དང༌། སའི་སྡེ་རྣམས་ཆུ་ལ་ཐིམ། ཆུའི་སྡེ་རྣམས་མེ་ལ་ཐིམ། ཞེས་པའི་ཐ་སྙད་བྱེད་པར་སྣང་ལ། དེ་ཡང་སྐད་ཅིག་མའི་སྣང་གསུམ་དང་དོན་གྱི་འོད་གསལ་ཐོབ་སྐབས་ནི་དཀྱུས་ཐོག་རེ་ལ་དེ་དག་གོ་རིམ་མ་འཁྲུལ་བའི་ཚུལ་གྱིས་ཐིམ་རིམ་འབྱུང་ལ། གཞི་དུས་ཀྱི་འཆི་རིམ་དང༌། སེམས་དབེན་གྱི་སའི་སྦྱོར་བ་ལ་ནི། ཉེར་ལྔ་པོ་རྣམས་ཐིམ་པའི་འགོ་རྩོམ་པའི་སྐབས་དུས་ལ་ནི་གོ་རིམ་ངེས་པ་མེད་ཅིང༌། ལོ་དང་ཟླ་བར་ཐོགས་པ་དང་འཕྲལ་དུ་འབྱུང་བ་སོགས་ཡུན་རིང་ཐུང་ཡང་མ་ངེས་ལ། དེ་ཐམས་ཅད་ཀྱི་ནུས་པ་བསགས་ནས་ཐིམ་རིམ་དངོས་གཞིའི་སྐབས་ནི་ཐུན་གཅིག་ལྟ་བུ་ལ་རྫོགས་པར་མ་ངེས་ཀྱང༌། གོ་རིམ་ངེས་པ་དང་བར་མ་ཆད་པར་འབྱུང་བ་ཡིན། གཞི་དུས་ཀྱི་གཉིད་དང་འཁྲིག་པ་དང་སེམས་དབེན་མ་ཐོབ་གོང་གི་ལམ་དུས་རྣམས་ལ་འབྱུང་བཞིའི་གོ་རིམ་ཙམ་ངེས་ཀྱང༌། གཞན་གོ་རིམ་མ་ངེས་ཤིང་འགའ་ཞིག་ལ་ནི་བར་ཆོད་དེ་འབྱུང་བ་ཡང་ཡོད་དོ། ། གསང་འདུས་འཕགས་ལུགས་ཀྱི་ཆོས་སྐོར་འདིར་ནམ་མཁའ་དང་རྣམ་ཤེས་སོ་སོར་ཕྱེ་ནས་ཁམས་དྲུག་པའི་ཐ་སྙད་རྩལ་དུ་མི་འདོན་པའི་ཕྱིར། རླུང་ནམ་མཁའ་ལ་ཐིམ། ནམ་མཁའ་རྣམ་ཤེས་ལ་ཐིམ་ཞེས་ཐ་སྙད་མི་མཛད་པར་རྣམ་ཤེས་ཉིད་ནམ་མཁར་བྱས། མཁའ་ཁམས་ཀྱིས་བསྡུས་པའི་ཆོས་ལྷག་མ་བཞི་པོ་ལོགས་སུ་ཐིམ་


TNT05_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མི་བྱེད་པར་གཞན་རྣམས་ཀྱི་ཞོར་ལ་སྦྱོར་བ་ཡིན་ཏེ། ལུས་ནི་ཁྲོ་བོ་གཉིས་དང་ཡང་དག་ལྡན། ཞེས་ལུས་ཀྱི་ཆ་ཤས་བཅུར་བྱས་པ་ལས་སྤྱི་གཙུག་དང༌། རྐང་མཐིལ་བོར་བའི་ལྷག་མ་ལག་པ་གཡས་གཡོན་ས། ཁ་དང་གསང་གནས་ཆུ། དཔུང་པ་གཡས་གཡོན་གྱིས་བསྡུས་པ་སྟོད་ནི་མེ། པུས་མོ་གཡས་གཡོན་གྱིས་བསྡུས་པ་རྐང་པ་དང་རོ་སྨད་ནི་རླུང་ཁམས་སུ་བསྡུས་སོ། །ཚིགས་ཀུན་བཟང་དང་རྩ་རྒྱུས་བྱམས་པ་ནི། རྡོ་རྗེ་འཕྲེང་བ་ལས་བསྡུ་ཚུལ་མ་བཤད་དེ། ཁྲོ་བོ་འགོད་པའི་གནས་དེ་དག་དང་འབྲེལ་བའི་ཕྱིར་དེ་རྣམས་སུ་འདུ་ལ། དབང་པོ་དང་ཡུལ་རྣམས་ཐིམ་པས་དེའི་རེག་བྱ་ལྔ་པོ་ཡང་ཐིམ། ཆོས་དབྱིངས་ཡེ་ཤེས་དང་ནམ་མཁའི་ཁམས་ཏེ་མཁའ་ཁམས་ཀྱི་ཆོས་དེ་རྣམས་སྤྱིར་ཁམས་དྲུག་པ་ཡིན་ཡང་སྐབས་འདིར་ཡིད་ཆོས་ཁམས་དང་བཅས་པ་ཡང་འདིར་བསྡུས་ཏེ། བཞི་པོ་དེ་རྣམས་སྤྱིར་ཁམས་ཕྲ་བར་འཇོག་ཀྱང༌། དེ་རྣམས་ཉིད་ལ་བལྟོས་པའི་རེ་རེ་བཞིན་ཕྲ་འབྲིང་རགས་གསུམ་ཡོད་པས། སྣང་བ་དང་པོ་གཉིས་རྣམ་ཤེས་རགས་པ་ཡིན་པ་བཞིན་འདི་ཡང་རགས་པར་གཏོགས་པ་རྣམས་ཐིམ་པ་སྟེ། དེ་ཡང་དེ་བཞི་པོ་ཕུང་ཁམས་ཡུལ་ཅན་གཞན་གྱི་ཁ་མ་བསྒྱུར་བའི་ཕྱིར། སྤྱིར་ཕྲ་རགས་གཉིས་ལས་ཕྲ་བར་འཇོག་ཀྱང༌། རང་གི་ངོ་སྟེངས་ནས་རགས་པ་ཡོད་པས་རྣམ་ཤེས་དང་པོ་སྣང་བ་མཆེད་པ་ལ་ཐིམ་པའི་དུས་ན་བཞི་པོ་ལ་བལྟོས་པའི་རགས་པ་ཐིམ། མཆེད་པ་ཐོབ་པ་ལ་ཐིམ་པ་ན་འབྲིང་པོ་ཐིམ། ཐོབ་པ་འོད་གསལ་ལ་ཐིམ་པའམ། ཐོབ་པ་དྲན་མེད་དེ་སྐད་


TNT05_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བཞི་པ་ལྷན་སྐྱེས་ལ་ཐིམ་པ་ན་ཕྲ་བ་ཡང་ཐིམ་སྟེ། དཔེའམ་དོན་གྱི་ཐམས་ཅད་སྟོང་པའི་ཡེ་ཤེས་འབའ་ཞིག་གོ །དེ་ལ་རགས་པ་ཉི་ཤུ་པོ་ནི་རང་བཞིན་བརྒྱད་ཅུ་དང་ལྷན་ཅིག་སྤྱོད་པ་ཡིན་པས། གོང་དུ་སྨོས་པ་ལྟར་རགས་པ་ཐིམ་པའི་འགོ་བརྩམས་པ་ན། རང་བཞིན་བརྒྱད་ཅུ་ཉིད་ལ་བལྟོས་ཏེ་རྣམ་རྟོག་རགས་པ་རྣམས་ཀྱང་ཐིམ་ཞིང༌། ཉི་ཤུ་རྫོགས་པར་ཐིམ་པ་ན་རྟོག་པ་བརྒྱད་ཅུ་རགས་པའང་རྫོགས་པར་ཐིམ་མོ། །ཕྲ་བ་ནི་ཡིད་ཆོས་ནམ་མཁའ་རྣམ་ཤེས་བཞི་དང་ལྷན་ཅིག་སྤྱོད་པ་ཡིན་པས། སྡེ་ཚན་གསུམ་སྣང་གསུམ་དང་ལྷན་ཅིག་ཐིམ་པ་ཡིན་ནོ་ཞེས་པ་འདིའོ། །འོན་ཀྱང་འདི་དཔྱད་དགོས་ཏེ། ལུགས་འདི་ལ་དེ་ལྟར་ཡིན་མོད། རྣལ་འབྱོར་མ་རྒྱུད་ལ་སོགས་པ་གཞན་གྱི་ལུགས་ཀྱིས་རླུང་ནམ་མཁའ་ལ་ཐིམ་ཞིང༌། དེ་སྐབས་མཁའ་ཁམས་ཀྱི་ཆོས་ལྔ་པོ་རིམ་གྱིས་འགག་ཚུལ་ཡང་འབྱུང་བ་གཞན་དང་འདྲ། ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ་པ་ན། རྣམ་ཤེས་ཀྱི་དུས་སུ་སྣང་བ་གསུམ་རིམ་ཅན་དུ་ཤར་ནས། འོད་གསལ་ལ་འཇུག་པར་བྱ་དགོས་ན། ལུགས་གཉིས་པོ་འགལ་པ་ལྟར་གྱུར་པས་འདི་གཉིས་ལས་སྤྱིར་གང་ཞིག་ཚད་མར་གཟུང་དགོས་སྙམ་ན། ལར་སེམས་ཅན་བསམ་པའི་དབང་གིས་ཡིད་གང་དུ་བཞག་པ་དེ་དང་དེར་སྣང་བ་ཡིན་ཡང༌། ལུགས་འདི་ལ་རླུང་རྣམ་ཤེས་ལ་ཐིམ་པའི་བར་དེར་སྣང་བ་དང་པོ་སྐྱེ་བའི་སྦྱོར་བ་ཅིག་ཡོད་པ་དེ། ལུགས་གཞན་ལས་འབྱུང་བའི་མཁའ་ཁམས་ཐིམ་ཚུལ་གྱི་སྐབས་དེ་ཡིན་ལ། ལུགས་གཞན་ལས་སྐབས་དེར་མཁའ་ཁམས་དེར་ཐིམ་ཟིན་


TNT05_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་དེ། འདིར་མཁའ་ཁམས་རྣམས་ཀྱི་རྣམ་རྟོག་གཡོ་བའི་བྱེད་ལས་གཅིག་ཡོད་པ་དེ། སྐབས་འདིར་ཐིམ་པར་ཁས་ལེན་དགོས་པས་དེ་དང་གནད་གཅིག་པ་དང༌། སྣང་གསུམ་གྱི་སྐབས་སུ་ནམ་མཁའ་དང་རྣམ་ཤེས་ཀྱི་ཆོས་བཞི་པོ་ཐིམ་འགྲོ་བར་ལུགས་འདིར་བཤད་པ་དང༌། ལུགས་གཞན་དུའང་དེ་དག་གིས་གཉིས་སྣང་བསྐྱེད་པའི་ཆ་ཤས་སྣང་གསུམ་གྱི་སྐབས་སུ་ཐིམ་དགོས་པར་འཆད་པ་དང་དོན་གཅིག་པས། ལུགས་གཉིས་མི་འགལ་བའི་ཚུལ་དེ་ལྟར་ཡིན་ནོ། །དེ་བཞིན་དུ་ལུགས་འདིར་ས་ཁམས་ཐིམ་པས་སྨིག་སྒྱུ། ཆུ་ཁམས་ཐིམ་པས་དུ་བ། མེ་ཁམས་ཐིམ་པས་མཁའ་སྣང༌། རླུང་ཁམས་ཐིམ་པས་མར་མེ། མཁའ་ཁམས་ཐིམ་པ་ལོགས་སུ་མི་བྱེད་པར་རྣམ་ཤེས་ཐིམ་རིམ་གྱི་སྐབས་ནམ་མཁའ་སྤྲིན་མེད་པའི་སྣང་བ་གཞིར་བཞག་པ་ལས་དཀར་དམར་ནག་གསུམ་འཆར་བར་བཞེད་དོ། །སྤྱོད་བསྡུས་ལས་རིམ་པ་བཞི་པའི་སྐབས་སུ། དང་པོ་ནི་སྨིག་སྒྱུ་ལྟ་བུ་སྟེ་འོད་ཟེར་ལྔ་དང་ལྡན་པའི་ཚོགས་མཐོང་ངོ༌། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུ། གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུ། བཞི་པ་ནི་སྣང་བ་ཐོབ་པ་སྟེ། མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་པ་སྟེ་ཞེས་རིམ་པ་ལྔ་གསུངས་པ་ལ། ཁ་ཅིག་ཕྱི་མ་བཞི་དུ་བ་སོགས་དང་སྦྱོར་བའི་རྣམ་གཞག་བྱེད་པ་ནི་མི་འཐད་ལ། དེས་ན་སྨིག་སྒྱུ་ལྟ་བུ་མཚོན་བྱེད་དེ། རགས་པ་རྣམས་ཐིམ་པའི་ཚེ་རྟགས་དང་པོ་བཞི་དང་རེ་རེ་ལ་ཡང་ནས་སེལ་ཕུང་ཁམས་ལྔ་ལྔ་ཐིམ་རིམ་ཡོད་པའི་ཕྱིར་འོད་ཟེར་ལྔ་དང་ལྡན་པར་མཐོང་


TNT05_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཞེས་པའོ། །རྒྱུད་དང་མན་ངག་ལུགས་གཞན་མང་པོ་ལྟར་ན། རྟགས་ལྔ་པ་ནམ་མཁའ་སྤྲིན་མེད་ཀྱི་རྟགས་ནི་ནམ་མཁའི་ཁམས་ཐིམ་པའི་སྐབས་ཡིན་ཞིང༌། རྣམ་ཤེས་ཀྱི་ཐིམ་རིམ་གྱི་སྐབས་དཀར་དམར་ནག་གསུམ། དཔལ་དུས་ཀྱི་འཁོར་ལོར་སྐབས་དེར་རྟགས་བཅུ་ཀར་ཡོད་པ་དང༌། འོད་གསལ་གྱི་སྐབས་སུ་རྣམ་པ་ཐམས་ཅད་པ་ཉིད་དུ་བཤད་དོ། །སྤྱིར་ནི་རྟགས་བཅུ་དང་གསུམ་ནི་རྒྱས་བསྡུས་ཀྱི་འཆད་ཚུལ་མ་གཏོགས་དོན་གཅིག་ཡིན་ལ། རྣམ་པ་ཐམས་ཅད་པ་ལ་ཞིབ་བཤད་མ་མཛད་མོད། ལུགས་འདིར་ཡང་འདོད་དགོས་པ་དཀར་དམར་ནག་གསུམ་ལ་མི་ཐེ་བའི་ནམ་མཁའི་རྟགས་ཙམ་ལུགས་འདིར་གསལ་བར་མ་གསུངས་ཀྱང་དོན་ལ་མི་འགལ་ཏེ། འོད་གསུམ་འཆར་བའི་གཞི་ཡིན་པའི་ཕྱིར་ཐོག་མར་ཡོང་བ་ལུགས་འདིར་ཡང་དོན་གྱིས་ཁས་ལེན་དགོས་ཤིང༌། རིམ་པ་ལོགས་པར་ནི་མི་འདྲེན་ནོ། །དེ་ལྟར་ན་སྣང་བ་གསུམ་དང༌། རང་བཞིན་རླུང་བཅས་དང༌། ཕྲ་རགས་ཐིམ་ཚུལ་འདི་རྣམས་ལ་ངེས་པ་མ་རྙེད་ན། ལུགས་འདིའི་རྫོགས་རིམ་གྱི་གོ་བའི་རྐང་སྟོར་འགྲོ་བར་སྣང་ཞིང༌། ཕྱོགས་འདིར་ཆོས་དྲུག་གི་མན་ངན་ཏུ་གྲགས་པ་ཐམས་ཅད་ཀྱང་འདི་ལ་བརྟེན་པ་ཡིན་པས་ཤིན་ཏུ་ཁྱབ་ཆེ་མོད། རྣམ་གཞག་ཞིབ་མོ་ནས་མ་གོ་ན་རགས་པ་ཙམ་དེས་ཕྱོགས་ཙམ་ཡང་མཚོན་མི་ཐུབ་པའི་དོན་ཚན་གྱི་རིགས་སུ་འདུག་པས་འདུས་ཤིང་ཞིབ་ལ་གསལ་བར་བཀོད་པ་ཡིན་ནོ། །ཚུལ་འདི་བར་དོ་ངོ་སྤྲོད་ཡིན་ཟེར་གྲོང་མི་ཀུན་གྱི་ཁ་ནའང་རྒྱུ། རྣམ་གཞག་ཇི་བཞིན་ངེས་ཤེས་རྙེད་པ་མཁས་པའི་ནང་ནའང་བརྒྱ་


TNT05_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགའ། རྒྱུད་གཞུང་མན་ངག་ཀུན་ནའང་བཤད་མོད་འཛུབ་བཙུགས་ངོ་སྤྲོད་སུ་ལ་ཡོད། བག་ཆགས་སད་དང་བྱིན་རླབས་སྟོབས་ལས་ཕྱོགས་ཙམ་གོ་བའང་སྲིད་དོ་སྙམ། ཞེས་པའང་སྨྲས་སོ། །རྣམ་གཞག་རིམ་པའི་ལུང་དྲངས་པ་དེར་རླུང་དལ་གྱི་འགྲོའོ་ཞེས་བྱ་བ་ནི། དབུགས་བརྩེགས་པ་དང་དྲིའི་ཡུལ་བྲོ་བར་མི་འགྱུར་ཞེས་པ་དྲི་མི་ཚོར་བའོ། །རང་གི་ལུས་ཀྱི་སྒྲ་ནི་རྣ་བའི་སྒྲའོ། །ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་ཞེས་པ་ནི། སྣང་བ་གསུམ་པོ་ཡིད་འཇམ་དཔལ་ཐིམ་པའི་ཡེ་ཤེས་སུ་བསྟན་པ་དང༌། རྡོ་རྗེ་འཕྲེང་བར་རང་བཞིན་གྱི་ཕུང་པོ་ཞེས་རྣམ་ཤེས་ཕུང་པོར་བཤད་པ་གཉིས་དོན་གཅིག་གོ །རིམ་པ་གཉིས་པ་ཞེས་པ་ནི་སེམས་དབེན་གྱི་རིམ་པའོ། །ཐབས་གང་གིས་ཤེ་ན། རིལ་འཛིན་དང་རྡོར་བཟླས་དང་རྗེས་གཞིག་གིས་བསྡུས་པའོ། །ཤུ་ནྱཱ་ཏའི་སྔགས་དོན་མངོན་སུམ་དུ་བྱེད་པ་ནི་རིགས་དྲུག་གི་ཡེ་ཤེས་དང༌། རྡོ་རྗེ་གསུམ་གྱི་ཡེ་ཤེས་དང༌། སྔགས་དང་ཕྱག་རྒྱའི་ངེས་དོན་སོགས་དུ་མ་ཞིག་བཤད་དེ། ཡི་གེ་མངས་པར་འགྱུར་བས་སྐབས་འདིར་མི་སྤྲོའོ། །གཉིས་པ་སྣང་བ་གསུམ་གྱི་ངོ་བོ་ངོས་གཟུང་བ་ནི། རང་རིག་ཙམ་གྱི་ཡེ་ཤེས་ནི། ནམ་མཁའ་ལྟ་བུར་མཚན་ཉིད་མེད། འོན་ཀྱང་དེ་ཡི་དབྱེ་ཡོད་དེ། མཚན་མོ་ཉིན་མོ་མཚམས་བདག་ཉིད། སྣང་དང་སྣང་བ་མཆེད་པ་དང༌། དེ་བཞིན་སྣང་བ་ཉེར་ཐོབ་པའོ། །ཞེས་པ་སྟེ། དེ་ལྟར་ན་དེ་ལྟ་བུའི་རགས་པ་ཉི་ཤུ་དང་ཕྲ་བ་སྣང་བ་གསུམ་གྱི་ཐིམ་ཚུལ་སྔོན་དུ་སོང་ནས། ད་ནི་སྣང་བ་གསུམ་ཉིད་བཤད་པར་


TNT05_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ་སྐབས་འདིའི་དོན་གྱི་གཙོ་བོ་ཡིན་ནོ། །ལམ་གྱི་ཡེ་ཤེས་གསུམ་པོ་འདིའི་ངོ་བོ་ཡང་རང་གིས་རིག་པ་ཙམ་གྱི་ཡེ་ཤེས་ཏེ། རེ་རེ་ཡང་རང་གི་ངོ་བོས་སྤྲོས་པ་མེད་པ་ནམ་མཁའ་ལྟ་བུ་ཡིན་པས་མཚན་ཉིད་ཀྱི་དབྱེ་བ་ཡོད་པ་མ་ཡིན་ནོ། །འོན་ཀྱང་རྣམ་པ་འཆར་ཚུལ་གྱི་སྒོ་ནས་དེའི་དབྱེ་བ་ཡོད་དེ། མཚན་མོའི་ནམ་མཁའ་ཟླ་འོད་ཅན་དང་མཚུངས་པའི་རྣམ་པ་ཅན་གྱི་སྣང་བ་དང་པོ་དང༌། ཉིན་མོའི་ནམ་མཁའ་དང་མཚུངས་པའི་རྣམ་པ་ཅན་གྱི་སྣང་བ་མཆེད་པ་དང༌། མཚམས་ཀྱི་མུན་པའི་བདག་ཉིད་དེ་དེ་དང་མཚུངས་པའི་རྣམ་པ་ཅན་གྱི་སྣང་བ་ཉེ་བར་ཐོབ་པ་ཡང་དེ་བཞིན་ནོ། །རྫོགས་རིམ་གྱི་ཏིང་ངེ་འཛིན་ཡང་དག་པར་སྐྱེད་པར་མི་ནུས་པའི་སྒྲུབ་པ་པོའི་དགའ་བ་གསུམ་གྱི་ཡེ་ཤེས་ཀྱང་སྣང་གསུམ་ཙམ་ནི་ཡིན་མོད། འཆད་པར་འགྱུར་བའི་མཚན་ཉིད་འདི་དག་རྫོགས་པ་མ་ཚང་ངོ༌། །མཚན་ཉིད་ནི་སྤྱོད་བསྡུས་སྒྲོན་མེ་ལས། དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པ་བཞིན་དུ། རང་བཞིན་གྱི་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ་ཞེས་གསུངས་པས། རྣམ་པ་མེད་པའི་རང་བཞིན་ཞེས་མདོར་བསྟན་ནས། ལུས་ངག་མེད་ཅེས་པས་རྒྱས་པར་བཤད་དེ། དབང་


TNT05_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ་དང་དབང་ཤེས་ལྔའི་རྣམ་པ་ནུབ་པ་ནི་ལུས་མེད་པ་ཡིན་ལ། ཇི་སྐད་དུ། སྤྱི་བརྗོད་དང་ཚུལ་ཅན་སྒྲ་དང༌། རྟོག་པའང་དེ་དང་དོན་གཅིག་ན། ཞེས་པ་ལྟར་སྒྲ་དང་རྟོག་པའི་རྣམ་པ་མི་འཆར་བ་ནི་ངག་མེད་པའོ། །དེ་དག་མེད་པས་ལུས་ངག་དེ་དག་གིས་ཁ་བསྒྱུར་པའི་ཡིད་ཀྱི་རྣམ་པ་ཡང་མེད་མོད། སྤྱིར་སེམས་ལ་སྣང་བ་མེད་པ་ནི་མ་ཡིན་ཏེ། ཤེས་པ་རང་བཞིན་གྱི་ཤིན་ཏུ་གསལ་བ་དེ་དངོས་པོ་མ་ལུས་པ་ལ་ཕྱོགས་རིས་སུ་མ་བཅད་པར་དམིགས་ཤིང་གསལ་སྣང་ཅན་དུ་ཡོད་པ་སྟེ། དེ་ཡང་རྐྱེན་སྣང་གི་གསལ་བ་ཙམ་མ་ཡིན་པར་ཤེས་པ་ཉིད་ཀྱི་རང་བབས་སོ། །དེ་ལ་འོད་གསལ་གྱི་སྣང་བའི་ཚུལ་གྱི་བརྟན་གཡོ་རྣམ་པ་སྣ་ཚོགས་དམིགས་པའི་ཕྱིར་རྣམ་པ་ཞེས་བྱའོ། དཔེར་ན་ནམ་མཁའ་ལ་སྤྲིན་ལ་སོགས་པས་སྟོངས་ཀྱང་ཟླ་འོད་ཀྱིས་ཁྱབ་ཏུ་རུང་བ་ལྟར་ལུས་ངག་གི་རྣམ་པ་མེད་ཀྱང་རང་བཞིན་གྱི་གསལ་སྣང་མེད་པ་མ་ཡིན་པའི། དེ་ཡང་ཆུང་བ་དང་བདེ་བའི་དོན་གྱིས་ཟླ་བ་དང་མཚུངས་པར་བསྟན་ནོ། །ཡང་དེ་སྐད་དུ། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། གཟུང་བ་དང་འཛིན་པ་དང་བྲལ་བའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན་ཞེས་གསུངས་ཏེ། གཟུང་འཛིན་དང་བྲལ་བ་ནི་སྣང་བ་དང་པོའི་དུས་ན་གཟུང་འཛིན་


TNT05_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྣང་བ་མངོན་པར་ཡོད་པ་ལ། འདིར་དེ་ཡང་གསལ་པོར་མི་མངོན་པས་ན་བྲལ་བ་ཞེས་དམན་པ་ལ་དགག་སྒྲའམ། གསལ་པོ་དང་བྲལ་ཞེས་པ་ཡིན་ཞིང༌། གསལ་སྣང་ཤིན་ཏུ་ཆེ་བ་དང༌། བདེ་གསལ་གྱི་ཉམས་བཟོད་པར་དཀའ་བས་རྩུབ་ཅིང་ཚ་བའི་རྣམ་པར་མཐུན་པས་ཉི་འོད་དཔེར་བྱས་ཏེ་མཚན་ཉིད་གཞན་སྣང་བ་དང་འདྲའོ། །ཡང་འདི་སྐད་དུ། སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ། ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ་སེམས་མེད་པ་མི་གཡོ་བ་ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི། སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་པར་ཤེས་པ་གསུམ་དུ་བཤད་དོ། །ཞེས་གསུངས་ཏེ། ནམ་མཁའི་མཚན་ཉིད་ནི་འདིར་གཙོ་ཆེར་བཤད་པ་མ་གཏོགས་སྣང་བ་གསུམ་ཀར་ཡིན་ནོ། དངོས་པོ་མེད་པའི་རང་བཞིན་ནི། སྣང་བ་སྔ་མ་གཉིས་ལ་གཟུགས་སྒྲ་སོགས་སྣང་བ་གཞན་མེད་ཀྱང་ཕྱོགས་བཅུ་མ་ལུས་པ་ལ་དམིགས་པའི་རྣམ་པ་གསལ་པོ་ཡོད་ལ། དེ་ཡང་སྐབས་འདིར་ནི་མེད་དོ། །འོན་ཀྱང་མུན་པས་ཁྱབ་པའི་ནམ་མཁའ་ལྟར་ཅི་ཡང་མ་ཡིན་པ་ལ་སྟོང་ཉམས་གསལ་བས་སྣང་བ་ཐོབ་པ་ཞེས་སྣང་བར་བཤད་པའོ། །སྟོང་པ་དེ་ཉིད་ཀུན་ལ་ཁྱབ་པ་དང༌། སྔ་མ་རྣམས་ལས་ཀྱང་ངོས་གཟུང་བར་དཀའ་བས་ཕྲ་བ། སྟོང་ཉམས་ཆེ་བས་བདག་མེད་པ།


TNT05_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྔ་མ་གཉིས་པོ་རྩ་རོ་རྐྱང་ལ་ཅུང་ཟད་བརྟེན་པས་རླུང་འགྲོ་འོང་གི་བྱ་བ་དང་འབྲེལ་ལ། འདིར་ནི་དབུ་མ་འབའ་ཞིག་ལ་བརྟེན་པས་ད་མེད་པའོ། །སྣ་སྒོའི་རླུང་འབྱུང་འཇུག་ཙམ་ནི་སྣང་བ་གསུམ་ཀར་ལ་འགགས་པ་ཡིན་མོད་ཀྱང༌། འདི་ལ་ལྷག་པར་འགགས་པས་སེམས་ཀྱི་དྲན་ཚོར་མེད་པ་དང༌། ལུས་ཀྱི་གཡོ་བ་མེད་པ་དང༌། གོང་མ་གཉིས་ཀྱི་སྐབས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ་རྫོགས་རིམ་གྱི་ཡེ་ཤེས་ཡིན་པ་དང༌། ཀུན་ཏུ་བཟང་པོ་དེ་བདེ་བ་ཆེན་པོར་བཤད་པ་བཞིན་དུ་འདིར་ཡང་ངོ། །མུན་ནག་ནི་ཤིན་ཏུ་སྟོང་ཤས་ཆེ་བས་རྣམ་རྟོག་དང་ཡུལ་སྣང་ནུབ་པའི་དཔེའོ། །འདིར་བསྟན་གྱི་སྣང་བ་གསུམ་སེམས་དབེན་གཙོ་བོ་ཡིན་ ཞིང༌། དེ་ལ་སྐད་ཅིག་པ་དང་སས་བསྡུས་པའི་སྣང་གསུམ་སོ་སོར་ཡོད་ཀྱང་རྣམ་པ་འཆར་ཚུལ་འདྲ་བས་མཚན་ཉིད་གཅིག་གིས་བསྟན་ལ། འདིར་གཟུང་འཛིན་མེད་པ་ཞེས་གསུངས་པ་ནི་མཉམ་བཞག་ཏུ་གཟུང་བའི་རྣམ་པ་ཆེ་འབྲིང་ཆུང་གསུམ་གསལ་པོ་དང་བྲལ་བ་སྟེ། འཛིན་པ་རང་ངོས་ཀྱི་རྣམ་པ་མ་ནུབ་ཀྱང་གཟུང་བ་དང་བྲལ་བ་ན་འཛིན་པའི་མཚན་ཉིད་དོར་བ་ཡིན་ཏེ། སྔོན་གླང་པོ་ཞོན་པའི་མི་ལ་གླང་པོ་པའི་མིང་དོན་གྲུབ་ཀྱང་ཕྱིས་དེ་གླང་པོ་ཆེ་དང་བྲལ་ན་མི་ཡོད་ཀྱང་གླང་པོ་པའི་མཚན་ཉིད་མེད་པ་བཞིན་ནོ། །ཡང་སྣང་བ་གསུམ་གྱི་མཚན་ཉིད་ནི། དཔལ་རྡོ་རྗེ་འཕྲེང་བའི་ལེའུ་ལྔ་བཅུ་ང་གཅིག་པ་ལས། མཚན་མོ་ཤེས་རབ་ཤེས་པར་བྱ། །འབྱུང་པོ་ཐམས་ཅད་ཐིམ་ནས་འགྲོ། །མཚན་མོའི་ཆ་ནི་ཟླ་བར་


TNT05_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཟླ་བ་མྱ་ངན་འདས་མཚན་ཉིད། །ཀུན་རྫོབ་དང་ནི་དོན་དམ་གྱི། །ཤེས་རབ་རྣམ་པ་གཉིས་ཤེས་བྱ། །ཀུན་རྫོབ་ཤེས་བྱར་ཤེས་པར་བྱ། །དོན་དམ་རེག་བྱ་རྣམ་པར་སྤངས། །རེག་བྱ་དང་བྲལ་དེ་བ་གང༌། ཞེས་སྣང་བའི་མཚན་ཉིད་གསུངས་ཏེ། དེ་ལ་མཚན་མོ་ནི་སྣང་པ་སྟེ། འབྱུང་པོ་རགས་པ་ཉེར་ལྔ་རང་བཞིན་བརྒྱད་ཅུ་དང་བཅས་པ་རྣམས་ཐིམ་ནས། ཟླ་བ་ནི་བདེ་བ་སྟེ་བདེ་བ་དེ་ཡང་མྱང་འདས་ཞེས་པ་སྟོང་པ་དང་གཉིས་སུ་མེད་པའོ། །དེ་ཉིད་ཀུན་རྫོབ་ནི་ཤེས་བྱ་སྟེ་གཟུགས་སྒྲའི་སྣང་བ་སོགས་རྟགས་སྣང་དུ་མ་དང་བཅས་པའོ། །དོན་དམ་ནི་ཐིག་ལེ་འཛག་པའི་རེགབྱ་རྣམ་པར་སྤངས་པ་སྟེ་མོ་འཕོ་བར་བརྟན་པའི་བདེ་བའོ། །ཡང་འདི་སྐད་ཅེས། ཉི་མ་ལས་ནི་ཟླ་བ་སྐྱེ། དེ་ལས་གཉིས་མེད་ངོ་བོར་བཤད། འབར་བའི་ཕྱིར་ནི་ཉི་མར་འགྱུར། ཞེས་སྣང་བའི་ཡེ་ཤེས་ཟླ་བ། དེ་ཉི་མ་ལས་སྐྱེ་བར་བཤད་པའི་ཉི་མ་ནི་གཏུམ་མོ་འབར་བ་སྟེ། དེས་ཐིག་ལེ་ཞུ་བའི་བདེ་བ་དང་པོ་སྣང་བ་ཡིན་པས་སྣང་བའི་རྒྱུ་ནི་གཏུམ་མོ་འབར་པའོ། །ཡང་ལེའུ་ང་གཉིས་པ་ལས་འདི་སྐད་ཅེས། སྣང་བ་མཆེད་པའི་མཚན་ཉིད་ནི། །གསལ་བྱེད་སུམ་ཅུ་རྩ་གསུམ་ལྡན། །ཀཱ་ལའི་དཀྱིལ་འཁོར་རྒྱས་པའོ། །སྣང་བ་མཆེད་པའི་གོ་འཕང་ནི། །སྣང་བ་ལས་བྱུང་ཟད་པ་མེད། །དབྱངས་ནི་བཅུ་དྲུག་དང་ལྡན་པའོ། །ཨཱ་ལིའི་དཀྱིལ་འཁོར་རྒྱས་པའོ། །དེ་གཉིས་གསང་བའི་སྦྱོར་བ་ལས། །དབུས་སུ་སྦྱོར་བའི་བདེ་བ་ཆེ། །ཞེས་པ་ནི་མཆེད་པའི་མཚན་ཉིད་གསལ་བར་བསྟན་


TNT05_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་ལ་སྣང་བ་མཆེད་པ་འཆར་བའི་གཞི་ནི་མགྲིན་པ་དང༌། གསང་བའི་སྐེད་པའི་འཁོར་ལོ་ཁམས་དམར་པོས་དབང་བྱས་པ་དེ་ན་གསལ་བྱེད་ཀྱི་ཡི་གེ་འབྱུང་བར་འགྱུར་བའི་རྩ་ཡིག་ཡོད་པ་དེ་རྣམས་ལ་བརྟེན་ནས་འབྱུང་བས། ཚ་བའི་སྣང་བ་དང༌། རྩུབ་པའི་སྣང་བ་དང༌། ཆགས་པའི་གདུང་བ་དང༌། དམར་ལམ་པ་སོགས་འཆར་བའི་རྒྱུ་མཚན་དེ་ཡིན་ལ། སྣང་བ་མཆེད་པའི་གོ་འཕང་གི་དོན་རྐྱེན་སྤྱི་བོའི་འཁོར་ལོ་དང་གསང་གནས་ཀྱི་རྩ་བའི་འཁོར་ལོའི་ཨཱ་ལི་བཅུ་དྲུག་གི་ནུས་པ་ཅན་ཐིག་ལེ་དཀར་པོ་སྣང་བ་དང་པོའི་ནུས་མཐུ་ཅན་རྣམས་མགྲིན་པ་དང་གསང་བའི་འཁོར་ལོ་བར་པར་ཐིམ་པས། ལུས་ཀྱི་དབུས་སུ་ཁམས་དཀར་དམར་སྦྱོར་བའི་གསང་སྦྱོར་ལས་སྐྱེས་པའི་བདེ་བ་ཆེན་པོའོ། །སྣང་བ་ལས་མཆེད་པ་འབྱུང་བའི་དོན་དེ་ཡིན་ཞིང༌། ཨཱ་ལི་ཀཱ་ལི་འཛོམ་པའི་རྟེན་འབྲེལ་གྱི་སྒྲ་གྲག་སྟོང་དུ་རྟོགས་ཤིང༌། ངག་ཚིག་གི་ཆོས་ཟད་པ་མེད་པ་དང་རྟགས་སྣང་ཟད་མེད་འབྱུང་ངོ༌། ། ཡང་ལེའུ་ང་གསུམ་པ་ལས། མཚམས་ཀྱི་མཚན་ཉིད་བླ་ན་མེད། །སྣང་དང་མི་སྣང་བྲལ་བའི་མཚམས། །ཤེས་རབ་རྡོ་རྗེ་ལས་བྱུང་བ། །གཉིས་མེད་འདྲེས་པའི་དབུས་ན་གནས། ཞེས་པ་དང༌། རྡོ་རྗེ་པདྨ་འཆི་མེད་སྐྱེད། །ཟླ་བ་ཉི་མ་ཡང་དག་འདྲེས། །དགའ་བྲལ་ལ་སོགས་རྣམ་པར་སྤངས། །མདུད་པའི་རྩེར་གནས་མཆོག་ཏུ་ཞི། །ཙ་ན་ཀ་ཡི་ཚིག་གུ་ཙམ། །མཚན་མོའི་བདག་པོ་དེ་ཤར་རོ། ཞེས་དང༌། ལ་ལར་ཐོག་མ་ལ་སོགས་སྤངས། །ལ་


TNT05_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལར་དེ་ཡང་དམིགས་སུ་མེད། ། གང་ཕྱིར་རང་གི་བདག་ཉིད་ཅན། །དེ་ཕྱིར་བརྗོད་དུ་མེད་པའོ། །ཞེས་འབྱུང་བ་རྣམས་ནི། སྣང་བ་ཐོབ་པའི་མཚན་ཉིད་གསལ་བར་སྟོན་པ་སྟེ། རིག་པའི་སྣང་བ་ཤིན་ཏུ་གསལ་བའི་ཕྱིར་མི་སྣང་བ་དང་བྲལ་ལ། ཕྱིར་རོལ་གྱི་སྣང་བ་དང་རྣམ་རྟོག་ཤིན་ཏུ་ནུབ་པའི་ཕྱིར་སྣང་བ་དང་བྲལ་བས། ཉིན་མཚན་མཚམས་ཀྱི་མུན་པ་དང་འདྲ་བ། ཤེས་རབ་སྟེ་མགྲིན་པའི་ཁམས་དམར་པོས་དབང་བྱས་པའི་ཐིག་ལེ་དེ། རྡོ་རྗེ་སྟེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་འདྲེས་པ་ལས་བྱུང་བའམ། རྡོ་རྗེ་ནོར་བུའི་དབུས་སུ་ཐབས་ཤེས་ཀྱི་རྩ་ཁ་སྦྱོར་དུ་ཡོད་པ་དེར་ཟླ་ཉི་འཆི་མེད་ཏེ་ཐིག་ལེ་དཀར་དམར་གཉིས་མདངས་འོད་ཁ་སྦྱོར་དུ་གྱུར་པ་ལས་སྐྱེས་པའི་བདེ་ཉམས་འཐུག་པོ་མི་རྟོག་པ་ནི་ཐོབ་པ་སྐད་ཅིག་མ་གསུང་པ་ཡིན་ལ། དགའ་བྲལ་ལ་སོགས་ཏེ་དགའ་བ་གསུམ་པོ་རྣམ་པར་སྤང་བ་དང༌། འཁོར་ལོ་གོང་མ་གསུམ་གྱི་དངས་མ་ཞུ་བ་ལྟེ་བ་སྤྲུལ་འཁོར་གྱི་མདུད་པའི་རྩེར་གནས་པའམ། ནོར་བུའི་རྩེ་མོ་རྡོ་རྗེའི་རྩེའི་ནང་དུ་ཕྱིན་ནས་ཤེས་རབ་ཀྱི་དངས་མ་ཚུར་དབང་དུ་འདུས་ནས་རང་གནས་སུ་འཆིང་ཐུབ་སྟེ་འགྲིལ་བ་ནི་ལྟེ་བའམ་གསང་བར་ཙ་ན་ཀ་སྲན་ཆུང་གི་འབྲུ་གུ་ལྟར་གནས་པ་རྣམ་རྟོག་ཐམས་ཅད་མཆོག་ཏུ་ཞི་བ་ནི་ཉེར་ཐོབ་སྐད་ཅིག་མ་བཞི་པ་ཡིན་ལ། ལ་ལར་ཐོག་མ་ལ་སོགས་སྤངས་པ་ནི། ཉེར་ཐོབ་གསུམ་པའི་གནས་སྐབས་སུ་སྐྱེ་འགག་གནས་གསུམ་གྱི་རྣམ་རྟོག་འགགས་པ་ཡིན་ལ། དེ་ཡང་དམིགས་སུ་མེད་པ་ནི་བཞི་པའི་གནས་སྐབས་སུ་རྣམ་རྟོག་ཅི་


TNT05_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་མོད་ཀྱི། རང་རིག་རྣམ་པ་ཐམས་ཅད་པར་ཤར་བའི་ཕྱིར་སྣང་བ་དང་རྟོག་པ་ཡོད་མེད་གཉིས་ཀར་དུ་མི་བརྗོད་པའི་དོན་ཡིན་ནོ། །ཡང་འདི་སྐད་ཅེས། གང་ཕྱིར་སྟེང་གི་གོ་འཕང་གནས། །ལ་ལ་ཐིག་ལེའི་རང་ངོ་བོར། །རྣམ་པ་བཞི་ཡིས་ཡང་དག་གནས། ཞེས་པ་ནི་སྣང་གསུམ་ལུགས་ཟློག་སྟེ་མས་བརྟན་གྱི་དགའ་བ་ལ་སྔར་ལྟེ་སྙིང་ཁ་སྦྱོར་དུ་ཡོད་པའི་དུས་འོད་གསལ་ཡིན་ལ། དེ་ལ་ཡང་ཡས་བབས་དང་ཡས་འགྲོའི་ཆ་གཉིས་པར་མཆོད་པར་འབྲེལ་ནས་ཡོད་པ་ལས་ཡས་འགྲོའི་ཆ་འོད་གསལ་དང༌། ནུས་པ་སྙིང་གར་འགྲིལ་བ་ན་ཐོབ་པ་དང༌། མགྲིན་པར་མཆེད་པ་དང༌། སྤྱི་བོར་སྣང་བ་སྐྱེའོ། །དེ་བཞིན་དུ་རྡོ་རྗེའི་རྩེ་མོར་ཙ་ན་ཀའི་འབྲུ་ཚད་དུ་གྱུར་མ་ཐག་པ་དེ་ཡས་བབས་ཀྱི་འཕྲོས་ཡིན་ནའང། དེ་ལྟར་འགྲིལ་བའི་ཤུགས་ཀྱིས་གྱེན་དུ་འགྲོ་ཚད་པ་ལ་ད་ལྟ་མ་སོང་བ་ནི་འོད་གསལ་ཡིན་ལ། དེས་ནས་ནོར་བུའི་འཁོར་ལོར་ཕྱིན་པ་ནི་ཐོབ་པ་དང༌། དེ་ན་རྡོ་རྗེའི་མགུལ་བ་སྟེ་སྐེད་པར་ཕྱིན་པ་ནི་མཆེད་པ་དང༌། དེ་ནས་གསང་བའི་འཁོར་ལོ་ཕྱིན་ཞིང་ཀུན་ལ་ཁྱབ་པ་ནི་སྣང་བའོ། སྤྱིར་རང་ལུས་ཐབས་ལྡན་ལ་སྔ་མ་དང༌། གཞན་ལུས་ཤེས་རབ་ལ་ཕྱི་མ་སྦྱོར་ཡང་བཞི་ཚན་གཉིས་པོ་འགྲོས་གཅིག་པས་གཉིས་ཀ་ལ་གཉིས་ཀ་སྦྱོར་དགོས་ཤིང༌། ཞུ་བའི་ཐོག་མ་རྣམས་བདེ་སྐྱོང་གི་འཁོར་ལོར་སླེབ་པ་ན་སྤྱི་བོ་ནས་འབབ་པའི་ཐ་མར་འགྱུར་ཞིང༌། ཐོག་མར་ཞུ་བ་གསང་བའི་རྩེ་མོར་བརྟན་པ་ན་སྙིང་གའི་ཞུ་བདེ་ལྟེ་བར་རྫོགས་པ་དུས་མཉམ་པ་ཡིན་པས་སོ། དགའ་བ་


TNT05_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང༌། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང༌། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། ཞེས་མས་བརྟན་བཞི་དང༌། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང༌། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །ཞེས་ཡས་བབས་ཀྱི་དགའ་བ་དང༌། དགའ་བ་དེ་རྣམས་ཀྱི་སྐད་ཅིག་མའི་རབ་ཏུ་དབྱེ་བ་ཡང་འཁོར་ལོ་བཞི་ལ་སྦྱོར་བ་དང་མི་སྦྱོར་བ་སྡེ་ཚན་གཉིས་ཀ་མ་རྒྱུད་ནས་གསུངས་པ་དང་ཁྱད་པར་མེད་ལ། ཡེ་ཤེས་བཞི་དང་སྟོང་པ་བཞི། སྐད་ཅིག་མ་ནི་བཞི་ལས་རྟོགས། ཞེས་དགའ་བཞི་སྣང་བཞི་ངོ་བོ་གཅིག་ཅིང༌། དེ་ཉིད་སྐད་ཅིག་མ་བཞི་ལས་རྟོགས་དགོས་པར་བཤད་པ་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། ཁྱད་དགའ་ཉེ་བར་ཐོབ་པར་ཤེས། ། ལྷན་ཅིག་སྐྱེས་དེ་འོད་གསལ་བའོ། །ཞེས་འབྱུང་བས། ཁ་ཅིག་ཡས་བབས་མས་བརྟན་གྱི་དགའ་བཞི་དང། སྣང་བ་བཞི་ལ་སྤྱིར་མཚན་ཉིད་མི་འདྲ་བའི་ཁྱད་པར་ཆེ་ཞིང༌། སྒོས་སུ་བཟང་ངན་དང་ཟབ་མི་ཟབ་ཀྱི་ཁྱད་པར་ཡང་ཤིན་ཏུ་ཆེའོ། །ཞེས་སྨྲ་བ་ནི་སྙིང་པོས་དབེན་ལ། ཁྱད་པར་དུ་རྡོ་རྗེ་འཕྲེང་བ་ལས་སྣང་བ་གསུམ་གྱི་མཚན་ཉིད་གསལ་ལ་རྒྱས་པར་བཤད་པ་འདི་མ་གོ་བ་ལ་ཐུག་ཅིང༌། དེའི་ཕྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྣང་བ་གསུམ་གྱི་མཚན་ཉིད་ཟུར་


TNT05_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གསལ་བ་འདི་མ་གཏོགས། རྩ་བཤད་ཀྱི་གཞུང་གང་ནས་ཀྱང་སྣང་གསུམ་གྱི་མཚན་ཉིད་གསལ་པོ་མ་བཤད་དོ། །ཞེས་ཀྱང་སྨྲས་ཏེ་གནད་དོན་ལས་ཕྱིར་ཕྱོགས་པའོ། །ཡང་འགོས་ཀྱི་རྗེས་འབྲང་རྣམས་སེམས་རྣམ་པར་དབེན་པའི་སྣང་བ་གསུམ་གྱིས་སེམས་ཀུན་རྫོབ་ཀྱི་གནས་ཚུལ་རྟོགས་མོད། དོན་དམ་མ་རྟོགས་སོ་གསུང་ལ། མཁས་པ་ཁ་ཅིག་སྤྱོད་བསྡུས་ལས། སེམས་དབེན་གྱི་འགོར་སེམས་ཀྱི་རང་བཞིན་རྟོགས་དགོས་པ་མདོ་རྒྱུད་ཀྱི་ལུང་གིས་བསྒྲུབས་པ་དང༌། སྣང་བ་གསུམ་པོ་ལ་དོན་དམ་བྱམས་སེམས་ཀྱི་མིང་བཏགས་པས་སྣང་བ་གསུམ་པོ་འདིས་དོན་དམ་གྱི་གནས་ལུགས་རྟོགས་པ་ཡིན་དགོས་ཤིང༌། རྟོགས་ན་མངོན་སུམ་གྱི་རྟོགས་པས་མ་ཁྱབ་པས་འཕགས་ལམ་དུ་ཐལ་བའི་སྐྱོན་མེད་དོ་ཞེས་འཆད་དོ། །སེམས་དབེན་གྱི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དེ། གོ་རིམ་ངེས་པ་བསྒྲུབ་པའི་སྐབས་སུ་སྤྱོད་བསྡུས་ལས། རང་བཞིན་དག་སྣང་བ་ལ་རླུང་གི་བཞོན་པའི་རབ་དབྱེ་ཇི་ལྟ་བ་བཞིན་ཤེས་པ་ལ་བཤད་ཅིང༌། ལུང་གིས་བསྒྲུབས་པ་རྣམས་ཀྱང་རྣམ་ཤེས་དག་པས་ཉོན་མོངས་མངོན་འགྱུར་བས་བསྒྱུར་མི་ཐུབ་པའི་ལུང་དུ་སྣང་བ་དང༌། ཡང་རང་གི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་ཞེས་གསུངས་པ་དང༌། སྣང་བའི་མཚན་ཉིད་དང་མཆེད་པའི་མཚན་ཉིད་ཀྱི་སྐབས་སུ། སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ། །སེམས་ལས་བྱུང་བ་ཀུན་རྫོབ་ཀྱི་གཟུགས་སོ། །ཞེས་འབྱུང་བ་ དང༌། སྤྱིར་ཡང་རྣམ་ཤེས་གསུམ་ཞེས་རྣམ་ཤེས་ཀྱི་མིང་གིས་ཡང་ཡང་བསྟན་པ་དང༌།


TNT05_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འདི་ཉིད་ལས་ཀྱང༌། ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། ཞེས་འབྱུང་བས། གནས་ལུགས་ཀུན་རྫོབ་རྟོགས་པ་ནི་ངེས་པར་ཡིན་པས་ལུགས་དེ་དགག་མི་དགོས་ལ། ཀུན་རྫོབ་མངོན་སུམ་གྱིས་རྟོགས་པ་དང༌། དོན་དམ་མྱོང་རིག་ཙམ་གྱི་ཚུལ་གྱིས་རྟོགས་པ་གཉིས་ཤེས་པ་གཅིག་ལ་ཚང་བ་ལ་ཡང་འགལ་བ་ཅུང་ཟད་མེད་པས། དོན་དམ་བྱང་སེམས་དང་འདྲ་བས་དོན་དམ་བྱང་སེམས་ཀྱི་མིང་བཏགས་པ་དང་ཀུན་རྫོབ་ཏུ་གསལ་བ་དང་བདེ་བའི་མཚན་ཉིད་དུ་མྱོང་བ་གཉིས་ཀ་ཡིན་པར་བྱེད་དགོས་པ་ལས། ཀུན་རྫོབ་ཀྱི་རང་བཞིན་རྟོག་མེད་ཀྱི་ཤེས་པས་མངོན་སུམ་ཉིད་དུ་གསལ་བར་མཐོང་ལ། དེ་དང་བསྐྲུན་ན་དོན་དམ་གྱི་ཆ་མི་གསལ་བས་ཀུན་རྫོབ་མཐོང་ཚུལ་ལ་གཙོ་བོར་འཇོག་པ་ཉིད་ལེགས་སོ། །ཡང་ཀུན་རྫོབ་ཀྱི་གཟུགས་གསལ་བ་ཞེས་པ་མོས་པ་དམན་པའི་སེམས་ཅན་ལ་ཀུན་རྫོབ་གསལ་བ་ཟླ་བ་སོགས་སུ་བསྟན་ཟེར་བ་མ་ཡིན་ཏེ། ཀུན་རྫོབ་གསལ་བའི་སེམས་འདི་མོས་པ་དམན་པའི་སེམས་ཅན་ལ་ཟླ་བ་སོགས་ཀྱི་བརྡས་བསྟན་ཞེས་པ་ཡིན་གྱི། གཞན་དུ་ན་བུད་མེད་དང་གཡོན་པ་དང་མཚན་མོ་ལ་སོགས་པ་དེ་དག་ཀྱང་གསལ་བའི་ཤེས་པའོ་ཞེས་འབྲེལ་མེད་དུ་སྨྲ་དགོས་པར་འགྱུར་རོ། །གཞན་ཡང་སྣང་བ་གསུམ་པོ་དེས་ཀུན་རྫོབ་གནས་ལུགས་རྣམ་ཤེས་ཀྱི་རང་བཞིན་གསལ་བ་ཙམ་དེ། ཡེ་ནས་ཡུལ་དུ་མ་བྱས་པས་མ་མཐོང་བ་ཡིན་ནམ། ཡུལ་དུ་བྱས་ཀྱང་སྣང་བ་ཕྱིན་ཅི་ལོག་སྟེ་མ་མཐོང་བ་ཡིན། གཉིས་ཀ་ལྟར་ཡང་དོན་དམ་མཐོང་བ་ཡིན་


TNT05_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགལ་ཏེ། ཕྱིན་ཅི་ལོག་གི་བློ་ནི་དོན་དམ་མཐོང་བའི་འགལ་ཟླ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་དམིགས་ཡུལ་དུ་མ་བྱས་ན་དེའི་རང་བཞིན་ཡང་མི་ཤེས་པའི་ཕྱིར་རོ། །གསུམ་པ་ལམ་གྱི་སྣང་གསུམ་སྒྲུབ་པའི་ཐབས་བསྟན་པ་ནི། སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ལས་བྱུང་ནས་ ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་ཞིང༌། ། རླུང་གི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་པར་འཇུག།རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་ན། །སྣང་བ་མི་གཡོ་བར་གྱུར་པའོ། །སྣང་བ་གཉིས་ནི་རྒྱུར་གྱུར་པ། །བདག་གིས་དངོས་པོ་རྣམ་པར་བརྟགས། །ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉིས་ཀ་ཡན་ལག་ཉིད་དུ་འགྱུར། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། ། གསལ་བར་འདི་ལས་མཚོན་པར་འགྱུར། །འདོདཆགས་ཉིད་དང་ཆགས་བྲལ་དང༌། །དེ་ཡི་བར་ཏེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་བས། །མཉམ་པར་སྦྱོར་བར་བཤད་པ་ཡིན། །ཡེ་ཤེས་གཉིས་ཀྱི་མཉམ་སྦྱོར་དང༌། །ཇི་སྐད་བཤད་པའི་བྱ་བ་ཡིས། །འབད་པས་ཡེ་ཤེས་གང་ཐོབ་པ། །དེ་ནི་སྣང་


TNT05_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ་པའོ། །གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང༌། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །དབྱེ་བ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཞེས་པ་སྟེ། དེ་ལྟར་ན་སྣང་བ་གསུམ་མམ་སེམས་རྣམ་པ་གསུམ་པོའི་རང་བཞིན་དག་བཤད་ནས། ད་ནི་རྟོག་མེད་ཀུན་ཏུ་སྣང་བ་དེའི་སྒྲུབ་པའམ་ཐོབ་བྱེད་ཀྱི་ཐབས་བརྗོད་པར་བྱའོ། །དེ་ཡང་གཞི་དུས་སུ་རླུང་རྣམས་ཕྲ་བའི་གཟུགས་ཏེ་ཕྲ་བའི་རང་བཞིན་གྱི་རླུང་རྣམས་ཕྲ་བ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་དང་ཡང་དག་པ་དབྱེར་མེད་དུ་འདྲེས་ནས། དབང་པོ་ལྔའི་ལམ་བྱུང་ནས་ནི་གཟུགས་སོགས་ཡུལ་ལྔ་ལ་དམིགས་པ་སྟེ། གཟུགས་སོགས་ཀྱི་རྣམ་པ་མཐོང་ཞིང་ལྟ་བར་བྱེད་དོ། །ཞེས་པ་སྟེ། ཡན་ལག་གི་རླུང་ལྔས་དེ་མ་ཐག་པའི་ཤེས་པ་ལྔ་མ་བསླང་བ་ལས་སྐད་ཅིག་གཉིས་པར་སླེབ་པ་ན་ཤེས་པ་སྐད་ཅིག་གཉིས་པ་དེ་རླུང་སྐད་ཅིག་གཉིས་པ་ལ་རྟ་བྱས་ཏེ། གཟུགས་སོགས་ཕྱི་རོལ་དུ་དམིགས་པ་ཡིན་ནོ། །གང་གི་ཚེ་གཉིད་སད་པའི་དུས་ཀྱི་ལུགས་ཟློག་གམ་ཡུལ་གྱི་སྣང་བ་ཐམས་ཅད་ལ་འཇུག་པའི་སྣང་བ་གསུམ་དང་ལྡན་པ་སྟེ་སྣང་བ་གསུམ་ཤར་བར་གྱུར་ཞིང་དེ་ཉིད་རླུང་གི་བཞོན་པས་གཡོས་པར་གྱུར་པ་དེའི་ཚེ། རང་བཞིན་གྱི་རྣམ་རྟོག་དེ་དག་ཀུན་གང་མཐུན་པའི་ཡུལ་དང་འཕྲད་ཚད་དུ་མ་ལུས་ཤིང་ལུས་པ་མེད་པར་འཇུག་ཅེས་ཏེ། ཡུལ་དང་འཕྲད་ན་ཐམས་ཅད་འབྱུང་དུ་རུང་ངོ་


TNT05_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ནོ། །དེ་དག་གིས་ནི་ཡུལ་སྣང་འཆར་བའི་རྒྱུ་དང་རྣམ་རྟོག་འཆར་བའི་རྒྱུ་བསྟན་ནོ། །ཕྱི་མའི་རྒྱུ་མཚན་དུ་རྣམ་རྟོག་གི་བཞོན་པའི་རླུང་དེ་རྣམས་ཉིད་སེམས་ཀྱི་གཡོ་བས་བསྐྱོད་ནས་རླུང་གང་དང་གང་ཞིག་རྩ་གནས་གང་དང་གང་དུ་གནས་ཤིང་མ་ཐིམ་པ་ན་རང་བཞིན་གྱི་རྣམ་རྟོག་དེ་དང་དེ་འབྱུང་བར་འགྱུར་ལ། ཇི་སྲིད་དུ་བཞོན་པར་གྱུར་པའི་རླུང་དེ་དང་དེ་འགགས་ཏེ་མི་རྒྱུ་ན་རྣམ་རྟོག་རྣམས་གཡོ་བར་མི་འགྱུར་པས་རྟོག་མེད་ཀྱི་སྣང་བ་གསུམ་ལ་མི་གཡོ་ཞིང་གནས་པར་འགྱུར་རོ། །འདི་གོང་མ་རྣམས་རྣམ་རྟོག་མི་འདྲ་བ་འབྱུང་བའི་རྒྱུར་འཆད་ནའང༌། མ་ལུས་ལུས་པ་མེད་པར་འཇུག་ཅེས་པས། དུས་ཁྱད་པར་ཅན་དུ་འཇུག་པའི་སྣང་བ་གསུམ་ལས་ལངས་ཕྱིན་ཆད་དུ་རླུང་དེ་དག་ཐམས་ཅད་ཡོད་ཅིང༌། རྣམ་རྟོག་གི་ས་བོན་ཐམས་ཅད་ཀྱང་ཅུང་ཟད་རེ་གསོས་མོད་ཀྱི། དབང་པོའི་ལམ་ནས་ཡུལ་ལ་དམིགས་པའི་རྐྱེན་དང་མཐུན་པར་དེ་དང་དེ་འབྱུང་བར་བཤད་ཟིན་ལྟར་ཡིན་པས་རླུང་སོ་སོ་ཡོད་མེད་ལས་རྣམ་རྟོག་དེ་དང་དེ་དངོས་སུ་འབྱུང་མི་འབྱུང་མིན་ནོ། །དེས་ན་འདི་ནི་རྣམ་རྟོག་ཐིམ་པའི་རྗེས་ནས་སྣང་བ་གསུམ་སྐྱེ་མི་སྐྱེའི་རྒྱུ་མཚན་བཤད་པའོ། །དངོས་པོའི་མཚན་ཉིད་ཀྱི་བབས་ལ་དེ་ལྟར་ཡོད་པས། ལམ་བསྒོམ་པའི་སྐབས་སུ་ཡང་སེམས་དབེན་གྱིས་དང་པོ་གཉིས་ནི། རྣམ་རྟོག་ཚན་པ་དང་པོ་གཉིས་རིམ་གྱིས་འགགས་པ་སྟེ། རྣམ་རྟོག་རགས་པ་སྤངས་བ་ལས་འབྱུང་བའི་ཕྱིར་སྣང་བ་དང་པོའི་ས་དང༌། སྣང་བ་མཆེད་པའི་ས་སྟེ་གཉིས་ཀྱི་


TNT05_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གྱུར་པའི་སྒོམ་པ་ཉམས་ལེན་ནི། བདག་གི་དངོས་པོ་སྟེ་རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་ཁོ་ནས་ཀྱང་འགྲུབ་པར་རྣམ་པར་བརྟགས་ཏེ་ངེས་ལ། ཇི་ལྟར་སྣང་བ་ཐོབ་པ་ནི་རྣམ་རྟོག་གི་སྡེ་ཚན་ཐ་མ་ཡང་སྤངས་ཤིང༌། ཁྱད་པར་ཉེར་ཐོབ་བཞི་པ་ཐམས་ཅད་སྟོང་པ་རྗེས་མཐུན་པ་དེ་ནི་རང་དུས་ན་རྣམ་རྟོག་ཐམས་ཅད་རྩད་ནས་འགགས་པ་ཡིན་པ་ལྟར། དེའི་རྒྱུ་ཡང་རང་བཞིན་གྱི་རླུང་ཕྲ་མོ་ཐམས་ཅད་ཀྱང་དབུ་མར་བསྡུས་ཤིང་ཐིམ་དགོས་པའི་ཕྱིར། རང་ལུས་ཐབས་ལྡན་ཁོ་ནས་མི་འགྲུབ་སྟེ། རང་ལུས་ཐབས་ལྡན་དང་གཞན་ལུས་ལས་ཀྱི་ཕྱག་རྒྱ་གཉིས་ཀ་དེའི་རྒྱུའི་ཡན་ལག་ཉིད་དུ་འགྱུར་བ་སྟེ་དགོས་པའོ། །གཞུང་འདིའི་དོན་ལ་སྔ་མ་འགའ་ཞིག་སྣང་བ་ཐོབ་པ་ལས་ལུགས་ཟློག་སྐྱེ་བ་ལྟར། སྣང་མཆེད་གཉིས་ལས་ལུགས་འབྱུང་སྐྱེའོ་ཞེས་འཆད་པ་ནི་གཞུང་འདིའི་ཚིག་དོན་མིན་ཞིང༌། གོང་འོག་གི་ཚིག་དོན་ཀུན་དང་ཡང་མ་འབྲེལ་བར་འགྱུར་རོ། །དེས་ན་སྣང་བ་ཐོབ་པའི་ས་ནང་ཚན་རིམ་པ་གཉིས་པོ་ལས་ཀྱི་ཕྱག་རྒྱ་ལ་ངེས་པར་བལྟོས་ཏེ། ཡང་སྒྱུ་མ་ལྟ་བུ་དམིགས་པ་དང་བསམ་གཏན་ལ་སོགས་པའི་འཕྲུལ་ལས་ཡེ་ཤེས་སྐྱེ་བར་འགྱུར་བའི་ཐབས་དག་ནི་ཐམས་ཅད་ལས་ཏེ་ཐམས་ཅད་ཀྱི་ནང་ནས་བུད་མེད་ཏེ། ལས་ཀྱི་ཕྱག་རྒྱའི་སྒྱུ་མའི་འཕྲུལ་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཡེ་ཤེས་སྣང་བ་གསུམ་གྱི་དབྱེ་བ་ཤིན་ཏུ་གསལ་བ་མཐར་ཐུག་པ་ནི། གསལ་བར་ལས་རྒྱ་འདི་ལས་མཚོན་པར་འགྱུར་གྱི་


TNT05_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ཡིན་ནོ། །སྣང་བའི་ཡེ་ཤེས་འདོད་ཆགས་ཉིད་དང་ནི། མཆེད་པའི་ཡེ་ཤེས་ཆགས་བྲལ་ཉིད་དང༌། ཐོབ་པའི་ཡེ་ཤེས་དེའི་བར་ཏེ་ཆ་མཉམ་པ་གསུམ་པོ་དེ་ནི་རྡོ་རྗེ་དང་པདྨའི་དབང་པོ་གཉིས་མཉམ་པར་སྦྱོར་ཞིང་འདུས་པ་ལས་འབྱུང་ངོ༌། །འདི་ནི་གོང་དུ་རིམ་ལྔ་དང་སྤྱོད་བསྡུས་ལས་བཤད་པའི་སྣང་གསུམ་གྱི་མཚན་ཉིད་དེ་ཙམ་ཞིག་འབྱུང་པ་ལ་ལས་རྒྱ་ལ་ལྟོས་པའི་ངེས་པ་མེད་ཀྱང་དེ་དག་གི་མཚན་ཉིད་མཐར་ཐུག་པ་འཆར་པ་ལ་ལས་རྒྱ་དགོས་པ་དང༌། གཙོ་བོར་འདོད་ཆགས་དང་ཆགས་བྲལ་ལ་སོགས་པ་བདེ་བའི་མིང་གི་ལྡོག་པ་ནས་སྨོས་པས། སྣང་བ་གསུམ་པོ་དེ་སྤྱིར་ནས་ཀྱང་བདེ་པ་ཙམ་དང༌། སྒོས་སུ་རླུང་དབུ་མར་ཞུགས་པ་ལས་བྱུང་བའི་ཞུ་བདེའི་རྣམ་པ་ཙམ་དུ་ཡོད་མོད་ཀྱང༌། དེ་གསུམ་ལ་འདོད་ཆགས་ཆགས་བྲལ་བར་མ་གསུམ་གྱི་མཚན་ཉིད་རྫོགས་པར་སྐྱེད་པ་ལ་ངེས་པར་ལས་རྒྱ་དགོས་པའོ། །དེའི་རྒྱུ་མཚན་རང་ལུས་ཐབས་ལྡན་གྱི་ནུས་པ་ཐམས་ཅད་མཐར་ཕྱིན་ཡང༌། ད་དུང་རྩ་རླུང་ཐིག་ལེ་ཕྲ་མོ་རྣམས་མ་འཁུལ་བར་ཡོད་པ་དེ། ལས་ཀྱི་ཕྱག་རྒྱའི་སྦྱོར་བས་རྩ་དེ་རྣམས་ཁ་བྱེ་ཐིག་ལེ་དེ་རྣམས་བཞུ་བས་དེར་གནས་ཀྱི་རླུང་ཐམས་ཅད་དྲངས་ཏེ་ཐིམ་པར་འགྱུར་བས་སོ། །དེ་ཡང་སྒྲུབ་པ་པོ་གཙོ་བོ་ཐབས་ཡིན་ན་ཐབས་ཀྱི་ཡེ་ཤེས་ལ་ཤེས་རབ་མའི་ཡེ་ཤེས་འདྲེས་པར་འགྱུར་ ཞིང༌། གཙོ་བོ་ཤེས་རབ་མ་ཡིན་ན། ཤེས་རབ་ཀྱི་ཡེ་ཤེས་ལ་ཐབས་ཀྱི་ཡེ་ཤེས་འདྲེས་ཏེ་ཡེ་ཤེས་གཉིས་པོ་མཉམ་པར་འདྲེས་ཤིང་སྦྱོར་བས་


TNT05_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ན། མཉམ་པར་སྦྱོར་བའི་ཡེ་ཤེས་ཞེས་སུ་བཤད་པ་ཡིན་ནོ། །འདིའི་ཡེ་ཤེས་གཉིས་ལུགས་འབྱུང་ལུགས་ཟློག་གམ་སྣང་མཆེད་གཉིས་ལ་འཆད་པའང་ཡོད་དེ། དབང་པོ་གཉིས་ནི་མཉམ་སྦྱོར་བ། ཞེས་པའི་སྒྲ་བཤད་པ་ཡིན་པས་ཅུང་མི་འགྲིག་པར་མངོན་ལ། སྤྱིར་ཆོས་སྐོར་འདི་རྣམས་སུ་སྣང་མཆེད་གཉིས་མཉམ་པར་འདྲེས་པ་ཐོབ་པ་ཡིན་པར་བཤད་པའི་སྐབས་ནི་མང་ངོ༌། །རྩ་རོ་རྐྱང་དང་ཁམས་དཀར་དམར་མཉམ་པར་སྦྱོར་བའི་ཡེ་ཤེས་དང༌། ཇི་སྐད་བཤད་པའི་ལས་ཀྱི་ཕྱག་རྒྱའི་བྱ་བ་ཡིས་འབད་པ་སྟེ་རྩོལ་བ་ལས་རྟོག་པའི་རླུང་ཕྲ་བ་ཐམས་ཅད་ཀྱང་ཐིམ་པའི་ཡེ་ཤེས་གང་ཐོབ་པ་བརྟན་པོར་གྱུར་པ་དེ་ནི་སྣང་བ་ཐོབ་པའི་ས་ཞེས་ བྱའོ། །ཀུན་རྫོབ་ཏུ་ཞེས་པ་ནི་ཀུན་རྫོབ་ཀྱི་ཞེས་པའི་དོན་ཏེ་སྣང་བ་དང་མཆེད་པ་ལ་ཡང་རྡོ་རྗེ་དང་པདྨ་ཞེས་བྱ་ལ། རོ་རྐྱང་དང་ཁམས་དཀར་དམར་སོགས་ལའང་དེའི་བརྡས་བསྟན་ན་འདིར་དེ་དག་མ་ཡིན་ཏེ། ཀུན་རྫོབ་ཀྱི་སྣ་རྩེ་ཞེས་སྣང་དངོས་ལ་ཟེར་བ་ལྟར་ཏུ་རྟགས་གཉིས་ལ་ཀུན་རྫོབ་ཀྱི་རྡོ་རྗེ་དང་པདྨར་བརྗོད་དོ། །ལན་གཅིག་ཅེས་གཅིག་པུ་ཁོ་ནའི་གྲངས་ངེས་བྱེད་པ་མིན་ཏེ་གྲངས་ཉུང་བའི་དོན་ནོ། །དེས་ན་གང་ཞིག་ཀུན་རྫོབ་ཀྱི་ཆུ་སྐྱེས་དང་རྡོ་རྗེ་སྦྱོར་བས་རྟག་ཏུ་སྒོམ་པ་ཞིག་སྐབས་དེར་དགོས་པ་ཡིན་ཡང༌། རྒྱུ་རྐྱེན་མ་ཚང་བས་མེད་པར་གྱུར་ན། ལན་གཅིག་ཙམ་ཞིག་ལས་བརྒྱ་ལས་མྱོང་ཞིང་མཚོན་ནས་གཞན་རྣལ་འབྱོར་གྱི་སྟོབས་ཏེ། རང་ལུས་ཐབས་ལྡན་ཁོ་ནའི་ལམ་གྱིས་ཀྱང་འགྲུབ་པར་འགྱུར་རོ། །དེ་ཡང་སྔར་རང་ལུས་ཀྱི་སྟོབས་ཀྱིས་


TNT05_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དབུ་མར་འགགས་བསྒོམ་སྟོབས་ཀྱིས་རྗེས་ཆགས་འབར། ཐིག་ལེ་ཞུ་བའི་བདེ་བ་སྐྱེས་པའི་ལམ་བྱང་བཞིན་པ་དེ། སླར་ཡང་ལས་རྒྱ་དང་སྦྱོར་བའི་སྟོབས་ཀྱིས་སྔ་མ་ལས་ཆེས་ལྷག་པའི་རླུང་ཐིམ། རྗེས་ཆགས་ཀྱི་དྲོད་ཆེར་འབར་ཐིག་ལེ་ཤིན་ཏུ་ཞུ་བར་གྱུར་པས་རྣམ་རྟོག་དང་རླུང་ཆེར་འགགས་ཤིང༌། ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་འཇུག་པའི་ངོ་བོ་ཤིན་ཏུ་རྒྱས་པ་མྱོང་བ་དེས། དབྱེ་བ་སྟེ་ཡེ་ཤེས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་ཤེས་པར་བྱས་ནས། དགའ་བ་བཞིའི་རང་བཞིན་ཏེ་རྣམ་པ་དེ་ཉིད་སླར་ཡང་རང་ལུས་ཐབས་ལྡན་གྱི་དུས་རྟག་ཏུ་རྣལ་འབྱོར་པས། དེ་ལྟ་བུ་ཡིད་ཡུལ་དུ་གསལ་བཏབ་ཅིང་རྒྱས་བཏབ་ཀྱི་ཚུལ་དུ་བསྒོམ་པས་མཚོན་པར་ བྱའོ། །དེ་ལྟར་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཇི་ལྟར་འོ་མ་བསྲུབས་པ་ལས་མར་དང༌། ཇི་ལྟར་ཏིལ་ལས་ཏིལ་མར་དང༌། དེ་བཞིན་དུ་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ཀྱིས་ཉེ་བར་བརྟགས་པའི་ཕྱིར་དང༌། པདྨ་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ཉེ་བར་བརྟགས་པའི་ཕྱིར་རོ། །ཇི་ལྟར་འོ་མ་དང་ཏིལ་དག་གིས་ཡང་དག་པའི་མངོན་པར་འདུ་བྱས་པ་མེད་པར་མར་དང་ཏིལ་མར་མི་འབྱུང་བ་དེ་བཞིན་དུ་སྔགས་དང་ཕྱག་རྒྱས་སྔོན་དུ་མངོན་པར་འདུ་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་འབའ་ཞིག་ལ་ལྷག་པར་མོས་པ་ཙམ་གྱིས་ལས་དང་པོ་པའི་ས་ལ་གནས་པར་འགྱུར་ཏེ། ཕྱིར་མི་ལྡོག་པ་ལ་ཡང་སློབ་པར་འགྱུར་རོ། །གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་


TNT05_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདེ་བས་རང་བཞིན་སྣང་བ་ཡང་དག་པར་ཉེ་བར་མཚོན་པར་བྱེད་པ་དེ་ནི་བདེ་བ་ཆེན་པོའི་གོ་འཕང་ལ་རབ་ཏུ་གནས་པར་འགྱུར་རོ། །ཞེས་དང༌། དེ་ནས་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང་བར་མའི་འདོད་ཆགས་རབ་ཏུ་སྐྱེས་པ་དེས་ན་ཤེས་པ་ཞེས་བྱ་སྟེ། དེས་ན་རྣམ་པར་ཤེས་པ་གསུམ་ཞེས་བརྗོད་དོ། །དེའི་ཕྱིར་ལུས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་སྐྱིལ་ཀྲུང་བཅའ་བ་ལ་སོགས་པ་དང༌། གསུང་གི་ཕྱག་རྒྱའི་ཐབས་སུ་གྱུར་པ་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བའི་སྔགས་དང༌། སེམས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་ལྷར་དམིགས་པའོ། །གཟུགས་ལ་སོགས་པའི་ཡུལ་ནི་དབང་པོ་གཉིས་མཉམ་པར་སྦྱོར་བའི་ཐབས་སུ་གྱུར་པའོ། །རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་དག་མཉམ་པར་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་ པའོ། །ཞེས་གསུངས་ཏེ། དེ་ཡང་དངོས་ཀྱི་དཔའ་བོ་ལས་ཀྱི་ཕྱག་རྒྱ་ཅན་དང་དངོས་ཀྱི་རིག་མ་ལས་ཀྱི་ཕྱག་རྒྱ་མཉམ་པར་སྦྱོར་བ་མེད་ན་སྤྱིར་ཡེ་ཤེས་སྣང་བ་གསུམ་མཐར་ཕྱིན་པ་མེད་པ་དང༌། ཁྱད་པར་སེམས་དབེན་མཐར་ཐུག་པའི་ཡེ་ཤེས་སྐད་ཅིག་བཞི་པ་རྙེད་པར་འགྱུར་བ་མེད་དོ། །དེ་ཡོད་ན་ཉེར་ཐོབ་བཞི་པའི་ས་ཡང་ཐོབ་ཅིང༌། དེ་ཐོབ་པ་ཉིད་ཀྱིས་བདེ་བ་ཆེན་པོ་སྒྱུ་ལུས་ཀྱི་རིམ་པའི་གོ་འཕང་ཀྱང་ཐོབ་པར་ནུས་སོ། །ཞེས་པའི་དོན་དང༌། སྐྱིལ་ཀྲུང་བཅིང་པ། སོགས་ནི། རྩ་བཅིང་བ་དང་འདོད་པའི་ཀཱ་ར་ཎ་སྣ་ཚོགས་དང༌། ལུས་ཀྱི་བྱེད་བཅིངས་སྣ་ཚོགས་དག་ཡིན་


TNT05_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨཱ་ལི་ཀཱ་ལི་ལས་བྱུང་བ་ནི་ངག་འདྲེན་ལ་སོགས་པ་རླུང་གི་སྦྱོར་བ་སྣ་ཚོགས་པ་དག་ཡིན་ནོ། །ལྷར་དམིགས་པ་ནི་ལྷ་སྐུ་དང་སྟོང་པ་ཉིད་དོ། །སྣང་བ་དང་མཆེད་པ་མཉམ་པར་སྦྱོར་བའི་དོན་ནི། ཉེར་ཐོབ་ལ་སྣང་མཆེད་དང་ཐབས་ཤེས་གཉིས་ཀའི་ཡོན་ཏན་དང་མཚན་ཉིད་རྣམས་ཚང་བའི་དོན་ཡིན་གྱི། སྣང་བ་མཆེད་པ་ལ་ཐིམ་པའི་དོན་མ་ཡིན་ཏེ། དེ་ཡིན་ན་དེ་ནི་མཆེད་པ་ཁོ་ན་ཡིན་པའི་ཕྱིར་རོ། །འདིར་དང་པོ་དབང་དུས་སུ་ལས་རྒྱ་ལ་བརྟེན་ནས་དཔེའི་ཡེ་ཤེས་ངོ་འཕྲོད་ན། ཕྱིས་ལམ་གྱི་ཉམས་མྱོང་དཀའ་བ་མེད་པར་སྐྱེ་བ་སོགས་སྤྱིར་གནད་ཆེ་མོད་ཀྱང༌། དེ་ཙམ་གྱིས་གོ་མི་ཆོད་པར་སྔར་མཚོན་ཟིན་ཀྱང་སྣང་བ་ཐོབ་པའི་ཡེ་ཤེས་སྒྲུབ་པའི་སྐབས་འདིར་སླར་ཡང་མཚོན་དགོས་པ་ནི། སྣང་བ་ཐོབ་པའི་ས་སྒྲུབ་པའི་ཐོག་མར་ལན་གཅིག་ངེས་པར་དགོས་ཤིང༌། བར་དུ་མེད་ཀྱང་རུང་ལ། མཐར་ཕྱིན་ཏེ་སྒྱུ་ལུས་ལ་མཚམས་སྦྱོར་བའི་ཚེ་ཡང་ངེས་པར་དགོས་སོ། །དེ་ལ་ཕྱིས་ཀྱི་མཁས་པ་འགའ་ཞིག་སེམས་དབེན་གྱི་སྐབས་འདིར་རང་ལུས་གཞན་ལུས་གང་ཡིན་ཡང་རུང་སྟེ། རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་རྩ་གནས་སོ་སོ་ནས་ཞུ་སྟེ་གཡས་གཡོན་ཕྱོགས་མཚམས་ཐམས་ཅད་ནས་སྙིང་གའི་དབུས་སུ་ཚུར་འདུས་ཏེ་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཐིམ་ན། འཆི་དུས་ཀྱི་རིམ་པ་དང་སྟོབས་མཚུངས་པའི་སྣང་བ་གསུམ་མམ་བཞིའི་རིམ་པ་སྐྱེ་བ་ཡིན་གྱི། སྤྱི་བོ་ནས་ནོར་བུའི་བར་དུ་ཡས་བབས་མས་བརྟན་གྱི་དགའ་བཞི་རྫོགས་པར་འདྲེན་


TNT05_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ཀྱང༌། སེམས་དམིགས་ཡན་ཆད་ཀྱི་སྣང་གསུམ་མཚན་ཉིད་པ་འདྲེན་མི་ཐུབ་ཅིང༌། སྙིང་གར་ཐིམ་ཚུལ་དེ་མ་བྱུང་ན་དག་མ་དག་གི་སྒྱུ་ལུས་སུ་ལྡང་ཡང་མི་ཐུབ་ལ། དེ་ལྟར་སྙིང་གར་བསྡུ་བའི་ལུགས་འདི་གསང་འདུས་འཕགས་སྐོར་གྱི་ཟབ་ཁྱད་ཐུན་མོང་མ་ཡིན་པའོ་ཞེས་གསུང་ན། དུས་ཀྱི་འཁོར་ལོའི་འཛིན་པའི་ཡན་ལག་གི་རིམ་པའི་སྐབས་སུ་སྙིང་ག་གཅིག་པུར་མ་ཟད་འཁོར་ལོ་ལྔའམ་དྲུག་ཏུ་རླུང་དང་ཁམས་ཀྱི་ཐིག་ལེ་ཐམས་ཅད་བསྡུས་ཏེ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བྱེད་པའི་རྣམ་གཞག་གསལ་ཞིང་རྒྱས་པར་གསུངས་པས། སྙིང་གར་བསྡུ་ཚུལ་དེ་འཕགས་སྐོར་ལས་གཞན་ལ་མེད་པ་མ་ཡིན་ལ། ལུས་དང་པོར་སྐྱེ་བ་དང་མཐར་འཇིག་པའི་གནས་དང་རྩ་བཅུ་དང་རླུང་བཅུའི་གནད་ཀྱི་གཙོ་བོར་བཤད་པ་སོགས་རྩ་འཁོར་གཞན་ལས་ཀྱང་སྙིང་ག་བསྔགས་པ་ཆེ་བ་ཙམ་ཡིན་མོད། དངོས་པོ་ཐ་དད་ལ་ནུས་པ་སོ་སོ་ཡོད་པས། སྙིང་གས་མི་འགྲུབ་པ་གཞན་གྱིས་འགྲུབ་པ་ཤིན་ཏུ་མང་ན་དེ་ནི་འདོད་དོན་གང་སྒྲུབ་ལ་རག་སྟེ། དེ་འདྲའི་དབང་དུ་བྱས་ན་རྩ་འཁོར་རྣམས་ལ་གཙོ་ཆེ་ཆུང་ངེས་པ་ཡང་མེད་དེ། འོད་གསལ་འཆར་བ་ལ་ལས་དང་པོ་པའི་གཉིས་ཀྱི་འོད་གསལ་འཛིན་པ་ལ་སྙིང་གར་སྒོམ་པ་གནད་དུ་ཆེ་བ་དང༌། སྙིང་ག་གཉིད་འཐུག་དང་འབྲེལ་བས་མི་རྟོག་པའི་གནས་དང༌། དེ་དག་པ་ལས་ལམ་དུས་ཀྱི་ཆོས་སྐུ་འགྲུབ་པ་སོགས་ཀྱི་སྒོ་ནས་སྙིང་ག་གལ་ཆེ་བ་ལྟར་ཡིན་མོད། རྩ་འཁོར་གཞན་རྣམས་སུ་ཞུགས་ཤིང་ཐིམ་པ་ལས་ཀྱང་འོད་གསལ་གྱི་སྐད་ཅིག་སོགས་སེམས་དབེན་ཡན་ཆད་ཀྱི་སྣང་བཞིའི་ཡེ་ཤེས་མཚན་ཉིད་པ་ངེས་པར་སྐྱེ་བ་ཡིན་ལ། ཡང་


TNT05_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེས་ཀྱང་སྣང་བ་བཞི་ཀར་སྐྱེད་མོད་ཀྱི། གཙོ་ཆེ་བའི་དབང་དུ་བྱས་ན་བདུན་ཁྲི་ཉིས་སྟོང་གི་རྩའི་རླུང་ཁམས་སྤྱི་བོར་ཐིམ་པ་ལས་སྣང་བའི་ས་དང༌། མགྲིན་པར་ཐིམ་པ་ལས་མཆེད་པའི་ས་དང༌། སྙིང་གར་ཐིམ་པ་ལ། ཐོབ་པའི་ས་དང༌། ཐུན་མོང་མ་ཡིན་པའི་རྐྱེན་ལས་རྒྱ་ལ་བརྟེན་ནས་ལྟེ་བར་སྣང་བ། གསང་བར་མཆེད་པ། ནོར་བུར་ཐོབ་པ་རྣམས་སྐྱེ་བ། ལས་རྒྱ་ལ་གཙོ་བོར་སློབ་པ་ཡིན་ན་ཐོག་མར་འདི་གསུམ་མངོན་དུ་བྱས་ནས་དེ་རྗེས་འཁོར་ལོ་གོང་མ་གསུམ་དུ་ཉམས་རྟོགས་སྐྱེ་ལ། ཅི་སྟེ་རང་ལུས་ཐབས་ལྡན་གཙོ་བོར་བསྒོམ་པ་ཡིན་ནོ། །དེས་འཁོར་ལོ་གོང་མ་གསུམ་གྱི་ཉམས་རྟོགས་སྐྱེས་ཟིན་ནས་མཐར་ལས་རྒྱ་ལ་བརྟེན་ནས་འོག་མ་གསུམ་སྐད་ཅིག་གིས་མངོན་དུ་བྱེད་དོ། །ཉེར་ཐོབ་སྐད་ཅིག་མ་བཞི་པའི་ས་ནི་སྣང་བ་གསུམ་རོ་མཉམ་པའི་བདག་ཉིད་ཡིན་པའི་ཕྱིར་ཐམས་ཅད་སྡོམས་པའི་མཐུའམ་གཙོ་བོར་འོག་གི་འཁོར་ལོ་གསུམ་ཆ་མཉམ་པ་ལས་སྐྱེ་ཞིང༌། ཁྱད་པར་རྡོ་རྗེས་རྩེ་མོའམ་པདྨའི་སྣ་རྩེར་གཡོ་མེད་དུ་བཅིངས་པ་ལས་འབྱུང་བར་ཤེས་པར་བྱའོ། །རང་ལུས་ཐབས་ལྡན་ལ་བརྟེན་ནས་སེམས་དབེན་གང་གིས་འདྲེན་པར་བྱེད་ཅེ་ན། འབྱུང་བ་དང་འཇུག་པ་དང་གནས་པ་དང་སྡུད་པའི་རིམ་པས་བསྐྱེད་པར་སྒྲོན་གསལ་ལས་གསུངས་ཏེ། དང་པོ་གསུམ་པོ་རྡོར་བཟླས་དང༌། སྡུད་པའི་རིམ་པ་རིལ་འཛིན་དང་རྗེས་གཞིག་ཡིན་པར་འདོད་པ་ཙམ་ཐམས་ཅད་མཚུངས་པ་ལས། ཁྱད་པར་དུ་འགའ་ཞིག་སྡུད་པའི་རིམ་པ་ལ་སྙིང་གའི་སྔགས་འཁོར་སྒོམ་པ་དང༌། འགོས་ལུགས་པ་རྣམས་བཙུན་མོ་ཅན་གྱི་མན་ངག་ཏུ་འདོད་པའི་སྙིང་ག་དང་སྤྱི་


TNT05_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་འབར་འཛག་དང༌། ནག་པོ་པའི་མན་ངག་ཏུ་འདོད་པ་ལྟེ་བ་དང་གནས་གསུམ་གྱི་སྤྲོ་བསྡུ་བྱེད་པ་སོགས་ཡོད་དེ། དེ་ཡང་ལས་དང་པོ་པ་ལ་སེམས་དབེན་དང་ཕྱོགས་འདྲ་རུང་གི་ཉམས་སྐྱིད་པ་དང༌། ངག་དབེན་ལ་སློབ་པ་མན་ཆད་དུ་སེམས་དབེན་གྱི་ཡེ་ཤེས་རྗེས་མཐུན་པ་སྐྱེད་པའི་དོན་དང༌། སེམས་དབེན་གྱི་རིམ་པ་འདི་ཉིད་ཀྱིའང་ཉམས་ཀྱི་སྣ་འདྲེན་པའི་དོན་དུ་བསྒོམ་པ་ཡིན་ན། མན་ངག་དེ་དག་ཐམས་ཅད་དང༌། གཞན་ཡང་ཐུན་མོང་བསྐྱེད་རིམ་གྱི་རིལ་གཞིག་སོགས་གང་བསྒོམ་ཀྱང་འདྲ་སྟེ། དེ་དག་ཐམས་ཅད་འཐད་ཅིང་ལེགས་པ་ཁོ་ནའོ། འདིས་ནི་སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་གི་གདམས་ངག་རྣམས་ལ་ཡང་རིགས་འགྲེ་སྟེ། ལས་དང་པོ་པ་ལ་དེ་དང་དེའི་རྟོགས་པ་རྗེས་མཐུན་པ་སྐྱེད་ཅིང༌། དངོས་གཞིའི་སྐབས་སུའང་ཉམས་ཀྱི་སྣ་འདྲེན་པ་ལ་གདམས་ངག་སྣ་ཚོགས་པ་དེ་དག་ཐམས་ཅད་རུང་ངོ༌། །འོན་ཏེ་སེམས་དབེན་ཡན་ཆད་ཀྱི་རིམ་པ་དངོས་རྒྱུད་ལ་སྐྱེད་པ་ནི། རྣམ་པར་རྟོག་པ་མེད་པའི་གསལ་སྣང་ཅན་ཁོ་ན་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཡང་དངོས་གཞི་གསལ་སྣང་ཅན་དུ་འཆར་བས་རྟོག་པ་མེད་པ་དང༌། ལས་ཀྱི་ཕྱག་རྒྱ་དང་རང་རིག་གི་བདེ་བ་བསྒོམ་པ་ལས་བདེ་བས་རྒྱས་ཐེབས་ཏེ་རང་རྒྱུད་ཀྱི་སྣང་བ་གཅིག་ཅར་བདེ་བ་འོད་གསལ་དུ་ཐིམ་པ་རིལ་འཛིན་དང༌། ཕྱི་ནང་གི་སྣང་བ་ཐམས་ཅད་རིམ་པས་བདེ་བར་ཐིམ་པ་རྗེས་གཞིག་གོ །སེམས་དབེན་འདྲེན་བྱེད་ཐབས་རྡོར་བཟླས་མཆོག་ངེས་པར་ཡིན་མོད། རྡོ་རྗེ་བཟླས་པ་ཡང་གོང་དུ་སྨོས་པ་ལྟར་ཡིན་པས། ལས་དང་པོ་པ་རྣམས་དང་


TNT05_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བྱ་ཐུན་མོང་གི་བཅོས་མའི་རྡོར་བཟླས་ནི་སེམས་དབེན་དངོས་སུ་སྒྲུབ་པའི་རྡོར་བཟླས་མིན་ནོ། །གཉིས་པ་འཕྲོས་དོན་ལས་ཀྱི་མཐའ་རྣམ་པར་འབྱེད་པ་ནི། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་ པས། །མི་ཤིས་མུན་པས་ཁེབས་པས་ནི། །དགེ་དང་མི་དགེའི་ལས་བྱས་ ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །མཚམས་མེད་ལ་སོགས་བྱས་ནས་ནི། །དམྱལ་ལ་སོགས་པར་འཚེད་པར་འགྱུར། །སྦྱིན་སོགས་དགེ་བ་བྱས་ནས་ ནི། །མཐོ་རིས་ལ་སོགས་དག་ཏུ་མཆོད། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །འདིར་ནི་ཡང་དང་ཡང་ཐོབ་པ། །འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་དག་ནི་མྱ་ངན་བྱེད། །རང་བཞིན་སྣང་བའི་ཚུལ་གྱིས་ནི། །གང་གི་སྐྱེ་བ་ཉོན་མོངས་པ། །དེ་ཉིད་ཤེས་ན་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་རྣམ་གྲོལ་འགྱུར། །ཞེས་པ་སྟེ། ཀླུ་བྱང་གིས་ལས་མཐའ་རྣམ་འབྱེད་ཀྱི་གཞུང་ཆུང་ལས། སྤྲིན་ནི་འབྲུག་སྒྲའི་རྣམ་པ་དང་ལྡན་ནམ་མཁའི་ཁོང་ནས་ཀུན་དུ་འབྱུང་བ་རྣམས། ཞེས་སོགས་ཀྱང་ཚིག་འདི་དག་གི་དོན་བསྡུས་པའོ། །དེ་ཡང་ཇི་ལྟར་སྤྲིན་ནི་མདོག་དང་དབྱིབས་ནི་ཐ་དད་པ་སྣ་ཚོགས་པ་ནམ་མཁའི་དབྱིངས་སུ་བྱུང་བ་རྣམས་ནི། དེ་ལྟར་བྱུང་ནས་སླར་ཡང་དེ་ཉིད་དུ་ཐིམ་པར་འགྱུར་བ་དེ་


TNT05_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྤྲིན་སྣ་ཚོགས་དང་མཚུངས་པའི་རང་བཞིན་བརྒྱད་ཅུ་ལ་སོགས་པའི་རྣམ་པར་རྟོག་པ་དེ་རྣམས་དང་པོར་བྱུང་ཡང༌། ནམ་མཁའ་དང་མཚུངས་པའི་འོད་གསལ་ལས་བྱུང་བའི་སྣང་བ་གསུམ་གྱི་རྒྱུ་ཅན་ཏེ་སྣང་བ་གསུམ་ལས་བྱུང་ཞིང༌། བར་དུ་སྤྲིན་བཟོ་དབྱིབས་སྣ་ཚོགས་པས་རི་ཀླུང་ལ་ཁྱབ་པ་དང་མཚུངས་པའི་རྣམ་རྟོག་དེ་རྣམས་ཕྱི་ནང་གི་དངོས་པོར་གཏོགས་པའི་ཡུལ་མ་ལུས་པ་ལ་ཞུགས་ཤིང་ལོངས་སྤྱོད་ནས་སླར་སྣང་བ་གསུམ་གྱི་ཐིམ་རིམ་དང་བཅས་ཏེ། དང་པོར་གང་ལས་བྱུང་བའི་འོད་གསལ་བའི་དབྱིངས་དེ་ཉིད་དུ་ནི་འཇུག་པར་འགྱུར་རོ། །འོད་གསལ་དང་དེའི་སྣང་ཆ་སྣང་བ་གསུམ་གྱི་མཚན་ཉིད་བདེ་ཞིང་གསལ་ལ་རྟོག་པ་མེད་པ་ཡིན་པས། དེ་ལྟར་ཡིན་པར་ཤེས་པའི་སྒོ་ནས་སྐྱོང་ཐུབ་ན། སྤྲིན་དང་འདྲ་བའི་རྣམ་རྟོག་དེ་རང་སངས་སུ་འགྱུར་བ་ཡིན་ནོ། །དེ་འདྲ་བའི་རང་བཞིན་གྱི་གནས་ལུགས་མ་ཤེས་པས་མི་ཤེས་པ་གཏི་མུག་གི་མུན་པ་དང་མཚུངས་པ་ལྡན་པའི་ཉོན་མོངས་པས་ཁེབས་པར་འགྱུར་བས་དེས་ཀུན་ནས་བསླངས་ཏེ་དགེ་བ་དང་མི་དགེ་བའི་ལས་བྱས་ནས། ལས་དེའི་མཐུ་ལས་ངན་སོང་གསུམ་དང་ལྷ་མི་སྟེ་འགྲོ་བ་ལྔར་སྐྱེ་བ་བླངས་ཤིང་གནས་ཐམས་ཅད་དུ་ནི་འཁོར་བར་འགྱུར་ལ། དེ་ཡང་ཉོན་མོངས་པས་ཀུན་ནས་བསླངས་ཏེ་མཚམས་མེད་པ་ལ་སོགས་པ་སྡིག་པའི་ལས་བྱས་ནས་ནི། དམྱལ་བ་ལ་སོགས་པ་ངན་སོང་རྣམས་སུ་འཚེད་པར་འགྱུར་ལ། མ་རིག་པ་དང་མཚུངས་ལྡན་གྱི་རྣམ་རྟོག་དགེ་བས་ལས་དགེ་བ་བྱས་པས་ནི། འབྲས་བུ་མཐོ་རིས་ལ་སོགས་པ་དག་ཏུ་ལོངས་སྤྱོད་ལ་སོགས་པ་བདེ་བའི་


TNT05_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ཀྱིས་མཆོད་ཅིང་དགའ་བ་ཉམས་སུ་མྱོང་པར་འགྱུར་ན། དེ་དག་ཀྱང་རྟག་ཏུ་ངན་སོང་དང་རྟག་ཏུ་མཐོ་རིས་སུ་ཡང་མི་སྡོད་དེ། རྣམ་རྟོག་དགེ་སྡིག་སྤེལ་མས་ལས་སྤེལ་མར་བསགས་པའི་ཕྱིར་དང༌། ལན་གཅིག་ཐོབ་པས་མི་ཆོག་ཡང་ཡང་མྱོང་དགོས་ཏེ། ལམ་བསྒོམ་ནས་གཉེན་པོས་མ་བཅོམ་གྱི་བར་དུ་སེམས་ཀྱི་བག་ཆགས་རྒྱུན་མི་ཆད་པར་སྤྱོད་པ་ཡིན་ལ། བག་ཆགས་རྒྱུན་མ་ཆད་པས་རྣམ་རྟོག་རྒྱུན་མི་ཆད། དེའི་ཕྱིར་ལས་ཉོན་སྡུག་བསྔལ་གསུམ་ཡང་རྒྱུན་མི་ཆད་པས་སྐྱེ་བ་དཔག་ཏུ་མེད་པ་སྟོང་ཕྲག་ནི་མཚོན་པ་སྟེ་མཐའ་མེད་པའི་བར་དུ་ཞེས། དུས་མཐའ་མེད་པ་འདིར་ནི་ཡང་དང་ཡང་དུ་བདེ་སྡུག་སྣ་ཚོགས་པ་སྤེལ་མར་ཐོབ་པ་ན། རྨོངས་པ་རྣམས་ནི་འདི་ནི་སྔོན་གྱི་ལས་ཀྱིས་རྣམ་སྨིན་ཡིན་ན། ད་ཅི་བྱར་ཡང་མེད་དོ་ཞེས་མྱ་ངན་བྱེད་དོ། །སེམས་ཀྱི་རང་བཞིན་དེའི་སྟེང་དུ་འཁོར་བ་ལ་སོགས་པའི་སྣང་བ་སྣ་ཚོགས་པ་འདི་དག་ནི་གཞི་མེད་རྩ་བྲལ་ཡིན་པས། རིག་པ་སྤྲོས་བྲལ་ནི་སེམས་དེའི་རང་བཞིན་དུ་འདུག་ལ། སྣང་བ་གསུམ་ཡང་ནམ་མཁའི་ཁ་དོག་ཆུ་ལ་གཟུགས་བརྙན་དུ་ཤར་བ་ལྟར་བྱུང་བ་མ་གཏོགས། གནས་ལུགས་དེ་ལས་ལོགས་སུ་མི་འདུག་པས་དེའི་རང་བཞིན་ཤེས་ན་སྤྲོས་བྲལ་དེ་ཁོ་ནར་འདུག་ཅིང༌། རྣམ་རྟོག་སྣང་ཚད་སྣང་བ་གསུམ་ལ་འཁྲུལ་པ་ལ་བརྟེན་ནས་མེད་སྣང་ཁོ་ནར་འདུག་པས། དེའི་རང་བཞིན་རྟོགས་པའི་ཚེ་སུ་ཞིག་འཁོར་བར་འཁྱམས་པ་པོ་དང༌། གང་ཞིག་རྣམ་པར་བྱང་བར་འགྱུར་བ་པོ་རྫས་སུ་མེད་ཅིང་སྣང་བ་ཙམ་ཞིག་ཡིན་པས། སེམས་ཙམ་


TNT05_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མམ་རྣམ་ཤེས་གསུམ་པོ་ཙམ་འདི་ནི་ཐོག་མ་མེད་པའི་འཁོར་བ་ནས་མེད་ཅིང་སྣང་བའི་ལས་ཉོན་གྱིས་བཅིངས་ཏེ་འཁྲུལ་བ་ལས། བླ་མའི་མན་ངན་གི་སྣང་བ་ཙམ་དུ་ཡོངས་སུ་ཤེས་པ་ན་བཅིངས་གྲོལ་གྱི་གཞི་བདག་མེད་པའི་དོན་འོད་གསལ་བདེ་བ་ཆེན་པོའི་གནས་ལུགས་རྟོགས་པར་འགྱུར་ཏེ། དེ་ལེགས་པར་གོམས་པ་ལས་ལས་ཀྱི་བག་ཆགས་སེམས་ལ་ཡོད་པ་ཡང་མངོན་དུ་གྱུར་ཏེ་དེའི་རང་བཞིན་རྩ་བྲལ་དུ་ཤེས་པས་ཀྱང་ལས་ཉོན་སྡུག་བསྔལ་ཐམས་ཅད་སངས་བར་འགྱུར་ཏེ། རང་བཞིན་བརྒྱད་ཅུ་དང་སྣང་བ་གསུམ་གྱི་རང་གཟུགས་ཀྱི་ཚུལ་གྱིས་དེ་ཁོ་ན་ཉིད་རྟོགས་པས་ནི་སྲིད་པའི་གཟེབ་ལས་ངེས་པར་གྲོལ་བར་འགྱུར་རོ། །ཚུལ་ཇི་ལྟར་གྲོལ་བར་འགྱུར་ཞེ་ན། རང་བཞིན་དང་སྣང་བ་གང་གིས་སྐྱེ་བོ་རྣམས་ཤ་ཐང་ཆད་པར་ངལ་ཞིང་ཉོན་མོངས་པར་བྱས་པ་དེ་ཉིད་ཀྱི་གནས་ལུགས་ཤེས་པའི་སྒོ་ནས་སོ། །དེའི་རྒྱུ་མཚན་སེམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་དེ་ཀ་ཡང་དག་པའི་ཡེ་ཤེས་ཅན་ཡིན་པའི་ཕྱིར་ རོ། །ལས་ཀྱི་མཐའ་རྣམ་འབྱེད་ཅེས་པ་ལ། ལས་ཀྱི་མཐའ་ནི་ལས་ཟད་ཅིང་སྤངས་པ་ཡིན་ལ། དེ་ཡང་གདོད་མ་ནས་རང་བཞིན་གྱིས་མ་གྲུབ་པ་སྟེ་ཡེ་ནས་ཟད་པའོ། །གནས་ཚུལ་དེ་རྟོགས་པ་ནི་རྣམ་པར་འབྱེད་པའོ། །སེམས་རྣམ་པར་དབེན་པའི་རྟོགས་པ་རྒྱུད་ལ་སྐྱེས་ན་སྣང་བ་དང་རང་བཞིན་སྤྲོས་བྲལ་དུ་ཉམས་སུ་མྱོང་བ་ཡིན་པས། སྒོ་གསུམ་གྱི་ལས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་སྔར་གྱི་ལས་རྙིང་པ་རྣམས་ཀྱང་འབྲས་བུ་མི་འབྱིན་ལ། སྒོ་གསུམ་གྱི་ལས་གསར་པ་བྱས་པ་ཐམས་ཅད་ཀྱང་འཁོར་བ་མི་


TNT05_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་པའི་དོན་ནོ། །ཞིབ་པར་སྤྱོད་བསྡུས་སྒྲོན་མེ་ལས་ཤེས་པར་བྱའོ། །གཉིས་པ་བདེན་པ་གཉིས་ཟུང་འཇུག་དང་བཅས་པ་མདོ་ཙམ་སྨོས་པ་ལ་དོན་དྲུག་སྟེ། དཔེ་བསྐྱེད་རིམ་གྱི་དག་པ་བཤད་པས་སྒྱུ་ལུས་ངོས་བཟུང༌། སྒྱུ་ལུས་འོད་གསལ་དུ་འཇུག་པའི་རིམ་པ་བསྟན། བདག་བྱིན་རླབས་པའི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ། ཕར་ཕྱིན་ཐེག་པའི་ལམ་ཡོངས་སུ་རྫོགས་ཀྱང་སྔགས་ཀྱི་སྣོན་ཀ་དགོས་ཚུལ། སྔགས་ལམ་ལ་དང་པོར་ཞུགས་པ་ལམ་གཞན་ལ་མི་བལྟོས་པར་བསྟན། འོད་གསལ་མངོན་པར་བྱང་ཆུབ་ཆོས་ཐམས་ཅད་ཀྱི་སྙིང་པོར་བསྟན་པའོ། །དང་པོ་ནི། ཤེས་རབ་ངོ་བོ་འདི་ཉིད་ནི། ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟགས། །སེམས་ཉིད་རང་གིས་མཐོང་གྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་པ། །རྡོ་རྗེ་མཚན་མ་རབ་ཏུ་བརྟག།འདི་ནི་རྡོ་རྗེ་ལས་བྱུང་བའི། །རྣལ་འབྱོར་པ་ཡི་ཐབས་སུ་བཤད། །ཟླ་བ་རྡོ་རྗེ་མཉམ་པར་སྦྱོར། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། །ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་པ། །ལྷ་ཡི་ང་རྒྱལ་འཆད་བྱེད་དེ། །བསྐྱེད་པའི་རིམ་དང་ལྡན་པར་ནི། །སྔགས་པ་རྟག་ཏུ་སྤྱོད་པར་འགྱུར། །ཇི་སྐད་དཔལ་ལྡན་འདུས་སོགས་ པར། །དེ་དང་དེར་ནི་རྒྱས་གསུངས་པའི། །ཇི་སྲིད་སྒོམ་ལ་སྦྱོར་གྱུར་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། ཞེས་པ་སྟེ། དེ་ལྟར་ན་གོང་དུ། ཀུན་རྫོབ་གསལ་བའི་གཟུགས་ཀྱི་ནི། །ཞེས་པ་ལ་སོགས་པའི་དོན་འགའ་ཞིག་གསལ་བར་སྟོན་པར་བཞེད་ནས་འདི་རྣམས་བཤད་པ་སྟེ། ཤེས་རབ་ཀྱི་ངོ་བོ་སེམས་


TNT05_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་པོའི་ཡེ་ཤེས་འདི་ཉིད་ནི་བསྐྱེད་རིམ་པས་ལྷའི་སྐུ་སྒྲུབ་པའི་དོན་དུ་ཟླ་བའི་དཀྱིལ་འཁོར་དག་ཏུ་བརྡའ་ཐབས་སམ་རྣམ་པ་ལམ་དུ་བྱེད་པའི་ཚུལ་གྱིས་བསྒོམ་པ་སྟེ། ཕྱིས་རྫོགས་རིམ་གྱི་སྐབས་སྣང་བའི་ཡེ་ཤེས་འདི་ནི་སྨིན་བྱེད་ཀྱི་དོན་དུ་བརྟགས་ཤིང་སྒོམ་མོ། །སེམས་ཉིད་རང་གིས་མཐོང་ཞེས་སོགས་དེ་ཉིད་བསྡུས་པའི་རྒྱུད་ཚིག་ལ་བརྟེན་པར་སྣང་ཡང་ཡོ་གའི་ལུགས་ལྟར་མི་འཆད་པར་སྐབས་འདིར་འདི་ལྟར་བཤད་དགོས་ཏེ། བསྐྱེད་རིམ་གྱི་ཟླ་བ་དེ་བློས་བརྟགས་ཏེ་བསྒོམ་པ་ཡིན་ལ། རྫོགས་རིམ་གྱི་སྐབས་འདིར་རྣལ་འབྱོར་བའི་སེམས་ཉིད་རང་གིས་སེམས་རང་ཉིད་མཐོང་བར་གྱུར་ཏེ། ཟླ་བའི་གཟུགས་ལྟར་གསལ་ཞིང་བདེ་ལ་མཚན་མས་མ་གོས་པ་ཉིད་དུ་མཐོང་ངོ༌། །དེ་ནས་ཟླ་བ་ལ་དམིགས་པ་སྟེ་འདི་ནི་བླ་མ་གོང་མ་རྣམས་མདོར་བྱས་སུ་བཤད་པའི་ཡིག་འབྲུ་ལས་བྱང་ཆུབ་པ་ལ་སྦྱོར་ཡང་ཅུང་མི་བདེ་བ་འདྲ་ཞིང༌། དེ་ཉིད་བསྡུས་པ་དང་ཡང་མི་འགྲིག་གོ །དེས་ན་སྔ་མ་ཟླ་བའི་དུམ་བུ་དང༌། འདི་ཟླ་བ་ཡོངས་རྫོགས་སམ་ཡང་ན་ཟླ་བའི་དཀྱིལ་འཁོར་གཉིས་པ་ལ་དམིགས་པ་དང༌། ཟླ་བའི་སྟེང་དུ་རྡོ་རྗེའི་མཚན་མར་རབ་ཏུ་བརྟག་པ་དང༌། དཔེ་འགའ་ཞིག་ཏུ་རྡོ་རྗེ་ལས་བྱུང་བ་ཞེས་པ། རྡོ་རྗེ་ལ་སོགས་པ་ཞེས་པར་བསྒྱུར་བ་ཡང་འདུག་སྟེ། རྡོ་རྗེའི་འོད་ཟེར་སྤྲོ་བསྡུ་ལ་སོགས་པ་བསྒོམ་པ་འདི་དག་ནི། རྣལ་འབྱོར་བའི་ཐབས་མཆེད་པའི་ཡེ་ཤེས་སུ་བཤད་དོ། །རྫོགས་རིམ་གྱི་མཆེད་པའི་བརྡའམ་རྣམ་པ་ལམ་བྱེད་ཀྱི་ཚུལ་དུ་རྒྱུད་སྨིན་པའི་ཕྱིར་སྒོམ་པ་ཡིན་ནོ། །ཟླ་བ་དང་རྡོ་རྗེ་སོགས་མཉམ་པར་སྦྱོར་བ་སྟེ་གཅིག་ཏུ་འདྲེས་པ་ནི་སེམས་སྣང་བ་དང་སེམས་བྱུང་མཆེད་པ་མཉམ་


TNT05_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གྱུར་པ་ཐོབ་པའི་ཡེ་ཤེས་ཀྱི་བརྡའམ་རྣམ་པ་ལམ་བྱེད་ཀྱི་ཚུལ་ལས་རྒྱུར་སྨིན་པའི་ཕྱིར་སྒོམ་པ་ཡིན་ནོ། དེ་དག་འདྲེས་པ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པར་སྒོམ་པ་ནི། ཤེས་རབ་སྣང་བ་དང་ཐབས་མཆེད་པའི་མཚན་ཉིད་གཉིས་ཀ་འདུས་པའི་ཉེར་ཐོབ་ཀྱི་ཡེ་ཤེས་ལས་མ་དག་པའི་སྒྱུ་ལུས་ཀྱི་ལྷའི་གཟུགས་རབ་ཏུ་འབྱུང་བར་འགྱུར་བ་དེ་ཉིད་བརྡའམ་རྣམ་པ་ལམ་དུ་བྱེད་པའི་སྒོ་ནས་རྒྱུད་སྨིན་པའི་ཕྱིར་དུ་སྒོམ་པ་ཡིན་ནོ། །དེ་ལྟར་ན་འདིས་ནི་སེམས་སོར་རྟོག་ལས་མངོན་པར་བྱང་ཆུབ་པ་དང༌། བྱང་ཆུབ་ཀྱི་སེམས་དང༌། བརྟན་པའི་རྡོ་རྗེ་དང༌། རྡོ་རྗེའི་བདག་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟ་བ་དེ་ལྟ་ལས་མངོན་པར་བྱང་ཆུབ་པ་ལྔ་དང་སྦྱོར་ན་འགྲིག་ཅིང༌། ལྔ་པོ་དེ་ཉིད་བསྡུས་པ་ལས་བཤད་པ་དེ་ཁོ་ན་ནི་བསྐྱེད་རིམ་དངོས་མིན་ཀྱང༌། སྤྱིར་བསྐྱེད་རིམ་གྱི་མངོན་བྱང་ལ་དེ་དག་ཚང་བར་འབྱུང་བས་མི་འགལ་ལོ། །ཡང་ན་ཁ་སྦྱོར་ཐིག་ལེ་སོགས་ལས་འབྱུང་བ་ལྟར་ཟླ་བ་ཁ་སྦྱོར་སོགས་མངོན་བྱང་ལྔ་སྤྱི་ཁྱབ་ལ་སྦྱོར་གྱི། གཞན་དག་ལྟར་མདོར་བྱས་ཁོ་ན་ལ་སྦྱར་ན་རྒྱ་ཆུངས་ཤིང་མི་འགྲིག་གོ །བསྐྱེད་རིམ་གྱི་སྐབས་མངོན་བྱང་ལྔ་ལས་ལྷ་བསྐྱེད་རྗེས་སུ་ལག་པའི་ཕྱག་རྒྱ་བཞི་པོ་འཆིང་པ་ཡོད་པའམ། གལ་ཏེ་མེད་ནའང་སྐུ་རྫོགས་པ་ཕྱག་ཆེན། རིག་མ་སྒྲུབ་པ་དམ་རྒྱ། སྔགས་ཆོས་རྒྱ། སེམས་ཅན་གྱི་དོན་སྒྲུབ་པ་ལས་རྒྱ་སྟེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང༌། ལྷའི་ང་རྒྱལ་འཆང་བར་བྱེད་དེ། སྔགས་པ་སྒྲུབ་པ་པོ་དེ་ནི་རྟག་ཏུ་བསྐྱེད་པའི་རིམ་པ་དང་ལྡན་པར་ནི་སྤྱོད་པར་འགྱུར་


TNT05_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལ་སྒྱུ་ལུས་ཀྱི་ལྷའི་སྐུ་དེ་རླུང་སེམས་ཙམ་ལས་ཞལ་ཕྱག་དཀྱིལ་འཁོར་རྫོགས་པ་ནི་ཕྱག་རྒྱ་ཆེན་པོ། དག་པའི་རྩ་དང་རླུང་གི་སྒྲ་དབྱངས་སྔགས་དང་ཆོས་ཀྱི་སྒྲར་ཤར་བ་ནི་ཆོས་ཀྱི་ཕྱག་རྒྱ། སེམས་སྣང་གི་རིག་མས་འཁྱུད་པའི་རྐྱེན་ལས་ཐུགས་བདེ་སྟོང་དུ་ཤར་བ་ནི་དམ་ཚིག་གི་ཕྱག་རྒྱ། སེམས་ཅན་གྱི་དོན་དངོས་སུ་སྤྱོད་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞི་ལས་མི་འདའ་བའི་སྒྱུ་ལུས་དེ་ནི་ང་རྒྱལ་ཙམ་ལ་མ་བཞག་པར་ལྷ་དངོས་སུ་གྱུར་བ་ཡིན་པས། སྔགས་པ་དེ་རྫོགས་རིམ་གྱི་ཀུན་དུ་སྤྱོད་པར་འགྱུར་ན། བསྐྱེད་རིམ་པ་རྣམས་ཀྱང་དེའི་གཟུགས་བརྙན་ལ་མོས་པའི་སྒོ་ནས་སློབ་པ་ཡིན་ནོ། །དེ་ལྟར་ཇི་སྐད་དུ་གྲགས་པའི་དཔལ་ལྡན་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་དེ་དང་དེར་ནི་ཇི་སྐད་དུ་རྒྱས་པར་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཇི་སྲིད་དུ་བཅོམ་མ་རྣམ་རྟོག་གིས་བསྒོམ་པ་ལ་སྦྱོར་དགོས་པ་དེ་སྲིད་དུ། གང་ཟག་དེ་ཡང་དང་པོའི་ལས་ཅན་ཡིན་ཏེ། གང་མ་བརྟགས་པར་དཀྱིལ་འཁོར་གྱི་འཁོར་ལོ་རང་ཤར་བར་གྱུར་ན་ནི་ལས་དང་པོ་པའི་ལུས་ལས་བརྒལ་བ་ཡིན་ནོ། །ཚིག་འདི་རྣམས་ཀྱིས་བསྐྱེད་རིམ་དཔེར་བསྟན་པས་དོན་སྒྱུ་ལུས་ཀྱི་རིམ་པ་གསལ་བར་བསྟན་པའོ། །གཉིས་པ་སྒྱུ་ལུས་འོད་གསལ་དུ་འཇུག་པའི་རིམ་པ་བསྟན་པ་ནི། ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །གསལ་བ་རུ་ནི་བཤད་པ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་གང་འོད་གསལ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པར་དེ་བརྗོད་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་ལས། །ཐམས་ཅད་མཁྱེན་པ་བླ་མེད་པ།


TNT05_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

།འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་དང༌། །ཡོད་དང་དེ་བཞིན་མེད་པ་དང༌། །དེ་ནི་ཚིག་གིས་སྤྱཽད་ཡུལ་མིན། །ཞེས་པ་སྟེ། ད་ནི་ཡོངས་རྫོགས་ཟུང་འཇུག་གི་རིམ་པའི་རྣལ་འབྱོར་གྱི་རྒྱུད་གསལ་བ་རུ་ནི་བཤད་པར་བྱ་སྟེ། གོང་དུ་བཤད་པའི་སྟོང་པ་སྣང་མཆེད་ཐོབ་གསུམ་ནི་རིམ་གྱིས་ཐིམ་སྟེ་རྣམ་པར་དག་པ་གང་ལ་འོད་གསལ་བ་ཞེས་བྱ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པར་ཡང་དེ་ལ་བརྗོད་པར་བྱ་སྟེ། དེ་ལྟ་བུའི་ཡེ་ཤེས་གསུམ་རང་བཞིན་བརྒྱད་ཅུའི་ས་བོན་ཀུན་དུ་འཛིན་པ་དེ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ངོ་བོར་རྣམ་པར་དག་པ་ནི། དེ་སྔོན་མན་ཆད་ཐམས་ཅད་སྟོང་པའི་སྐད་ཅིག་མ་རེ་ཡོད་པ་དེ་ཡང་རང་བཞིན་གྱི་སྣང་བའི་སྒྲིབ་པས་བསྒྲིབས་ཏེ། དོན་དམ་པ་དཔེའི་སྒོ་ནས་མཚོན་པའི་ཡེ་ཤེས་ཙམ་མ་གཏོགས་མེད་པ་ལས། སྐབས་འདིར་ཐམས་ཅད་སྟོང་པའི་རིགས་རྒྱུན་གྱི་ཡེ་ཤེས་དེ་ཤིན་ཏུ་རྣམ་པར་དག་པས་ཆོས་ཉིད་མངོན་སུམ་དུ་རྟོགས་ནས་གནས་ཏེ། དེ་ཉིད་ལས་ཟུང་འཇུག་འབྱུང་ངོ༌། ། ཐམས་ཅད་སྟོང་པའི་ཡེ་ཤེས་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་དང་བདེ་བ་ཆེན་པོར་མཁྱེན་པ་དང༌། གནས་ལུགས་ཇི་བཞིན་རྟོགས་པ་ཡིན་པའི་ཕྱིར། རང་གི་རིགས་འདྲའི་ཡེ་ཤེས་རྣམས་མ་གཏོགས། གཞན་གོང་ན་མེད་པས་བླ་ན་མེད་པ་དང༌། མཐོང་བྱ་གནས་ལུགས་འགྱུར་མེད་ཡིན་པའི་ཕྱིར། མཐོང་བྱེད་ཀྱི་ཤེས་པ་ཡང་རྣམ་པ་མི་འདྲ་བར་འགྱུར་བ་མེད་ཅིང༌། ཀུན་རྫོབ་ཀྱི་སྣང་བ་གང་ཡང་མེད་ལ་གཉིས་སྣང་ཡང་མེད་ཅིང་རྣམ་པར་རྟོག་པ་ཐམས་ཅད་མཆོག་ཏུ་ཞི་བ་དང༌། དེ་ནི་


TNT05_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་འཛིན་པ་དང༌། མེད་པར་འཛིན་པ་དང༌། དེ་བཞིན་དུ་ཚིག་གི་བརྗོད་པ་སྣ་ཚོགས་ཏེ་སྒྲ་དང་རྣམ་རྟོག་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །གསུམ་པ་ཟུང་འཇུག་གི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ་ནི། དེ་བས་འོད་གསལ་དག་པ་ལས། །ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང༌། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་ཏེ། དཔེའི་ཡེ་ཤེས་ཀྱི་འོད་གསལ་དེ་གནས་གྱུར་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་རྣམ་པར་དག་པར་གྱུར་པ་ལས། སླར་ཡང་ལུགས་ཟློག་ཏུ་རང་བཞིན་དང་བྲལ་བའི་ཡེ་ཤེས་གསུམ་འབྱུང་བར་འགྱུར་ཏེ། འོད་གསལ་སྣང་གསུམ་དང་བཅས་པ་དེས་རྒྱུ་བྱས་ནས་ཟུང་འཇུག་གི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་འཆང་ཞིང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་ལྡན་པ་སོགས་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་རྣམས་རེ་རེ་བཞིན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་རོ། །འདི་ནི་སངས་རྒྱས་རྗེས་མཐུན་པ་དང༌། ཐམས་ཅད་མཁྱེན་པ་རྗེས་མཐུན་པ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་རྗེས་མཐུན་པའམ་ཆུང་ངུའི་གནས་ཏེ། སློབ་པའི་ཟུང་འཇུག་ཡིན་གྱི་མི་སློབ་པ་ནི་མ་ཡིན་ཏེ། མི་སློབ་པ་འོད་གསལ་གྱི་རང་བཞིན་ཉིད་ཀྱི་ཕྱིར་དེ་ལས་བྱུང་ཞེས་ཐ་སྙད་འཇོག་པ་མི་འགལ་དུ་ཆུག།འོད་གསལ་ལས་ལངས་པ་དང་ཡེ་ཤེས་གསུམ་འབྱུང་བ་སོགས་ནམ་ཡང་སྦྱོར་དུ་མི་རུང་ངོ༌། །སྒྱུ་ལུས་འོད་གསལ་


TNT05_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་སྟེ་གསུམ་པོ་འདི་འོག་ཏུ་རྒྱས་པར་འཆད་པས་འདིར་རྒྱས་པར་མ་སྤྲོས་སོ། །བཞི་པ་མདོ་ལམ་རྫོགས་ཀྱང་སྔགས་ལམ་གྱིས་སྣོན་ཀ་དགོས་ཚུལ་ནི། །ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོས་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་ངེ་འཛིན་བཞུགས་ལ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པའི། །འོད་གསལ་བ་ནི་དེ་དམིགས་ཤིག།འོད་གསལ་བ་ཡི་གནས་ཐོབ་ནས། །རང་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་མཆོག་ཐོབ་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་བཏང༌། ། འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་མ་ཡིན་ཞིང༌། །མི་དྲང་བ་ཡང་མ་ཡིན་ལ། །དབུགས་གཏོང་བ་དང་རྔུབ་པ་མིན། །གསུང་བ་མ་ཡིན་མི་གསུང་མིན། །སྤྱན་བཟང་བཙུམ་པ་མ་ཡིན་ཞིང༌། ། སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་བ་རྨད་པོ་ཆེ། །དངས་ཤིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར་འདས་པ་དང་ནི་མ་འོངས་དང༌། །དེ་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལ་མ་ལུས་མཐོང༌། །འོད་གསལ་བས་ནི་རྣམ་དག་འཆང༌། །རྡོ་རྗེ་ལྟར་


TNT05_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཏིང་འཛིན་གྱིས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་སྒྱུ་སོགས། ། སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། ། དེར་ནི་བདུད་རྣམས་བཅོམ་པར་འཛད། །ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་བསྐྱབ་ཅིང་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། །མངོན་པར་བྱང་ཆུབ་སྟོན་པ་ནི། །དེ་ཉིད་ཡེ་ཤེས་ཞེས་བྱར་བཤད། །ཅེས་ཏེ། དེ་ལ་སྐབས་འདིའི་ཐོག་མའི་ཚིག་ལ་འགྱུར་ཐ་དད་པའི་བོད་དཔེ་ཐམས་ཅད་ལས། དེ་སྐད་དུ་རྒྱ་ཆེར་རོལ་པའི་མདོ་ལས་ཞེས་འབྱུང་བ་ནི། རྒྱ་དཔེ་ཡང་ཕལ་ཆེར་ལ་ཡོད་པར་གྲགས་ན། འདི་ནི་འཕགས་ཡུལ་དུ་གསང་འདུས་འཕགས་སྐོར་འགོ་དར་བའི་དུས་ཀྱི་དཔེ་ཕྱི་མོ་ཁྱབ་ཆེ་བ་ཞིག་ལ་ཡིག་ཆུང་དཀྱུས་ལ་ཤོར་བའི་མ་དག་པ་ཞིག་བྱུང་བར་མངོན་ཏེ། འདི་འདྲའི་རིགས་རྒྱ་གར་གྱི་གཞུང་འགྲེལ་གཞན་མང་པོ་ལ་སྣང་ངོ༌། །དེས་ན་འདིར་བརྗོད་པའི་ཚིག་འདི་རྣམས་ཀྱི་ནང་ནས་མདོ་དེ་ན་ཚིག་གཅིག་ཀྱང་མེད་པས་ལམ་ཆུང་དཀྱུས་སུ་ཤོར་བ་དེ་ཡང་དེ་མི་གསལ་པའི་བློ་ཅན་ཞིག་གིས་བཏབ་པའི་ཡིག་ཆུང་ངོ༌། །སྐབས་འདིའི་གཞུང་གིས་གསལ་བར་བསྟན་པའི་མཛད་པ་འདི་དངོས་གནས་ཡིན་ནམ་ཚུལ་སྟོན་ཡིན་ཞེ་ན་ཚུལ་སྟོན་ཡིན་ནོ། །འོ་ན་ཚུལ་སྟོན་ལ་མདོ་ལམ་ཁོ་ནས་སངས་རྒྱས་པར་བསྟན་པ་མིན་ནམ་ཞེ་ན། དེ་འདྲ་ཁོ་ནར་མ་ངེས་ཏེ་གདུལ་བྱ་སོ་སོའི་བསམ་པ་དང་མཚུངས་པར་ཚུལ་སྟོན་ལ་ཡང་མི་འདྲ་བ་དུ་མ་འབྱུང་བ་ལས། འདི་ནི་སྤྱིར་གསང་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དང༌། སྒོས་སུ་བླ་མེད་ཀྱི་


TNT05_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་སྣང་ངོར་རྣམ་འཕྲུལ་བསྟན་ཚུལ་ཡིན་ལ། དེ་ཉིད་བསྡུས་པའི་གླེང་གཞི་དང་ཕྱོགས་འདྲ་ཙམ་ཡོད་ཀྱང༌། འདི་ནི་འདོད་ཆགས་ཆེན་པོའི་ཚུལ་གྱིས་ལམ་སྟོན་བྱེད་ཡིན་པས་དེ་དང་སྒྲིག་མི་དགོས་ཤིང༌། སྐབས་འདིར་བོད་རྣམས་འགྲེལ་པ་དེ་ཉིད་སྣང་བ་དང༌། ཀོ་ས་ལའི་རྒྱན་གྱི་རྩོད་པ་རྣམས་ཟློས་སྐྱོར་བྱེད་པ་ཡང་སྐབས་སུ་མ་བབ་བོ། །དེས་བས་ན་འདི་སྐད་ཅེས་བྱ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ཇི་ལྟར་བགྲོད་པའི་ས་ལམ་ཐམས་ཅད་བགྲོད་ནས་མངོན་པར་བྱང་ཆུབ་པ་འོད་གསལ་རྣམ་པར་དག་པའི་གནས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་འདི་ཉིད་ཐོབ་དགོས་པར་བཞེད་ནས། དེའི་ལམ་ཡང་བདེ་བ་ཆེན་པོས་མ་བརྒྱན་པའི་སྤྲོས་བྲལ་གྱི་སྟོང་ཉིད་སྦྱིན་སོགས་བསོད་ནམས་གཞན་གྱིས་མཐར་བྱིན་པར་བྱས་པའི་ཡེ་ཤེས་ཙམ་དེ་ལ་བརྟེན་ནས་ཐོབ་པར་བྱའོ་ཞེས་མངོན་པར་དགོངས་ནས། ནཻ་རཉྫ་ནའི་ཆུ་བོའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་སོ། །འདིར་ཚུལ་སྟོན་ལ་དེ་དུས་བྱང་ཆུབ་སེམས་དཔའ་ཡིན་ཡང་མྱུར་དུ་སངས་རྒྱ་བར་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཞེས་སྨོས་ལ། མི་གཡོ་བ་ཡང་བསམ་གཏན་བཞི་པ་ཙམ་ལ་ངོས་མི་འཛིན་གྱི་སྟོང་ཆེན་དེ་ལ་གཡོ་བ་མེད་པར་དམིགས་པའི་དོན་ནོ། །དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་ཐམས་ཅད་ནམམཁའི་རྡོ་རྗེ་སྟེ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་ཏིལ་གྱི་གང་བུ་གང་བ་བཞིན་དུ་གོ་མཚམས་མེད་པར་ཁྱབ་པས་བཞུགས་སོ། །དེ་


TNT05_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རྒྱལ་པའི་སྲས་ཤཱཀ་ཐུབ་གཞོན་ནུ་དོན་གྲུབ་དེ་ལ་སེ་གོལ་གྱི་སྒྲས་བསྐུལ་ཏེ། ཏིང་ངེ་འཛིན་དེ་སད་པར་བྱས་པ་དང༌། དེ་ནས་དེ་ལ་སངས་རྒྱས་ཀུན་གྱི་གསུང་མགྲིན་གཅིག་དང་དབྱངས་གཅིག་གིས་གསུངས་པ། ཁྱོད་ཀྱི་མི་གཡོ་བའི་བསམ་གཏན་འདི་ཙམ་ནི་རྣམ་པར་དག་པའི་འོད་གསལ་མ་ཡིན་གྱི། འདིས་ནི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་སྟེ། དེ་བས་ན་ཁྱོད་ཀྱིས་ནམ་མཁའི་ངོས་ལྟར་དཔེས་མཚོན་དུ་མེད་ཅིང༌། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་མཆོག་ཏུ་གྱུར་པའི་འོད་གསལ་བ་ཐམས་ཅད་སྟོང་པ་དེ་དམིགས་པ་སྟེ་མཐོང་བར་གྱིས་ལ་སྒོམས་ཤིག།དེས་དེ་ཐོབ་ཅིང་འོད་གསལ་བའི་གོ་འཕང་གི་གནས་དེ་ཐོབ་ནས། དེ་མ་ཐག་ཏུ་རང་དགའ་བ་སྟེ་ལེགས་པའི་ཕུན་ཚོགས་ཐམས་ཅད་འབད་མེད་དུ་གྲུབ་པའི་གཟུགས་ཟུང་འཇུག་གི་གནས་སུ་སྐྱེ་བར་འགྱུར་རོ། །འདིར་སྐྱེ་བ་ཞེས་པ་ནི་འབྱུང་བའི་དོན་ཡིན་གྱི་སྐྱེ་བ་ལེན་པའི་དོན་མིན་ནོ། །དེའི་ཚེ་ཆོས་དབྱིངས་བདེ་བ་ཆེན་པོའི་རབ་ཏུ་དགའ་བའི་རྡོ་རྗེའི་སྐུ་དབང་ཕྱུག་བརྒྱད་ལ་སོགས་པ་རྣམ་པ་མང་པོ་ཀུན་གྱི་དབང་ཕྱུག་མཆོག་གི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་གདམས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་དོན་ཐམས་ཅད་གྲུབ་པས་སངས་རྒྱས་ཀུན་གྱིས་ལེགས་པར་གདམས་པའི་སྒྲ་དེ་གསན་ཞིང༌། དོན་ཐུགས་སུ་ཆད་པ་དང༌། དེ་ནས་སྔར་གྱི་ཏིང་ངེ་འཛིན་མི་གཡོ་བ་དེ་བཏང་ཞེས་པ། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་སད་པར་བྱས་ནས་བྱང་ཆུབ་སྙིང་པོར་སངས་རྒྱས་ཐམས་ཅད་ཀྱིས་དུས་གཅིག་ཏུ་དབང་བསྐུར་བ་ན། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་


TNT05_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས་མཐར་བཞི་པ་མངོན་པར་རྟོགས་ཏེ། འདི་ལྟར་ནམ་ཕྱེད་ཀྱི་དུས་སུ་རྒྱལ་པའི་སྲས་པོ་དོན་གྲུབ་དེས། དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་མངོན་སུམ་དུ་དམིགས་ཤིང་གཟིགས་པར་གྱུར་ཏོ། །དེ་ཁོ་ན་ཉིད་དེ་ཡོངས་སུ་དམིགས་པའི་དུས་ཉིད་ནས་སྐུ་གསུང་ཐུགས་མཉམ་པ་ཉིད་རྣམ་པ་ཐམས་ཅད་པ་བརྙེས་པས་ན། སྐུ་ནི་དྲང་པོ་མ་ཡིན་ཞིང་མི་དྲང་པ་འཁྱོག་པོ་ཡང་མ་ཡིན་ཏེ་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་ཕྱིར་དང༌། ཐ་མལ་བའི་མིང་ཚིག་ཡི་གེ་སྒྲ་སྐད་ཐམས་ཅད་སྤངས་པའི་ཕྱིར་གསུངས་པ་མ་ཡིན་ཞིང༌། ཡེ་ཤེས་རང་སྣང་ལ་ཆོས་ཀྱི་སྒྲ་སྐད་ཐམས་ཅད་ཤར་པའི་ཕྱིར་མི་གསུང་བ་ཡང་མ་ཡིན་ལ། རླུང་སྤངས་བས་དབུགས་གཏོང་བ་དང་རྔུབ་པ་གཉིས་ཀ་མིན་པ་དང༌། ཆོས་ཐམས་ཅད་དོན་དམ་སྟོང་ཉིད་དུ་རོ་གཅིག་པར་གཟིགས་པའི་ཕྱིར་ཡེ་ཤེས་ཀྱི་སྤྱན་བཟང་པོ་བཙུམ་པ་སྟེ་གནས་ལུགས་དེ་ཁོ་ན་ཉིད་མི་གཟིགས་པ་ཡང་མ་ཡིན་ལ། མ་དག་པའི་སྣང་བ་ཅི་ཡང་མ་གཟིགས་པའི་ཕྱིར་ཀུན་རྫོབ་ཀྱི་ཕྱོགས་ལ་སྤྱན་ཕྱེ་བ་ཡང་མ་ཡིན་པས། འོད་གསལ་ཐམས་ཅད་སྟོང་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བ་ཆེན་པོ་སྟེ། སྒྲིབ་པ་གཉིས་ཀྱིས་མ་གོས་པས་དངས་ཤིང་སྤྲོས་པ་དང་བྲལ་བ་དང་དོན་དམ་གྱི་སྣང་བ་མཐའ་ཡས་པ་གདོད་ནས་གཅིག་ཅར་རྟག་ཏུ་ཤར་བའི་ཕྱིར། མཆོག་ཏུ་གསལ་པའི་ཡེ་ཤེས་བདེ་བ་ཆེན་པོ་འདི་ནི་སྐབས་དེར་རྡོ་རྗེ་ཐེག་པའི་བླ་མ་ཕྱོགས་བཅུའི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་རྣམས་ཉིད་ཀྱི་དྲིན་གྱིས་ནི། དེ་ནས་འོད་གསལ་དེ་ནི་གསལ་བར་མཐོང་ཞིང་རྟོགས་ལ་ཐོབ་པར་འགྱུར་རོ། །འོད་གསལ་སྤྲོས་མེད་དེའི་


TNT05_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རང་གདངས་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྲིད་པ་གསུམ་གྱི་ཆོས་ཉིད་སྲིད་གསུམ་དང་རྣམ་པ་ཕྱོགས་མཚུངས་པའི་རྣམ་པ་ཐམས་ཅད་པ་དེ། སྐད་ཅིག་དེ་ལ་རྣམ་པ་མ་ལུས་པ་གཅིག་ཅར་མངོན་སུམ་དུ་མཐོང་ཞིང༌། དེ་མཐོང་བས་དེ་རྣམས་དངོས་པོ་གང་ལ་ཆོས་ཉིད་དུ་སོང་བའི་ཆོས་ཅན་ཀུན་རྫོབ་པའི་ཤེས་བྱ་ཐམས་ཅད་ཀྱང་ཤུགས་ལ་མཁྱེན་ཏེ། ཡེ་ཤེས་དོན་དམ་པས་དངོས་སུ་གཟིགས་རྒྱུ་མེད་པའི་ཕྱིར་དངོས་སུ་མིན་ནོ། །དངོས་སུ་མ་གཟིགས་ཀྱང་ཆོས་ཉིད་གཟིགས་པའི་སྟོབས་ལས་སེམས་ཅན་རྣམས་ལ་དེ་དང་དེའི་སྣང་བ་འབྱུང་བར་མཁྱེན་ནོ། །དེ་བས་ན་ལམ་གྱི་འོད་གསལ་ཤིན་ཏུ་མཐར་ཐུག་པ་འདིས། འབྲས་བུའི་འོད་གསལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བར་མ་ཆད་པར་ཐོབ་ནུས་ལ། འོད་གསལ་བ་འདིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ་རྩ་བ་ནས་དྲུངས་ཕྱུང་སྟེ། རྣམ་པར་དག་པར་བྱེད་པའི་ནུས་པ་འཆང་བ་ཡིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་འཛིན་དེ་བསྒོམས་པའི་མཐུ་སྟོབས་ཀྱིས་དུས་ཐོ་རངས་སྐྱ་རེང་དང་པོ་འཆར་བའི་དུས་སུ་ནི། མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་སྐུ་ཆུ་ཟླ་ལྟ་བུ་དང༌། སྤྲུལ་པ་སྨིག་སྒྱུ་ལྟ་བུ་སོགས་དངོས་པོར་མ་གྲུབ་ཀྱང་ཤིན་ཏུ་གསལ་བར་སྣང་བའི་ཕྱིར། སྒྱུ་མ་ལྟ་བུའི་ཡོན་ཏན་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་རྣམས་ཀྱིས་བརྒྱན་པར་གྱུར་ཏེ་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི་སྔ་རོལ་སྲོད་ལ་བབ་པའི་གནས་སྐབས་དེར་ནི་བདུད་རྣམས་བཅོམ་པར་མཛད་པ་དང༌། ཤཱཀྱའི་མགོན་པོས་ཡང་དག་པར་རྫོགས་


TNT05_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ལེགས་པར་ཐོབ་ནས་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབ་ཅིང༌། ཕན་པ་དང་བདེ་བ་མཆོག་ལ་འགོད་པའི་ཕྱིར་གནས་སྐབས་འདི་ནས་དང་ཞིང་ཁམས་འདིར་ནི་དེ་ཁོ་ན་ཉིད་མ་ནོར་བར་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེ་ཁོ་ན་ཉིད་ཅེས་པ་ནི་མངོན་པར་བྱང་ཆུབ་ཅེས་བྱ་བར་བཤད་ན་མངོན་པར་བྱང་ཆུབ་འོད་གསལ་སྙིང་པོར་བྱས་ནས་སྟོན་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་པ་ཞེས་བྱ་བར་བཤད་དོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་རང་ལམ་གྱི་འབྲས་བུ་ཇི་ལྟ་བུ་ཐོབ་པ་ནི་རིག་གྲས་བློས་བཏགས་ཀྱིས་མི་ཤེས་པས་ལུང་ལ་བརྟེན་དགོས་ན། དཔལ་དེ་ཁོ་ན་ཉིད་བསྡུས་པ་སོགས་མང་པོ་ལས། ས་བཅུ་པ་ཁྱད་པར་ཅན་དུ་བགྲོད་ནུས་པ་དང༌། དེ་ནས་སྔགས་ལ་མི་འཇུག་པའི་ཐབས་མེད་པར་བཤད་པ་ལྟར་ཡིན་པས་ལམ་དེའི་རང་གི་ནུས་པ་ནི་དེར་བས་ལ། བྱང་ཆུབ་སེམས་དཔའ་རྣམས་འཕགས་པའི་ས་ཐོབ་མ་ཐག་ནས་སྔགས་ལ་མི་འཇུག་པ་མི་སྲིད་པ་འདྲ་བ་ཞིག་སྣང་ཡང༌། མདོའི་རང་ལམ་ལ་དེ་ཙམ་བགྲོད་པའི་ནུས་པ་ཡོད་ཕྱིན་དེས་བགྲོད་པའི་གང་ཟག་གཅིག་ཀྱང་སྲིད་དགོས་ཤིང༌། བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས། སྔགས་ཀྱི་ལམ་རྟོགས་ཤིང་མངོན་དུ་བྱས་ཀྱང་རང་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པའི་རང་ལམ་དེ་ཉིད་ཀྱིས་རང་གི་དུས་དང་གོ་རིམ་མ་འཆོལ་བར་རང་འབྲས་འབྱིན་ཐུབ་པ་ཞིག་ཀྱང་ཡོད་སྣང་བས། མདོ་ལམ་ཁོ་ནས་དེ་ཙམ་བགྲོད་པའི་གང་ཟག་མང་དུ་ཡོད་པར་ཤེས་པར་བྱའོ། །དེ་ཕན་ཆད་ནས་སྔགས་ལ་མ་བརྟེན་པར་བགྲོད་པ་མི་སྲིད་དེ། འོན་ཀྱང་སྔགས་


TNT05_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ས་མཚམས་གང་ནས་འཇུག་ལ་འདོད་པ་མི་འདྲ་བ་མང་ཡང༌། གཞུང་འདི་དག་གིས་འོད་གསལ་གྱི་རིམ་པ་ནས་འཇུག་པར་གསལ་མོད། རིམ་པ་གཞན་ཐམས་ཅད་ཀྱང་མ་བསྒོམས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དབང་བསྐུར་བ་ཡང་ཤེས་རབ་ཡེ་ཤེས་བཞི་པར་བཅས་པ་ནི་ཀུན་ཏུ་གསལ་མོད། ཟླ་གསང་ཐིག་ལེ་ལས། དཀའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུངས་པ་རྣམས། རབ་ཏུ་དགོས་དབང་འདོད་པའི་བདེ་བ་ཉིད་ལ་འཇོག་པར་མཛོད། ཅེས་པ་ལ་སོགས་པས། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ལོ་དྲུག་དཀའ་བ་སྤྱད་ཟིན་པ་དེ་ལ་དབང་བསྐུར་བར་གསལ་ལ། ཚིག་དེ་ཡང་གསང་དབང་གི་སྔོན་གྱི་གསོལ་བཏབ་ཡིན་པའི་ཕྱིར་དང༌། མ་ལུས་རྒྱལ་བ་རྣམས་ཀྱི་དབུ་ནི་སྐམ་པ་ལ། ཞེས་སོགས་གསང་དབང་བསྐུར་བྱེད་ཀྱི་ཚིག་ལས་འབྱུང་བས་གསང་དབང་མི་བསྐུར་བར་འདོད་པ་ཡང་མི་འཐད་ལ། །དེར་མ་ཟད་བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། ཞེས་བྱང་ཆུབ་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་རྡོ་རྗེ་འཆང་གིས་རྣམ་སྣང་ལ་སོགས་པ་རྣམས་འབྲས་བུ་མཐར་ཐུག་གི་གོ་འཕང་ལ་སྦྱོར་དུས་དབང་བསྐུར་བ་དེ་ལྟ་བུར་སྩོལ་ཅིག །ཅེས་པ་བུམ་དབང་གི་གསོལ་བཏབ་ཏུའང་འབྱུང་བས་དབང་ཐམས་ཅད་བསྐུར་དགོས་པ་ཡིན་ནོ། །དེ་དག་མདོ་ལམ་ལ་སྣོན་ཀ་མིན་ནོ་སྙམ་ན། དང་པོ་ཉིད་ནས་སྔགས་ལ་ཞུགས་པ་དབང་མཐའ་དག་ཡང་ནས་ཡང་དུ་བླངས་བ་དག་ལ་ཡང་སྐབས་དེར་དབང་ཡོངས་སུ་རྫོགས་པར་བསྐུར་དགོས་ན། སྔར་དབང་བསྐུལ་མ་བླངས་པའི་མདོ་ལམ་པ་


TNT05_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཅིའི་ཕྱིར་བསྐུར་མི་དགོས་ཏེ། ལམ་འདིའི་ཐད་ཀྱི་བྱ་བ་རྣམས་འདྲ་བ་ཡིན་ནོ། །དེས་ན་དུས་དེའི་ཚེ་འོག་མིན་གྱི་ཞིང་དུ་བྱང་ཆུབ་སེམས་དཔའ་དོན་ཀུན་གྲུབ་པ་ཞེས་བྱ་བ་ས་བཅུ་ཁྱད་པར་ཅན་ཐོབ་ནས་རྒྱུན་མཐའ་ལ་མངོན་དུ་ཕྱོགས་པར་རུང་བ་དེ། མཆོད་པའི་བཀོད་པ་ཞིང་ཁམས་ཐམས་ཅད་ཁྱབ་པས་བསྐོར་ཏེ་བཞུགས་པ་ལ་གཅིག་ཅར་སངས་རྒྱས་ཐམས་ཅད་རབ་འབྱམས་མུ་མེད་པའི་དཀྱིལ་འཁོར་གྱི་ཚུལ་དུ་བྱོན་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་གྱི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་པོས་མ་ལུས་པའི་དབང་མཐའ་དག་གཅིག་ཅར་བསྐུར་ཞིང༌། མངོན་པར་བྱང་ཆུབ་པ་ལྔའམ་འོད་གསལ་གྱི་གདམས་པ་ཕོག་པའི་དུས་སུ་གདམས་པ་གཞན་ཐམས་ཅད་ཀྱང་གཅིག་ཅར་དུ་ཕོག་པས། སྔར་མ་ཐོབ་པ་ཐུན་མོང་མ་ཡིན་པའི་ལམ་ཐམས་ཅད་ཀྱང་འོད་གསལ་གྱི་ཡེ་ཤེས་དེ་ཉིད་ལ་འདུས་པའི་ཚུལ་གྱིས་ཐོབ་པར་མཛད་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་དེ་སངས་རྒྱས་པ་ཡིན་ནོ། །དེ་ལྟར་ན་དབང་གི་གཙོ་བོ་ཡིན་པའི་ཕྱིར་ཤེར་དབང་བཞི་པར་བཅས་པ་དང༌། ལམ་གྱི་གཙོ་བོ་ཡིན་པའི་ཕྱིར་འོད་གསལ་སྨོས་པ་ཡིན་གྱི་གཞན་རྣམས་མེད་པ་མ་ཡིན་ནོ། ། འདིའི་འོད་གསལ་ཡང་འོད་གསལ་གྱི་རིམ་པ་མ་ཡིན་ཏེ་སློབ་པའི་ཟུང་འཇུག་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེས་ན་སྒོམ་པའི་དབང་དུ་བྱས་ནས་བསྐྱེད་རིམ་ནས་ཟུང་འཇུག་གི་བར་ཐམས་ཅད་བསྒོམ་ཞིང་དབང་བསྐུར་པ་ཡང་ཐམས་ཅད་བསྐུར་མོད་ཀྱི། རིམ་པའི་དབང་དུ་བྱས་ན་ཐམས་ཅད་ཀྱང་ཟུང་འཇུག་གི་རིམ་པར་གཏོགས་ཤིང༌།


TNT05_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལམ་གྱི་དབང་དུ་བྱས་ན་ཐམས་ཅད་ཀྱང་རྒྱུན་མཐའ་སྦྱོར་བ་དང་བཅས་པ་ཁོ་ནར་གཏོགས་སོ། །དེས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ས་བཅུ་ཁྱད་པར་ཅན་ལ་སྔགས་ཀྱི་རྒྱུན་མཐའ་ངེས་པར་སྣོན་དགོས་པ་དེ་ཡིན་ལ། སྔགས་ཀྱི་རྒྱུན་མཐའི་སྔོན་དུ་སྔགས་ཀྱི་ས་བཅུ་ཁྱད་པར་ཅན་སྔོན་དུ་འགྲོ་དགོས་པ་དང༌། དེའི་སྔོན་དུ་སྔགས་ཀྱི་ས་བཅུ་ཙམ་པོ་འགྲོ་དགོས་པ་སོགས་རིག་པ་འདིས་མཐོང་ལམ་དང་ཚོགས་ལམ་གྱི་བར་དུ་སྦྱོར་བས། སྔགས་ཀྱི་མཐོང་ལམ་མམ་ཚོགས་ལམ་ནས་འཇུག་དགོས་པ་མིན་ནམ་སྙམ་ན་མ་ཡིན་ནོ། །སྤྱིར་རྒྱུན་མཐའི་སྔོན་དུ་ས་བཅུ་ཁྱད་པར་ཅན་འགྲོ་དགོས་ཀྱང༌། མདོ་ལུགས་ཀྱི་ས་བཅུ་ཁྱད་པར་ཅན་དེ་ཀས་གོ་ཆོད་པས། སྔགས་ཀྱི་དེ་དག་སྔོན་དུ་འགྲོ་དགོས་པ་ནི་མིན་ཏེ། དབང་བསྐུར་བ་ཉིད་ཀྱི་མཚམས་དེ་ནས་སྔགས་ལམ་དུ་གྱུར་པ་ཡིན་ནོ། །རྒྱུན་མཐའི་སྦྱོར་བའི་སྐབས་འདིར་བསྐྱེད་རིམ་ནས་འོད་གསལ་གྱི་རིམ་པའི་བར་གྱི་སྔགས་ལམ་ཐུན་མོང་མ་ཡིན་པ་ཐམས་ཅད་ཀྱི་རྣམ་པ་བསྒོམ་མོད་ཀྱི། དེ་ཐམས་ཅད་བསྐྱེད་རིམ་དངོས་ནས་འོད་གསལ་གྱི་རིམ་པ་དངོས་ཀྱི་བར་མ་ཡིན་ཏེ། ངོ་བོ་ཟུང་འཇུག་ཁོ་ན་ལ་རྩལ་མ་འགགས་པའི་རྣམ་པ་དེ་དང་དེ་ཤར་བ་ཡིན་ལ། དེ་དག་ཀྱང་སྔ་ཕྱིར་མ་ཡིན་ཏེ་དུས་གཅིག་ཏུ་ཤར་བ་ཡིན་ནོ། །འདི་ནི་སྔགས་ལ་འཇུག་པའི་ཡས་མཐའ་མཐོ་ཤོས་ཡིན་ནོ། །འདི་མན་ཆད་ལས་དང་པོ་པ་ཡན་ཆད་ཐམས་ཅད་དུ་སྔགས་ལ་འཇུག་མཚམས་ནི་ཡོད་ལ། ས་དང་པོ་ཐོབ་པ་ཡན་ཆད་ནི་བཟང་ངན་མ་གཏོགས་ཟུང་འཇུག་ལ་འཇུག་པ་ཁོ་ན་ཡིན་པས། སྔར་གྱི་དེ་དང་


TNT05_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་ཕལ་ཆེར་འདྲ་རུང་ལ། དེ་མན་ཆད་ལ་གཙོ་བོར་ས་མཚམས་གང་མཚུངས་པའི་ས་དེ་ནས་གཙོ་བོར་འཇུག་པ་ཡིན་ཡང༌། སྔ་མ་རྣམས་ཀྱི་ཆ་ཤས་རེ་སྔོན་དུ་འགྲོ་དགོས་པ་དེ་གཅིག་ཅར་མ་ཡིན་པར་རིམ་གྱིས་འཇུག་གོ །མདོ་ལམ་གྱི་ཐ་མར་སྔགས་ལམ་སྣོན་པ་འདི་ལ། རྣམ་སྣང་མངོན་བྱང་ལས་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་གྱི་མིང་དང༌། དེ་ཉིད་བསྡུས་པ་ལས་ཀྱང་མངོན་བྱང་ལྔའི་རྣམ་གཞག་སོགས་གསུངས་མོད་ཀྱི། དགོངས་གཞི་བླ་མེད་ཀྱི་མངོན་བྱང་འདི་ལ་དགོངས་ནས་རྣམ་གཞག་མི་འདྲ་བའི་ཚུལ་གྱིས་བསྟན་པ་ཡིན་ནོ། །དེ་དག་གི་ཚིག་ཟིན་གྱི་ལམ་དེས་མཐར་ཐུག་མི་བགྲོད་པས། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་མཐར་སྔགས་བླ་མེད་ཀྱི་ལམ་སྣོན་ཚུལ་ཡང་མདོ་ལམ་གྱི་མཐར་སྔགས་ལམ་སྣོན་ཚུལ་དང་འདྲ་བ་ཡིན་ནོ། །འདི་དག་ཞིབ་མོར་བཤད་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །ལྔ་པ་སྔགས་ལམ་ལ་དང་པོར་ཞུགས་པ་ཕྱིས་ལམ་གཞན་ལ་མ་བལྟོས་པར་བསྟན་པ་ནི། མཚམས་མེད་ལྔ་ཡི་ལས་ཅན་ དང༌། །མི་གང་བསོད་ནམས་དམན་པ་ཡང༌། །ཡིད་བཞིན་ནོར་དང་འདྲ་བར་གཞན། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། །སྤྱོད་པ་ཅི་དགར་སྤྱོད་བྱེད་ དེ། །འདི་ནི་མ་འོངས་རྫོགས་སངས་རྒྱས། ཞེས་ཏེ། སྐབས་འདིར་ཡིད་བཞིན་ནོར་བུ་དང་འདྲ་ཞེས་པ་རིན་པོ་ཆེ་ལྟ་བུའི་གང་ཟག་དང༌། གཞན་ཞེས་པ་ཨུཏྤལ་ལྟ་བུ་སོགས་ལ་འཆད་པ་ནི་ཚིག་དོན་མ་ཡིན་ཏེ། དེས་ན་ལམ་འདིར་མ་ཞུགས་གོང་དུ་འཚམས་མེད་ལྔ་བྱས་པ་ལྟ་བུ་སྡིག་པ་ཆེན་པོའི་ལས་ཅན་དང༌། མི་གང་ཤིན་


TNT05_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབུལ་བའམ་འཚོ་བ་ཙམ་ཡང་ཕྱེད་པར་དཀའ་བའི་བསོད་ནམས་དམན་པ་ཞིག་ཡིན་ཡང༌། སྔགས་ཀྱི་ཐེག་པ་འདིར་ཞུགས་ཏེ་ཇི་སྐད་བཤད་པ་བཞིན་དུ་ནན་ཏན་དུ་བསྒྲུབས་ན། རྡོ་རྗེ་ཐེག་པའི་ལམ་འདི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འབད་རྩོལ་མེད་ཅིང་ནམ་འདོད་པའི་དུས་སུ་འབྲས་བུ་འབྱུང་བས་ན། གཞན་ཏེ་ཕ་རོལ་ལམ་མཆོག་བླ་མའི་བྱིན་རླབས་ཀྱི་དྲིན་ལས་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་ཏེ། དཀའ་ཐུབ་དང་དཀའ་སྤྱད་མི་དགོས་པར་སྤྱོད་པ་བདེ་བ་འདོད་པའི་ཡོན་ཏན་ལྔ་ལ་ཅི་དགར་སྤྱོད་པར་བྱེད་དེ། དམ་ཚིག་སྐྱོན་མེད་པས་སྔགས་ཀྱི་ཐིག་པ་ལ་རྩོལ་བར་བྱེད་པ་འདི་ནི་སྐྱེ་བ་མང་པོ་བརྒྱུད་མི་དགོས་པར་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱེད་པའི་ཕྱིར། མ་འོངས་པའི་སངས་རྒྱས་ཞེས་བྱའོ། །ཚིག་འདི་རྣམས་ཀྱི་དོན་ལ་བསོད་ནམས་དམན་པས་འགྲུབ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་པ་དང༌། ཡིད་བཞིན་ནོར་འདྲར་བཤད་པས་ནམ་འདོད་པའི་དུས་སམ་དུས་མྱུར་བར་འགྲུབ་པ་དང༌། སྤྱོད་པ་ནི་དགའ་སོགས་ཀྱིས་དཀའ་བ་མེད་པར་འགྲུབ་པའང་བསྟན་ཞིང༌། མ་འོངས་པ་ཞེས་པ་ཚེ་འདིའམ་འཆི་ཁའམ་བར་དོ་ལ་སྦྱོར་གྱི་མ་འོངས་པ་རྒྱ་ཡན་ལ་མི་འཇོག་པ་རྣམས་ཀྱང་གོ་དགོས་སོ། ཁྱད་པར་དུ་སྔགས་ཀྱི་ཐེག་པར་གསལ་པོར་མ་བཤད་པའི་མགོ་དང་རྐང་ལག་སྦྱིན་པར་གཏོང་བ་སོགས་མདོ་ལུགས་ཀྱི་སྤྱོད་པ་རྣམས་སྔགས་ལམ་ལ་ཕར་མ་བསྣན་ན་སངས་རྒྱས་མི་ཐོབ་བོ་སྙམ་ན་མ་ཡིན་ཏེ། ཞིང་འདེབས་པ་དང་གོས་འཐག་པ་སོགས་ཀྱི་རྩོལ་བ་སྔོན་དུ་མ་སོང་ཡང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབས་པས་ཟས་གོས་རང་བྱུང་


TNT05_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱུང་བ་ལྟར་སྦྱིན་སོགས་ལ་དགོས་སུ་མ་བསླབས་ཀྱང༌། འོད་གསལ་གཅིག་པུས་དེ་རྣམས་ཀྱི་བྱ་བ་བྱེད་པའི་ཕྱིར། སྔགས་ལམ་ལ་ཐེག་པ་གཞན་གྱི་སྣོན་ཀ་མི་དགོས་སོ། །ཡང་སྔགས་ཀྱི་ལམ་ནོར་བུ་དང་འདྲ་བ་རྒྱུའི་གཙོ་བོ་དང༌། གཞན་བླ་མའི་བྱིན་རླབས་རྐྱེན་གྱི་གཙོ་བོ་གཉིས་འཛོམ་པ་ལས་འབྱུང་ངོ་ཞེས་བརྗོད་ཀྱང་རུང་ངོ༌། །དྲུག་པ་འོད་གསལ་ཆོས་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ནི། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ།།འདི་ཉིད་དུ་ནི་རབ་སྟོན་ཏེ། །ཡེ་ཤེས་གསུམ་བྲལ་དེ་ཉིད་གང༌། །དགོངས་པ་ཡིས་ནི་གསུངས་པ་ཡིན། །དེ་བཞིན་དཔལ་ལྡན་གསང་འདུས་ཀྱི། །བྱང་ཆུབ་སེམས་ཀྱི་ལེའུ་ལས་ནི། །དངོས་མེད་ལ་སོགས་ཚིགས་བཅད་ཀྱིས། །མངོན་པར་བྱང་ཆུབ་མཚན་ཉིད་གསུངས། །འདོད་ཆགས་ལ་སོགས་རྣམ་དག་གང༌། །དཔལ་མཆོག་ལས་ཀྱང་གསུངས་པ་ཡིན། །དེ་ཉིད་དེ་བཞིན་གཤེགས་པས་ཀྱང༌། །ཐམས་ཅད་སྟོང་པར་གསུངས་པ་ཡིན། །སྣ་ཚོགས་མདོ་དང་རྒྱུད་ལས་ནི། །དེ་ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་གནས་འདི་ཉིད་ལ། །དེར་ནི་གཞན་དག་མ་གསུངས་སོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ཀྱང་སྙིང་པོར་གསུངས། །རལ་བ་གཅེར་བུ་མགོ་རེག་གམ། །ཅོད་པན་འདུས་པ་སྤོང་འཇུག་སྟེ། །སྣ་ཚོགས་རྟགས་ཅན་དེ་དང་དེ། །མངོན་པར་


TNT05_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་འདོད་པ་རྣམས། །དེ་ཉིད་དམན་པ་དེ་རྣམས་ཀྱིས། །བརྟུལ་ཞུགས་སྤྱོད་པ་ལ་སོགས་རིམ། །དེ་ཉིད་ཡེ་ཤེས་དམན་པས་ན། །དེས་ནི་གྲོལ་བ་རྙེད་མི་འགྱུར། །ཞེས་པ་སྟེ། འདི་ལ་འགོས་ལུགས་པ་རྣམས་འདོད་ཆགས་མ་ཡིན་སོགས་རང་བཞིན་བརྒྱད་ཅུ་དང༌། སྟོང་པ་མ་ཡིན་སོགས་སྣང་བ་གསུམ་སྤངས་པ་ལ་འཆད་པ་ཡང་ལེགས་ཆ་ཡང་ཡོད་ལ་འགལ་བ་ཡང་ཆེར་མི་སྣང་མོད། ཡང་ཆགས་མ་ཆགས་བྲལ་དང༌། སྟོང་མི་སྟོང་སོགས་སྤྱི་ལྡོག་ནས་བཤད་ན་གོ་བ་ལྷག་པར་ཆེ་བ་ཅིག་ཀྱང་ཡོད་མོད་ཀྱི། རེ་ཞིག་སྔར་སྨོས་པའི་དབང་དུ་བྱས་ནས་འདོད་ཆགས་མཆེད་པ་མ་ཡིན་ཞིང༌། ཆགས་བྲལ་སྣང་བ་མ་ཡིན་ལ། དབུ་མ་ཐོབ་པའི་མཚན་ཉིད་དུ་ཡང་ནི་མི་དམིགས་ཏེ། ཆོས་ཉིད་ནི་སྣང་བ་གསུམ་གྱི་དྲི་མས་མ་གོས་པའོ། །དེ་བཞིན་དུ་སྟོང་པ་སྟེ་སྣང་བ་དང་པོ་མ་ཡིན་ཞིང་མི་སྟོང་པ་སྟེ་མཆེད་པ་མ་ཡིན་ལ། དབུ་མ་སྟེ་ཐོབ་པར་ཡང་མི་དམིགས་སོ། །གང་སྣང་བ་གསུམ་ལས་འདས་པ་དེ་ན་ལུས་ངག་ཡིད་གསུམ་ལས་འདས་པའང་ཡིན་ནོ། །གང་ལ་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་ཡོད་པ་དེ་ནི་འཁྲུལ་བ་ཉིད་ཀྱི་ཕྱིར། རྣམ་པར་དག་པའི་སྐུ་གསུང་ཐུགས་རྡོ་རྗེ་རྟག་ཏུ་བཞུགས་པའི་མཚན་ཉིད་ཅན་མངོན་དུ་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་ཆོས་ཉིད་ནི་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པའི་ཡེ་ཤེས་སོ། །རྣལ་འབྱོར་མའི་རྒྱུད་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་ལེའུ་དང་པོ་ལས་ཀྱང་གཞུང་འདི་ཉིད་དུ་བཤད་པ་ལྟར། འོད་གསལ་ཐམས་ཅད་སྟོང་པ་ཉིད་གནས་ལུགས་སུ་རབ་ཏུ་


TNT05_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཏེ། ཡེ་ཤེས་གསུམ་དང་བྲལ་བའི་དེ་ཁོ་ན་ཉིད་གང་ཞིག་དགོངས་གཞི་སྣང་བ་གསུམ་སྤངས་པ་ལ་དགོངས་ནས། འདོད་ཆགས་མ་ཡིན་པ་ལ་སོགས་པའི་ཚིག་གིས་གསུངས་པ་ཡིན་ནོ། དེ་བཞིན་དུ་དཔལ་ལྡན་གསང་འདུས་རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པ་བྱང་ཆུབ་སེམས་ཀྱི་ལེའུ་ལས་ནི། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། ། སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ལ་སོགས་པ་རིགས་དྲུག་གི་བྱང་ཆུབ་སེམས་ཀྱི་ཚིགས་བཅད་ཀྱིས། མངོན་པར་བྱང་ཆུབ་པ་འོད་གསལ་གྱི་མཚན་ཉིད་འདི་གསུངས་སོ། འོད་གསལ་འདི་འདོད་ཆགས་ལ་སོགས་པ་དྲི་མ་ཐམས་ཅད་རྣམ་པར་དག་པའི་གནས་ཏེ། དག་གཞིའམ་སྦྱང་གཞི་གང་ཡིན་པ་དེ་ཡིན་ནོ་ཞེས་དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང་གསུངས་པ་ཡིན་ནོ། །དེ་ཡང་རྒྱུད་དེ་ལས་འདི་ལྟ་སྟེ། འདོད་ཆགས་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནས་སོ། ཞེས་དང༌། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ལ་ཡང་སྦྱར་ཏེ་གསུངས་སོ། །འོད་གསལ་དེ་ཉིད་ལ་དགོངས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་རྣམས་སུ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པར་གསུངས་པ་ཡིན་ནོ། །དེ་བས་ན་སྣ་ཚོགས་པའི་མདོ་སྡེ་དང་རྒྱུད་སྡེ་ལས་ནི་དེ་ཁོ་ན་ཉིད་གང་ཞིག་ཉེ་བར་བསྟན་པ་དེ་དག་ཐམས་ཅད་འོད་གསལ་བདེ་བ་ཆེན་པོ་ཐམས་ཅད་སྟོང་པའི་གནས་ཏེ། ཐམས་ཅད་སྟོང་པ་ཡང་ཡིན་ལ་གནས་ཀྱང་ཡིན་པའོ། གནས་ཀྱི་དོན་ནི་གཞི་ཡིན་པ་


TNT05_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྟོང་རྐྱང་མ་ཡིན་པར་ཡེ་ཤེས་ཡིན་པའོ། །མདོ་རྒྱུད་དེ་དང་དེར་ནི་མཐར་ཐུག་གི་བརྗོད་བྱ་དངོས་པོའི་གནས་ཚུལ་ནི་འོད་གསལ་འདི་ཉིད་ལས་གཞན་པ་དག་མ་གསུངས་སོ། །ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། མངོན་པར་བྱང་ཆུབ་ཀྱི་མཚན་ཉིད་འོད་གསལ་འདི་ནི། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོ། མཆོག་དང་གཅེས་པ་དང་མི་འགྱུར་བ་དང་སྦས་པའི་ཚུལ་གྱིས་གསུངས་སོ། མངོན་པར་བྱང་ཆུབ་ཅེས་པ་རྣམས་ལམ་རིམ་པ་ལྔའི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་ཁོ་ན་མ་ཡིན་གྱི། དོན་དམ་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བའི་མིང་ངོ༌། །གནས་འདི་མ་རྟོགས་ན་ནི་རལ་པའི་ཁུར་འཛིན་པའམ་གཅེར་བུའི་བརྟུལ་ཞུགས་བྱེད་པའམ་མགོ་རེག་སྟེ་མགོ་ཟླུམ་དུ་འདུག་པའམ་ཅོད་པན་ཏེ་ཐོད་དམ་དབུ་རྒྱན་འཆིང་བའམ། དེ་དག་ལ་སོགས་པ་སྣ་ཚོགས་པའི་རྟགས་ཅན་དང་སྤྱོད་ལམ་སྣ་ཚོགས་པ་འདི་ལྟ་སྟེ། འདུས་པ་ཚོགས་པའི་ནང་དུ་ཁྲིམས་ཀྱིས་གནས་པའམ། གཅིག་པུ་དབེན་པར་སྤོང་བར་ལ་འཇུག་པ་སྟེ་སྒོ་གསུམ་བསྡམས་པའི་སྤྱོད་ལམ་གཉིས་དང༌། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པར་ཁས་མཆེ་བའི་འདོད་ཡོན་མ་བསྡམས་པར་སྤྱོད་པའི་རིམ་པ་སྟེ་སྤྱོད་པ་གསུམ་པོ་དེས་མཚོན་པ། རྟགས་དང་སྤྱོད་པ་སྣ་ཚོགས་པ་དེ་དང་དེ་རྣམས་མངོན་པར་བྱང་ཆུབ་ཀྱི་གྲོལ་བ་ཐོབ་པར་འདོད་པ་ཡིན་ཡང༌། དེ་དག་རྣམས་སྣང་བ་གསུམ་དག་པའི་ཡེ་ཤེས་འདི་སྒོམ་ཚུལ་མི་ཤེས་ན། དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་དམན་པ་སྟེ་ཐབས་དང་བྲལ་བ་ཡིན་པས། དེ་རྣམས་ཀྱི་ལམ་དེས་


TNT05_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲོལ་བ་རྙེད་པར་མི་འགྱུར་ཏེ། ལམ་གྱི་དེ་ཁོ་ན་ཉིད་སྣང་བ་གསུམ་དག་པར་བྱེད་པའི་ཐབས་ཀྱིས་དམན་པའི་རྒྱུ་མཚན་གྱིས་ནའོ། །དེ་ཕྱིར་འདི་ན་གང་དག་ཐེག་དམན་འཕགས་པས་ཀྱང་དེ་ཉིད་རྟོགས་པས། དེ་ཉིད་རྟོགས་པ་ཙམ་ལ་འོད་གསལ་ལྷན་ཅིག་སྐྱེས་པ་མི་དགོས་ཀྱང༌། བདེ་བས་དེ་ཁོ་ན་ཉིད་རྟོགས་པ་ལ་དགོས་ཟེར་བ་སོགས་ནི། རིགས་པ་དང་མི་ལྡན་པའི་གྲུབ་མཐའ་ལ་མངོན་པར་ཆགས་པས་ཁས་བླངས་སྐྱོང་པའི་ཨུ་ཚུགས་ཁ་ཐལ་བ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་གནས་ལུགས་མཐར་ཐུག་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནས་གཟིགས་པའོ། །ཡང་གནས་ལུགས་རྟོགས་ན་དེའི་ཁྱད་པར་མཐའ་དག་རྟོགས་དགོས་པའི་རྒྱུ་མཚན་དུ་གནས་ལུགས་ཐམས་ཅད་རང་བཞིན་གཅིག་པ་འགོད་པ་དང༌། དོན་གྱི་རང་གི་ངོ་བོ་གཅིག་ཅེས་སོགས་འདྲེན་པའང་ཟབ་མོའི་དོན་ལ་དཔྱོད་སྐབས་གཡས་ཆུང་གི་རིག་པ་བཞད་གད་ཀྱི་གནས་ཡིན་ཏེ་འདིར་རྒྱས་པར་མ་སྤྲོས་སོ། །བདེ་བས་ཆོས་ཉིད་རྟོགས་པ་ཡང་ཆོས་ཉིད་བདེ་བའི་ངོ་བོར་ཤར་བ་རང་གིས་རྟོགས་པ་ལ་ཟེར་ན་ནི་ལེགས་ཀྱི། ཚོར་བ་བདེ་བས་རིག་ཤེས་ཀྱི་ཡུལ་བདེན་མེད་དྲན་པ་ལ་ཟེར་ན་ནི། ཁྱེད་ཅག་འདོད་པ་དེ་འདྲ་ནི་དང་པོ་ཉིད་དུ་མི་སྲིད་དོ། །ཅིས་མངོན་ཞེ་ན། རིག་ཤེས་ཀྱི་ཡུལ་ལ་འཇུག་པ་ནི་ཤེས་རབ་སེམས་པར་བཅས་པ་ཡིན་གྱི། ཚོར་བས་དཔྱད་པའི་ཡུལ་ཇི་ལྟར་དྲན་པར་བྱེད་སོམས་ཤིག་གུ །རྒྱས་བཤད་ཀྱི་རྩ་བའི་གསུམ་པ་ལམ་གྱི་ས་མཚམས་དང་བོགས་འབྱིན་བཤད་པ་ལ། ས་མཚམས་དང་བོགས་འབྱིན་གཉིས་སོ། །དང་པོ་ནི། དང་པོའི་ལས་ཀྱི་


TNT05_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་ཐོབ་པ་དང༌། །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་ པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཞེས་པ་སྟེ། དང་པོའི་ལས་ཀྱི་སྦྱོར་བ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་པ་ནས་བརྩམས་ཏེ། བསྐྱེད་རིམ་དང་ལུས་དབེན་དང་རྫོགས་རིམ་ཐུན་མོང་མ་ཡིན་པའི་རིམ་པ་དང་པོ་རྡོར་བཟླས་ངག་དབེན་གྱི་རིམ་པ་ཡན་ཆད་རྒྱུད་ལ་སྐྱེས་པ་སྟེ། དེས་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་བསྟན་ནས་བརྒྱད་པ་ཐོབ་པ་དང༌། མཉམ་པར་འགྱུར་རོ། །སྣང་བ་གསུམ་པོ་ཐོབ་པ་སྟེ་སེམས་དབེན་གྱི་ནང་ཚན་སྣང་བ་ཐོབ་པའི་ས་མཐར་ཕྱིན་པ་ཐོབ་པ་ནི་མདོ་ལུགས་ཀྱི་ས་བཅུ་པ་ཐོབ་པ་དང་མཉམ་པའི་གནས་སྐབས་ལ་ནི་རབ་ཏུ་གནས་པའོ། །ཐོབ་པའི་ས་མཐར་ཕྱིན་པའི་དཀྱུས་ཐོག་གཅིག་ལ་སྒྱུ་ལུས་ཀྱི་རིམ་པའི་སྐུ་ཐོབ་ངེས་པས་སྒྱུ་ལུས་ནི་དེ་ལས་ལོགས་སུ་མ་སྨོས་སོ། །མངོན་པར་བྱང་ཆུབ་པ་སྟེ་འོད་གསལ་གྱི་རིམ་པ་ལེགས་པར་ཐོབ་ན། ས་བཅུ་ཁྱད་པར་ཅན་རྒྱལ་ཚབ་ཆེན་པོར་དབང་བསྐུར་བ་དང་འདྲ་ཞེས་བརྗོད་ལ། གཙང་མའི་གནས་ཞེས་པ་ལ་ཆག་ལོ་ཙ་བས་དག་པའི་གནས་ནས་ཉེ་བར་རྟོགས་ཞེས་པར་བསྒྱུར་བས་གཙང་མ་དག་པར་བསྒྱུར་བ་ནི་ལེགས་ལ་འགྲོ་བ་རྟོགས་པར་བསྒྱུར་ནས་ཉོན་མོངས་དག་པའི་དོན་ཙམ་དུ་འཆད་པ་ནི་མི་ལེགས་ཏེ། སྔར་ཡང་ཡང་བཤད་ཟིན་པ་དང་ཟློས་པའི་ཕྱིར་རོ། །དེ་བས་ན་དོན་གྱི་འོད་གསལ་ཐོབ་ནས་རྩ་བའི་ལུས་དེ་མ་དག་པའི་ཞིང་དུ་མི་སྤྱོད་དེ།


TNT05_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་ཁམས་ཀྱི་གནས་སུ་ཉེར་བར་འགྲོ་བས་སངས་རྒྱས་ཀྱི་ཞིང་དག་པ་དེ་ནས་སླར་ལས་ཉོན་གྱི་དབང་གིས་ཁམས་གསུམ་གྱི་གནས་སུ་ཕྱིར་མི་ལྡོག་ཅིང་སྐྱེ་བ་མི་ལེན་ལ། ཟུང་འཇུག་གི་ལུས་དེ་ལ་འཆི་བ་མེད་པས་དེ་ནི་ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ཐེ་ཚོམ་མེད་པའོ། །དེ་ལ་དང་པོའི་ལས་ཞེས་པས། བསྐྱེད་རིམ་ཁོ་ན་བསྟན་པར་འདོད་པ་ལ་རྒྱུ་མཚན་མེད་ཅིང་འདིར་རྫོགས་རིམ་ཉིད་རྩལ་དུ་བཏོན་ནས་འཆད་པའི་སྐབས་ཡིན་པས། སེམས་དབེན་གྱི་ཡེ་ཤེས་མ་སྐྱེས་གོང་དུ་རྫོགས་པའི་རིམ་པ་ལ་བལྟོས་པའི་ལས་དང་པོ་པ་ཡིན་པར་དགོངས་པའོ། །སྒྱུ་ལུས་ཀྱི་རིམ་པའི་འཇུག་དང་འོད་གསལ་གྱི་རིམ་པའི་འགོ་རྣམས་ས་དགུ་པ་ཙམ་དང་སྦྱོར་བར་གསལ་ཡང་འདི་དག་སྔགས་ལམ་གྱི་ས་དངོས་ཐོབ་ཚུལ་ཡང་མིན། ཕར་ཕྱིན་ཐེག་པའི་ས་དེ་རྣམས་དང་སྔགས་ཀྱི་གནས་སྐབས་གསུམ་པོ་དེ་ཐད་ཀ་ན་ཡོན་ཏན་མཉམ་པའི་དོན་ཡང་མིན་གྱི། གོང་དུ་གསང་སྔགས་ཀྱི་ལམ་གྱིས་དཀའ་བ་མེད་ཅིང་མྱུར་དུ་བྱང་ཆུབ་སྒྲུབ་པ་ཡིན་ཞེས་བཤད་པ་ལས། ཉེ་བའི་ཚུལ་ཇི་ལྟར་ཡིན་པ་འདིར་བཤད་པ་སྟེ། དཔེར་ན་རྡོར་བཟླས་ཀྱི་ཉམས་རྟོགས་མན་ཆད་དབང་པོ་རྣོན་པོས་ལྟ་ཅི་སྨོས། སྔགས་ཀྱི་སྐལ་ལྡན་དབང་པོ་རྟུལ་པོས་ཀྱང་བརྩོན་པར་འབད་ན་ཚེ་གཅིག་ལ་ངེས་པར་གྲུབ་དགོས་ལ། དེ་ད་ལྟ་སོ་སོ་སྐྱེ་བོ་པ་ཡིན་ཡང་སངས་རྒྱས་ཐོབ་པ་ལ་ཤིན་ཏུ་ཐག་ཉེ་བར་གྱུར་པ་ནི་ཕར་ཕྱིན་ཐེག་པའི་ས་བརྒྱད་པ་པ་དང་འདྲ། སེམས་དབེན་མཐར་ཕྱིན་པ་ནི་མདོ་ལུགས་པའི་ས་བཅུ་ཐོབ་མ་ཐག་པ་དང་སངས་རྒྱས་ཀྱི་ས་ལ་ཉེ་རིང་འདྲ་ཞིང༌། འོད་གསལ་


TNT05_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པ་མཐར་ཕྱིན་ནས་ས་བཅུ་ཁྱད་པར་ཅན་དང་འདྲ་ཞེས་བྱ་བ་ཡིན་པས། དེ་ཡང་བྱང་ཆུབ་ལ་ཉེ་མི་ཉེ་དུས་རིང་ཐུང་ལ་ནི་མི་སྦྱོར་ཏེ། སྔགས་ཀྱི་གདུལ་བྱ་དབང་པོ་རྣོན་པོ་ཅིག་ལས་དང་པོ་པ་ཡིན་ཡང་སངས་རྒྱས་ཐོབ་པ་ལ་ཚེ་གཅིག་གིས་བར་དུ་ཆོད་པ་ཡང་མེད་པའི་ཕྱིར་དང༌། མདོ་ལུགས་ཀྱི་ས་བརྒྱད་པ་ལ་གནས་ཀྱང་སངས་རྒྱས་ཐོབ་པ་ལ་བསྐལ་བ་གྲངས་མེད་གཅིག་ཐོགས་དགོས་པར་གསུངས་པ་ལྟ་བུས་མཚོན་ནོ། །གནས་སྐབས་དེ་ན་ཡོན་ཏན་དེ་དང་དེ་ཕྱོགས་མཐུན་དུ་ཐོབ་པ་ཡང་མིན་ཏེ། འདིར་དོན་གྱི་འོད་གསལ་ཐོབ་པའི་མཐར་ཟུང་འཇུག་ཐོབ་ཀྱང་ཡོན་ཏན་བརྒྱ་ཕྲག་བཅུར་གསུངས་པ་ལྟ་བུ་ཡིན་ལ། མདོ་ལམ་གྱིས་བརྒྱད་པ་ལ་ནི་སྟོང་གསུམ་འབུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་དུ་གསུངས་པ་ལས། ཡིད་ཀྱི་ལུས་ཞིང་ཁམས་ཀུན་ཁྱབ་པ་སོགས་ཡོན་ཏན་མཐའ་མེད་པའི་ཕྱིར་རོ། །དེས་ན་ཐག་ཉེ་རིང་མཉམ་པའི་དོན་དང་པོའི་ལས་ཀྱི་སྦྱོར་བ་མཐར་ཕྱིན་པ་ན། དང་པོ་སྔགས་ལམ་ལ་མ་ཞུགས་པའི་དུས་ནས་ཇི་སྲིད་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་གྱི་བར་ལ་དུས་ཇི་ཙམ་དགོས་པ་དེའི་སུམ་གཉིས་འདས་སུམ་ཆ་གཅིག་ལུས་པས། དཔེ་བསྐལ་པ་གྲངས་མེད་གཉིས་ནི་རྫོགས་གཅིག་ལུས་པས་སངས་རྒྱས་ཀྱི་ས་ལ་ཉེ་བར་ཤེས་པ་འཇུག་པ་དང་འདྲ་བར་ལམ་འདི་ལ་དབུགས་དབྱུང་བ་དང་པོ་ཐོབ་པ་ཡིན་ནོ། །དེ་བཞིན་དུ་སྣང་བ་ཐོབ་པའི་ས་མཐར་ཕྱིན་པ་ན། ད་ནི་སངས་རྒྱས་མྱུར་དུ་ཐོབ་པར་འགྱུར་ཞེས་དབུག་ཕྱུང་སྟེ། དཔེར་ན་མདོ་ལུགས་ཀྱི་ས་བཅུ་པ་ཐོབ་མ་ཐག་པ་དེ། རྫོགས་པའི་སངས་རྒྱས་ཀྱི་བར་ལ་སའི་རིམ་པ་གཅིག་


TNT05_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེད་པ་ལྟ་བུའོ། །འོད་གསལ་ཐོབ་པ་དེ་ན་ཆེས་སངས་རྒྱས་ཀྱི་ས་ལ་མྱུར་བར་མཐོང་སྟེ། དཔེར་ན་དབང་བསྐུར་ཐོབ་པའི་ས་ལ་གནས་པའམ། འཇིག་རྟེན་ཀུན་རྫོབ་ལྟར་ན་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་དཔའ་ལྟ་བུར་སངས་རྒྱས་ཀྱི་གོ་འཕང་ཉམས་འོག་ཏུ་ཚུད་པ་དང་འདྲའོ། །འོན་ཀྱང་ད་དུང་འདི་ལ་གསངས་ཤིང་སྦས་པའི་གནད་གཅིག་ཡོད་དེ། འདིར་རྫོགས་པའི་སངས་རྒྱས་ཀྱི་དོད་སློབ་པའི་ཟུང་འཇུག་ལ་བྱེད་དགོས་ལ། ལམ་གྱི་སུམ་གཉིས་དང་སའི་རིམ་པ་གཅིག་དང༌། བར་ཆད་མེད་པར་འཇུག་ཚུལ་རྣམས་ཟུང་འཇུག་གི་རིམ་པ་ཐོབ་པར་འགྱུར་པའི་བར་ལ་བརྩི་དགོས་ཤིང༌། ཟུང་འཇུག་ཐོབ་པ་ཡན་ཆད་ལ་སྤྱིར་ས་བཅུའམ་བཅུ་གསུམ་སོགས་བགྲོད་དགོས་ཀྱང༌། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པས་དུས་ཀྱི་ངེས་པ་སྔགས་ཀྱི་ཐེག་པ་འདིར་མ་བཤད་དོ། །དེས་ན་ཕར་ཕྱིན་ཐེག་པའི་ས་དེ་དང་དེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཉེ་རིང་ཇི་ཙམ་ཡིན་པ་དེ་དང་དེ་དཔེར་བྱས་ནས། ཟུང་འཇུག་གི་རིམ་པ་མ་ཐོབ་གོང་གི་གནས་སྐབས་གསུམ་པོ་དེ་ཡང་ཟུང་འཇུག་ལ་འཇུག་ཚུལ་དཔེ་དེ་དང་འདྲའོ། །ཞེས་དཔེ་དོན་སྦྱོར་བ་ནི་གཞུང་དེའི་ཁོག་དོན་མཐར་ཐུག་པ་ཡིན་ནོ། །སྤྱོད་བསྡུས་ཀྱི་འགྲེལ་པ་འགྱུར་འཕྲོ་དེ་ལས་སྦྱོར་ལམ་བཅུ་གཉིས་དང་ས་བཅུ་གཉིས་སྦྱོར་བའི་དབང་དུ་བྱས་འདུག་པ་ཡང་དགོངས་དོན་མིན་ལ། མ་སྦྱངས་པ་འགའ་ཞིག་བསྐྱེད་རིམ་གྱིས་ས་བརྒྱད་པ་ཐོབ། ངག་དབེན་གྱི་ས་དགུ་པ་ཐོབ། སེམས་དབེན་གྱིས་བཅུ་པ་ཐོབ། སྒྱུ་ལུས་ཐོབ་པས་མདོ་ལུགས་ཀྱི་སངས་རྒྱས་དང་འདྲ། འོད་གསལ་གྱི་རིམ་པ་ས་བཅུ་


TNT05_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་མདོ་ལུགས་ཀྱི་སངས་རྒྱས་ལས་ལྷག་པར་སོང་ཟེར་ཞིང༌། སློབ་པའི་ཟུང་འཇུག་ས་བཅུ་གསུམ་པ། མི་སློབ་པའི་ཟུང་འཇུག་བཅུ་བཞི་པ། ཡང་ན་བཅུ་གསུམ་པའི་ཕྱེད་གོང་འོག་དང་དོན་གཅིག་ཅེས་ཟེར་བ་ནི། མདོ་སྔགས་ཀྱི་ལམ་འདི་དག་གི་མཚན་ཉིད་དང་རང་བཞིན་ཕྱོགས་ཙམ་ཡང་མ་ཤེས་བཞིན་དུ་བསམ་མནོ་མགོ་ཕུར་མ་རེ་བཏང་ནས། ཅི་བརྟོལ་བསྐྱེད་པ་ལ་བདུད་ཀྱིས་བྱིན་གྱིས་བརླབས་ནས་སྨྲ་བ་ལས་གཞན་ཅི་ཡང་མེད་དེ། བླུན་པོའི་ཚོགས་ནང་དུ་གཡོ་སྒྱུའི་དགག་སྒྲུབ་ཙམ་བྱེད་པར་ཟད་དོ། །དེ་དག་ནི་བརྡོལ་ཐབས་སུ་སྨྲ་བ་འགའ་ཞིག་ལ་རྒྱལ་ཕྲན་ནི་ཅི། ཁམས་ཀྱི་རྒྱལ་པོ་ནི་ཅི། འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཡང་ཅི་ཞེས་དྲིས་ན། ཁྱིམ་བཅུ་བཟུང་ན་རྒྱལ་ཕྲན་ཐོབ། །བརྒྱ་བཟུང་ན་ཁམས་ཀྱི་རྒྱལ་ཕྲན་ཐོབ། སྟོང་བཟུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་ཟེར་བ་དང་འདྲའོ། །འོ་ན་འདི་དག་གསང་སྔགས་རང་ལམ་གྱི་ས་མཚམས་དང་སྦྱོར་ཚུལ་ཇི་ལྟར་ཡིན་སྙམ་ན། བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་ན་ཚོགས་ལམ་ཆུང་ངུ་རྫོགས། ཕྲ་བ་ལ་བརྟན་པ་ཐོབ་ན་འབྲིང་བོ་རྫོགས། ལུས་དབེན་ངག་དབེན་གྱིས་ཚོགས་ལ་མཆེད་པོ་རྫོགས་ཟིན་ནས། སེམས་དབེན་གྱི་ས་གསུམ་པོ་སྦྱོར་ལམ་དྲོད་ཆེ་འབྲིང་ཆུང་གསུམ་དང༌། སྒྱུ་ལུས་ཀྱི་རིམ་པའི་འགོ་གཞུག་ལ་རང་བཞིན་གྱི་རྣམ་རྟོགས་རགས་པ་ཚན་གསུམ་འགག་ཚུལ་ལ་རྩེ་མོ་གསུམ་སྟེ། ཞེ་སྡང་གི་རྟོག་པར་རགས་པ་ཙམ་འགགས་པའི་གནས་སྐབས་ནི་རྩེ་མོ་ཆུང་ངུ་དང༌། དེའི་སྟེང་དུ་འདོད་ཆགས་ཀྱི་རྣམ་རྟོག་རགས་པ་འགགས་པ་ནི་རྩེ་མོ་འབྲིང་དང༌། དེ་སྟེང་གཏི་མུག་གི་རྣམ་རྟོག་རགས་པ་ཡང་འགགས་པ་ནི་རྩེ་མོ་


TNT05_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའོ། །དེ་ནས་འོད་གསལ་གྱི་རིམ་པ་ལ་སློབ་བཞིན་པའི་སྐབས་སུ་རྣམ་རྟོག་གསུམ་པོ་དེའི་རིགས་ཀྱི་རྟོག་པ་ཕྲ་མོ་རྣམས་རིམ་ཅན་དུ་འགགས་པའི་གནས་སྐབས་གསུམ་ནི་བཟོད་པ་ཆེ་འབྲིང་ཆུང་གསུམ་མོ། །འདིར་རྣམ་རྟོག་རགས་པ་དང་ཕྲ་བ་འགགས་ཞེས་པ་འདི་རྣམས་ཐུན་རེ་ལ་འགགས་པས་གོ་མི་ཆོད་ཀྱི། གང་ཟག་དེའི་རྒྱུད་ལ་མངོན་གྱུར་བ་གཏན་ནས་མི་སྐྱེ་བའི་གནས་སྐབས་ཐོབ་པའོ། །མངོན་པར་བྱང་ཆུབ་པའི་དུས་ཀྱི་སྣང་བ་གསུམ་པོ་ནི་ཆོས་མཆོག་ཆེ་འབྲིང་ཆུང་གསུམ་ཡིན་ལ། དོན་གྱི་འོད་གསལ་ཐོག་མར་ཐོབ་པའི་སྐབས་དེ་ནི་མཐོང་ལམ་ཡིན་ནོ། །ཟུང་འཇུག་གི་རིམ་པ་རྒྱུད་ལ་སྐྱེས་པ་ཕན་ཆད་ནི། སྒོམ་ལམ་སྟེ་འདི་ལ་འཕགས་པའི་ས་བཅུར་དབྱེ་བར་བྱ་བ་ཡིན་ནོ། །གཉིས་པ་བོགས་འདོན་ནི། ཆས་འབྱུང་མངོན་པར་བྱང་ཆུབ་པའི། ། ཆགས་སོགས་རོལ་མོ་རྒྱ་ཆེན་པོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་ལྟར་རྙེད་པའི་སྤྱོད་པས་སོ། །མངོན་པར་རྟོགས་པར་གང་གྱུར་པ། །བླ་མེད་མངོན་པར་བྱང་ཆུབ་པའི། །སྤྲོས་བཅས་ལ་སོགས་སྤྱོད་པ་ཡིས། །རྣལ་འབྱོར་པ་ནི་འདིར་སློབ་བ། །གཟོད་ནས་དག་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། ། གང་ཞིག་དེ་ལྟར་འདིར་རྟོག་ན། །ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི་ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །རང་བཞིན་སྣང་བའི་


TNT05_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ཤེས་ཤིང༌། །དེ་ཉིད་བཞི་པ་ལ་བརྟེན་ཀྱང༌། །གང་ཞིག་རྣམ་གསུམ་མི་སློབ་ན། །དེས་ནི་འབྲས་བུ་ཐོབ་མི་འགྱུར། །ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། །ཞེས་པ་སྟེ། ལམ་གྱི་བོག་འདོན་ལ་སྤྱིར་རྣམ་གྲངས་དུ་མ་འབྱུང་ཡང༌། ལམ་གྱི་རྐང་ཡིན་ལ་བོགས་འདོན་མཐར་ཐུག་ཏུ་ཡང་གྱུར་པ་ནི་སྤྱོད་པ་གསུམ་མོ། །དེ་ཡང་གཞུང་འདིར་སེམས་དབེན་སྒྱུ་ལུས་འོད་གསལ་ཟུང་འཇུག་སྟེ་རིམ་པ་བཞི་ཅར་བསྟན་པ་ལས་ཐམས་ཅད་ལ་འཇུག་པའི་དབང་དུ་བྱས་ཤིང༌། གཙོ་བོར་སེམས་དབེན་གྱི་སྐབས་སུ་དགོས་པའི་དབང་དུ་བྱས་ པའོ། །དེ་ཡང་ཆོས་འབྱུང་ལས་དང་ཡེ་ཤེས་གྱི་ཕྱག་རྒྱ་ལ་རོལ་བའི་མངོན་པར་བྱང་ཆུབ་པ་ནི། བདེ་སྟོང་གི་ཡེ་ཤེས་ཀྱི་གྲོགས་ཏེ་འདོད་ཆགས་ཀྱི་སྤྱོད་པ་སྣ་ཚོགས་པ་ལ་སོགས་པའི་རོལ་མོ་ནི་རོལ་བ་སྟེ། ལྷའི་ཆས་སུ་ཞུགས་པ་དང་གར་དང་གླུ་དང་བརྡ་ལ་སོགས་པ་ལོངས་སྤྱོད་ཀྱི་སྤྲོས་པ་རྒྱ་ཆེན་པོ་དང་ལྡན་པས་ཆོས་དབྱིངས་མངོན་པར་བྱང་ཆུབ་པའི་བདེ་བ་ཆེན་པོ་འོད་གསལ་ལ་ཐབས་ཇི་ལྟར་རྙེད་པ་དང་མཐུན་པའི་སྤྱོད་པས་སོ། །དེ་ཡང་སྐབས་འདིར་རྒྱ་ཆེན་པོ་ཞེས་པ་ཡན་ཆད་ཀྱི་སྤྲོས་བཅས་དང༌། དེའི་རྗེས་ནས་སྤྱོད་པས་སོ་ཡན་ཆད་ཀྱིས་སྤྲོས་མེད་སྟོན་ནོ་ཞེས་འགོས་ལུགས་པ་རྣམས་བཞེད་པ་ནི་ཚིག་དོན་ལ་ཤིན་ཏུ་འབྱོར་ལ། མངོན་པར་རྟོགས་པ་ཞེས་སོགས་ཚིག་རྐང་གཉིས་ཀྱིས་ཤིན་ཏུ་སྤྲོས་མེད་སྟོན་ནོ་གསུང་ནའང། འོག་ཏུ་འཆད་པ་ཉིད་ཚིག་དོན་དུ་སྣང་ངོ༌། །དེས་ན་སེམས་དབེན་མཐར་ཐུག་སྒྱུ་ལུས་དང་བཅས་


TNT05_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མཐོང་ལམ་ཟུང་འཇུག་དང་བཅས་པ་སོགས་མངོན་པར་རྟོགས་པ་གང་ཞིག་ཐོབ་པར་འགྱུར་བའི་ཐབས་བླ་ན་མེད་པ་མངོན་པར་བྱང་ཆུབ་བདེ་བ་ཆེན་པོའི་རྒྱུ། སྤྲོས་བཅས་ལ་སོགས་པ་སྤྱོད་པ་རྣམ་པ་གསུམ་གྱི་སྒོ་ནས་རྣལ་འབྱོར་བ་ནི་ལམ་འདིར་སློབ་པ། འོ་ན་སྟོང་པ་དང་ལྷ་སྐུ་དང་བདེ་བ་རྣམས་སེམས་ཉིད་གཟོད་མ་ནས་དག་པའི་རང་བཞིན་ཅན་ལ་དེ་དག་ངོ་བོ་ཉིད་ཀྱིས་གྲུབ་ན། སྤྱོད་པ་ལ་བསླབ་པའི་སྦྱོར་བས་ཅི་ཞིག་བྱ། ངོ་བོ་ཉིད་ལ་སྤྲོས་བྲལ་བཟོ་མེད་དུ་བཞག་པ་ཁོ་ནས་ཆོག་གི།རྣམ་རྟོག་གི་སྤྲོས་པ་དང་བཅས་པའི་སྤྱོད་པ་དེ་ལས་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མི་སྐྱེའོ། །ཞེས་དེ་ལྟར་སྐྱེས་བུ་གང་ཞིག་སྐབས་འདིར་རྟོག་པར་བྱེད་ན། །རྣམ་རྟོག་དེ་ནི་ཡེ་ཤེས་ཀྱི་རིམ་པའམ་རྒྱུ་སྤངས་ཤིང་སྐུར་བ་འདེབས་པའོ། །ཟབ་མོའི་གནས་འདི་ལ་བདེ་སྟོང་དང་དཀྱིལ་འཁོར་ལ་སོགས་པ་ཁྱད་ཆོས་ཀྱི་དབྱེ་བ་ཕྲ་མོ་མང་པོ་མངོན་དུ་བྱེད་དགོས་པ་དང༌། མ་ཤེས་པ་ཤེས་པར་བྱ་བའི་ཕྱིར་སླར་ཡང་ལྷའི་ཚུལ་དང་སྟོང་པའི་ཚུལ་དང་བདེ་བའི་ཚུལ་དུ་མ་ལ་སློབ་པར་འགྱུར་བ་སྟེ། དེ་ལྟར་བསླབས་པས་གཞི་ལ་གནས་པ་དེ་མངོན་དུ་འགྱུར་རོ། །དེས་ན་རྣལ་འབྱོར་པ་གང་དག་རང་བཞིན་སྣང་བའི་དབྱེ་བ་ཤེས་པ་སྟེ་སེམས་དབེན་ཐོབ་པ་དང༌། དེ་ཉིད་བཞི་པ་སྟེ་ཐོབ་པ་སྐད་ཅིག་མ་བཞི་པ་ཐམས་ཅད་སྟོང་པ་དཔེའི་འོད་གསལ་གྱིས་ཐོབ་ཅིང༌། སྒྱུ་ལུས་ཀྱི་སྐུ་མངོན་སུམ་དུ་བྱས་པ་ལ་བརྟེན་པ་ཡིན་ཡང༌། གང་ཞིག་སྤྱོད་པ་རྣམས་པ་གསུམ་ལ་མི་སློབ་པ་དེས་ནི་ཚེ་འདི་ལ་འབྲས་བུ་ཟུང་འཇུག་ཐོབ་པར་མི་འགྱུར་རོ། །དཔེར་ན་ཤིང་ལ་མེའི་


TNT05_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གནས་པ་ཡིན་ཡང་མ་གཙུབས་ན་མེ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་གདོད་ནས་སེམས་ཉིད་བདེ་སྟོང་གི་དཀྱིལ་འཁོར་ཆེན་པོར་གནས་ཀྱང༌། བྱང་ཆུབ་ལ་བསླབ་པ་སྤྱོད་པ་གསུམ་དང་བྲལ་ན། རྣལ་འབྱོར་བ་དེས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་པ་འབྱུང་བར་མི་འགྱུར་རོ། །རྩ་བའི་གསུམ་པ་བཤད་ཟིན་རྗེས་ཀྱི་དོན་ལ། སྣོད་བརྟག་པ་དང་དགེ་བ་བསྔོ་བའོ། །དང་པོ་ནི། གང་ཞིག་གཡོ་སྒྱུའི་བློ་ལྡན་ལེ་ལོ་ཅན་དག་དང༌། ཉོན་མོངས་བླ་མའི་སྐྱོན་རྣམས་མཐོང་ཞིང་ཡོན་ཏན་མིན། །བླ་མ་ལ་སྨོད་དབང་བསྐུར་ཐོབ་ཅེས་རློམ་སེམས་འགྱུར། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར། །བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་པར་འདོད། ། ཡང་དག་ཚིག་མ་ཡིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། །ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ན་ཕྱག་བྱེད་ འགྱུར། །དེ་ལྟར་རང་བཞིན་ངན་གྱུར་དམན་པའི་སློབ་མ་ནི། །རང་གི་བུར་གྱུར་ཡིན་ཡང་གཞན་བཞིན་ཡོངས་སུ་སྤང༌། །རྒྱལ་རིགས་རྗེ་རིགས་མཆོག་ལས་སྐྱེས་པར་གྱུར་པ་ཡང༌། །བརྟན་པས་ནམ་ཡང་དེ་ནི་དྲུང་དུ་བཞག་མི་བྱ། །ཡོན་ཏན་མཆོག་ལྡན་ཡེ་ཤེས་བརྩོན་པར་བཅས་པ་དང༌། །ཡང་ན་བླ་མ་ལ་གུས་སངས་རྒྱས་དང་མཉམ་ལྟ། །རྒྱལ་བའི་ཆོས་རྣམས་རྟོགས་ཤིང་བརྟན་ལ་ཤིན་ཏུ་དད་དེ་འདིར་སྣོད་གྱུར་ཡིན་ཕྱིར་དེ་ལ་དྲིན་སྦྱིན་བྱ། །རྒྱུད་མང་རབ་ཏུ་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང༌། །བླ་མའི་བསྙེན་བཀུར་དམན་ཕྱིར་ལུང་ཐོབ་མ་གྱུར་བ། །དེ་ནི་བདག་ཕན་ཙམ་ལའང་དབང་མེད་བསྟན་


TNT05_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མཆུ། དེ་ཡི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་ཡིན། །ཡང་ན་སྐལ་ལྡན་གྱུར་ཞིང་དེ་ཉིད་མན་ངག་ ཐོབ། །གང་ཞིག་བློ་གྲོས་བླུན་མིན་དོན་ནི་སྦྱོར་ནུས་པ། །གཞན་དོན་བྱ་བའི་བློ་ཡི་སྟོབས་ལ་རབ་ཏུ་འཇུག །ཚིག་གི་ཡོན་ཏན་མེད་ན་དེ་ཡང་བརྙས་བཅས་འགྱུར། །རྒྱུད་མང་ཐོས་ཤིང་ཤེས་ལྡན་གནས་དྲུག་ཤེས་པ་དང༌། དྲན་དང་བློ་གྲོས་བརྟན་བློ་བརྩོན་པ་ཕུན་ཚོགས་ལྡན། །བླ་མའི་ཞབས་བཀུར་བཅས་ཤིང་དེ་ཉིད་ལུང་ཐོབ་པ། །རྒྱུད་རྒྱལ་མན་ངག་དེ་ཡིས་བསྟན་པར་འོས་པ་ཡིན། །ཚིག་འདི་དག་ནི་གོ་སླ་མོད་ཀྱི་ཅུང་ཟད་ཙམ་བརྗོད་ན། །གཡོ་རྒྱུ་ཅན་ནི་དམ་ཚིག་རྣམ་པར་མི་དག་པའི་རྒྱུའོ། །ལེ་ལོ་ཅན་ནི་སྒོམ་པ་ལ་གཡེལ་བའི་ཕྱིར་མན་ངག་གི་སྣོད་མ་ཡིན་པའོ། །ཇི་སྲིད་དུ་གཡོ་སྒྱུ་དང་ལེ་ལོ་འཆང་བ་དེ་སྲིད་དུ་ནི། སེམས་རྣམ་པར་དབེན་པ་ཡན་ཆད་ཀྱི་ཉམས་མྱོང་ལྟ་ཅི་སྨོས། གསང་སྔགས་ཐུན་མོང་མ་ཡིན་པའི་ཉམས་མྱོང་སྣ་རེ་ཡང་མི་སྐྱེའོ། ཁྱད་པར་དུ་བླ་མ་ལ་སྨོད་པའམ་དབང་བསྐུར་ཐོབ་པ་ཙམ་གྱིས་རློམ་སེམས་སུ་གྱུར་ནས། རྡོ་རྗེ་སློབ་དཔོན་གྱི་ང་རྒྱལ་བྱེད་པ་དེ་དག་ནི་བློ་གྲོས་དམན་པའི་སེམས་ལྡན་དེ་དག་རེ་ཞིག་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་འགྱུར་རོ། །རང་རྒྱུད་ཉོན་མོངས་པས་གང་བའི་དབང་གིས་བླ་མའི་མཛད་པ་རྣམས་སྐྱོན་དུ་མཐོང་གི །ཡོན་ཏན་རྣམས་ཀྱང་ཡོན་ཏན་ཡིན་པར་ཤེས་པ་མ་ཡིན་ལ། ཡོན་དང་སྤྱོད་ལམ་གྱི་སྒོ་ནས་བླ་མ་ལ་མཆོད་ཅིང་བསྙེན་བཀུར་བྱེད་པ་མེད་པར་ཡང་ཡུས་གསོལ་བའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱི།


TNT05_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཞུ་བ་ལ་སྒུག་ལོང་ཙམ་མེད་པར་མྱུར་དུ་ཐོབ་པར་འདོད་པ་དང༌། བླ་མ་འདི་ནི་ཡང་དག་པ་མ་ཡིན་པའི་ཚིག་གྱབས་སྐོར་དང་རྫུན་གསུང་ངོ་ཞེས་ཁྲོ་བ་དང་བཅས་པས་གཡོ་བ་སྟེ་སྐྱོན་སྒྲོག་པར་འགྱུར་རོ། །དཔེ་འགའ་ལས། ཚིག་རྣམས་འཇམ་པོས་མིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། ཞེས་འབྱུང་ན། བླ་མས་དངོས་སམ་ལྐོག་ཏུ་བཀའ་བཀྱོན་པ་མི་ཐེག་པའོ། །ཡང་ཁ་ཅིག་ཆེ་འདོད་ཀྱི་ང་རྒྱལ་མ་དོར་བས་སྐྱེ་བོ་མང་པོའི་ཚོགས་ཀྱི་ནང་ན་བླ་མ་བཞུགས་པ་མཐོང་ན་ཡང་རྒྱབ་ཀྱིས་ཕྱོགས་ནས་ཕྱག་འཚལ་བར་མི་བྱེད་ལ། དེ་ནས་བླ་མ་དེ་ནི་དབེན་པར་འདུག་ན་དེར་སོང་སྟེ་ཕྱག་བྱེད་པར་འགྱུར་བའི་རིགས་ཀྱང་ཡོད་དེ། དེ་ལྟར་རང་བཞིན་ངན་པར་གྱུར་པ་སྐལ་བ་དམན་པའི་སློབ་མ་དེ་ནི་རང་གི་བུར་གྱུར་པ་ཡིན་ཡང་འབྲེལ་མེད་གཞན་བཞིན་ཡོངས་སུ་སྤང་པར་བྱ་ལ། རྒྱལ་རིགས་རྗེ་རིགས་མཆོག་ལས་སྐྱེས་པ་ཡིན་ཡང༌། བརྟན་པ་སློབ་དཔོན་གྱིས་ནམ་ཡང་དེ་ནི་རང་གི་དྲུང་དུ་བཞག་པར་མི་བྱའོ། །ཡང་མན་ངག་བསྟན་པར་བྱ་བའི་སྣོད་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་དད་པ་ལ་སོགས་པ་ཡོན་ཏན་མཆོག་དང་ལྡན་ཞིང་སྒྲིན་ལ་བློ་གསལ་བས་ཡེ་ཤེས་ཏེ་ཤེས་པ་དང་ལྡན་པ་དང༌། ལམ་སྒོམ་པ་ལ་བརྩོན་འགྲུས་ཀྱིས་བརྩོན་པར་བཅས་པ་དང༌། ཡང་ན་བློ་གསལ་བ་དང་བརྩོན་པ་སོགས་མེད་ཀྱང་བླ་མ་ལ་གུས་པ་སྟེ། བླ་མ་སངས་རྒྱས་ཐམས་ཅད་དང་མཉམ་པར་ལྟ་བ་དེ་ཡང་སྣོད་དུ་རུང་བ་ཡིན་པ་དང༌། སྤྱི་ལྡོག་ནས་ནི་ཤེས་རབ་མཆོག་དང་ལྡན་པས་རྒྱལ་བས་གསུངས་པའི་ཆོས་ཀྱི་དོན་རྣམས་རྟོགས་ཤིང་སྙིང་སྟོབས་དང་དམ་བཅའ་ཤིན་ཏུ་བརྟན་ལ། ཆོས་དང་


TNT05_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ་ཤིན་ཏུ་དད་པ་དང་ལྡན་པ་དེ་ནི་སྐབས་འདིར་སྣོད་དུ་གྱུར་པ་ཡིན་པའི་ཕྱིར། དེ་ལ་མན་ངག་གི་བཀའ་དྲིན་སྦྱིན་པར་བྱའོ། །འདིར་ཡང་ན་ཞེས་འབྱུང་བའི་དོན་ཡོན་ཏན་གཞན་རྣམས་ཚང་ན་རང༌། ཡང་ན་ཡོན་ཏན་གཞན་མེད་ཀྱང་བླ་མ་ལ་མཆོག་ཏུ་གུས་པ་དེ་རྗེས་སུ་བཟུང་བར་བྱའོ། །ཞེས་པའོ། །བླ་མ་ལ་མཆོག་ཏུ་གུས་པ་མེད་ན་ནི་ཤེས་རབ་དང་བརྩོན་འགྲུས་ལ་སོགས་པ་ཡོད་ཀྱང་མི་ཕན་ཏེ། རྒྱུད་མང་པོ་རབ་ཏུ་ཐོས་ཤིང་སྡེ་སྣོད་གསུམ་གྱི་ལུང་ལ་ལེགས་པར་སྦྱངས་ཀྱང༌། ང་རྒྱལ་གྱི་དབང་གིས་བླ་མའི་བསྙེན་བཀུར་དང་བྲལ་ལ། བསྙེན་བཀུར་གྱིས་དམན་པས་རང་གི་རྒྱུད་མ་བྱང་ཞིང༌། སློབ་དཔོན་ཡང་མི་མཉེས་པས་ཞལ་གྱི་གདམས་པ་ཟབ་མོའི་ལུང་ཐོབ་པར་མ་གྱུར་བ་དེ་ནི་བྱིན་རླབས་མ་ཞུགས་པའི་ཕྱིར། བདག་ལ་ཕན་པའི་ཉམས་ལེན་ཙམ་ལའང་དབང་ཐོབ་པ་མེད་པ་སྟེ། བསྒོམས་ཀྱང་འབྲས་བུ་མི་འབྱུང་ན་གཞན་སྨིན་ཞིང་གྲོལ་བར་ནུས་པའི་རེ་ཐག་ཆད་དོ། །དཔེ་འགའ་ལས་བསྟན་པའི་མཆུ་ཞེས་པ་འབྱུང་ཡང། བསྟན་བཅོས་མཆུ་ཞེས་འགའ་ཞིག་ལས་འབྱུང་བ་དག་པར་བྱེད་ལ། མཆུ་ཞེས་མཆུ་གང་སྟེ་ཁེངས་པའི་དོན་དུ་འཆད་པ་དང༌། གལ་གྱིས་མཆུ་བ་ཞེས་པ་ནན་ཆགས་ཀྱི་བརྡ་རྙིང་ཡིན་པ། བླ་མའི་ངག་གིས་མ་བརྒྱན་ཡང་བསྟན་བཅོས་རང་གིས་མཐོང་བ་ཙམ་ལས་གོ་བ་ཕྱོགས་རེ་ལ་བརྟེན་སམ་རྒྱུ་མཚན་མེད་ཀྱང་ནོར་བའི་གྲུབ་མཐའ་ལ་དམ་པོར་ནན་གྱིས་འཛིན་པ་ཡིན་ནོ་ཞེས་གསུང་ན་གཉིས་ཀར་ཡང་མི་འགལ་མོད་ཀྱི། འདིར་བསྟན་བཅོས་མཐོང་བ་ཙམ་གྱིས་ང་རྒྱལ་བྱེད་པའི་དོན་དུ་བཟུང་ངོ༌། །


TNT05_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་འགའ་ཞིག་ལས་བསྟན་བཅོས་མཐུ་ཞེས་འབྱུང་ཞིང༌། ཊིཀྐ་འགར་དེ་ལ་བཤད་པ་བྱེད་པའང་ཡོད་མོད། ཡི་གེ་མ་དག་པར་མངོན་ནོ། །དེས་ཤེས་པའི་བསྟན་བཅོས་དེ་དག་ནི་རང་གཞན་གྱི་དོན་གང་ཡང་མི་འབྱུང་བས་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་ཡིན་ནོ། །ཡང་ནི་གང་ཟག་གཞན་བླ་མ་ལ་གུས་པའི་སྐལ་བ་དང་ལྡན་པར་གྱུར་ཞིང་དེ་ཁོ་ན་ཉིད་ཀྱི་མན་ངག་ཐོབ་ལ། གང་ཞིག་སྐྱེས་སྟོབས་ཀྱི་བློ་གྲོས་བླུན་པོ་མིན་པས་དོན་ནི་གོ་ཞིང་ཉམས་ལེན་ལ་སྦྱོར་བར་ནུས་པ་དེ་ནི་རང་དོན་སྒོམ་པ་ལ་དབང་པ་ཡིན་ལ། རྒྱུད་ལུང་ཤེས་པ་སོགས་ཚིག་གི་ཡོན་ཏན་མེད་ན་གཞན་དོན་བྱ་བའི་བློ་ཆོས་སྟོན་པ་ལ་རབ་ཏུ་འཇུག་ཀྱང་སྐྱེ་བོ་གཞན་གྱིས་བརྙས་པ་དང་བཅས་པར་འགྱུར་རོ། །རྒྱུད་མང་པོ་ཐོས་ཤིང་ཤེས་རབ་མཆོག་དང་ལྡན་ལ། དགོངས་པ་དགོངས་མིན་དྲང་དོན་ངེས་དོན་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་སྟེ། གནས་སམ་མཐའ་དྲུག་གི་དོན་མ་འདྲེས་པར་འབྱེད་ཤེས་པ་དང༌། དྲན་པ་དང་བློ་གྲོས་ཏེ་རིག་པ་དང༌། བརྟན་པའི་བློ་སྟེ་རྒྱུད་གཅིག་པས་བློ་སྣ་ཉུང་བ་དང༌། བརྩོན་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བླ་མའི་ཞབས་ལ་བཀུར་བསྟི་བྱས་པ། དེ་ཁོ་ན་ཉིད་ཀྱི་ལུང་ཐོབ་པ་དེ་ནི་གཞན་དོན་བྱེད་པ་པོ་སྟེ། གང་ཟག་དེ་འདྲ་ཡིས་རྒྱུད་ཀྱི་རྒྱལ་པོ་བཤད་པ་དང༌། མན་ངག་བསྟན་པར་འོས་པ་ཡིན་ནོ། །གཉིས་པ་དགེ་བ་བསྔོ་བ་ནི། འཕགས་པ་རྡོ་རྗེ་ཅན་གྱི་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས། །གསལ་བར་རྣམ་སྤྲས་ཚིག་གིས་བྱང་ཆུབ་ལམ་ནི་རྣམ་ཕྱེ་བས། ཤཱཀྱའི་བཤེས་གཉེན་གྱིས་ནི་དགེ་བ་གང་ཞིག་བསགས་པ་དེས། །མཁས་ཤིང་གསལ་བའི་རྣམ་


TNT05_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པས་བྱང་ཆུབ་སྣོད་གྱུར་ཤོག །འཕགས་པ་རྡོ་རྗེ་ཅན་ཞེས་པ་ནི། འཕགས་པ་ཀླུ་སྒྲུབ་ནི་གཞུང་བྱེད་པ་པོ་ཉིད་ཀྱིས་ཕྱིར་དང༌། རྩ་བའི་བླ་མར་སྟོན་པའི་ཕྱིར་རྡོ་རྗེ་ཅན་ཞེས་སྨོས་སོ། །རྣམ་སྤྲས་ནི་ཚིག་ཟུར་ཕྱིན་པའོ། །རྣམ་པར་སྨིན་པ་ནི་འབད་བརྩོན་མེད་པར་ཞེས་པའི་དོན་ནོ། ། ཡང་འདི་སྐད་དུ། བླ་ན་མེད་པའི་དགོངས་པ་ཞེས་བྱ་བ། ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་སྟེ་རིམ་པ་གཉིས་པའོ། །ཞེས་པ་ནི་གཞུང་གི་མཚན་བསྟན་པ་སྟེ། བླ་ན་མེད་པའི་དགོངས་པ་ནི་སེམས་ཉིད་རྣམ་པར་དག་པའི་དགོངས་པ་རྟོགས་པར་བྱེད་པའི་ཐབས་བླ་ན་མེད་པ་སྟེ། རྟོག་པ་ཐམས་ཅད་དག་པ་སེམས་དབེན་དང༌། སྣང་གསུམ་རྣམ་པར་དག་པ་དོན་གྱི་འོད་གསལ་གྱི་རིམ་པ་རྒྱས་པར་སྟོན་པའོ། །རིམ་པ་གཉིས་པ་དགོངས་པ་བླ་ན་མེད་པའི་གཞུང་གསལ་བར་ཕྱེ་ཟིན་ཏོ། །འདི་འོག་ཏུ་བདག་བྱིན་རླབས་དང་མངོན་པར་བྱང་ཆུབ་ཀྱི་ཚུལ་ལ་མཁས་དགོས་ཏེ། དེ་ལ་ཡང་སེམས་རྣམ་པར་དབེན་པས་རྟོགས་ན་འོད་གསལ་གྱི་རིམ་པ་གསལ་བར་རྟོགས་པར་མི་འགྱུར་ལ། དེ་མ་རྟོགས་ན་ཟུང་འཇུག་གི་ཕྱོགས་གཅིག་རྟོགས་པར་མི་འགྱུར་བས། སེམས་རྣམ་པར་དབེན་པ་དང༌། བདག་བྱིན་གྱིས་རླབས་པ་ལ་མཁས་པར་བྱེད་དགོས་སོ། །རིམ་པ་གསུམ་པ་བདག་བྱིན་གྱི་རླབས་པའི་རིམ་པ་བཤད་པ་ལ། གཞུང་ལ་འཇུག་པ་དང༌། གཞུང་དངོས་ཀྱི་དོན་ནོ། །དང་པོ་ལ་མཆོད་བརྗོད་ནི། རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་ཏེ། ཞེས་པ་སྟེ། རྡོ་རྗེ་ཅན་རྣམ་སྣང་ལ་སོགས་པ་སངས་རྒྱས་ཀུན་གྱི་


TNT05_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའམ་བདག་པོའམ་ཁྱབ་བྱེད་སངས་རྒྱས་ཀུན་ཀྱི་སྤྱི་གཟུགས་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་པ་གཞུང་གི་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བ་སྟེ། མི་སློབ་པའི་ཟུང་འཇུག་ལས་རྩ་བའི་སྐུ་ནི་རྡོ་རྗེ་འཆང་དངོས་ཡིན་ལ། སློབ་པའི་ཟུང་འཇུག་གི་སྒྱུ་ལུས་ལ་དག་པའི་སྒྱུ་ལུས་སུ་གྲགས་པ་དང༌། རིམ་པ་བཞི་པའི་སྒྱུ་ལུས་ལ་མ་དག་པའི་སྒྱུ་ལུས་སུ་གྲགས་པ་རྣམས་ཀྱང་སྐུ་གསུང་ཐུགས་དབྱེར་མེད་པ་རྡོ་རྗེ་འཆང་གི་རང་བཞིན་ལམ་དུ་བྱེད་ནུས་པའི་ཐུན་མོངས་མ་ཡིན་པའི་ལམ་ཡིན་པས། རྡོ་རྗེ་འཆང་གི་སྐུའི་རིགས་ལམ་གྱིས་བསྡུས་པ་ཡིན་པས་སོ། །རྩོམ་པར་དམ་བཅའ་བ་ནི། བདག་བྱིན་རླབས་པའི་རིམ་པ་ནི། བརྩེ་བས་བདག་གིས་བཤད་པར་བྱ། ཞེས་པ་སྟེ། བརྩེ་བས་ཞེས་པ་རིམ་པ་འདི་ནི་ཤིན་ཏུ་རྟོགས་དཀའ་བ་ཡིན་ཡང༌། གཞན་ལ་བརྩེ་བས་གོ་བ་གང་རྙེད་སླ་སླའི་སྒོ་ནས་བཤད་དོ། །ཞེས་སོ། །གཉིས་པ་གཞུང་དངོས་ཀྱི་དོན་ལ། རྒྱུ་ལུས་ཀྱི་གདམས་ངག་སྟོན་པའི་སྔོན་དུ་བྱ་བའི་རིམ་པ་དང༌། དངོས་གཞི་བདག་བྱིན་རླབས་པའི་རིམ་པ་གསལ་བར་བཤད་པ་དང༌། རྗེས་བླ་མ་མཆོད་ཅིང་བཀའ་རྒྱས་བཏབ་པའི་ཚུལ་ཏེ་གསུམ་མོ། །དེ་ལ་དང་པོ་ནི། དེ་ལ་དང་པོར་བསྐྱེད་པའི་རིམ་པའི་ཞེས་པ་ནས། དེ་ནས་བདག་ལ་བྱིན་རླབས་ཙམ་ཞེས་པའི་བར་ཏེ། འདི་ལ་དབྱེ་ན། སྒྱུ་ལུས་ཀྱི་གདམས་པའི་སྣོད་སློབ་མའི་མཚན་ཉིད། དེས་རྡོ་རྗེ་སློབ་དཔོན་མཉེས་པར་བྱེད་པའི་ཐབས། སློབ་དཔོན་གྱི་བྱ་བ་དབང་བསྐུར་བའི་རིམ་པ། བདག་བྱིན་རླབས་བཤད་པའི་དོན་དུ་བསྟོད་ཅིང་གསོལ་བ་འདེབས་པ་སྟེ་བཞིའོ། །དང་པོ་ནི། དེ་ལ་དང་པོར་


TNT05_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པས་རྗེས་སུ་འབྲངས་པས་དབང་བསྐུར་བ་ཐོབ་ཅིང༌། རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ། ཤེས་རབ་དང་ལྡན་ཞིང་ལུས་དང་ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ། བདེན་པ་རྣམ་པ་གཉིས་ལ་ལྷག་པར་མོས་པས་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ཏེ། ཞེས་པ་སྟེ། དེ་ལ་སྐབས་འདིའི་སློབ་མའི་མཚན་ཉིད་ནི། དམ་ཚིག་དང་ལྡན་པ། རྒྱུད་ལ་མཁས་པ། ངེས་དོན་གོ་བ། སྔོན་འགྲོས་རྒྱུད་བྱང་བ། བདེན་པ་གཉིས་ཀྱི་མཚན་ཉིད་ཤེས་ལ་མན་ངག་སྔར་མ་ཐོབ་ཅིང་འཕྲལ་དུ་ཐོབ་པར་འདོད་པ། བླ་མའི་ཐུགས་ཡང་དག་པར་མཉེས་པ་སྟེ། ཁྱད་ཆོས་དྲུག་དང་ལྡན་པ་དགོས་པའོ། དང་པོའི་དབང་དུ་བྱས་ནས། དེ་ལ་དང་པོར་ཏེ་སྔོན་གསང་སྔགས་ལ་འཇུག་པའི་དུས་སུ་དབང་བསྐུར་བའི་ཆོ་ག་རྣམ་པར་དག་པས། སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་དབང་བསྐུར་ཞུས་པས་སློབ་མ་རང་ཉིད་ཀྱི་རྒྱུད་ལ་དམ་ཚིག་དང་སྡོམ་པ་ཐོབ་ཅིང་མ་ཉམས་པ་ཞིག་དགོས་ཏེ། དབང་ཡང་ཇི་ཙམ་ཐོབ་པ་དགོས་སྙམ་ན། རྫོགས་རིམ་ཆ་ཚང་བར་བསྒོམ་པའི་དབང་དུ་བྱས་པ་ཡིན་པས་དབང་བཞི་ཀ་ཐོབ་པ་དགོས་སོ། །སྨིན་བྱེད་བུམ་དབང་ཙམ་ལས་མ་ཐོབ་ན་ནི། དབེན་པ་གསུམ་གྱི་ཐོས་པ་འཛིན་པར་ཡང་མི་རུང་ཞིང༌། སྐབས་འདིའི་བདེན་པ་གཉིས་ཀྱི་མཚན་ཉིད་ཉན་པར་ཡང་མི་རུང་ངོ༌། །དེས་ན་འདིར་དབང་བསྐུར་བ་ཐོབ་པ་ཞེས་སྨོན་པ་ནི། བདག་བྱིན་གྱིས་རླབས་པའི་རིམ་པའི་ཡན་ལག་ཏུ་གྱུར་བའི་དབང་དེ་སྟོན་པ་མ་ཡིན་ཏེ། སྒྲུབ་པ་པོ་དེ་དང་པོར་དབང་གིས་རྒྱུད་སྨིན་པ་ཞིག་དགོས་ཞེས་པའི་དོན་ཡིན་པས་མ་སྨིན་པ་


TNT05_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་དམ་ཐོག་མའི་སྨིན་བྱེད་དབང་བཞི་ཀ་ཐོབ་པའོ། །འོ་ན་བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་བ་ཞེས་པས་བུམ་དབང་ཁོ་ན་ལ་བྱ་བ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། འདིའི་དོན་ནི་རྡུལ་ཚོན་ནམ་རས་བྲིས་སམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན་ཡང་རུང་སྟེ། སློབ་མ་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དེ་བསྐྱེད་རིམ་གྱི་སྒྲུབ་ཐབས་ཀྱིས་བསྒྲུབས་པ་ཅིག་དགོས་པའི་དོན་ཏེ། དེ་ཡང་ས་ཆོག་དང་སྟ་གོན་དང་དཀྱིལ་འཁོར་ཞག་གི་ཆོ་ག་དང་མཆོད་གཏོར་གྱི་ཆོ་ག་སྤྲོས་པ་དང་དཀྱིལ་འཁོར་ཉེར་བསྡུ་ལ་སོགས་པ་ཡང་བསྐྱེད་རིམ་གྱི་ཆོ་གའི་ཡན་ལག་ཡིན་ཞིང༌། གཙོ་བོར་དངོས་གཞིའི་དཀྱིལ་འཁོར་སྒྲུབ་པའི་སྐབས། གསང་བ་འདུས་པ་འཕགས་ལུགས་ཉིད་ཀྱི་དབང་དུ་བྱས་ན། བདག་མདུན་དབྱེར་མེད་པའི་ཚུལ་གྱིས་ཡན་ལག་དྲུག་དང་དེ་ཉིད་བཞི་བཅུ་ཞེ་དགུ་ལ་སོགས་པའི་རིམ་པས་དཀྱིལ་འཁོར་སྒྲུབ་པ་ནི། བསྐྱེད་རིམ་གྱི་རྗེས་སུ་འབྲངས་པ་དངོས་ཡིན་ནོ། །སྤྱིར་ནི་འདུས་པ་རྩ་བཤད་ཀྱི་རྒྱུད་ལ་བརྟེན་ནས། ཀླུ་སྒྲུབ་ཀྱིས་གཞུང་འདི་མཛད་པ་ཙམ་ཡིན་གྱི། བརྗོད་དོན་ནི་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པས། སྨིན་བྱེད་ཀྱི་དབང་འདི་དང་འཆད་པར་འགྱུར་བ་ཡེ་ཤེས་སྐྱེད་པའི་དབང་གཉིས་ཀའི་སྐབས་སུ། སྒྱུ་མ་བདེ་མཆོག་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པ་ལས་འབྱུང་བ་མཆོག་སྒྲུབ་ཀྱི་དཀྱིལ་འཁོར་གང་ལ་བརྟེན་ཀྱང་རུང་ཞིང། ཆོ་ག་ཡང་ཉི་ཤུ་པ་ལྟ་བུ་ཁོ་ནར་མ་ཟད་དེ། ཚད་དང་ལྡན་པ་གང་ལ་བརྟེན་ཡང་རུང་ངོ༌། །དཀྱིལ་འཁོར་དང་ཆོ་ག་ཕྱོགས་རེ་བ་ཁོ་ན་དང་འབྲེལ་དགོས་པ་མིན་ནམ་སྙམ་ན། དེ་ཡང་དཀྱིལ་འཁོར་ངེས་ཅན་གཅིག་དང་


TNT05_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྒྲིགས་གཅིག་ཁོ་ན་འབྲེལ་གྱི་གཞན་དང་མི་འབྲེལ་ན་དེ་ཙམ་ངོ་མཚར་ཆེ་བ་མ་ཡིན་གྱི། དཀྱིལ་འཁོར་གཅིག་གམ་དུ་མ་ཇི་ལྟ་བུ་དང་འབྲེལ་ཡང་རུང་ཆོ་ག་དེ་ཡང་ཚད་ལྡན་ཞིག་ཡིན་ཕྱིན་ཆད་དུ། ས་བཅུའི་བྱང་ཆུབ་སེམས་དཔའ་འམ་གྲུབ་བརྙེས་རྣམས་ལས་རྒྱུན་མ་ཆད་པ་ཁོ་ན་ངོ་མཚར་ཞིང་གལ་ཆེའོ། །ཡེ་ཤེས་སྐྱེད་པར་བྱེད་པའི་དབང་ལ་ནི། སློབ་དཔོན་དེ་རྫོགས་རིམ་གྱི་ཡེ་ཤེས་དངོས་ཐོབ་པ་ཡིན་ན། སྤྲོས་པའི་ཆོ་ག་དེ་དག་གིས་བསྒྲུབ་མི་དགོས་ཏེ། ལུས་དབེན་གྱི་ལྷ་དང་བདག་བྱིན་རླབས་པའི་རིམ་པའི་ལྷ་སྐུ་ཐུན་མོང་མ་ཡིན་པའི་བདེ་སྟོང་གི་ཉམས་དང་མ་བྲལ་བ་སྒོམ་པ་ཉིད་རྫོགས་རིམ་གྱི་དཀྱིལ་འཁོར་སྒྲུབ་པ་ཡིན་ལ། ཅི་སྟེ་ཡན་ལག་དྲུག་དང་དེ་ཉིད་ཞེ་དགུ་ལ་སོགས་པའི་རིམ་པས་གསལ་བཏབ་དུ་ཟིན་ཀྱང་བསྐྱེད་རིམ་དུ་མི་འགྲོ་བར་རྫོགས་རིམ་གྱི་ལྷ་སྐུར་འཆར་བ་ཡིན་ནོ། །དེས་ན་བསྐྱེད་རིམ་གྱི་དཀྱིལ་འཁོར་སྒྲུབ་ཚུལ་དང་འབྲེལ་བའི་དབང་བསྐུར་བ་ཞེས་པ་སྟེ། ཐོག་མའི་སྨིན་བྱེད་ཀྱི་དབང་བསྐུར་ལ་དེ་ཙམ་གྱིས་ཀྱང་ཆོག་ཅེས་མ་མཐའ་གཟུང་བའི་ཚིག་ཡིན་གྱི། རྫོགས་རིམ་གྱི་དཀྱིལ་འཁོར་སྒྲུབ་ནུས་པས་ཀྱང་བསྐྱེད་རིམ་ལ་མ་བརྟེན་ན་གོ་མི་ཆོད་པར་བསྐྱེད་རིམ་གྱི་རྗེས་སུ་འབྲངས་པ་དགོས་ཞེས་པའི་དོན་མིན་ནོ། །སློབ་དཔོན་རྫོགས་རིམ་གྱི་དཀྱིལ་འཁོར་སྒྲུབ་ནུས་པ་ཞིག་གིས། སློབ་མ་ཡང་དེའི་སྣོད་དུ་གྱུར་པ་ལ་རྫོགས་རིམ་གྱི་སྒྲུབ་ཚུལ་ཁོ་ནས་དཀྱིལ་འཁོར་བསྒྲུབས་ཏེ། དབང་བསྐུར་ན་ཐོག་མའི་སྨིན་བྱེད་ལ་ཡང་བསྐྱེད་རིམ་ལས་འདི་ཉིད་ཆེས་མཆོག་ཏུ་འགྱུར་བར་གོ་དགོས་སོ། །གཉིས་པའི་དབང་དུ་བྱས་


TNT05_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྒྱུད་སྡེ་རྣམ་པ་བཞིའི་དགོངས་པ་ཤེས་པ་ནི། སྡེ་སྣོད་གསུམ་ཡང་ཤུགས་ལ་བསྟན་ཏེ། མདོར་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་དང་སྔགས་ཀྱི་ཐེག་པའི་ལམ་རིམ་གྱི་སྙིང་པོའི་དོན་ཁོང་དུ་ཆུད་ཅིང༌། དེ་དག་ལ་ཡིད་ཆེས་པའི་དད་པ་ཕུན་སུམ་ཚོགས་པ་ཐོབ་པའོ། །གསུམ་པའི་དབང་དུ་བྱས་ནས། བདག་མེད་པ་དང་སྤྲོས་པ་དང་བྲལ་བ་དང་རང་བཞིན་གྱིས་འོད་གསལ་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་དོན་ལ་ངེས་པ་རྙེད་པའི་ཤེས་རབ་དང་ལྡན་པའོ། །བཞི་པའི་དབང་དུ་བྱས་ནས། ལུས་རྣམ་པར་དབེན་པ་དང༌། ངག་རྣམ་པར་དབེན་པ་དང༌། ཡིད་དེ་སེམས་རྣམ་པར་དབེན་པའི་དོན་དང་པོར་བླ་མ་ལ་ཐོས་ཤིང༌། སྐབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དངོས་ཀྱི་དབང་དུ་བྱས་ན། དབེན་པ་དང་པོ་གཉིས་ཀྱི་རྟོགས་པ་རྫོགས་ལ། སེམས་དབེན་ཉེར་ཐོབ་ཀྱི་ཉམས་མྱོང་ཅི་རིགས་པ་རྒྱུད་ལ་སྐྱེས་པ་ཞིག་དགོས་ལ། རྗེས་མཐུན་པའི་དབང་དུ་བྱས་ན། དབེན་གསུམ་གྱི་ཉམས་མྱོང་ཅུང་ཟད་ཤར་བ་ཡིན་ན་རབ། ཐ་མར་ཡང་དབེན་གསུམ་གྱི་མན་ངག་ཤེས་པའི་ཐོས་པ་འཛིན་པའོ། །ལྔ་པའི་དབང་དུ་བྱས་ནས་ཀུན་རྫོབ་བདེན་པ་སྒྱུ་ལུས་ཀྱི་རིམ་པ་དང༌། དོན་དམ་བདེན་པ་འོད་གསལ་གྱི་རིམ་པའི་རྣམ་གཞག་རགས་པ་དང་ཕན་ཡོན་གྱི་ཆེ་བ་རྣམས་གོ་བས་རིམ་པ་དེ་གཉིས་ལ་མོས་པ་ཁྱད་པར་ཅན་སྐྱེས་ཤིང༌། རིམ་པ་དེ་གཉིས་སྒྲུབ་པར་བྱེད་པའི་ལག་ལེན་མན་ངག་ཞལ་གྱི་གདམས་པ་ཞིབ་མོ་དང་བཅས་པ་མ་ཐོབ་པས། དེ་འདྲ་ཐོབ་འདོད་ཀྱི་འདུན་པ་དྲག་པོ་ཡོད་པའོ། །དྲག་པོའི་དབང་དུ་


TNT05_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་སློབ་དཔོན་མཉེས་པར་མ་བྱས་ན། མཚན་ཉིད་གཞན་ལྔ་པོ་དེ་དག་རགས་རིམ་རེ་ཚང་དུ་ཆུག་ཀྱང༌། སྒྱུ་ལུས་ཀྱི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཐོས་པར་མི་འགྱུར་བའམ། ཐོས་ཤིང་གོ་བ་ཙམ་ཡིན་དུ་ཆུག་ཀྱང་བླ་མའི་བྱིན་རླབས་ཀྱི་སྟོབས་དང་བྲལ་བའི་ཕྱིར། བདག་བྱིན་རླབས་དངོས་ལྟ་ཅི་སྨོས། རྗེས་མཐུན་པ་ཡང་མངོན་དུ་མི་འགྱུར་བས། ལོངས་སྤྱོད་དང་སྤྱོད་ལམ་དང་སྒྲུབ་པའི་སྒོ་ནས་བླ་མ་མཉེས་པར་བྱེད་པའོ། །འདིར་བྱས་ཏེ་ཞེས་པ་ནི། དེ་ལྟར་བྱས་ནས་གསོལ་བ་བཏབ་ན་དོན་འགྲུབ་པའོ། །གཉིས་པ་རྡོ་རྗེ་སློབ་དཔོན་མཉེས་པར་བྱེད་པའི་ཐབས་ཁྱད་པར་ཅན་ལ་བསླབ་པ་ནི། དེའི་འོག་ཏུ་བླ་མ་མཉེས་པར་གྱུར་ནས་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ། ལོ་བཅུ་དྲུག་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕུལ་ཏེ། ཞེས་པ་སྟེ་འདི་ནི་སྔ་རོལ་ཏུ་མཉེས་པ་གསུམ་གྱི་བླ་མ་མཉེས་པར་བྱས་ཟིན་པ་ནས། བླ་མ་མཉེས་པར་གྱུར་པ་དེ་ལ་སྐབས་འདིར་སྒྱུ་ལུས་ཀྱི་རིམ་པ་ཞུ་བའི་དོན་དུ། སླར་ཡང་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་མཆོད་པས་མཉེས་པར་བྱ་དགོས་པ་ལས། སྤྱི་ཁྱབ་ཀྱི་མཆོད་པ་ནི་ཚོགས་ཀྱི་འཁོར་ལོའི་མཆོད་པ་བཟང་ཞིང་རྒྱ་ཆེན་པོ་བྱས་པ་དང༌། ཁྱད་པར་གྱི་མཆོད་པ་གསང་བའི་དབང་བསྐུར་ལ་སོགས་པའི་དོན་དུ་རིག་མ་ལོ་བཅུ་དྲུག་ལོན་པ་ཕུལ་ཏེའོ། །བཞི་པ་སློབ་དཔོན་གྱི་བྱ་བ་དབང་བསྐུར་བའི་རིམ་པ་ལ། དཀྱུས་ཀྱི་འགྱུར་ལས། དེའི་འོག་ཏུ་བླ་མའི་ཞལ་སྔ་ནས། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་


TNT05_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས། དེའི་འོག་ཏུ་འཕྲེང་བ་དང་ཆུ་དང་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་དང་དྲིལ་བུ་སྦྱིན་པ་དང་མེ་ལོང་དང་མིང་དང་སློབ་དཔོན་དང་རྗེས་སུ་གནང་བ་སྟེ། དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས་ཞེས་པ་སྟེ། མན་ངག་ཐོབ་ནས་ཞེས་པ་འདིར་ཆག་འགྱུར་ལས། མན་ངག་ཐོབ་པར་བྱ་བའི་ཆེད་དུ་ཞེས་འབྱུང་བ་དག་སྟེ། འགྱུར་རྙིང་གི་སྟེང་ནས་འཆད་པ་མར་འགོས་ཀྱི་རྗེས་འབྲང་རྣམས་ཀྱང་དོན་ཆག་འགྱུར་བཞིན་དུ་འཆད་པ་ལ། གཞུང་ཚིག་དང་མ་འགྲིག་ནས་མན་ངག་ཐོབ་པར་བྱའོ་ཞེས་བླ་མས་ཁས་བླངས་ནས། ཞེས་འབྲུ་གནོན་པར་བྱེད་དོ། །དེ་ཡང་ཚོགས་ཀྱི་མཆོད་པ་བྱས་པ་དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་བླ་མའི་ཞལ་སྔ་ནས་ཀྱིས་རྡོ་རྗེ་སློབ་མ་དེས། བདག་བྱིན་བརླབ་ཀྱི་རིམ་པའི་མན་ངག་ཐོབ་པར་འགྱུར་བ་དང་སྒྱུ་ལུས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་བའི་ཆེད་དུ། སློབ་མ་ལ་གསང་བའི་དབང་བསྐུར་བ་བྱེད་དགོས་ཏེ། དེ་ཡང་གསང་དབང་ཁོ་ན་མ་ཡིན་པར་ཚོགས་ཀྱི་འཁོར་ལོ་གྲོལ་བ་དེའི་འོག་སྟེ་རྗེས་སུ་མེ་ཏོག་འཕྲེང་བའི་དབང་དང་ཆུ་དབང་དང་རྫོགས་པའི་སངས་རྒྱས་ལྔའི་ཅོད་པན་གྱི་དབང་དང་རྡོ་རྗེའི་དབང་དང་དྲིལ་བུ་སྦྱིན་པའི་དབང་དང་མིག་ཐུར་དང་བཅས་པའི་མེ་ལོང་གི་དབང་དང༌། མིང་གི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་དང༌། རྗེས་སུ་གནང་བའི་དབང་སྟེ། ཐུན་མོང་གི་དབང་དགུ་པོ་དེ་དག་སྔོན་དུ་འགྲོ་བ་དང་བཅས་པར་གསང་བའི་དབང་བསྐུར་ཏེ་དབང་དེའི་ཡེ་ཤེས་དཔེ་དོན་གཉིས་ལས། དཔེའི་ཡེ་ཤེས་ངེས་པར་རྒྱུད་ལ་སྐྱེས་ཤིང་ཐོབ་པར་བྱའོ། །ནས་ཞེས་པ་ནི་དོན་


TNT05_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་འོག་མ་དང་སྦྲེལ་བའི་ཚིག་གོ །དེས་ན་སྐབས་འདིར་དབང་བསྐུར་བ་ནི་སྒྱུ་ལུས་ཀྱི་རྣམ་གཞག་ཉན་པ་ཙམ་གྱི་སྣོད་རུང་དུ་བྱེད་པའི་དབང་མ་ཡིན་པར་སྒྱུ་ལུས་ཀྱི་ཉམས་རྟོགས་བསྐྱེད་པའི་དབང་ཡིན་པའི་ཕྱིར། སྤྱིར་སྨིན་བྱེད་ཀྱི་དབང་བཞི་སྔ་རོལ་ནས་ཐོབ་ཟིན་པ་དགོས་པས། དབེན་གསུམ་ཞུ་བ་ལ་དབང་གོང་མ་གསུམ་ཐོབ་དགོས་མི་དགོས་དཔྱད་པ་འཇུག་པ་རང་ཡང་གཞུང་དོན་མ་གོ་བའི་རྣམ་འགྱུར་ཡིན་ཞིང༌། གསང་དབང་དུ་མ་ཟད་ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་བསྐུར་བ་ཡིན་ཏེ། གསང་དབང་ཐོབ་ནས་ཞེས་པ་ཡན་ཆད་སྒྱུ་ལུས་ཀྱི་སྔོན་འགྲོའི་དབང་དུ་བྱས་པ་ཡིན་ལ། དབང་གསུམ་པ་དང་བཞི་པ་ལ་སྒྱུ་ལུས་དངོས་གཞིའི་ཚུལ་དུ་ངོ་སྤྲོད་དགོས་པ་ཡིན་པས། འོག་ཏུ་སྒྱུ་ལུས་ཉིད་བཤད་པས་དོན་འགྲུབ་པར་དགོངས་ནས། སྐབས་འདིར་གཞན་གཉིས་ཀྱི་གསལ་ཁ་མ་བྱུང་བ་ཡིན་ནོ། །སྤྱིར་གསང་དབང་དང་ཤེར་དབང་ལ་རྟེན་ཅན་རྟེན་མེད་ལ་སོགས་པའི་རྣམ་གཞག་དུ་མ་ཡོད་ཀྱང༌། འདིར་ནི་རྟེན་ཅན་དུ་ཡོངས་སུ་གྲགས་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཉིད་ཡིན་ཏེ། གཞུང་གི་དངོས་བསྟན་ལས་གཞན་པའི་དམིགས་གསལ་མེད་ཅིང་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པའི་དགོས་པ་དང་ཡང་འབྲེལ་བའི་ཕྱིར་རམ། འདི་ཉིད་གང་ལ་བརྟེན་པ་འདུས་པ་ལ་སོགས་པའི་རྒྱུད་འདི་དག་དངོས་བསྟན་གྱི་ལས་རྒྱ་ལ་ལྷག་པར་བསྔགས་པའི་རྒྱུད་ཀྱི་རིགས་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱུད་གང་ལས་ལས་རྒྱ་ལ་བསྔགས་པ་དེ་ནི་ཐབས་ཁྱད་པར་ཅན་དུ་འགྱུར་བ་ལ་དགོངས་ཤིང༌། རྒྱུད་གང་ཞིག་གཞན་དག་ལས་ལས་རྒྱ་ལ་སྨད་པ་དེ་ནི་དོན་དམ་པའི་ལམ་ཡིན་ཞིང་


TNT05_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་ལམ་མ་ཡིན་པ་ལ་དགོངས་པས། རྒྱུད་གཉིས་ཀར་གྱི་དགོང་པ་ཡང་ལས་རྒྱའི་བདེ་བ་མཚོན་བྱེད་དཔེའི་ཡེ་ཤེས་སུ་དགོས་པ་དང༌། ངེས་དོན་མཐར་ཐུག་ནི་དེ་མ་ཡིན་ཏེ་ཕྱག་རྒྱ་ཆེན་པོའི་བདེ་ཆེན་ཁོ་ནའོ། །ཞེས་པར་དགོངས་པ་མཐུན་ཡང་གནས་སྐབས་ཚིག་གི་སྟོན་ཚུལ་ལ་ཁྱད་པར་ཆེ་ཆེ་འདྲ་བ་ཡོད་པ་ལྟར། འཕྲལ་གྱི་ལག་ལེན་སྤྱོད་པ་ཀུན་ལའང་ཁྱད་པར་ཅུང་ཟད་འབྱུང་དགོས་ཏེ། གཞན་དུ་ན་ཚིག་དེ་ལྟར་བསྟན་པ་ལ་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །བཞི་པ་བསྟོད་ཅིང་གསོལ་བ་འདེབས་པ་ནི། བསྟོད་པ་འདིས་བླ་མ་ལ་བསྟོད་པར་བྱའོ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་ མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམ། །སྤྱོད་ལམ་དག་ནི་ཐམས་ཅད་དུ། ཁྱོད་ནི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང༌། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་རྡོ་རྗེ་སློབ་དཔོན་ལ་ཡང་དག་པའི་བསྟོད་པས་བསྟོད་ནས། ཚིགས་སུ་བཅད་པ་འདིས་མཉམ་པར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་


TNT05_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། ཁྱོད་ཞབས་པད་མོ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱི། །དེ་བས་བློ་མཆོག་མཉེས་པར་མཛོད། །ཅེས་པ་སྟེ། གསང་དབང་བསྐུར་བའི་རྗེས་སུ་བསྟོད་པ་དང་གསོལ་འདེབས་འདི་བྱེད་པ་ཡིན་པས། བསྟོད་ཅིང་གསོལ་བ་འདེབས་པ་འདི་སྒྱུ་ལུས་ཀྱི་གདམས་ངག་ཞུ་བའི་སྔོན་འགྲོ་ཡིན་གྱི། གསང་དབང་གི་ཐོག་མར་དགོས་རྒྱུ་མ་ཡིན་ནོ། །སྤྱིར་བསྟོད་པ་དང་གསོལ་བཏབ་ཀྱི་རིགས་རྣམས་ཇི་ལྟར་འོས་འོས་སུ་སྦྱོར་བ་ཡིན་པས། དབང་དང་གདམས་ངག་ལ་སོགས་པའི་སྐབས་གང་དུ་ཡང་གསོལ་བ་ཇི་ལྟར་བཏབ་ཀྱང་འགལ་བ་ཆེར་མེད་མོད། སྒྱུ་ལུས་ཀྱི་རིམ་པའི་བསྟོད་པ་གསོལ་འདེབས་གསང་དབང་དང༌། རིམ་པ་བཞི་པའི་བསྟོད་པ་དང་གསོལ་འདེབས་ཤེར་དབང་ལ་སོ་སོར་ངེས་བཟུང་སྦྱོར་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དེ། སྐབས་འདིའི་སྒྱུ་ལུས་འོད་གསལ་གྱི་རིམ་པ་གཉིས་ཀའི་སྐབས་སུ། གསང་དབང་མན་ཆད་སྔོན་དུ་སོང་ནས་ཤེར་དབང་དང་བཞི་པ་སྦྲགས་པ་རེ་ལ། སྒྱུ་ལུས་སམ་འོད་གསལ་དུ་ངོ་སྤྲོད་པར་མཚུངས་པའི་ཕྱིར་རོ། །ཅི་སྟེ་དབང་ཆོག་ལ་སྦྱོར་བར་བྱེད་ན། གཉིས་ཀར་གསུམ་པ་དང་བཞི་པ་སྦྲགས་པ་རེ་དང་འབྲེལ་བ་ཡིན་གྱི་གསང་དབང་ལ་ཤིན་ཏུ་འབྲེལ་བ་ཡང་མ་ཡིན་ནོ། །ཡང་སྒྱུ་ལུས་གསང་དབང་གི་ལམ་ཡིན་ཞིང༌། །འོད་གསལ་ཤེར་དབང་གི་ལམ་ཡིན་པས་དེ་གཉིས་དེ་ལ་འབྲེལ་ལོ་སྙམ་ན། འདི་ནི་སྔགས་ཀྱི་ཐེག་པའི་གཞུང་


TNT05_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྤྱི་དང༌། ཁྱད་པར་ལམ་སྲོལ་འདིའི་སྨུ་མགོ་བའི་རྣམ་འགྱུར་ཆེན་པོ་ཡིན་ཏེ། སྤྱིར་རྫོགས་རིམ་གྱི་ཡེ་ཤེས་མཚན་ཉིད་པ་ཅིག་ལམ་གྱི་རིམ་པའི་མཐོ་དམན་གང་ན་ཡོད་ཀྱང་རུང་སྟེ། ཡན་ལག་བདུན་ལྡན་གྱི་ཡེ་ཤེས་ལམ་དུ་བྱེད་དགོས་པ་ཡིན་པའི་ཕྱིར། དབང་བཞིའི་ཡེ་ཤེས་ཀྱི་ཆ་ཤས་ཀུན་འདུས་པ་ཁོ་ན་ཡིན་པས། དབང་བཞི་ལམ་བཞིའི་བགོ་བཤའ་བྱེད་པ་མཐའ་གཅིག་ཏུ་དགོས་པ་ཡང་མ་ཡིན་ལ། ཕྱོགས་འདིར་བིར་ཝ་པའི་ལམ་སྐོར་སོགས་ལ་གྲགས་པ་ལྟར། དབང་བཞིའི་ཡེ་ཤེས་སོ་སོར་ཤས་ཆེ་ཆུང་གི་ཁྱད་པར་ལས་རྣམ་གཞག་དེ་ལྟར་བྱེད་པ་ལྟར་ན་བྱེད་པ་དེ་ལ་འགལ་བ་ཡང་མེད་མོད་ཀྱི། དེ་ལྟར་ན་ལུས་དབེན་ལ་བུམ་དབང༌། ངག་དབེན་ལས་གསང་དབང་སེམས་དབེན་སྣང་མཆེད་ཐོབ་གསུམ་དངོས་ལ་ཤེར་དབང་གི་ལམ་དུ་བཞག་ནས། སེམས་དབེན་ཉེར་ཐོབ་ཀྱི་སྐད་ཅིག་མ་བཞི་པ་དང༌། སྒྱུ་ལུས་འོད་གསལ་ཟུང་འཇུག་རྣམས་དབང་བཞི་པའི་ཐོབ་སྐལ་ཁོ་ན་ཡིན་པའི་ཕྱིར་སྒྱུ་ལུས་དང་འོད་གསལ་གྱི་རིམ་པ་དབང་བཞི་པ་དང་སྦྱོར་བ་ཉིད་འཐད་དོ། །གཞན་ཡང་བསྟོད་པ་དང་གསོལ་གདབ་འདི་དག་ནི། སྒྱུ་ལུས་དང་འོད་གསལ་གྱི་གདམས་ངག་ངོ་སྤྲོད་ཀྱི་སྐབས་ཀྱི་དབང་ཁོ་ནའི་བྱ་བ་ཡིན་གྱི། མ་སྨིན་པར་སྨིན་པར་བྱེད་པའི་དབང་བསྐུར་ལས་དང་པོ་པ་ལ་བྱ་བ་དེའི་ཆོ་གའི་ཡན་ལག་ཏུ་མཛད་པ་མ་ཡིན་པས། ཆོ་ག་ཚིག་འདོན་རྒྱས་པ་ཁོ་ན་ལྷུར་བྱེད་པ་ལ་དགའ་བ་ནི་སྤྲོས་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་དཔལ་གསང་བ་གྲུབ་པ་དང༌། ཐབས་དང་ཤེས་རབ་རྣམ་པར་ངེས་པ་གྲུབ་པ་དང༌། ཡེ་ཤེས་གྲུབ་པ་ལས། ཆོ་གའི་ཡན་


TNT05_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཞན་ལ་ཁ་འཕངས་པའི་དབང་གོང་མའི་ཆོ་ག་གསུངས་པ་རྣམས་ཀྱང་འདིར་གསུངས་པ་དང་འདྲ་བར་ཤེས་པར་བྱའོ། །དེ་ལ་སྐབས་འདིའི་བསྟོད་པའི་ཚིགས་བཅད་ལྔ་ལ། འགྲེལ་པ་ནོར་བུའི་འཕྲེང་བ་ལས། རིགས་ལྔ་དང་ཡེ་ཤེས་ལྔའི་བསྟོད་པ་ཡིན་པར་བྱས་ཤིང༌། དེ་དང་མཐུན་པར་བཤད་པ་གཞན་ན་ཡང་ཡོད་དོ། །ཁ་ཅིག་འདི་སྒྱུ་ལུས་བདག་བྱིན་བརླབས་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་པར་འདོད་ཅིང༌། སྒྱུ་ལུས་དེ་ཡང་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ནམ་སྙམ་དུ་སེམས་པར་སྣང་ངོ༌། །རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་ཡེ་ཤེས་ཀྱང་ལམ་གྱི་ཡེ་ཤེས་ལྔ་ཆ་ཚང་བའི་ངོ་བོར་གནས་པས་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་དང༌། སྒྱུ་ལུས་ཀྱི་རིམ་པའི་སྒོ་ནས་བསྟོད་པ་ཡང་སྤྱིར་འགལ་བར་མི་འགྱུར་མོད་ཚིགས་བཅད་ལྔ་པོ་འདི་ལ་སོ་སོར་ཡེ་ཤེས་ལྔ་དང་སྦྱོར་བ་ལ་རྒྱུ་མཚན་མི་འདུག་ཅིང་འདི་སྒྱུ་ལུས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ཡང༌། རིམ་པ་གསུམ་པ་མ་དག་པའི་སྒྱུ་ལུས་ཁོ་ན་དང་སྦྱོར་བ་ཡང་མ་ཡིན་ཏེ། སློབ་དཔོན་རྡོ་རྗེ་འཆང་གི་བདག་ཉིད་དུ་ཤེས་དགོས་པའི་ཕྱིར་ཟུང་འཇུག་གི་ཡ་གྱལ་དག་པའི་སྒྱུ་ལུས་ཀྱི་སྒོ་ནས་བསྟོད་པ་ཡིན་པར་ཤེས་དགོས་ སོ། །འོ་ན་གཞུང་དངོས་ཀྱི་བརྗོད་བྱ་དང་མི་མཐུན་པར་འགྱུར་རོ་སྙམ་ན། མི་མཐུན་ཡང་སྐྱོན་ཏ་མེད་མོད་ཀྱི། མི་མཐུན་པ་ཡང་མ་ཡིན་ཏེ། མ་དག་པའི་སྒྱུ་ལུས་འདི་ཡང་དག་པའི་སྒྱུ་ལུས་ཐོབ་པར་བྱེད་པའི་ལམ། ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་དང༌། རིགས་དང་རྣམ་གཞག་ཤིན་ཏུ་འདྲ་བའི་ཕྱིར་འབྲེལ་ཆགས་པ་ཁོ་ན་ཡིན་ནོ། །ཡང་རིམ་པ་གསུམ་པའི་འདི་ནི་ཉེས་


TNT05_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དང་བཅས་ཤིང་ཡོན་ཏན་ཡང་ཆུང་ལ། ཟུང་འཇུག་གི་ཡ་གྱལ་དེ་ནི་ཉེས་སྐྱོན་སྤངས་ཤིང་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར། དེའི་སྒོ་ནས་བསྟོད་པར་འཐད་ཅིང༌། རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང༌། སྣ་ཚོགས་མིན་ལ་སྙོམས་འཇུག་པ། ཞེས་པ་ཡང༌། ཟུང་འཇུག་གི་ལ་འཐད་ཀྱི་རིམ་པ་གསུམ་པ་ལ་མ་ཡིན་ནོ། །ཟུང་འཇུག་གི་ནང་ནས་ཀྱང་འདི་ནི་མི་སློབ་པའི་ཟུང་འཇུག་སྟེ་རྟག་ཏུ་མཉམ་པར་བཞག་པ་དང༌། ཆོས་ཀུན་ལ་གནས་པ་གཏན་ནས་མེད་པར་བཤད་པའི་ཕྱིར་ཏེ། མདོར་ན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་དག་པའི་སྒྱུ་ལུས་ཀྱི་ཡོན་ཏན་ལྡན་པའི་སྒོ་ནས་བླ་མ་ལ་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ཚིག་དོན་ནི་གོ་སླ་མོད་ཀྱི་འདི་ལྟར་བྱ་སྟེ། གསང་དབང་ཐོབ་པའི་རྗེས་ཐོགས་དེ་ནས་སྒྱུ་ལུས་ཀྱི་མན་ངག་ལག་ལེན་ཞུ་བའི་ཕྱིར་བླ་མ་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དུ་དམིགས་པ་ལ། བསྟོད་པ་ཚིགས་བཅད་ལྔ་པོ་འདིས་བསྟོད་པར་བྱའོ། །དེ་ཡང་བསྟོད་པར་བྱ་བའི་གཞི་ཁྱོད་ཀྱི་རྡོ་རྗེའི་སྐུ་ལ་ཁོང་སྟོང་མེད་ཅིང༌། རྣམ་པར་སྨིན་པའི་ལུས་སུ་མི་གནས་པས་ཤ་དང་རུས་པ་དང་ཁྲག་ལ་སོགས་པ་མི་གཙང་བའི་རྫས་མཐའ་དག་སྤངས་པ་ཡིན་ནོ། ཁོང་སྟོང་མེད་ཅེས་པའི་ཁོང་སྟོང་ནི་ཕྱི་པགས་པའི་གཡོགས་པའི་ནང་ཤ་ཁྲག་རུས་པའི་བར་སྟོང་ངམ། འདོད་ཁམས་ཀྱི་ལྷ་ལ་མི་གཙང་བའི་ལུས་མེད་ཀྱང་ཕྱི་རོལ་ཐོགས་བཅས་ལ་ནང་སྦུབས་སྟོང་དང་བཅས་པ་ཡོད་པ་ལྟ་བུ་ལ་ཡང་གནས་སྐབས་སུ་འཆད་མོད་ཀྱི། གཙོ་བོར་ཁོང་སྟོང་ནི་གསོག་གསོབ་སྙིང་པོ་མེད་པའི་དོན་ཡིན་པས་རྒ་ཤིས་འགྱུར་ཞིང་འཇིག་པའམ། ཡང་ན་བག་ཆགས་འཁྲུལ་པའི་སྣང་བ་ལ་ཤར་བ་ལས་དངོས་


TNT05_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་མེད་པའི་དོན་ཡིན་པས། དེ་སྤངས་པའི་སྐུ་ཡིན་པའི་ཕྱིར་རབ་ཏུ་བརྟན་པས་མི་འགྱུར་ཞིང་མི་འཇིག་ལ། འོད་གསལ་དོན་དམ་པ་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་གྲུབ་ཅིང་གནས་ཚུལ་ལ་བདེན་པའི་རྡོ་རྗེའི་སྐུ་སྟེ། ཇི་སྐད་དུ། བརྟན་ལུས་ཁོང་སྟོང་མ་ཡིན་པ། །རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ལུས་ཀྱི་ཆོས་རེག་ཐོགས་ཅན་མེད་ཀྱང་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཡེ་ཤེས་ཀྱི་སྣང་ངོར་ཁྱོད་ཀྱི་སྐུ་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དང་བཅས་པ་ནི་སྟོན་ཅིང་སྣང་བར་མཛད་དོ། །སྟོན་པ་བཅས་པ་སྐུ་དེ་ལྟར་ཡོད་པ་དང་ཡེ་ཤེས་ལ་ཤར་བའི་དོན་ཡིན་གྱི། གདུལ་བྱ་གཞན་ལ་སྟོན་པ་ཁོ་ན་ལ་མི་གཟུང་སྟེ། གཞན་ངོར་སྟོན་པ་ལ་ནི་རི་བོང་དང་སྟག་དང་གྲུ་དང་ཟམ་པ་ལ་སོགས་པར་ཡང་སྟོན་པའི་ཕྱིར་འཇའ་ཚོན་ལྟ་བུ་སྟོན་དགོས་པའི་ངེས་གཟུང་མེད་པའི་ཕྱིར་རོ། །སྐུ་ལ་ནད་སྣ་ཚོགས་པའི་བསྙུན་མེད་ཅིང༌། སྒོ་དགུ་ནས་འཇག་པ་སོགས་མི་གཙང་པ་ཡང་མེད་ལ། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་ཚོར་བ་སྡུག་བསྔལ་འབྱུང་བ་ཡང་མེད་དོ། །འོ་ན་དེ་བཞིན་གཤེགས་པ་ཡང་ནད་ཀྱིས་བསྙུང་བ་དང༌། ཞལ་ཟས་ཆད་པ་དང༌། སྐྱེམས་པས་ཆུ་རྙོག་མ་ཅན་གསོལ་བ་ལ་སོགས་པ་མ་ཡིན་ནམ་སྙམ་ན། དངོས་གནས་ལ་ནི་དེ་དག་མེད་མོད་ཀྱང༌། རྒྱལ་བ་ཁྱོད་ནི་འཇིག་རྟེན་པ་རྣམས་ཡང་དག་པའི་ལམ་ལ་བདག་ཉིད་ཀྱི་རྗེས་སུ་འཇུག་པར་བྱེད་དུ་གཞུག་པའི་ཕྱིར། གདུལ་བྱ་གཞན་སྣང་དུ་སྐུ་བལྟམས་པ་དང༌། མྱ་ངན་ལས་འདའ་བ་དང༌། ཟས་སྐོམ་དང་ན་


TNT05_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བཟས་འཚོ་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་དང་མཚུངས་པར་སྟོན་པར་མཛད་དོ། །ཡང་དག་པའི་ཡེ་ཤེས་ཀྱི་སྐུ་དེ་ནི་ཆུ་དངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་བཞིན་དུ་གསལ་བར་སྣང་ཡང་བློས་འདི་ལྟ་བུའོ་ཞེས་གཟུང་དུ་མེད་ལ། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་གང་ལ་ཡང་གནས་པ་མེད་དེ། སྐུ་དང་ཞིང་ཁམས་ལ་སོགས་པར་སྣང་ཡང་གཟུགས་ཕུང་གི་ངོ་བོར་མི་གནས། བདེ་བ་ཡིན་ཡང་ཚོར་ཕུང་དུ་མི་གནས། མིང་དོན་ཐམས་ཅད་མཁྱེན་ཀྱང་འདུ་ཤེས་སུ་མི་གནས། སྐུ་གསུང་ཐུགས་གསུམ་ཤེས་བྱ་ཐམས་ཅད་ལ་ཞུགས་ཤིང་འཕྲིན་ལས་མཛད་ཀྱང་འདུ་བྱེད་དུ་མི་གནས། ཆོས་ཐམས་ཅད་རིག་ཅིང་མཁྱེན་ཀྱང་རྣམ་ཤེས་ལ་མི་གནས་པའི་ཕྱིར་ཕུང་པོ་ལ་མི་གནས་ཤིང་ཕུང་པོ་ལས་འདས་པའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་སྐུའི་སྤྱན་ནི་མིག་གི་སྐྱེ་མཆེད་ལ་མི་གནས་པ་ དང༌། མིག་གི་ཁམས་སུ་མི་གནས་པ་དང༌།ཡེ་ཤེས་ཀྱི་དཀྱིལ་འཁོར་སེར་པོ་དང་དམར་པོ་དང་དཀར་པོ་ལ་སོགས་པ་ཡང་གཟུགས་ཀྱི་སྐྱེ་མཆེད་དུ་མི་གནས་པ་ལ་སོགས་པ་དང༌། ཡེ་ཤེས་ཀྱི་གཟུགས་སྒྲ་སོགས་ལ་ཡེ་ཤེས་ཀྱི་སྤྱན་ལ་སོགས་པས་ལོངས་སྤྱོད་ཀྱང་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་ལ་མི་གནས་པ་སྟེ། སྐྱེ་མཆེད་དང་ཁམས་ལ་མི་གནས་ཤིང་དེ་ལས་འདས་པའོ། །ཡང་ན་ཁམས་ནི་འབྱུང་བ་ལྔ་སྟེ། དེ་དག་ལ་ཡང་སྔར་བཞིན་རིགས་འགྲེའོ། །དེ་བཞིན་ཐུགས་ལ་ང་རྒྱལ་ཏེ་དངོས་པོར་འཛིན་པ་ཡང་མེད་ཅིང༌། ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་རྨོངས་ཤིང་མི་ཤེས་པ་ཡང་


TNT05_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མི་མངའ་ལ། དངོས་པོར་འཛིན་པ་མེད་པ་ཙམ་དུ་མ་ཟད་གཟུང་འཛིན་གྱི་དངོས་པོར་སྣང་བའམ་དམིགས་པ་མེད་པ་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་པ་དང་བཞུགས་པ་དང་དེ་བཞིན་དུ་གཟིམས་པ་ལ་སོགས་པ་མཛད་སྤྱོད་སྤྱོད་ལམ་ཅི་མཛད་ཀྱང་དེ་དག་ཐམས་ཅད་དུ་ཁྱོད་ནི་རྟག་ཏུ་མཉམ་པར་འཇོག་པ་ཁོ་ན་ལས་གཡོ་བ་མི་མངའ་སྟེ། རྣམ་པར་གཡེང་བའི་དམིགས་པ་མེད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དག་པའི་ཡེ་ཤེས་འཁོར་འདས་ཤེས་བྱ་ལ་སྲིད་ཚད་ཀྱི་གཟུགས་བརྙན་ལྟ་བུ་གསལ་བར་སྣང་བའི་ཕྱིར། སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུ་ལས་གདུལ་བྱ་གཞན་སྣང་དུ་གང་ལ་གང་འདུལ་གྱི་ཚུལ་གྱིས་བརྟན་གཡོ་ཐམས་ཅད་ཀྱི་ཚུལ་དུ་རིམ་གྱིས་སམ་གཅིག་ཅར་སྣ་ཚོགས་པར་སྟོན་པའི་རྫུ་འཕྲུལ་ཆེན་པོའི་སྒོ་ནས་རྣམ་པར་འཕྲུལ་བར་མཛད་ཅིང༌། ཞེས་པ་ཡིན་ན། སྐབས་འདིར་ལ་ཞེས་པ་ནི། རྫུ་འཕྲུལ་ཆེན་པོའི་སྒོ་ནས་ཞེས་བྱེད་པའི་སྒྲ་འཇུག་དགོས་པ་ཡིན་ཡང༌། རྫུ་འཕྲུལ་ལ་ཞེས་ལས་སུ་བྱ་བའི་སྒྲ་འབྱུང་བ་ནི། བྱེད་པ་ལ་ལས་ཀྱི་སྒྲ་ཡིན་པས་བོད་སྐད་ལྟར་ན། རྫུ་འཕྲུལ་ཆེན་པོས་རྣམ་འཕྲུལ་ཞིང༌། །ཞེས་བཅོས་ན་གོ་བདེའོ། །ཡང་དཔེ་འགའ་ཞིག་ལས་སྣ་ཚོགས་མིང་ལ་ཞེས་འབྱུང་བ་དང༌། ཁ་ཅིག་ལས་སྣ་ཚོགས་ཉིད་ལ་ཞེས་འབྱུང་བ་ནི་བོད་དཔེ་ཉིད་ལ་ཡི་གེ་མ་དག་པ་ཡིན་ཏེ། དཔེ་ཕལ་ཆེར་ལས་སྣ་ཚོགས་མིན་ལ་ཞེས་འབྱུང་བ་ཉིད་དག་གོ ། དེས་ན་ཤེས་བྱ་ཐམས་ཅད་མཁྱེན་ཞིང་མཛད་པ་སྣ་ཚོགས་སྟོན་ཀྱང་ཐུགས་ལ་སྤྲོས་པའི་མཚན་མ་སྣ་ཚོགས་མ་ཡིན་པ་སྟེ། ཐ་ན་ཡུལ་སྟོང་ཉིད་དང་ཡུལ་ཅན་རིག་པའི་དབྱེ་བ་ཡང་མེད་ལ། སྐུ་དང་ཡེ་ཤེས་ཆུ་ལ་ཆུ་


TNT05_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལྟར་དབྱེར་མེད་ཟུང་དུ་འཇུག་པ་ལ་སྙོམས་པར་འཇུག་ཅིང༌། ཡོད་མེད་ཡིན་མིན་ཆེ་ཆུང་བཟང་ངན་རྟག་ཆད་སྐྱེ་འགག་མཐའ་དབུས་འགྲོ་འོང་ཕྱི་ནང་ཤེས་པ་དང་ཤེས་བྱ་ལ་སོགས་པ་མཚན་མའི་དམིགས་གཏད་ཐམས་ཅད་མེད་པར་གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ཤ་རུས་སོགས་བཀག་པས་ནི་སྐུའི་སྐྱོན་མེད་པ་དང༌། བསྙུན་མེད་པ་སོགས་ནི་ཉེར་སྤྱོད་ཀྱི་སྐྱོན་སྤངས་པ་དང༌། དམིགས་པ་མེད་པ་ལན་གསུམ་དང་ང་རྒྱལ་དང་རྨོངས་པ་མེད་པ་རྣམས་ཀྱིས་ཐུགས་སྒྲིབ་པ་སྤངས་པ་སྟེ། སྤངས་པའི་སྒོ་ནས་བསྟོད་པའོ། །ནམ་མཁའ་ལ་འཇའ་ཚོན་སོགས་སྐུའི་རྣམ་པ་དང༌། ཁོང་སྟོང་མེད་པས་རྡོ་རྗེའི་སྐུ་དང༌། བཟུང་དུ་མེད་པ་དང་གནས་པ་མེད་པ་གཉིས་ཀྱིས་ཀུན་རྫོབ་ཀྱི་ཆོས་ལས་འདས་པ་སྟེ་སྐུའི་ཡོན་ཏན་གྱི་ཕྱོགས་ནས་བསྟོད་པ་ཡིན་ལ། སྣ་ཚོགས་མིན་ལ་ཞེས་པས་མཉམ་བཞག་དང༌། སྤྱོད་ལམ་སོགས་རྗེས་ཐོབ་མཛད་པའི་སྒོ་ནས་བསྟོད་པ་ཡིན་ཏེ། མཐར་ཐུག་གི་ས་ན་རྗེས་ཐོབ་དངོས་མེད་ཀྱང་དེའི་ཐ་སྙད་འཇུག་པའི་གཞི་ཙམ་ལ་བརྟེན་ནས་མཉམ་རྗེས་དབྱེར་མེད་དུ་སྟོན་པ་ཡིན་པས་ཐུགས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། སྒྱུ་མ་ལྟ་བུའི་སོགས་ཀྱིས་སྐུ་དང་ཐུགས་གཉིས་ཀའི་ཆ་ཤས་ནུས་མཐུའི་སྒོ་ནས་བསྟོད་ཅིང༌། འཇིག་རྟེན་རྗེས་འཇུག་སོགས་སྙིང་རྗེ་ཆེན་པོ་དང་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །བསྟོད་པའི་དོན་འདིས་རིམ་པ་ལྔ་པ་ཟུང་འཇུག་གི་སྐབས་སུ་དག་པའི་སྒྱུ་ལུས་ལ་ངེས་པ་ཁྱད་པར་ཅན་སྟེར་ཞིང༌། ཤུགས་ལ་རིམ་པ་གསུམ་པ་མ་དག་པའི་སྒྱུ་ལུས་ཀྱི་མཚན་ཉིད་ཀྱང་ལེགས་པར་བཤད་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་སློབ་དཔོན་ལ་ཁ་གསག་


TNT05_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མ་ཡིན་པར་ཡང་དག་པ་སྟེ་སྙིང་ཐག་པ་ནས་ཀྱི་བསམ་པས་བསྟོད་པ་དེ་ལྟ་བུས་བསྟོད་པའི་རྗེས་ནས། བདག་བྱིན་གྱིས་རླབས་པའི་མན་ངག་ཉམས་སུ་མྱོང་བའི་ཕྱིར་དང༌། དེའི་རྒྱུ་གདམས་ངག་མཉན་པར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་གཉིས་པོ་འདིས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ཡང་ཇི་ལྟ་བུས་ཞེ་ན། སློབ་དཔོན་ནི་ཀུན་མཁྱེན་ཏེ་རྫོགས་པའི་སངས་རྒྱས་སོ། །དེ་བས་ན་ཀུན་མཁྱེན་ཁྱོད་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡེ་ཤེས་མཐའ་ཡས་པའི་ཕུང་པོ་ཅན་ཏེ་རང་དོན་གྱི་ཡོན་ཏན་ནོ། །ཀུན་མཁྱེན་ཅེས་པའི་དོན་ནི། ཤེས་བྱ་ཐམས་ཅད་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མ་ལུས་པར་མཁྱེན་པའོ། །དེའི་འཕྲིན་ལས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་རང་བཞིན་སྲིད་པར་འཁོར་བའི་འཁོར་ལོ་རྣམ་པར་སྦྱོང་བ་མཛད་པ་སྟེ། གཞན་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གཙོ་བོ་ཁྱོད་ཀྱིས་བདག་ལ་དེ་རིང་དམ་པའི་ཆོས་བཤད་པའི་མན་ངག་ཕུན་ཚོགས་ཐམས་ཅད་ཀྱི་གཞིར་གྱུར་ཞིང༌། འདོད་པའི་དོན་འཕྲལ་དུ་འགྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུར་རིན་པོ་ཆེ་ལྟ་བུའི་བཀའ་དྲིན་སྩལ་བར་མཛད་དུ་གསོལ། ཡང་གཙོ་བོ་སྟེ་ཁྱབ་བདག་ཅེས་བོས་ནས། ཁྱོད་ཀྱི་ཞབས་ཀྱི་པད་མོ་སྤངས་ནས་ནི་གཞན་ན་སྐྱབས་གནས་མ་མཆིས་ཏེ། སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ཡིན་མོད་ཀྱང༌། དེ་རྣམས་བླ་མར་མ་འདུས་པ་མེད་པའི་ཕྱིར་དང༌། གནས་སྐབས་སུའང་སློབ་དཔོན་གང་ལས་ཡེ་ཤེས་མཆོག་ཐོབ་ནས། སློབ་དཔོན་གཞན་གཉིས་


TNT05_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཚོལ་བའི་རྣམ་པར་རྟོགས་པ་སྤངས་པ་ནི་ཡིན་ནོ། །འགྲོ་བ་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་ཅིང༌། བདེ་བ་དམ་པ་མཐར་ཐུག་སྩོལ་བ་ལ་སྙིང་སྟོབས་མ་ཉམས་པའི་ཕྱིར་དཔའ་བོ། །མཚན་མའི་རྣམ་པར་རྟོག་པ་ཕྲ་མོ་ཚུན་ཆད་ཀྱི་སྐུ་གསུང་ཐུགས་ཀྱི་ཉེས་སྐྱོན་གང་གིས་ཀྱང་མ་གོས་པར་ཐུབ་པར་མཛད་པས་ན་ཐུབ་པ་ཆེན་པོ་སྟེ། ཁྱེད་ཀྱིས་བདག་ཡང་དག་པའི་གནས་ལུགས་རྟོགས་པའི་བློ་གྲོས་མཆོག་བརྙེས་པ་དེ་ཐོབ་པར་མཛད་དུ་གསོལ། ཞེས་པའོ། །ཆག་འགྱུར་ལས། དེ་བས་ཐུབ་ཆེན་སངས་རྒྱས་མཆོག།འགྲོ་བའི་དཔའ་བོ་བཀའ་དྲིན་མཛོད། །ཅེས་པ་ལྟར་ན། བློ་མཆོག་ཅེས་པ་སངས་རྒྱས་མཆོག་ཏུ་བསྒྱུར་ནས། སློབ་དཔོན་གྱི་ཆེ་བར་སྦྱོར་གྱི། སློབ་མ་བདག་གིས་བློ་གྲོས་མཆོག་ཐོབ་པར་མཛོད་ཅེས་མི་སྦྱོར་རོ། །སྤྱིར་བཏང་དུ་བཤད་པ་དེ་ཙམ་ཡིན་ལ། ཁྱད་པར་གྱི་དོན་ནི། བཤད་པའི་རིན་ཆེན་ནི་སྒྱུ་ལུས་ཀྱི་མན་ངག་བཤད་པ་དང༌། བློ་གྲོས་མཆོག་ཀྱང་བདག་བྱིན་རླབས་པའི་དོན་ཁོང་དུ་ཆུད་པ་ལ་སྐབས་འདིར་སྦྱོར་དགོས་སོ། །གཉིས་པ་དངོས་གཞི་བདག་བྱིན་བརླབ་པའི་རིམ་པ་གསལ་བར་བཤད་པ་ལ་ལྔ་སྟེ། བདག་བྱིན་རླབས་གང་ལས་ཐོབ་པ་དང༌། མ་ཐོབ་པའི་ཉེས་དམིགས་དང༌། ཐོབ་པའི་ཕན་ཡོན་དང༌། བདེན་གཉིས་རྒྱུ་འབྲས་སུ་བསྟན་པ་དང༌། རིམ་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་འཇིགས་མེད་གསོལ་འདེབས་པའི། །ཚིག་དག་ཐོས་པར་གྱུར་ནས་ནི། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་བདག་ལ་བྱིན་རླབས་བརྩམས། །བདག་བྱིན་བརླབ་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་


TNT05_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས། །ཐོབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་ཏེ། བྱིན་རླབས་ཀྱི་རིམ་པ་འདི་གང་ལས་ཐོབ་པར་འགྱུར་བའི་ཡུལ་ནི་བླ་མའི་ཞལ་གྱི་གདམས་བ་ལས་ སོ། །ཞེས་འབྱུང་ན། བླ་མའི་ཞལ་ལ་རག་ལས་པ་ནི། འདི་གཅིག་བུར་མ་ཟད་ཐེག་པ་གསུམ་གྱི་མན་ངག་ཐམས་ཅད་དང༌། སྒོས་སུ་གསང་སྔགས་ཀྱི་ལམ་ཐམས་ཅད་དང༌། ཡང་སྒོས་བླ་མེད་ཀྱི་རིམ་གཉིས་ཀུན་ལ་འཇུག་པ་ཡིན་པས། འདིའི་སྒོས་ཆོས་སུ་ཇི་ལྟར་འགྱུར་སྙམ་ན། སྤྱིར་དེ་ལྟར་ཡིན་པ་བདེན་མོད། ལམ་འདིའི་ཆེད་དུ་བྱ་བའི་ཡུལ་དུ་གཏོགས་པའི་གང་ཟག་གི་རྒྱུད་ལ་བདག་བྱིན་བརླབ་པའི་རིམ་པ་ཐོག་མར་སྐྱེ་བ་དེ། སྤྱིར་བླ་མའི་བྱིན་རླབས་དང་མན་ངག་ཐོབ་པ་ཙམ་གྱིས་ཀྱང་དོན་དུ་མི་འགྱུར་གྱི། རིམ་པ་འདི་ཐོབ་ཏུ་ཉེ་བ་ན་དབང་བསྐུར་བ་ལ་བརྟེན་ནས་ཐོབ་པར་འགྱུར་ཞིང༌། དབང་དེ་ཐོབ་པའི་ཕྱིར་དུ་སླར་ཡང་བླ་མ་ལ། མཆོད་པས་མཉེས་པར་བྱེད་དགོས་པའི་དོན་ཡིན་ནོ། །སྔ་རོལ་གྱི་དུས་སུ་བླ་མ་མཉེས་པར་བྱས་པ་ཙམ་ལ་མ་བཞག་པའི་སྐབས་དེར་ཡང་སློབ་དཔོན་མཉེས་པར་བྱེད་པའི་ཐབས་ཁྱད་པར་ཅན་གསར་དུ་བསྒྲུབས་པས། བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་ཐོབ་པས་དེ་འདྲ་དེ་འཕྲལ་དུ་ཐོབ་ནུས་སོ། །དེ་ཡང་ཉེར་ཐོབ་ཀྱི་རྟོགས་པ་ཕལ་ཆེར་རྫོགས་པའི་སྐབས་དེར། བླ་མ་ལ་མཆོད་པའི་བསོད་ནམས་ཀྱི་ཚོགས་གསར་དུ་བསྒྲུབས་པ་དང༌། དབང་བསྐུར་བའི་རྐྱེན་གཉིས་འཛོམ་པས་སེམས་དབེན་མཐར་ཐུག་པའི་དཔེའི་འོད་གསལ་རྒྱུད་ལ་སྐྱེས་ནས། དེའི་སྐད་ཅིག་གཉིས་པར་སྒྱུ་མའི་སྐུ་འགྲུབ་བོ་ཞེས་བྱའོ། །གཞུང་འདིའི་དངོས་བསྟན་ནི། སྤྱིར་གང་ཟག་དབང་པོ་རྣོན་པོ་


TNT05_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྒོས་སུ་ཆོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་དབང་དུ་བྱས་ནས། སློབ་དཔོན་ཡང་བདག་བྱིན་བརླབ་པ་ཡན་ཆད་ཀྱི་ལམ་མངོན་དུ་གྱུར་ངེས་པ་དང༌། སྨོན་ལམ་དང་ཐུགས་རྗེའི་དབང་གིས་སློབ་མ་དེ་འདུལ་པར་བསྐོས་པའི་དབང་དུ་བྱས་ལ། གདུལ་བྱ་མ་ངེས་པ་རྐྱེན་གྱིས་བསྒྱུར་བ་ཕལ་བ་རྣམས་ཀྱི་དབང་དུ་བྱས་ན། སྔོན་གྱི་རྩ་བའི་བླ་མ་དེ་དེ་སྐབས་བཞུགས་ན་འདི་བཞིན་དུ་བྱེད་པ་ཡིན་ཡང་དེ་དང་སྟབས་མ་འགྲིག་ན་བླ་མ་གསར་པ་འཚོལ་བ་མ་ཡིན་ཏེ། སྔོན་གྱི་སློབ་དཔོན་ཉིད་ལ་དམིགས་ནས་གསོལ་བ་བཏབ་ཅིང་མཆོད་པས། དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སམ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འགྱུར་རོ། །ཕྱིས་བྱུང་དེང་སང་གི་གང་ཟག་ཆོས་ཐོས་པ་ཙམ་དོན་དུ་གཉེར་བས་ནི། རིམ་པ་ལྔ་པོ་གང་ཡང་རུང་བ་གཅིག་ལ་ཉམས་མྱོང་རྗེས་མཐུན་ཙམ་ཞིག་སྐྱེས་ནས། གཞན་གདམས་ངག་ཐམས་ཅད་ཚིག་ཁྲིད་དུ་ཐོབ་པར་བྱ་བ་ལ་ནི་མཐའ་གཅིག་ཏུ་འདི་དག་དགོས་པ་མ་ཡིན་ཡང༌། སྒྱུ་ལུས་འོད་གསལ་གྱི་དབང་བསྐུར་འདི་དག་མོས་སྒོམ་གྱི་ཚུལ་གྱིས་ལད་ཟློས་ཙམ་མཛད་པའི་སྲོལ་འདུག་པ་དང་འགལ་བ་ནི་མེད་དེ་ལག་ལེན་མིག་ལྟོས་མི་ནུབ་པའི་དགོས་པ་དང༌། བྱིན་རླབས་ཀྱི་སྒོ་ཅིང་རིས་པ་ཡང་འབྱུང་བའི་ཕྱིར་རོ། །ད་ལྟ་ཕལ་ཆེ་བ་བྱེད་པ་ལྟར་རིམ་གཉིས་གང་གི་ཕྱོགས་ལ་ཡང་ཉམས་མྱོང་སྣ་གཅིག་ཀྱང་མ་སྐྱེས་པར་ཐམས་ཅད་ཚིག་འཁྲིད་འབའ་ཞིག་བྱེད་པ་ནི་སྤྱིར་བཟང་པོ་མིན་ཡང༌། དེ་ལ་ཡང་འདི་དག་བྱས་ན་དགོས་དོན་གཉིས་ཕྱོགས་ཙམ་འདྲའོ། །གཞུང་གི་ཚིག་དོན་ནི་འཇིགས་པ་སྟེ་འཛེམ་བག་དང་དོགས་པ་དང་ཟོལ་


TNT05_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་མེད་པར་སྙིང་ཐག་པའི་སེམས་ཀྱིས། དེ་ལྟར་ཚིགས་བཅད་གཉིས་པོ་དེས་ལན་གསུམ་དུ་གསོལ་བ་འདེབས་པའི་ཚིག་དག་བླ་མས་ཐོས་པར་གྱུར་ནས་ནི། ཟས་ངོ་ནོར་ངོའམ་ཕྱིས་རྙེད་བཀུར་གྱི་རེ་བ་ལ་སོགས་པ་མ་ཡིན་པར། སློབ་མ་དེ་ལ་སྙིང་རྗེ་ཁྱད་པར་ཅན་བསྐྱེད་དེ། དེ་ནས་བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་ཅིང་ངོ་སྤྲོད་པ་བརྩམ་པར་བྱའོ། །ཐབས་ཇི་ལྟ་བུར་སྟོན་ཅེ་ན། བདག་བྱིན་བརླབ་པ་དངོས་དང་རྗེས་མཐུན་པ་རྣམས་ལ་མན་ངག་ཉམས་སུ་ལེན་ཚུལ་དང༌། སྤྱི་ཙམ་ནས་ངོ་སྤྲོད་ཚུལ་མཐའ་ཡས་པ་ཞིག་ཡོད་ཀྱང༌། སྐབས་འདིར་དཔེ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བརྟེན་ནས་དོན་བདག་བྱིན་རླབས་བཞི་པ་ངོ་སྤྲོད་པ་ཡིན་ནོ། །དེ་ཡང་སྔར་གསང་དབང་ཐོབ་པའི་ཉམས་མྱོང་གཞོན་ནུ་མའི་བདེ་བ་ལྟ་བུ་ཞིག་ཡོད་པའི་རྒྱུན་དེ་ལ་བདེ་བ་དེ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བ་ལ་སློབ་ཏུ་བཞུག་གོ །དེ་ནས་རིག་མ་གཏད་པ་ལ་སོགས་པ་ཆོ་ག་བཞིན་དུ་བསྒྲུབས་ནས། དངོས་གཞི་དགའ་བ་བཞི་སོ་སོའི་སྐབས་རེ་རེ་བཞིན་ནན་ཏན་དུ་སྒོམ་དུ་བཅུག་པས། དགའ་བ་གསུམ་གྱི་སྐབས་སེམས་དབེན་མཐར་ཐུག་གི་སྣང་བ་གསུམ་དང༌། ལྷན་སྐྱེས་ཀྱི་སྐབས་ཉེར་ཐོབ་བཞི་པའི་འོད་གསལ་ཞེས་ཀྱང་བྱ། དཔེའི་འོད་གསལ་སེམས་དབེན་མཐར་ཐུག་པ་དེ་མངོན་དུ་འགྱུར་ ཞིང༌། ལྷན་སྐྱེས་དེ་ཡང་ཐིག་ལེ་ཞུ་བདེའི་མཚན་ཉིད་ཅན་གྱི་གནས་སྐབས་དེ་སྐབས་འདིའི་དབང་གསུམ་པའི་ཡེ་ཤེས་དངོས་ཡིན་ནོ། །དེ་ནས་མས་བརྟན་གྱི་ཚུལ་གྱིས་བདེ་སྟོང་ལ་རིང་དུ་མཉམ་པར་བཞག་པས་བདེ་བའི་རྩི་ནི་མ་ཡལ་མི་རྟོག་པ་འཐུག་པོ་དེ་སངས་མཚམས་ཅིག་ཏུ་བདེ་ལ་མི་


TNT05_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ལྷ་སྐུ་དཀྱིལ་འཁོར་དང་བཅས་པ་རང་ཤར་དུ་འབྱུང་སྟེ། དེ་ནི་བདེ་གསལ་མི་རྟོག་པ་རླུང་དང་བཅས་པ་ལྷ་སྐུ་དངོས་སུ་གྱུར་པ་ཡིན་པས་སྒྱུ་ལུས་དངོས་ཡིན་ལ། སྐབས་འདིའི་དབང་བཞི་པའི་ཡེ་ཤེས་ཀྱང་འདི་ཁོ་ན་ཡིན་ནོ། །དེ་ལྟར་དབང་གི་བྱ་བས་སྒྱུ་ལུས་ཐོབ་པ་དེ་དང༌། དེའི་རྒྱུན་ཕྱིས་གོམས་ཤིང་བརྟན་པ་དང་འཕེལ་བར་བྱེད་པ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ཅེས་པའི་དོན་ལ། བདག་ཅེས་པ་རང་གི་སེམས་ཀྱི་རྒྱུན་དང༌།སེམས་དེའི་རྟ་ལྟ་བུར་གྱུར་པ་རླུང་གི་རྣམ་པ་ཕྲ་མོ་རྒྱུན་མི་འཆད་དུ་འགྱུར་བ་ཞིག་ཡོད་པ་དེ། ལོག་སྣང་ལ་འཆར་བ་ལྟར་རྟག་གཅིག་རང་དབང་ཅན་གྱི་མཚན་ཉིད་དུ་མི་འབྱུང་ཡང༌། རྟག་ཏུ་རྒྱུན་མི་འཆད་པར་གནས་པའི་ཕྱིར། རླུང་གིས་བསྐུལ་བའི་སེམས་ལ་ཉོན་མོངས་པ་དང་ལས་ཀྱི་ཆ་ཡང་སྣང་བ་དང༌། འབྲས་བུ་བདེ་སྡུག་ཀྱང་རླུང་དང་བཅས་པའི་སེམས་ཀྱིས་རིག་པའི་ཕྱིར། ལས་བྱེད་པ་དང་རྣམ་སྨིན་མྱོང་པ་པོའི་ཐ་སྙད་གང་ལ་འཇུག་ཅིང༌། བདག་གི་ཐ་སྙད་འཇོག་པའི་གཞི་ཙམ་དེ་ཡིན་པས། དེའི་ཕྱིར་རླུང་སེམས་ཙམ་ནི་རང་ངམ་བདག་ཅེས་བྱ་ལ། དེ་སྐུ་གསུང་ཐུགས་ཀྱི་བདེ་བས་བྱིན་གྱིས་བརླབས་ནས་ལྷ་སྐུར་རང་ཤར་བའི་རྣལ་འབྱོར་གང་ཡིན་པ་དེ་ནི་བདག་བྱིན་རླབས་སོ། །ཁ་ཅིག་དཔེའི་འོད་གསལ་ནི་རང་ཡིན་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་རྣམ་པར་བྱིན་གྱིས་བརླབས་པ་དང༌། ཡང་ལ་ལ་དག་ལུས་ངག་ཡིད་གསུམ་བདག་ཉིད་གཅིག་ཏུ་གྱུར་བ་དང༌། སྣང་བ་གསུམ་པོ་ཉིད་བདག་ཏུ་བཏགས་པའི་གཞི་ཡིན་པ་སོགས་སྒྲ་དོན་འཆད་ཚུལ་སྣ་ཚོགས་


TNT05_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་དོ། །དེ་ལ་ཀུན་རྫོབ་བདེན་པ་ཅེས་ཀྱང་བརྡས་བསྟན་པ་ཡིན་ཏེ། ཀུན་རྫོབ་བདེན་པའི་ཆོས་ཉིད་སྒྱུ་མ་ལྟ་བུར་རྣམ་པ་ཐམས་ཅད་པར་གནས་པ་དེའི་རིགས་འདྲ་ལམ་དུ་བྱེད་ཅིང༌། བྱས་པས་མངོན་དུ་ཕྱོགས་པའི་གནས་སྐབས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རོ། །སྤྱིར་ཀུན་རྫོབ་བདེན་པ་ཡིན་པ་ཙམ་གྱིས་དེར་འཇོག་པ་མིན་ཏེ་ཡིན་ན་ནི། ལམ་ཐམས་ཅད་ཀུན་རྫོབ་བདེན་པ་ཡིན་པས་འདི་ཁོ་ན་ལ་སྒོས་སུ་འདོགས་པའི་དོན་མེད་ཅིང༌། དམིགས་པའི་ཡུལ་ཀུན་རྫོབ་ལ་དམིགས་པའི་ལམ་གྱི་ཡེ་ཤེས་ལ་འཇོག་ནའང༌། མཉམ་བཞག་གི་འོད་གསལ་ཙམ་མ་གཏོགས་ལམ་ཐམས་ཅད་ལ་ཐལ་བར་འགྱུར་ལ། འགྲེལ་པ་འགའ་ཞིག་ལས་ཀུན་རྫོབ་ཀྱི་དོན་སྒྲིབ་བྱེད་ལ་བཤད་ནས་དོན་གྱི་འོད་གསལ་ལ་སྒྲིབ་ཟབ་གསལ་དབྱེར་མེད་ལ་སྒྲིབ། ཟུང་འཇུག་ལ་སྒྲིབ་ཅེས་འཆད་པའང་དོན་དང་བྲལ་བའི་བཤད་པ་སྟེ། སྒྲིབ་བྱེད་ཀྱི་དོན་ནི་རྟོགས་བྱ་དེ་རྟོགས་པ་ལ་གེགས་བྱེད་པ་ལ་འཇོག་དགོས་པ་ཡིན་ནོ། །འདི་ནི་གེགས་མི་བྱེད་པར་མ་ཟད་དེ་དག་རྟོགས་པའི་ཐབས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་དེ་དག་དངོས་ལ་མ་རེག་པ་ཉིད་ཀྱིས་སྒྲིབ་བྱེད་དུ་འགྱུར་ན་ནི། འོད་གསལ་གྱི་རིམ་པ་ཡང་ཟུང་འཇུག་ལ་སྒྲིབ་བྱེད་དུ་ཐལ་བར་འགྱུར་ཞིང༌། མཐོང་ལམ་གྱི་སྦྱོར་བ་ཡང་མཐོང་ལམ་ལ་སྒྲིབ་བྱེད་དུ་འགྱུར་རོ། །དེ་ལྟར་སྒྱུ་ལུས་ཀྱི་རིམ་པ་ཀུན་རྫོབ་བདེན་པ་བསྟན་པ་དེ་ནི་བླ་མའི་དྲིན་ངག་གིས་ཐོབ་པར་འགྱུར་གྱི། གཞན་བླ་མ་མཉེས་པར་མ་བྱས་པ་ཉིད་དུ་ནི་ཐོབ་པ་མིན་ནོ། །གཉིས་པ་ནི། བདག་ལ་བྱིན་


TNT05_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མི་འགྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་ འགྱུར། །ཨཱརྱ་དེ་བའི་བདག་བྱིན་བརླབ་པའི་རིམ་པ་ལས་ཀྱང༌། རྨི་ལམ་སྒྱུ་མ་ལྟ་བུའི་ཆོས། །སངས་རྒྱས་པ་ཀུན་སྨྲ་བ་ནི། །བདེན་ཡང་དེས་ནི་ཤེས་མ་ཡིན། ། བདག་བྱིན་བརླབ་ལས་ཕྱིར་བལྟས་སོ། །ཞེས་དང༌། བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་སུམ་བྱ་བར་མི་ནུས་སོ། །སྒྱུ་མའི་དཔེ་ལ་རྨོངས་གྱུར་པས། །བསྐལ་པ་དཔག་ཏུ་མེད་པར་ནི། །ཐོས་པས་ཕ་རོལ་ཕྱིན་པས་ཀྱང༌། །རྣམ་ཤེས་རླུང་དང་ལྡན་པ་ཡི། །ཡིད་ཀྱི་རང་བཞིན་གཞུ་འདྲ་བ། །རང་གི་ཡེ་ཤེས་དེས་མ་མཐོང༌། ། ཞེས་གསུངས་པ་ལྟར་ཏེ། རྒྱུ་མ་རྫོགས་པ་ལས་འབྲས་བུ་མ་རྫོགས་པ་ཉིད་དེ། རླུང་སེམས་ཀྱི་བདེ་བ་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དུ་ཤར་བ་འདི་མ་ཐོབ་ན། སྣང་ཡང་བདེན་པས་སྟོངས་པའི་སྒྱུ་མ་ཙམ་བསྒོམས་པས་གནས་ལུགས་མཐར་ཐུག་ཇི་བཞིན་རྟོགས་པར་མི་འགྱུར་ཏེ། གནས་ལུགས་དང་མཐུན་པའི་སྒོམ་པ་ཡོངས་སུ་མ་རྫོགས་པའི་ཕྱིར། དཔེར་ན་བསོད་ནམས་ཀྱི་ལས་དང་བློ་གྲོས་ཀྱི་སྟོབས་མེད་ན་འཁྲུག་པ་སྐྱེན་པ་ཁོ་ནས་རྒྱལ་སྲིད་མི་ཟིན་པ་བཞིན་ ནོ། །དེའི་དོན་ཡང་གནས་ལུགས་དེ་བདེ་བ་དང་སྤྲོས་བྲལ་དང་རྣམ་པ་ཐམས་ཅད་པ་གསུམ་འཛོམ་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཡེ་ཤེས་གཅིག་གིས་དེ་གསུམ་མངོན་དུ་བྱེད་པའི་ལམ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་འདི་དགོས་ཀྱི། གང་གིས་ལམ་དེ་རྙེད་པར་མི་འགྱུར་བ་སྟེ་མ་རྙེད་པ་དེས་ནི་སྒྱུ་མ་ལྟ་བུའོ་ཞེས་རྟག་ཏུ་བསྒོམས་ཏེ། ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་དང༌།


TNT05_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་མཆོག་སྒྲུབ་པ་གཙོ་བོར་སྟོན་པའི་རྒྱུད་དང༌། ཐུན་མོང་དང་ལས་ཚོགས་ཙམ་གཙོ་བོའི་སྟོན་པའི་རྟོག་པ་ལ་འབད་པ་བྱེད་ཀྱང་སྐྱེས་བུ་དེ་ངལ་བ་དོན་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གནས་ལུགས་མཚོན་པའི་བདེ་བ་མངོན་དུ་མ་གྱུར་པ་དང༌། གསལ་བའི་མཚན་ཉིད་ཀྱང་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །འོ་ན་གསལ་ཆ་གང་ཞིག་མ་ཚང་སྙམ་ན། རླུང་སེམས་དངས་མའི་དཀྱིལ་འཁོར་རབ་འབྱམས་མ་ཚང་ངོ༌། །གསུམ་པ་ནི། བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །ཞེས་པ་སྟེ། བདག་ལ་བྱིན་བརླབ་ཀྱི་རིམ་པ་ཐོབ་པའི་སྐྱེས་བུ་དེ་ནི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀུན་གྱི་བདག་ཉིད་ཏེ་འབྲས་བུའི་རྡོ་རྗེ་འཆང་གི་གོ་འཕང་དེ་རིགས་འདྲ་ལམ་དུ་བྱེད་པའི་སྒོ་ནས་བསྒོམ་ནུས་པ་ཡིན་པའི་ཕྱིར། སྐྱེ་བ་གཞན་མ་བརྒྱུད་པར་ཚེ་འདི་ཉིད་ཁོ་ན་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐེ་ཚོམ་མེད་པར་ཐོབ་པར་འགྱུར་རོ། །དེ་ཡང་སྒྲུབ་པ་པོ་གསོན་པོའི་ཚེ་འདི་ལ་རིམ་པ་འདི་ཐོབ་པ་ཡིན་ན། སླར་སྐྱེ་བ་གཞན་ལེན་མི་དགོས་ཏེ་བར་དོ་ཚུན་ཆོད་དུ་ཟུང་འཇུག་གི་གོ་འཕང་ངེས་པར་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ཡང་སྒྱུ་ལུས་ཀྱི་རིམ་པ་ཐོབ་ནས་བརྩོན་འགྲུས་དང་ལྡན་པས་སྤྱོད་པ་སྤྱད་ན། འཆི་བའི་རིམ་པ་མ་བྱུང་བའི་སྔོན་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་པ་དང་ལྷན་ཅིག་རྣམ་པར་སྨིན་པའི་ལུས་འདི་ཡང་རྣམ་པར་དག་པར་འགྱུར་བས་དུས་དེ་ཉིད་དུ་ཟུང་འཇུག་གི་རིམ་པ་མངོན་དུ་


TNT05_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། ཡང་སྒྱུ་ལུས་ཐོབ་ཀྱང༌། ལེ་ལོ་དང་གཡེང་བས་སྤྱོད་པ་མ་སྤྱད་ན་དུས་ཀྱི་མཐར་འཆི་བ་ཙམ་ནི་འབྱུང་བ་ཡིན་མོད། དེ་རྣལ་འབྱོར་པས་ཏིང་ངེ་འཛིན་གྱིས་བསྒྱུར་བ་ན། གཞན་ངོར་ལུས་སེམས་བྲལ་བས་འཆི་བ་ལྟར་བྱུང་ཡང༌། རྣལ་འབྱོར་པ་རང་ཉིད་ཀྱིས་མྱོང་ཚུལ་ལ་འཆི་བ་ཡོང་ཚད་པ་ལ་དེ་འོད་གསལ་དུ་བསྒྱུར་བས། སྤྱོད་པའི་དོད་འཆི་རིམ་གྱིས་ཐུབ་ནས་འཆི་བའི་སེམས་ཀྱི་ཚབ་ཏུ་མཐོང་ལམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་སྟེ། དེ་འཆི་སྲིད་མཚན་ཉིད་ཚང་བ་མིན་ཞིང༌། དེ་ལས་ལངས་པ་དང་བར་དོ་མི་འོང་བར་བར་དོའི་ཚབ་ཏུ་ཟུང་འཇུག་གི་སྐུ་འགྲུབ་པའོ། །ཡང་རིམ་པ་འདི་ཐོབ་ཀྱང་ཐོབ་མ་ཐག་སྒོམ་ལོང་མེད་པར་ཤི་བ་ལྟ་བུ་རིམ་པ་འདི་ཉིད་མཐར་མ་ཕྱིན་པ་ལ་ཤི་བར་གྱུར་ན། འཆི་སེམས་བདེ་སྟོང་གི་ཡེ་ཤེས་དཔེའི་འོད་གསལ་དུ་གྱུར་པས་རྐྱེན་བྱས་ཏེ། སྒྱུ་ལུས་ཀྱི་རིམ་པའི་འཕྲོས་མཐར་ཕྱིན་པར་འགྱུར་བས་བར་དོ་དངོས་ནི་མི་འབྱུང་མོད་ཀྱང༌། སྔར་གྱི་རླུང་སེམས་ཙམ་གྱི་སྐུའི་རྒྱུན་དེ་ཀ་འཆི་བ་འོད་གསལ་གྱིས་དྲི་མ་སྦྱངས་པ་ལྟ་བུའི་ཚུལ་དུ་གནས་སོ། །དེ་ནས་སྐྱེ་བ་མ་བླངས་པར་བར་དོ་རྗེས་མཐུན་པའི་རྟེན་དེ་ཉིད་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་རྐྱེན་གྱིས་དོན་གྱི་འོད་གསལ་ཐོབ་སྟེ་ཟུང་འཇུག་མངོན་དུ་བྱེད་དོ། །དེ་ལྟར་ཡང་གྲུབ་བརྙེས་བླ་མ་མཆོག་གི་ཞལ་སྔ་ནས། བདག་ལ་བྱིན་བརླབ་ཐོབ་ནས་སྐྱེ་བར་མི་འགྱུར་གང་ཕྱིར་གནས་སྐབས་གསུམ་ལ་འཕགས་པའི་ལམ་ཐོབ་བོ། །ཞེས་གསུངས་སོ། །འོན་ཀྱང་གསོན་པའི་ཚེ་འདི་ལ་རིམ་པ་འདི་རྒྱུད་ལ་མ་སྐྱེས་ཤིང༌། སེམས་


TNT05_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་གྱི་ཕྱེད་ཕྱི་མ་ཐོབ་པ་ཞིག་རྐྱེན་གྱིས་ཤི་བར་གྱུར་ན་འཆི་བ་འོད་གསལ་གྱི་སྐབས་སུ་སེམས་དབེན་མཐར་ཐུག་པའི་དཔེའི་འོད་གསལ་དེ་མངོན་དུ་བྱས་ནས་བར་དོ་དངོས་མི་འབྱུང་བར་བར་དོའི་དོད་དུ་རིམ་པ་འདི་ཐོབ་པར་འགྱུར་རོ། །བར་དོར་བདག་བྱིན་བརླབ་པ་ཐོབ་པ་འདིས་ནི་དབང་པོ་རྣོ་ཞིང་དབང་འབྱོར་ལ་འདོད་མོས་ཀྱིས་ཁྱད་པར་ལས། བར་དོ་ཉིད་དུ་ལམ་བསྒོམས་ཏེ་ཟུང་འཇུག་འགྲུབ་པ་ཡང་སྲིད་མོད་ཀྱི། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལ་བརྟེན་ནས་རིག་པ་འཛིན་པའི་གནས་སོགས་སུ་སྐྱེ་བ་བླངས་ནས། རྟེན་དེ་ལ་ཇི་ལྟར་རིགས་པའི་གནས་སྐབས་སུ་རིམ་པ་ཕྱི་མ་གཉིས་མངོན་དུ་བྱེད་པ་ཡང་ཡོད་དོ། ། ཡང་ཁ་ཅིག་ལུས་དབེན་དང་རྡོ་རྗེའི་བཟླས་པ་སྔོན་དུ་སོང་ནས་སེམས་དབེན་གྱི་སྣང་བའི་རྟོགས་པ་ཙམ་ཤར་བ་དག་ཡོང་ན། དེ་ཉིད་དུ་འཆི་བའི་དུས་བྱེད་པར་གྱུར་ན་ནི་འཆི་བ་འོད་གསལ་ལམ་དུ་བྱས་པས། འཆི་སེམས་དེ་ཉིད་སེམས་རྣམ་པར་དབེན་པའི་འོད་གསལ་ཙམ་དུ་ཤར་ཡང་མཐར་ཐུག་པར་མ་ཤར་བས་བར་སྲིད་བཟློག་མ་ཐུབ་སྟེ། བར་དོ་ནི་ཐ་མལ་པ་ཤར་ལ། འོན་ཀྱང་དེར་ལམ་བསྒོམས་པས་དབང་པོ་རྣོ་ན་བར་དོ་གྲུབ་རྗེས་སུ་སེམས་དབེན་མཐར་ཐུག་གི་འོད་གསལ་དང་སྒྱུ་ལུས་ཀྱི་སྐུ་འགྲུབ་པའང་ཡོད་ཅིང༌། དབང་པོ་རྟུལ་ཡང་བར་དོར་ལམ་བསྒོམས་པས་ཆོད་ཆེ་རབ་བྱུང་བའི་མཐར་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ལ་བརྟེན་ནས་སྐྱེ་གནས་འདམ་པ་སོགས་བྱས་ཏེ། མི་ལ་སོགས་པའི་སྐྱེ་བའི་རྟེན་ལ་རིམ་པས་སེམས་དབེན་མཐར་ཐུག་གི་འོད་གསལ་ཕན་ཆད་མངོན་དུ་བྱེད་པ་ཡོད་དོ། །དེའི་ཕྱིར་ཁ་


TNT05_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བར་དོ་ལོངས་སྐུ་ལམ་ཁྱེར་བྱ་བ་བར་དོའི་དོད་ལ་མ་དག་པའམ་དག་པའི་སྒྱུ་ལུས་གང་རུང་ཞིག་འབྱུང་བ་ཁོ་ན་ལ་ཟེར་གྱི། ལན་གཅིག་བར་དོ་གྲུབ་ཕྱིན་དེའི་རྟེན་ལ་སྒྱུ་ལུས་དང་ཟུང་འཇུག་གི་རིམ་པ་གྲུབ་པ་ནི་མེད་དོ་སྙམ་དུ་སེམས་པ་ནི་མན་ངག་སུན་འབྱིན་པ་ཙམ་མ་གཏོགས་ལུང་མེད་ཅིང་རིག་པ་དང་ཡང་འགལ་བ་ཡིན་ནོ། །འདིའི་འཕྲོས་འགའ་ཞིག་འོག་ཏུ་ཡང་བཤད་པར་བྱའོ། །སྐབས་འདིར་སངས་རྒྱས་ཏེ་ཟུང་འཇུག་གི་གོ་འཕང་ཚེ་འདི་ལ་ཐོབ་པར་ངེས་པའི་རྒྱུ་མཚན་དུ་སངས་རྒྱས་ཀུན་གྱི་བདག་ཉིད་དེ་རྣམ་པ་དངོས་སུ་བསྒོམ་ཐུབ་པའི་ཕྱིར་ཞེས་བཀོད་པ་ལ། རྣམ་པ་དངོས་སུ་ཐོབ་པའི་དོན་དངོས་སུ་རྟོགས་པ་ལ་བྱེད་ན་ནི། མི་སློབ་པའི་རྫོགས་པའི་སངས་རྒྱས་རྟོགས་པ་ལྟ་ཅི་སྨོས། རྫོགས་སངས་རྗེས་མཐུན་པ་སློབ་པའི་ཟུང་འཇུག་ཀྱང་དངོས་སུ་ནི་ཉམས་འོག་ཏུ་མ་ཆུད་པས་མི་འཐད་ལ། རྣམ་པ་རྗེས་མཐུན་པ་ཞིག་ལ་ཟེར་བ་ཡིན་ན་ནི་བསྐྱེད་རིམ་ནས་ཀྱང་ཡོད་དོ་ཞེ་ན། དེ་གཉིས་ཀ་ལྟར་མིན་གྱི་འདིར་ནི་ཁྱད་ཆོས་ཤིན་ཏུ་མཚུངས་པའི་སྒོ་ནས་འཇོག་གོ །དེ་ཡང་བསྐྱེད་རིམ་རང་རྒྱུ་རྟོག་པ་ཡིན་ཞིང༌། ལུས་དབེན་ཡང་སྔོན་གྱི་འཕེན་པ་ལ་བལྟོས་པ་དང༌། བདེ་ཆེན་གྱི་ངོ་བོ་ལྷར་ཤར་བ་མ་ཡིན་པས་སངས་རྒྱས་ཀྱི་སྐུ་རྟོག་པ་དང་བྲལ་ཞིང་བདེ་ཆེན་ཡིན་པ་དང་རྣམ་པ་ཤིན་ཏུ་མཚུངས་པ་མ་ཡིན་ལ། དེ་དག་ཏུ་སྒྱུ་མ་ལྟ་བུར་ཤེས་པ་ཡོད་ཀྱང་རྣམ་རྟོག་དང་འདྲེས་པ་ཡིན་པ་དང༌། ལྷ་སྐུ་གཅིག་ནས་རྣམ་པ་མང་པོ་ཅི་རིགས་པ་འཆར་བ་ཡོད་དུ་ཆུག་ཀྱང༌། རྣམ་པ་ཐམས་ཅད་པར་འཆར་མ་ཐུབ་པས་ཀྱང་ཟུང་འཇུག་དང་ཆེས་མི་འདྲ་ལ། དེ་དག་


TNT05_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ངོར་ཤར་བ་ཙམ་མ་གཏོགས་སྐུ་དངོས་ཀྱི་བྱ་བ་ཡང་མི་བྱེད་དོ། །འདིར་ནི་ཉམས་བདེ་སྟོང་ཉིད་ལྷའི་རྣམ་པར་གྱུར་པ་ཡང་ཡིན་ཞིང༌། རྣལ་འབྱོར་པ་དེའི་ལུས་དངོས་ཀྱང་ཡིན་པ་ལྟར་བྱ་བ་ཡང་བྱེད་ནུས་པ་དང༌། རྣམ་རྟོག་མེད་བཞིན་དུ་སྒྱུ་མ་ལྟར་རང་ཤར་བ་དང་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་གནས་པ་ཡང་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་སྐུ་དང་རྣམ་པ་ཤིན་ཏུ་མཐུན་པའི་ཕྱིར། གཙོ་བོ་སངས་རྒྱས་ཀུན་བདག་ཉིད། ཅེས་བྱའོ། །འདིར་སངས་རྒྱས་ཞེས་པ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱང་དོན་གྱི་ཡིན་མོད། གཙོ་བོར་སློབ་པའི་ཟུང་འཇུག་ལ་གོ་དགོས་སོ། །བཞི་པ་ནི། བདག་བྱིན་བརླབ་པའི་ཏིང་ངེ་འཛིན་དང༌། དེ་བཞིན་འོད་གསལ་བ་ཡི་གནས་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །ཞེས་ཏེ། བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་རྒྱུ་དང༌། དེ་བཞིན་དུ་འོད་གསལ་བའི་གནས་ནི་འབྲས་བུའི་ཆོས་ཡིན་པའི་ཁྱད་པར་རམ་དབྱེ་བས་ནི། འདི་གཉིས་རིམ་པ་བཞིན་དུ་ཀུན་རྫོབ་བདེན་པའི་རིམ་པ་དང༌། དོན་དམ་བདེན་པའི་རིམ་པ་གཉིས་སུ་བསྟན་པ་ཡིན་ནོ། །གནས་ཞེས་བྱ་བ་ནི་གཞིའམ་དངོས་པོ་ཙམ་གྱི་དོན་ཡིན་པས། སྐབས་འདིར་འོད་གསལ་ལམ་གྱི་ཡེ་ཤེས་ཏེ་འོད་གསལ་ཡང་ཡིན་ལ་གནས་ཀྱང་ཡིན་པའོ། །ཅིའི་ཕྱིར་རྒྱུ་དང་འབྲས་བུ་ཡིན་སྙམ་ན། བདག་བྱིན་གྱིས་བརླབ་པའི་རིམ་པ་


TNT05_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས་འཆད་པར་འགྱུར་བསམ་གཏན་གཉིས་དང་སྤྱོད་པ་གསུམ་གྱིས་སྒྱུ་ལུས་དེ་ལ་གནད་དུ་བསྣུན་པ་ལས་དོན་གྱི་འོད་གསལ་བ་དེ་ནི་ཐོབ་པར་འགྱུར་བས་སོ། །དེ་ལྟར་ཡང་དགྱེས་རྡོར་ལས། ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་པ་ལྟར། ཐ་མལ་གྱི་ལུས་ཀྱི་སྣང་བ་ལས་སེམས་གཞན་དུ་མ་གྱུར་ན། སྡུག་བསྔལ་མི་བཟད་པས་ཟིལ་གྱི་གནོན་པའི་ཕྱིར། བདེ་བ་ཡང་མ་དག་པ་དང་ཆ་ཕྲ་བ་ཞིག་གོ །དང་པོར་བསྐྱེད་པའི་རིམ་པར་ཐ་མལ་པ་ལས་བརྒྱ་འགྱུར་གྱི་ལྷག་པའི་ཕྲ་ཐིག་གི་བདེ་བ་སྐྱེ་བ་ལ་ཡང༌། བསྐྱེད་རིམ་རགས་པ་ལྷ་སྐུའི་གསལ་སྣང་སྔོན་དུ་འགྲོ་དགོས་སོ། །ཡིད་ངོར་དམིགས་པ་དེ་ལ་སེམས་བརྟན་པ་ན། སེམས་དང་གསལ་དུ་གྱུར་པའི་རྐྱེན་གྱིས་རྣམ་སྨིན་གྱི་ལུས་འདི་ཡང་སྔར་ལས་དངས་ཤིང༌། བདེ་བ་ཁྱད་པར་ཅན་སྐྱེ་ནུས་སུ་འགྱུར་རོ། །དེའི་ཚེ་ཕྲ་ཐིག་གི་རིམ་པས་ཡིད་ཡུལ་དུ་ཤར་བའི་ལྷ་སྐུ་དེ་ལ་གནད་དུ་བསྣུན་པས་རགས་པའི་ལུས་ལའང་གནད་དུ་རེག་པར་འགྱུར་ཏེ། ངེས་པར་ནི་སེམས་གཅིག་ཉིད་ལ་རྣམ་པ་ཕྱོགས་འདྲ་བའི་རྟེན་འབྲེལ་དང༌། འཇིག་རྟེན་ཀུན་རྫོབ་ཉིད་ལ་ཡང་གོ་ས་གཅིག་པའི་མཐུ་ལས་སོ། །དེའི་ཕྱིར་དེ་ལས་ལུས་སེམས་གཉིས་ལ་བདེ་སྟོང་གི་ཉམས་ཁྱད་པར་ཅན་འབྱུང་བས། སྐབས་དེར་ཡང་རྟེན་ལུས་ལྷ་སྐུ་ལ་བརྟེན་ནས། བརྟེན་པ་སེམས་བདེ་བར་འཆར་ཚུལ་དེ་ཡིན་ལ། རྟོག་པས་མ་བརྟགས་ཀྱང་སེམས་ལ་རང་ཤར་བའི་ལུས་དབེན་གྱི་ལྷ་


TNT05_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐོབ་པ་ན། རྡོར་བཟླས་དང་ལས་ཀྱི་ཕྱག་རྒྱ་སོགས་བསྒོམས་པས་དོན་དམ་ཡེ་ཤེས་ཀྱི་རྩ་དང་རླུང་ལ་རེག་པར་ནུས་ཀྱི། དེ་མ་ཐོབ་ན་ཐབས་དེ་དག་གིས་ཀྱང་ཀུན་རྫཽབ་རགས་པའི་རྩ་རླུང་ལ་རེག་པ་ཙམ་ལས་མི་འབྱུང་བས། དབེན་གསུམ་གྱི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་མི་ཐུབ་ལ། དེ་ཐོབ་པས་ཡེ་ཤེས་ཀྱི་རྩ་རླུང་ལ་རེག་པར་གནད་དུ་བསྣུན་པས་དོན་དམ་རྡོར་བཟླས་ཀྱི་ཡེ་ཤེས་དང༌། མངོན་སུམ་གྱི་མཚན་ཉིད་ཅན་གྱི་སྣང་བ་གསུམ་དུ་གཏོགས་པ་རྒྱུའི་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་དེ་ཐོབ་པར་འགྱུར་རོ། །དེ་ཡང་རྟེན་ལུས་དབེན་གྱི་ལྷ་སྐུ་མེད་ན་བརྟེན་པ་སྣང་བ་གསུམ་གྱི་བདེ་ཆེན་མི་འབྱུང་ངོ༌། །དེ་བཞིན་དུ་སྐབས་འདིར་ཡང་སྟེ། ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་སྐུ་དངོས་འདི་ཐོབ་ཅིང་དེ་ལ་མཉམ་པར་བཞག་པ་ན། རྡུལ་ཕྲ་རབ་ཀྱི་ཆོས་ཅན་རགས་པའི་ལུས་དེ་ཡང་ཤིན་ཏུ་ཕྲ་བ་དང་དངས་པ་དང་འཇམ་པ་དང་མཉེན་པར་འགྱུར་ཞིང༌། དེ་ལྟར་སོང་ཙམ་ན་རང་རྒྱུད་ཀྱི་ཕུང་ཁམས་སྟོང་ཉིད་དུ་སྦྱོང་བ་ཡང་སླ་བ་དང༌། མ་དག་པའི་ལུས་ཅུང་ཟད་གཞན་དུ་གྱུར་པས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཀྱང་གཞན་དུ་འགྱུར་ཏེ། ཕྱི་རོལ་སྣང་ཚུལ་ནང་ལུས་ཀྱི་རྟེན་འབྲེལ་ལས་ཤར་བའི་ཕྱིར་རོ། །ཡང་ཕྱི་ནང་ཐམས་ཅད་སྒྱུ་མ་ལྟ་བུར་རང་ཤར་བས་ཀྱང་སྣང་བ་དེ་རྣམས་སྟོང་ཉིད་དུ་ཤིན་ཏུ་སྡུད་སླ་བར་འགྱུར་ཏེ། ཀུན་རྫོབ་སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པ་ནི་དོན་དམ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་འཇུག་ཚུལ་དངོས་ཡིན་པས་སོ། །རགས་པའི་ལས་དེ་དངས་པོར་གྱུར་ན། ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་གསུམ་གསལ་བར་མངོན་


TNT05_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལ་གནད་དུ་བསྣུན་པ་ལ་འབད་རྩོལ་མི་དགོས་ཤིང༌། མ་དག་པའི་དེ་དག་ཡེ་ཤེས་ཀྱི་དེ་དག་ཏུ་ཐིམ་པར་བྱེད་པ་ལ་དཀའ་བ་མེད་པར་འགྱུར་རོ། །དེ་བས་ན་བདག་བྱིན་བརླབ་པའི་རིམ་པ་ཐོབ་ནས་ལུས་དེ་ལ་གནད་དུ་བསྣུན་པའི་ཕྱིར་བདེ་སྟོང་ཡང་ཡང་སྤེལ་བས། མ་དག་པའི་ཕུང་ཁམས་ཐམས་ཅད་བདེ་ཆེན་གྱི་དབྱིངས་གཅིག་ཏུ་རོ་མཉམ་དུ་ཐིམ་པར་གྱུར་བའི་དོན་གྱི་འོད་གསལ་སྐྱེ་བར་འགྱུར་རོ། ། དེ་ཡང་རང་གཞན་ཐམས་ཅད་སྒྱུ་མ་ལྟ་བུར་ཤར་ན་སྣང་བ་ཐམས་ཅད་ནུབ་པའི་སྟོང་ཉིད་ཀྱང་འཆར་སླ་བ་དང༌། རགས་པའི་ཕུང་ཁམས་ཕྲ་ཞིང་དངས་པར་གྱུར་ན་དེ་དབྱིངས་སུ་ཡལ་བར་སླ་བ་དང༌། ཀུན་རྫོབ་ཞུ་བདེ་ཁྱད་པར་ཅན་གྲུབ་ན་དོན་དམ་འོད་གསལ་གྱི་བདེ་ཆེན་ཐོབ་སླ་བ་དང༌། ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱིས་ལུས་ཀྱི་བྱ་བ་བྱེད་ནུས་པ་ན་ཡེ་ཤེས་གཅིག་པུའི་རང་སྣང་གི་ལུས་ཀྱིས་ཀྱང་བྱ་བ་བྱེད་ནུས་པ་ལ་དཀའ་བ་མེད་པར་འགྱུར་བ་ནི། དངོས་པོའི་སྟོབས་ལས་འོངས་པའི་རིག་པ་ཡིན་པ་རྒྱུ་མཚན་དེ་ཙམ་ཞིག་རྟོགས་དཀའ་བ་ཡང་མ་ཡིན་ཏེ། དཔེར་ན་མེ་བསྒྲུབས་ན་དངོས་པོ་མང་པོ་ཡང་སྲེག་པར་སླ་བ་དང༌། ཁ་ཟས་མང་པོ་ཡོད་པའི་ས་ཕྱོགས་སུ་བཀྲེས་སྐོམ་སེལ་སླ་ཞིང༌། དེ་ལས་ཟློག་ན་དེ་དག་འབྱུང་དཀའ་བར་མཁས་རྨོངས་ཐམས་ཅད་ཀྱི་ཤེས་པ་བཞིན་ནོ། །དེས་ན་བསྐྱེད་རིམ་བརྟན་ཞིང་སྤྱོད་པ་སྤྱད་པས་ལུས་ཀྱི་དངོས་གྲུབ་འགྲུབ་ཏུ་རུང་བ་དང༌། སྒྱུ་ལུས་པས་སྤྱོད་པ་སྤྱད་ན་ནི་མཆོག་གི་དངོས་གྲུབ་ཐོབ་པའི་སྔ་ལྟས་སུ་ཕྲ་ཡང་བརྒྱད་ཐོབ་པར་གསུངས་པ་ལྟ་བུ་ཡང་ལྷ་སྐུ་དེ་ལ་དམིགས་པས་ཐ་མལ་གྱི་ལུས་ཀྱང་ཇེ་


TNT05_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དངས་སུ་གྱུར་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེས་ན་སེམས་དོན་དམ་པའི་བདེན་པ་འོད་གསལ་ཐོབ་པ་ལ་ལུས་རླུང་སེམས་ཙམ་གྱི་སྐུ་འགྲུབ་པ་ངེས་པར་སྔོན་དུ་འགྲོ་དགོས་སོ། །སློབ་པའི་ཟུང་འཇུག་ནས་མི་སློབ་པའི་ཟུང་འཇུག་གི་བར་ལ་ཡང་ནང་སེལ་ཕྲ་མོས་དབྱེ་ན། སྐུ་དང་བདེ་བ་རྟེན་རྒྱུ་དང་བརྟེན་ལ་འབྲས་བུར་འཇོག་པའི་རིམ་པ་འདི་ཡང་ཡང་སྦྱར་དུ་ཡོད་མོད་ཀྱི། སྤྱི་ལྡོག་ནས་སྐུ་དང་ཡེ་ཤེས་གཉིས་ཀ་རྒྱུན་མི་འཆད་པར་མཉམ་དུ་འཇུག་པའི་ཕྱིར། རེ་ཞིག་སྐབས་དེར་དེའི་རྣམ་གཞག་མི་བྱེད་དོ། །འོ་ན་ལུས་དབེན་གྱི་ལྷ་སྐུ་ཡང་ཕྲ་ཐིག་གི་བདེ་བ་ལ་ཕར་བལྟོས་པ་དང༌། རླུང་སེམས་ཙམ་གྱི་སྐུ་འདི་ཡང་སེམས་དབེན་གྱི་བདེ་བ་ལ་བལྟོས་པའི་ཕྱིར། རྟེན་བརྟེན་པ་དང་རྒྱུ་འབྲས་ཀྱི་འཇོག་ཚུལ་འཁྲུགས་སོ་སྙམ་ན། ལམ་རིམ་སྔ་མ་སྔ་མ་ཐམས་ཅད་རྒྱུ་དང་ཕྱི་མ་ཕྱི་མ་ཐམས་ཅད་འབྲས་བུར་འཇོག་པའི་ཕྱིར། སྤྱིར་རྒྱུ་འབྲས་བུ་ལ་ནི་དེ་ཡང་འབྱུང་མོད་ཀྱི་སྔ་མ་དང་མི་འགལ་ཏེ། རྒྱུ་འབྲས་ཡིན་ན་རྟེན་བརྟེན་པ་ཡིན་པས་མ་ཁྱབ་པའི་ཕྱིར། བདེ་བ་ལས་ལྷ་སྐུ་འབྱུང་བའི་སྐབས་ཡོད་ཀྱང༌། བདེ་བ་རྟེན་དང་ལྷ་སྐུ་བརྟེན་པའི་ཚུལ་དུ་འབྱུང་བ་མ་ཡིན་ནོ། །དེ་བས་ན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་གདམས་ངག་སྟོན་པའི་དུས་ཀྱང་རྒྱུ་འབྲས་ཡིན་པའི་གོ་རིམ་དང་མཐུན་པར་དང་པོར་བདག་ལ་བྱིན་བརླབ་ཀྱི་རིམ་པ་བསྟན་ནས། ཕྱིས་འོད་གསལ་བའི་རིམ་པར་བསྟན་པར་བྱའོ། །ལྔ་པ་རིམ་པ་དངོས་རྒྱས་པར་བཤད་པ་ལ། གང་ལ་བསྒོམ་པའི་གཞི་རྟོགས་པའི་ཕྱིར་སྒྱུ་ལུས་ཀྱི་སྒྲུབ་གཞི་བསྟན་པ། བདག་བྱིན་བརླབ་པ་སྒྱུ་ལུས་ཀྱི་རིམ་པ་དངོས་གསལ་བར་ངོས་


TNT05_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་ཚད། རིམ་པ་འདི་ཐོབ་པའི་གནས་སྐབས་ཀྱི་ཡོན་ཏན་ཏེ་བཞི་ལས། དང་པོ་ནི། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། ། འཁོར་བར་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། ། བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་བཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པས། །ལས་དང་སྐྱེ་བ་ཀུན་དུ་འབྱུང༌། །ཞེས་པ་སྟེ། འགྲོ་བ་འདི་དག་ནི་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས་ལས་དང་བདེ་སྡུག་རང་ལ་རང་དབང་མེད་པས་སྐྱེ་འཆི་འབྱུང་བ་ཐམས་ཅད་དབང་མེད་བྱུང་བ་སྟེ། བསམ་པས་ཇི་ལྟར་བྱས་པ་བཞིན་དུ་འགྲུབ་པའི་རང་དབང་གི་ཚུལ་གྱིས་སྐྱེ་བ་སོགས་བྱུང་བ་ནི་མ་ཡིན་ནོ། །སྐྱེ་འཆི་རྣམས་འབྱུང་བའི་རྒྱུ་ནི་འོད་གསལ་གྱི་སེམས་རླུང་དང་བཅས་པ་ཡིན་ལ། འོད་གསལ་གྱི་སེམས་སུ་གཏོགས་པ་གཞན་རྣམས་ཀྱང་འོད་གསལ་བཞི་པ་ཐམས་ཅད་སྟོང་པའི་ཡེ་ཤེས་ཉིད་དེ་རང་གི་བཞོན་པར་གྱུར་པའི་རླུང་དང་བཅས་པ་ལས་བྱུང་བའོ། ། འདིར་འོད་གསལ་བ་ཞེས་པས་སྣང་བ་བཞི་ཅར་དང༌། འོད་གསལ་ཐམས་ཅད་སྟོང་པའོ་ཞེས་པས་སྣང་བ་གཞན་གསུམ་གྱི་རྩ་བ་ཡང་ཐམས་ཅད་སྟོང་པའོ་ཞེས་པ་ཡིན་པས།


TNT05_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བཞི་པ་དང་སྟོང་པ་བཞི་པ་ལ་འོད་གསལ་ཞེས་འདོགས་པ་ནི། གཙོ་བོའི་དོན་གྱི་ཕྱིར་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡིན་གྱི། སྤྱི་ལྡོག་ནས་སྣང་བ་གསུམ་གྱི་ཡེ་ཤེས་ཀྱང་འོད་གསལ་དུ་གཏོགས་པ་ཙམ་ཡིན་ནོ། ། གཞན་དུ་ན་རྒྱུ་ནི་འོད་གསལ་ཡིན་ལ། འོད་གསལ་དེ་ལ་ཐམས་ཅད་སྟོང་པ་ཞེས་བྱའོ། །ཞེས་འབྲུ་མནན་ན། འོད་གསལ་ཞེས་པའི་ཚིག་ལན་གཉིས་ཟློས་པའི་སྐྱོན་དུ་འགྱུར་ཞིང༌། ཡང་རྒྱུ་ནི་འོད་གསལ་ཡིན་ལ། འོད་གསལ་གྱི་ནང་ནས་ཀྱང་ཐམས་ཅད་སྟོང་པའོ་ཞེས་འཆད་ན་ནི་ཐམས་ཅད་སྟོང་པ་མ་ཡིན་པའི་འོད་གསལ་མང་པོ་ཡོད་པའི་ཚིག་ཏུ་འགྱུར་བས། དཀྱུས་སུ་བཤད་པ་དང་དོན་ཕལ་ཆེར་འདྲ་བར་འགྱུར་བས། དེས་ན་ཉམས་མྱོང་བརྒྱད་པ་དང་ལྡན་པའི་མན་ངག་འགའ་ཞིག་ལས། སྣང་གསུམ་ལ་ཡང་འོད་གསལ་གྱི་ཐ་སྙད་སྦྱོར་བ་ཡོད་པ་ཡང་ནོར་བར་མི་བསམ་མོ། །དེ་ལ་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པ་དོན་དམ་པའི་འོད་གསལ་གྱི་སེམས་དོན་དམ་པའི་རླུང་དང་བཅས་པ་དེ་ཡིན་ཏེ། དེ་ལ་ཡེ་ཤེས་དངོས་ཀྱིས་བསྡུས་པའི་འོད་གསལ་གྱི་སེམས་ནི་རང་བཞིན་བདེ་བ་ཆེན་པོ་སྤྲོས་པ་དང་མཚན་མ་ཐམས་ཅད་ཀྱིས་མ་གོས་པ་དེ་ཡིན་ལ། འོད་གསལ་འདིའི་རླུང་གི་ཆོས་དེ་གང་ལ་བྱ་སྙམ་ན། བདེ་ཆེན་དེ་ཉིད་ཀུན་རྫོབ་ལས་སྣང་དུ་མི་འཆར་ཡང་བདེ་ཆེན་རང་ཉིད་ཀྱི་རང་རྩལ་དོན་དམ་ཡེ་ཤེས་རྣམ་པ་ཐམས་ཅད་པར་རྟག་ཏུ་ཤར་བ་དེ་ནི་དོན་དམ་པའི་རླུང་ཡང་ཡིན་ཞིང་རྡོ་རྗེའི་སྐུ་ཡང་ཡིན་ནོ། །རྣམ་གཞག་ཙམ་དུ་ན། དོན་དམ་གྱི་རླུང་དང་སེམས་དེ་ལུས་དང་སེམས་སུ་འཇོག་ཅིང་བཞོན་


TNT05_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགོང་པ་པོའི་མིང་གི་བཏགས་ཀྱང་ཡང་དག་པར་ན་ངོ་བོ་གཅིག་པའི་ཟུང་འཇུག་གོ །དེ་འདྲ་བའི་འོད་གསལ་ཐམས་ཅད་སྟོང་པ་དེ་ཉིད་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཉིད་ཀྱི་སྣང་མཆེད་ཐོབ་གསུམ་ཡང་ཡིན་ནོ། ། ཐོབ་བྱ་དང་རྟོགས་བྱ་ཙམ་ཡིན་ཡང་རང་གི་ངོས་ནས་བྱ་བྱེད་ལས་གསུམ་དང་རྟག་ཏུ་བྲལ་བ་ཡིན་ཞིང༌། རང་ངོས་ནས་འཆར་ནུབ་མེད་ཀྱང་སེམས་ཅན་ཕལ་བའམ་རྣལ་འབྱོར་པ་རྣམས་ཀྱི་བློ་ངོར་འཆར་ནུབ་ཡོད་པ་ལྟར་སྣང་བ་ནི་ཡིན་ ནོ། །དེ་ཉིད་ཡོད་པའི་རྒྱུ་མཚན་ལས་དེ་ལ་གློ་བུར་གྱི་དྲི་མའི་ཚུལ་དུ་གནས་པ་རྣམ་ཤེས་ཀྱིས་བསྡུས་པ་རྩ་བར་གྱུར་བའི་འོད་གསལ་གྱི་རླུང་སེམས་འབྱུང་སྟེ། དེ་ཡང་ཀུན་རྫོབ་ཀྱི་ཤེས་པ་དག་པ་པ་རང་གི་ངོ་བོ་ཡུལ་གྱིས་ཁ་མ་བསྒྱུར་ཞིང༌། ལུས་ངག་ཡིད་གསུམ་མམ་གནས་དོན་ལུས་གསུམ་གྱིས་བསྡུས་པའི་སྣང་བ་གང་ཅི་ཡང་རུང་བ་རྐྱེན་དང་འཕྲད་ན་འཆར་དུ་རུང་བའི་ཕྱིར། རྣམ་པ་ཀུན་ལྡན་རྗེས་མཐུན་པ་གསལ་རིག་མ་འགགས་ཙམ་དེ་ནི་ཀུན་གཞི་རྣམ་ཤེས་དང་དོན་གཅིག་སྟེ། འཁོར་བའི་ཆོས་དང་ལམ་གྱི་ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་བའི་འོད་གསལ་གྱི་སེམས་སོ། །རིག་པ་ཙམ་དེའི་རང་ངོས་ནས་བག་ཆགས་མ་ཡིན་པས་དག་པ་པ་ཞེས་ཟེར་ཀྱང༌། རིག་པ་དེ་ལ་བག་ཆགས་ཀྱིས་མ་ཁྱབ་པའི་ཆ་ཤས་མེད་དེ། དེའི་བག་ཆགས་ཀྱང་གཅིག་ཁོ་ན་མ་ཡིན་པས་བག་ཆགས་ཐམས་ཅད་འདྲེས་ཤིང་འདུས་པས་ཁྱབ་བོ། དེ་ནི་འདི་རང་ལ་བལྟོས་པའི་སེམས་ཡིན་ལ། བག་ཆགས་ཀྱི་ནུས་པ་དེས་ནི་སེམས་དེ་ལ་གཟུགས་བརྙན་ཤར་བའི་ཚུལ་གྱིས་


TNT05_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣ་ཚོགས་ལ་གཡོ་བའི་རིག་པ་ཡང་འཆར། རིག་པ་དེ་རྣམས་ཀྱི་སྣང་ཆར་གྱུར་པའི་ཡུལ་སྣང་ཡང་འཚར་བའི་ནུས་པ་ཅན་ཡུལ་ལ་གཡོ་བའི་རང་བཞིན་ཅན་དུ་འདུག་པ་དེ་ནི། སྔ་མ་དག་པ་པའི་སེམས་ལས་རགས་ཤིང་གཟུགས་ཅན་གྱི་རྣམ་པ་རྣམས་སྐྱེད་པར་བྱེད་མཁན་ཡིན་པས། ལུས་ཀྱི་ས་བོན་དང་ལུས་ཀྱི་ཆོས་ཡིན་ཞིང༌། དོན་འདི་ཉིད་ལ་བལྟོས་ན་གཡོ་བའི་ཕྱིར་རླུང་གི་ཆོས་སུ་ཡང་བཞག་གོ །དེའི་ཕྱིར་འོད་གསལ་གྱི་སེམས་དང་དེའི་རྟར་གྱུར་པའི་རླུང་ནི་སྐབས་འདིར་དེ་དག་ཡིན་ཏེ་འཁོར་བའི་གཞི་རྩ་ཡང་འདི་ཁོ་ན་དང༌། བདག་གམ་རང་གི་ཐ་སྙད་ཀྱང་འདི་ལ་བཞག་པས་འཁོར་བ་རང་གི་སེམས་ལས་བྱུང་གི་གཞན་ལས་མ་བྱུང་ཞེས་དང༌། འགྲོ་དྲུག་རང་ལ་རང་དབང་མེད་ཀྱི་རང་དབང་ཡོད་པ་ནི་འོད་གསལ་ལོ་ཞེས་པ་གཉིས་དོན་གཅིག་གོ །རྣམ་ཤེས་སུ་གྱུར་པའི་འོད་གསལ་དེ་ཡང་རྣམ་པ་འདྲ་བའི་སྒོ་ནས་ཐམས་ཅད་སྟོང་པ་དང༌། ཡེ་ཤེས་ཀྱི་ཐ་སྙད་བརྗོད་པར་བྱ་བ་ཁོ་ན་ཡིན་ནོ། །འདི་ནི་གཞི་དུས་ཀྱི་འོད་གསལ་དངོས་ཡིན་ལ། དེ་ནི་སེམས་ཅན་རྣམས་ལ་རྟག་ཏུ་གནས་པ་ཡིན་ཡང༌། གསེར་ཁམས་གསེར་རྡོ་ལ་ཁྱབ་པ་ལྟར་གནས་པས་ཕལ་ཆེར་མི་གསལ་བའི་ཚུལ་དུ་ཡོད་པས་མི་རྟོགས་ཤིང༌། གཉིད་དང་རྨི་ལམ་ལ་སོགས་པའི་གནས་སྐབས་སུ་ཅུང་ཟད་གསལ་བ་དང༌། འཆི་བ་དང་བར་དོའི་སྐབས་སུ་དེ་བས་ཀྱང་གསལ་ཙམ་དུ་སྣང་སྟེ། སྣང་བའི་རྒྱུ་མཚན་ནི་ཀུན་རྟོག་གཡོ་བའི་རླུང་ཐིམ་པས་ཡིན་ནོ། །དེ་སྐབས་ཀྱི་བག་ཆགས་དེ་སྟོབས་སུ་གྱུར་པ་ལས་འབྱུང་བའི་ཁམས་རྡུལ་ཕྲན་གྱི་ཆོས་སུ་གཏོགས་པའི་ནང་


TNT05_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་གྱི་རླུང་ཕྲ་ཤོས་དེ་འབྱུང་སྟེ། དེས་ནི་རྨི་ལམ་དང་བར་དོ་ལ་སོགས་པའི་སྣང་བ་དངོས་སུ་སྐྱེད་ལ། དེ་ལས་འབྱུང་ལུས་ཀྱི་རླུང་བར་མ་དེ་བྱུང་ནས་ལུས་རགས་པ་རྣམས་དང་པོར་འགྲུབ་པར་བྱེད་ཅིང༌། དེ་གྲུབ་པ་ན་རླུང་བཅུ་སོགས་འབྱུང་ལུས་ཀྱི་རླུང་རགས་པ་རྣམས་འབྱུང་སྟེ། བདེ་སྡུག་དང་ངག་གི་བརྗོད་པ་དང་རྒ་ཤི་ལ་སོགས་པ་སྣ་ཚོགས་པ་འབྱུང་ཞིང༌། རགས་པའི་ལུས་འགྲུབ་པ་དང་རྗེས་སུ་འབྲེལ་བར་སྣོད་ཀྱི་འཇིག་རྟེན་དང་ལོངས་སྤྱོད་རྣམས་ཀྱང་སྣང་བ་རགས་པའི་ཚུལ་དུ་འབྱུང་ངོ༌། །དེ་ལྟར་ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པོ། །རྨི་ལམ་རྨི་བ་བཞིན་དུ་མཐོང༌། །ཞེས་དང༌། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་གསུངས་ནས། ཁམས་གསུམ་དུ་སྣང་བ་སྙིང་པོ་མེད་པ་སྟེ། མེད་བཞིན་དུ་སྣང་བ་ཡིན་ལ། དེའི་སྙིང་པོར་གྱུར་པ་བྱ་བྱེད་བྱེད་མཁན་ནི། རང་གི་སེམས་རླུང་དང་འདྲེས་པ་ལས་གཞན་མེད་པ་སྟེ། སེམས་ཀྱིས་རྒྱུ་དང་རླུང་གིས་རྐྱེན་བྱས་ཏེ། ཁམས་གསུམ་པོ་རྨི་ལམ་རྨི་བ་བཞིན་དུ་མཐོང་ངོ༌། ། འགྲོ་བ་དྲུག་པོ་སྐྱེ་གནས་འཇིག་གསུམ་དང་བར་དོའི་གནས་སྐབས་ཐམས་ཅད་ཀྱང༌། །འཇིག་རྟེན་གྱི་སྣང་བ་དེ་དང་དེ་སྲིད་ཕྱི་རོལ་དུ་ཡོད་པར་བློས་བརྟགས་ཀྱང་ཕྱི་དོན་དུ་མེད་དེ་རླུང་སེམས་ཀྱི་རྣམ་འཕྲུལ་ཙམ་མོ། །དགོངས་པ་ལུང་སྟོན་ལས་ཀྱང༌། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་


TNT05_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། མ་རྟོག་པ་ཡི་སེམས་དེ་ནི། །འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང༌། དེ་ནི་ཕྱིན་ཅི་ལོག་སོང་བས། ཁྱི་དང་ཅེ་སྤྱང་གླང་པོ་དང༌། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། །ཞེས་སེམས་ཅན་རྣམས་རླུང་སེམས་ཀྱིས་འགྲོ་བ་སྣ་ཚོགས་པར་འགྲོ་ལ། ཐམས་ཅད་འོད་གསལ་གྱི་རླུང་ལས་བྱུང་ཞིང་འོད་གསལ་གྱི་རླུང་དུ་འགག་པ་ དང༌། སྐྱེ་འགག་འགྲོ་འོང་གི་བྱ་བྱེད་ཐམས་ཅད་རླུང་གིས་བྱེད་པར་གསུངས་ སོ། །འདིར་མཁས་པ་ཁ་ཅིག་རླུང་སེམས་ཙམ་ལས་གཞན་དུ་གཉུག་མའི་ལུས་མེད་པར་བསྟན་གྱི། ཕྱི་རོལ་གྱི་དོན་མེད་པར་སྟོན་པ་མིན་གསུངས་ཏེ། རང་འདོད་ཀྱི་སྙིང་པོ་འཇུག་པ་རྩ་འགྲེལ་དང་གྲུབ་མཐའ་བསྟུན་པའི་ཕྱིར་ཡིན་པ་འདུག་ཀྱང༌། བསྟུན་མི་དགོས་པ་ནི་གོང་དུ་བཤད་ཟིན་ལ། ཁྱད་པར་དུའང༌། ཨཱརྱ་དེ་བས་བདག་བྱིན་བརླབ་པའི་རིམ་པ་ལས། ཕྱི་རོལ་དོན་ནི་ཡོད་མིན་པས། །འདི་དག་རང་གི་སེམས་སུ་བརྟགས། །དེ་བཞིན་སྒྱུ་མར་བསྒོམས་ནས་ ནི། །དེ་ཉིད་ཀྱང་ན་རྗེས་དྲན་བྱ། །ཞེས་གསུངས་པས། མ་བརྟགས་མ་དཔྱད་པའི་ངོར་ཕྱི་རོལ་གྱི་དོན་ཡང་མི་འགོག་པ་གཅིག་དང༌། ཅུང་ཟད་དཔྱད་པའི་གནས་སྐབས་ན། ཕྱི་དོན་མ་གྲུབ་ཅིང་ཤེས་པ་ཙམ་ལ་འཁོར་འདས་རྟེན་འབྲེལ་གྱི་རྣམ་གཞག་བྱེད་པ་གཅིག་དང༌། མཐར་རྣམ་པར་ཤེས་པ་ཡང་མི་དམིགས་པ་སྟེ་དོན་དམ་ལ་འཇུག་ཚུལ་གྱི་རིམ་པ་དེ་ལྟར་བྱེད་པ། སྤྱིར་མདོ་རྒྱུད་ཐམས་ཅད། སྒོས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ཐམས་ཅད་ཀྱི་དགོངས་པ་ཡང་ཡིན་ཞིང༌།


TNT05_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒོས་དེ་དག་གིས་མཛད་པའི་སྔགས་གཞུང་རྣམས་ཀྱི་དོན་ལ་ངེས་པར་འདི་ཁོ་ན་བཞིན་སྦྱོར་དགོས་སོ། །དེ་བཞིན་དུ་འོད་གསལ་གྱི་རླུང་སེམས་དེས་སྐྱེ་འཇིག་བྱེད་པ་པོའི་དོན་ཡང༌། ཇི་སྐད་དུ། ས་ལ་སོགས་པ་བཞི་པོ་ དང༌། །དེ་བཞིན་སྟོང་པ་བཞི་པོ་དག།བསྐྱེད་དང་འཇིག་པའི་རྒྱུ་ཉིད་དུ། །གནས་བརྒྱད་པོ་ནི་རྣམ་ཤེས་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལས་ཐབས་ནི་ཡང་དག་འབྱུང༌། །དེ་ལས་སྐྱེས་པ་ཤེས་རབ་སྟེ། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་སྐྱེས། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །ཆུ་ལས་སྐྱེས་པ་ས་ཡིན་ཏེ། །དེ་རྣམས་ལས་ནི་སེམས་ཅན་འབྱུང༌། །ས་ནི་ཆུ་ལ་ཐིམ་གྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་སུ་ཞུགས། །རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ། །སེམས་ནི་སེམས་ལས་བྱུང་ལ་འཇུག།སེམས་བྱུང་མ་རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་སོང་ནས། །སྲིད་པ་གསུམ་པོ་འགོག་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཇི་སྲིད་བདག་ཉིད་མ་མཐོང་བ། །དེ་སྲིད་ཐོག་མེད་དུས་ཅན་གྱི། །སྲིད་པའི་འཁོར་ལོ་འཇུག་པར་འགྱུར། །ཞེས་གསུངས་ཏེ། འཆི་བ་འོད་གསལ་ཉིད་ཀྱི་གནས་སྐབས་སུ་འོད་གསལ་ཉིད་ཀྱི་བཞོན་པའི་རླུང་མ་གཏོགས་གཞན་རྣམས་ཐིམ་མོ། །དེ་ལས་ཉེར་ཐོབ་ཀྱི་རླུང་བཞོན་པ་དང་བཅས་པ་དང༌། དེ་ལས་ཐབས་མཆེད་པ་རླུང་དང་བཅས་པ་དང༌། དེ་ལས་ཤེས་རབ་སྣང་བ་རླུང་དང་བཅས་པ་འབྱུང་སྟེ། དེ་གསུམ་ཡང་ལམ་དུས་ཀྱི་སྐབས་སུ་དབང་འབྱོར་བས་ཡུན་བསྲིངས་ན་མ་གཏོགས།


TNT05_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཙམ་གྱིས་རྫོགས་པར་འགྱུར་ལ། དེས་ན་འདི་འཆི་བ་འོད་གསལ་ལས་ལངས་བཞིན་པའི་སྣང་བ་གསུམ་པོ་ཡིན་པས་སྐབས་དེར་བར་དོའི་ལུས་ཀྱང་འགྲུབ་བཞིན་པ་ཡིན་ནོ། །ལུགས་ཟློག་གི་སྣང་བ་དང་པོ་རྫོགས་པ་དང་བར་དོ་རྫོགས་པར་གྲུབ་པ་དུས་མཉམ་མོ། །འོད་གསལ་ལས་ལངས་མ་ཐག་ཏུ་བར་དོ་སྐད་ཅིག་གིས་འགྲུབ་པ་ཡིན་ཡང༌། སྐད་ཅིག་དེ་ནི་དུས་མཐའ་སྐད་ཅིག་མ་ཡང་མ་ཡིན་ལ། དུས་མཐའ་ཡིན་དུ་ཕྱུག་ཀྱང༌། དེ་ལའང་སྔ་ཕྱི་དུ་མ་དབྱེར་ཡོད་པས་བར་དོ་འགྲུབ་པའི་སྐད་ཅིག་གཅིག་པོ་མིག་འཛུམ་ཙམ་དེ་ལ་ཡང་ནང་སེལ་དུ་ཕྱེ་ན་དུས་ཕྲ་མོ་མང་པོ་ཡོད་པ། དེའི་རིང་ལ་གཞི་དུས་ཀྱི་ལུགས་ཟློག་གི་སྣང་གསུམ་པོ་མ་རྫོགས་དོགས་པ་ཞིག་མང་པོ་འདུག་ཀྱང་དེ་འདྲ་མི་དགོས་ཤིང༌། བར་དོའི་ལུས་ངག་ཡིད་གསུམ་གྱི་རྒྱུ་ཡིན་པས། སྣང་བ་གསུམ་པོ་སྔོན་དུ་འགྲོ་དགོས་པ་ལས། འཆི་བའི་སྔ་རོལ་གྱི་སྣང་གསུམ་ལུགས་འབྱུང་དེ་ནི་འདས་ནས་ཡུན་རིང་ལོན་པའི་ཕྱིར་དང༌། སྲིད་པ་སྔ་ཕྱིའི་མཚམས་འཆི་བས་བཅད་ཟིན་པའི་ཕྱིར་བར་དོའི་དངོས་རྒྱུ་མི་བྱེད་དེ། དེ་བས་ན་བར་དོ་སྐྱེ་བའི་དུས་ན་ཐོབ་པ་དང༌། བར་དོའི་ཚེའི་གུང་ལ་མཆེད་པ་དང༌། སྐྱེ་བ་ཉེ་བར་ལེན་པ་ལ་ཕྱོགས་པ་ནི་སྣང་བ་ཡིན་ནོ། །ཞེས་རྒྱ་བོད་ཁ་ཅིག་གི་འདོད་པ་ཡང་མི་ལེགས་སོ། འཆི་བ་ལས་ལངས་པ་དང་བར་དོ་འགྲུབ་པ་སྲང་མདའི་མཐོ་དམན་ལྟ་བུ་ཡིན་ཡང༌། དེའི་བར་ལ་ལུགས་ཟློག་གི་སྣང་བ་གསུམ་ཆ་ཚང་བར་འཆར་ཐུབ་ལ། དེ་རྣམས་ཡུན་ཤིན་ཏུ་ཐུང་ཡང་ངེས་པར་སྲིད་ཀྱི་ལུས་ངག་ཡིད་གསུམ་སྒྲུབ་དགོས་པ་དང༌། བར་སྲིད་ཀྱི་དེ་གསུམ་ལས་རགས་


TNT05_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་གསུམ་ཡང་སྐྱེ་བའི་ཕྱིར། འཁོར་བའི་རྩ་བར་གྱུར་པས་ན་རྒྱུ་འགངས་ཆེ་ཡིན་པས་གནས་བརྒྱད་ཀྱི་བགྲངས་པ་ཡིན་ནོ། །བར་དོའི་ལུས་དེ་ཡང་ཤིན་ཏུ་དངས་བའི་འབྱུང་བཞིའི་ངོ་བོར་ཡོད་པ། དེ་དག་གི་སྐྱེ་ཡང་སྐད་ཅིག་གཅིག་གི་ནང་གི་འགོ་གཞུག་ལ་རླུང་མེ་ཆུ་ས་རིམ་ཅན་དུ་སྐྱེས་པས་བར་དོའི་ལུས་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པའི་སེམས་ཅན་དུ་འགྱུར་རོ། །དེ་ནས་རྫུས་སྐྱེས་དང་དྲོད་གཤེར་སྐྱེས་སུ་སྐྱེ་བ་བླངས་ན་ཡང༌། འབྱུང་བཞི་ཕྲ་བ་དེས་རྒྱུ་བྱས་ནས་འབྱུང་བཞི་རགས་པ་བླངས་ཚུལ་ཡིན་ལ། མངལ་སྐྱེས་སྒོང་སྐྱེས་ཀྱི་ལུས་འགྲུབ་ཚུལ་རྣམས་ཀྱང་འབྱུང་བཞི་རགས་པ་བླངས་ཚུལ་ཡིན་མོད་ཀྱི། དེ་དག་ནི་རྒྱུ་གནས་བརྒྱད་རིམ་པས་སྐྱེ་བའི་ཚུལ་མ་ཡིན་ཏེ། འབྲས་བུ་འགྲོ་བ་དྲུག་གི་སེམས་ཅན་འབྱུང་བའི་རྣམ་གཞག་གོ །དེས་ན་གནས་བརྒྱད་རིམ་ཅན་དུ་སྐྱེས་པའི་གྲུབ་འབྲས་ལ་ཕྲ་བའི་སེམས་ཅན་བར་སྲིད་བྱུང༌། དེ་ལས་རགས་པའི་སེམས་ཅན་གྱི་ལུས་འགྲུབ་པ་དང༌། གྲུབ་པ་དེ་ཉིད་གནས་པའི་གནས་སྐབས་ཞེས་བྱ་ལ། ཡང་དེ་ཉིད་མཐར་འཆི་བའི་གནས་སྐབས་སུ་དང་པོར་རགས་པ་གཞན་རྣམས་ཐིམ་ཚུལ་གོང་དུ་བཤད་པ་ལྟར་ཡོད་ཀྱང༌། དེ་དག་འཆི་བའི་སྦྱོར་བ་ཙམ་པོ་ཡིན་མོད། རྣམ་པ་གཅིག་ཏུ་ན་སླར་མི་འཆི་བར་ལྡོག་པ་ཡང་སྲིད་པས། གནས་སྐབས་དེ་གསོན་པོའི་ཚེ་ལ་གཏོགས་པ་ཡང་སྲིད། དེར་མ་ཟད་དེ་དག་ཁམས་ལྔའི་ཐིམ་རིམ་དུ་མ་འདུས་པ་ཡང་མ་ཡིན་ཏེ། ཕུང་ཁམས་དེ་དག་ཀྱང་ཁམས་ལྔར་འདུས་ལ། འབྱུང་བཞི་ཐིམ་རིམ་དངོས་གཞི་རྣམས་འབྱུང་བའི་སྔ་ལྟས་ཙམ་ཡིན་པའི་


TNT05_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཐིམ་ཚུལ་གྱི་སྐབས་འདིར་ཐིམ་རིམ་རེ་རེ་ཡུན་རིང་དུ་གནས་པ་ཡང་འབྱུང་ཞིང༌། ཤིན་ཏུ་ཡུན་ཐུང་ཤོས་ལ་ཡང་བག་རེ་བག་རེ་ཙམ་གནས་ཏེ། སེ་གོལ་གཏོགས་པ་ལྟ་བུའི་ཡུན་ལ་རྫོགས་པ་མ་ཡིན་ནོ། །འོ་ན་གཞི་དུས་ཀྱི་གནས་བརྒྱད་སྐྱེ་བའི་རིམ་པ་ནི་ཤིན་ཏུ་མྱུར་ན། གནས་བརྒྱད་ཐིམ་པ་ལ་རིང་དུ་ཐོགས་པའི་རྒྱུ་མཚན་མེད་དོ་སྙམ་ན། གནས་བརྒྱད་སྐྱེས་ནས་ཐོག་མར་ཕྲ་མོའི་ལུས་ཁོ་ན་བསྐྱེད་པ་ཡིན་པས་མྱུར་ཞིང༌། ཐིམ་པའི་སྐབས་ནི་རགས་པའི་ལུས་དང་མ་བྲལ་ཞིང་རགས་པ་རྣམས་ཀྱང་ཐིམ་དགོས་པའི་ཕྱིར་བུལ་བ་ཡིན་ལ། རགས་པའི་ལུས་རྫོགས་ཀྱི་བར་དུ་བྱས་ན་སྐྱེ་བའི་སྐབས་ཐིམ་རིམ་ལས་ཀྱང་རིང་བ་འགྱུར་རོ། །དེ་ལ་ཕུང་ཁམས་གཞན་རྣམས་ས་ལ་ཐིམ། དེ་ཆུ་ལ་དེ་མེ་ལ་དེ་རླུང་ལ་དེ་རྣམ་ཤེས་ལ་ཐིམ་དགོས་པ་ལས། དེ་རྣམས་དང་པོ་སེམས་སྣང་བ་ལ་ཐིམ། དེ་སེམས་བྱུང་མཆེད་པ་ལ། དེ་མ་རིག་པ་ཐོབ་པ་ལ། དེ་འོད་གསལ་ཙམ་ལ་ཐིམ་སྟེ། འཆི་བ་འོད་གསལ་དུ་སྲིད་པ་འགག་ཚུལ་ལོ། །ཇི་སྲིད་དུ་རགས་པ་རྣམས་ཡོད་ཀྱི་བར་དུ་གཉུག་མའི་རླུང་སེམས་དེ་སེམས་ཅན་རྣམས་ཀྱི་ལུས་སེམས་ལ་ཁྱབ་ནས་གནས་ཀྱང་མི་མཐོང་སྟེ་ཏིལ་ལ་ཏིལ་མར་བཞིན་ནོ། ། ཏིལ་བཙིར་ཏེ་ཞིག་པ་ན་ཏིལ་མར་མཐོང་བ་བཞིན་དུ་རགས་པ་རྣམས་འགགས་པ་ན། འོད་གསལ་གྱི་རླུང་སེམས་ཙམ་ཞིག་ལུས་སོ། །སྐབས་དེ་ན་འཁོར་བའི་ཆོས་གཞན་རྣམས་མངོན་གྱུར་དུ་མེད་ཀྱང༌། འོད་གསལ་དེ་ཉིད་ཐོག་མ་མེད་པའི་དུས་ནས་བསགས་པའི་བག་ཆགས་ཀྱིས་རོ་བསྒྱུར་ཏེ་གནས་པའི་ཕྱིར། དེ་ཁོ་ན་ལ་ཡུན་རིང་དུ་གནས་མི་ཐུབ་


TNT05_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པར་སླར་ཡང་སྲིད་པ་བདུན་པོ་རིམ་གྱིས་སྐྱེས་ནས་འཁོར་བའི་འཁོར་ལོ་བསྐོར་བར་བྱེད་དོ། འོད་གསལ་རླུང་དང་བཅས་པ་དེ་ཉིད་ཀྱིས་རང་གི་བདག་ཉིད་མ་ཤེས་པས་དེ་ལྟར་གྱུར་ལ། ཤེས་ན་གྲོལ་བར་འགྱུར་རོ། །དེ་ཡང་བག་ཆགས་དང་རླུང་དུ་སྣང་བའི་རྣམ་པར་རིག་པ་དེ་ནི་ཁོ་རང་གི་ངོ་བོ་གདོད་མ་ནས་ཡོད་མ་མྱོང་བ་ལ་དེ་དང་མཐུན་པར་མངོན་སུམ་དུ་རྟོགས་པ་ན། དེའི་ཤུལ་དུ་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཁོ་ན་ལུས་པ་ནི་གནས་ལུགས་ལ་དངོས་སུ་རེག་པ་སྟེ་གྲོལ་བ་ཡིན་ནོ། ། དཔེར་ན་མེ་ལོང་གཟུགས་ལ་ཁ་བལྟས་པ་ན། གཟུགས་བརྙན་རྣམ་པ་སྣ་ཚོགས་པ་ཤར་ཏེ་མེ་ལོང་གི་ངོས་ཀྱི་རང་བཞིན་མི་ཤེས་སོ། །གཟུགས་བརྙན་འགགས་པ་ན་མེ་ལོང་གི་ངོས་འཇམ་པོ་མཐོང་ནུས་པ་དང་འདྲའོ། །དེ་བས་རྣམ་པར་ཤེས་པ་འོད་གསལ་གྱི་རླུང་སེམས་གང་ཞིག་གིས་བྱིས་པ་རྣམས་འཁོར་བའི་འཆིང་བས་བཅིངས་པར་གྱུར་པ་ཡིན་ལ། སེམས་དེ་ཉིད་བདག་བྱིན་བརླབ་པའི་ལྷ་སྐུ་བྱས་ན། ཐབས་དེ་ཉིད་ཀྱིས་རྣལ་འབྱོར་པ་བདེ་བར་གཤེགས་པ་སངས་རྒྱས་ཀྱི་གནས་ཏེ་གོ་འཕང་དུ་འགྲོ་བར་འགྱུར་རོ། །ཚིག་དེས་ནི་རྫོགས་རིམ་གྱི་ལྷ་བསྐྱེད་པའི་གཞི་གསལ་བར་བསྟན་པ་ཡིན་ལ། ཡང་འདིར་ནི་རགས་པའི་ལུས་སེམས་ཐམས་ཅད་རྒྱུན་ཆད་ཅིང་འཇུག་པ་ཡིན་པས། གཞན་གང་ཡང་སྐྱེ་བ་ལེན་པ་པོར་མེད་ཅིང༌། གཞན་གང་ཡང་འཆི་བ་པོར་ཡོད་པ་མ་ཡིན་ཏེ། འོད་གསལ་གྱི་རླུང་སེམས་དེ་སེམས་སྣང་བ་གསུམ་གྱི་རང་བཞིན་རྣམ་རྟོག་དང་བཅས་པ་རྣམ་པར་གནས་པ་དེ་སྲིད་དུ་འོད་གསལ་གྱི་རླུང་སེམས་


TNT05_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྐྱེ་བ་ཡང་མྱོང་འཆི་བ་ཡང་མྱོང་བས། འཁོར་བའི་གནས་སུ་འཁོར་བ་པོ་ཉིད་ནི་དེ་ཡིན་པར་ཤེས་པར་བྱའོ། །དེ་ཡང་སེམས་ཀྱི་ཆོས་ཁོ་ན་ལས་མེད་ན། སེམས་ནི་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་ཕྱིར་ན་ཡུལ་ཕྱོགས་སྣ་ཚོགས་སུ་འགྲོ་བར་ཡང་མི་རུང་བདེ་སྡུག་གི་ཡུལ་དང་འཕྲད་པར་ཡང་མི་རུང༌། ཐོས་སོགས་ལ་བརྟེན་ནས་ལམ་སྒོམ་པ་ཡང་མི་རུང་ཡུལ་དང་མ་འཕྲད་པའི་ཕྱིར་ཉོན་མོངས་མི་སྐྱེ། ལས་མི་གསོག་སྐྱེ་བ་མི་ལེན་པར་འགྱུར་ན། སེམས་དེ་རླུང་དང་བཅས་པ་ལས་དེ་དང་དེ་ཀུན་འབྱུང་ངོ༌། །རླུང་དང་སེམས་ཐ་དད་པར་གནས་ན་ཡང་བྱ་བ་བྱེད་པར་མི་རུང་སྟེ། རླུང་གཡོས་ཀྱང་སེམས་གཡོ་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་རླུང་སེམས་དབྱེར་མི་ཕྱེད་པར་འདྲེས་པ་ནི་འཁོར་བའི་རྒྱུའོ་ཞེས་སྟོན་པ་ལ། རླུང་གི་དངོས་པོ་དང་འདྲེས་པར་སྦྱོར་བ་མེད་པར་ནི། སེམས་གསལ་རིག་ཙམ་དེ་ལ་དེ་ཉིད་ཀྱི་རང་བཞིན་ཏེ་རྣམ་རྟོག་བརྒྱད་ཅུ་ལ་སོགས་པ་རྣམས་དངོས་སུ་གཟུང་བ་སྟེ་སྐྱེ་བ་ཉིད་དུ་མེད་ལ། སེམས་དེ་ཉིད་རླུང་གིས་བསྐྱོད་པ་ལས་རང་གི་རང་བཞིན་རྣམ་རྟོག་རྣམས་ཀྱི་རྒྱུར་གྱུར་པས་ལས་གསོག་པ་དང་དེ་ལས་སྐྱེ་བ་ཀུན་དུ་འབྱུང་བ་ཡིན་ནོ། །འོད་གསལ་གྱི་རླུང་སེམས་ལས་སྣང་གསུམ་གྱི་རླུང་སེམས་སྐྱེ་ཞིང༌། དེ་ལས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་འབྱུང་སྟེ། དེ་ཡང་འོད་གསལ་རླུང་གིས་བསྐྱོད་པ་ལས་སྣང་བ་གསུམ་གྱི་སྣང་བ་འཆར་བ་དང་དེའི་བཞོན་པའི་རླུང་སྐྱེ། དེ་ནས་སྣང་གསུམ་ལས་རང་བཞིན་བརྒྱད་ཅུའི་སྣང་བ་འཆར་ཞིང༌། སྣང་གསུམ་གྱི་རླུང་ལས་རྣམ་རྟོག་བརྒྱད་ཅུའི་རྟར་གྱུར་


TNT05_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་རྣམས་སྐྱེའོ། །དེས་ལས་གསོག་པ་སོགས་སྔར་བཤད་པ་ལྟར་ཡིན་ནོ། །གཉིས་པ་བདག་བྱིན་བརླབ་པ་སྒྱུ་ལུས་ཀྱི་རིམ་པ་དངོས་གསལ་བར་ངོས་གཟུང་བ་ལ། བདག་བྱིན་བརླབ་པའི་རིམ་པའི་ངོ་བོ། །དཔེའི་སྒོ་ནས་དེ་ལ་ངེས་པ་བསྐྱེད་པ། སྒྱུ་ལུས་དེ་སྒྲུབ་བྱེད་ཀྱི་ཐབས་བཤད་པ་སྟེ་གསུམ་མོ། །དང་པོ་ནི༌། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བཤད༌། །དེ་བས་འདི་ལྟར་འགྲོ་བ་ཀུན། ། སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །གཟུགས་དང་ཚོར་བ་ཉིད་དང་ནི། །འདུ་ཤེས་དང་ནི་འདུ་བྱེད་རྣམས། །ལྔ་པ་རྣམ་པར་ཤེས་པ་དང༌། །དེ་བཞིན་ཁམས་ནི་བཞི་པོ་དང༌། ། མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཤེས་པ་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །ཞེས་པ་སྟེ། རྒྱུ་འོད་གསལ་བའི་སེམས་དེ་ཉིད་རླུང་དང་ཡང་དག་པར་ལྡན་པ་དེ་ལ་རྐྱེན་སྐད་ཅིག་མའི་སྣང་གསུམ་ཙམ་མ་ཡིན་པར་སྣང་བ་དང་མཆེད་པ་དང་ཉེར་ཐོབ་ཀྱི་ས་གསུམ་ཐོབ་པ་ལ་བརྟེན་ནས། དཔེའི་འོད་གསལ་ལ་བལྟོས་པའི་བདེ་ཆེན་མཐར་ཐུག་བསྒྲུབས་ཤིང༌། རང་རྒྱུ་ལུགས་ཟློག་གི་རྣམ་ཤེས་གསུམ་གྱིས་ཡང་དག་པར་བསྒྲུབས་པས། གཞི་དུས་ཀྱི་རླུང་སེམས་ཀྱི་སྟེང་དུ་ལམ་དུས་ཀྱི་སྣང་གསུམ་བདེ་བས་བྱིན་གྱིས་བརླབས་པའི་རྐྱེན་གྱིས་རླུང་སེམས་དེ་ཉིད་དེ་དངོས་སུ་ལྷ་སྐུའི་རྣམ་པར་ཤར་བ་དེ་ཉིད་རྣལ་འབྱོར་བའི་ལུས་སུ་འགྱུར་བ་


TNT05_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལུས་ཀྱི་བྱ་བ་ཡང་བྱེད་དོ། །འདི་སྐབས་རགས་པའི་ལུས་ཡོད་མོད། །དེ་བས་ཀྱང་ལྷ་སྐུ་དེ་རྣལ་འབྱོར་པའི་ལུས་ཀྱི་གཙོ་བོར་འགྱུར་ཞིང་ང་རྒྱལ་ཡང་གཙོ་བོར་དེ་ལ་གནས་སོ། །ལྷ་སྐུ་དེ་ནི་སྣང་སྟོང་གཉིས་སུ་མེད་པ་དང༌། རྣམ་པ་དུ་མ་འཆར་ཡང་གཟུང་བའི་ངོ་བོར་མ་གྲུབ་པའི་ཕྱིར་དང༌། རྫས་དང་སྔགས་ལས་སྒྱུ་མ་འབྱུང་བ་ལྟར་འོད་གསལ་ཉིད་རྫས་ལྟ་བུ་དང༌། རླུང་སྔགས་ལྟ་བུས་བསྐྱེད་པའི་ཕྱིར་དེ་ལ་ནི་སྒྱུ་མའི་ལུས་ཞེས་བཤད་དོ། །ལྷ་སྐུ་འདིའི་རྒྱུ་ནི་གཞི་དུས་ཀྱི་བདེ་བ་ལ་ལམ་གྱི་བདེ་བས་བརྒྱན་པ་ཡིན་ཞིང༌། གཉུག་མའི་ལུས་ཀྱང་ཡིན་པའི་ཕྱིར་ན་བདག་ཀྱང་ཡིན་ལ། སྔོན་ཐ་མལ་གྱི་ང་རྒྱལ་དང་རྟོགས་པས་བརྟགས་པའི་ལྷའི་ང་རྒྱལ་ཞིག་ཡོད་པ་དེ་སྐབས་འདིར་དེ་ལ་འཕོས་པ་ནི་ཉོན་མོངས་པ་མ་ཡིན་པའི་ང་རྒྱལ་ཏེ། སྒྱུ་ལུས་ཀྱི་རིམ་པ་ལ་གནས་པའི་གང་ཟག་དེས། སྤྱིར་ཉོན་མོངས་ང་རྒྱལ་རྩ་བ་ནས་སྤངས་པ་མིན་ཡང༌། སྐབས་འདིའྀ་ལྷ་སྐུའི་ང་རྒྱལ་ནི་ཉོན་མོངས་མིན་ནོ། །དེ་སྐད་དུ་ཡང༌། ལང་ཀར་གཤེགས་པ་ལས། གང་ཟག་རྒྱུན་དང་ཕུང་པོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང་གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ང་སྨྲའོ། །ཞེས་པ་དང༌། དགྱེས་རྡོར་ལས། རྣམ་པར་ཤེས་པ་ཀུན་གྱི་ཚུལ། །སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་རང་ཉིད་ཀྱིས་སྒྱུ་


TNT05_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐུ་གྲུབ་པ་ན། རང་གི་རླུང་སེམས་རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུར་ཤར་བ་དེ་བས་ན་རང་གི་ལྷ་སྐུ་འདི་ལྟ་བུར་འགྲོ་བ་ཀུན་གྱི་ལུས་ལ་ཀུན་དུ་ཁྱབ་པའི་རླུང་སེམས་རྣམས་ཀྱང་སྒྱུ་མ་ལྟ་བུའི་སྐུའི་རང་བཞིན་དུ་རིམ་གྱིས་མཐོང་བར་འགྱུར་བར་སྔགས་ཀྱི་ཐེག་པ་འདིར་བཤད་དེ། རྡོ་རྗེ་འཕྲེང་བ་ལས། ཚིག་གི་ལམ་གྱི་ཡུལ་འདི་ཉིད། །གཙོ་བོའི་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇའ་ཚོན་བཞིན་དུ་སྣང་བ་ཡིན། ཞེས་གསུངས་ཤིང༌། འཆད་པར་འགྱུར་བ་མི་སྣང་བའི་ཏིང་ངེ་འཛིན་གྱིས་ཀྱང་སྟོན་ཏེ། རང་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་རིམ་གྱིས་བསླབས་པས། མཐར་རང་གི་ཤེས་པའི་སྤྱོད་ཡུལ་དུ་སྣང་བའི་སྣོད་བཅུད་ཐམས་ཅད་ཀྱང་རླུང་སེམས་ཙམ་གྱི་དཀྱིལ་འཁོར་དུ་སྣང་བ་འབྱུང་ངོ༌། །དེའི་ཕྱིར་འགྲོ་བ་ཐམས་ཅད་བདེ་བའི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་དེ་དང་འདྲ་བར་མཐོང་ངོ༌། །ཚིགས་བཅད་སྔ་མས་རང་གིས་སྒྱུ་ལུས་ཐོབ་པ་བསྟན་ཞིང༌། ཚིགས་བཅད་འདིས་སྒྱུ་ལུས་སྤྲོ་བ་བསྟན་ནོ། དེ་ཡང་རིམ་པ་འདི་དང་པོར་ཐོབ་པའི་སྐབས་ན་རང་གི་རླུང་སེམས་ལྷ་སྐུར་སྣང་བ་ཙམ་ལས་མེད་ཀྱང༌། ཕྱིར་རིམ་པས་གོམས་པས་གོང་ནས་གོང་དུ་གྱུར་པ་ན་དེ་ལྟར་འགྲོའོ། །འདི་ཇི་ལྟར་སྒྲུབ་པའི་ཚུལ་འདུས་པའི་རྩ་བཤད་ན་ཧ་ཅང་གསལ་བར་མེད་པས། གསང་འདུས་འཕགས་སྐོར་གྱི་ཕྱོགས་འཛིན་པ་ཕལ་ཆེ་བ་རྣམས་ནི། བསྐྱེད་རིམ་གྱི་ལྷ་སྐུ་སྤྲོ་བའི་དམིགས་པ་འདིར་སྦྱོར་ཡང༌། རྒྱལ་སྲིད་འཛིན་པའི་ཐབས་ཕྲུ་རློག་པ་ལ་ངོས་འཛིན་པ་དང་འདྲའོ། །


TNT05_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ལས། ཐབས་ཀྱི་ཕྱོགས་ལ་བརྟེན་ནས་ལུགས་ཟློག་གི་དགའ་བཞིའི་སྐབས། ལྟེ་བ་ནས་ཡར་འཁོར་ལོ་ལྔ་ལ་རྡོ་རྗེ་སྤྲོ་བ་དང༌། ཤེས་རབ་དང་མཉམ་པར་སྦྱོར་པའི་ཕྱོགས་ལ་ཡས་བབས་ལྷན་སྐྱེས་ཀྱི་མཐར་ནོར་བུའི་རྩེ་ནས་སྤྲོ་བ་དང༌། མས་བརྟན་གྱིས་དུས་ནོར་བུ་དང་མགུལ་དང་གསང་བ་དང་ལྟེ་བ་རྣམས་སུ་དགའ་བཞིའི་རིམ་པ་ལས་ལྟེ་བ་ནས་རྡོ་རྗེ་སྤྲོ་བ་སོགས་རྒྱས་པར་གསུངས་མོད་ཀྱི། རེ་ཞིག་མཁས་ཆུང་དབྱེ་བ་མེད་པ་ལ་དབྱེ་བ་འདོད་པ་རྣམས་ཀྱི་བློ་ངོ་དང་བསྟུན་ཏེ། རྒྱུད་སྡེ་དེ་ཕྱོགས་ཁོ་ནའི་བཤད་པ་ཡིན་པའི་ཚུལ་དུ་བཞག་ནས་རྒྱས་པར་མི་སྤྲོའོ། །འོན་ཀྱང་དགའ་བཞི་སྣང་བ་བཞི་ཡིན་པ་དང༌། སྙིང་གར་འོད་གསལ་ཐོབ་པ་ལས་ལངས་ནས། མགྲིན་པར་བྱང་ཆུབ་ཀྱི་སེམས་ཕྱིན་པའི་ཚེ། སྒྱུ་མ་ལྟ་བུའི་སྐུ་སྤྲོ་བ་ཡིན་ནོ་ཞེས་གོ་བར་བྱའོ། སྒྱུ་ལུས་ཀྱི་རྩ་བའི་སྐུ་དེ་དང་སྤྲོས་པའི་སྐུ་དེ་དག་བརྟན་པ་ཐོབ་པར་གྱུར་ན། རེ་རེ་བཞིན་དཀྱིལ་འཁོར་རབ་འབྱམས་སུ་སྒྲུབ་པའི་ཕྱིར། གཟུགས་ཕུང་གི་དངས་མ་རླུང་སེམས་ཙམ་དེ་རྣམ་སྣང་དང༌། ཚོར་བའི་ཕུང་པོ་ཉིད་ཀྱི་དེ་ནི་རིན་ཆེན་འབྱུང་ལྡན་དང༌། འདུ་ཤེས་ཀྱི་དེ་ནི་འོད་དཔག་མེད་དང༌། འདུ་བྱེད་རྣམས་ཀྱི་དེ་ནི་དོན་ཡོད་གྲུབ་པ་དང༌། ལྔ་པ་རྣམ་པར་ཤེས་པའི་དེ་ནི་མི་བསྐྱོད་པའི་དཀྱིལ་འཁོརདུ་འགྱུར་རོ། །དེ་བཞིན་དུ་ས་ཆུ་མེ་རླུང་ཁམས་བཞི་པོ་རྣམས་ཀྱི་དེ་ནི་ཡུམ་བཞིའི་དཀྱིལ་འཁོར་དང༌། མིག་ལ་སོགས་པ་དབང་པོ་དྲུག་གི་དེ་ནི་བྱང་ཆུབ་སེམས་དཔའ་དྲུག་གམ་བརྒྱད་ཀྱི་དཀྱིལ་འཁོར་དང༌། གཟུགས་སོགས་


TNT05_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྔའམ་དྲུག་པོ་རྣམས་ཀྱི་དེ་ནི་རྡོ་རྗེ་མ་རྣམས་ཀྱི་དཀྱིལ་འཁོར་དང༌། གཞི་འཁོར་བ་རྣམ་ཤེས་ཀྱིས་བསྡུས་པའི་ཡེ་ཤེས་ལྔ་པོ་དེ་དག་ནི་ཀུན་ལ་ཁྱབ་བྱེད་ཡིན་པས། རེ་རེ་བཞིན་ཡང་ཤེས་པ་ལྔ་པོ་ཉིད་ཀྱི་རླུང་སེམས་དེ་ནི་རིགས་ལྔ་ལྔའི་དཀྱིལ་འཁོར་དག་སྟེ། ཕྱི་སྣོད་དང་ནང་བཅུད་ཀྱིས་དབྱེ་བ་ཉིད་དུ་རྣམ་པར་ཕྱེ་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་ལས་གཞན་མ་ཡིན་པར་བསྒོམ་པར་བྱའོ། །འདི་དག་བསྒོམ་ཚུལ་ནི། བསྐྱེད་རིམ་ལྟ་བུར་བློ་བཅོས་ནས་བསྒོམ་པ་མིན་པས་དེ་དང་དེ་དག་རང་ཤར་དུ་འབྱུང་བ་ཡིན་ནོ། །གཞུང་འདིར་ཁྲོ་བོ་ཡམ་ཡུམ་གྱི་གསལ་ཁ་མེད་ཀྱང༌། འཕགས་པ་ལྷའི་བདག་བྱིན་བརླབ་པར། སྤྱོད་པ་དེ་བསྡུས་པར་གང་བཤད་པའི། རིགས་ལྔའི་སངས་རྒྱས་བདག་ཉིད་ཆེ། །ལྷ་དང་ལྷ་མོ་ཐ་དད་པ། །རིགས་ལྔ་ལས་ནི་ཡང་དག་བྱུང༌། ཁྲོ་བོ་ཕོ་ཉ་ཕོ་ཉ་མོ། །བྲན་ཕོ་བྲན་མོ་དམག་ལ་སོགས། །དེ་ནི་ཡོད་མིན་དེ་མེད་ཀྱང༌། ། འགྲོ་བའི་དོན་ཕྱིར་རབ་ཏུ་བསྟན། །དེ་ལྟར་རྣལ་འབྱོར་བདག་ཉིད་ཀྱིས། ། ཐམས་ཅད་སྤྲོ་ཞིང་སྡུད་པ་སྟེ། །ཞེས་འབྱུང་བས། འདིར་སྤྱོད་བསྡུས་ལ་ཁ་འཕངས་པ་ནི་ལུས་དབེན་གྱི་སྐབས་ལ་དགོངས་སོ། ཁྲོ་བོ་ཁྲོ་མོ་དང་ཕོ་ཉ་དང་ཕོ་ཉ་མོ་རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་མཁའ་འགྲོ་མའི་ཚོགས་རྣམས་དང༌། བྲན་ཕོ་བྲན་མོ་ཕྱོགས་སྐྱོང་ལ་སོགས་པ་དཔལ་མགོན་པོ་བདུན་ཅུ་རྩ་ལྔ་ལྟ་བུའམ་ནག་པོ་ཆེན་པོ་དང་མ་མོ་བདུན་ལ་སོགས་པ་དང༌། དམག་ནི་འཁོར་ཚོགས་མ་ངེས་པ་སྣ་ཚོགས་པ་སྟེ། མདོར་ན་རླུང་སེམས་དེ་ཉིད་འཇིག་རྟེན་དང་འཇིག་རྟེན་


TNT05_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དཀྱིལ་འཁོར་རབ་འབྱམས་མཐའ་མེད་པར་སྣང་བ་ཡིན་ལ། དེ་དག་རང་བཞིན་སོ་སོར་ཡོད་པ་མ་ཡིན་ཞིང༌། རང་རང་གི་ངོ་བོ་ན་གཅིག་ཏུ་ཡང་ཡོད་པ་མ་ཡིན་མོད་ཀྱི། ཏིང་ངེ་འཛིན་གྱི་རྣམ་འཕྲུལ་དེ་འདྲ་རེས་རང་རྒྱུད་ཀྱི་ཚོགས་རྫོགས་ཚུལ་རེ་དང༌། སྒྲིབ་པ་སྦྱངས་ཚུལ་རེ་འོང་ཞིང༌། སེམས་ཅན་གཞན་རྣམས་ལ་དངོས་སུ་བདེ་བ་ལ་འགོད་ཚུལ་དེ་དང༌། རྒྱུད་སྨིན་པར་བྱེད་ཚུལ་རེ་ཡང་ཡོད་པས། རང་གཞིན་གྱི་འགྲོ་བའི་དོན་དུ་དེ་ལྟར་སྒྲུབ་དགོས་པ་ཡིན་ནོ། །སྒྲུབ་ཚུལ་ནི་བདེ་བའི་ཏིང་ངེ་འཛིན་རེའི་རྗེས་ཐོགས་སུ་སྣང་བ་མང་པོ་རེ་མཆེད་ཅིང་རྒྱས་པར་འགྱུར་ལ། ཡང་བདེ་སྟོང་ལ་སེམས་བསྡུས་ན་ཡིད་ངོར་གཟུགས་སྣང་འགགས་པ་དེའི་ཚེ། དེ་ལས་ལངས་བ་ན་སྔ་མ་ལས་ཀྱང་ལྷག་པའི་སྤྲོ་བསྡུ་ཁོ་ན་འབྱུང་བ་ཡིན་ནོ། །སྤྱིར་སྒྱུ་ལུས་ཀྱི་སྐུ་འདི་དག་ཡེ་ཤེས་ཀྱི་སྐུ་ཡིན་པར་བཤད་པས་དོན་དམ་རྣམ་པ་ཐམས་ཅད་པ་ཡིན་ནམ་སྙམ་ན། འདི་ནི་དོན་དམ་ཁོ་ནའི་སྣང་བ་མ་ཡིན་ཏེ་ཡེ་ཤེས་ཀྱི་སྐུ་ཡང་ཡིན་ལ་ཀུན་རྫོབ་ཀྱང་ཡིན་པའི་ཕྱིར་ཀུན་རྫོབ་བདེན་པར་རྣམ་པར་གཞག་པའང་ཡིན་ནོ། །དེས་ན་དོན་དམ་པའི་བདེ་ཆེན་དོན་དམ་རྣམ་པ་ཐམས་ཅད་པར་ཤར་བ་དེ་ཁོང་དུ་ཞུགས་པ་ལྟ་བུ་ཡིན་ཡང༌། མངོན་སུམ་དུ་སྣང་བ་ལ་སྒྲིབ་པའི་ཕྱི་གཡོགས་ལྟ་བུ་ནི་རྣམ་ཤེས་ཀྱི་རླུང་སེམས་ཕྲ་མོ་ཞུ་བདེའི་ངོ་བོ་གྱུར་པ་ལས་གྲུབ་པའི་ཡེ་ཤེས་གཅྀག་ཉིད་རྣམ་པ་མང་པོར་འཆར་བ་ཞིག་ཡིན་ལ། དོན་དམ་གྱི་དེ་ནི་དེ་ལ་ཁྱབ་བྱེད་དུ་གནས་ཤིང་ཁོང་དུ་སྦས་པའི་ཚུལ་དུ་ཡོད་པས་


TNT05_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ན། འདི་ཡང་དེ་དང་རྣམ་པ་འདྲ་རུང་དུ་འབྱུང་བ་ཡིན་ནོ། །དེས་ན་རླུང་སེམས་ཙམ་དེ་རྫས་ཐ་དད་པ་མང་པོར་གྲུབ་པ་མེད་པས། གཟུགས་ཕུང་སོགས་སོ་སོ་ལ་ལྷ་སོ་སོ་དངོས་སུ་བགོ་བཤའ་བྱར་མེད་ཀྱང༌། སྔར་དེ་དང་དེའི་སྣང་བ་འཆར་པའི་ནུས་པ་ལ་གཟུགས་སོགས་དེ་དང་དེར་སྣང་བ་དེ། སླར་ནུས་པ་འགྱུར་ནས་རྣམ་སྣང་ལ་སོགས་པའི་དཀྱིལ་འཁོར་དེ་དང་དེར་སྣང་བ་ནི་གཟུགས་ཕུང་ལ་ཁྱབ་པའི་རླུང་སེམས་རྣམ་སྣང་ལ་སོགས་པར་བསྐྱེད་པའི་དོན་ཡིན་པས། རླུང་སེམས་དེ་ལ་ཕུང་ཁམས་སོ་སོའི་རྫས་ཐ་དད་མེད་ཅིང་སེམས་ཀྱི་སྣང་བ་སྣ་ཚོགས་པར་ཡང་འཆར་བས་གཅིག་དང་ཐ་དད་ལས་གྲོལ་བ་ཞེས་བརྗོད་ཀྱི། བདེན་པའི་གཅིག་དང་ཐ་དད་ལས་གྲོལ་བ་ཙམ་གྱི་དོན་མ་ཡིན་ནོ། །ད་ནི་དོན་དེ་དག་གི་མཐའ་དཔྱད་པ་སྤྱོད་བསྡུས་ལས་འབྱུང་བ་དང་སྦྱར་ན། དེ་ཡང་འདི་སྐད་ཅེས། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ། ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེས་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ཡང་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་ཙམ་བསགས་པ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ་སྒྲ་རྣམས་ནི་བྲག་ཆ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱི་སྣང་བ་ཙམ་ཡོངས་སུ་ཤེས་པ་ཙམ་དུ་ཟད་པས། དེར་ཡང་རྣམ་


TNT05_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་པའི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་ཉིད་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་ རོ། །རིག་པ་འདིས་ནི་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པར་མི་འགྱུར་ རོ། །དེ་བས་ན་ཡེ་ཤེས་ཙམ་གྱི་སྐུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ལས་རྟོགས་པར་འཚལ་ལོ། །ཞེས་དོགས་སློང་གི་ཚུལ་དུ་བྱུང་སྟེ། བསྐྱེད་རིམ་ནས་ལུས་དབེན་གྱི་བར་ལ་ལྷ་སྐུ་སྒོམ་པ་ཇི་སྙེད་ཅིག་བྱུང་ཀྱང༌། ཡིད་ངོར་ལྷ་སྐུའི་སྣང་ཆ་ཤར་བ་ཙམ་མ་གཏོགས། ལུས་ཀྱི་བྱ་བ་བྱེད་ནུས་པའི་ལྷ་སྐུ་མི་འདུག་སྟེ། སྐབས་དེའི་རྣལ་འབྱོར་པའི་ལུས་དངོས་ནི་རྡུལ་ཕྲ་རབ་བསགས་པའི་ལུས་ཙམ་དུ་ཟད་པས་དེ་སྐབས་ཀྱི་ལྷ་སྐུས་ནི་ལུས་ཀྱི་དོད་མ་ཐུབ། ལུས་དངོས་དེ་ནི་རྡུལ་ཕྲན་འདུས་པ་ཁོ་ནའི་ཕྱིར་ཡེ་ཤེས་མ་ཡིན་པས་རྫོགས་རིམ་གྱི་ལྷའམ་ཡེ་ཤེས་ཀྱི་སྐུ་སྐབས་དེར་མ་བྱུང་ངོ༌། །ངག་དབེན་གྱི་སྐབས་སུ་བརྗོད་པ་ཐམས་ཅད་སྔགས་ཀྱི་རྣམ་པར་ཤར་བ་དང༌། བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་རྗེས་མཐུན་ཙམ་ཐོབ་མོད་ཀྱི། དེ་ཡང་གྲག་སྟོང་ཙམ་ཞིག་ཏུ་ཟད་པས་ལྷ་སྐུ་ཚུགས་ཐུབ་མ་བྱུང་ངོ༌། །སེམས་དབེན་གྱི་སྐབས་འདིར་རང་བཞིན་བརྒྱད་ཅུའི་རྣམ་རྟོག་གདོད་ནས་སྟོང་པ་ཙམ་ཡིན་པར་ཤེས་ཤིང༌། ལུས་ངག་ཡིད་གསུམ་བདེ་བའི་ཏིང་ངེ་འཛིན་དུ་ཤར་བ་རེ་ཡོད་ཀྱང༌། གཟུགས་དང་བྲལ་བའི་བདེ་སྟོང་ནམ་མཁའ་འདྲ་བ་ཙམ་ཞིག་ལས་རྣལ་འབྱོར་པའི་སྐུའི་བྱ་བ་བྱེད་པའི་ལྷ་སྐུ་མ་བྱུང་ངོ༌། །དེ་བས་ན་ཡེ་ཤེས་ཀྱི་སྐུ་དཀྱིལ་འཁོར་གྱི་ལྷ་རྣལ་འབྱོར་པའི་


TNT05_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་བྱ་བ་བྱེད་ནུས་དེ་ཇི་ལྟ་བུ་ཞིག་ཡིན། དེ་སྒྲུབ་པའི་ཐབས་ཀྱང་ཅི་ཞེས་པའོ། །དེ་ནི་ལྷའི་གསལ་སྣང་ཙམ་དང་རླུང་ཅུང་ཟད་དངས་པ་ཙམ་དང༌། ཐུན་མོང་མ་ཡིན་པའི་ཞུ་བདེ་སྟེ་གསུམ་པོ་དེ་ཡ་གྱལ་བ་རེ་རེས་ཀྱང་ལྷ་སྐུ་དངོས་སུ་མི་འགྱུར་ལ། དེ་འདྲ་རྟོག་པས་བཅོས་པ་ཡིན་ན་ལྟ་ཅི་སྨོས། སྣང་སྟོང་གྲག་སྟོང་བདེ་སྟོང་རྟོག་བྲལ་ཙམ་དུ་གནས་པས་ཀྱང་དེར་མི་འགྱུར་བས་སྒྱུ་ལུས་ཀྱི་ལྷར་འགྱུར་བ་ལ་དེ་གསུམ་ཀར་དངོས་པོ་གཅིག་ལ་ཚང་བ་དགོས་ཤིང༌། ཚང་བ་ཙམ་གྱིས་ཀྱང་མི་ཆོག་ཁྱད་ཆོས་གཞན་དགོས་པ་དང༌། ལྷ་སྐུ་དངས་གསལ་ཅི་དགོས་པ་ལ་རྡུལ་ཕྲ་རབ་འདུས་པའི་རགས་པའི་ལུས་ཀྱིས་གོ་མི་ཆོད་པར་བསྟན་ནོ། །དེས་ན་སྒྱུ་ལུས་ཀྱི་མི་བསྐྱོད་པ་དེ་དེ་བཞིན་གཤེགས་པ་མི་བསྐྱོད་པ་དངོས་མ་ཡིན་ཡང༌། འདི་རིགས་སུ་གཏོགས་པའི་ལྷ་དངོས་ཡིན་ལ། དེ་ད་ལྟ་འཇིག་རྟེན་ལས་འདས་པ་དངོས་མ་ཡིན་ཡང༌། འཁོར་བ་ཁམས་གསུམ་ལས་འདས་པའི་ལྷ་ནི་ཡིན་ ནོ། །འཕྲོས་དོན་འདི་ལྟར་གོ་དགོས་ཏེ། གོང་དུ་བསྟན་པ་ལྟར་བསྐྱེད་རིམ་གྱི་དམིགས་པ་ལ་ལྷ་དངོས་མེད་ཀྱང༌། གྲུབ་འབྲས་ཐུན་མོང་གི་དངོས་གྲུབ་ལ་ལྷ་དངོས་ཡོད་དེ། བསྐྱེད་རིམ་པ་སྤྱོད་པ་སྤྱད་ནས་འདོད་པའི་རིག་པ་འཛིན་པ་གྲུབ་པ་ན། མི་བསྐྱོད་པའི་རྣམ་པ་ཅན་ལྟ་བུའི་ལྷ་སྐུར་སོང་བ་དེ་མི་བསྐྱོད་པའི་རིགས་སུ་གཏོགས་པའི་ལྷ་ཡིན་ཡང༌། དངོས་སུ་ན་སྤྱིར་འཇིག་རྟེན་པ་ཡིན་ཞིང་ཁྱབ་པར་འདོད་ཁམས་ཀྱི་ལྷ་ཡིན་ནོ། །དེ་བཞིན་དུ་སློབ་པའི་ཟུང་འཇུག་ནི་འཇིག་རྟེན་ལས་ཡང་དག་པར་འདས་པའི་ལྷ་དང༌། མི་སློབ་པ་ནི་དེ་བཞིན་གཤེགས་


TNT05_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྣམས་དངོས་སོ། །རྣལ་འབྱོར་པ་རང་སྣང་གི་དཀྱིལ་འཁོར་ལ་སློབ་པའི་ཟུང་འཇུག་མན་ཆད་དུ་དེ་བཞིན་གཤེགས་པའི་རྣམ་པ་ཅན་དུ་བྱུང་ཡང་ངོ་བོ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་ལྷ་ཡིན་ལ། མི་སློབ་པའི་སྐབས་ཀྱི་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་བྲན་དང་ཕོ་ཉ་དང་དམག་ལ་སོགས་པའི་རྣམ་པར་བྱུང་ཡང་རྫོགས་པའི་སངས་རྒྱས་ཀྱི་ལྷ་ཉིད་ཡིན་ནོ། །ཞེས་པ་འདིའོ། །ཡང་སྤྱོད་བསྡུས་ལས་དོགས་པ་བཀོད་པ་དེའི་ལན་གསུངས་པ་ནི། ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཐམས་ཅད་ཀྱི་མན་ངག་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱའོ། །རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་གྱི་ཡོངས་སུ་སྣང་བ་ཙམ་གྱིས་མཚན་དཔེ་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་དེ་ཡང་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ནོ། །ཞེས་དང༌། གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང༌། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུ་དང་གཟུགས་བརྙན་ལྟ་བུ་དཔེར་བརྗོད་ཅིང༌། ལྷག་པར་མོས་ཀྱང་དེ་རྣམས་ཀྱིས་དཔེས་མཚོན་པའི་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱི་ཡིད་ཀྱི་


TNT05_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །དེ་བས་ན་ངས་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་སེམས་དཔའ་རྫོགས་པར་གྱུར་པའི་རྒྱུ་དང་རྐྱེན་ཁྱོད་ལ་ཁོང་དུ་ཆུད་པར་བྱའོ། །ཡང་དག་པར་ན་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའོ། །དེ་ལྟ་མོད་ཀྱི་སྣང་བ་ཙམ་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པར་གྱུར་པ་དང༌། ཐུན་མོང་དུ་གྱུར་པས་མྱུར་བ་སྟེ། དེས་ན་རླུང་གིས་རྣམ་པར་ཤེས་པ་བཅིངས་པ་ཡིན་ནོ། །དེ་བས་ན་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་ཀྱི་འོད་ཟེར་རྣམ་པ་ལྔ་དང་བཅས་ཤིང༌། སྣ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྒྱུ་མ་ལྟ་བུའི་སྐུ་འབྱུང་བར་འགྱུར་རོ། ། འདིའི་བཞོན་པ་གང་ཡིན་ཞེ་ན། རླུང་ཞེས་བྱ་བ་སྟེ་སེམས་རྡོ་རྗེ་གང་ཡིན་པ་རྟ་ལྟ་བུ་དེ་ལ་བཞོན་ནས་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །ཞེས་གསུངས་ཏེ། བསམ་གྱིས་མི་ཁྱབ་པ་ཞེས་པ་རྟོགས་པར་དཀའ་བ་དང༌། ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ནི། སྣང་བ་གསུམ་པོ་རྟོགས་པ་དང༌། ས་བཅུ་པོ་ལ་རབ་ཏུ་གནས། ཞེས་བཤད་པ་ལྟར་ཡིན་པས། སེམས་དབེན་མན་ཆད་མངོན་དུ་གྱུར་པའི་ཡང་སྤྱོད་ཡུལ་མ་ཡིན་ཞེས་པའོ། །ཡང་ན་ལམ་འདི་ལམ་ཞུགས་ན་མདོ་ལམ་རྐྱང་པ་ལ་བརྟེན་པའི་ས་བཅུ་པས་ཀྱང༌། བདེ་བ་ཆེན་པོ་ལྷ་སྐུར་ཤར་བ་འདི་མ་ཐོབ་པའི་དོན་ནོ། །རང་གི་སེམས་ལྷ་སྐུར་གདོད་ནས་གནས་པ་དེ་དང་རྣམ་པ་ཇི་ལྟ་བར་འདྲ་བར་རླུང་སེམས་ཀྱི་


TNT05_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུ་མངོན་དུ་གྱུར་པའི་སྒོ་ནས་རྟོགས་པ་ན་རིམ་པ་འདི་ཐོབ་པ་ཡིན་ལ། ཞུ་བདེ་དང་རྣམ་ཤེས་ཀྱི་རླུང་སེམས་ཡིན་པའི་ཆ་ནས་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཁམས་དང་མིང་གཞིའི་ཕུང་པོ་ཆ་ཤས་སུ་གཏོགས་པ་ཡོད་པས་ཕུང་ཁམས་ཕྲ་མོ་ཡིན་ཡང༌། གཟུགས་ཕུང་དང་དབང་པོ་དྲུག་དང་ཡུལ་ལྔའི་མཚན་ཉིད་དུ་མེད་པས་སྐུའི་རྣམ་པར་གྲུབ་ཀྱང་ཕུང་ཁམས་རགས་པ་ལས་གྲོལ་བ་དང༌། ཡང་འདི་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་སྣང་བ་འདྲེས་པ་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་སྣང་བའི་ལྡོག་ཆ་ནས་ནི་ཕུང་ཁམས་སྐྱེ་མཆེད་མཐའ་དག་ལས་གྲོལ་བའང་ཡིན་ནོ། །རང་བཞིན་བརྒྱད་ཅུའི་རྣམ་རྟོག་དང་བྲལ་བས་ཡེ་ཤེས་ཙམ་དང༌། རགས་པའི་ལུས་སམ་འབྱུང་བའི་ལུས་མངོན་གྱུར་བ་དང་བྲལ་བས་སྣང་བ་ཙམ་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པ། སངས་རྒྱས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་རྣམ་པ་ཅན་སྐུ་དེའི་རང་བཞིན་གང་ལས་གྲུབ་པ་ནི་ཡིད་ཏེ་སེམས་ལས་གྲུབ་པས་ཡིད་ཀྱི་ལུས་ཞེས་བྱའོ། །འདིར་ཡིད་ཅེས་པ་སེམས་སྣང་གི་མིང་ཡིན་གྱི། དྲུག་པ་ཡིད་ཀྱི་རྣམ་ཤེས་ཁོ་ན་ལ་མི་གཟུང་ངོ༌། །དཔེ་བཅུ་གཉིས་ནི་འོག་ཏུ་འབྱུང་ངོ༌། །དེ་ལྟར་ན་སེམས་གཅིག་པུ་ལས་སྐུའི་རྣམ་པ་ཅན་སྐུ་དངོས་ཀྱི་བྱ་བ་བྱེད་པ་འབྱུང་བ་མི་འཐད་དོ་སྙམ་ན། འཐད་དེ་དོན་དམ་བདེན་པའི་ཕྱོགས་ལ་ནི་སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱང་ཡིན་ལ། ཀུན་རྫོབ་བདེན་པའི་ཕྱོགས་ལ་ཡང་ལུས་དང་སེམས་རྟེན་བརྟེན་པའི་ཚུལ་རེ་དགོས་མོད་ཀྱི། རླུང་རགས་པས་མ་ཡིན་པར་


TNT05_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གསུམ་གྱི་སོ་སོའི་བཞོན་པར་གྱུར་པའི་རླུང་དང་གསུམ་ཀར་ལ་ཁྱབ་པའི་ཐུན་མོང་དུ་མྱུར་བ་ནི་ཕྲ་ཞིང་ཡང་བ་སྟེ་ཤིན་ཏུ་ཕྲ་བའི་འོད་གསལ་གྱི་རླུང་དེས་སེམས་བདེ་བར་ཤར་བ་དེ་བཅིངས་ཤིང་ཁ་ལོ་བསྒྱུར་བ་ཡིན་པས་སྣང་བ་ལ་སོགས་པ་ཤེས་རབ་ཀྱི་ཕྱོགས་དང༌། མཆེད་པ་ལ་སོགས་པ་ཐབས་ཀྱི་ཕྱོགས་རྣམས་ཉེར་ཐོབ་འོད་གསལ་དུ་རོ་མཉམ་པར་བསྲེས་ནས། མཐར་འོད་གསལ་གྱི་རླུང་གི་ངོ་བོར་གྱུར་ནས་འབྱུང་བ་ལྔའི་དངས་མའི་རླུང་འོད་ཟེར་ལྔ་པ་ཞེས་བྱ་བ། རྣམ་ཤེས་དག་པ་པ་དང་དབྱེར་མེད་དུ་འདྲེས་པ་དེ་འབྱུང་ལུས་ཀྱི་ཆ་ཤས་ཙམ་ཡིན་ཡང་ཆེས་ཤིན་ཏུ་གསལ་ཞིང་དངས་པའི་ཕྱིར། རྣམ་ཤེས་དང་འདྲེས་པ་ལྟར་སྣང་བ་དང་འབྱུང་བ་ལུས་ཀྱི་ཆོས་ལ་བརྟེན་པ་ཡིན་པས་ཀུན་རྫོབ་ཏུ་ལུས་དངོས་ཀྱི་བྱ་བ་ཡང་བྱེད་དོ། །རྣམ་ཤེས་མི་དང་རླུང་རྟ་ལྟ་བུར་བཤད་པ་ནི་དེ་གཉིས་ཚོགས་པ་གཅིག་པའི་དོན་ཡིན་ལ། གང་འདོད་པ་དེར་འཕོ་ཞེས་པ་ནི་ཤེས་པས་གང་བསྒྱུར་བ་དེར་རླུང་ཡང་དེ་ལྟར་འགྱུར་ཏེ་འགྲོ་བའི་དོན་ནོ། །དེས་ན་ལུས་དུད་འགྲོ་ལ་ཤེས་པ་བླུན་པ་དང༌། མིའི་ལུས་ལ་རྣམ་རྟོག་རགས་པ་སོགས་ལུས་དབང་ཆེ་བ་ལྟར་ཡིན་ཡང༌། འདིར་ནི་བདེ་བ་སེམས་ཀྱི་ཆོས་ལྟར་གྱུར་པས་ལུས་རླུང་གི་ཆོས་ཀྱང་ལྷ་སྐུར་འགྱུར་བ་སོགས་ཇི་ལྟར་འདོད་པར་བྱེད་པའི་ཕྱིར་སེམས་དབང་ཆེ་བར་གྱུར་ཏོ། །མཚན་ཉིད་འདི་དག་ནི་བདག་བྱིན་བརླབ་པའི་རིམ་པའི་ཡེ་ཤེས་མངོན་དུ་འགྱུར་པའི་དབང་དུ་བྱས་ནས། དེའི་མཚན་ཉིད་གཏན་ལ་ཕབ་པ་ཡིན་པས་མདོ་སྡེའི་ཚུལ་དང་བསྐྱེད་རིམ་སོགས་


TNT05_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཞན་རྣམས་དང་ཐུན་མོང་མ་ཡིན་པར་གསུངས་པ་ཡྀན་གྱི། ལས་དང་པོ་པ་རྣམས་ཀྱིས་སློབ་པ་ལ་འདིའི་རིགས་མཐུན་གྱི་རྒྱུ་ཚོགས་ཕྲ་མོ་ནས་གསོག་པའི་དབང་དུ་བྱས་ཏེ། སྣང་བ་བདེན་མེད་ཀྱི་འདུན་པ་དང་ལྷ་སྐུ་ལ་སྒྱུ་མའི་འདུན་པ་སྦྱོང་ཞིང༌། ཆགས་སྡང་སྤོང་པའི་དམིགས་པ་བྱེད་པ་རྣམས་ཀྱང་སྒྱུ་ལུས་ཀྱི་གདམས་ངག་རྣམ་དག་མ་ཡིན་ནོ་ཞེས་སྐུར་པར་གདབ་པར་མི་བྱ་སྟེ། ལམ་དེའི་ཐུན་མོང་མ་ཡིན་པའི་རྒྱུ་ཚོགས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་རོ། །འཕགས་པ་ལྷའི་སྒྱུ་ལུས་ཀྱི་གཞུང་ལས་ཀྱང་ཡོད་ཅེས་རྟོག་པ་ཇི་སྙེད་པ། །དེ་སྙེད་རྟག་པའི་ལྟ་བ་སྟེ། །རྟག་པར་མངོན་པར་ཞེན་པས་ན།།འདི་ནི་སྒྱུ་མའི་མཚན་ཉིད་མིན། །མེད་ཅེས་རྟོག་པ་ཇི་སྙེད་པ། །དེ་སྙེད་ཆད་པའི་ལྟ་བ་སྟེ། །ཆད་པར་མངོན་པར་ཞེན་པས་ན། །འདི་ཡང་སྒྱུ་མའི་མཚན་ཉིད་མིན། །ཡོད་ཅེས་པ་དང་མེད་ཅེས་པའི་དབུས་སུ་གང་ཞིག་རྟོག་ན་ནི། དབུས་སུ་མངོན་པར་ཞེན་པས་ན། དེ་ཡང་སྒྱུ་མའི་མཚན་ཉིད་མིན། །ཀུན་རྫོབ་བདེན་པར་གང་གསུངས་པའི། ། སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །བདག་བྱིན་བརླབ་ཅེས་དེ་བརྗོད་དོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །གང་ཞིག་གིས་འདི་ཐམས་ཅད་ཁྱབ། །བསོད་ནམས་དམན་པས་མི་རྙེད་དེ། །ལུང་བསྟན་ཉིད་ཀྱིས་རྙེད་པར་འགྱུར། །ཞེས་དང་རང་གི་སྒྱུ་མ་ལྟ་བུ་དེ། །རྟོག་གེ་པ་ཡིས་ཡུལ་མིན་ནོ། །རང་གི་ལུས་ལ་གནས་མོད་ཀྱི། །བསོད་ནམས་དམན་པས་རྙེད་མི་འགྱུར། །རང་ལུས་འགྱུར་བ་མེད་པ་དེ། །མཆོག་གཅིག་གིས་ནི་ཤེས་བྱ་སྟེ། ། དེ་ནི་དཔེ་


TNT05_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཉེར་མཚོན་ནས། །བླ་མའི་ཞལ་གྱི་དྲིན་གྱིས་སོ། །ས་དང་དེ་བཞིན་ཆུ་ལ་སོགས། །གཏེར་དང་ནོར་བུ་སྦས་པ་ལྟར། །དེ་བཞིན་ལུས་དང་ཀུན་མཁྱེན་པའང༌། །རྨོངས་དང་ལྡན་པས་མཐོང་མི་འགྱུར། །ཞེས་གསུངས་ཏེ། དབང་ཡུལ་རྣམ་རྟོག་སོགས་ལས་སྣང་གི་ཆོས་ལ་ཡོད་པར་དམིགས་པའི་རྣམ་པ་ཅན་ནི་རྟག་མཐའ་དང༌། རླུང་སེམས་ཙམ་ཡང་མེད་དེ་ཅི་ཡང་མེད་པར་སྒོམ་པ་ནི་ཆད་མཐའ་དང་དངོས་པོ་རྣམས་སྣང་བ་ཙམ་དུ་ནི་ཡོད་ལ། བདེན་དངོས་ནི་མེད་དོ་ཞེས་དབུས་སུ་འཛིན་པའང་གཉིས་ཀའི་དྲིས་གོས་པའི་ཕྱིར། སྐབས་འདིར་སྒྱུ་མ་མིན་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །ཞེས་ཀུན་རྫོབ་སྐད་ཅིག་མ་རྣམས་ཀྱི་མཐར་ཐུག་པ་ཆུ་ཟླ་ལྟར་གསལ་སྟོང་གཉིས་སུ་མེད་པའི་སྐུ་གནས་ལུགས་རྟོགས་པའི་ཐབས་ལ་མི་བསླུ་བས་བདེན་པར་འཇོག་པ་འདི་ནི་ལྷ་སྐུ་སྒྱུ་མ་ལྟ་བུ་སྟེ། ཆོས་ཉིད་ཀྱི་ལྷ་སྐུ་དང༌། དེའི་ཕྱི་གཡོགས་ཀྱི་ཚུལ་དུ་རྣམ་ཤེས་རླུང་བཅས་ཞལ་ཕྱག་གི་ཚུལ་འདྀ་ཡང་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་བོ། །འདི་ནི་ཐམས་ཅད་ཀྱི་ལུས་ལ་གནས་ཤིང་འགྱུར་བ་མེད་པ་སྟེ་ཐོག་མ་མེད་པ་ནས་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པ་ཡིན་ལ། འདི་རྟོག་གེའི་འཇུག་པས་རྟོགས་པར་མི་འགྱུར་ཏེ། མཆོག་གི་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་པུ་ལས་རྟོགས་པར་འགྱུར་རོ། །དེ་ཡང་ཀུན་ལས་བཏུས་ལས་གཟུགས་ལ་སོགས་པའི་ཡུལ་ནི་དབང་


TNT05_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་སྙོམས་པར་ཞུགས་པའི་ཐབས་སུ་གྱུར་པའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བདག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །དེ་སྒྱུ་མའི་དཔེས་ཉེ་བར་མཚོན་པ་སྟེ། ཞེས་གསུངས་པ་ལྟར་རིག་མའི་ཡུལ་གཙོ་བོར་གྱུར་པའི་གཟུགས་སོགས་ཡུལ་ལྔའི་བདེ་བ་ལམ་དུ་ལོངས་ཤིང་བརྟན་པ་ན། གཉིས་སྦྱོར་གྱི་ཐིག་ལེ་རིམ་པས་གཡོ་མེད་དུ་བཅིངས་ཏེ་དབུ་མར་འཇུག་ནུས་ལ། དེ་ཞུགས་པ་ལས་སྣང་བ་དང་མཆེད་པའི་ཡེ་ཤེས་སྐྱེ་ལ། དེ་གཉིས་རོ་མཉམ་དུ་སོང་བའི་ཉེར་ཐོབ་མཐར་ཐུག་པ་ལས་བདེ་བ་ཆེན་པོ་སྒྱུ་མའི་སྐུ་འབྱུང་སྟེ། གཞན་ནི་ས་ལ་གཏེར་དང་རྒྱ་མཚོའི་ཆུ་ནང་དུ་ནོར་བུ་སྦས་པ་ལྟར་རགས་པའི་ལུས་སོགས་སྣོད་བཅུད་ཀྱི་ནང་དུ་སངས་རྒྱས་ཀྱི་སྐུའི་རྣམ་པ་ཅན་གྱི་ཡེ་ཤེས་འདི་ཡང་སྦས་སོ། །ཞེས་གསུངས་ཏེ། ནང་དུ་སྦས་ཚུལ་ནི་བུར་ཤིང་ལ་བུ་རམ་ལྟ་བུར་སྦས་པ་ཡིན་གྱི། ཕྱོགས་ཀྱི་ཆས་ཡོངས་སུ་ཕྱེ་བའི་དཀྱིལ་དུ་སྦས་པ་ནི་མ་ཡིན་ནོ། །དེས་ན་ཁ་ཅིག་སྙིང་ག་ཆོས་འཁོར་ཀྱི་དབུ་མའི་ནང་དུ་རླུང་སེམས་དངས་མ་གནས་པ་སྟེང་འོག་གཡས་གཡོན་ནས་རྩ་མདུད་ཀྱིས་བསྡམས་པའི་ནང་དུ་སྦས། ཞེས་རྒྱུ་མ་ཕུས་བརྒྱང་པའི་སྡེ་གཉིས་བསྡམས་པ་ལྟར་འདོད་པ་དང༌། དེའི་ཕྱི་རོལ་དེ་དང་ཉེ་བར་རླུང་ཕལ་པ་རྣམས་སླེབ་པས་རྨི་ལམ་གྱི་ལུས་ཀྱི་སྣང་བ་འབྱུང་བ་དང༌། འཆི་བའི་དུས་དང་ལམ་བསྒོམས་པས་དེའི་


TNT05_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་མདུད་གྲོལ་བ་ན་འོད་གསལ་གྱི་རླུང་དེ་ཉིད་ལོགས་སུ་ཞལ་ཕྱག་གི་རྣམ་པ་ཅན་དུ་ཁྲོང་གི་འགྲོའོ་ཞེས་འདོད་པ་དང༌། འགའ་ཞིག་འོད་གསལ་གྱི་རླུང་དེ་རླུང་བཅུའི་ནང་གི་སྲོག་འཛིན་གྱི་རླུང་ཁོ་ནའོ། །ཞེས་ཀྱང་འཆད་མོད་ཀྱི། འདི་ལ་སྲོག་གི་རླུང་ཞེས་ཡང་ཡང་གསུངས་པ་ནི་རླུང་བཅུའི་ནང་གི་སྲོག་འཛིན་མ་ཡིན་ཏེ། ཀུན་ལ་ཁྱབ་པའི་སྲོག་གི་རླུང་དངས་མ་ཞིག་གོ །ཡེ་ཤེས་ཀྱི་ལུས་འདི་ཉིད་ཀྱི་རྩ་བའི་སྐུ་འགྲུབ་པ་དང་ཇི་ལྟར་སྤྲོ་བའི་ཚུལ་དང༌། ལུས་དེའི་ཁྱད་ཆོས་རྣམས་སྟོན་པ་ནི། རྩ་བའི་རྒྱུད་ལས། ལུས་དང་ངག་སེམས་རྡོ་རྗེ་ལ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ། །ལུས་དང་ངག་སེམས་ལ་སྤྲོས་ནས། །རྡོ་རྗེ་འཇམ་པ་འདྲ་བར་ འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གི །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དག་པའི་བདག་ཉིད་སྣང་བར་འགྱུར། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། །ཞེས་པ་སྟེ། རང་གི་སྒོ་གསུམ་མམ་སྣང་གསུམ་གྱི་ཡེ་ཤེས་བེམ་ཆོས་ཀྱི་རྩུབ་རེག་སྤངས་པའི་རྡོ་རྗེ་འཇམ་པ་སྒྱུ་ལུས་སུ་གྱུར་པ་དང༌། གཞན་གྱི་ལུས་ངག་ཡིད་གསུམ་ལ་སྤྲོ་བ་ དང༌། དཔག་ཚད་བརྒྱ་མཚོན་པར་བྱེད་པ་སྟེ། སྟོང་གསུམ་ཁྱབ་པའི་བར་དུ་མཚན་དཔེས་བརྒྱན་པའི་འོད་ལུས་སྤྲོ་བ་དང༌། རིམ་པ་འདི་ཐོབ་པ་མ་གཏོགས་པ་གཞན་གྱིས་མཐོང་བའི་སྤྱོད་ཡུལ་མིན་པར་བཤད་དོ། །གཉིས་པ་དཔེའི་སྒོ་ནས་དེ་ལ་ངེས་པ་བསྐྱེད་པ་ནི། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། ཁ་དོག་


TNT05_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །དངོས་དང་དངོས་མིན་ལས་གྲོལ་བའི། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་བལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབ་ཞེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ནི་ཉེ་བར་མཚོན་པ་ སྟེ། །ཞེས་སོ། །དེ་ལ་མེ་ལོང་གི་གཟུགས་བརྙན་ནི་བརྫུས་སྐྱེས་ལྟར་གཅིག་ཅར་དུ་ཤར་བའི་དཔེར་ཡང་འདོད་མོད་ཀྱི། སྤྱན་ལ་སོགས་པར་སྣང་བ་དང་གཟུགས་སྒྲ་ལ་སོགས་པར་སྣང་བ་རབ་འབྱམས་མཐའ་ཡས་པ་ཞིག་བྱུང་ཀྱང་མིག་དང་གཟུགས་སོགས་ཀྱི་དངོས་པོ་དེ་དང་དེར་མ་གྲུབ་པས། སྒྱུ་མའི་ལུས་ནི་མེ་ལོང་གི་གཟུགས་བརྙན་གྱིས་མཚོན་ཞིང་ཤེས་པར་བྱ་བ་ཡིན་པ་དང༌། འཇའ་ཚོན་ནི་ཁ་དོག་དང་དབྱིབས་སུ་གསལ་བར་སྣང་ཡང་རེག་ཐོགས་མེད་པ་ལྟར། སྐུ་དང་དཀྱིལ་འཁོར་གྱི་བཀོད་པར་གསལ་བར་སྣང་ཡང་ཐོགས་པ་མེད་པའི་དཔེར་འདོད་པ་ལྟར་བྱས་ཀྱང་འགལ་བ་མེད་ལ། ཡང་འཇའ་ཚོན་ནི་རྩ་བའི་རྒྱུ་བརླན་གཤེར་གྱི་ཆུ་ཟིལ་དང༌། རྐྱེན་སྤྲིན་གྱི་གྲིབ་མ་དང་ཉི་འོད་འཛོམ་པ་ལས་འབྱུང་བ་ལྔའི་དངས་མའི་འོད་ཤར་བ་ཡིན་པ་ལྟར། འདི་ཡང་རྩ་བའི་རྒྱུ་འོད་གསལ་གྱི་རྣམ་ཤེས་དང༌། དེ་ཉིད་ཀྱི་རྐྱེན་ཞུ་བདེ་མཐར་ཐུག་པའི་འོད་ཀྱིས་སྨིན་པར་བྱས་ཤིང༌། གཉིས་སྣང་དང་འདྲེས་པའི་ལྷ་སྐུའི་བག་ཆགས་ཅུང་ཟད་སད་པའི་རྐྱེན་གྱིས་


TNT05_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལྔའི་དངས་མ་འོད་ཟེར་ལྔ་པའི་རླུང་དེ་རབ་ཏུ་གསལ་ཞིང་བཀྲ་བའི་དཀྱིལ་འཁོར་དུ་ཤར་བའོ། །དེས་ན་ཁ་དོག་སྟེ་གཟུགས་ཀྱི་རྣམ་པར་འཆར་ཚུལ་རྣམས་ནི་འཇའ་ཚོན་དང་འདྲའོ། །ཡང་ནམ་མཁར་ཟླ་བ་གཅིག་ཤར་བ་ན་གཟུགས་བརྙན་ཆུ་ཀླུང་ཀུན་དུ་ཁྱབ་པར་གྱུར་པ་བཞིན་དུ། བདེ་བའི་ཡེ་ཤེས་གཅིག་པུ་ཉིད་དཀྱིལ་འཁོར་གཙོ་བོར་གྱུར་པ་བརྟན་གཡོ་ཐམས་ཅད་ཀྱི་སྣང་བརྙན་དུ་ཤར་བས་སྣོད་བཅུད་ཀུན་ལ་ཁྱབ་པ་ན་ཆུ་ནང་གི་ཟླ་བའི་གཟུགས་ཀྱིས་མཚོན་ནོ། །དེ་ལྟར་ཡང་འཕགས་པ་ལྷས། ཇི་ལྟར་མེ་ལོང་དྲི་མ་མེད་པ་ལ། །ཡན་ལག་ཀུན་དང་ལྡན་གཟུགས་སྣང་བ་ལྟར། །དཔེ་བྱད་བརྒྱད་ཅུ་མཚན་ཆེན་སུམ་ཅུ་གཉིས། །དེ་བཞིན་རྟག་ཏུ་རྡོ་རྗེ་འཛིན་ལུས་ཉིད། །མཁའ་དབྱིངས་དབང་པོའི་མཚོན་ཆ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་རྡོ་རྗེ་འཛིན་པའང་ཁ་དོག་དཀར་པོ་ལ་སོགས་པས། །དགེ་སོགས་ལས་རྣམས་ཇི་བཞིན་དེ་བཞིན་དུ་ནི་འཇིག་རྟེན་ལ། །ཡན་ལག་མ་ཉམས་ཕུན་སུམ་ཚོགས་པའི་གཟུགས་ནི་སྟོན་པར་མཛད། །གང་ཞིག་གསེར་དངུལ་དང་ནི་ནོར་བུ་དུང་དང་བྱི་རུ་ཤེལ། །བཻཌུརྱ་རང་ཟངས་དང་འཇོན་མོ་སྟེངས་སོགས་ཡང་དག་གནས། །ནམ་མཁའི་ངོས་གནས་རི་བོང་ཅན་གྱི་གཟུགས་ནི་གཅིག་ཤར་བས། །དེ་ལ་རྣམ་པར་འཇུག་པས་ཤིན་ཏུ་གསལ་བར་གང་བྱས་ལྟར། །རང་དངོས་སྣ་ཚོགས་གཟུགས་ཅན་ཟད་མེད་གང༌། །འཇིག་རྟེན་ཀུན་ཁྱབ་སྒྱུ་མའི་རང་བཞིན་ཉིད། །རྣམ་པ་སྣ་ཚོགས་འགྲོ་བའི་སྡེར་གནས་ པའི། །སེམས་མགོན་


TNT05_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་འདི་ནི་ཚིག་དོན་གཞན་རྣམས་གོ་སླ་ལ། དགེ་སོགས་ལས་རྣམས་ཞེས་པ་སེམས་ཅན་རྣམས་ཀྱི་ལས་དང་མཚུངས་པར་སྐུ་སྟོན་པ་དང༌། གང་ཞིག་སོགས་ལ་གསེར་སོགས་ངོས་ཤིན་ཏུ་བསྟར་བ་ལ་གཟུགས་བརྙན་ཤར་བ་དང༌། རང་དངོས་ནི་དངོས་པོ་གཅིག་ཉིད་སྣ་ཚོགས་པར་སྣང་བ་དང༌། རྣམ་པ་སྣ་ཚོགས་སོགས་ནི་རྣམ་པ་ཐམས་ཅད་པ་སྟོན་བྱེད་དོ། །གཞུང་འདི་རྣམས་སུ་ཡང་ཡང་མཚན་དཔེས་བརྒྱན་པའི་སྐུར་བཤད་པས། གང་དག་སྣང་བ་དང་སེམས་སྣང་ལ་རང་བཞིན་མེད་པའི་མཚན་ཉིད་ཅན་གང་ཡང་ཞིག་འཆར་དུ་རུང་ཙམ་འདི་སྒྱུ་ལུས་ཡིན་གྱི། ལྷ་ཞལ་ཕྱག་ཅན་གྱི་རྣམ་པར་ཡོད་ན་བཅོས་མ་བློས་བྱས་སུ་འགྲོ་ཞེས་ལྟ་བ་མཐོ་མཐོ་མོའི་སྦད་ཁམ་ཅན་ཐམས་ཅད་མགྲིན་གཅིག་ཏུ་སྨྲ་བ་ནི། རྒྱུད་དོན་ལས་ཕྱིར་ཕྱོགས་པའི་ལོག་པ་ཡིན་པར་ཤེས་པར་བྱའོ། །ཡང་ཁ་ཅིག་ནི་རྡོ་རྗེ་འཆང་ཕྱག་གཉིས་པའམ་ཞལ་གསུམ་ཕྱག་དྲུག་པ་ལྟ་བུ་ལ་དེ་ལས་ཆེར་བསྐྱེད་ཀྱང་མི་ཐུབ་ཆུང་ངུར་སྡུད་ཀྱང་མི་ཐུབ་པའི་ལྡེར་བཟོ་ལྟ་བུར་སྐུ་གཅིག་ཀྲོང་གིས་འབྱུང་བར་འདོད་པ་ཡང་བློ་གྲོས་དོག་པོའི་རྣམ་འགྱུར་ཡིན་ཏེ། རྣམ་པ་ཐམས་ཅད་པར་གསུངས་པ་མ་གོ་བའོ། །དེས་ན་དཀྱིལ་འཁོར་གྱི་འཁོར་ལོ་མང་པོར་སྣང་བ་ཉིད་གཙོ་བོར་གྱུར་བའི་འཁོར་འདས་ཀུན་གྱི་གཟུགས་ཅན་ཡིན་ལ་དེ་ཡང་ཡེ་ཤེས་ཀྱི་སྣང་བ་དངོས་སམ་རྗེས་མཐུན་པ་རྣམ་ཤེས་ཀྱི་སྣང་བ་ལམ་གྱི་བདེ་བ་ཆེན་པོའི་རང་གཟུགས་ནི་དེ་ཡིན་གྱི། མ་དག་ལས་སྣང་ལ་རབ་འབྱམས་པའི་མི་དག་ལ་ཆང་འཚོང་གི་ཁྱིམ་དུ་བྱིས་པ་ངུ་བར་


TNT05_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དེ་བདག་བྱིན་བརླབ་པར་འདོད་པ་ནི་ཀླ་ཀློ་ལྷ་མིན་གྱི་གྲུབ་མཐའ་བློ་ལ་ཤར་པའོ། །དེ་ལྟར་རྣམ་དངོས་པོ་རྣམ་རྟོག་སྣང་བ་དང་བཅས་པ་དང༌། དངོས་པོ་མ་ཡིན་པ་སྟོང་རྐྱང་ལས་གྲོལ་བའི་ཡེ་ཤེས་ཀྱི་སྐུ་བལྟ་བས་མི་ངོམས་པ་སྟེ། ཕུན་སུམ་ཚོགས་པའི་བཀོད་པ་ཅན་འཁོར་འདས་སྲིད་ཞིའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ། དཔེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་རི་མོ་བ་མཁས་པས་ལེགས་པར་བྲིས་པའི་གཟུགས་བརྙན་མེ་ལོང་དྲི་མ་མེད་པ་ལ་གསལ་བར་སྣང་བ་དང་མཚུངས་པའོ། །ཞེས་སློབ་མ་བཟང་པོ་དེ་ལ་བླ་མས་བསྟན་པར་བྱ་སྟེ། དཔེ་དེ་རྣམས་ཀྱིས་དོན་བདག་བྱིན་བརླབ་དེ་ལ་ངེས་ཤེས་བསྐྱེད་པའི་ཕྱིར་བཤད་དོ། །དངོས་དང་དངོས་མིན་ཅེས་སོགས་ནི། དཔེ་གསུམ་གྱི་ནང་ནས་དང་པོའི་རྒྱས་བཤད་དོ། །སྒྱུ་ལུས་འདི་རྣམ་པ་ཀུན་ལྡན་ཡིན་པ་རྒྱས་པར་བཤད་པ་ནི། ཇི་སྐད་དུ་ཨཱརྱ་དེ་བས། གཟུགས་སོགས་རྣམ་པ་ལྔ་དང་གང་ཡང་སྐྱེ་མཆེད་རྣམས། །བཅུ་གཉིས་ཞེས་བྱར་གསུངས་དང་ཁམས་ནི་རྣམ་པ་ལྔ་དང་ཡང༌། །ཡེ་ཤེས་ལྔ་པོ་དང་ནི་ཡུལ་ཏེ་འགྲོ་བ་མ་ལུས་ཀུན། །སྒྱུ་མ་ལས་བྱུང་དེ་འདིར་རྡོ་རྗེ་འཛིན་ཏེ་གཞན་མ་ཡིན། །རི་རྣམས་དང་ནི་རྒྱ་མཚོ་ཆེན་པོ་བརྒྱད་གང་ཡིན། །གླིང་རྣམས་དང་ནི་དམྱལ་བ་ལ་སོགས་དབྱེ་བ་རྣམས། །རྒྱུ་བ་དང་ནི་མི་རྒྱུ་བ་ཉིད་གང་ཡིན་པ། །དེ་དེའི་རང་བཞིན་རྡོ་རྗེ་འཛིན་ཏེ་གཞན་མིན་བལྟ། །དེ་ལྟར་འགྲོ་བ་མ་ལུས་རང་གི་སེམས་ལས་བྱུང་བ་སྟེ། །སྲིད་དང་ཐར་བར་རྟོག་དང་ཡང་དག་ལྡན་པའི་རྣམ་པར་ཤེས། །གང་གིས་སྲིད་པའི་རྒྱ་མཚོའི་


TNT05_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་སྡུག་བསྔལ་འཁོར་གྱུར་ལས། །ལེགས་སྦྱངས་ཕ་རོལ་སོན་པའི་འབྲས་ལྡན་དེ་ལ་བསྟོད་ཕྱག་འཚལ། ། ཞེས་གསུངས་ཏེ། གང་གིས་སྲིད་པའི་སོགས་ཟུང་འཇུག་གི་ཡ་གྱལ་གྱི་བདག་བྱིན་བརླབ་པ་ཁོ་ན་འཆད་པའི་དབང་དུ་བྱས་མོད། ལྷག་མ་གཞན་རྣམས་སྐབས་འདིར་ཡང་འབྱོར་བ་ཁོ་ན་ཡིན་ནོ། །དེས་ན་ཡེ་ཤེས་ཀྱི་སྐུ་འདི་ལ་སྒྱུ་མའི་ལུས་ཞེས་བྱ་བར་བསྟན་པའི་སྒྱུ་མའི་མཚན་ཉིད་ཀྱིས་ཀྱང༌། སྐུ་འདི་ཉིད་ངེས་པར་དཔེའི་སྒོ་ནས་མཚོན་པ་ཡིན་ནོ། །ཏེ་ཞེས་པ་ནི་འོག་དང་སྦྲེལ་བའི་ཚིག་ཡིན་ཡང་དོན་ཚན་སོ་སོར་གཞོག་དགོས་སོ། །དེ་ལྟར་དཔེའི་གཙོ་བོ་གསུམ་པོ་གཞུང་འདིར་དངོས་སུ་བསྟན་ལ། སྤྱོད་བསྡུད་སྒྲོན་མེ་ལས་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྒྱུད་ཀྱི་ལུང་དྲངས་ཏེ་དཔེ་བཅུ་གཉིས་སུ་མཛད་དོ། །དེ་ཡང་རྒྱུད་དེ་ལས། དེའི་ཕྱིར་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ནི་སྒྱུ་མ་ལྟ་བུ་དང༌། ཆུ་ཟླ་དང་མིག་ཡོར་དང་སྨིག་སྒྱུ་དང་རྨི་ལམ་དང་སྒྲ་བརྙན་དང་དྲི་ཟའི་གྲོང་ཁྱེར་དང༌། མིག་འཕྲུལ་དང༌།དབང་པོའི་གཞུ་དང༌། གློག་དང་ཆུ་བུར་དང༌། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །སྒྱུ་མ་སྨིག་སྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ། །མེ་ལོང་གི་ནི་གཟུགས་བརྙན་དང༌། ཆུ་ཟླ་དང་ནི་བྲག་ཆ་དང༌། །རྨི་ལམ་མིག་ཡོར་མིག་འཕྲུལ་གློག།ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །རྣམ་པ་དུ་མར་


TNT05_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་མཚོན་པ། །དེས་འདི་ཤིན་ཏུ་གསལ་བར་འགྱུར། །ཞེས་གསུངས་ཏེ། །འདི་ལ་སྒྱུ་མའི་དཔེ་བཅུ་གཉིས་ཞེས་ཟེར་བ་ནི། །སྒྱུ་མའི་སྐུ་ལ་མཚོན་བྱེད་དུ་དགོས་པ་བཅུ་གཉིས་ཀྱི་དོན་ནོ། །དེ་ཡང་འདི་ལྟར་འཆད་དོ། །རླུང་དང་སེམས་རྫས་སྔགས་ལྟ་བུ་ལས་བསྐྱེད་པས་སྒྱུ་མ་ལྟ་བུའོ། །ཆུ་ཟླ་ལྟ་བུ་ནི་གོང་དུ་བཤད་ཟིན་ལ། ལུས་ཀྱི་རྣམ་པ་ཅན་ཡིན་ཡང་ཤ་ཁྲག་ལ་སོགས་པ་དང་བྲལ་བས་མིག་ཡོར་ཏེ་གྲིབ་མ་ལྟ་བུ། སྐད་ཅིག་སྐད་ཅིག་ལ་སྣ་ཚོགས་པར་སྟོན་པའི་ཕྱིར་སྨིག་སྒྱུ་ལྟ་བུ། རྒྱུ་རླུང་སེམས་ཙམ་ལས་གཞན་མེད་པ་ནི་རྨི་ལམ་ལྟ་བུ། རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཏུ་གཏོགས་ཀྱང་གཞན་དུ་སྣང་བ་ནི་སྒྲ་བསྙན་ཏེ་བྲག་ཆ་ལྟ་བུ། རྟེན་བརྟེན་པའི་དཀྱིལ་འཁོར་དང་མཛད་པ་སྣ་ཚོགས་སྟོན་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། གཅིག་ཡིན་ཀྱང་དུ་མར་སྣང་བ་ནི་མིག་འཕྲུལ་ལྟ་བུ། ཁམས་ལྔའི་དངས་མ་ཡིན་པ་ནི་འཇའ་ཚོན་ལྟ་བུ། ཤིན་ཏུ་གསལ་ཞིང་འཇིག་རྟེན་སྣང་བར་བྱེད་པའི་ཕྱིར་གློག་ལྟ་བུ། བདེ་སྟོང་གི་ཤེས་པ་ཆུ་དང་འདྲ་བའི་དབུས་ནས་སྐད་ཅིག་གིས་བཞེངས་བའི་ཕྱིར་ཆུ་བུར་ལྟ་བུ། མཚན་དཔེ་ལ་སོགས་པ་སྐུ་དང་ཆ་བྱད་ཡོངས་སུ་རྫོགས་པའི་ཕྱིར། བྲིས་སྐུའི་གཟུགས་བརྙན་མེ་ལོང་ལ་ཤར་བ་ལྟ་བུའོ། །ཞེས་གསུངས་བ་ལྟར་ཕལ་ཆེར་ཡིན་མོད་ཀྱི། བྲག་ཆ་ནི་སྒྱུ་ལུས་ཀྱི་སྐབས་ཀྱི་གསུང་གི་སྒྲ་དབྱངས་ལ་སྦྱར་ན་ལེགས་ཏེ། རྣམ་རྟོག་དང་རྩོལ་བ་མེད་བཞིན་དུ་དོན་དང་ལྡན་པའི་ཚིག་འབྱུང་བའི་དཔེའོ། །རྒྱུད་གཞན་དུ་སྣང་བ་བྱ་བ་འདི་མཉམ་གཞག་དང་རྗེས་ཐོབ་སྒྱུ་ལུས་གཉིས་ཀ་ལའང་མི་འཐད་དོ། །དེ་བཞིན་དུ་མེ་ལོང་གི་


TNT05_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ཡང་ཐུགས་གསལ་དང་གཡོ་བ་མེད་པ་ལ་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བའི་དཔེར་བྱས་ན་ལེགས་པ་དང༌། ཀུན་ལས་བཏུས་དང༌། སྤྱོད་བསྡུས་དང༌། རང་བྱིན་བརླབ་པའི་གཞུང་གི་འགྱུར་གཞན་ལས། མིག་འཕྲུལ་གྱི་དོད་དུ་སྤྲིན་འབྱུང་བ་ལེགས་པར་མཐོང་སྟེ། མིག་འཕྲུལ་ནི་སྒྱུ་མ་ཉིད་ཡིན་པས་དཔེ་དང་པོ་དང་ཟློས་པར་འགྱུར་བས་སོ། །དེ་ལྟར་ན། བདེ་བ་ཆེན་པོ་བརླན་གཤེར་དང་འདྲ་བ་ལས་བྱུང་ཞིང༌། རླུང་གིས་བསྐྱོད་ཚུལ་ལས་བཀོད་པ་སྣ་ཚོགས་པར་སྣང་བས་སྤྲིན་ལྟ་བུ་ཞེས་བྱའོ། །ཡང་འགའ་ཞིག་རྣམ་སྨིན་གྱི་ཕུང་པོ་སྤྲིན་ནག་ལྟར་མི་གསལ་བའི་དབུས་ནས་ཤིན་ཏུ་གསལ་བའི་བདག་ཉིད་ཅན་གྱི་སྐུ་ཤར་བས་གློག་ལྟ་བུ་ཞེས་འཆད་པའང་ཡོད་པ། རིམ་པ་འདི་ལ་སྦྱོར་ན་འགྲིག་ཀྱང་ཟུང་འཇུག་གི་སྒྱུ་ལུས་ལ་མི་འགྲིག་གོ །སྐབས་འདིར་སྔོན་གྱི་རྣལ་འབྱོར་ཅན་འགའ་ཞིག་མེ་ལོང་གི་གཟུགས་བརྙན་ལ་བརྟེན་ནས། སྒྱུ་ལུས་ངོ་སྤྲོད་པའི་གདམས་ངག་བྱེད་པ་ལ། ཕྱིས་ཀྱི་བློ་གྲོས་ཆེན་པོ་འགའ་ཞིག་གིས་དབང་རྟུལ་བསྐྱེད་རིམ་ལ་སློབ་ཚུལ་དེ་བདག་བྱིན་བརླབ་པའི་རིམ་པར་ག་ལ་འགྱུར་སྙམ་དུ་བཞད་གད་ཆེན་པོ་མཛད་ཅིང༌། དེ་ལྟར་ན་དཔེ་ལྷག་མ་རྣམས་ལ་ཡང་དེ་འདྲ་རེ་བྱེད་དགོས་པར་ཐལ་བར་འགྱུར་རོ་གསུང་ཡང༌། འདི་ནི་མི་འགལ་ཏེ་ལས་དང་པོ་པས་སྒྱུ་ལུས་རྗེས་མཐུན་པ་སྒོམ་པ་ལ་དེས་ཀྱང་བོགས་ཆེན་པོ་འབྱིན་པའི་ཕྱིར་དང༌། སྐབས་འདིར་ཡང་བོགས་འབྱིན་དུ་མི་འགྱུར་བའི་རྒྱུ་མཚན་མེད་པ་དང༌། ངོ་སྤྲོད་པའི་སྐབས་ཀྱང་འདི་སྒྱུ་ལུས་


TNT05_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིམ་པ་དངོས་ཡིན་ནོ། ཁྱོད་ཀྱིས་ཕྱིར་མི་ལྡོག་ཐོབ་པ་ཡིན་ནོ་ཞེས་མི་ཟེར་གྱི། སྒྱུ་ལུས་ནི་རྣམ་པ་དེ་འདྲ་ཞིག་ཡིན་ནོ་ཞེས་དམིགས་པའི་ཡུལ་དུ་གོ་བ་སྐྱེད་པར་བྱེད་པ་ཡིན་པས་དེ་ལ་འགལ་བ་ཅི་ཡང་མེད་པ་དང༌། དཔེའི་གཙོ་བོ་གཅིག་ལ་ངེས་ཤེས་བསྐྱེད་པ་ཡིན་པས་དཔེ་གཅིག་ཙམ་ལ་བརྟེན་ནས་ངོ་སྤྲད་པས་ཀྱང་རུང་གི །དེས་ངོ་འཕྲོད་ན། གཅིག་ལ་བྱེད་ཕྱིན་དེའི་རིགས་འགྲེ་བྱེད་དགོས་པའི་ཁྱབ་འབྲེལ་མ་གྲུབ་པ་དང༌། གྲུབ་ཐོབ་བརྒྱུད་པའི་མན་ངག་གི་ལག་ལེན་གྱི་རྒྱུན་ཡོད་པ་ཞིག་ཡིན་ན་ནི། །དཔེ་གཞན་རྣམས་ལ་ཡང་སྟོན་ཚུལ་དེ་ལྟར་བྱས་ཀྱང་ཉེས་པ་ཅི་ཡང་མེད་པའི་ཕྱིར་རོ། །ཡང་སྐབས་འདིར་འཕགས་བསྐོར་བ་མང་པོ་དག་རླུང་སེམས་ཙམ་གྱི་ལུས་དེ་རགས་པའི་ཕུང་པོ་ལས་ལོགས་སུ་བྱེ་བ་ཞེས་ཐ་སྙད་མཛད་ན། སྤྱིར་ཐ་སྙད་དེ་དང་དེའི་དོན་མི་འགལ་ཡང༌། ལོགས་སུ་བྱེད་པའི་དོན་མེ་ལྕེ་ལས་དུ་བ་བཞིན་དུ་ལུས་ཀྱི་ཕྱི་རོལ་དུ་བྱུང་བའམ། རྩ་སྦུབས་ཀྱི་ནང་སོགས་ལུས་ཀྱི་ཆ་ཤས་ཁོང་སྟོང་གི་གནས་འགའ་ཞིག་ཏུ་ལམ་ཏེར་འབྱུང་བར་འདོད་ན་ནི་གོ་ཚུལ་ཤིན་ཏུ་འགངས་ཆུང་ངོ༌། །དེ་གཉིས་ངོ་བོ་དངོས་གནས་ལ་མ་འདྲེས་པ་ལམ་འདྲེས་པར་མཐོང་བ་ལ་བྱེ་བའི་ཐ་སྙད་འཇོག་ན་མི་འགལ་ཞིང་ཉམས་མྱོང་དང་ཡང་མཐུན་མོད་ཀྱི། བྱེ་བ་ཞེས་བྱ་བ་འདི་ཐ་སྙད་ལེགས་པོ་ཁོ་ནར་ཡང་མི་སྣང་ལ། རང་གཞུང་ལས་གསུངས་བའི་ཐ་སྙད་ཀྱང་མིན་པས་ངེས་པར་བརྗོད་དགོས་པ་ནི་མ་ཡིན་ནོ། །གསུམ་པ་སྒྱུ་ལུས་དེ་སྒྲུབ་བྱེད་ཀྱི་ཐབས་བཤད་པ་ལ། ཁ་ཅིག་སྐབས་འདིར་ཀུན་རྫོབ་བདེན་པ་དང༌། སྒྱུ་མའི་ལུས་དང༌། ལོངས་སྤྱོད་རྫོགས་སྐུ་དང་དྲི་ཟའི་སེམས་ཅན་དང༌།


TNT05_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐུ་ཞེས་འཆད་པར་འགྱུར་བ་དང༌། བདག་བྱིན་བརླབ་ཅེས་དེ་བཤད་དོ། །ཞེས་སྔར་བྱུང་བ་རྣམས་ཀྱིས་རིམ་པ་འདིའི་མིང་གི་རྣམ་གྲངས་ཙམ་བསྟན་པར་འདོད་ཀྱང༌། དྲི་ཟའི་སེམས་ཅན་སྐབས་འདིའི་མིང་གི་རྣམ་གྲངས་སུ་མི་རུང་ལ། རྣམ་གྲངས་སྟོན་བྱེད་ཅིག་ངེས་པར་ལོགས་སུ་དགོས་པའི་རྒྱུ་མཚན་ཡང་མེད་ཅིང་སྔ་ཕྱིའི་འབྲེལ་ཡང་མི་མཚུངས་སོ། །དེས་ན་སྐབས་འདིར་འདི་སྐད་ཅེས་བྱ་སྟེ། འདི་ལ་གཉིས། འཇུག་སྒོ་སྣ་ཚོགས་པའི་སྒོ་ནས་སྒྱུ་ལུས་སྒྲུབ་པའི་ཐབས་དང༌། སྒྲུབས་ཐབས་ཀྱི་གཙོ་བོ་སྤྱོད་པ་ལ་ཇི་ལྟར་སྦྱོར་བའི་ཚུལ་ལོ། །དང་པོ་ནི། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། ། རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཞེས་པ་སྟེ། དེ་ལ་ཐོག་མར་གནས་འདི་ཤེས་པ་ལ་རྨི་ལམ་གྱི་སྒྱུ་ལུས་གོ་དགོས་ཤིང༌། དེ་ཡང་ཐོག་མ་མེད་པ་ནས་མངོན་ཞེན་ཅན་གྱི་རགས་པའི་ལུས་འདི་ཉིད་སངས་རྒྱས་ཀྱི་སྐུར་འགྱུར་རམ་སྙམ་པའི་ལོག་རྟོག་སེལ་བ་དང༌། སྒྱུ་ལུས་ཀྱི་གནས་ཚུལ་གོ་བ་ལ་འདི་གལ་ཆེའོ། །ཞེས་སྤྱོད་བསྡུས་ལས་གསུངས་ཏེ། སྐབས་འདིར་རྨི་ལམ་གྱི་དཔེ་ལས་བརྩམས་ཏེ་སྒྱུ་ལུས་ཀྱི་གདམས་ངག་བསྲེ་བ་ལ་སོགས་པའི་དོན་ཁྱད་པར་ཅན་སྟོན་པ་དང༌། ཡེ་ཤེས་ཀྱི་སྐུ་ལ་ངེས་པ་རྙེད་པའི་ཕྱིར། དྲི་བ་དྲི་ལན་གྱི་ཟློས་གར་མཛད་དོ། །དེ་ཡང་འདི་སྐད་དུ། ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ནས། ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ། རྨི་ལམ་དུ་སུམ་ཅུ་རྩ་གསུམ་གྱི་གནས་སམ། ཡུལ་ཕྱོགས་གཞན་དག་ཏུ་


TNT05_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་སྟེ། ཡང་ཡུལ་འདིར་འོངས་ནས། ཅིའི་ཕྱིར་རྨི་ལམ་དགེ་བ་དང༌། མི་དགེ་བ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར། དེ་བཞིན་དུ་གཉིད་ལོག་པའམ་མ་ལོག་པའི་གནས་སྐབས་དག་ན། ཅི་ཐ་དད་པ་དག་མཆིས་སམ་འོན་ཏེ་མ་མཆིས་ཞེས་པ་ནི་དྲི་བའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་ལ། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང༌། །ས་འཐུག་གྱུར་བས་རབ་ཏུ་རིང་གཉིད་ལོག།འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་དེ་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར། །ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང༌། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང༌། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །རིམ་པ་དེ་བཞིན་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་རྫུན་པ་དག་ཀྱང་ཡོད་མ་ཡིན། །ཞེས་པ་ནི་ལན་ནོ། །དེ་ཡང་གཉིད་ཀྱི་དུས་སུ་སྣང་བ་རྣམས་ཐིམ་སྟེ། དྲན་པ་མེད་པ་ལ་ཡུན་རིང་དུ་གནས་པའི་རྒྱུ་མཚན་ཅི་ཡིན། སུམ་ཅུ་རྩ་གསུམ་ལ་སོགས་


TNT05_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡུལ་གཞན་གྱི་རྨི་ལམ་འབྱུང་བ་ཡང་ཅི་ཡིན། །རྨི་ལམ་གྱི་དུས་ན་ལུས་ཅིག་འདུག་པ་དེ་རགས་ལུས་འདི་མིན་པར་འདུག་སྟེ། རགས་པའི་ལུས་ནི་མི་མཐོང་བར་འདུག་པ་དང༌། རྨི་ལམ་དེ་ནི་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་སོགས་སྤྱོད་ལམ་སྣ་ཚོགས་བྱེད་པ་ལས། རགས་པའི་ལུས་ནི་མལ་དུ་མི་རོ་བོར་བ་ལྟར་འགྱེལ་ནས་འདུག་ནའང༌། སུམ་ཅུ་རྩ་གསུམ་དུ་ཕྱིན་པ་རྨི་ན། ལུས་འདི་བོར་ཏེ་སུམ་ཅུ་རྩ་གསུམ་ལ་སོགས་པར་ཕྱིན་པ་ཡིན་ནམ། །སད་པའི་ཚེ་ལུས་འདིས་སད་པར་འགྱུར་བ་ནི། རྨི་ལམ་གྱི་ལུས་དེ་སླར་ཡང་འདིར་འོངས་པ་ཡིན་ནམ། རྨི་ལམ་དགེ་བ་དང་མི་དགེ་བའི་འབྲས་བུ་སད་དུས་འབྱུང་ཡང་ཅི། རྨི་ལམ་དང་སད་པའི་སྣང་བ་ལ་བདེན་མི་བདེན་ཁྱད་ཡོད་དམ་མེད། ཅེས་འདྲི་བའི་ཚུལ་ལོ། །ལན་ལ་གཉིད་འཐུག་པོ་འབྱུང་བའི་རྒྱུ་ནི། ཉིན་བར་གྱི་བྱ་བ་ལ་སོགས་པས་དུབ་པའི་རྐྱེན་གྱིས་ཕུང་ཁམས་སྐྱེ་མཆེད་རགས་པའི་རླུང་རྣམས་ཀྱི་ནུས་པ་ཅུང་ཟད་སྨད་དེ། བདེ་བ་སྣང་བའི་ཤེས་པ་ལ་ཅུང་ཟད་ཐིམ་པར་འགྱུར་ཞིང༌། དེ་གསལ་བ་མཆེད་པ་ལ་ཐིམ། དེ་སྟོང་ཆེན་པོ་ཐོབ་པ་ལ་ཐིམ་པའི་གནས་སྐབས་ནི་གཉིད་འཐུག་པོར་འགྱུར་རོ། །དེ་ཡང་རླུང་རྣམས་ཅུང་ཟད་ཐིམ་པ་དང༌། ཁྱད་པར་ལུས་དུབ་པ་ངལ་གསོའི་ཚུལ་དུ་བྱ་བྱེད་བྲལ་ཞིང༌། རང་བཞིན་བརྒྱད་ཅུའི་བཞོན་པའི་རླུང་ནས་ཆ་ཤས་ཆ་ཤས་ཐིམ་པའི་རྐྱེན་གྱི། ནང་དུ་རླུང་དབུ་མར་ཅུང་ཟད་འཇུག་པ་དང༌། ལུས་ངལ་གསོས་པའི་ཚུལ་གྱིས་བདེ་ལ་རྟོག་མེད་ཅུང་ཟད་འབྱུང་ལ། དེའི་སྐད་ཅིག་གཉིས་པར་


TNT05_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དེས་རླུང་སེམས་སྔ་མ་ལས་ཀྱང་འདུས་ཚབས་ཆེ་བར་སོང་བས། རིག་པ་ནང་དུ་རྩེ་གཅིག་པར་འགྲིལ་བའི་རྐྱེན་གྱིས། ཤེས་པ་གསལ་བོ་ལ་གསལ་སྣང་སྔ་མ་ལས་མང་བ་ཞིག་འབྱུང་ངོ༌། །དེ་ནས་ལྷག་པར་རླུང་སེམས་ནང་དུ་འདུས་པས་མི་རྟོག་པ་ཆེས་འཐུག་པར་སོང་ནས། ཤེས་པའི་ངོ་བོ་གསལ་བར་ཡོད་ཀྱང་མི་ཤེས་པའི་དྲན་མེད་གཉིད་འཐུག་པོ་སྟོང་ཆེན་གྱི་སྐད་ཅིག་མ་འབྱུང་ཞིང༌། གཉིད་ཀྱི་འོད་གསལ་སྐད་ཅིག་མ་བཞི་པ་ཡང་སྔ་ཕྱིའི་གོ་རིམ་གྱི་དབྱེ་བ་མེད་དེ་དེ་དང་ལྷན་ཅིག་པར་གནས་སོ། །དེས་ངལ་གསོས་ཤིང་བདེ་བ་ཐོབ་པས། རླུང་ཕྲ་མོ་ཅུང་ཟད་གསར་དུ་སྐྱེས་ཏེ། རླུང་དེ་དང་གཉིད་ཀྱི་བདེ་བ་འདྲེས་པ་དེ་གཡོས་པ་ལས། རྨི་ལམ་གྱི་སྣང་བ་སེམས་ཀྱིས་སྤྱོད་ཡུལ་དུ་གསལ་བར་སྣང་བ་ཡིན་ནོ། །ས་འཐུག་གྱུར་པས་ཞེས་པའི་དོན་ནི། སྐབས་དེར་འགའ་ཞིག་ལྷ་མོ་བཞིས་ཞུས་ལས། དཀྱིལ་འཁོར་བཞི་ལུས་ལ་བཀོད་པའི་སྐབས། སྙིང་གར་སའི་དཀྱིལ་འཁོར་འགོད་པར་བཤད་པས། ས་ནི་སྙིང་གའི་བརྡ་སྟེ། སྙིང་གར་རླུང་འདུས་པས་གཉིད་འཐུག་པ་དང་ཡུན་རིང་བ་ཡིན་ཞེས་གསུང་ནའང༌། དེ་ལྟར་ན་གཉིད་སྲབ་པ་དང༌། ཡུན་ཐུང་བ་ལ་སྙིང་གར་མ་འདུས་པར་འཆད་དགོས་པས་བཤད་ཚུལ་དེ་མི་བདེ་ལ། དེས་ན་ལུས་ཀྱི་ས་ཁམས་འཐུག་པ་སྟེ་སྟོབས་ཆེན་པོར་གྱུར་པས་རླུང་ལ་དབང་བསྒྱུར་བའི་ཚེ་གཉིད་ཡུན་རིང་པ་ཡིན་ནོ་ཤེས་པ་སྟེ། དེའི་ཤུགས་བསྟན་ལ་ཆུ་དང་མེས་འབྲིང་དང༌། རླུང་གིས་ཡུན་ཐུང་ངུར་འགྱུར་ཞེས་པའོ། །འཐུག་པོ་ཞེས་པ་སའི་ཁྱད་ཆོས་ལ་སྦྱར་གྱི། གཉིད་ཀྱི་ཁྱད་ཆོས་


TNT05_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སྦྱོར་དེ། བདེ་བ་དང་སྡུག་བསྔལ་བའི་བག་ཆགས་སེམས་ལ་ཡོད་པ་དེ་རྐྱེན་ཉེ་བར་དམིགས་ནས་དངོས་སུ་བདེ་སྡུག་ཡོང་དུ་ཉེ་བ་ན། སད་དུས་ལ་ནི་དེ་དག་འབྱུང་བའི་སྔ་ལྟས་ཡོད་དུ་ཆུག་ཀྱང༌། རགས་པའི་ཁམས་འདིས་བསྒྲིབས་ཏེ་མི་ཤེས་པ་ལས། རྨི་ལམ་གྱི་ལུས་དང་སྣང་བ་དེ་ཕྲ་ཞིང་དངས་པ་ཡིན་པས་དེའི་དུས་ན་བདེ་སྡུག་འབྱུང་བའི་རྟགས་ཤར་བ་ཡིན་པ། ལྟས་དེ་ཡང་བདེ་སྡུག་གི་འབྲས་བུ་འབྱུང་འགྱུར་དེ་དང་འབྲེལ་བ་ཡིན་ལ། དེ་ལྟ་བུའི་རྨི་ལམ་གྱི་རྣམ་རྟོག་དེས་བདེ་སྡུག་གི་བག་ཆགས་དེ་ཤིན་ཏུ་སད་པར་བྱས་པས་བར་དུ་གཉེན་པོའི་ཐབས་ཀྱིས་མི་བཟློག་ན་སད་དུས་སུ་བདེ་སྡུག་དེ་ངེས་པར་འབྱུང་བ་ཡིན་པས། རྨི་ལམ་དགེ་མི་དགེའི་འབྲས་བུ་མེ་བསླུ་བར་འདོད་པ་ཡིན་ནོ། །འགྲོ་བ་ཞེས་སོགས་ལ། སྐྱེ་བོ་ཉིན་མཚན་རྨི་ལམ་ངེས་པར་འབྱུང༌། །ཞེས་ཆག་འགྱུར་ལ་ཡོད་ཀྱང་གཉིད་དང་རྨི་ལམ་ཞེས་པའི་ཚིག་གཉིས་བརྗེས་པ་ཙམ་མ་གཏོགས་དོན་གཅིག་པས། དེའི་དོན་ནི། རྨི་ལམ་དགེ་ན་སད་དུས་ཀྱང་དགེ་བ་དང༌། དེ་མི་དགེ་ན་སད་དུས་སུ་ཡང་སྡུག་བསྔལ་འབྱུང་བ་འཐད་དེ། རྨི་ལམ་དུ་གྲགས་པ་འདི་ནི་གློ་བུར་དུ་རླུང་འདུས་པའི་རྐྱེན་གྱིས་གཉིད་ལ་སོང་ཞིང༌། གཉིད་དེས་བྱིན་གྱིས་བརླབས་པའི་བདེ་བ་དང༌། དེའི་སྟེང་དུ་རླུང་གཡོས་པའི་སྣང་བ་ཙམ་ལ་མཚན་མོའི་གཉིད་དང་རྨི་ལམ་དུ་བཏགས་པ་དེ་ཡིན་ལ། སད་དུས་ཀྱི་བདེ་སྡུག་ནི་མ་རིག་པའི་གཉིད་ཆེན་པོས་ནོན་ཞིང༌། དེ་ཉིད་ལས་རླུང་གིས་བསྐྱོད་པས་སྟེང་བ་ཡིན་པའི་ཕྱིར། ཉིན་མོའི་གཉིད་དང་རྨི་ལམ་མོ། །དེས་ན་གློ་བུར་གྱི་འཁྲུལ་རྒྱུ་


TNT05_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཁོར་བ་ཐོག་མ་མེད་པའི་འཁྲུལ་རྒྱུས་བསྐྱེད་པའི་ཁྱད་པར་མ་གཏོགས། རྨི་ལམ་དང་སད་དུས་གཉིས་ལ་ཁྱད་པར་གཞན་མེད་པས། སད་དུས་ཀྱི་བག་ཆགས་ཀྱིས་ཀྱང་རྨི་ལམ་བསྐྱེད་ལ། རྨི་ལམ་གྱི་རྣམ་རྟོག་དང་བག་ཆགས་ཀྱིས་ཀྱང་སད་དུས་ཀྱི་བདེ་སྡུག་བསྐྱེད་པས་ན། རྨི་ལམ་གྱི་འབྲས་བུ་སད་དུས་ལ་འབྱུང་བ་ཤིན་ཏུ་རུང་ཞེས་པའོ། །རྨི་ལམ་སད་ལ་ཞེས་སོགས་ཤོ་ལོ་ཀ་གཅིག་པོ་འདི་ཚིག་ཤིན་ཏུ་བརླིང་བས། འདིའི་ཐད་ཀྱི་བཤད་པ་བྱུང་བ་གང་ནའང༌། འབྲུ་ཇི་བཞིན་དུ་ནོན་པ་སུ་ཡང་མ་བྱུང་སྟེ་རིབ་རིབ་པོར་རྒྱུགས་ནས་འགྲོའོ། །ཡང་རྨི་ལམ་དུ་སུམ་ཅུ་རྩ་གསུམ་ལ་སོགས་པར་ཕྱིན་པ་བྱུང་བ་དེ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ན་ཡང༌། རླུང་སེམས་ལུས་ལས་ཐོན་ནས་དེ་དང་དེར་ཕྱིན་པ་ནི་མ་ཡིན་མོད་ཀྱི། རྨི་ལམ་གྱི་སྣང་བ་གསལ་བར་ཤར་བ་དེ་བག་ཆགས་ཀྱི་སྟོབས་ཡིན་པའི་ཕྱིར་སུམ་ཅུ་རྩ་གསུམ་དུ་སྣང་བ་དེ་ཡང་ལྷར་སྐྱེ་བའི་བག་ཆགས་ཀྱི་མཐུ་ཡིན་ལ། དངོས་གནས་ལ་ལྷར་སྐྱེ་བའི་བག་ཆགས་ཀྱི་མཐུ་ལས་གཞན་མ་ཡིན་ན། འོན་ཀྱང་སྐྱེས་བུ་གང་ཞིག་ལྷར་སྐྱེས་ན་ནི། དེའི་སྔ་རོལ་ནས་ལུས་འདི་དང་བྲལ་བར་འགྱུར་ལ། འདིར་ནི་ལྷ་ཡུལ་གྱི་སྣང་བ་བྱུང་ཡང༌། མིའི་ལུས་ཀྱི་དབུགས་མི་འགག་ཅིང༌། སླར་ཡང་ལུས་འདི་ལས་སད་པར་འགྱུར་བ་ཅི་སྙམ་ན། བག་ཆགས་ཀྱི་སྣང་བ་ཙམ་ལས་ཤར་བ་མཉམ་པ་ཡིན་ཀྱང་སྔོན་ལས་བྱས་པའི་དུས་སུ་ཇི་ལྟར་འཕངས་པའི་འབྲས་བུའམ་ནུས་པ་སྨིན་མ་སྨིན་གྱི་ཁྱད་པར་ཡིན་ཏེ། རྨི་ལམ་དུ་ལྷ་ཡུལ་མཐོང་ཡང་ལྷར་


TNT05_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་འབྲས་ནུས་མ་སྨིན་པས་སྐྱེ་བ་དེའི་ལུས་འདི་ལ་ལྷའི་སྣང་བ་མ་ཤར་གོང་གི་རླུང་སེམས་ཕྲ་མོ་དེ། ལྷའི་བག་ཆགས་ཅུང་ཟད་སད་པས་འགྱུར་ཏེ། ལྷར་སྣང་ནས་ཡང་ལྷ་ཡུལ་གྱི་སྣང་བ་དེ་ནུབ་པ་ན་ཡང་རླུང་དེ་རགས་པའི་རླུང་སེམས་འདི་ཉིད་ལ་འདྲེས་པའི་ཚུལ་གྱིས་འཇུག་པ་ཡིན་ལ། འཇུག་ཚུལ་ནི་རླུང་སེམས་དེ་ཕྱི་ལ་ཤོར་བ་སླར་ནང་དུ་འཇུག་པ་མ་ཡིན་གྱི། སྔར་རླུང་སེམས་དངས་མ་སྟོབས་སུ་གྱུར་པའི་ཚེ་དེ་ཉིད་ལོགས་སུ་གསལ་བར་སྣང་བ་ཡིན་ཀྱང༌། ཡང་རགས་པའི་ལུས་ལ་བག་ལ་ཞ་བ་ན་མི་སྣང་བར་འགྱུར་བ་ནི། སྨིག་སྒྱུ་ལ་སོགས་པའི་སའི་འོད་ཟེར་ས་ལ་ཐིམ་པའམ། འཇའ་ཚོན་ནམ་མཁར་ཐིམ་པའི་འཇུག་ཚུལ་ལྟ་བུ་ཡིན་ནོ། །དེ་ཡང་རྨི་ལམ་དུ་ལྷ་ཡུལ་གྱི་སྣང་བ་ཤར་བའི་དུས་ན་རགས་པའི་རླུང་སེམས་དང་ལུས་དེ་མིའི་སྣང་བ་ཅན་ཡིན་པ་རྒྱུན་མ་ཆད་ཅིང་མ་འགགས་ཀྱང༌། ཕྲ་བ་དེ་བག་ཆགས་གཞན་ཅུང་ཟད་སད་པས་འགྱུར་ནས། ལྷའི་སྣང་བར་ཤར་བ་ཙམ་ཡིན་གྱི། རླུང་ཕྲ་བའམ་རགས་པ་ཡང་ཡིན་ཀྱང་རུང་སྟེ། ལུས་དང་བྲལ་ནས་གཞན་དུ་སོང་བ་མ་ཡིན་ཏེ། ཡིན་ན་ནི་གཉིད་ཀྱི་ལུས་ལ་དབུགས་ཀྱི་ཆ་ཤས་མ་ཚང་བར་འགྱུར་རོ། །ལྷ་ལ་སོགས་པ་སྐྱེ་བ་ཕྱི་མའི་སྣང་བ་འབྱུང་བའི་བག་ཆགས་དེ་སྨིན་པར་གྱུར་ན་ནི། དེའི་ནུས་པས་རགས་པའི་ལུས་འདི་དང་བྲལ་ཏེ་ཤི་ནས། དེ་དང་དེའི་སྣང་བ་དེ་ཤིན་ཏུ་བརྟན་པར་འཆར་བའི་ལྷ་ལ་སོགས་པའི་འཇིག་རྟེན་དངོས་ཐོབ་པར་འགྱུར་རོ། །སྨིན་མ་སྨིན་གྱི་ཁྱད་པར་ཡོད་


TNT05_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ནི། སད་དུས་ཀྱི་སྣང་བ་དེ་རེ་ཞིག་ལུས་རྟེན་དེ་མ་བོར་བའི་རིང་ལ་སད་རེས་ཀྱི་ཕལ་ཆེར་འདྲ་བ་ཞིག་རྟག་ཏུ་འཆར་ལ། རྨི་ལམ་གྱི་དེ་ནི་རྨི་ལམ་ཉིད་དུའང་མི་འདྲ་བ་ཤ་སྟག་འཆར་བའི་ཕྱིར་རོ། །དེ་བས་ན་བག་ཆགས་ཀྱི་སྣང་བ་བརྟན་མི་བརྟན་གྱི་ཁྱད་པར་མ་གཏོགས། ཡང་དག་པར་ན་བདེན་བརྫུན་ལ་ཁྱད་པར་མེད་དེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ། །ཞེས་པའི་དོན་ནོ། །ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་འདི་གསང་འདུས་རྩ་རྒྱུད་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་དཔེ་བཅུ་གཉིས་སྟོན་པའི་ཐད་དང༌། ལས་སྒྲིབ་རྣམ་པར་དག་པའི་མདོ་སྡེའི་ལུང་གིས་རྒྱས་པར་བསྒྲུབས་སོ། །དེ་དག་གིས་ནི་རྨི་ལམ་སྒྱུ་ལུས་ཀྱི་དགེ་སྦྱོར་གང་ལ་བྱ་བའི་གཞི། གཉིད་དང་རྨི་ལམ་གྱི་རང་བཞིན་ལ་ཐེ་ཚོམ་བཅད་ཅིང༌། སྒྱུ་ལུས་ཀྱི་སྐུའི་དཔེར་ཡང་གསལ་བར་བསྟན་ཏེ། རྨི་ལམ་ནི་སྟོང་པ་གསུམ་སྔོན་དུ་སོང་བའི་གཉིད་ཀྱི་བདེ་བ་རླུང་གིས་བསྐྱོད་པ་ལས་ཤར་ཞིང༌། ཤར་དུས་ཉིད་ནས་རྡུལ་ཕྲ་རབ་ལས་གྲུབ་པའི་གནས་དང༌། ལུས་དང་ལོངས་སྤྱོད་རགས་པ་སྤངས་པས་ཕྲ་མོར་ཡོད་ཅིང༌། རྟོག་པས་བསྐྱེད་པ་ལ་མ་བལྟོས་པར་རང་ཤར་བ་དེ་བཞིན་དུ་ཕྲ་རགས་ཀྱི་ཐིམ་རིམ་སྔོན་དུ་སོང་བའི་འོད་གསལ་བདེ་བ་ཆེན་པོ་རང་གི་བཞོན་པར་གྱུར་པའི་རླུང་དང་བཅས་པ་ལས་མ་བརྟགས་པར་དངོས་སུ་ཤར་བ་རགས་པའི་འབྱུང་བ་རྣམས་སྤངས་ཤིང༌། ཕྲ་བའི་སྐུ་དང་ཞིང་ཁམས་དང་ལོངས་སྤྱོད་ཅན་འདི་ནི་བདག་བྱིན་བརླབ་པའི་ལྷ་སྐུའོ་ཞེས་ངེས་པ་ཁྱད་པར་ཅན་རྙེད་པའི་ཕྱིར་ཡིན་ནོ། །ཇི་


TNT05_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕྱོགས་བཅུ་དག་པའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བའི་དབང་པོ་སངས་རྒྱས་དེ་རྣམས་ཀྱི་སྐུ་ལ། རྐང་རུས་ཤ་ལ་སོགས་པ་ནི་གང་ཡང་མེད། ཆུ་ཟླ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཁོ་ན་ཡིན་ཀྱང༌། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་སྤྲུལ་པའི་སྐུ་སྟོན་པ་ན། སྤྲུལ་སེམས་ཀྱི་རྩོལ་བ་མེད་ཀྱང༌། དེས་འདུལ་གྱི་སེམས་ཅན་རྣམས་ལ་མཐོང་ཐོས་རེག་ཐོགས་ཀྱི་རྣམ་པ་ཅན་གྱི་སྐུ་ཤར་བ་ན། ཡེ་ཤེས་ཀྱི་སྐུ་དེ་འགྲོ་འོང་མེད་ཀྱང༌། རགས་པར་སྣང་བའི་ཁམས་སྣ་ཚོགས་པའི་སྐུ་དེ་ལ་ཁྱབ་བྱེད་ཀྱི་ཚུལ་དུ་འཇུག་པར་མཛད་པ་ནི་ཡིན་ཏེ། དངོས་པོ་ཐམས་ཅད་ལ་ནམ་མཁའ་རྗེས་སུ་ཞུགས་པ་ལྟ་བུའོ། །ཡེ་ཤེས་ཀྱི་སྐུ་དེ་སྤྲུལ་སྐུ་ལ་ཞུགས་ནས་སྤྲུལ་སྐུའི་བྱ་བ་མཛད་པ་ལྟར། གཞི་དུས་ལ་རྨི་ལམ་གྱི་ལུས་ཀྱི་ནུས་པས་སད་པའི་བྱ་བ་བྱེད་པ་པ་དང༌། མཉམ་བཞག་གི་སྒྱུ་ལུས་དག་སྣང་འབའ་ཞིག་ཏུ་ཤར་བ་དེ། རྗེས་ཐོབ་ཀྱི་གནས་སྐབས་སུ་རགས་པའི་སྣོད་བཅུད་ལ་འཇུག་སྟེ། དེས་ན་རྨི་ལམ་གྱི་འབྲས་བུ་སད་པ་ལ་འབྱུང་བར་འདོད་དེ། རྨི་ལམ་གྱི་དུས་སུ་རླུང་སེམས་ཀྱི་སྣང་ཆ་འགྱུར་བའི་ནུས་པ་དེའི་རྒྱུན་སད་པའི་ལུས་ལའང་ཡོད་པས་འབྲས་བུ་འབྱུང་བ་དང༌། ཡེ་ཤེས་ཀྱི་སྐུའི་མཐུ་ལས་སྤྲུལ་སྐུས་ཀྱང་ཆོས་བསྟན་པ་སོགས་མཛད་པ་དང༌། མཉམ་བཞག་སྒྱུ་མའི་ཡོན་ཏན་ཇེ་འཕེལ་ལ་སོང་བས། རྗེས་ཐོབ་སྒྱུ་མའི་མཛད་པ་འཕྲིན་ལས་ཀྱང་གོང་འཕེལ་དང༌། མཉམ་བཞག་གི་སྒྱུ་མའི་ལྷ་སྐུ་ཇི་ཙམ་མང་བ་དང་གསལ་བ་དེ་ཙམ་དུ། རྗེས་ཐོབ་མ་དག་པའི་ལུས་འདི་ཡང་ཇེ་ཕྲ་དང་ཇེ་དངས་སུ་འགྱུར་བ་ཡིན་ནོ། །འདིར་


TNT05_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རགས་ལུས་དང་རླུང་སེམས་ཀྱི་དབྱེ་བསྡུད་ཀྱི་ཁྱད་པར་ལ། རྗེ་བཙུན་པཎྜི་ཏ་ཆེན་པོ་མྱ་ངན་འདས་པའི་དཔལ་ལ་སོགས་པ་བདག་ཅག་གི་བླ་མ་དམ་པ་འགའ་ཞིག་གི་གསུང་ལས། ཐ་མལ་གྱི་གནས་སྐབས་ན་འཇིམ་པའི་ས་རྡུལ་དང་ཆུ་བཞིན་དུ་དེ་གཉིས་ཤིན་ཏུ་འདྲེས་པ་དང༌། རིམ་པ་གསུམ་པའི་སྐབས་འདིར་རང་བཞིན་ཤིན་ཏུ་མ་འདྲེས་ལ་ཚོགས་པ་གཅིག་ཏུ་གནས་པར་རས་བལ་ཆུ་ལ་སྤངས་པ་ལྟ་བུའོ། །དེས་ན་དེ་གཉིས་ཚོགས་པ་གཅིག་ན་གནས་ཀྱང་མཚན་ཉིད་ཤིན་ཏུ་མ་འདྲེས་པ་ཡིན་ནོ། །ཞེས་གསུངས་ལ། གཞན་ཡང་དཔེ་འདི་ལྟ་བུ་ཡིན་ཏེ། དཔེར་ན་བུམ་པ་ལ་བུམ་པའི་ནམ་མཁའ་དབྱེར་མེད་དུ་ཁྱབ་ཅིང་འདྲེས་ཀྱང༌། བུམ་པ་མཐོང་བའི་ཚེ་ནམ་མཁའ་མི་མཐོང་ཞིང༌། བུམ་པ་བཤིག་ན་ནམ་མཁའ་མཐོང་ཡང་བུམ་པ་མེད་དོ། །ཡང་བུམ་པ་མ་བཤིག་ཀྱང་སྒྲིབ་བྱེད་ཀྱི་རྫས་སྔགས་བུམ་པ་ལ་བཏབ་ན། བུམ་པ་ཡོད་ཀྱང་མི་མཐོང་བར་ནམ་མཁའ་མཐོང་ངོ༌། །ལྷའི་མིག་གིས་བརྟགས་ན་བུམ་པ་དང་བུམ་པའི་ནམ་མཁའ་གཉིས་ཀ་དུས་གཅིག་ཏུ་མཐོང་བ་དེ་བཞིན་དུ། རགས་པའི་ལུས་ལ་ཕྲ་བའི་ལུས་དེ་ཁྱབ་པར་གནས་ཀྱང༌། སད་པའི་གནས་སྐབས་སུ་རགས་པ་མཐོང་གི་ཕྲ་བ་མི་མཐོང་ལ། འཁོར་བ་པ་ལ་རགས་ལུས་ཞིག་པའི་བར་དོའི་གནས་སྐབས་དང༌། ལམ་བསྒོམས་པས་རགས་ལུས་སྤངས་པའི་ཟུང་འཇུག་གི་སྐབས་ནི། རགས་པ་མེད་པའི་ཕྱིར་ཕྲ་བ་ཁོ་ན་སྣང་ལ། སྒྱུ་ལུས་ཀྱི་རིམ་པའི་སྐབས་འདིར་རགས་ལུས་གནས་མ་གྱུར་པས་དངོས་ཡོད་དུ་ཟིན་ཀྱང༌། མཉམ་བཞག་གི་སྐབས་སུ་དེ་མི་


TNT05_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་ཕྲ་བ་ཁོ་ན་སྣང་བ་དེ་རྗེས་ཐོབ་ཀྱི་སྐབས་རི་ལ་འཇའ་ཚོན་ཤར་བ་ལྟར་གཉིས་ཀར་དུས་གཅིག་ཏུ་སྣང་བ་ཡིན་ནོ། །མཉམ་བཞག་ཏུ་སྣང་བའི་ལྷ་སྐུའི་རྒྱུན་དེ། རྗེས་ཐོབ་ཏུ་རགས་ལུས་ཀྱི་སྣང་བ་ཤར་བ་ན། རྟེན་རགས་པ་དེ་ལ་བརྟེན་པ་ཕྲ་བ་དེ་མདངས་ཀྱི་ཚུལ་དུ་གནས་ཤིང་ཞུགས་པར་མཐོང་བས་ཞུགས་སོ་ཞེས་བྱ་ཡི། ཞུགས་པའི་དོན་གཞན་དུ་མི་བསམ་མོ། །དེ་ལྟར་རྨི་ལམ་དང་སྒྱུ་ལུས་ཀྱི་སྐུ་གཉིས་དཔེ་དོན་དུ་སྦྱར་བ་འདི། གཞི་དུས་ཀྱི་འཆི་བ་འོད་གསལ་དང་བར་དོ་ལ་ཡང་རིམ་པ་འདི་ཉིད་ཁོ་ནས་མཚོན་ལ། ལམ་གྱི་འོད་གསལ་དང་ཟུང་འཇུག་ཀྱང་འདི་ཁོ་ནས་མཚོན་པའི་ཕྱིར། རྨི་ལམ་འཆར་ཚུལ་ལ་ཆེ་ཐང་དུ་རྒྱས་བཤད་མཛད་པ་ཡིན་ནོ། །དེས་ན་འཆི་བའི་ཚེ་ཡང༌། རགས་པ་ཉེར་ལྔ་ཕྲ་བ་ལ་ཐིམ་ཞིང༌། ཕྲ་བ་སྣང་བ་བཞི་ཡང་རིམ་ཅན་དུ་ཐིམ་ནས། འོད་གསལ་མཐའ་དབུས་མེད་པ་སྐྱེས་པ་ན། ཐིམ་རིམ་གྱི་ཤུགས་ཀྱིས་རགས་པའི་ལུས་དང་དངས་མའི་ལུས་གཉིས་བྲལ་བར་བྱས་ཤིང་ཐིམ་རིམ་གྱི་སྐབས་དེར་སེམས་བདེ་གསལ་དུ་ཤར་བའི་ནུས་པས། དངས་མ་སྟོབས་སུ་གྱུར་པའི་ནུས་པ་སྨིན་ནས། འཆི་བ་འོད་གསལ་དེ་སད་མ་ཐག་ཏུ་བར་དོའི་ལུས་འགྲུབ་སྟེ། གཉིད་འཐུག་པོའི་རྗེས་སུ་རྨི་ལམ་འཆར་བ་བཞིན་ནོ། །དེ་བཞིན་དུ་འཆི་བའི་དུས་ཀྱི་ཐིམ་རིམ་དང༌།འཆི་བ་འོད་གསལ་ལས་ལྷག་པའི་སྟོབས་ཏིང་ངེ་འཛིན་ལ་ཡོད་ན་ལྟ་ཅི་སྨོས། སྟོབས་མཉམ་པ་ཙམ་གྱིས་ཀྱང་རུང་སྟེ། རགས་པ་དང་ཕྲ་བ་ཐིམ་ཚུལ་གྱི་ཡེ་ཤེས་ཤར་བ་ན། ཚེའི་རྒྱུ་ལས་མ་ཟད་ཅིང་


TNT05_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་བསྐྱེད་པའི་ནད་མེད་པས་ལུས་སེམས་ཇེ་བྲལ་དུ་མི་འགྱུར་ཡང༌། རང་སྣང་དུ་རགས་ལུས་ལ་མ་བལྟོས་པར་ཕྲ་བའི་ལུས་ཚུགས་ཐུབ་ཏུ་སྣང་བ་དེ་འབྱུང་བ་ནི། ཐིམ་རིམ་གྱི་ནུས་པས་ཕྲ་རགས་ཀྱི་ལུས་གཉིས་གཅིག་ལ་གཅིག་བལྟོས་དགོས་པའི་འབྲེལ་བ་རགས་རིམ་ཆད་པས་བྱེ་བ་ལྟར་སྣང་ཞིང༌། ཐིམ་རིམ་སྐབས་ཀྱི་བདེ་ཆེན་གྱི་མཐུ་ལས། དངས་མའི་ལུས་སྟོབས་སུ་གྱུར་ནས་སྔོན་ཇི་ལྟར་གོམས་པའི་ལྷ་སྐུའི་རྣམ་པ་གཙོ་བོར་གྱུར་པའི་མཐའ་ཡས་པའི་གཟུགས་བརྙན་འགྲུབ་པ་ཡིན་ནོ། །རིམ་པ་གསུམ་པའི་སྒྱུ་ལུས་འདིར་རང་དུས་ནི་ལོངས་སྐུ་རྗེས་མཐུན་པ་ཡིན་ཞིང༌། ཁྱད་པར་སློབ་པའི་ཟུང་འཇུག་གི་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་པས་ལོངས་སྐུ་ཞེས་ཀྱང་བྱ་ལ། རྣལ་འབྱོར་བ་གང་ཞིག་འཆི་བའི་ཚེ་སེམས་དབེན་མཐར་ཐུག་གི་འོད་གསལ་ཤར་ན་བར་དོའི་དོད་དུ་སྐུ་འདི་འབྱུང་བས་བར་དོ་མི་འབྱུང་བ་དང༌། གསོན་པའི་ཚེ་ལ་སྐུ་འདི་འགྲུབ་ན་ནི་བར་དོའི་ལས་དང་བག་ཆགས་བཟློག་ནས་བར་དོ་མི་འབྱུང་བའི་ངེས་པ་ཐོབ་པ་ཡིན་པས། བར་དོ་སྦྱོང་བྱེད་ཀྱི་ལམ་གྱི་མཆོག་ཀྱང་འདི་ཡིན་ལ། རྡོ་རྗེ་འཆང་གི་མཚན་གྱི་རྣམ་གྲངས་བདེ་བ་ཆེན་པོ་ཞེས་ཀྱང་འདི་ལ་བརྗོད་ཅིང༌། དེའི་རྒྱུ་མཚན་ལམ་གྱི་བདེ་ཆེན་ལས་དག་སྣང་སྣ་ཚོགས་འཆར། སྣ་ཚོགས་དེ་ཡང་བདེ་བའི་རང་བཞིན་ལས་མ་འདས་པས། བདེ་བ་ནི་དག་སྣང་ལ་ཁྱབ་བྱེད་ཡིན་ཞིང༌། ལོངས་སྐུ་རྡོ་རྗེས་སེམས་དཔའ་ཡང་སྤྲུལ་སྐུ་ཀུན་ལ་ཁྱབ་བྱེད་ཡིན་པ་དང༌། བདེ་བས་ལོངས་སྐུ་དང་སྣང་བས་སྤྲུལ་སྐུ་དེ་ལམ་དུ་བྱེད་པའང་ཡིན་པའི་


TNT05_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་ལྟར་བཏགས་སོ། །དེས་ན་སྒྱུ་ལུས་ཀྱི་སྐུ་ནི་བདེ་བ་དང་དག་སྣང་གཉིས་སུ་མེད་པ་ཡིན་ཀྱང་ངོ་བོ་བདེ་བ་ཡིན་པའི་ཕྱོགས་ནས། བདེ་ཆེན་གྱི་ཏིང་ངེ་འཛིན་ཞེས་བསྒྲགས་ན། དེའི་ཕྱིར་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུ་འདི་ཉིད་ནི། ལམ་དུས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ་ཡིན་ལ། དེ་ཉིད་དྲི་ཟ་སྟེ་བར་དོའི་སེམས་ཅན་རྣམ་པར་དག་པར་གྱུར་པའི་གནས་སྐབས་ཀྱང་ཡིན་ཞིང༌། རྡོ་རྗེའི་སྐུ་ཆུང་ངུ་ཡང་དེ་ཉིད་ཡིན་ལ། རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་ལྷའི་སྐུ་ཡང་དེ་ཡིན་ནོ། །དོན་འདི་ཉིད་སྤྱོད་བསྡུས་ལས། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་ཞེས་བྱ་བའི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི། བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བ་འདི་ལྟར་རྩིག་པའམ་རས་བྲིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ། རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་ཏེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བའི་བར་དུའོ། །ཞེས་གསུངས་ཏེ། སྔར་རླུང་སེམས་ཀྱིས་བར་སྲིད་ཀྱི་རྒྱུ་བྱས་ནས། རིགས་དྲུག་སོ་སོའི་བར་སྲིད་དུ་འགྲུབ་པ་ན་བར་སྲིད་དེས་རིགས་དྲུག་སོ་སོའི་སྐྱེ་བ་བླངས་ཏེ་འཁོར་བར་གྱུར་པ་ཞིག་ཡོད་པའི་འཁོར་བ་དང་བར་སྲིད་ཀྱི་རྒྱུ་རླུང་སེམས་དེ། བླ་མའི་མན་ངག་གི་སྒྱུ་ལུས་ཀྱི་རིམ་པ་དང་མཐུན་པར་བདེ་ཆེན་


TNT05_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་སྐུ་དེ་ཡང་ཡང་བསྒོམས་པས། དེའི་བྱ་བ་གཞན་དུ་འགྱུར་ཏེ་སྒྱུ་ལུས་ཀྱི་ལྷའི་སྐུར་འགྱུར་བ་ཡིན་ལ། སྐུ་བལྟ་བས་ཆོག་མི་ཤེས་སོགས་ཀྱིས་ལྷ་སྐུའི་རྣམ་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་པས་འཁོར་འདས་ཀུན་གྱི་རྣམ་པར་ཡང་བསྟན་ཞིང༌། གཟུགས་བརྙན་ལྟར་ཞེས་པས་རགས་པའི་ལུས་ཀྱི་མཚན་ཉིད་དང་བྲལ་བ་ཡང་བསྟན་ཏེ། འདི་གོམས་པ་ལས་སློབ་པའི་ཟུང་འཇུག་དང༌། དེ་ནས་མི་སློབ་པའི་ཟུང་འཇུག་གི་བར་དུ་ཡང་འགྱུར་ཞེས་ལོངས་སྐུ་དངོས་ཐོབ་བྱེད་ཀྱི་ལམ་མཆོག་ཏུ་བསྟན་ནོ། །རིམ་ལྔ་དང་སྤྱོད་བསྡུས་ཀྱི་གཞུང་འདི་རྣམས་ཀྱི་དངོས་བསྟན་ལ། གཞི་ལམ་གཉིས་པོ་དངོས་ཀྱི་མཚན་ཉིད་བསྟན་པས། གཞི་ལམ་གྱི་སྦྲེལ་ཐག་གམ། གཞི་དང་མཐུན་པར་ལམ་དུ་སློབས་ཚུལ་ལམ། གཞི་ལ་གནད་དུ་བསྣུན་པས་ལམ་བསྐྱེད་ཚུལ་ཞེས་ཀྱང་བྱ་བ། སྒྱུ་ལུས་ཐོབ་བྱེད་ཀྱི་ཐབས། གདམས་ངག་རྣམས་ཀྱང་ཤུགས་ལ་བསྟན་ནོ། །དེ་ཡང་གཞི་ལམ་གྱི་མཚན་ཉིད་འཆད་པ་དེ། དེ་དང་མཐུན་པར་སྒོམ་ཤེས་པའི་ཕྱིར་ཡིན་པས། གདམས་ངག་རྣམས་ཤུགས་བསྟན་ཡིན་ཀྱང༌། གཞུང་འདི་རྣམས་ཀྱི་བརྗོད་དོན་གྱི་གཙོ་བོར་ཡང་འགྱུར་ རོ། །དེ་ཡང༌། དྲི་ཟའི་སེམས་ཅན་ཞེས་པས་བར་དོ་སྒྱུ་མའི་གདམས་ངག་གཙོ་བོར་བསྟན་ཞིང༌། རྗེས་མཐུན་པ་རྨི་ལམ་གྱི་གདམས་ངག་རྣམས་ཀྱང་ཞོར་ལ་འཕངས་སོ། །ལོངས་སྤྱོད་རྫོགས་པ་དང་རྡོ་རྗེའི་སྐུ་དང་རྡོ་རྗེ་སེམས་དཔའ་སོགས་ཀྱིས་མཉམ་བཞག་སྒྱུ་མ་དང་རྗེས་ཐོབ་སྒྱུ་མའི་ལྷ་སྐུ་སྣང་སྟོང་གི་གདམས་


TNT05_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ངག་རྣམས་བསྟན་ཞིང༌། །གོང་བུ་བཤད་པའི་དཔེ་རྣམས་ལས་འགའ་ཞིག་དང༌། ཀུན་རྫོབ་བདེན་པ་སྒྱུ་མ་ཞེས་པས། ལྷ་སྐུ་དང་ལས་སྣང་གི་སྟེང་དུ་བདེན་མེད་སྒྱུ་མ་ལྟ་བུར་སྦྱོང་བ་ཡང་ངེས་པར་བསྟན་ནོ། །བར་དོ་དང་རྨི་ལམ་གཉིས་ཀྱི་སྔོན་དུ་འགྲོ་བའི་གཉིད་འཐུག་པོའི་འོད་གསལ་གྱི་གདམས་ངག་དང༌། འཆི་བ་འོད་གསལ་ལམ་དུ་བྱེད་ལུགས་རྣམས་ཀྱང་དྲི་ཟའི་སེམས་ཅན་ཞེས་པས་ཤུགས་ལ་འཕངས་པ་དང༌། སྤྱོད་བསྡུས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། ཞེས་པ་ལ་སོགས་པས་གསལ་བར་བསྟན་མོད་ཀྱང༌། དེ་དག་འོད་གསལ་དང་སེམས་དབེན་གྱི་གདམས་ངག་རྣམས་དང་འབྲེལ་བ་ཡིན་ནོ། །དེ་ལ་སད་དུས་ལ་སྒྱུ་ལུས་ཙམ་གྱི་སྐུ་བསྐྱེད་ཚུལ་དང༌། རྨི་ལམ་ལ་བསྐྱེད་ཚུལ་དང༌། བར་དོ་ལ་བསྐྱེད་ཚུལ་ཏེ། གསུམ་པོ་དེར་སྒྱུ་ལུས་དངོས་སམ་རྗེས་མཐུན་གྱི་སྒྱུ་ལུས་ཐམས་ཅད་འདུས་སོ། །དེས་ན་སྒྱུ་ལུས་དངོས་ཀྱི་སྐུ་དང་ཡོན་ཏན་གྱི་མཚན་ཉིད་མ་ཚང་ཡང༌། དེ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་དུ་འགྱུར་ན། གཞུང་མི་མཐུན་ནོ་ཞེས་གདམས་ངག་ལ་སྐུར་པ་གདབ་ཏུ་མི་རུང་ཞིང༌། བསྐྱེད་རིམ་འབྱོངས་པ་སོགས་ལམ་འོག་མ་རྣམས་སྔོན་དུ་སོང་མ་སོང་གི་དཔྱད་པ་ཡང༌། རིམ་པ་སོ་སོའི་ས་ལམ་ཐོབ་མ་ཐོབ་དཔྱོད་པའི་སྐབས་ཡིན་ན་མ་གཏོགས། མན་ངག་ལ་དཔྱོད་དུ་མི་རུང་སྟེ། ལམ་དངོས་ས་ལམ་མཐོན་པོ་ཡིན་ཀྱང༌། དེའི་གདམས་ངག་དང་རྒྱུ་ཚོགས་ལས་དང་པོ་པ་ཉིད་ནས་ཀྱང་བསྒོམ་དགོས་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་པས་ཆོག་གོ །གཉིས་


TNT05_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲུབ་ཐབས་ཀྱི་གཙོ་བོ་སྤྱོད་པ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི། དེ་བས་བདག་ཉིད་མཆོད་ལ་འཇུག།བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་བས་ཀུན་ནས་འབད་པ་ཡིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་དང༌། ། དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང༌། །སྦྱིན་བསྲེག་གཏོར་མ་ལ་སོགས་ཀུན། ། རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི་རྒྱས་པ་དང༌། །དེ་བཞིན་དབང་དང་མངོན་སྤྱོད་དང༌། །དགུག་སོགས་གང་ཅིའང་རུང་བ་རྣམས། །དབང་པོའི་གཞུ་དང་མཚུངས་པ་བྱ། །སྒེག་དང་ཉེ་བར་ལོངས་སྤྱོད་དང༌། །གླུ་དང་རོལ་མོ་སོགས་བསྟེན་དང༌། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་དག་དང་མཚུངས་པར་ བྱ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་གྱུར་པ། །སྒྱུ་མ་ལྟ་བུར་བརྟག་པར་བྱ། །ཞེས་པ་སྟེ། དེ་ལ་གོང་དུ་བཤད་པ་ལྟར། སྒྱུ་མའི་སྐུ་མ་ཐོབ་པ་ཐོབ་པར་བྱེད་པའི་རྒྱུར་ལས་ཀྱི་ཕྱག་རྒྱ་ངེས་པར་སྒྲུབ་དགོས་ལ། སྤྱོད་པ་མ་སྤྱད་ཀྱང་འདི་འགྲུབ་པ་ནི་ཡོད་མོད་ཀྱི། སྤྲོས་བཅས་སྤྲོས་མེད་གང་རུང་གི་སྤྱོད་པས་སྒྲུབ་པ་ཤེས་ཆེ་བ་ཡིན་ལ། སྒྱུ་མའི་སྐུ་འདི་ཐོབ་ནས་སྒྱུ་ལུས་གོང་ནས་གོང་དུ་འཕེལ་ཞིང་བསྟན་པར་བྱེད་པ་སྒྱུ་ལུས་ཀྱི་རིམ་པ་ལ་གནས་པའི་སྐབས་དང༌། སྒྱུ་ལུས་ལ་བརྟེན་ནས་དོན་གྱི་འོད་གསལ་སྒྲུབ་པ་འོད་གསལ་གྱི་རིམ་པའི་སྐབས་ཐམས་ཅད་སྤྱོད་པས་ནི་སྒྲུབ་དགོས་པར་མཐུན་ན། སྤྱོད་པ་གསུམ་ནི་གང་


TNT05_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཀྱང་འདྲའོ་ཞེས་ཕལ་ཆེར་འདོད་དོ། །འོན་ཀྱང་དུས་ཀྱི་འཁོར་ལོ་སོགས་ལས། རྗེས་དྲན་གྱི་གནས་སྐབས་གསུམ་དུ་ཕྱག་རྒྱ་གསུམ་རིམ་ཅན་གསུངས་ཤིང༌། འཕགས་པ་ལྷའི་སྒྱུ་ལུས་ཀྱི་གཞུང་ལས་ཀྱང༌། ཕྱག་རྒྱ་གཅིག་དང་ལྡན་པའམ། །ཡང་ན་ཕྱག་རྒྱ་བཞི་དང་ལྡན། །བཙུན་མོའི་འཁོར་ན་བཞུགས་པས་ཀྱང༌། །བདག་བྱིན་བརླབ་པ་རྗེས་དྲན་བྱ། ཞེས་གསུངས་པའི་དགོངས་པ་ཡང་དང་དུས་འཁོར་གྱིས་རྗེས་དྲན་དང་མཐུན་ཏེ། ཕྱག་རྒྱ་མི་མོ་གཅིག་གམ་བཞིའམ་མང་པོ་ཞེས་པའི་དོན་མ་ཡིན་ ནོ། །དེ་དག་དང་བསྟུན་ན། སྒྱུ་ལུས་འཕེལ་ཞིང་བརྟན་པར་བྱེད་པའི་གནས་སྐབས་དང་པོར་སྤྲོས་བཅས་སྤྲོས་མེད་གང་རུང་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་དང༌། གནས་སྐབས་བར་པར་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང༌། གནས་སྐབས་ཐ་མར་སྒྱུ་ལུས་ཀྱི་སྣང་བ་ཉིད་ལ་བརྟེན་པའི་ཤིན་ཏུ་སྤྲོས་མེད་ཉིད་སྤྱད་པར་བྱའོ། །འདིའི་ཚིག་དོན་ནི། སྒྱུ་མའི་སྐུ་དེ་ནི་གནས་སྐབས་ཀྱི་རྡོ་རྗེ་སེམས་དཔའ་དངོས་ཀྱང་ཡིན་ལ། མཐར་ཐུག་གི་རྡོ་རྗེ་སེམས་དཔའི་ཡང་རྒྱུ་གྲུང་པོ་ཡང་ཡིན་པའི་ཕྱིར། རྒྱུ་ལ་ཕན་འདོགས་པ་ནི་འབྲས་བུ་ལ་ཕན་པ་བླ་ན་མེད་པ་ཡིན་ནོ། །ད་ལྟ་སྒྱུ་ལུས་དངོས་སུ་མ་ཐོབ་ཀྱང༌། སེམས་དབེན་གྱི་བདེ་བས་བྱིན་གྱིས་བརླབས་པའི་རླུང་སེམས་དེ་ནི་རྡོ་རྗེ་སེམས་དཔའི་རྒྱུ་དངོས་ཡིན་ཏེ། རླུང་སེམས་སྒྱུ་མའི་སྐུར་གྲུབ་མ་གྲུབ་གཉིས་ཀར་གྱིས་རང་གི་ལུས་ངག་ཡིད་གསུམ་དང་མཉམ་པ་ཉིད་དུ་ཁྱབ་བོ། རང་གི་སྒོ་གསུམ་དུ་གཏོགས་པའི་ཕུང་ཁམས་སྐྱེ་མཆེད་


TNT05_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དངས་མ་ཡང༌། སངས་རྒྱས་བྱང་སེམས་ཀྱི་དཀྱིལ་འཁོར་དུ་འཇོག་པ་སོགས་རྡོ་རྗེ་སེམས་དཔའི་སྐབས་ཀྱི་དཀྱིལ་འཁོར་དུ་བཤད་པས་རིགས་འགྲེ་ལ། དེར་མ་ཟད་རླུང་སེམས་ཕྲ་མོ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་ཏུ་འདྲེས་པའི་ངོ་བོ་ཆོས་དབྱིངས་ཀྱི་དཀྱིལ་འཁོར་དང་མཉམ་པར་འདྲེས་པས། རྒྱུ་མཚན་དེ་བས་ན་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དེ། བདག་ཉིད་འདོད་ཡོན་གྱི་བདེ་བས་མཆོད་ལ་འཇུག་པར་བྱའོ། ། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ནི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་འདུས་པ་ཉིད་དུ་གནས་པ་དེ་བས་ན། རྣམ་གྲངས་ཀུན་ནས་འབད་པས་བདག་ཉིད་མཆོད་པར་བྱའོ། །སྤྲོས་བཅས་ཀྱི་སྐབས་སུ་སྔགས་བཟླས་པ་དང༌། ཕྱག་རྒྱ་དང་ཕྱག་རྒྱའི་ལན་ལ་སོགས་པའི་སྦྱོར་བ་དང༌། ཚོགས་ཁང་དང༌། དངོས་སུ་བཞེངས་པའི་དཀྱིལ་འཁོར་དང༌། ཡིད་ཀྱིས་བསྒོམས་པའི་དཀྱིལ་འཁོར་ལ་སོགས་པའི་རྣམ་རྟོག་དང༌། ཕྱི་དང་ནང་གི་སྦྱིན་སྲེག་དང༌། གཏོར་མ་ལ་སོགས་པའི་མཆོད་པ་ཀུན་ཡང་རྟག་ཏུ་སྒྱུ་མ་བཞིན་དུ་བསྒོམས་པར་བྱའོ། །དེ་བཞིན་དུ་སྤྱོད་པའི་ཏིང་ངེ་འཛིན་ལ་བརྟེན་ནས། སེམས་ཅན་གཞན་ཞི་བའི་ལས་ཀྱི་འདུལ་བ་ལ་ཞི་བ་དང༌། གཞན་ཡང་རྒྱས་པ་དང་པ། དེ་བཞིན་དུ་དབང་དང་མངོན་སྤྱོད་དྲག་པོའི་ལས་དང༌། དགུག་པ་ལ་སོགས་པ་གང་ཅི་ཡང་རུང་བ་དེ་ཀུན་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཀྱང༌། དབང་པོའི་གཞུ་འཇའ་ཚོན་དང་མཚུངས་པར་སྤྱད་པར་བྱའོ། །ལྷའི་ཆ་ལུགས་སུ་ཞུགས་པ་སོགས་གོས་དང་རྒྱན་སྣ་


TNT05_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པས་བརྒྱན་ཞིང༌། འགྱིང་བག་ལ་སོགས་པའི་འཕྱོར་སྒེག་དང༌། འདོད་ཡོན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང༌། མཆོད་པའི་དོན་དུ་གླུ་དང་རོལ་མོ་ལ་སོགས་པ་བསྟེན་པ་དང༌། གར་དང་མཚོན་ཆའི་འཁྱེར་སྟངས་དང༌། འཁྲིག་ཐབས་ལ་སོགས་པ་སྒྱུ་རྩལ་རྣམས་ལ་རབ་ཏུ་འཇུག་པ་ཡང༌། ཆུ་ཟླ་དག་དང་མཚུངས་པར་བསྒོམ་པར་བྱའོ། ཁྱད་པར་དུ་ཕྱི་ཉེར་སྤྱོད་གྱི་འདོད་ཡོན་ལྔ་དང༌། ནང་རིག་མའི་འདོད་ཡོན་ལྔ་སྟེ། གཟུགས་དང་སྒྲ་དང་དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་སྟེ་ཡུལ་ལྔ་པོ་ཉིད་དག་ལ་མིག་ལ་སོགས་པ་ལྔ་པོ་འཇུག་པར་གྱུར་པ་སྟེ། འདོད་ཡོན་གྱི་བདེ་བ་མྱོང་བར་བྱེད་པ་ན། སྒྱུ་མ་ལྟ་བུར་ཉེ་བར་བརྟག་ཅིང་བསྒོམ་པར་ བྱའོ། །འདིར་སྒྱུ་མ་འཇའ་ཚོན་ཆུ་ཟླ་རྣམས་དང་མཚུངས་པར་བསྒོམ་ཞེས་པ། ཐུན་མོང་གི་དོན་དུ་སྣང་ལ་རང་བཞིན་མེད་པར་ཤེས་པ་དང༌། ཐུན་མོང་མ་ཡིན་པའི་དོན་དུ་སྣང་བ་དེ་དང་དེ་རླུང་སེམས་ཙམ་གྱི་དཀྱིལ་འཁོར་གྱི་སྣང་བ་ལ་མཚུངས་བསྲེས་པས། དེ་དག་ཡེ་ཤེས་ཀྱི་སྣང་བ་དེར་འགྱུར་ཞིང་ཐིམ་པ་ལ་བསླབ་པར་བྱ་བའི་དོན་ནོ། །གསུམ་པ་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་ཚད་ནི། རྡོ་རྗེ་ཐེག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་ཅི་དགོས། །རྣལ་འབྱོར་བས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག།མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཁྲུལ་མཚུངས་པར་གང་གིས་མཐོང། །དེ་ནི་གཙོ་བོ་ཡིན་པར་བཤད༌། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །དམིགས་མེད་ཀུན་རྫོབ་བདག་ཏུ་


TNT05_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེའི་ངོ་བོར་བྱ། །མཉམ་པར་མ་གཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཀུན་དུ་ཀུན་ནས་ཐམས་ཅད་དང༌། བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་བདག་དངོས་གྲུབ་ ནི། །རང་ཉིད་ཀྱིས་ནི་དེ་མཐོང་འགྱུར། །ཞེས་ཏེ་ཚིགས་བཅད་དང་པོ་ནི་སྔར་སྒྱུ་མ་ལྟ་བུར་བརྟག་ཅེས་པའི་ཚིག་གི་འཕྲོས་བླངས་པ་སྟེ། རྡོ་རྗེ་ཐེག་པའི་ལམ་སྒྱུ་ལུས་ཀྱི་སྐབས་འདིར་ནི། རྣམ་གྲངས་རེ་རེ་ནས་གླེང་བླངས་ཏེ་མང་དུ་བཤད་ཅི་ཞིག་དགོས་ཏེ། མཉམ་བཞག་དང་རྗེས་ཐོབ་ཀྱི་སྐབས་གང་ཡིན་ཡང་རུང་སྟེ། རྣལ་འབྱོར་པས་ནི་མཐོང་ཐོས་བྱུང་ཚོར་སོགས་ཕྱི་ནང་གི་ཤེས་པ་ལ་གང་དང་གང་དམིགས་པ་དེ་དང་དེ་ཐམས་ཅད་སྒྱུ་མའི་བརྟག་ཚུལ་རྣམ་པ་གཉིས་པོ་དེས། སྒྱུ་མ་བཞིན་དུ་བརྟག་ཅིང་བསྒོམས་པས་མངོན་དུ་གྱུར་པ་ནི་རྟགས་ཚད་དང་ པོའོ། །དེ་ཉིད་ཅུང་ཟད་ཞིབ་པར་བསྟན་པ་ནི། མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་དང༌། རྨི་ལམ་ལྟར་རླུང་སེམས་ཀྱི་སྣང་བ་དང༌། སྒྱུ་མ་ལྟར་སྣང་ཡང་ཕྱི་དོན་དུ་མ་གྲུབ་པ་དང༌། ཆུ་བུར་ཆུ་ཡིན་པ་ལྟར་བདེ་བས་བྱིན་གྱིས་བརླབས་པས་བདེ་བ་ཉིད་དུ་ཤར་བ་དང༌། མིག་འཁྲུལ་ལྟར་རགས་པའི་སྣང་བའི་འདི་ལས་ལོག་ནས་གཞན་དུ་གྱུར་པ་སྟེ། དཔེ་སོ་སོའི་དོན་དང༌། ཐམས་ཅད་ལ་ཐུན་མོང་དུ་དེ་རྣམས་དང་མཚུངས་པར་སྣང་སྟོང་ཙམ་གྱི་ཤེས་པ་གཅིག་གི་ངོ་བོར་གང་གིས་མཐོང་བ་དེ་ནི། གཙོ་བོ་སྟེ་སྒྱུ་ལུས་མཐར་


TNT05_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་རྣལ་འབྱོར་པ་ཡིན་པར་བཤད་དོ། །འདིས་དངོས་སུ་ནི། རང་གི་ཤེས་པ་ལ་སྣང་བའི་ཆོས་རྣམས་ལ་དེ་ལྟ་བུའི་གསལ་སྣང་རྙེད་པ་ཡིན་ཞིང༌། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཐོང་བ་མིན་པས་གཞན་རྣམས་ལ་གསལ་སྣང་དངོས་མ་ཐོབ་ཀྱང་དེ་ལྟ་བུར་ཤུགས་ལ་རྟོགས་པ་ནི་ཡིན་ནོ། །དེ་བཞིན་དུ། གཟུགས་མཐོང་བ་དང་རེག་བྱ་རེག་པ་ཉིད་ཀྱི་བར་ཐོས་པ་དང་ཚོར་བ་དང་མྱོང་བ་སྟེ་དེ་དག་ལ་སོགས་པ་བརྟན་གཡོའི་འགྲོ་བ་ཐམས་ཅད་སྒྱུ་མ་ཇི་བཞིན་དུ་བདེན་པར་མེད་དེ། དེ་དང་མཐུན་པར་མཉམ་བཞག་ཏུ་རགས་པ་ལས་སྣང་གིས་བསྡུས་པའི་རང་གཞན་སྣོད་བཅུད་གང་ཡང་དམིགས་པ་མེད་པ་སྟེ་མི་སྣང་ལ། ཀུན་རྫོབ་དག་ཏུ་ཤར་བའི་སྣང་བ་ཡིན་ཀྱང་ཕྲ་བ་རླུང་སེམས་ཀྱི་དཀྱིལ་འཁོར་སྒྱུ་མ་ལྟ་བུ་སྣང་བ་ཡོད་པར་ནི་རབ་ཏུ་བཤད་དོ། །ཞེས་རང་གིས་མཐོང་ཐོས་སུ་རུང་བའི་ལས་སྣང་འགགས་ཏེ། དེའི་ཤུལ་ལམ་དེ་བས་རྒྱ་ཆེ་བར་དཀྱིལ་འཁོར་གྱི་འཁོར་ལོ་སོགས་དག་སྣང་མཐའ་ཡས་པས་ཁྱབ་པ་ནི། མཉམ་བཞག་སྒྱུ་མ་ལ་བརྟན་པ་ཐོབ་པའི་རྟགས་ཏེ་རྟགས་ཚད་གཉིས་པའོ། །དབང་པོ་གང་དང་གང་གིས་ལམ་དུ་གྱུར་པའི་གཟུགས་སོགས་རགས་པའི་ཡུལ་སྣང་ཐམས་ཅད་དེ་དང་དེའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་དུ་བསྲེ་བར་བྱ་སྟེ། མཉམ་པར་མ་བཞག་པ་སྟེ་ཐུན་མཚམས་སྤྱོད་ལམ་གྱི་ཉམས་ལེན་སྦྱོར་བ་བདེ་བའི་རྒྱས་འདེབས་པ་དང༌། སྒྱུ་མ་ལྟ་བུར་ཤེས་པ་ཡིས་རྒྱས་བཏབ་པ་ན་ཡུལ་དེ་དག་རྣམས་ཀྱང་སངས་རྒྱས་ཏེ། སྒྱུ་ལུས་ཀྱི་ལྷ་སྐུ་སོགས་དག་སྣང་ཀུན་ཀྱི་རང་


TNT05_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མཉམ་པར་སྦྱོར་བ་སྟེ་རང་ཤར་དུ་བྱུང་ན་རྗེས་ཐོབ་སྒྱུ་ལུས་མཐར་ཕྱིན་པ་སྟེ་རྟགས་ཚད་གསུམ་པའོ། །འདི་ནི་རྗེས་ཐོབ་ཏུ་སྣང་བ་ལ་བདེ་སྟོང་གིས་རྒྱས་བཏབ་པ་ཙམ་གྱིས། གཞན་བསྐྱེད་ཆོག་གི་འབད་རྩོལ་མི་དགོས་པར། ལྷ་སྐུ་ལ་སོགས་པ་དག་སྣང་རབ་འབྱམས་སུ་ལམ་ལམ་འཆར་ན། རྗེས་ཐོབ་སྒྱུ་མ་མཐར་ཕྱིན་པའི་ཚད་དོ་ཞེས་པའོ། །ཡང་དུས་ཀུན་དུ་ཕྱོགས་ཀུན་ནས་སངས་རྒྱས་ཐམས་ཅད་དང་བདག་ཉིད་རྟག་ཏུ་རྣམ་པ་ཀུན་དུ་དབྱེ་བ་མེད་དེ། སངས་རྒྱས་ཀུན་བདག་གི་ངོ་བོར་གྲུབ་པར་རང་ཉིད་ཀྱིས་ནི། དེ་ལྟར་མཐོང་བར་འགྱུར་ཞེས་པའམ། དཀྱིལ་ཆོག་ཉི་ཤུ་པའི་འགྱུར་ལས། དེ་ཡིས་ཀུན་ཏུ་ཀུན་ནས་ཀུན། །རྣམ་ཀུན་ཀུན་ཚེ་རང་ཉིད་ནི། སངས་རྒྱས་ཐམས་ཅད་རང་བཞིན་དུ། །གྲུབ་པར་རང་ཉིད་ཀྱིས་མཐོང་གྱུར། ཞེས་འབྱུང་བ་གོ་བདེ་སྟེ། མདོར་ན། ཡུལ་གང་དུ་ཡིན་ཡང་རུང། གནས་སྐབས་ཅིར་ཡིན་ཡང་རུང༌། སྤྱོད་ཚུལ་རྣམ་འགྱུར་གང་གི་སྒོ་ནས་ཡིད་ཡང་རུང། འགྲོ་བ་རྣམ་པ་ཐམས་ཅད་རང་རང་གི་ཆོས་ཉིད་ནི་སངས་རྒྱས་ཀུན་གྱི་ངོ་བོར་གདོད་མ་ནས་གྲུབ་པར་སྒྲུབ་པ་པོ་སྟེ་རང་ཉིད་ཀྱིས་མཐོང་ཞེས་པ་སྟེ། འདི་ནི་སྒྱུ་ལུས་ཤིན་ཏུ་མཐར་ཕྱིན་པའི་ཐབས་ཡིན་ཏེ་རྟགས་ཚད་བཞི་པའོ། །དེ་ཡང་རང་ཉིད་ལ་སངས་རྒྱས་ཐམས་ཅད་བཞུགས་པར་དངོས་སུ་མཐོང་བ་ནི་མི་སློབ་པའི་ཟུང་འཇུག་སྦྱོར་བ་དང་བཅས་པའི་སྐབས་ཡིན་ལ། སློབ་པའི་ཟུང་འཇུག་གི་གནས་སྐབས་ན་མཐོང་བ་དང་མ་མཐོང་བ་འདྲེས་མར་ཡོད་ཅིང། སྐབས་འདིར་ནི་


TNT05_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་མཐོང་བ་མ་ཡིན་ཀྱང་མཉམ་བཞག་གི་གནས་སྐབས་སུ། རང་གི་ལྷ་སྐུ་ཉམས་སུ་མྱོང་པའི་སྒོ་ནས་སངས་རྒྱས་བཞུགས་པ་ཡང་མཐོང་བ་རྗེས་མཐུན་པ་ཡིན་ཞིང༌། རྗེས་ཐོབ་ཏུ་དེས་དྲངས་པའི་ངེས་ཤེས་ཕྱིར་ལ་ལྡོག་པའི་ཐབས་མེད་པ་རྙེད་པ་ཡིན་ནོ། །བཞི་པ་རིམ་པ་འདི་ཐོབ་པའི་གནས་སྐབས་ཀྱི་ཡོན་ཏན་བསྟན་པ་ནི། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། ། གནས་དང་ཟས་དང་གོས་ལ་སོགས། །མཁའ་ལས་སྐད་ཅིག་དག་གིས་རྙེད། ། སྲིད་པ་གཅོད་པར་འགྱུར་བ་དང༌། །འགྲོ་ལ་རབ་མཆོག་སྟོན་པར་འགྱུར། །ལྷ་དང་བཅས་པ་ཀུན་གྱིས་མཆོད། །ཡང་དང་ཡང་དུ་ཕྱག་བྱེད་འགྱུར། །ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །འཇིག་རྟེན་ཕན་པར་མཛད་པས་གཤེགས༌། །དེ་བཞིན་རྣལ་འབྱོར་ཆེན་པོ་ནི། །སྣ་ཚོགས་ཡེ་ཤེས་སུ་རྗེས་སྡུད། །རྡོ་རྗེ་སེམས་དཔའ་མཚོན་པས་ན། །འགྲུབ་པར་མི་འགྱུར་ཅི་ཡང་མེད། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །རང་ཉིད་རྗེས་སུ་འགྲུབ་པར་འགྱུར། །ལས་དང་ཉོན་མོངས་ལམ་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་སྒྱུ་རྨི་ལམ་ལྟ་བུ་དང༌། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །འདི་འདྲའི་ཏིང་འཛིན་མི་ཤེས་པས། །ཀུན་རྫོབ་པ་ནི་ཉེར་དམིགས་ཏེ། །འདོད་ཆགས་ནད་རྣམས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་སྨན་གྱིས་སོ། །བདག་བྱིན་བརླབ་པའི་མན་ངག་དག།གང་གིས་བླ་མ་ལས་མ་བསྒྲུབས། །རྟག་དང་ཆད་པ་ལ་དམིགས་པས། །མི་དེ་ཕྱིར་ལྡོག་གྱུར་པ་ཡིན། ། ཞེས་པ་སྟེ། སྒྱུ་མའི་


TNT05_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐོབ་པའི་རྣལ་འབྱོར་དེ་ནི། གཙོ་བོ་སྟེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། རང་སྣང་ལ་ལུས་ངག་ཡིད་ཀུན་ཞུ་བདེ་མཐར་ཐུག་པའི་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའོ། །དེ་ལྟ་བུ་ནི་ཐེག་པ་འོག་མས་ཐོབ་པའི་ས་བཅུ་པ་པ་རྣམས་དང་འདྲའོ་ཞེས་ཆེད་དུ་བརྗོད་པའི་ཚུལ་གྱིས། རྣལ་འབྱོར་པ་དེ་ནི་སེམས་དཔའ་ཆེན་པོ་ཞེས་བྱའོ། །དེ་ནི་འགྲོ་བ་དང་བཞུགས་པ་ལ་སོགས་པ་སྤྱོད་ལམ་ཅི་བྱེད་ཀྱང་རྣམ་གཡེང་གི་དབང་དུ་མི་འགྱུར་ཞིང་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་རྟག་ཏུ་ཟིན་པའོ། །གཞལ་མེད་ཁང་ལ་སོགས་པའི་གནས་དང་ཟས་གོས་ལ་སོགས་པའི་ཡོ་བྱད་གང་ཡིན་ཡང་རུང་བསམ་པ་ཙམ་གྱིས་ནམ་མཁའ་ལས་སྐད་ཅིག་གིས་རྙེད་པར་འགྱུར་ཏེ། རང་དབང་འབྱོར་བ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཆུང་ངུ་ཐོབ་པ་ཡིན་ནོ། །སྒྲུབ་པ་པོ་རང་ཉིད་དང་སྒྱུ་ལུས་ཐོབ་པ་ན། ཕན་ཚུན་གྱི་སྤྱོད་ཡུལ་དུ་འདོད་པ་ལ་དབང་འབྱོར་བ་དེ་ལྟར་ཡིན་ལ། སེམས་ཅན་ཕལ་པ་གཞན་རྣམས་ཀྱི་དེ་ཇི་བཞིན་དུ་མི་མཐོང་ཡང༌། གདུལ་བྱ་འདུལ་དགོས་ཀྱི་སྤྱོད་པའི་ཁྱད་པར་འགའ་ཞིག་སྟོན་དགོས་པ་ཡིན་ན་མ་གཏོགས། ཕལ་ཆེར་ཕུན་སུམ་ཚོགས་པ་མཆོག་གི་སྐལ་བ་དང་ལྡན་པར་སྣང་སྟེ་སློབ་དཔོན་མཱ་ཏྲྀ་ཙི་ཊ་བཞིན་ནོ། །གོང་དུ་བཤད་པ་ལྟར་གསོན་པའི་ཚེའམ་དེ་མ་ཡིན་ཀྱང༌། བར་དོ་མེད་པར་འཆི་བ་འོད་གསལ་གྱི་མཐར་རྡོ་རྗེའི་སྐུ་ཐོབ་པ་དེ་ནི་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པས། སྒྱུ་ལུས་འདིའི་མཐུས་ནི་སྲིད་པར་སྐྱེ་བ་གཅོད་པར་འགྱུར་བ་དང༌། འགྲོ་བ་རྣམས་ཀྱི་ནང་


TNT05_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རབ་དང་མཆོག་གི་ཆོས་སྟོན་པ་པོར་འགྱུར་ཏེ། མགྲིན་པའི་རྩ་འཁོར་ཤིན་ཏུ་དག་པ་དང་ངག་རླུང་གི་ཆོས་བདེ་བ་ཆེན་པོའི་བྱིན་རླབས་ཐོབ་པའི་ཕྱིར། སེམས་ཅན་སོ་སོའི་སྐད་དུ་བསམ་པ་དང་མཐུན་པར་ཆོས་བསྟན་པས་འགྲོ་བ་སྨིན་ཞིང་གྲོལ་བར་བྱེད་དོ། ། ལྷ་དང་བཅས་པའི་སྡེ་བརྒྱད་དུ་གཏོགས་པའི་འགྲོ་བ་ཀུན་གྱིས་མཆོད་པ་སྣ་ཚོགས་པས་མཆོད་པར་བྱེད་ཅིང་ཡང་དང་ཡང་དུ་ཕྱག་བྱེད་པར་འགྱུར་རོ། །སྡེ་བརྒྱད་ནི། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མིན་ དང༌། མཁའ་ལྡིང་དང༌། གྲུལ་བུམ་དང༌། མིའམ་ཅི་རྣམས་སོ། །ཡང་ལྷ་དང་ལྷ་མིན་གཅིག་ཏུ་སྡོམས་ཤིང༌། མིའི་འགྲོ་བ་སྣོན་པའང་ཡོད་ལ། ལྟོས་འཕྱེ་ལོགས་སུ་བགྲོང་བའང་ཡོད་མོད་ཀྱི་དེ་ནི་ཀླུའི་ནང་དུ་འདུས་སོ། །སྲིན་པོ་དང་ལུས་སྲུལ་པོ་ལ་སོགས་པ་མང་པོ་ཞིག་ནི་གནོད་སྦྱིན་གྱི་སྡེར་འདུས་ལ། མི་འང་འཕྲུལ་ལྡན་ཉུང་བས། སྡེ་བརྒྱད་ལ་འགྲོང་བ་མི་ལེགས་ཤིང༌། གང་འཕྲུལ་དང་ལྡན་པ་དེ་ནི་ལྷ་ཀླུ་གནོད་སྦྱིན་ལྷ་མིན་བཞི་པོ་ཇི་ལྟར་རིགས་པར་འདུ་བ་ཡིན་ཞིང༌། མིའི་རྟེན་ཅན་གྱི་འཕགས་པ་རྣམས་ནི་འཕྲུལ་དང་ལྡན་ཡང་འཇིག་རྟེན་ལས་འདས་པའི་ཕྱིར་འདི་དག་གི་སྡེབས་ལ་མི་བགྲོང་ལ། དམྱལ་བ་དང་དུད་འགྲོ་ཕལ་པ་དང་ཡི་དྭགས་དམངས་རིགས་རྣམས་ཀྱང་འཕྲུལ་དང་མི་ལྡན་ཏེ་འཕྲུལ་དང་ལྡན་པའི་སྡེ་བརྒྱད་ནི་གོང་དུ་བཤད་པ་ཉིད་དོ། །ཇི་ལྟར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་འཇིག་རྟེན་ལ་ཕན་པར་མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ཞིང་ཁམས་རྣམས་སུ་གཤེགས་ཤིང་འབྱོན་


TNT05_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ་དེ་བཞིན་དུ། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པ་ཆེན་པོ་འདི་ནི་རིག་པའི་བརྟུལ་ཞུགས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་སྤྱོད་ཅིང་རྒྱུ་བས། བདེ་སྟོང་འཕེལ་པའི་ཡེ་ཤེས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མཆོད་པ་དང་འགྲོ་དོན་སྤྱད་པའི་མཐུ་ལས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསོགས་ཤིང༌། ཚོགས་གཉིས་ཀྱི་མཐུ་ལས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་ཕྱིན་དྲུག་བྱང་ཕྱོགས་མངོན་ཤེས་སོགས་སྣ་ཚོགས་པའི་ཡེ་ཤེས་དུ་མ་རྗེས་སུ་སྡུད་ཅིང་འཛིན་པ་སྟེ། སྔར་མ་ཐོབ་པ་ཐོབ་ཅིང་ཐོབ་པ་རྣམས་མི་ཉམས་པར་འཕེལ་བའོ། །བདེ་སྟོང་གི་ལྷ་སྐུ་རྡོ་རྗེ་སེམས་དཔས་སྣང་བ་དང་བྱ་བྱེད་ཐམས་ཅད་ལ་མཚོན་ཅིང་རྒྱས་བཏབ་པས་ན། ཡིད་ལ་འདོད་པའི་དོན་དངོས་གྲུབ་དང་ཡོན་ཏན་གྱི་ཁྱད་པར་བསྒྲུབས་ནས་འགྲུབ་པར་མི་འགྱུར་བ་ཅི་ཡང་མེད་དེ། ཆོས་ཐམས་ཅད་རང་སེམས་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་རོ། །ཡང་དཔེ་འགའ་ཞིག་ལས། བསྒྲུབ་པར་མི་བྱ་ཅི་ཡང་མེད་ཅེས་པ་ལྟར་ན། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་ཚོགས་གཉིས་པོ་གང་རུང་ཞིག་རྫོགས་པའི་ཐབས་ཁྱད་པར་ཅན་ཁོ་ནར་འགྱུར་བའི་ཕྱིར། བྱ་བ་དང་སྤྱོད་པ་བསྒྲུབ་པར་མི་བྱ་བ་ཅི་ཡང་མེད་དེ། རྡོ་རྗེ་སེམས་དཔས་རྒྱས་ཐེབས་པའི་ཕྱིར་རོ། །ཞེས་པའི་དོན་དུ་འགྱུར་རོ། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ཟུང་འཇུག་མཆོག་གི་དངོས་གྲུབ་ཀྱང་རྣལ་འབྱོར་པ་དེས་ནི། ཚེ་འདིའམ་འཆི་ཁའམ་བར་དོ་སོགས་རང་ཉིད་གང་འདོད་པའི་གནས་སྐབས་དེ་དང་རྗེས་སུ་མཐུན་པར་འགྲུབ་པར་འགྱུར་རོ། །འགྲེལ་པ་འགའ་


TNT05_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལས། བདེ་ཆེན་ཕྱག་རྒྱ་རིག་མ་མཆོག་ལ་ངོས་གཟུང་སྟེ། རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ཐོབ་པ་ལ་བཤད་པ་ནི། སྤྱིར་དེ་ཡང་ཡིན་མོད་གཞུང་གི་ཚིག་དོན་ནི་དཀྱུས་སུ་བཤད་པ་ལས་མི་འདའ་འོ། །ཉོན་མོངས་པ་རྣམས་སྨིག་སྒྱུ་ལྟ་བུ་དང༌། ལས་རྣམས་རྨི་ལམ་ལྟ་བུ་དང༌། ཡུལ་ཕྱོགས་ལོངས་སྦྱོད་དང་བཅས་པའི་ལུས་ནི། དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པ་བདེན་མེད་དུ་མཐོང་བས། ལས་ཉོན་སྡུག་བསྔལ་གསུམ་ཡང་རྟེན་འབྲེལ་ཚོགས་པའི་སྣང་བ་ཙམ་ལས་གཞན་དུ་མེད་དེ། ལས་བྱེད་པ་པོ་དང་འབྲས་བུ་བདེ་སྡུག་མྱོང་བ་ཉིད་ཀྱང་འཁྲུལ་ངོ་ཙམ་མ་གཏོགས་རང་བཞིན་གང་དུའང་གྲུབ་པ་མེད་པར་རྣལ་འབྱོར་བ་དེས་ཉམས་སུ་མྱོང་བས། ཉོན་མོངས་པ་དང་བདེ་སྡུག་གིས་སེམས་ལ་གནོད་པ་མེད་པའོ། །འདིར་ལམ་ཅན་ནི་ལས་དང་ཉོན་མོངས་པ་ཉིད་སྡུག་བསྔལ་གྱི་ལམ་མ་ཡིན་པས། འབྲས་བུ་སྡུག་བསྔལ་གྱི་ལུས་འདི་ལམ་ལས་ཉོན་དང་ལྡན་པའོ། ། ཞེས་པའི་དོན་ནོ། །སྒྱུ་མ་ལྟ་བུ་འདི་འདྲའི་ཏིང་ངེ་འཛིན་མི་ཤེས་པས། ཀུན་རྫོབ་འཁྲུལ་བའི་སྣང་བ་ལ་བདེན་པར་ཉེ་བར་དམིགས་པ་སྟེ། བདེན་པར་སྣང་ཞིང་བདེན་པར་ཞེན་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ནད་རྣམས་སྐྱེ་བར་འགྱུར་རོ། །དཔེ་ཁ་ཅིག་ལས། འདོད་ཆགས་སྣ་ཚོགས་ཞེས་འབྱུང་བ་ནི་འགྱུར་མི་གཅིག་པ་གཉིས་འདྲེས་པ་འདྲ་ཞིང༌། འདོད་ཆགས་ལ་སོགས་ནད་སྐྱེས་པ། ཞེས་ཀྱང་ཁ་ཅིག་ལས་འབྱུང་བ་གོ་བདེ་བར་སྣང་ངོ༌། །ཆག་འགྱུར་ལས་ནི། རྣམ་པ་སྣ་ཚོགས་ནད་རྣམས་སྐྱེ། ཞེས་འབྱུང་


TNT05_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །འདིས་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཉེས་དམིགས་འཕྲོས་དོན་ལ་བསྟན་ནས། དེ་ལྟར་ཉོན་མོངས་པའི་ནད་སྐྱེས་པའི་སེམས་ཅན་དེ་རྣམས་ཀྱི་ཉོན་མོངས་དེ་དག་སྒྱུ་མ་ལྟ་བུར་བཤད་པའི་ཆོས་ཀྱི་སྨན་མཆོག་གིས་གསོ་བར་བྱེད་པ་སྟེ། སེམས་ཅན་སོ་སོའི་ཉོན་མོངས་ཀྱི་གཉེན་པོའི་ཐབས་ཤེས་པའོ། །སྔགས་ཀྱི་བསྐྱེད་རྫོགས་བསྒོམས་ཤིང་ཉམས་མྱོང་ཅི་རིགས་པ་སྐྱེས་པ་ཡིན་ཀྱང༌། བདག་བྱིན་གྱིས་བརླབ་པའི་མན་ངག་དག།སྐྱེས་བུ་གང་གིས་བླ་མ་མཉེས་པར་བྱས་པ་ལས་མ་བསྒྲུབས་ཤིང་ཐོབ་པར་མ་བྱས་ན། རྟག་ཆད་ཀྱི་མཐའི་གཉེན་པོ་ཁྱད་པར་ཅན་མ་བསྟེན་པ་ཡིན་པས། རྟག་པ་དང་ཆད་པའི་རྣམ་པ་ཅན་གྱི་འཁྲུག་གཞི་ཤར་བ་ན། དེ་ལ་དམིགས་ནས་རྟག་ཆད་དུ་འཛིན་པ་སྐྱེས་ཏེ། སྔར་གྱི་ཉམས་མྱོང་རྣམས་ཉམས་ནས། མི་དེ་དམན་པ་ངན་པའི་གནས་སུ་ཕྱིར་ལྡོག་པར་འགྱུར་རོ། །དེའི་ལྡོག་དོན་ལ་བདག་བྱིན་བརླབ་ཐོབ་ན་རྟག་ཆད་ལ་མི་དམིགས་པས་ཕྱིར་མོ་ལྡོག་ཐོབ་ཅེས་ཡོན་ཏན་གྱི་རྣམ་གྲངས་བཤད་པའོ། །དེ་ལ་ཕྱིར་ལྡོག་པ་ནི་གསུམ་སྟེ། རང་གིས་ཐོབ་པའི་ཡོན་ཏན་རྣམས་ཉམས་པའི་ཕྱིར་ལྡོག་པ་དང༌། འཁོར་བར་ལས་ཉོན་གྱི་དབང་གིས་སླར་ཡང་སྐྱེ་བ་ལེན་པའི་ཕྱིར་ལྡོག་པ་དང༌། ཐེག་པ་གཞན་དུ་ལྷུང་བའི་ཕྱིར་ལྡོག་པའོ། །རིམ་པ་འདི་ཐོབ་ནས་དེ་གསུམ་ཀར་སྤངས་པའི་ཕྱིར་མི་ལྡོག་པ་སྟེ། དེ་ཡང་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པས་རྟག་མཐའ་ལས་གྲོལ་ཞིང་འཁོར་བར་མི་སྐྱེ་ལ། རང་བཞིན་བདེ་བའི་ཏིང་ངེ་འཛིན་ཐོབ་པས་ཆད་མཐའ་ལས་གྲོལ་ཞིང༌། ཐེག་པ་དམན་པར་ལྡོག་པ་ལས་གྲོལ། ལྷ་


TNT05_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྣམས་པ་ཐམས་ཅད་པས་ནི་སྐུ་མེད་པའི་ཐེག་དམན་གྱི་མྱང་འདས་དང་འཁོར་བའི་ལུས་གཉིས་ཀར་གྱི་གཉེན་པོ་བྱེད་དེ་མཐའ་གཉིས་ཀ་ལས་གྲོལ་བའོ། །འོ་ན་རིམ་པ་འདི་ཐོབ་ན་དེ་བཞིན་ཡིན་མོད་ཀྱང༌། འདིར་མན་ངག་ཐོབ་མ་ཐོབ་ལ་ཕྱིར་ལྡོག་མི་ལྡོག་ཏུ་བཤད་པ་ཅི་སྙམ་ན། འདིའི་ཆེད་དུ་བྱ་བའི་གདུལ་བྱས་མན་ངག་ཐོབ་པ་ན། དེ་མ་ཐག་པར་རིམ་པ་འདི་ཡང་ཐོབ་པའི་དབང་དུ་མཛད་པ་ཡིན་པས། དུས་དེང་སང་གི་ཆོས་ཞུ་མཁན་རྣམས་ཀྱི་རྒྱུད་ཚོད་དང་རྩིས་སྡུར་བྱེད་མི་དགོས་སོ། །རིམ་པ་འདིའི་ཕན་ཡོན་གཞན་ཡང་འཕགས་པ་ལྷས་གསུངས་ཏེ། གཙང་སྦྲ་བསྡམས་པ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། །དཀའ་ཐུབ་སྡོམ་པ་མེད་པར་ཡང༌། དགའ་དང་བདེ་བས་འགྲུབ་པར་འགྱུར། །གང་གིས་དེ་ལྟར་ཤེས་ནས་ནི། །དེ་ཉིད་གང་ཞིག་རྟག་དྲན་ན། །ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་གྱིས། །དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར། །སྒྱུ་མས་གནས་པའི་རྣལ་འབྱོར་པ། །འདི་ལ་ལྷས་ཀྱང་རྟག་ཏུ་སྐྱོང༌། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །རྡོ་རྗེ་ཚེ་དང་སྟོབས་པོ་ཆེ། །ལང་ཚོ་ནད་མེད་བདེ་བའི་མཆོག།སངས་རྒྱས་རྫུ་འཕྲུལ་ཐོབ་ནས་ནི། །སྐྱེ་བ་འབྱུང་བ་རང་གས་སོ། །མཐོང་བ་ཉིད་ཀྱིས་བསྐུལ་མེད་པར། །སེམས་ཅན་རྣམས་ནི་དབང་ དུའོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འདོད་དོན་ཐམས་ཅད་རྙེད་པར་འགྱུར། །ཞེས་གསུངས་ཏེ། སྐྱེ་བ་འབྱུང་བར་རང་གས་སོ་ཞེས་པ་ནི། རང་ཉིད་འདོད་ན་སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་གྱིས་གང་འདོད་དུ་སྐྱེ་བ་


TNT05_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་དོན་ཡིན་ལ་གཞན་ནི་གོ་སླའོ། །གསུམ་པ་རྗེས་བླ་མ་མཆོད་ཅིང་བཀའ་རྒྱས་བཏབ་པ་ལ་གཉིས་ཀྱི་དང་པོ་བླ་མ་མཆོད་པ་ནི། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་ པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང༌། ཤིན་ཏུ་ཁྱད་པར་ཅན་དེ་ཉིད། །དེ་དང་དེ་ནི་བླ་མ་སྦྱིན། །སློབ་དཔོན་གྱི་ནི་སྡིག་པ་འཕྲོག།སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིགས་ལས་ཕ་རོལ་སྒྲོལ། །ཞེས་པ་སྟེ། དཀོན་མཆོག་གཞན་ཐམས་ཅད་མཆོད་པ་དང༌། སློབ་དཔོན་མཆོད་པ་འདོམ་ན། མཆོད་པ་གཞན་ཐམས་ཅད་ཡོངས་སུ་སྤངས་ནས། བླ་མ་མཆོད་པ་ཡང་དག་པར་བརྩམས་པར་བྱེད་དགོས་ལ། གཞན་ཅིག་དེ་བོར་ཀྱང་སྐྱོན་མེད་དོ། །དེ་མཉེས་པས་ཀུན་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་མཆོག་འདི་ཐོབ་པར་འགྱུར་ལ། སློབ་མ་དེ་བླ་ན་མེད་པའི་གནས་ལ་འཇོག་པར་བྱེད་པ། སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས་དཔའི་ངོ་བོ་སློབ་དཔོན་གྱི་ཆེད་དུ་མཆོད་པ་བྱས་པས་མཆོད་པ་དེ་ཁོ་ན་ཡིས་བསོད་ནམས་ཐམས་ཅད་བྱས་པར་འགྱུར་ཏེ། བསོད་ནམས་མ་བྱས་པ་ཅི་ཞིག་ཡོད་ལ། དཀའ་ཐུབ་མ་བསྟེན་པ་གང་ཞིག་ཡོད་དེ་ཐམས་ཅད་བསྟེན་པར་སོང་ངོ༌། །མཆོད་པ་ཡང་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་མི་ཟད་ཅིང་མི་


TNT05_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་པའི་གོ་འཕང་ཐོབ་པ་དང་རྟོགས་པར་འདོད་ན། དེ་ཡིས་སློབ་དཔོན་གང་ལ་ཤིན་ཏུ་དགྱེས་ཤིང་དགའ་བར་འགྱུར་བའི་དངོས་པོ་གང་དང་གང་རྙེད་པ་དེ་དང་དེ་འབུལ་ཏེ། གང་ལ་དགྱེས་པར་དེས་ན་དངོས་པོ་བཟང་ངན་བརྟག་མི་དགོས་ལ། སྤྱིར་དངོས་པོ་ཤིན་ཏུ་བཟང་བ་ཁྱད་པར་ཅན་དེ་ཉིད་སློབ་དཔོན་ལ་དབུལ་བར་བྱའོ། དེ་ལྟར་མཆོད་པས་མཉེས་པར་བྱས་ན། སློབ་དཔོན་གྱིས་ནི་སློབ་མའི་རྒྱུད་ཀྱི་སྡིག་པ་འཕྲོག་ཅིང་བྱང་བ་དང༌། ཚེ་འདིའི་འཇིགས་པ་ཐམས་ཅད་སེལ་བ་དང༌། སྡུག་བསྔལ་གྱི་རྒྱ་མཚོ་འཁོར་བའི་འཇིགས་པ་ལས་ཕ་རོལ་ཐར་པའི་གནས་སུ་སྒྲོལ་འདོན་གྱི་འཕྲིན་ལས་མཛད་དོ། །འདི་རྣམས་གོང་གི །གང་གིས་བླ་མ་ལས་མ་བསྒྲུབས། ཞེས་པ་ལས་འཕྲོས་པ་ཡང་ཡིན་ལ། སྒྱུ་ལུས་ཀྱི་མན་ངག་ཐོབ་པའི་རྗེས་སུ་སླར་ཡང་ཚོགས་ཀྱི་འཁོར་ལོ་དང་བཀའ་དྲིན་པའི་གཏང་རག་ཡོན་ཆེན་པོ་འབུལ་དགོས་པའི་རྒྱབ་རྟེན་དུ་ཡང་བཤད་པའོ། །གཉིས་པ་བཀའ་རྒྱས་གདབ་པ་ནི། །གང་ཞིག་ང་རྒྱལ་གྱིས་སྦགས་ ཤིང༌། །ཡང་དག་རིམ་པ་སུན་འབྱིན་དང༌། །དེ་ཉིད་ཆོས་ལ་བརྙས་བཅས་པ། ། དེ་ལ་དེ་ཉིད་བསྟན་མི་བྱ། །བླ་མ་ལ་གུས་བདེན་པ་སྨྲ། །རྣམ་པར་མཁས་ཤིང་རྒྱུད་གཅིག་པ། །དམ་ཚིག་སྤྱོད་པ་སྲུང་པ་དག།རིམ་པ་དེ་ལ་བསྟན་པར་བྱ། ། ཞེས་པ་སྟེ།ཡང་དག་རིམ་པ་ནི། སྟོང་ཉིད་སྤྲོས་བྲལ་དང་ལྷ་སྐུ་སྒྱུ་མ་ལྟ་བུ་དང་བདེ་གཤེགས་སྙིང་པོའི་རྣམ་གཞག་སོགས་ཡིན་ལ། དེ་ཉིད་ཆོས་ཞེས་པ་ནི་ལས་རྒྱ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཐམས་རྣམས་སོ། །རྣམ་པར་


TNT05_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ནི་ཐར་འདོད་རྣམས་ལ་དགོས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་མ་ནོར་པར་ཤེས་པའོ། །རྒྱུད་གཅིག་པ་ནི་བློ་སྣ་ཉུང་བ་དང་སེམས་རྩེ་གཅིག་པར་གནས་པ་དང་ཐེ་ཚོམ་མེད་པའོ། །སྲུང་བ་ནི་ཉེས་པ་ལ་འཛེམས་པ་དང་ཡོན་ཏན་གྱི་ཆོས་རྣམས་འཕེལ་ཞིང་སྦྱོང་བ་གཉིས་ཀར་ལ་འཇུག་གོ །དེ་ཉིད་བསྟན་ཞེས་པའི་དེ་ཉིད་དང༌། རིམ་པ་བསྟན་ཞེས་པའི་རིམ་པ་ནི་མན་ངག་ལག་ལེན་གྱི་མིང་ངོ༌། །ཚིག་དོན་གཞན་རྣམས་གོ་སླའོ། །བདག་བྱིན་བརླབ་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་གསུམ་པའོ། །ཞེས་པ་ནི་ལེའུ་འམ་གཞུང་འདིའི་མིང་བསྟན་པའོ། ། མངོན་པར་བྱང་ཆུབ་པའི་རིམ་པའམ་འོད་གསལ་གྱི་རིམ་པ་འཆད་པ་ལ། གཞུང་ལ་འཇུག་པ་དང༌། གཞུང་དངོས་སོ། །དང་པོ་ནི། ཐམས་ཅད་སྟོང་ཉིད་སྟོན་པ་ཡི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། །བཞི་པ་མངོན་པར་བྱང་ཆུབ་པའི། ། རིམ་འདི་བདག་གིས་བཤད་པར་བྱ། །ཞེས་པ་སྟེ། ཐམས་ཅད་སྟོང་པ་འོད་གསལ་པའི་ཡེ་ཤེས་ཉིད་རང་གིས་བརྙེས་ཤིང༌། གཞན་ལ་སྟོན་པར་མཛད་པའི་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་དེ། རིམ་པ་བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པ་འདི་བདག་གིས་བཤད་པར་བགྱིའོ་ཞེས་བཤད་པར་དམ་འཆའ་བའོ། །དེ་ལ་འདི་ཡང་གཞུང་དོན་དང་མཐུན་པའི་མཆོད་བརྗོད་དམ་བཅའ་སྟེ། གཞུང་འདིས་འོད་གསལ་ཐམས་ཅད་སྟོང་པ་སྟོན་ལ། རྡོ་རྗེ་སློབ་དཔོན་གྱིས་ཀྱང་འོད་གསལ་གྱི་ལམ་སྟོན་པའི་སྒོ་ནས་ཆེ་བ་བརྗོད་དེ། ཕྱག་འཚལ་བར་མཛད་དོ། །ཐམས་


TNT05_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྟོང་པ་དང་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ནི། གཙོ་བོར་མི་སློབ་པའི་ཟུང་འཇུག་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་འཇོག་པ་ཡིན་ལ། སློབ་པའི་ཟུང་འཇུག་གི་ཡང་ཟུང་དུ་འཇུག་རྒྱུའི་མཚན་ཉིད་ཀྱི་ཡ་གྱལ་མཉམ་བཞག།ཐུགས་བདེ་ཆེན་གྱི་ཡེ་ཤེས་དེ་ཡང་འོད་གསལ་ཐམས་ཅད་སྟོང་པ་དང༌། མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཡིན་ནོ། །འོན་ཀྱང་རིམ་པ་བཞི་པ་མངོན་པར་བྱང་ཆུབ་པ་ནི། འོད་གསལ་གྱི་རིམ་པ་ཁོ་ན་ལ་བརྗོད་དགོས་པས། སྒྱུ་ལུས་མཐར་ཕྱིན་པའི་རྗེས་སུ་བྱུང་བ་ཟུང་འཇུག་མ་ཐོབ་པའི་སྔོན་རོལ་དེ་ཁོ་ན་ལ་བརྗོད་དོ། །དེ་ཡང་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་སྒྱུ་ལུས་དེ་འོད་གསལ་གྱི་ཡེ་ཤེས་མེ་ལྟ་བུས་སྦྱོང་བའི་འགོ་བརྩམས་པ་ནས། མཐར་མཐོང་ལམ་དངོས་ཀྱི་སྐབས་སུ་དོན་གྱི་འོད་གསལ་གྱིས་སྒྱུ་ལུས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པར་བྱས་ཟིན་པའི་བར་དུའོ། །དེས་ན་དེ་ལྟ་བུའི་བར་དུ་བྱུང་བའི་རིམ་པ་དེའི་རྣམ་གཞག་སྐབས་འདིར་རྐང་བཙུགས་ནས་འཆད་པ་ཡིན་ལ། འཕྲོས་དོན་ལ་ནི། སྔ་ཕྱིའི་རིམ་པ་གཞན་དེ་དག་ཀྱང་ཅུང་ཟད་འཆད་ དོ། །མཆོད་བརྗོད་ཀྱི་སྐབས། བླ་མ་རྡོ་རྗེ་འཆང་དུ་བལྟ་བའི་དབང་དུ་བྱ་དགོས་པས། བླ་མ་དེ་རིམ་པ་འདིའི་གོ་འཕང་ལ་གནས་པར་མི་བརྗོད་ཀྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་གནས་པར་བརྗོད་དོ། །འོན་ཀྱང་སྐབས་སུ་བབ་པའི་སློབ་མ་ལ། རང་དང་འཚམ་པའི་ཆོས་སྟོན་དགོས་པའི་ཕྱིར། སྒྱུ་ལུས་མཐར་ཕྱིན་པའི་གང་ཟག་གམ། མཐོང་ལམ་ཐོབ་ཏུ་ཉེ་བའི་སློབ་མ་ལ། རིམ་པ་བཞི་པའི་གདམས་ངག་སྟོན་པའི་སྒོ་ནས་གནས་


TNT05_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཆེ་བ་བརྗོད་པ་ཡང་ཡིན་ནོ། །དེ་ལས་འཕྲོས་པ་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས།རྡོ་རྗེ་སློབ་དཔོན་དེ་བས་ལྷག།ཅེས་ཏེ། རྡོ་རྗེ་སློབ་དཔོན་གྱི་ཐུགས་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་པས། བླ་མ་ནི་སངས་རྒྱས་ཀུན་དང་མཉམ་མོ། །འོད་གསལ་གྱི་རང་བཞིན་ཆོས་སྐུ་བདེ་ཆེན་ལྷན་ཅིག་སྐྱེས་པ་འདི་ནི། ཆོས་ཐམས་ཅད་ཀྱི་གནས་ཚུལ། གདོད་ནས་གྲུབ་པའི་ཆོས་ཉིད། རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་རང་བྱུང༌། དབང་ཕྱུག་བརྒྱད་ཀྱིས་བསྡུས་པའི་སྐལ་བ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཆོས་སྐུ་དེ་ཉིད་ཆོས་དབྱིངས་ཡིན་ལ། འཁོར་འདས་ཐམས་ཅད་ལ་འདི་ལས་གཞན་པའི་གནས་ཚུལ་གཅིག་ཀྱང་མེད་པའི་ཕྱིར་གཅིག་པུ། འཁོར་འདས་ཀུན་གྱི་བདག་ཉིད་བདེ་ཆེན་གྱི་ཡེ་ཤེས་འགྱུར་བ་མེད་པ་འདི་ཤེས་བྱ་ཐམས་ཅད་ཀྱི་སྲོག་ཏུ་བཞུགས་ཤིང་རྣམ་པ་ཐམས་ཅད་པའི་ཕྱིར་ཆེ་བའི་ལྷ་སྟེ། འོན་ཀྱང་ཀུན་རྫོབ་ཏུ་ནི་སངས་རྒྱས་རེ་རེ་ནས་ལྟ་ཅི་སྨོས། ཆོས་སྐུ་མཁའ་མཉམ་དེ་བས་ཀྱང༌། རྡོ་རྗེ་སློབ་དཔོན་དེ་སློབ་མ་རང་ཉིད་ལ་ཆེས་ལྷག་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་ནུས་པའི་མན་ངག་སློབ་དཔོན་གྱིས་ནི་རབ་ཏུ་སྟེར་ལ། མཁའ་མཉམ་ཙམ་དེས་ནི་མན་ངག་མི་སྟེར་པའི་ཕྱིར་རོ། །ཞེས་སྒྲུབ་པ་པོའི་བློའི་འཆར་ཚུལ་ལ་བལྟོས་ཏེ། སངས་རྒྱས་ཀུན་དང་བླ་མ་ནི་གཅིག་པ་རང་ཐ་དད་པ་གཉིས་ཀའི་རྣམ་གཞག་བྱས་སོ། །གཞུང་དངོས་བཤད་པ་ལ། འོད་གསལ་གྱི་རིམ་པ་རྒྱས་པར་བཤད་པ་


TNT05_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དོན་དམ་གྱི་འོད་གསལ་ངོས་བཟུང་བ་གཉིས་སོ། །དང་པོ་ལ་སྔོན་འགྲོ་དབང་བསྐུར་གྱི་བྱ་བ་བསྟན། དངོས་གཞི་འོད་གསལ་གྱི་གདམས་ངག་བཤད་རྗེས་སེམས་བསྐྱེད་ཅིང་ཡོན་འབུལ་བ་སྟེ་གསུམ་ལས། དང་པོ་ནི། སྒྱུ་ལུས་ཀྱི་རིམ་པའི་སྐབས་སུ་བཤད་པས་རིགས་འགྲེ་སྟེ། འདི་ཡང་ཡེ་ཤེས་མ་སྐྱེས་པ་སྐྱེད་པར་བྱེད་པ་ལ་ཁྲིད་དམ། པྲ་ཁྲིད་ཅེས་བྱ་བ་འོད་གསལ་འཛུབ་ཚུགས་སུ་ངོ་སྤྲོད་པར་བྱེད་པའི་སྔོན་འགྲོའི་དབང་ཡིན་གྱི་མ་སྨིན་པ་སྨིན་བྱེད་དང་སྨིན་ཟིན་འཕེལ་བྱེད་ཙམ་པོ་ནི་མ་ཡིན་ནོ། །འདི་ལའང་དབྱེ་ན་སྒྱུ་ལུས་མཐར་ཕྱིན་ནས་འོད་གསལ་གྱི་གདམས་ངག་དང་པོར་ནོད་པའི་དབང་དང༌། འོད་གསལ་གྱི་རིམ་པའི་འཇུག་ཏུ་མངོན་པར་བྱང་ཆུབ་དངོས་ཀྱི་དབང་བསྐུར་བ་གཉིས་འབྱུང་སྟེ། འོན་ཀྱང་ཆོ་གའི་རྣམ་གཞག་འདྲ་བས་སྔ་ཕྱིར་ཆོ་ག་རིམ་པ་གཉིས་ནི་མ་གསུངས་སོ། །རྫོགས་རིམ་ལ་ཉམས་མྱོང་ཕྲ་མོ་སྐྱེས་པ་ལ། འོད་གསལ་གྱི་གདམས་ངག་སྦྱིན་པའི་དོན་དུ་དབང་འདིའི་རྣམ་པ་ལམ་དུ་བྱས་པས་ཀྱང༌། རྟེན་འབྲེལ་ཁྱད་པར་ཅན་འགྲིག་པར་འགྱུར་བས་བསྒྲུབ་པར་བྱ་བ་ཁོ་ན་སྟེ་རིམ་པ་གསུམ་པར་བཤད་པ་བཞིན་ནོ། །སྔོན་འགྲོ་དབང་གི་གཞུང་འདིའི་དོན་ལ་དབྱེ་ན། དང་པོས་སློབ་དཔོན་མཉེས་པར་བྱ་བ། བར་དུ་དབང་བསྐུར་བ། མཐར་བསྟོད་ཅིང་གསོལ་གདབ་པ་སྟེ་གསུམ་ལས། དང་པོ་ནི། དེ་ནི་ཡང་དག་མཉེས་བྱ་སྟེ། །ལོའམ་ཡང་ན་ཟླ་བ་ལ། །བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཅི་འབྱོར་པ་ཡི་ཕྱག་རྒྱ་ནི། །ལེགས་པར་བསླབས་ལ་དབུལ་བྱ་ཞིང༌། །ཚོགས་ཀྱི་དཀྱིལ་


TNT05_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དབུས་སུ་ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །དེ་ནས་འདོད་ཡོན་ལྔ་སྤྱོད་པས། །རྣལ་འབྱོར་ཆེན་པོས་མཉེས་གྱུར་ཏེ། །ཞེས་པ་སྟེ། རྡོ་རྗེ་སློབ་དཔོན་དེ་ནི་ཡང་དག་པར་མཉེས་པར་བྱ་དགོས་ཏེ། སྤྱིར་མཉེས་པར་བྱས་པ་ཙམ་དུ་མ་ཟད་སྒོས་འོད་གསལ་གྱི་གདམས་ངག་ཁོ་ནས་དོན་དུ་ཡང་ལོ་མང་པོའམ། ཡང་ན་ཟླ་བ་མང་པོའི་བར་དུ་ཅི་ནུས་པ་སྟེ་ནུས་པ་ཅི་ཡོད་ཀྱི་སྒོ་ནས་མཆོད་པར་བྱ་ལ། དེ་ལྟར་འོད་གསལ་གྱི་གདམས་ངག་ཞུ་བ་ཁོ་ནའི་ཆེད་དུ། བླ་མ་དེ་ནི་ཡང་དང་ཡང་དུ་མཉེས་པར་བྱ་དགོས་སོ། །འདིར་མ་ཟད་བླ་མ་མཉེས་པར་བྱེད་པ་སྤྱིར་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། སྒོས་སུ་གསང་སྔགས་ཀྱི་ལམ་ལ་བླ་མ་མཉེས་པར་བྱེད་པ་ཉམས་རྟོགས་དང་ཡོན་ཏན་སྐྱེ་བའི་རྒྱུ་ཡིན་པས། དང་པོ་མཇལ་བ་ནས་མ་ཤིའི་བར་དུ། བླ་མ་མཉེས་པའི་ཐབས་ལ་ཆོག་ཚོད་མེད་པར་རྒྱུན་མི་ཆད་དུ་བྱེད་དགོས་ཀྱི། སྔོན་ཞབས་ཏོག་བསྒྲུབས་ཡུས་ཡོད་པས། ད་ལྟ་མཆོད་པ་མེད་ཀྱང་སྔགས་ཆོས་འདི་དང་འདི་ལྟ་བུ་ཞིག་གནང་དགོས་སོ་ཟེར་བ་དང༌། རང་ལ་རིགས་རུས་དང༌། གོ་ས་དང༌། ལོངས་སྤྱོད་དབང་ཐང་ཅུང་ཟད་ཡོད་ན་ངེད་མི་ཆེན་གྱིས་བཏུད་པ་ཡིན་ནོ་ཞེས་ཡུས་དང་བཅས་པ་དང༌། རྫུན་དང་གཡོ་སྒྱུ་སོགས་མི་ངན་གྱི་བསམ་སྦྱོར་ཙམ་ཡང་མ་དོར་བཞིན་དུ་ཁ་ཕྱིར་བལྟས་ཀྱི་ཐོས་བསམ་ཅུང་ཟད་རེ་བྱས་པས་དགེ་བཤེས་སུ་རློམ་པའི་ཡུས་འཚོང་བ་མ་གཏོགས། མཉེས་པ་གསུམ་གྱིས་བླ་མ་མཉེས་པར་བྱེད་པའི་ཐབས་ཅི་ཡང་མེད་པར་ཆོས་ལ་ཧབ་ཐོབ་བྱེད་པ་ནི།རང་ལ་བྱིན་རླབས་མི་འཇུག །ཉམས་མྱོང་མི་སྐྱེ། མཁའ་འགྲོ་


TNT05_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་མ་མཉེས་པས་གོད་ཁ་དང་མི་འདོད་པ་སྣ་ཚོགས་འོང༌། ཚོགས་མ་བསགས་པས་ཆོས་དེས་གཞན་ལ་ཕན་མི་ཐོགས་པ་སོགས་ཉེས་པ་ཕྲ་མོ་དཔག་ཏུ་མེད། གཙོ་བོར་བླ་མ་ལ་གུས་པ་མེད་ཆོས་ལ་འགངས་ཆུང་ངུ་བརྩིས་པས། ཆོས་ཐོབ་པ་དང་དམ་ཚིག་ཉམས་པ་དུས་མཉམ་དུ་སོང༌། ཆོས་ཐོབ་ཐེངས་རེ་ལ་དམ་ཚིག་ཉམས་ཐེངས་རེ་ཡོད་དམྱལ་བ་ནས་ཐར་དུས་མེད་པའི་ཚོད་ཡིན། ཉེས་པ་དེ་དག་ཕར་ཞོག།ཆོས་ཀྱི་བཀའ་དྲིན་ཐོབ་པའི་བུ་ལོན་ཙམ་ཡང་ཁྱེར་བའི་དུས་མེད་པས་སྡུག་བསྔལ་བར་གྱུར་པས། ཉེས་པ་འདི་ལ་ནི། དེང་སང་གི་བླ་མ་སློབ་དཔོན་དགེ་བཤེས་མི་ཆེན་རྣམས་ཉིན་མཚན་འཁྱུད་མོར་བསམ་མནོ་གཏོང་བར་རིགས་སོ། །དེས་ན་གསང་སྔགས་ཀྱི་གདམས་ངག་སྣོད་མིན་ལ་བཤད་ན་ཉེས་པ་དེ་དག་ཡོད་པས། དཔོན་སློབ་ཀྱི་འབྲེལ་བ་ཡུན་རིང་པོར་བརྟག་དགོས་པའི་རྒྱུ་མཚན་ཡང་དེར་གདའ། བླ་མ་སྟེན་ཚུལ་ཚིགས་བཅད་སྔ་ཕྱིར་བྱུང་བ་འདི་དག་མཁས་འདོད་དང༌། ལོ་འདོད་དང༌། ཆེ་འདོད་ཀྱི་བཤད་པ་བྱེད་མཁན་ཚོ་ལ་མི་མཁོ་ཡང༌། ཆོས་ཡིན་ངེས་སྙིང་ནས་བྱེད་ན་ཤིན་ཏུ་གལ་ཆེ་བའི་སྙིང་གཏམ་ཡིན་ནོ། །ད་ནི་དཀྱུས་ལ་འཇུག་སྟེ། འོད་གསལ་གྱི་གདམས་ངག་ཞུ་བའི་སྦྱོར་བ་ལ། རྫོགས་རིམ་གྱི་སྐབས་འདིར་རིགས་རུས་ཀྱི་ངེས་པ་མི་དགོས་པས། ཅི་འབྱོར་པའི་ལས་ཀྱི་ཕྱག་རྒྱ་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་ནི། སླར་ཡང་སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་ལ་སོགས་པ་བྱིན་ནས། དེ་དག་གི་བསླབ་བྱ་དང་དམ་ཚིག་ལ་


TNT05_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལེགས་པར་བསླབས་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་དབུལ་བར་བྱ་ལ། ཚོགས་ཀྱི་ཡོ་བྱད་ཐམས་ཅད་འབྱོར་བའི་སྒོ་ནས། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒྲུབས་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ཞིང༌། རྣལ་འབྱོར་ཆེན་པོ་རྡོ་རྗེ་སློབ་དཔོན་དེ་ཚོགས་ཀྱི་དཀྱིལ་འཁོར་གྱི་འཁོར་དང་བཅས་པ་རྣམས། དེ་ནས་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་པས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་བ་ཆེན་པོར་བསྟར་བས་ཡོངས་སུ་མཉེས་པར་འགྱུར་རོ། །གཉིས་པ་བར་དུ་དབང་བསྐུར་བ་ནི། །སྙོམས་པར་འཇུག་པའི་ཆོ་ག་ཡིས། །སྣང་བ་དག་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་ནི་རབ་འབད་པས། །ཀ་ལ་ཤ་སོགས་རབ་ཏུ་བཞག།སློབ་མ་བཟང་ལ་བླ་མ་ཡིས། །བརྩེ་བས་ནམ་ཕྱེད་དུས་དབང་བསྐུར། །ཞེས་ཏེ། དེ་ལ་སློབ་དཔོན་གྱིས་དཀྱིལ་འཁོར་སྒྲུབ་པ་ ནི། །སྒྱུ་ལུས་ཀྱི་དཀྱིལ་འཁོར་དུ་བཞེངས་ནས། རིག་མ་དང་སྙོམས་པར་འཇུག་པའི་ཆོ་གས། སྣང་བ་བཞི་པོ་དག་གི་ཡེ་ཤེས་ནི་ཡུན་རིང་དུ་བརྟན་པོར་བསྐྱེད་པར་བྱ་ཞིང༌། སྣང་བ་སྐད་ཅིག་བཞི་པའི་བདེ་ཆེན་གྱི་རྟེན་ཐིག་ལེ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་འབད་པས་ཕབ་སྟེ། ཐོད་པ་ལ་སོགས་པར་བཞག་པ་ལས། སྔགས་བཟླས་པའི་བུམ་པའི་ཆུ་དང་བསྲེས་ནས། ཀ་ལ་ཤ་སྟེ་བུམ་པ་ཉིད་དམ། སོགས་ཁོངས་ནས་དུང་ཆོས་ལ་སོགས་པར་གཞག་གོ །དེ་ནས་སྐབས་འདིར་ཡང་ཆུ་དབང་ལ་སོགས་པའི་དབང་དགུ་སྦྱིན་དགོས་པར་སྤྱོད་བསྡུས་ལས།


TNT05_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན་ཡིན་པས། ཐུན་མོང་གི་དབང་དེ་རྣམས་སྔོན་དུ་སོང་ནས། དོན་གྱི་འོད་གསལ་མངོན་དུ་གྱུར་པའི་བླ་མ་མཆོག་དེ་ཡིས། སློབ་མ་བཟང་པོ་དེ་ལ་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་སྐྱེད་པར་འདོད་པས། ནམ་ཕྱེད་ཀྱི་དུས་སུ་གསང་དབང་བསྐུར་བར་བྱའོ། །དེ་ཡན་ཆད་སྔོན་འགྲོའི་དབང་ཡིན་ལ། དངོས་གཞི་ཤེར་དབང་ནི་འོད་གསལ་གྱི་མན་ངག་ཉིད་ཡིན་པས། གསང་དབང་ཡན་ཆད་བསྐུར་ཟིན་ནས། འོད་གསལ་གྱི་གདམས་ངག་མ་བྱིན་པའི་བར་འདིར་བསྟོད་པ་དང་གསོལ་འདེབས་བྱའོ། །གསུམ་པ་མཐར་བསྟོད་ཅིང་གསོལ་བ་གདབ་པ་ནི། དབང་བསྐུར་ཡང་དག་ཐོབ་ནས་ནི། །ཐོ་རངས་ཀྱི་ནི་དུས་སུ་ཡང༌། །སློབ་མས་ཐལ་སྦྱར་བླ་མ་ ལ། །མཆོད་ཅིང་བསྟོད་པས་མཉེས་པར་བྱ། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱི་མ་གོས་པ། ། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། ། སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །


TNT05_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མས་ཐལ་སྦྱར་བླ་མ་ལ། །བསྟོད་ནས་སླར་ཡང་བསྐུལ་བར་བྱ། །ལས་དང་སྐྱེ་ལས་རྣམ་གྲོལ་ཞིང༌། །སྣང་བ་གསུམ་པོ་སྤངས་པ་ཡི། །མངོན་པར་བྱང་ཆུབ་མཐོང་བར་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །སློབ་དཔོན་ཆེན་པོ་བདག་འཚལ་ལོ། །ཐོག་མཐའ་མེད་པ་ཞི་བ་དང༌། ། ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང༌། །ལུས་དང་ངག་དང་སེམས་སྦྱོང་བ། །རྡོ་རྗེ་ཆེན་པོ་བདག་འཚལ་ལོ། །ཞེས་སོ། །བུམ་པ་དང་གསང་པའི་དབང་བསྐུར་བ་ཡང་དག་པ་ཐོབ་ནས་ནི། དུས་ཀྱི་གནད་ཕུན་སུམ་ཚོགས་པ་ཐོ་རངས་ཀྱི་དུས་སུ་ཡང༌། སློབ་མས་བླ་མ་ལ་ཡོན་གྱིས་མཆོད་ཅིང༌། ཐལ་མོ་སྦྱར་ཏེ་བསྟོད་པས་མཉེས་པར་བྱའོ། །འདིའི་སྔོན་འགྲོའི་དབང་གི་དུས་སུ། ཤེར་དབང་བསྐུར་བར་འདོད་པ་ནི། སྒྱུ་ལུས་ཀྱི་སྨིན་བྱེད་གསང་དབང་དང༌། འོད་གསལ་གྱི་སྨིན་བྱེད་ཤེར་དབང་ཡིན་ནོ། །ཞེས་པའི་ཚིག་ཙམ་རྣ་བ་ལ་བཅགས་པའི་ཧ་ལེ་ཧོ་ལེ་ཙམ་ཡིན་གྱི། སྐབས་དོན་མིན་ཏེ། སྔར་རིམ་པ་གསུམ་པ་སྒྱུ་ལུས་ཀྱི་སྐབས་སུ་ཤེར་དབང་གི་དཔེའི་འོད་གསལ་བསྐྱེད་ནས། སྒྱུ་མའི་ལྷ་སྐུ་ཉིད་ལ་དབང་བཞི་པར་ངོ་སྤྲོད་པ་དང༌། འདིར་ཡང་ཤེར་དབང་ལ་བརྟེན་ནས་འོད་གསལ་དངོས་གཞི་ངོ་སྤྲོད་ཅིང༌། ཟུང་འཇུག་གི་སྐུ་ལ་བཞི་པར་ངོ་སྤྲོད་རྒྱུ་ཡིན་པ་ལ། སྨིན་བྱེད་ཀྱི་དབང་གི་དབང་ཆོག་རགས་པ་ཙམ་ཞིག་ཡིན་ནོ་བར་འཁྲུལ་འདུག་པའི་ཕྱིར་རོ། །དེས་ན་སྒྱུ་ལུས་འོད་གསལ་གྱི་དབང་འདི་དག། སྔར་དབང་བཞི་རྫོགས་པ་ལན་བརྒྱ་ཕྲག་དུ་མར་ཐོབ་


TNT05_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཀྱང༌། སྐབས་འདིར་དག་ཏུ་བབ་པ་ནི། ཆོ་ག་འདི་ཉིད་ཀྱི་དབང་བསྐུར་དགོས་སོ། །སྤྱོད་བསྡུས་ན། སྒྱུ་ལུས་ཀྱི་ལེའུར་དབང་ཆོག་གི་གསལ་ཁ་མ་བྱུང་བ་ནི། འོད་གསལ་གྱི་སྐབས་སུ་ཇི་སྐད་བསྟན་པ་དང་ཆོ་ག་འདྲ་བར་དགོངས་ པའོ། །ཞེས་སྔ་མ་རྣམས་གསུང་ལ། དེས་ན་གསང་དབང་གི་ཡེ་ཤེས་ལ་སྒྱུ་ལུས་སུ་ངོ་སྤྲོད་པ་དང༌། ཤེར་དབང་ལ་འོད་གསལ་དུ་ངོ་སྤྲོད་པའི་དབྱེ་འབྱེད་བྱེད་པ་ནི་སྐབས་འདིའི་ཚིག་དོན་དང་དགོངས་དོན་གང་ལ་ཡང་མི་འགྲིག་གོ །ཡང་དབང་བསྐུར་དགོས་རྣམས་ནམ་ཕྱེད་ཡན་ལ་གྲུབ་ཟིན་པར་བྱས་ནས། དེའི་ཉམས་མྱོང་རྣམས་ཀྱང་འགགས་ཟིན་པའི་ཅི་ཡང་མེད་པ་ཞིག་ལ་སྒུག་སྔོན་བྱས། ཐོ་རངས་སྔར་གྱི་ཉམས་མྱོང་འདས་ཟིན་པ་དེ་དྲན་དུ་བཅུག་ནས། ཚིག་བཤད་འགའ་ཞིག་བྱས་པ་ལ་ངོ་སྤྲོད་པར་རློམ་པའི་ཨོམ་སོ་བ་དེ་འདྲ་ཡང་ག་ལ་ཡིན། དེས་ན་སྒྱུ་ལུས་མཐར་ཕྱིན་ནས་འོད་གསལ་གྱི་གདམས་ངག་ཞུ་བ་དང༌། དེ་ཙམ་དུ་མ་སླེབ་ཀྱང་རྗེས་མཐུན་པའི་གདམས་ངག་ཞུ་བ་གང་ཡིན་ཡང་རུང་སྟེ། དབང་གི་ཡེ་ཤེས་ཀྱི་ཉམས་མྱོང་སྐྱེས་པའི་དུས་དེ་ཉིད་དུ་ངོ་སྤྲོད་དགོས་ཏེ། དེ་དུས་མ་སྤང་ན་ཕྱིས་ཀྱི་དེ་བྱི་བ་ཤོར་བའི་དཀའ་ཁུང་གི་དཔེར་འགྱུར་བའི་ཕྱིར་ རོ། །དོན་གྱི་འོད་གསལ་མངོན་དུ་འགྱུར་བའི་སྐབས་ནི། མིའི་རྟེན་ཅན་གྱི་སློབ་དཔོན་གྱིས་དབང་བསྐུར་བའང་སྲིད་མོད་ཀྱི། དེ་ལ་དངོས་སུ་ན་ཡེ་ཤེས་ཀྱི་ལྷ་དང་སློབ་དཔོན་ཉིས་སྦྲག་གི་ཚུལ་དུ་འབྱུང་ཞིང༌། རྣལ་འབྱོར་པའི་སྣང་ངོར་ནི་སློབ་དཔོན་གཉིས་དཀྱིལ་འཁོར་དུ་གྱུར་པའོ། །དེ་དུས་སློབ་


TNT05_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་མི་བཞུགས་ནས་སངས་རྒྱས་སྤྲུལ་པའི་སྐུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་པས། སྤྱིར་དབང་ལ་ངེས་པར་བལྟོས་ཀྱང༌། ངེས་བ་ཅན་གྱི་དུས་དེར་རང་ཤུགས་ལ་འགྲུབ་པ་ཡིན་པས་མིའི་སློབ་དཔོན་ངེས་པར་ཚོལ་དགོས་པ་མ་ཡིན་ནོ། །སྒྱུ་ལུས་དངོས་གཞི་དང་པོར་འགྲུབ་པའི་སྐབས་ཀྱང་ཕལ་ཆེར་དེ་དང་འདྲ་མོད་མཐའ་གཅིག་ཏུ་དབང་ལས་ཐོབ་དགོས་པའི་ངེས་པ་མེད་ཅེས་གྲུབ་ཐོབ་བརྒྱུད་པའི་གསུང་ལས་འབྱུང་བ་ཐོས་ན། སྤྱོད་བསྡུས་སུ་ཡང་སྐབས་དེར་མི་འབྱུང་བ་དེ་ལ་དགོངས་སམ་སྙམ་པ་ནི་བདག་གི་རྣམ་རྟོག་གོ །དངོས་ཀྱི་གདམས་ངག་ནོད་པའི་དབང་བསྐུར་འདི་དག་གི་དབང་དུ་བྱས་ན། གསུམ་པའི་ཉིད་ཐོབ་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཟིན་པས་ཉེས་ཐོབ་ཀྱིས་ཐོབ་པ་ཞེས་བྱ་བ་དེ་ལ་སྒྱུ་ལུས་ཀྱི་དབང་བསྐུར་བ་ཡིན་ལ། སྒྱུ་ལུས་ཀྱི་རིམ་པའི་ཉམས་རྟོགས་མཐར་ཕྱིན་ནས་འོད་གསལ་གྱི་རིམ་པ་བསྒོམ་པའི་ཐོག་མར་ནི་འོད་གསལ་གྱི་དབང་བསྐུར་བྱེད་དགོས་པ་དུས་སྐབས་མ་འཚོལ་བའི་ཐོབ་ཐང་ཡིན་མོད་ཀྱང༌། དེར་མ་ཟད་རྫོགས་རིམ་གྱི་ཉམས་མྱོང་ཅུང་ཟད་སྐྱེས་པ་ལ་སྔ་མོ་ནས་དབང་བསྐུར་དེ་ཉིད་དཔེའི་ཚུལ་གྱིས་ངོ་སྤྲོད་དང་བཅས་པ་གྲུབ་ན། སྐབས་དེ་ཉིད་དུ་དབང་བསྐུར་དང་གདམས་ངག་མ་བྱས་ཀྱང་འགལ་བ་མེད་པས། དེ་དུས་དབང་ལ་བལྟོས་པ་ཁོ་ནར་མ་ངེས་སོ། །སྤྱིར་སྨིན་བྱེད་ཀྱི་སྐབས་སུ་རྒྱུད་སྨིན་ཟིན་ན། གདམས་ངག་ཞུ་བའི་སྐབས་སུ་དབང་ཆོག་འདི་དག་དང་མ་འབྲེལ་ཡང་ལམ་གྱི་ཡེ་ཤེས་མི་སྐྱེ་བ་མིན་མོད། ཉམས་མྱོང་ཁྱད་པར་ཅན་འཕྲལ་དུ་སྐྱེད་


TNT05_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་དབང་ལ་བརྟེན་པའི་ངོ་སྤྲོད་དགོས་པ་ཡིན་ནོ། །འདི་དག་ཆོས་སྐད་ཆང་ཆུང་གོ་སླ་བ་གནད་ཆུང་བ་ཞིག་ཡིན་ནོ་སྙམ་ནས། ཤེས་རབ་ཡོང་རློམ་གྱི་ཧམ་འགྲོས་བྱེད་མཁན་འབའ་ཞིག་བྱུང་སྟེ། ཞིབ་ཏིག་འཛུབ་ཚུགས་སུ་བྱེད་རྒྱུ་ཕལ་ཆེར་ལ་མི་སྣང་ངོ༌། །བསྟོད་པ་དངོས་ནི་ཚིགས་བཅད་བཞི་ཡོད་པའི་དང་པོ་ནི། སྐུ་རྡོ་རྗེའི་སྒོ་ནས་བསྟོད་པ་སྟེ། ཡེ་ཤེས་ཀྱི་ཁམས་དང༌། སྐུ་དང་ལོངས་སྤྱོད་རབ་འབྱམས་དེ་དག་ཐམས་ཅད་ཀྱང༌། འདོད་ཁམས་གཟུགས་ཁམས་གཟུགས་མེད་དེ་ཁམས་གསུམ་གྱི་གནས་ལུས་ལོངས་སྤྱོད་ལས་རྣམ་པར་གྲོལ་ཞིང་སྤྲོས་བྲལ་ནམ་མཁའ་དང་མཉམ་པའི་ངོ་བོར་གྱུར་བ་ཡིན་ལ། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དང༌། དེ་གསུམ་འདུས་པའི་རེག་པ་དང་ཚོར་བ་དང་སེམས་པ་ལ་སོགས་པ། དེ་བཞིན་དུ་དབང་ཡུལ་གཞན་རྣམས་ལ་ཡང་སྦྱར་ཏེ། ཡེ་ཤེས་ཀྱི་དབང་པོས་ཡེ་ཤེས་ཀྱི་འདོད་ཡོན་མྱོང་ཡང༌། རེག་ཚོར་ལ་སོགས་པ་འདོད་པའི་སྐྱོན་རྣམས་ཀྱིས་མ་གོས་པ། སྤྲོས་པའི་དམིགས་པ་མེད་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ཡང་སྐུ་ནི་ཁ་སྦྱོར་དང་འདོད་ཡོན་སོགས་བདེ་བའི་ཡོ་བྱད་དང་བཅས་པའི་སྒོ་ནས་བཞག་ལ། དེའི་ཕྱིར་འདོད་པས་མ་གོས་ཞེས་ཁྱད་ཆོས་སུ་བྱས་ཏེ། ཆོས་དབྱིངས་ཀྱི་ངོ་བོར་གྱུར་པའི་སྣང་བ་དང་པོའི་སྒོ་ནས་བསྟོད་པའོ། །གཉིས་པ་གསུང་རྡོ་རྗེའི་སྒོ་ནས་བསྟོད་པ་ནི། གཟུགས་སོགས་ཕུང་པོ་ལྔ་པོ་རྣམས་དང༌། ས་སོགས་ཁམས་ལྔ་པོ་རྣམས་དང༌། མིག་སོགས་སྐྱེ་མཆེད་བཅུ་གཉིས་པོ་


TNT05_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མི་བརྟེན་པ་སྟེ། ཀུན་རྫོབ་ཀྱི་ཆོས་འདི་རྣམས་སྣང་བ་ཙམ་མ་གཏོགས། རང་གི་རང་བཞིན་ཉིད་དུ་གྲུབ་པར་ཡོད་མ་མྱོང་པ་ལྟར་ཤེས་པས་ཀྱང་གནས་ལུགས་དང་མཐུན་པ་དེ་ལྟར་རྟོགས་པས་སྣང་བ་དེ་རྣམས་དོན་ལ་མེད་པས་དེ་རྣམས་ཀྱིས་ཡེ་ཤེས་དེ་བརྟེན་པར་མ་ནུས་པས་མི་བརྟེན་པའོ། ། བདག་ཉིད་ཕྱིན་ཅི་ལོག་ལས་རྣམ་པར་གྲོལ་ཞིང༌། ཆོས་བསྟན་པས་གཞན་རྣམས་ཀྱང་གཟུང་འཛིན་གཉིས་སྣང་གི་ཕྱིན་ཅི་ལོག་ལས་གྲོལ་བར་འཛད་ པའོ། །ཞཻས་པ་ནི་གསུང་ལ་ཆོས་སྟོན་པའི་རྒྱུའི་སྒོ་ནས་བསྟོད་པ་ཡིན་ལ། གསུང་རྡོ་རྗེ་གསལ་བའི་ངོ་བོ་ཡིན་པས། གསལ་བ་དེ་ཡུལ་ཡུལ་ཅན་ཕུང་ཁམས་ཀྱི་ཆོས་ལ་ཉེ་བར་བརྟེན་ནོ་སྙམ་པའི་དོགས་པ་གསལ་པའི་སྒོ་ནས་བསྟོད་དོ། །འདི་ནི་དོན་དམ་དབྱིངས་ཀྱི་སྣང་བ་མཆེད་པ་ལ་བསྟོད་པའོ། །གསུམ་པ་ཐུགས་རྡོ་རྗེའི་བསྟོད་པ་ནི། རྣམ་པར་རྟོག་པས་བཞག་པའི་མཚན་མ་དང་སྣང་བ་གང་ཡང་མེད་ཅིང༌། ངོ་བོའི་སྒོ་ནས་གཙོ་བོ་སེམས་དང་འཁོར་སེམས་བྱུང་དུ་གཏོགས་པ་ཡང་དག་པ་མ་ཡིན་པའི་ཀུན་རྟོགས་གང་ཡང་མེད་ལ། ཐུགས་ནི་ཡོད་མེད་རྟག་ཆད་སྐྱེ་འགགས་སོགས་གང་ལ་ཡང་རབ་ཏུ་མི་གནས་པ་ཡིན་མོད་ཀྱི། རྣམ་པ་ཐམས་ཅད་འཛིན་ཞིང་ཤེས་བྱ་ཐམས་ཅད་མཁྱེན་ལ་སངས་རྒྱས་ཉིད་མ་གཏོགས། གཞན་སུས་ཀྱང་རྟོག་པར་མི་ནུས་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་ཐུགས་སོ། །མདོར་ན་འདི་ནི་གང་ལའང་མི་གནས་པ་ལ་བསམ་མི་ཁྱབ་ཁྱད་ཆོས་སུ་སྦྱར་ནས་ཆོས་ཉིད་ཀྱི་སྣང་བ་ཐོབ་པ་ལ་བསྟོད་པའོ། །བཞི་


TNT05_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་གསུམ་མཉམ་པ་ཉིད་ལ་བསྟོད་པ་ནི། ཇི་ལྟར་ནམ་མཁའ་དངོས་པོ་གང་ལ་ཡང་གནས་པ་མེད་པ་ལྟར། ཡེ་ཤེས་ཀྱི་སྐུ་ཕྱོགས་དང་དུས་ལ་མི་གནས་ ཤིང༌། ནམ་མཁའ་ལ་འདི་ནི་དཀར་པོའོ། །འདི་ནི་དམར་པོའོ་སྙམ་པ་ལ་སོགས་པ། མིང་དོན་གྱི་སྤྲོས་པ་མེད་པ་ལྟར་གསུང་རྡོ་རྗེ་ཡང་སྒྲ་སྐད་ཐམས་ཅད་པ་ཡིན་མོད་ཀྱི། ཚིག་དོན་གྱི་སྤྲོས་པ་མེད་དོ། །ནམ་མཁའ་ནི་ས་སོགས་འབྱུང་བ་རྣམས་ལ་མ་གོས་ཏེ་མ་འདྲེས་པ་བཞིན་དུ། ཐུགས་རྣམ་པར་མི་རྟོག་པ་ཤེས་བྱ་ཐམས་ཅད་མཁྱེན་ཡང༌། ཤེས་བྱས་ཡེ་ཤེས་ཀྱི་རྣམ་པ་ཚུར་ལ་འགྱུར་བའི་ཚུལ་གྱིས་གོས་པ་མེད་པས། ནམ་མཁའ་དང་མཚུངས་ཤིང་མཉམ་པའི་ཐུགས་མངའ་འོ། །ཞེས་པ་སྟེ། འདི་ནི་དོན་དམ་པ་ཆོས་ཉིད་ཀྱི་འོད་གསལ་ཐམས་ཅད་སྟོང་པ་ལ་བསྟོད་པའོ། །ཐམས་ཅད་ཀྱི་མཐར་དམིགས་མེད་ལ་ཕྱག་འཚལ་བར་བཤད་པ་ནི། ངོ་བོ་འོད་གསལ་སྤྲོས་པའི་དམིགས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པ་ལ་བཞུགས་པའི་དོན་ནོ། །དེ་དག་ནི་དངོས་སུ་ཆོས་དབྱིངས་ཀྱི་སྣང་བ་བཞི་ལ་བསྟོད་པ་སྟེ། ཟུང་འཇུག་གི་ནང་ནས་གནས་ལུགས་མཐར་ཐུག་གི་ཟུང་འཇུག་དངོས་ལ་འཇུག་པའི་མཚན་ཉིད་ཀྱི་ཡ་གྱལ་འོད་གསལ་དེ་ལ་བསྟོད་པ་ཡིན་ལ། མི་སློབ་པའི་ཟུང་འཇུག་ལམ་བདེན་གྱིས་བསྡུས་པ་དང༌། སློབ་པའི་ཟུང་འཇུག་གི་འོད་གསལ་ཡང་མཚན་ཉིད་ཕྱོགས་འདྲའི་སྒོ་ནས་ཞོར་ལ་མཚོན་ནུས་ཤིང༌། རིམ་པ་བཞི་པའི་འོད་གསལ་དང་ཡང་འབྲེལ་ཏེ། མཚན་ཉིད་ཕྱོགས་


TNT05_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་དང༌། རྟོགས་པར་བྱ་རྒྱུའི་ཡུལ་ཡིན་པས་སོ། །རིམ་པ་འདིའི་སྒོ་ནས་བསྟོད་པར་མི་བྱེད་པའི་རྒྱུ་མཚན་ནི། རིམ་པ་འདི་ནི་ལམ་ཡིན་པས། ཀུན་རྫོབ་ཀྱི་ཕྱོགས་ཀྱང་འཛིན་དགོས་ན། ཀུན་རྫོབ་ལས་བརྩམས་ན་ཡང་སྤངས་རྟོགས་མ་རྫོགས་པའི་ཕྱིར། དེ་འདྲའི་ཚུལ་དུ་བླ་མ་ལ་བསྟོད་ན་ནི། བླ་མ་རྡོ་རྗེ་འཆང་དུ་བསྒོམ་པའི་མོས་གུས་དང་འགལ་བས་སོ། །སྐབས་འདི་དག་ཏུ། དམིགས་མེད་ཅེས་བྱ་བ་ལ་སོགས་པར་གསུངས་པ་རྣམས། དམིགས་པ་མེད་ཙམ་མ་ཡིན་གྱི། དམིགས་པ་མེད་པའི་མཚན་ཉིད་ཅན་གྱི་རང་རིག་བདེ་བ་ཆེན་པོའོ། །དེ་ལྟར་བསྟོད་ནས་དེའི་རྗེས་སུ་གསོལ་བ་གདབ་པ་ནི། ཐམས་ཅད་སྟོང་པ་འོད་གསལ་བའི་རང་བཞིན་ཅན་གྱི་མངོན་པར་བྱང་ཆུབ་པའི་རིམ་པ་གསལ་བར་ཁོང་དུ་ཆུད་པའི་སྒོ་ནས་བལྟ་བར་འཚལ་ལོ། །ཞེས་པ་སྙན་གསན་དབབ་པ་ཡིན་ནོ། །ཞེས་འགྲེལ་པ་ཁ་ཅིག་དང༌། མར་འགོས་སོགས་བླ་མ་གོང་མ་རྣམས་བཞེད་དེ། འགྱུར་རྙིང་གི་གཞུང་ལྟར་ན་དེ་བཞིན་བཤད་དགོས་མོད། ཡང་གཅིག་ཏུ་ན་དེ་མ་ཐག་ཏུ་གསོལ་བ་འདེབས་པར་འགྱུར་བ་ལ་སྙན་གསན་དབབ་པ་མི་དགོས་པས། ཆག་འགྱུར་ལས། མངོན་རྫོགས་བྱང་ཆུབ་བལྟ་འདོད་པའི། ཞེས་བསྒྱུར་བ་ལེགས་ཤིང༌། འཚལ་ཞེས་པ་སྐབས་འདིར་འདོད་ཅེས་པའི་དོན་ཡིན་ཡང་བལྟ་བར་འཚལ་ལོ། །ཞེས་སློབ་དཔོན་ལ་ཞུ་བ་མ་ཡིན་ཏེ། མངོན་པར་བྱང་ཆུབ་པའི་རིམ་པ་བལྟ་བར་འདོད་པ་དགོས་ཞེས་པ་ཡིན་ལ། དེ་ནི་སྐབས་འདིར་འོད་གསལ་གྱི་རིམ་པའི་ཉམས་མྱོང་འཕྲལ་དུ་སྐྱེ་བར་


TNT05_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་འདུན་པ་དྲག་པོས་ཀུན་ནས་བསླངས་ཏེ་གསོལ་བ་འདེབས་དགོས་ཞེས་པར་འགྱུར་རོ། །སྔ་རོལ་ནས་འོད་གསལ་གྱི་གདམས་ངག་གི་དོན་དུ་གསོལ་གདབ་ཡང་ཡང་བྱས་མོད་ཀྱི། སྐབས་འདིར་དེ་ལྟར་བསྟོད་པ་སྔོན་དུ་སོང་ནས། སླར་ཡང་སློབ་མས་ཐལ་མོ་སྦྱར་ཏེ། འོད་གསལ་གྱི་གདམས་ངག་གསུང་པའི་དོན་དུ་བསྐུལ་མ་གདབ་པར་བྱའོ། །གསོལ་གདབ་དངོས་ནི། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འཛིན་ཞིང་འཕེལ་པའི་སྣང་བ་གསུམ་པོ་མ་སྤངས་ན། ཉོན་མོངས་ཀྱི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེའོ། །དེ་བས་ན་དེ་དང་འདྲ་བའི་སྣང་བ་གསུམ་པོ་སྤངས་པས་རྒྱུ་འཕེན་བྱེད་ཀྱི་ལས་མི་བསོག་པ་དང༌།འབྲས་བུ་འགྲོ་བ་དྲུག་ཏུ་སྐྱེ་བ་ལེན་པ་ལས་གྲོལ་བར་བྱེད་པའི་མངོན་པར་བྱང་ཆུབ་པའི་རིམ་པ་མཐོང་ཞིང་ཐོབ་པ་དེ་ལྟ་བུར་བདག་འདོད་ཅིང་འཚལ་བ་ལགས་སོ། །མགོན་པོ་ཆེན་པོ་ཞེས་སློབ་དཔོན་ལ་བོས་སོ། །འདིར་འདི་གོ་དགོས་ཏེ་དོན་གྱི་འོད་གསལ་མཐོང་ལམ་ལས་ལངས་ནས། སྣང་གསུམ་ལུགས་ཟློག་ཏུ་འཆར་བར་བཤད་པས་སྐབས་འདིར་སྣང་གསུམ་སྤངས་པ་མིན་ནོ། །ལས་མཐར་རྣམ་འབྱེད་ལས། ཀླུའི་བྱང་ཆུབ་ཀྱིས། བསྐལ་བ་མཐའ་ཡས་རྣམས་སུ་ཡང༌། །མགོ་དང་རིན་ཆེན་སོགས་སྦྱིན་པས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །


TNT05_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །སྣང་བ་གསུམ་པོ་དག་པ་ནི། །ཐམས་ཅད་མཁྱེན་ཉིད་ཐེ་ཚོམ་མེད། །བླ་མ་བརྒྱུད་པའི་རིམ་ཉིད་ཀྱི། །དེ་ནི་ཐོབ་འགྱུར་གཞན་གྱིས་མིན། །ཞེས་འབྱུང་བ་ལ། སྣང་བ་རྣམ་པར་མ་དག་ན། ཞེས་པ་འདི་རྣམས་ཚིགས་བཅད་རེ་རེའི་འགོར་བཏོན་ན་གོ་བདེ་ཞིང༌། དེ་ལ་སྔགས་ཀྱི་སྐུའི་ཏིང་འཛིན་ཞེས་པ་ནི། སྣང་བ་གསུམ་དག་བྱེད་དུ་ངེས་པ་མ་ཡིན་པའི་སྔགས་ཀྱི་ཆོས་གཞན་ཐམས་ཅད་ཀྱང་བསྡུས་པ་སྟེ། བསྐྱེད་རིམ་སོགས་སྤྲོས་པ་དང་སྟོང་རྐྱང་གི་ལྟ་བ་ལ་སོགས་པ་ཐམས་ཅད་དོ། །རྫོགས་པའི་རིམ་པ་གཞན་རྣམས་ཀྱང༌། སྣང་གསུམ་ཅུང་ཟད་དག་བྱེད་ཡིན་ཀྱང༌། རྩ་བ་ནས་མིན་ཞིང༌། དེ་རྩད་ནས་འབྱིན་བྱེད་ནི། མི་འགྱུར་བའི་བདེ་བ་ཤིན་ཏུ་མཐར་ཐུག་པ་དེ་ཡིན་ནོ། །སྣང་གསུམ་རྩ་བ་ནས་དག་པ་ནི་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བཤད་པས། སློབ་པའི་ཟུང་འཇུག་ཀྱང་སྤྱིར་བཏང་ནས་སྣང་བ་གསུམ་དང་བཅས་པ་ནི་ཡིན་ནོ། །འོ་ན་འོད་གསལ་གྱི་རིམ་པ་མཐར་ཕྱིན་པའི་སྐབས་སུ། སྣང་གསུམ་སྤྱོད་པར་བྱེད་པ་འདི་ཅི་སྙམ་ན། འདིར་ནི་ཉོན་མོངས་ལས་དང་སྐྱེ་བ་གསུམ་གྱི་ནང་ཚན་ཉོན་མོངས་སུ་བསྡུ་དགོས་པ། རང་བཞིན་གྱི་སྣང་བ་གསུམ་ཞེས་བྱ་བའི་མིང་ཅན་ཏེ། དོན་ལ་རྣམ་རྟོག་བརྒྱད་ཅུའི་ས་བོན་འཛིན་པའི་སྣང་གསུམ་དེའོ། །དེས་ལས་བསགས་ལས་ཀྱིས་ལུས་འགྲུབ་པ་ཡིན་ཀྱང༌། རགས་ལུས་གྲུབ་


TNT05_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་ལུས་དེ་ལ། སྣང་གསུམ་དེ་བརྟེན་ཞིང་གནས་ལ། རགས་པའི་རྩ་ཁམས་རླུང་གསུམ་གྱི་ནུས་པས་སྣང་བ་དེ་ཡང་གསལ་བར་འཆར་བ་ཡིན་ནོ། །སྐབས་འདིར་སྣོད་རྒྱུ་དེ་དག་ཡིན་ལ། འདི་ངོ་བོ་སྣང་གསུམ་ཡིན་ཡང་རང་བཞིན་བརྒྱད་ཅུའི་རྣམ་རྟོག་དང་འབྲེལ་བ་ཁོ་ན་ཡིན་ཞིང༌། སློབ་པའི་ཟུང་འཇུག་གི་སྐབས་སུ་ཡོད་པའི་སྣང་གསུམ་དེ་ནི། སྒྲིབ་པ་ཡིན་ཡང་རང་བཞིན་གྱི་རྣམ་རྟོག་དང་བྲལ་བ་ཡིན་པས། བོད་ཀྱི་འཕགས་སྐོར་བ་རྙིང་པ་རྣམས་མཐོང་སྤངས་རང་བཞིན་བརྒྱད་ཅུ་དང་སྒོམ་སྤངས་སྣང་བ་གསུམ་ཞེས་འཆད་པ་ཡང༌། མ་ནོར་བའི་ལེགས་བཤད་ཡིན་ནོ། །སྣང་གསུམ་ཙམ་པོ་ཟད་པར་སྤོང་བ་ནི། རྒྱུན་མཐའི་ཡེ་ཤེས་ཀྱིས་བྱེད་པ་ཡིན་ལ། འདི་རྣམ་པ་འགལ་པའི་ལམ་གྱིས་སྤོང་བ་མི་འདོད་དེ། ལམ་གང་ཞིག་བསྒོམས་ཀྱང་འདིའི་རྣམ་པ་རེ་དང་མཐུན་པར་འབྱུང་བའི་ཕྱིར་རོ། །འོ་ན་ཇི་ལྟར་སྤོང་སྙམ་ན། སྔར་མི་འགྱུར་བའི་འདྲ་འབག་ལྟ་བུར་ཡོད་པ་དེ། འགྱུར་མེད་བདེ་བ་དངོས་སུ་སོང་བ་ན་དག་པར་འགྱུར་ཏེ། སྤྱིར་སྔ་རོལ་གྱི་ལམ་ཐམས་ཅད་ཀྱང་འདི་འགྱུར་མེད་དུ་སྒྲུབ་པའི་ཕྱིར་ནི་ཡིན་ནོ། །དེས་ན་སྣང་གསུམ་ཙམ་པོ་འདི་ལ། རང་བཞིན་དང་མ་འབྲེལ་བའི་སྣང་གསུམ་དང་འགྱུར་བ་དེ་ཕྲ་མོ་དང་འཕོ་བའི་བག་ཆགས་ཞེས་མིང་བཏགས་ཏེ་འོད་གསལ་གྱི་སྒྲིབ་པ་ཞེས་ཀྱང་བྱའོ། །དེའི་ཕྱིར་འདི་ཆགས་བྲལ་གྱི་ལམ་ཕ་རོལ་དུ་ཕྱིན་པའི་ཐེག་པས་སྤོང་བར་མི་བྱེད་དོ། །ད་ནི་དཀྱུས་ལ་འཇུག་སྟེ། སངས་རྒྱས་ཀུན་གྱིས་མཁྱེན་ཞིང་རྟོགས་པའི་ཆོས་དབྱིངས་ཡེ་ཤེས་ཆེན་པོ། དེ་བཞིན་


TNT05_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཀུན་གྱི་འབྱུང་གནས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་མཐའ་ཡས་པ་དེའི་རྟེན་དང་གཞི་དང་གནས་དང་རྩ་བ་དང་རང་བཞིན་དང༌། གང་ལས་གྲུབ་པའི་རྒྱུ་ནི་ཆོས་ཉིད་ཏེ། དེ་ནི་འགྱུར་བ་མེད་ཅིང་རྟག་པའི་ཕྱིར་རྡོ་རྗེའི་ཡེ་ཤེས། གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར་དེ་ལས་བཟང་བ་དང་མཆོག་ཏུ་གྱུར་པ་སུ་ཡང་མེད་པས་བླ་ན་མེད་པའོ། །དེ་ལྟ་བུ་རྟོགས་ཤིང་ཐོབ་པར་མཛོད་ཅེས་པ་སྟེ། འདི་མི་སློབ་པའི་ཟུང་འཇུག་ལ། རྒྱུ་འབྲས་དངོས་ཀྱི་དབྱེ་བ་མེད་ཀྱང༌། སངས་རྒྱས་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་ཀྱི་རྒྱུའི་ཚུལ་དུ་བཞུགས་པའི་ཡེ་ཤེས་ཡིན་ཞིང༌། དེ་ཉིད་འབྲས་བུ་མཐར་ཐུག་གི་འོད་གསལ་ཡིན་པས། མཚན་ཉིད་ཕྱོགས་འདྲ་བའི་སྒོ་ནས་ཤུགས་ལ། འོད་གསལ་གྱི་རིམ་པའི་ཡེ་ཤེས་ལས་སློབ་པའི་ཟུང་འཇུག་གི་དེ་བཞིན་གཤེགས་པ་འབྱུང་བ་དང༌། སྤང་རྟོགས་མི་ཉམས་པས་རྡོ་རྗེ་ཞེས་དང་ཡང་ན་རྡོ་རྗེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང༌། ཐེག་མཆོག་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཡིན་པས་བླ་ན་མེད་པའོ། །ཞེས་པའང་བསྟན་ནོ། །གདོད་ནས་བཞུགས་པའི་ཕྱིར་ཐོག་མ་མེད་ལ། འཇིག་པ་ནམ་ཡང་མེད་པའི་ཕྱིར་ཐ་མ་མེད་པ། སྡུག་བསྔལ་ཡོད་མ་མྱོང་བར་ཞི་བའི་བདེ་བ་ཆེན་པོ་དེ་ནམ་རྟོགས་པ་ན། ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་རྣམ་པར་སྦྱོང་བར་བྱེད་ཅིང༌། སྣང་བས་འཁོར་བའི་ལུས་དང༌། མཆེད་པས་འཁོར་བའི་ངག་དང༌། ཐོབ་པས་འཁོར་བའི་སེམས་སྦྱོང་བར་བྱེད་པའི་མཐར་གོང་གི་བདེ་ཆེན་དེ་ཉིད་ཐོབ་


TNT05_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་པའོ། །ཞེས་པ་སྟེ། ལམ་དུས་ཀྱི་སྣང་གསུམ་ནམ་ཤར་པ་ནས་བཟུང་སྟེ་འཁོར་པའི་སྒོ་གསུམ་སྦྱོང་བའི་འགོ་ཚུགས་པ་ཡིན་ཀྱང༌། མཐོང་ལམ་གྱི་སྦྱོར་བའི་སྣང་བ་གསུམ་གྱིས་དེ་དག་དངོས་སུ་སྦྱོང་བ་ཞེས་བྱ་སྟེ། སྣང་གསུམ་གྱི་སྐབས་སུ་ཆ་ཤས་སྤོང་བར་སྦྱོར་བཞིན་པ་ཡིན་པ་ལ། དོན་གྱི་འོད་གསལ་ཤར་བའི་སྐད་ཅིག་དང་པོ་ལ། སྣང་གསུམ་གྱི་ནུས་པ་འོད་གསལ་ལ་གཅིག་ཏུ་འདྲིལ་བ་དེས་དེ་དག་སྤོང་བཞིན་པ་དང༌། སྐད་ཅིག་གཉིས་པ་ན་སྤངས་ཟིན་པའོ། །གསོལ་གདབ་ཤོ་ལོ་ཀ་གསུམ་པོ་འདིས། འོད་གསལ་གྱི་རིམ་པའི་སྐབས་ཀྱི་ཁྱད་ཆོས་གནད་ཆེ་ཚད་བསྟན་པ་ཡིན་ཀྱང༌། འཕགས་སྐོར་མཁན་པོ་སྔར་བྱུང་ཐམས་ཅད་ཀྱི་བླ་ཆོས་དང་གལ་ཆུང་ངུ་དུ་བསྒྱུར་འདུག་པ། འདིར་དོན་མཐིལ་དུ་ཕྱུང་ནས་བཤད་དོ། །ཉོན་མོངས་ཐམས་ཅད་ཅེས་པ་སྤྱིར་དབང་བསྒྱུར་བ་ཆེད་དུ་མི་སྤོང་པའི་ཉོན་མོངས་དང༌། གནས་ངན་ལེན་གྱི་བག་ཆགས་ལ་ཉོན་མོངས་ཀྱི་མིང་བཏགས་པ་རྣམས་མ་གཏོགས་ཏེ། གཞན་ཁམས་གསུམ་གྱི་ཉོན་མོངས་ཐམས་ཅད་ཡིན་པས། རྩ་ཉོན་ཉེ་ཉོན་སོགས་མཐའ་དག་འདུས་ཀྱང༌། ཆོས་སྐོར་འདི་རྣམས་ལས་འབྱུང་བའི་རྣམ་གཞག་ནི། སྔར་བསྟན་པ་ལྟར་རང་བཞིན་བརྒྱ་དྲུག་ཅུའམ་རང་བཞིན་བརྒྱ་རྩ་བརྒྱད་དོ། །དེ་ལྟར་འདི་ཡན་ཆད་ཀྱི་དོད་ལ། སྤྱོད་བསྡུས་ལས། གོ་རིམ་མི་འདྲ་བར་གསུངས་ཏེ། མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་བསྟོད་པ་དང༌། མངོན་པར་བྱང་ཆུབ་མཐོང་བར་ནི་སོགས་ཀྱིས་གསོལ་གདབ་བྱས། དབང་དགུ་པོ་སྔོན་དུ་འགྲོ་བར་བྱས་ནས་གསང་དབང་བསྐུར་


TNT05_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དོ། །སྤྱོད་བསྡུས་སུ་འབྱུང་བའི་བསྟོད་པ་དང༌། གསོལ་གདབ་འདི་འོད་གསལ་གྱི་གདམས་ངག་གི་དོན་དུ་ཡིན་ཀྱང༌། དབང་གོང་མའི་ཡན་ལག་མ་ཡིན་ཏེ། དཀྱིལ་འཁོར་སྒྲུབ་པའི་སྔ་རོལ་ཏུ་གསོལ་བ་འདེབས་པར་བཤད་པའི་ཕྱིར་རོ། །དེས་ན་སྤྱོད་བསྡུས་ཀྱི་དགོངས་པས་སྒྱུ་ལུས་ཀྱི་དབང་ལ་ཡང་འདིས་རིགས་འགྲེ་བར་མངོན་ཞིང༌། སྐབས་འདིར་རིམ་ལྔ་དང་སྤྱོད་བསྡུས་གཉིས་དབང་གི་ཆོ་གའི་ཚིག་དང་གོ་རིམ་མི་འདྲ་བ་ནི་གངམ་ང་ཡིན་ནོ། །གཉིས་པ་དངོས་གཞི་འོད་གསལ་དངོས་ཀྱི་གདམས་ངག་བཤད་པ་ལ། མངོན་བྱང་གཉིས་ལ་བརྟེན་ནས་ངོ་སྤྲོད་ཚུལ། ཐམས་ཅད་སྟོང་པའི་རང་བཞིན་བཤད་པ། རིམ་པ་འདི་ལ་གནས་པའི་གང་ཟག་གི་ཆེ་བ། འོད་གསལ་གྱི་སྒྲུབ་པ་རྣལ་འབྱོར་གཉིས་ངོས་བཟུང༌། རིམ་པ་འདི་ལ་བརྟན་པ་ཐོབ་པའི་ཚད་བསྟན། རང་འབྲས་ཟུང་འཇུག་གི་སྐུ་འཆར་ཚུལ། འོད་གསལ་གྱི་རིམ་པའི་སྤྱོད་པ་བསྟན་པ་སྟེ་བདུན་ལས། དང་པོ་ནི། དེ་ལྟར་ཡོན་ཏན་ཡང་དག་པ། ། བརྗོད་པས་རྣལ་འབྱོར་བ་མཉེས་བྱས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་རིམ་པ་འདི་ཉིད་བརྩམས། །མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་གཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །མཚམས་ཀྱི་མཐའ་ནི་འཇིག་མིན་མུན་ནག་ཚོགས་


TNT05_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ལུས་གང་དུ་འདས་པ་དང༌། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདི་ནི་དྲི་མེད་ཡང་དག་མཐའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཞེས་པ་སྟེ། དེ་ལྟར་སློབ་མས་ངོ་བསྟོད་དང་ཕྱོགས་ཞེན་སོགས་མ་ཡིན་པར། སློབ་དཔོན་ཡོན་ཏན་མཆོག་དང་ལྡན་པ་ལ། ལྡན་པར་ཤེས་པ་ཡང་དག་པས་སྙིང་ཐག་པ་ནས་གུས་པས་བསྟོད་པ་བརྗོད་པའི་སྒོ་ནས། རྣལ་འབྱོར་མཆོག་དང་ལྡན་པའི་སློབ་དཔོན་དེ་མཉེས་པར་བྱས་པས། སློབ་དཔོན་གྱིས་ཀྱང་སློབ་མ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། གསོལ་བ་བཏབ་པའི་རྗེས་དེ་ནས། འོད་གསལ་གྱི་རིམ་པའི་ལག་ལེན་མན་ངག་སྦྱིན་པ་འདི་ཉིད་བརྩམས་པར་བྱའོ། །ཡང་སྤྱོད་བསྡུས་ལས། དེ་ནས་བྱང་ཆུབ་མཚན་ཉིད་ནི། །བླ་མ་བརྒྱུད་རིམ་ལས་འོངས་པའི། །མན་ངག་གིས་ནི་བཞི་ཐོབ་པ། །དེ་ནས་དེ་ལ་སྦྱིན་པར་བྱ། །ཞེས་གསུངས་ཏེ། བཞི་ཐོབ་པ་ཞེས་པ་བཞི་པ་ཐོབ་ཞེས་པར་བསྒྱུར་ན་ལེགས་ཏེ། བླ་མའི་མན་ངག་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། དགའ་བ་བཞིའི་རང་བཞིན་སྟོང་པ་བཞིའི་ཡེ་ཤེས། ཡེ་ཤེས་བཞི་པོ་རིམ་གྱིས་བརྒྱུད་ལ་ཐོབ་པ་དེ་ལ། སྣང་བ་བཞི་པ་འོད་གསལ་གྱི་སྐད་ཅིག་སྐྱེས་པ་དེ། མངོན་པར་བྱང་ཆུབ་པའི་རིམ་པ་དངོས་སམ། སྔོན་དང་པོར་གདམས་ངག་ཞུ་བའི་དུས་ཙམ་ཡིན་ན་ཡང༌། མངོན་བྱང་གི་རིམ་པ་དང་མཐུན་པར་སྐྱོང་ཚུལ་གྱིས་ངོ་སྤྲད་པར་བྱའོ། །དེ་ལ་མངོན་བྱང་རྣམ་པ་གཉིས་ཏེ་ཕྱིའི་མངོན་བྱང་


TNT05_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མཚན་མོ་སྣང་བའི་ཆ་སྟེ་ཞེས་པ་ནས། ཕྱི་རོལ་བྱང་ཆུབ་བསྟན་གྱི་བར་རོ། །ནང་གི་མངོན་བྱང་ནི། ནང་གི་བདེ་བ་སོགས་སོ། །དེ་ཡང་རྩ་རྒྱུད་ལེའུ་བཅོ་ལྔ་པ་ལས། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་ལས་བྱུང་བུ་མོ་ནི། །རྡོ་རྗེ་ཆོས་བདག་བསྒྲུབ་པར་བྱ། །འདི་ནི་གསང་བ་ཐོབ་བྱེད་པའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་གིས་བསྒྲུབ་པར་འགྱུར། །ཞེས་གསུངས་ཏེ། འདིའི་དོན་རྫོགས་རིམ་པ་ལ་མི་རིགས་ཀྱི་ངེས་པ་མི་དགོས་པའི་ཕྱིར། ཇི་ལྟར་རྙེད་པའི་རིག་མ་བླངས་ཏེ། རྡོ་རྗེ་ལྟར་མི་ཕྱེད་པའི་ཆོས་དོན་དམ་པའི་འོད་གསལ་གྱི་བདག་ཉིད་དུ་རང་སེམས་ཐིམ་པར་འགྱུར་བ་བསྒྲུབ་པར་བྱ་སྟེ། འདི་ནི་རྡོ་རྗེ་འཆང་གི་གསང་བ་ཟུང་འཇུག་ཐོབ་པར་བྱེད་པའི་ཐབས་སོ། །ཐབས་དེ་ཡང་ཅི་སྙམ་ན། ཕྱིའི་མངོན་བྱང་ལྟར་ན། ཉི་མ་ནུབ་ནས་ནམ་ཕྱེད་ཚུན་ཆད་དུ། དབང་བསྐུར་ཐོབ་དགོས་པས་དེའི་བྱ་བ་རྣམས་བསྒྲུབ་པ་བརྩམས་ཟིན་ནས། མཚན་མོའི་ཐུན་དེ་འདས། ཉི་མ་མ་ཤར་བའི་བར་སྐྱ་རེངས་དང་པོ་ཤར་བའི་དུས་ན། འོད་གསལ་གྱི་ལུང་ཕོག་པས་འོད་གསལ་གྱི་རིམ་པའི་རྟོགས་པ་ཐོག་མར་ཐོབ་པའམ། ཡང་ན་གཙོ་བོར་དོན་གྱི་འོད་གསལ་དངོས་མངོན་དུ་བྱེད་དོ། །ནང་གི་མངོན་བྱང་ལྟར་ན། རིག་མ་དང་སྙོམས་པར་ཞུགས་པ་ལས། སྣང་བཞིའི་ཡེ་ཤེས་སྐྱེ་བ་ཡིན་པ་ལ། ཉི་མའི་བརྡས་བསྟན་པའི་མཆེད་པ་འདས་ནས༌། ཉེར་


TNT05_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱི་བདེ་བ་སྤྲོས་པ་དང་བྲལ་བ་ལ་མཉམ་པར་འཇོག་པའི་སྒྲུབ་པ་ཡུན་རིང་དུ་བརྩམས་པས། མཚན་མོ་ལྟ་བུའི་ཉེར་ཐོབ་ནི་འདས། ཉིན་མོ་ལྟ་བུའི་རྗེས་ཐོབ་ལ་མ་སླེབ་པའི་བར་དེར། མཉམ་བཞག་གི་ཡེ་ཤེས་ཤིན་ཏུ་གསལ་ཞིང་སྤྲོས་པ་མེད་པ་སྐྱ་རེངས་དང་པོ་ཤར་བ་ལྟ་བུ་དེ་ལ་མཉམ་པར་འཇོག་པ་ནི་ཐམས་ཅད་སྟོང་པ་འོད་གསལ་ཏེ། དེ་ལས་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་ཞེས་པའི་དོན་ཡིན་ན། དོན་འདི་རྒྱས་པར་སྒྲོན་གསལ་ལས་རྟོགས་པར་བྱ་དགོས་མོད་ཀྱི། ད་ལྟའི་སྒྲོན་གསལ་ལས། རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་ཅན་བྱུང་བར་གྱུར་ནས། ནུབ་པ་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ། ཞེས་འབྱུང་བ་ནི། ལུགས་འབྱུང་གི་སྐབས་འདིར། མཆེད་པའི་རྗེས་སུ་སྣང་བ་འབྱུང་བར་ཐལ་བའི་སྐྱོན་ནམ། ཡང་ན་ནུབ་ནས་རྡོ་རྗེ་ཉི་མ་ནི། ཞེས་འདོན་དགོས་པའི་སྐྱོན་དུ་འགྱུར་བས། རྩོམ་པ་པོའམ། རྒྱ་དཔེའི་ཕྱི་མོའམ། འགྱུར་གྱི་སྐྱོན་གསུམ་གང་རུང་ཞིག་ལས་མ་འདས་སོ། །སྤྱོད་བསྡུས་སྒྲོན་མེ་ལས། དེ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ་ཕྱི་དང་ནང་གིའོ། །དེ་ལ་དང་པོར་ཕྱིའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས། ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་བ་དྲི་མ་མེད་པའི་རྣམ་པ་གསལ་ཞིང༌། ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བའི་


TNT05_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་སྣང་བ་མཆེད་པའོ། །ཉི་མ་ནུབ་པའི་ཐུན་མཚམས་ནི་མ་རིག་པའོ། །ཟླ་བ་ཤར་བའི་ཚེ་ནི་སྣང་བའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་བཞིས་ཕྱི་རོལ་ལ་ངེས་པ་བསྟན་པ་བཤད་ནས། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན་རིམ་པ་འདིས་བསྟན་པར་བྱ་སྟེ། དང་པོར་ནི་སྨིག་སྒྱུ་ལྟ་བུ་ལ་འོད་ཟེར་རྣམ་པ་ལྔའི་ཚོགས་དང་ལྡན་པར་མཐོང་ངོ༌། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི། སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི། སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། །ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དང་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ༌། །ཞེས་གསུངས་ཏེ། འདི་ལ་ནག་པོ་དམ་ཚིག་རྡོ་རྗེ་དང༌། ཨ་བྷ་ཡཱ་ཀ་ར་དང༌། ཕལ་ཆེར་དེའི་རྗེས་སུ་འབྲང་བ་ཐུབ་པ་དཔལ་དང༌། བརྩོན་འགྲུས་བཟང་པོའི་འགྲེལ་པ་རྣམས་ན། ཕྱིར་དུས་བཞི་པོ་མངོན་བྱང་གི་སྣང་བ་བཞིའི་དཔེར་བླངས་པ་ཙམ་དང༌། མངོན་པར་བྱང་ཆུབ་ཐོབ་པའི་དུས་ཐོ་རངས་ཡིན་པ་ལ་དགོངས་ནས། འབྲེལ་པ་རྒྱུ་མཚན་དུ་བྱས་ནས་མངོན་བྱང་གི་མིང་བཏགས་པ་ཙམ་ཡིན་གྱི། མངོན་བྱང་དངོས་ནི་ནང་གི་མངོན་བྱང་ངོ་སྙམ་དུ་དགོངས་སོ། ཁ་ཆེ་ལ་ཀྵི་མ་ནི། ཕྱིའི་ཞག་ནི་མངོན་བྱང་མ་ཡིན་གྱི། དེ་དང་རྣམ་པ་འདྲ་བའི་ནང་གི་སྟོང་པ་བཞི་ནི་ཕྱིའི་མངོན་བྱང་དང༌། སྨིག་སྒྱུ་ལ་སོགས་པའི་རྟགས་


TNT05_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་སྟོང་པ་བཞི་ནང་གི་མངོན་བྱང་ངོ༌། །ཞེས་འདོད་དོ། །འགོས་ལུགས་ཀྱི་གཏོང་ཐུན་ཆེན་མོ་ན་བཙུན་མོ་ཅན་དང་ནག་པོ་པའི་བཞེད་ཀྱིས། དཔེ་བཞི་པོས་མཚོན་པ། རྟོག་པ་དང་བྲལ་ཚུལ་བཞིའི་ཆ་ནས་ཕྱི་དང༌། ཉམས་མྱོང་བདེ་བའི་ཆ་ནས་ནང་གི་མངོན་བྱང་དུ་འདོད་ལ། ན་རོ་པའི་བཞེད་ཀྱིས། ཕྱིའི་མངོན་བྱང་ནི་ཆོས་ཉིད་ཀྱི་དཔེ་དང་དུས་དང་རྟགས་མཚོན་བྱེད་ཡིན་པས་དྲང་དོན་དང༌། ནང་གི་མངོན་བྱང་ནི། རྡོ་རྗེའི་རྩ་བ་དང༌། སྐེད་པ་དང༌། ནོར་བུ་དང༌། གཉིས་ཤོར་གཉིས་གནས་ཀྱི་དུས་ཀྱི་ཡེ་ཤེས་ཏེ་དོན་དངོས་སོ། །ཞེས་འབྱུང་ལ། ཕྱིས་ཀྱི་མཁས་པ་འགའ་ཞིག་ནི་དུས་དངོས་ལ་སྟོང་བཞིར་འཇོག་ན། དུས་དངོས་དེ་བྱང་ཆུབ་སྐད་ཅིག་ཡིན་པ་ཐལ་བ་དང༌། རྣལ་འབྱོར་བ་ཉིད་ཡུལ་ཞེས་སོགས་ཀྱིས་གནོད་ཅིང༌། དུས་བཞི་པོ་དཔེར་བྱས་ནས། དེ་དང་འདྲ་བའི་ཉམས་མྱོང་ལ་ཕྱི་ཡི་མངོན་བྱང་འཇོག་ན་ནི། ནང་གི་བྱང་ཆུབ་ཀྱང་དེ་འདྲ་བ་ཡིན་པས་ཕྱི་ནང་གི་དབྱེ་བ་མི་ཐུབ་པས། ཡིན་ལུགས་ནི་དོན་གྱི་འོད་གསལ་གཅིག་པོ་དེ་ཕྱིའི་དུས་བཞི་ལ་བལྟོས་པའི་སྒོ་ནས་ཕྱིའི་མངོན་བྱང་དང༌། ནང་གི་སྟོང་པ་བཞིའི་རིམ་པ་ངོན་དུ་བྱས་པའི་ཆ་ནས་ནང་གི་མངོན་བྱང་ངོ༌། །ཞེས་སྨྲ་སྟེ། དཔེར་ན་ལྷས་བྱིན་ཞེས་བྱ་བ་འདི་ནི། རྒྱལ་པོའི་གཡོག་གི་ཡང་གཡོག་པས་བྲན་གྱི་ཐ་མ་ཡང་ཡིན་ལ། རང་གི་བྲན་མོ་ལ་དབང་བསྒྱུར་པའི་ཕྱིར། རྒྱལ་པོ་ཡང་ཡིན་ནོ། །ཞེས་ཟེར་བ་དང་འདྲ་བ་ཞིག་གོ །དེ་ཐམས་ཅད་ལ་མི་ལེགས་པའི་ཆ་རེ་ཡོད་པས་རང་ལུགས་འདི་ལྟར་གོ་


TNT05_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། སེམས་དབེན་གྱི་སྣང་གསུམ་དང༌། སྐབས་འདིའི་ཕྱི་ནང་གི་མངོན་བྱང་གཉིས་ཏེ་ཚན་པ་གསུམ་ཀ་ལ། ཟླ་འོད་སོགས་ཀྱི་དཔེ་སྦྱོར་ཐེངས་རེ་རེ་མཛད་པ་དཔེ་འདྲ་ཡང༌། མཚོན་དོན་མི་འདྲ་བ་ཆེ་བ་རེ་ཡོད་དོ། །ཡང་སྣང་བ་གསུམ་པོ་དཀར་ལམ་པ་ལ་སོགས་པར་བཤད་པ་ཡང༌། གཞི་དུས་སེམས་ཅན་འཆི་བ་སོགས་ཀྱི་སྐབས་ཡིན་གྱི། སེམས་དབེན་མན་ཆད་ལ་ཡང་དཀར་ལམ་པ་ལ་སོགས་པ་མཐའ་གཅིག་ཏུ་མ་ངེས་ན། སྐབས་འདིར་ལྟ་སྨོས་ཀྱང་ཅི་དགོས། དེས་ན་ཁ་ཅིག་མཐོང་ལམ་ལ་ཉེ་བའི་ཡེ་ཤེས་ཀྱི་རྣམ་གཞག་འཆད་པའི་སྐབས། སྨིག་སྒྱུ་དུ་བ་ལ་སོགས་པའི་མཐོང་སྣང་ཁྲིགས་ཆགས་དང༌། དཀར་ལམ་དམར་ལམ་ནག་ལམ་གསུམ་པོ་ཡང༌། སྐྱ་འོད་པ་དང༌། དམར་ཐིང་བའི་ཚུལ་གྱིས་འཆར་བར་འདོད་པ་ནི། འཁོར་ལོས་བསྒྱུར་བའི་དཔུང་ཚོགས་ཅི་འདྲ་ཞེས་དྲིས་ན། དང་པོར་ནི་བོང་བུ་འགྲོ་ལ། དབུས་མ་ནི་གཞུ་རྒྱུད་བསྒྲེང་ཞིང༌། ཕྱི་ནས་ནི་བྱི་ལ་འགྲོའོ་ཞེས་བརྗོད་ན། ཆེས་བཞད་གད་ཀྱི་གནས་སུ་འགྱུར་ལ། གལ་ཏེ་གྲོང་པའི་མི་ཞིག་འགྲོ་བ་ལ་ནི། དེ་ལྟར་འབྱུང་བའང་མི་འགལ་ལོ། །དེས་ན་རྣལ་འབྱོར་ཆུང་ངུའི་སྐབས་སུ་མཐོང་སྣང་ཉེ་ཚེ་དེ་དག་ཁྲིགས་ཆགས་དང་ཁྲིགས་ཆགས་མ་ཡིན་པའི་གཏམ་སྨྲ་བ་བདེན་མོད་ཀྱང༌། འདིར་ནི་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དེ་འདྲའི་ཁྲིགས་བཀོད་ངེས་པ་མི་འཇུག་ལ། ཐོ་རངས་མངོན་པར་བྱང་ཆུབ་པ་ཞེས་པ་ཡང༌། ཐོ་རངས་ཀྱི་མཚོན་དོན་ལ་འཇོག་དགོས་ཀྱི། ཕྱིའི་ཐོ་རངས་ཁོ་ན་ལ་གཞོག་ཏུ་མི་རུང་ངོ༌། དེས་ན་ཞག་གང་གི་མཚན་མོའི་ཐུན་གྱི་དབུས་


TNT05_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནམ་མཁའ་དངས་པོ་ལ་ཟླ་འོད་ཀྱིས་ཁྱབ་པའི་སྐབས་ཤིག་དང༌། དེ་ནས་ཉིན་རང་གིས་ཉི་འོད་ཀྱིས་ཁྱབ་པའི་སྐབས་ཤིག་དང༌། དེ་ནས་ཉི་མ་དམར་ཐག་ཆད་པ་ན་མུན་ནག་གིས་ཁྱབ་པའི་སྐབས་ཤིག་སྟེ། དེ་དག་ཏུ་འོད་དཀར་དམར་ནག་གསུམ་གྱིས་ནམ་མཁའི་རང་བཞིན་བསླད་པ་ལྟར་གྱུར་ཀྱང༌། ཐོ་རངས་སྐྱ་རེངས་ཤར་བ་ན། མུན་ནག་དང་ཟླ་འོད་ཉམས་ནས་ཉི་མ་མ་ཤར་བའི་བར་དེར་ནམ་མཁའི་ཁ་དོག་དཀར་དམར་ནག་གསུམ་གང་ཡང་མ་ཡིན་པ་སྟོང་གསལ་ཙམ་མཐོང་པ་སྟེ། ནམ་མཁའ་སྣང་བཅས་བཞི་པོ་དེ་ནི་སྣང་བ་བཞིའི་དཔེའོ། །དུས་དེ་དག་དང་བསྟུན་ནས་སྟོང་པ་བཞི་པོ་སྒོམ་པར་འདོད་པ་ནི། གཞུང་དོན་མགོ་བ་སྟེ། ཐོ་རངས་ཀྱི་དུས་ལ་ཐམས་ཅད་སྟོང་པའི་དུས་འགྲིག་ཏུ་ཆུག་ཀྱང༌། ཕྱི་རོལ་ཏུ་ནམ་ཕྱེད་ནས་ཐོ་རངས་ཀྱི་བར་ལ་ཉི་འོད་དང་མཚམས་ཀྱི་མུན་ནག་ཡོད་དོན་མེད་པས་སོ། །བཞི་པ་འོད་གསལ་དུས་ལ་བལྟོས་ན། དེ་ཉིད་ཀྱི་སྦྱོར་བར་གྱུར་པའི་སྣང་བ་གསུམ་པོ་ཡང་དུས་ལ་བལྟོས་དགོས། དེ་གསུམ་མི་བལྟོས་ན་དེ་ཡང་མི་བལྟོས་ཏེ་རིག་པ་མཚུངས་པའི་ཕྱིར་རོ། །བཞི་ཀར་བལྟོས་དགོས་ན་ནི། ཞག་སྔ་མའི་མཚན་མོ་སྣང་བ་དང༌། །ཕྱི་སྟེ་ཉིན་མོ་མཆེད་པ་དང༌། །ཉི་མ་དམར་ཐག་ཆད་པའི་འོག་ཏུ་ཐོབ་པ་དང༌། །དེའི་ཐ་མར་འོད་གསལ་མངོན་དུ་བྱེད་དགོས་པར་འགྱུར་ན། ཐོབ་པ་དང་འོད་གསལ་གྱི་བར་དུ་ཚོགས་འཁོར་ལ་སོགས་པ་རྗེས་ཐོབ་ཀྱི་བྱ་བས་མཚམས་བཅད་པར་འགྱུར་ཞིང༌། དེ་ཡང་འདོད་ན་མཐོང་ལམ་དང་མཐོང་ལམ་གྱི་དངོས་ཀྱི་སྦྱོར་པ་གཉིས་པར་


TNT05_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པར་འགྱུར་རོ། །ཚོགས་དང་དབང་བསྐུར་བ་ནུབ་སྔ་མའི་དུས་ཀྱང་མིན་ཏེ། ནམ་བྱེད་ལ་དབང་བསྐུར་བའི་དུས་ཀྱི་རྗེས་ལ། ཐོ་རངས་ལུང་འབོགས་པར་གསུངས་པ་དང༌། རྡོ་རྗེ་ཉི་མ་སོགས་ཕྱིའི་མངོན་བྱང་ལ་སྦྱར་བའི་སྐབས་ཉིད་ནས་ནུབ་སྔ་མ་མིན་པར་ཤེས་སོ། །འོ་ན་ཅི་ཞེ་ན། དངོས་སུ་སྣང་བ་བཞི་པོ་སྐབས་འདིར་སྐྱེ་བ་ཕྱི་རོལ་གྱི་དུས་ལ་བལྟོས་པ་མིན་ཏེ། ཇི་སྐད་དུ། བསམ་གཏན་ལྷ་མཆོད་ཡོད་མ་ཡིན། ཚེས་གྲངས་མེད་ཅིང་ངེས་པ་མེད། ཞེས་བྱ་བ་ལ་སོགས་པ་ངེས་དོན་རྫོགས་རིམ་སྟོན་པའི་གཞུང་ཐམས་ཅད་དུ་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ཕྱིའི་དུས་ལ་མི་བལྟོས་པར་གསུངས་སོ། །ཐོ་རངས་སངས་རྒྱས་སོ་ཞེས་གྲགས་ཀྱང་སྟོན་པའི་མཛད་པ་ནི་ཚུལ་སྟོན་ཡིན་ཏེ་གོང་དུ་བཤད་ཟིན་ཏོ། །སྙིང་པོའི་དོན་ནི་འདི་ཡིན་ཏེ། སྤྱོད་བསྡུས་ལས། སྨིག་སྒྱུ་འོད་ལྔ་དང་ལྡན་པ་མཐོང་བ་དང་པོར་བཤད་པ་ནི། མངོན་བྱང་གི་སྔོན་འགྲོ་ཡིན་པས་ཕྱི་ནང་གཉིས་ཀར་གྱི་ཐོག་མར་སྦྱར་བར་བྱའོ། །དེ་རྗེས་འབྱུང་རྒྱུ་ལ་ཕྱི་ཞེས་བྱ་བ་ནི། ཕྱི་རོལ་གྱི་དོན་ལ་འཇོག་པ་མིན་ཡང༌། རྣལ་འབྱོར་པ་རང་ཉིད་ཀྱི་སེམས་ཀྱི་སྣང་ཆ་རྣམ་པ་ཐམས་ཅད་པའི་འཆར་ཚུལ་དེ་སྣང་བ་ཡིན་པའི་ཆ་ནས་ཕྱི་རུ་བཞག་ཅིང༌། དེ་ལ་མ་དག་ཕྱི་འཁྲུལ་བའི་སྣང་བ་ཅུང་ཟད་འདྲེས་ནས་ཡོད་པས་ཀྱང་ངོ༌། །ནང་གི་མངོན་བྱང་ནི། སྣང་བ་དེའི་སྟེང་གི་འཁྲུལ་སྣང་ནི་མེད་བཞིན་སྣང་བ་ཡིན་པས། སྐབས་འདིར་མཚན་ཉིད་འདིའོ་ཞེས་འཇོག་མི་དགོས་ལ། གཞན་ཡེ་ཤེས་ཀྱི་སྣང་བ་དེ་ཐམས་ཅད་ཀྱི་ངོ་བོའམ། སྡོད་ལུགས་


TNT05_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ནི་གནས་ལུགས་དང་རང་གཟུགས་ཡིན་པའི་ཕྱིར་ནང་ཞེས་སྨོས་སོ། །དེ་ལ་མངོན་པར་བྱང་ཆུབ་པའི་དུས་ཀྱི་སྣང་བ་དང་པོ་ནི། བདེ་གསལ་གྱི་སྣང་བ་ལ་རྣམ་པ་ཐམས་ཅད་པའི་སྣང་ཆ་རགས་རིམ་ཤར་བ་དང༌། དེའི་སྣང་ཆ་མ་འགགས་ཀྱང་རང་བཞིན་སྤྲོས་བྲལ་དུ་རྟོགས་པས། ནམ་མཁའ་ཟླ་འོད་ཀྱིས་ཁྱབ་པ་འདྲ་བ་ཙམ་ནི། ཕྱིའི་སྣང་བ་དང་པོ་དང༌། དེ་ཉིད་ཀྱི་སྟེང་ན་ནང་ལུས་ཀྱི་རྩ་གནས་ཐམས་ཅད་ཀྱི་ཐེག་ལེ་རླུང་དང་བཅས་པ་ཞུ་བའི་བདེ་བས། ཐ་མལ་གྱི་ལུས་སྣང་འགགས་པར་གྱུར་པ་ནི། ནང་གི་སྣང་བ་དང་པོའོ། །སྐད་ཅིག་གཉིས་པ་མཆེད་པ་ཤར་བའི་གནས་སྐབས་ན། བདེ་བ་ཡང་གོང་འཕེལ་དུ་སོང་མོད་ཀྱི། དེ་ལས་ཀྱང་གསལ་ཉམས་སྐྱེད་ཆེ་སྟེ་མཁྱེན་པ་དང་ཡོན་ཏན་དང་རྟགས་སྣང་ལ་སོགས་པ་རྣམ་པ་ཐམས་ཅད་པའི་ཚུལ་ཕྲ་མོ་ཐམས་ཅད་ཀྱང་མངོན་དུ་གྱུར་ཞིང༌། དེ་ཡང་སྤྲོས་བྲལ་གྱི་རྣམ་པར་ཤར་བས་ནམ་མཁའ་གཡའ་དག་ལ་ཉི་འོད་ཤར་བས་མཚོན་པ་ཕྱིའི་མཆེད་པ་དང༌། ནང་དུ་སྨྲ་བརྗོད་ཀྱི་གཞིའི་རླུང་ཐམས་ཅད་བདེ་བ་ལ་ཐིམ་པས། ཐ་མལ་གྱི་ངག་གི་སྣང་བ་འགགས། ཤིན་ཏུ་གསལ་བའི་ཡེ་ཤེས་སྤྲོས་པ་དང་བྲལ་བའང་ཤེས་པས། ཉི་མ་དང་འདྲ་བ་ནང་གི་མཆེད་པའོ། །གསུམ་པ་སྣང་བ་ཐོབ་པའི་སྐབས་སུ། ཡེ་ཤེས་ཀྱི་སྣང་བ་དེ་རྣམས་འགགས་པའམ་མི་གསལ་དུ་སོང་བ་མིན་ཏེ། སྔ་མ་ལས་གསལ་ཆའང་ཆེ་རུ་སོང་མོད་ཀྱི། བདེ་བ་ཆེས་ལྷག་པ་སྟོབས་སུ་གྱུར་བས་བདེ་བས་མྱོས་


TNT05_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་ནང་གི་རྟོག་པ་ཕྲ་མོ་རྣམས་ཀྱང་འགགས། དེས་མ་དག་ལས་སྣང་ཆ་ཕྲ་མོ་ཡོད་པ་རྣམས་ཀྱང་ཡལ། དག་པའི་སྣང་བ་དེ་རྣམས་ཀྱང་སྟོང་པ་གཅིག་གི་ངོ་བོར་རྟོགས་པས་རྣམ་རྟོག་མེད་ཅིང་སྣང་ཆའི་སྟེང་དུ་ཡང་ཐ་དད་པའི་མཚན་མ་འགགས་པས་ནམ་མཁའ་ལ་མུན་ནག་གིས་ཁྱབ་ན་གཟུགས་ཅན་གྱི་མཚན་མ་མི་མཐོང་བའི་དཔེས་མཚོན་པ་དང༌། དེ་ཉིད་ནང་དུ་ཀུན་རྟོག་གི་ས་བོན་དང་ལྷན་ཅིག་ཏུ་སྤྱོད་པའི་རླུང་ཕྲ་མོ་རྣམས་ཀྱང་ཐིམ་པས། ཐ་མལ་གྱི་ཡིད་འགགས་ཏེ་སེམས་སྟོང་ཉིད་གཅིག་ཏུ་གནས་པ་ནི་མུན་པས་མཚོན་པ་ནང་གི་ཐོབ་པའོ། །འདི་དག་ལ་མ་རྒྱུད་ལ་སོགས་པ་རྒྱུད་སྡེ་གཞན་གྱི་དགོངས་པས་དཀར་དམར་གྱི་བགྲོད་པ་འགགས་པ་དང་སྦྱོར་ཚུལ་སོགས་མང་པོ་ཡོད་ཀྱང་ལུགས་འདིའི་སྐོར་རྣམས་སུ་མ་བཤད་པས་རེ་ཞིག་མ་སྤྲོས་སོ། །ཡང་འོད་གསལ་སྐད་ཅིག་བཞི་པའི་སྐབས་ནི་འདི་ལྟར་གོ་དགོས་ཏེ། སྔར་སྣང་བ་གསུམ་གྱི་སྐབས་སུ་ཡང་གཉིས་སྣང་ཅི་རིགས་པར་ཡོད་ལ། སྐབས་འདིར་རྣམ་པ་ཐམས་ཅད་པའི་བདེ་ཆེན་སྤྲོས་བྲལ་འབའ་ཞིག་ལས་གཉིས་སྣང་ཅུང་ཟད་ཀྱང་མེད་པས་གནས་ལུགས་ཀྱི་རང་བཞིན་གསལ་བར་མཐོང་བ་ནི། ནམ་མཁའི་སློབ་བྱེད་ཀྱི་རྐྱེན་དང་བྲལ་བས། ཅི་ཡང་མ་ཡིན་པར་མཐོང་བར་སྐྱ་རེངས་ཤར་བའི་དུས་ཀྱིས་མཚོན་ཞིང་དེ་ནི་ཕྱིའི་མངོན་པར་བྱང་ཆུབ་པའི་འོད་གསལ་ཡིན་ལ། དེ་ཉིད་ནང་དུ་གནས་ལུགས་ཀྱི་བདེ་བ་ཆེན་པོ་འབའ་ཞིག་མཁའ་མཉམ་དུ་ཁྱབ་པ་ནི། མཚན་མ་མེད་ཀྱང་རིག་ཅིང་མཐོང་བའི་ཐོ་རངས་


TNT05_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནམ་མཁའ་དཔེར་བྱས་པ་སྟེ། ནང་གི་མངོན་པར་བྱང་ཆུབ་པའི་འོད་གསལ་ལོ། །འདི་ནི་དོན་དམ་བདེན་པ་ཡེ་ཤེས་ཀྱི་འོད་ཀྱིས་མངོན་སུམ་དུ་མཐོང་བ་དེ་ཡིན་ལ། དེ་ལྟར་ན་ཡེ་ཤེས་ཀྱི་ངོ་བོ་བདེ་བའི་ལྡོག་ཆ་ནས་ནང་གི་མངོན་བྱང་དང༌། ཡེ་ཤེས་དེའི་སྣང་ཆའི་སྒོ་ནས་ཕྱིའི་མངོན་བྱང་དུ་འཇོག་ཅིང༌། དེ་གཉིས་ཀ་ཡང་དཔེ་བཞིས་མཚོན་པར་འདྲ་བ་ཡིན་མོད། དཔེ་ཡང་ནམ་མཁའ་ཙམ་མ་ཡིན་གྱི། དུས་བཞིའི་ནམ་མཁའ་མཐོང་བའི་ཤེས་པ་ཉིད་ཡིན་ནོ། །ཡང་ཐོ་རངས་འོད་གསལ་གྱི་གདམས་ངག་འབོགས་པར་བཤད་པས། ཕྱིའི་དུས་ལ་བལྟོས་པའོ་སྙམ་ན། འདི་ནི་འོད་གསལ་གྱི་གདམས་ངག་འབོགས་པའི་ཤེར་དབང་དང་བཞི་པ་བསྐུར་བའི་དུས་དེ། སྤྱིར་ཉིན་ཞག་གཅིག་གི་ནང་ཚན་ན་དུས་ཀྱི་མཆོག་ཡིན་པ་དང༌། སྒོས་སུ་འོད་གསལ་ཉིད་ཀྱི་དཔེར་གྱུར་པའི་དུས་ཡིན་པས། དུས་དེ་ལ་བྱེད་པ་ལུགས་དང་མཐུན་པའི་དབང་དུ་བྱས་པའི་གཞན་ཡང་སློབ་མ་འོད་གསལ་གྱི་རིམ་པ་ལ་བཀྲི་བར་བྱེད་པ་ལ། སློབ་དཔོན་དེ་བས་ཀྱང་ཆེས་ལྷག་པ་དགོས་པས། དཔེར་ན་ཟུང་འཇུག་ཐོབ་པའི་རྣལ་འབྱོར་པས། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་སློབ་མ་ལ་འོད་གསལ་གྱི་གདམས་པ་སོགས་ཀྱང༌། འོད་གསལ་གྱི་རིམ་པའི་ཉམས་ལེན་གཞན་ལ་བསླབ་མི་དགོས་པར་བཙན་ཐབས་སུ་མཐོང་ལམ་རྒྱུད་ལ་སྐྱེ་བ་མིན་ཀྱང༌། སྒྱུ་ལུས་ཀྱི་རིམ་པའི་རྟོགས་པ་ལས་ན་འཕར་ནས། འོད་གསལ་གྱི་རིམ་པར་གཏོགས་པའི་ཉམས་མྱོང་


TNT05_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དེ་དབང་དང་འབྲེལ་བའི་ངོ་སྤྲོད་བྱས་པའི་དུས་ཉིད་ན་སྐྱེ་བ་ཡིན་ལ། སྐབས་འདིའི་དབང་དང་འབྲེལ་བའི་ལུང་མ་ཐོབ་ན་ལོ་ཟླ་མང་པོར་འབད་པས་རྒྱུད་ལ་བསྐྱེད་དགོས་རྒྱུ་དེ། འདི་ཐོབ་པས་སྐད་ཅིག་དེ་ལ་མངོན་དུ་བྱེད་པ་ཡིན་ནོ། ། ཕྱིས་མངོན་པར་བྱང་ཆུབ་མཐོང་ལམ་སྐྱེ་བའི་སྐབས་ནི། སངས་རྒྱས་ཡེ་ཤེས་ཞབས་ལ་འཇམ་དཔལ་གྱིས། དཔེའི་འོད་གསལ་གྱི་དབང་བསྐུར་བ་ཐོ་རངས་ཀྱི་དུས་སུ་བྱུང་བ་ལྟ་བུ་དུས་འགྲིག་པའང་སྲིད་མོད་ཀྱི། གཞན་ནི་དུས་ཀྱི་ངེས་པ་མེད་དོ། །ཚིག་དོན་ནི་མཚན་མོ་ནམ་མཁའ་གཡའ་དག་ལ་ཟླ་བའི་འོད་ཕོག་པ་ལྟ་བུར་བདེ་ཉམས་ལ་གསལ་བ་རགས་པ་ཅན་གྱི་ཡེ་ཤེས་དེ་ནི། སྣང་བ་དང་པོའི་ཆ་སྟེ་རིགས་ཡིན་ཏེ་རིག་མ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་དགའ་བ་དང་པོའོ། །དེའི་སྟེང་དུ་གསལ་བའི་ཉམས་ཆེར་རྒྱས་པས་སྟོན་གནམ་གཡའ་དག་ལ་ཉི་མའི་ཟེར་འགྱེད་པ་ལྟ་བུ་དེ་ནི་སྣང་བ་མཆེད་པ་ཡིན་ཏེ་མཆོག་དགའི་ཡེ་ཤེས་སོ། །བདེ་གསལ་གྱི་ཉམས་མ་འགགས་ཤིང་ཆུང་དུ་མ་སོང་ལ་གོང་འཕེལ་དུ་ཡང་སོང་མོད་ཀྱི། བདེ་གསལ་གྱི་གཉིས་ཀ་ལས་བརྒྱ་འགྱུར་གྱིས་སྟོབས་ཆེ་བའི་སྟོང་ཉམས་ཀྱིས་ནོན་པས། དྲི་མ་མེད་པའི་ནམ་མཁའ་ལ་ཐུན་མཚམས་ཏེ་མུན་སྲོས་པའི་སྨག་རུམ་གྱིས་ཕོག་པ་ལྟ་བུའི་མི་རྟོག་པ་འཐུག་པོ་དེ་ནི་སྣང་བ་ཐོབ་པའི་ཡེ་ཤེས་ཏེ་ཁྱད་པར་གྱི་དགའ་བའོ། །སྣང་བ་གསུམ་པོ་དེ་དག་ཀྱང་རང་རང་གི་རང་བཞིན་སྡེ་ཚན་གསུམ་པོ་དེ་དང་ལྷན་ཅིག་འགྲོ་ཞིང་འབྱུང་བ་ལན་གཅིག་མ་ཡིན་པར་


TNT05_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཡང་ཡང་བྱུང་བའོ། །འདིར་སྣང་གསུམ་ལ་རང་བཞིན་སྨོས་པ་ནི་འོད་གསལ་བཞི་པ་ལ་རང་བཞིན་མེད་པའི་དོན་ནོ། །དེའི་རྗེས་སུ་མཚན་མོའི་ཟླ་བས་མཚོན་པའི་སྣང་བ་ཡང་མིན། ཉིན་བར་གྱི་ཉི་འོད་ཀྱིས་མཚོན་པའི་མཆེད་པ་ཡང་མིན། མཚམས་ཀྱི་མུན་པས་མཚོན་པའི་ཐོབ་པ་ཡང་མིན། གང་ཞིག་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་རྣམས་དང་རྣམ་པར་བྲལ་བ་སྟེ་གདམས་ངག་ངོ་སྤྲོད་པའི་སྐབས་སུ་རེ་ཞིག་མཉམ་བཞག་ཏུ་འགགས་པ་དང༌། མངོན་བྱང་དངོས་ཀྱི་སྐབས་སུ་སྣང་བ་གསུམ་པོ་དེའི་སྐབས་ལ། རང་རང་གི་ངོ་སྐལ་གྱི་རྣམ་རྟོག་རྣམས་ཀྱི་ས་བོན་དངོས་སུ་སྤོང་བའི་སྦྱོར་བ་ལ་ཞུགས་ནས་སྐད་ཅིག་མ་བཞི་པ་སྐྱེས་པ་དང་དངོས་སུ་སྤོང་ངོ༌། །རང་བཞིན་དང་བཅས་པའི་སྣང་གསུམ་སྤངས་པའི་སྐད་ཅིག་དེ་ནི་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་ཡེ་ཤེས་ཡིན་པར་བླ་མ་མཆོག་གིས་བཤད་ཅིང་ངོ་སྤྲོད་ལ། རྣལ་འབྱོར་པ་སློབ་མ་ཉིད་ཀྱིས་ཀྱང་ཉམས་མྱོང་གི་ཡུལ་དུ་གྱུར་པ་སྟེ་རྟོགས་པར་ བྱའོ། །འོད་གསལ་གྱི་རིམ་པའི་ཐོག་མའི་ཉམས་མྱོང་སྐྱེས་པའི་སྐབས་ནི། དཔེའི་འོད་གསལ་ཙམ་ཡིན་ཀྱང་གནས་ལུགས་མཚོན་ནུས་ལ། སེམས་དབེན་དང༌། སྒྱུ་ལུས་ཀྱི་རིམ་པའི་སྐབས་ཀྱི་སྣང་བཞིས་དཔེར་ཡང་མི་མཚོན་པའི་རྟོགས་ཚུལ་དང་མྱོང་ཚུལ་ཡོད་པས། དེ་དག་ལ་བལྟོས་ན་དོན་གྱི་འོད་གསལ་དངོས་འདྲ་བ་ཞིག་གོ །འོད་གསལ་གྱི་རིམ་པ་མཐར་ཕྱིན་པའི་མངོན་པར་བྱང་ཆུབ་དངོས་ནི། རྣལ་འབྱོར་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ། དེའི་སྔོན་དུ་ཡང་


TNT05_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་དང་རང་རིག་ཙམ་གྱི་སྤྱོད་ཡུལ་ཡིན་པས་རྣལ་འབྱོར་པ་ཉིད་ཡུལ་ཞེས་བྱའོ། །མཚམས་ཀྱི་མཐའ་སོགས་ལ་དཀྱུས་ལྟར་ན། མཚམས་ཏེ་མུན་ནག་གི་མཐའ་ཐོ་རངས་ཀྱིས་མཚོན་པའི་འོད་གསལ་དེ་ནི་རྣམ་རྟོག་ལ་སོགས་པས་མི་ཆོམས་ཤིང་འཇིག་པ་མིན་ལ། དུས་གང་དུ་མུན་ནག་གི་ཚོགས་ནི་མ་ལུས་པ་འདས་པའི་རྗེས་དང་ཇི་སྲིད་ཉི་མ་མ་ཤར་པའི་སྔ་རོལ་གྱི་སྐད་ཅིག་མ་སྟེ་དུས་འདི་ནི། དྲི་མ་མེད་པ་ཡང་དག་པའི་མཐའ་འོད་གསལ་གྱི་དཔེར་སློབ་དཔོན་གྱིས་བཤད་པར་བྱའོ། །ཞེས་པ་ཡིན་ལ། ཆག་འགྱུར་ལས་ནི། མུན་པའི་མཐའ་ནི་རྣམ་པར་ཟད་ཅིང་མཚམས་ཀྱི་གཟི་བརྗིད་མ་ལུས་གང་དུ་འདས་གྱུར་ཞིང༌། ཞེས་བསྒྱུར་བ་ལྟར་ན། མུན་པའི་མཐའ་རྣམ་པར་ཟད་པ་དང༌། མཚམས་ཀྱི་གཟི་བརྗིད་འདས་པ་དོན་གཅིག་སྟེ་མཚན་མོ་འདས་པའི་མིང་ངོ༌། ། དེ་ལྟར་ན་སློབ་དཔོན་མཆོག་ནི་རབ་རིབ་སྟེ་ཉོན་མོངས་རྣམ་རྟོག་ཐམས་ཅད་བྲལ་བས། སློབ་མ་ལ་ནི་ཕྱི་རོལ་གྱི་དཔེ་དང་བཅས་པའི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ནོ། །རབ་རིབ་བྲལ་བ་དངོས་ནི་ཟུང་འཇུག་ཐོབ་པའི་སློབ་དཔོན་ཡིན་ལ། སྒྱུ་ལུས་ཀྱི་མཐར་ཕྱིན་པ་ལ་གདམས་པ་འདི་འབོགས་པ་ཙམ་ལ་ནི། འོད་གསལ་གྱི་རིམ་པའི་རྟོགས་པ་འགོ་མ་རྣམས་རྒྱུད་ལ་སྐྱེས་པས་ཀྱང་ཆོག་ན། དེ་ཡང་དཔེའི་ཡེ་ཤེས་ལ་བརྟེན་ནས། དོན་གྱི་ཡེ་ཤེས་ལ་ཉམས་ཚོད་ཟིན་པས་བློ་གྲོས་མཆོག་ཏུ་གྱུར་པ་ཡིན་པས། སྔ་རོལ་ནས་གདམས་པ་འབོགས་པའི་རིག་འོད་གསལ་རྗེས་


TNT05_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ཙམ་ནི། འདིའི་རང་བཞིན་ལ་མ་རྟོགས་ལོགས་རྟོགས་ཐེ་ཚོམ་གསུམ་དང་བྲལ་བའི་གོ་བ་ལེགས་པར་ཆགས་པ་དག་ཉམས་མྱོང་ཅི་རིགས་པ་ལ་བརྟེན་ནས་ངེས་ཤེས་སྐྱེས་པའི་བློ་གྲོས་ཡོད་པ་དགོས་སོ། །དོན་དམ་དེ་དཔེ་རྣམས་ཀྱིས་མཚོན་པར་བྱ་རྒྱུའི་དོན་དུ་བྱས་ཀྱང༌། དཔེས་མཚོན་དུ་མེད་པ་ནང་གི་བདེ་བ་རྣམ་རྟོག་གི་རྙོག་པ་དང་བྲལ་བའི་འོད་གསལ་གྱི་ཡེ་ཤེས་དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཞེས་བྱ་སྟེ། སྣང་གསུམ་ཐིམ་པའི་སྐད་ཅིག་གི་རིམ་པ་དག་གིས་ཐོབ་པར་འགྱུར་རོ། །ཕྱི་ལ་དཔེས་མཚོན་དུ་ཡོད་ཚུལ་དང༌། ནང་ལ་དཔེ་སྦྱོར་བ་ཙམ་བྱེད་ཀྱང་དཔེས་མཚོན་དུ་མེད་ཚུལ་བཤད་པ་ནི། སྣང་ཆའི་སྒོ་ནས་དཔེས་མཚོན་དུ་ཡོད་ལ། །ངོ་བོའི་སྒོ་ནས་དཔེ་དང་བྲལ་བའི་དོན་ནོ། །གཉིས་པ་ཐམས་ཅད་སྟོང་པའི་རང་བཞིན་བཤད་པ་ནི། །ཐོག་མིན་འབྱུང་དང་ཐོག་མར་འབྱུང་བའམ། །དབུས་མིན་འབྱུང་དང་དབུས་སུ་འབྱུང་བའམ། །མཐའ་མིན་འབྱུང་བའམ་མཐར་ནི་འབྱུང་བའམ། །དེ་དག་ཐམས་ཅད་སྟོང་བར་དམ་པས་རབ་ཏུ་གསུངས། གང་དུ་འགྲོ་བ་དང་ནི་འོང་མེད་ཅིང༌། །ཟད་དང་འཕེལ་མེད་དངོས་དང་དངོས་མེད་མིན། །ངོ་མཚར་གཟུགས་ཅན་ཡིན་ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་པར་འགྲོ་བ་མིན། །གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་རང་བཞིན་མ་ཡིན་སྡིག་པའི་རང་བཞིན་མིན། ། བསོད་ནམས་དང་ནི་སྡིག་གི་བདག་མིན་མཆོག་གྱུར་པ། །


TNT05_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐམས་ཅད་སྟོང་བར་སངས་རྒྱས་རྣམས་ཀྱི་གསུངས། །ཞེས་ཏེ། འདི་ལ་འགྲེལ་པ་འགའ་ཞིག་དང༌། མར་འགོས་ཀྱི་རྗེས་འབྲང་རྣམས་འདི་སྐད་ཅེས། ཐོག་མ་མ་ཡིན་པ་སྟེ། འོད་གསལ་ལས་ལངས་པའི་ལུགས་ཟློག་གི་སྐབས་སུ། ཀུན་གྱི་ཐ་མར་འབྱུང་བ་དང༌། ལུགས་འབྱུང་གི་སྐབས་སུ་ཐོག་མར་འབྱུང་བ་ནི་སྣང་བའི་ཡེ་ཤེས་ སོ། །ལུགས་འབྱུང་གི་སྐབས་སུ། སྣང་ཐོབ་གཉིས་ཀྱི་དབུས་སུ་འབྱུང་བ་དང༌། ལུགས་ཟློག་གི་སྐབས་སུ་དེ་གོ་ཟློག་པ་ཐོབ་སྣང་གི་བར་དུ་བྱུང་བས་དབུས་མིན་དུ་འབྱུང་བ་སྟེ་མཆེད་པའོ། །ལུགས་ཟློག་གི་སྐབས་སུ་མཐའ་མིན་ཏེ་ཐོག་མར་འབྱུང་བ་དང༌། ལུགས་འབྱུང་གི་སྐབས་སུ་ཐ་མར་འབྱུང་བ་ནི། ཉེར་ཐོབ་སྟེ་དེ་དག་གང་ལས་འབྱུང་བའི་གཞི་དང༌། གང་དུ་ཐིམ་པར་འགྱུར་བའི་གནས་ནི་ཐམས་ཅད་སྟོང་པ་འོད་གསལ་ཡིན་པར་གསུངས་སོ། །ཞེས་འདོད་ན། གཞུང་འདིར་སྣང་གསུམ་ལུགས་འབྱུང་ལུགས་ཟློག་གསལ་བོར་སྟོན་བྱེད་དུ་འགྱུར་བའི་ལེགས་ཆ་ཙམ་ཡོད་མོད་ཀྱི། དབུས་མིན་འབྱུང་བ་ཞེས་པ་ལུགས་ཟློག་གི་སྐབས་མཆེད་པ་ལ་མི་འགྲིག་སྟེ། སྣང་ཐོབ་ཀྱི་བར་དུ་འབྱུང་བ་དབུས་ཡིན་ན། ཐོབ་སྣང་གི་བར་དུ་བྱུང་བ་ཡང་དབུས་ཡིན་དགོས་པའི་ཕྱིར་རོ། །དེས་ན་འགྲེལ་པ་ཕལ་ཆེར་དང༌། ཆག་ལོ་དང༌། ཤུད་བུ་སོགས་འདོད་པ་ལྟར། དོན་གྱི་འོད་གསལ་དེའི་རྟོགས་བྱ་ཆོས་དབྱིངས་བདེ་བ་ཆེན་པོ་ནི། སྤྲོས་པ་དང་བྲལ་ཞིང་དུས་ལས་འདས་པའི་ཕྱིར། ཐོག་མར་བྱུང་བ་མིན་པ་དང༌། གདོད་ནས་ལྷུན་གྲུབ་ཀྱི་ཆོས་


TNT05_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀྱི་ཐོག་མར་བྱུང་བ་ལྟ་བུའམ། དབུས་མིན་དུ་བྱུང་བ་སྟེ་ཡུལ་དང་དུས་ལ་བལྟོས་པའི་དབུས་སུ་མི་གནས་ཤིང༌། ཐམས་ཅད་ལ་ཁྱབ་བྱེད་ཀྱི་ཚུལ་གྱིས་ཀུན་གྱི་སྲོག་ཏུ་བཞུགས་ཀྱང༌། འགྲོ་བ་རྣམས་ཀྱིས་མི་མཐོང་བའི་ཕྱིར། དབུས་སུ་འབྱུང་ཞིང་གནས་པའམ། སྐྱེ་བ་མེད་པའི་ཕྱིར་མཐའ་མིན་འབྱུང་བ་སྟེ། དངོས་པོ་རྣམས་ཀྱི་མཐར་འབྱུང་བ་མ་ཡིན་ལ། དངོས་པོ་རྣམས་འགགས་ཀྱང་འདི་ལ་འགག་པ་མེད་པའི་ཕྱིར་རྟག་ཏུ་གནས་པས་ན་ཐམས་ཅད་ཀྱི་མཐར་འབྱུང་བ་རྣམས་ཀྱང་ཡིན་ནོ། །མཚན་ཉིད་དེ་འདྲ་དང་ལྡན་པ་དག་ནི། ཐམས་ཅད་སྟོང་པ་འོད་གསལ་བར་དམ་པ་བཅོམ་ལྡན་འདས་རྣམས་ཀྱིས་རབ་ཏུ་གསུངས་སོ། །གནས་ལུགས་ཀྱི་འོད་གསལ་དེ་ལྟར་ཡིན་པ་བཞིན། དེ་རྟོགས་བྱེད་ཀྱི་ཡེ་ཤེས་བློས་བསྡུས་པ་ཡང༌། ཡུལ་དེ་ཉིད་ཀྱི་རྣམ་པ་ཇི་བཞིན་དུ་འཆར་པ་ཡིན་པས། སྔོན་པོས་ཁ་བསྒྱུར་བའི་ཤེལ་ལ་ཤེལ་སྔོན་པོ་ཞེས་ཟེར་བ་ལྟར། དེ་ལ་ཡང་སྐྱེ་འགག་མེད་པ་ལ་སོགས་པའི་ཐ་སྙད་འཇུག་གོ །ཚིགས་བཅད་འདི་ཆག་འགྱུར་ལས། ཐོག་མར་འབྱུང་མིན་ཡང་ན་ཐོག་མར་འབྱུང༌། །དབུས་འབྱུང་མིན་ཡང་ཡང་ན་དབུས་སུ་འབྱུང༌། །མཐར་འབྱུང་མིན་ཡང་ཡང་ན་མཐར་འབྱུང་སྟེ། ། ཐམས་ཅད་སྟོང་པར་དམ་པོས་རབ་ཏུ་གསུངས། །ཞེས་བསྒྱུར་བ་གོ་བདེའོ། །ཡེ་ཤེས་དེའི་རང་དོན་ཡུལ་ཕྱོགས་ལ་འགྲོ་འོང་ཡང་མེད་ཅིང༌། དུས་འདས་པར་འགྲོ་བ་དང་ནི་ད་ལྟར་བ་དང་མ་


TNT05_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པར་འོང་བའང་མེད་ལ། སྒྲིབ་པ་གདོད་ནས་མ་གྲུབ་པའི་ཕྱིར་གཉེན་པོས་ཟད་པ་ཡང་མེད་པ་དང༌། དོན་དམ་པའི་ཡོན་ཏན་ངོ་བོ་ཉིད་དུ་གནས་པའི་ཕྱིར་དང༌། ཡོན་ཏན་འཕེལ་བ་ཡང་མེད་དོ། །ཟད་པ་མིན་པའི་ཕྱིར་དངོས་མེད་མིན་ལ། འཕེལ་པ་མིན་པའི་ཕྱིར་དངོས་པོ་ཡང་མིན་ནོ། །ཡང་ན་སྤྲོས་པ་བྲལ་པའི་ཕྱིར་དངོས་པོ་ཡང་མིན་ལ། བདེ་བ་ཆེན་པོའི་ཕྱིར་དངོས་མེད་ཀྱང་མིན་ནོ། །སྔོན་མ་མཐོང་པའི་དཀྱིལ་འཁོར་མཐའ་དག་སྤྲོ་བ་སོགས་ངོ་མཚར་བའི་གཟུགས་དེ་རང་བཞིན་ཅན་ཡིན་ཞིང༌། རྣམ་པ་ཐམས་ཅད་པ་དེ་གདོད་ནས་གནས་གནས་པ་ཡིན་པས་རྟག་ཏུ་གནས་པའི་ཕྱིར་ངོ་མཚར་མིན་པའོ། །ཡང་ཀུན་རྫོབ་ཁོ་ན་དང་བསྟུན་ན། ཇི་སྐད་དུ། ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་མཚན་ཆེ་བའང་མིན། ཞེས་པ་ལྟར་རོ། །འཁོར་བ་རང་བཞིན་མ་གྲུབ་ཅིང་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཕྱིར། གནས་བྱ་གནས་བྱེད་མ་གྲུབ་པས་གནས་པར་འགྱུར་བ་ཡང་མིན་ལ། ནམ་ཡང་འཇིག་པ་མེད་པའི་ཕྱིར་མྱུར་དུ་འགྲོ་བ་ཡང་མིན་ནོ། །གང་ཞིག་འོད་གསལ་དེ་ནི་རྣམ་ཤེས་ཀྱིས་མཐོང་ཡུལ་དུའང༌། བློས་གཅད་བྱར་མ་གྲུབ་པས་ཡོད་པའི་ཐ་སྙད་དང་བྲལ་ཞིང༌། བདེ་ཆེན་དུ་མྱོང་ལ་འགྱུར་མེད་དུ་ཡང་གནས་ཤིང༌། རྣམ་པ་ཀུན་ལྡན་ཡང་ཡིན་པའི་ཕྱིར་མེད་པའི་ཐ་སྙད་དང་ཡང་བྲལ་ལོ། །བསོད་ནམས་ཀྱི་གཟུགས་ཚོར་བ་བདེ་བ་ཡུལ་བཅས་ཀྱང་མ་ཡིན་ལ། སྡིག་པའི་གཟུགས་ཚོར་བ་སྡུག་བསྔལ་ཡུལ་དང་བཅས་པ་ཡང་མ་ཡིན་ནོ། །བསོད་


TNT05_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་སྡིག་པ་དག་གཉིས་འདུས་ཀྱི་བདག་ཉིད་ཀྱང་མིན་ཞིང༌། གཉིས་ཀྱི་བར་མ་བཏང་སྙོམས་ཀྱང་མིན་ལ། མཆོག་སྟེ་བདེ་བ་དམ་པར་གྱུར་པ་ནི་ཡིན་ནོ། །བདེ་བ་ཡིན་ཡང་ཚོར་པ་བདེ་བ་མ་ཡིན་ལ། ཉམས་སུ་མྱོང་ཚོར་མ་ཡིན་ཞེས་པ་འདི་གོ་བ་གལ་ཆེ་སྟེ་མཁས་པ་ཐམས་ཅད་ཀྱང་བློ་གྲོས་འཁྲུགས་པར་གྱུར་པའི་གནས་འདི་ཆེས་ཟབ་པོ། །དེ་ལྟར་བཤད་པ་དེ་ནི། འོད་གསལ་ཐམས་ཅད་སྟོང་པ་ཡིན་པར་རྒྱལ་བ་སངས་རྒྱས་ཀྱིས་གསུངས་སོ། །གསུམ་པ་རིམ་པ་འདི་ལ་གནས་པའི་གང་ཟག་གི་ཆེ་བ་ནི། རྣལ་འབྱོར་པས་ནི་དེ་ལྟའི་དེ་ཉིད་ཐོབ། །རྒྱུ་དང་མི་རྒྱུའི་བདག་ཉིད་འགྲོ་གཉེན་གཅིག།ཡེ་ཤེས་རང་བཞིན་མི་ཡི་སེང་གེ་གང༌། །མི་ཟད་ལུས་ཐོབ་མ་ལུས་འགྲོ་བར་རྒྱུ། །དེ་ནི་ཡོན་པོའི་ལུས་ཀྱང་དྲང་པོ་ཡིན། །སྟན་ལ་གནས་མེད་གྱུར་ཀྱང་གནས་པ་ ཡིན། །དེ་ནི་མིག་བཙུམ་གྱུར་ཀྱང་རྣམ་རྒས་མིག།དེ་ནི་མཉམ་མ་བཞག་ཀྱང་མཉམ་བཞག་ཡིན། །དེ་ནི་ཚིག་དང་བྲལ་ཡང་བརྗོད་བྲལ་ཡིན། །དེ་ནི་ལོངས་སྤྱོད་ལྡན་ཡང་བཟུང་བྲལ་ཡིན། །དེ་ནི་འཇིག་རྟེན་མགོན་ཡང་གཞན་བྲལ་ གྱུར། །གང་ཞིག་དེ་ཉིད་རྟོགས་ཤིང་ཉེས་ཀུན་ཟད། །ཅེས་པ་སྟེ། འོད་གསལ་གྱི་མན་ངག་ལག་ལེན་དུ་ཐོབ་ནས། འོད་གསལ་གྱི་རིམ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པ་དེའི་ཕན་ཡོན་དང་ཆེ་བ་བསྟན་པའོ། །སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་སློབ་མ་རྣལ་འབྱོར་པ་དེས་ནི། གོང་དུ་བཤད་པ་དེ་ལྟ་བུའི་འོད་གསལ་གྱི་དེ་ཁོ་ན་ཉིད། བླ་མའི་


TNT05_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ལས་ཐོབ་ཅིང་རྒྱུད་ལ་སྐྱེས་པ་ན། རྣལ་འབྱོར་པ་དེ་ནི་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པ་སྟེ། རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཀྱི་འགྲོ་བ་ཐམས་ཅད་ལ་ཕན་པ་སྒྲུབ་པའི་གཉེན་གཅིག་པུའོ། །རྒྱུ་མི་རྒྱུ་ནི་སྣོད་བཅུ་གཉིས་ལ་བཤད་ན། སྣོད་ཀྱི་འཇིག་རྟེན་ལ་གཉེན་གྱི་ཐ་སྙད་མི་བདེ་བས། རྒྱུ་བ་འགྲོ་བ་རིགས་དྲུག་དང་མི་རྒྱུ་བ་བར་དོའི། རྒྱུ་བ་འདོད་ཁམས་དང༌། མི་རྒྱུ་བ་གཟུགས་ཁམས་གཟུགས་མེད་གཉིས་སུ་འཆད་པ་ལྟར་བདེའོ། ཁ་ཅིག་རྒྱུ་བ་དང་མི་རྒྱུ་བ་ས་དང་ནམ་མཁའ་ལ་གནས་པ་ཞེས་འཆད་པ་ལ་རྒྱུ་མཚན་མེད་ཅིང༌། གཞན་དག་འཁོར་བ་པ་དང་འཕགས་པའི་འགྲོ་བ་ལ་འཆད་དེ། འདི་སྐབས་རྣལ་འབྱོར་པ་དེས་འཕགས་པ་དངོས་མ་ཐོབ་པས། འཕགས་པའི་འགྲོ་དོན་བྱེད་པར་སྦྱོར་དུ་མི་རུང་བ་འདྲའོ། །ཡང་ཕུལ་དུ་བྱུང་བའི་ཚིག་ལ་ངེས་པ་མེད་ཀྱང༌། གཞུང་འདི་དག།རྣམ་གཞག་གཏན་ལ་འབེབས་པ་ཡིན་གྱི། བསྟོད་པ་དང༌། ཉམས་མགུར་ལ་སོགས་པ་ཧབ་འགྲོས་བྱེད་པའི་སྐབས་མིན་པས་ངེས་པོ་ཏིག་པོར་བཤད་དགོས་སོ། །རྣལ་འབྱོར་པ་དེ་ནི་དོན་དམ་དབྱིངས་ལ་ཤིན་ཏུ་ཕྱོགས་པ་ཡིན་པས། ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་ལ་གནས་ལུགས་རིག་པས་ལོག་པའི་ལམ་དུ་ཞུགས་པ་ཐམས་ཅད་དངོས་སུ་སུན་དབྱུང་ནུས་པའི་ཕྱིར། གང་ཞིག་མིའི་ནང་ན་སེང་གེ་ལྟར་བག་ཚ་བ་མེད་པའོ། །མི་ཟད་པའི་ལུས་ཞེས་པ་མི་འཇིག་པའི་སྐུ་སྟེ། བདེ་བ་ཆེན་པོའི་སྐུ་རྗེས་མཐུན་པ་ཐོབ་པས། མ་ལུས་ཤིང་ལུས་པ་མེད་པའི་གནས་ཏེ་སྐབས་སུ་བབ་པའི་གནས་རིགས་


TNT05_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་སེམས་ཅན་གྱི་དོན་སྤྱོད་པའི་ཕྱིར་རྒྱུ་བར་བྱེད་དོ། །འདིར་བདེ་བ་ཆེན་པོ་མི་ཟད་ཅིང་མི་འགྱུར་པའི་སྐུ་ཅུང་ཟད་ཐོབ་པར་གསུངས་པ་དང༌། རྒྱུད་གཞན་ལས་ཏིང་འཛིན་གྱི་ཡན་ལག་ལ་མི་འགྱུར་བའི་བདེ་བ་འཕེལ་བར་གསུངས་པ་གཉིས་དོན་གཅིག་ཅིང་འདིར་མ་ལུས་འགྲོ་བར་རྒྱུ་ཞེས་པ་དང༌། དེ་དག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་མ་མཐོང་བའི་དོན་མཐོང་བ་ནས། སྟོང་དང་ཉེར་བཞིའི་དོན་མཐོང་བའི་བར་དུ་བཤད་པ་རྣམས་ཀྱང་དོན་གཅིག་གོ །དེ་ནི་ཡོན་པོ་ཞེས་སོགས་ལ། ཆག་འགྱུར་ལས། དེ་ནི་སྨད་པའི་ལུས་ཀྱང་མ་སྨད་ལུས། ཞེས་བསྒྱུར་ཏེ། དོན་ལུས་ཡོ་བ་སོགས་ལུགས་ཀྱི་རྣམ་འགྱུར་དང་སྤྱོད་ལམ་ངན་པར་བསྟན་ཀྱང་རང་ཉིད་ཀྱི་ཡེ་ཤེས་འཕེལ་ཞིང་སེམས་ཅན་མང་པོ་སྨིན་པར་ནུས་པ་ཡིན་པས་དྲང་པོ་སྟེ་ཐམས་ཅད་ཀྱིས་བསྟོད་པར་འོས་ཤིང་ཕུན་སུམ་ཚོགས་པའི་ལུས་ཡིན་ནོ། ཁུར་འཁུར་ཞིང་རྒྱུ་བ་ལ་སོགས་པས་རགས་པའི་ལུས་དེ་སྟན་ལ་གནས་པ་མེད་པར་གྱུར་ཞིང་བྲེལ་བྲེལ་འཕོངས་འཕོངས་ལྟར་འདུག་ཀྱང་དེའི་ཡེ་ཤེས་ཀྱི་ལུས་ནི་བདེ་བ་ཆེན་པོའི་སྟན་ལ་རབ་ཏུ་གནས་པ་ཕུན་སུམ་ཚོགས་པའི་འབྱོར་པ་ཅན་ཡིན་ནོ། །དེ་ནི་ཆུ་བུར་གྱི་མིག་འདི་བཙུམ་པ་ནས་ལོང་པའི་བར་དུ་གྱུར་ཀྱང་ཡེ་ཤེས་ཀྱི་མིག་ཤེས་བྱའི་གཟུགས་ཐམས་ཅད་ལ་རྣམ་པར་རྒྱས་ཤིང་རབ་ཏུ་ཕྱེ་བ་ཡིན་ཏེ། བྲམ་ཟེ་ཡེ་ཤེས་རྡོ་རྗེའི་གཏམ་རྒྱུད་སྦྱར་རོ། །དེ་ནི་འདོད་ཡོན་ལ་རྩེ་བ་དང༌། ཞིང་ལས་ལ་སོགས་པའི་བྱ་བས་གཡེངས་ཏེ་མཉམ་པར་མ་གཞག་


TNT05_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་འདུག་ཀྱང་ལྷ་སྐུ་དང་བདེ་ཆེན་གྱི་ཡེ་ཤེས་ལ་རྟག་ཏུ་མཉམ་པར་གཞག་པ་ཡིན་ཞིང༌། དེ་ནི་ཆོས་སྟོན་པ་ན་འགལ་འབྲེལ་ལ་བརྟེན་ནས་དགག་སྒྲུབ་རྣམ་པར་འཇོག་པ་དང༌། འཕྲལ་གྱི་བྱ་བ་ལའང་བླང་དོར་མང་པོའི་ཚིག་སྟོན་པས་སྒྲ་རྟོག་ལ་མངོན་པར་ཞེན་པ་ལྟར་སྣང་ཡང༌། སྒྲ་ཐམས་ཅད་བྲག་ཆ་ལྟར་རྟོགས་པའི་ཕྱིར་བརྗོད་བྲལ་གྱི་དབྱིངས་ལས་མ་འདས་པ་ཡིན་ནོ། །དེ་ནི་ནོར་དང་གཡོག་དང་ཞིང་དང་ཕྱུགས་ལ་སོགས་པ་ལོངས་སྤྱོད་དུ་མ་དང་ལྡན་ཡང་ཐམས་ཅད་སྒྱུ་མ་ལྟར་རྟོགས་པའི་ཕྱིར་ཡོངས་སུ་བཟུང་བ་དང་བྲལ་བའི་ཀུན་སྤངས་ཀྱི་རྣལ་འབྱོར་པ་ཆེན་པོ་ཡང་ཡིན་ལ། དེའི་རྗེས་སུ་དེ་ནི་འཇིག་རྟེན་སོགས་ལ། ཆག་འགྱུར་ལས། དེ་ནི་གཞན་བྲན་གྱུར་ཀྱང་འཇིག་རྟེན་མགོན། ཞེས་གོང་འོག་བསྒྱུར་བ་ལེགས་སོ། །དེའི་རྒྱུ་མཚན་དམན་པ་ལྟར་སྣང་ཡང་ཆེས་མཆོག་ཏུ་གྱུར་པ་ཡིན་པར་སྟོན་པའི་ཚིག་གི་སྡེ་ཚན་ཡིན་པས་ན། སྔ་མ་རྣམས་ཀྱི་རིམ་པ་དང་འགྲིག་པར་སྣང་བའི་ཕྱིར་རོ། །འོན་ཀྱང་དེ་དག་ལ་དོན་གྱི་སྒོ་ནས་ཁྱད་མེད་དོ། །དེ་ནི་སེམས་ཅན་གཞན་ཐམས་ཅད་ཀྱི་དོན་རང་ཉིད་ཀྱིས་ཁུར་དུ་བླངས་ཏེ་སྒྲུབ་པར་མཛད་པའི་ཕྱིར། གཞན་གྱི་བྲན་དུ་གྱུར་པ་ཡིན་ཡང༌། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་ལས་སྐྱོབ་པའི་སྐྱབས་དང༌། ཡོན་ཏན་དུ་མས་མངོན་པར་མཐོ་བའི་བདག་ཉིད་ཀྱི་ཕྱིར་གཙོ་བོ་དང་མགོན་པོའོ། ། རྣལ་འབྱོར་པ་དེ་ལྟ་བུ་གང་ཞིག་དོན་དམ་པ་གནས་ལུགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་


TNT05_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཉམས་སུ་བླང་བ་དང་ཐོབ་པར་འགྱུར་བའི་དུས་ཀྱི་རིམ་པ་སོགས་ཉམས་འོག་ཏུ་ཆུད་པའི་སྒོ་ནས་རྟོགས་ཤིང༌། ལུས་ངག་ཡིད་གསུམ་ཉེས་པ་སྟེ་ཉོན་མོངས་རྣམས་ཀྱི་དབང་དུ་མི་འགྱུར་བས་ཉེས་པ་ཀུན་གྱི་སྟོབས་ཟད་པ་ཡང་ཡིན་ནོ། །དེ་ལ་ཉེས་པའི་སྟོབས་ཟད་པ་ནི་ཡེ་ཤེས་ཀྱི་སྟོབས་རྒྱས་པའི་མཐུ་ཡིན་ལ། མདོ་སྡེའི་ཚུལ་ལས། ངེས་འབྱེད་ཡན་ལག་ཕྱི་མ་གཉིས་ལ་སྟོབས་ལྔ་ཐོབ་པར་བཤད་པ་དང་དོན་གཅིག་གོ །བཞི་པ་འོད་གསལ་གྱི་སྒྲུབ་པ་རྣལ་འབྱོར་རྣམ་པ་གཉིས་ངོས་བཟུང་བ་ནི། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང༌། །དེ་བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག།རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོར་འོད་གསལ་བར་བྱ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་ཞིག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཞེས་གསུངས་ཏེ། དེ་ལ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་ཞེས་བྱ་བ་ནི། སྐབས་འདིར་འོད་གསལ་དུ་འཇུག་པའི་ཐབས་ཀྱི་བསམ་གཏན་རྣམ་པ་གཉིས་ཡིན་ན། འདི་ལ་དངོས་བཏགས་མ་ཕྱེ་ན། དཔེ་ཙམ་དུ་རྣམ་པ་ལམ་བྱེད་ཀྱི་སྒོ་ནས་རྗེས་མཐུན་པ་བསྒོམ་པ་དང༌། དོན་མངོན་


TNT05_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་ཚུལ་གྱིས་དངོས་སུ་བསྒོམ་པ་གཉིས་སོ། །དེ་ལ་དང་པོ་ནི། འོད་གསལ་གྱི་རིམ་པ་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པས་བསྒོམ་དགོས་པ་མིན་ཡང༌། བསྐྱེད་རིམ་པ་དང༌། ལུས་དབེན་པ་དང༌། ངག་དབེན་པ་རྣམས་ཀྱིས་གཙོ་བོར་བསྒོམ་བྱ་དང༌། སེམས་དབེན་པས་ཐོག་མར་ཡང་ཅུང་ཟད་བསྒོམ་དགོས་སོ། །དེ་ཡང་སྙིང་གར་སེམས་དཔའ་གསུམ་བརྩེགས་ལྟ་བུ་བསྒོམས་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས། རང་ཉིད་དམ་ཚིག་སེམས་དཔའ་འོད་དུ་ཞུ་ནས་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་དང༌། དེ་ཡང་ན་ད་ལ་སོགས་པའི་བར་དུ་བསྡུས་ནས། ན་ད་ཡང་སྟོང་པར་སྦྱང་བ་ནི་རིལ་པོར་འཛིན་པའོ། །ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། དང་པོར་སྣོད་བཅུད་རྣམས་དཀྱིལ་འཁོར་དུ་བྱས། དེ་ནས་དེ་རྣམས་འོད་གསལ་དུ་བཅུག་ནས། མཐར་རང་ཉིད་སྔར་བཞིན་བསྡུ་བ་ནི་རྗེས་སུ་གཞིག་པའི་རིམ་པ་ཡིན་ཏེ། འདི་དག་ལ་འགོས་ལུགས་པ་རྣམས་ནི། རྩ་བའི་ལྷ་ཡིན་པའི་ཕྱིར་རྡོ་རྗེ་འཆང་གི་རིལ་གཞིག་དང༌། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས་རྡོ་རྗེ་གསུམ་གྱི་རིལ་གཞིག་གསུངས་པ་དང༌། དེའི་སྔོན་དུ་ནམ་མཁའ་རྡོ་རྗེའི་དམ་ཚིག་གི་སྐབས་སུ་རྗེས་གཞིག་གསུངས་པས་འགྲེལ་པའི་དངོས་བསྟན་ལ་མེད་ཀྱང༌། དྲན་པ་གཅིག་པའི་རྣལ་འབྱོར་བཤད་པ་རྣམས་ལ་ཡང་དོན་གྱིས་ཐོབ་པར་བསམས་སོ། །དེ་ཡང་རྒྱུད་ལས། དམ་ཚིག་ཡེ་ཤེས་རྫོགས་བྱས་ཏེ། །ཚིག་གི་དམ་ཚིག་ལྔ་ཡི་མཆོག །ཆོས་ཀྱི་ཚིག་གི་ལམ་


TNT05_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ། །རྡོ་རྗེ་ཆོས་དང་མཚུངས་པར་འགྱུར། །ཞེས་པའི་ཐད་ཀྱི་སྒྲོན་གསལ་དུ། །ཚུལ་འདི་ཉིད་ཀྱིས་ལྔ་ཡི་མཆོག་སྟེ། དེ་བཞིན་གཤེགས་པ་ལྔ་པོ་རྣམས་སེམས་དཔའ་གསུམ་བརྩེགས་པ་བྱས་ནས་བསྒོམ་པར་བྱའོ། །ཞེས་དང༌། རྡོ་རྗེ་ནི་ཀུན་རྫོབ་ཀྱི་བདེན་པའོ། ། ཆོས་ནི་དོན་དམ་པའི་བདེན་པ་སྟེ། ཆོས་དང་ལྡན་པའི་རྡོ་རྗེ་ནི་རྡོ་རྗེ་ཆོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། དེ་ཐོབ་པར་འགྱུར་བའོ། །ཞེས་པའི་དོན་དུ་འགྱུར་བར་མཐོང་ནས། རིགས་ལྔའི་རིལ་འཛིན་དང་རྗེས་གཞིག་ཀྱང་འདོད་ཅིང༌། དེ་དག་ལ་ཡང་སོ་སོར་བསྒོམ་པ་དང་སྦྲགས་ཏེ་བསྒོམ་པ་ལ་སོགས་པའི་རྣམ་གཞག་དུ་མ་བྱེད་དོ། །མར་ལུགས་པ་རྣམས་ནི་རྡོ་རྗེ་འཆང་གི་རིལ་གཞིག་ཁོ་ན་སྒོམ་པར་ཡང་འདོད་མོད་ཀྱི། དོན་ལ་འདི་ལ་ནི་ལྷའི་རྣམ་པ་དང་ས་བོན་གྱི་ཁྱད་པར་ལས་གཞན་མི་སྣང་བས་དེ་དག་ལ་འདི་དག་རུང་མི་རུང་གི་དབྱེ་བ་མེད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་པ་གང་ལ་སྦྱར་ཀྱང་རུང་སྟེ་དགོས་དོན་ལ་ཁྱད་པར་མེད་དོ། །གང་ལྟར་ཡང་རང་ལུས་ལྷ་སྐུ་ཁོ་ན་སྟོང་པར་བསྡུ་བ་ནི་རིལ་འཛིན་དང༌། ཐོག་མར་ཕྱི་རོལ་སྣོད་བཅུད་ཀྱི་སྣང་བ་བསྡུས། དེ་ནས་རང་བསྡུ་བ་ནི་རྗེས་གཞིག་གོ །གཉིས་པ་མངོན་གྱུར་ཚུལ་གྱིས་བསྒོམ་པ་ནི་བཤད་མ་ཐག་པའི་འདི་ལྟ་བུའི་རྟོག་བཅས་ཀྱི་སྒོམ་པ་ཉེ་ཚེ་བ་མ་ཡིན་ཏེ། སེམས་ལྷན་ཅིག་སྐྱེས་པའི་བདེ་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པར་གྱུར་པ་


TNT05_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྩ་གནས་གཞན་ནས་ཞུ་སྟེ། ཀུན་རྫོབ་ཀྱི་རྩ་དབུ་མའི་ནང་དུ་ཞུ་ཞིང་འབབ་པས་མཐར་དོན་དམ་པའི་རྩ་དབུ་མར་ཐིམ་ནས། ལམ་གྱིས་བསྡུས་པའི་འོད་གསལ་གྱི་བཞོན་པའི་རླུང་གི་རང་བཞིན་གྱི་ཐིག་ལེར་གྱུར་པ་ན། སྒྱུ་མའི་སྐུ་དང་འབྲེལ་བའི་སྣང་བ་རབ་འབྱམས་དེ་དག་ཀྱང་རྣལ་འབྱོར་པ་རང་ཉིད་ཀྱི་སྣང་བ་ལ་གཅིག་ཏུ་འདུས་ཤིང་མཐར་བདེ་བ་ཆེན་པོ་གཅིག་གི་ངོ་བོར་འགྱུར་རོ། །དེའི་རྒྱུ་མཚན་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཤར་བ་ལ་མཉམ་པར་བཞག་པས། ཕུང་ཁམས་སྐྱེ་མཆེད་ཀྱི་རླུང་རྣམས་འདུས་ཤིང་དབུ་མར་ཐིམ་པའི་རྐྱེན་གྱིས་ཡིན་ཏེ། རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་རྣམས་ཁོ་ན་འོད་གསལ་དུ་འཇུག་པ་འདི་ནི་རིལ་པོར་འཛིན་པ་ཡིན་ནོ། །རིམ་པ་དེ་འདྲ་གཅིག་སྔོན་དུ་སོང་ནས་ཞུ་བདེའི་ཉམས་མྱོང་ཤིན་ཏུ་འཐུག་པ་ཅིག་འདུག་པ་དེ་སྤྲོས་ཤིང་བཤིག་ནས་ཐ་མལ་གྱི་སྣང་བ་ཀུན་ལ་རྒྱས་བཏབ་པས། དེ་རྣམས་ཀྱང་སྒྱུ་མ་ལྟ་བུའི་ལྷ་སྐུའི་རྣམ་པར་རང་འགྱུར་དུ་འགྲོ་ཞིང༌། ད་དུང་དེ་ལ་བདེ་བའི་རྒྱས་བཏབ་ཡུན་བསྲིངས་ན། ཐ་མལ་གྱི་སྣང་བ་དང་ལྷར་སྣང་གཉིས་ཀར་ནུབ་སྟེ། སྣང་མེད་ཀྱི་བདེ་ཆེན་ནམ་མཁའ་ལྟར་ཁྱབ་པ་ཞིག་འབྱུང་ངོ༌། །དེ་ལྟར་ཡོད་པའི་རྒྱུ་མཚན་སེམས་ཀྱི་རང་བཞིན་དང་དབྱེར་མི་ཕྱེད་པའི་ཞུ་བདེ་དེས་ལས་སྣང་འདི་ཀུན་ལ་རྒྱས་བཏབ་པ་ན། རང་གི་ལུས་སེམས་ཀྱི་སྟེང་གི་ཕྱི་གཟུང་བའི་སྣང་བ་སྣ་ཚོགས་འཆར་བའི་ནུས་པ་ཅན་གྱི་རླུང་དེ། ཐིག་ལེ་དང་ལྷན་ཅིག་ཚུར་འདུས་པ་ན་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར། དེ་དབུ་མར་ཐིམ་པ་ན་ཕྱིའི་ལྷ་


TNT05_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་སྣང་བ་ནུབ་སྟེ་བདེ་ཆེན་གཅིག་པུར་འགྱུར་རོ། །དེ་ལྟར་སྣང་བ་རྣམས་བདེ་སྟོང་ཙམ་དུ་ཤར་བའི་སྐབས་དེར། ལྷན་སྐྱེས་ཀྱི་ངོ་བོ་ཉིད་ལ་མཉམ་པར་བཞག་པས། འཛིན་པ་ལུས་ཀྱི་ཆོས་སུ་གཏོགས་པ་དང༌། རྣམ་ཤེས་དྲུག་གི་སྣང་བ་སྐྱེད་པའི་རླུང་རྣམས་སྔར་བཞིན་འདུས་ཏེ་ཐིམ་པས་རང་ལུས་ཀྱི་གོ་སར་གནས་པའི་སྒྱུ་ལུས་ཀྱི་དཀྱིལ་འཁོར་དེ་ཡང་མི་སྣང་བར་སྔར་གྱི་བདེ་སྟོང་མཁའ་མཉམ་དེ་དང་རོ་གཅིག་ཏུ་འདྲེས་འགྲོ་སྟེ། རྗེས་སུ་གཞིག་པའི་རྣལ་འབྱོར་རོ། །གཉིས་ཀར་ཕྱི་ནས་ནང་དུ་སྡུད་པའི་གོ་བ་འདྲ་རུང་བ་ཞིག་ཡོད་ཀྱང་སེམས་བདེ་སྟོང་ཁྱབ་བརྡལ་ཙམ་ཞིག་ལ་མཉམ་པར་འཇོག་པ་ཡིན་པས་ཕྱོགས་ཆས་བསྡུས་པའི་མཐའ་ནས་དབུས་སུ་ཐིམ་པ་ནི་མ་ཡིན་ལ། རྟེན་སྒྱུ་ལུས་ཀྱི་ལྷ་སྐུ་ནི་དངོས་སུ་གྲུབ་པ་ཡིན་པས། སྐབས་དེར་རྩ་བ་ནས་མེད་མི་འགྲོ་ཡང༌། ཞུ་བདེ་དང་རང་བཞིན་གྱི་བདེ་བ་ཆེན་པོས་བྱིན་གྱིས་བརླབས་ཚུལ་ཤིན་ཏུ་ཤུགས་ཆེ་ཞིང་ཁྱབ་པའི་ཚུལ་གྱིས་བྱུང་བ་ཡིན་ཞིང༌། དེའི་སྟོབས་ལས་རྣལ་འབྱོར་པ་རང་ཉིད་ཀྱི་སྣང་ངོར་བདེ་སྟོང་ཁོ་ནས་ཤུགས་ཁྱེར་ཏེ་ལྷ་སྐུའི་སྣང་བ་ནུབ་པ་ནི་ཡིན་ཏེ། དེ་སྐབས་སྒྱུ་མའི་ལྷ་འོད་གསལ་དུ་ཐིམ་པའི་ཐ་སྙད་འཇོག་གོ །དེ་ལྟར་ན་སྣང་བ་ནུབ་ནས་སྟོང་པར་ཐིམ་པ་ཡིན་པས། སྤྱི་ལྡོག་ནས་རིལ་གཞིག་གཉིས་ཀ་སྤྲོ་བསྡུའི་རིམ་པ་གཉིས་ཀྱི་ནང་ནས་བསྡུ་རིམ་ཡིན་ལ། དེ་གཉིས་པོ་རང་ལ་བལྟོས་པའི་ཡང་རིལ་འཛིན་ནི་བསྡུས་རིམ་ཁོ་ན་ཡིན་ཞིང༌། རྗེས་གཞིག་ནི་ཕྱི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བསྡུས་པའི་མཁའ་མཉམ་དེ་


TNT05_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་ལུས་ཕར་བསྲེ་བ་ལྟ་བུ་ཡིན་པས་སྟོང་པའི་ཡེ་ཤེས་སྤྲོ་བའི་རིམ་པ་ཡང་ཡིན་ནོ། །དེའི་ཕྱིར་འདི་གཉིས་ཅར་གྱིས་མ་དག་པའི་སྣང་བ་འོད་གསལ་དུ་བསྡུས་ནས་དེ་ལ་གནས་པའི་བྱ་བ་བྱེད་ཅིང༌། རྗེས་གཞིག་ནི་རྒྱུ་བདེ་སྟོང་སྤྲོ་བར་བྱེད་པའི་ཕྱིར། འོད་གསལ་ལས་ལངས་ནས་འབྲས་བུ་དཀྱིལ་འཁོར་སྤྲོ་བའི་རིང་རྒྱུ་ཡང་བྱེད་དོ། །སྔར་སྨོས་པའི་དཔེ་ཙམ་གྱི་རིལ་གཞིག་དེ་ཡང་དམིགས་པ་གསལ་པོས་བསྒོམས་ན། ལས་དང་པོ་པའི་གནས་སྐབས་སུ་སྟོང་གསལ་གྱི་ཉམས་ཡིད་དུ་འོང་བ་སྐྱེ་བ་དང༌། ནད་མེད་པ་དང༌། ལུས་ཡང་བ་དང༌། ཕྱི་ནང་གི་སྲིན་བུ་སྤོང་བ་དང༌། རྒས་ཁ་སྲ་བ་དང༌། རླུང་རགས་པ་འདི་རགས་པའི་རྩ་དབུ་མར་ཅུང་ཟད་ཆུད་པ་སོགས་དང༌། ལས་དང་པོ་པའི་སྐབས་ཀྱི་གཉིད་ཀྱི་འོད་གསལ་ཟིན་པ་དང༌། གཏུམ་མོའམ་ཕྲ་ཐིག་སོགས་དང་བསྲེས་ནས་བསྒོམས་ན་ལྷག་པར་བོགས་ཆེ་བ་སོགས་ཡོད་མོད་ཀྱི། འོད་གསལ་གྱི་རིམ་པ་ལ་གནས་པའི་རྣལ་འབྱོར་དབང་ཕྱུག་ཆེན་པོས་དོན་གྱི་འོད་གསལ་སྒྲུབ་པའི་ཐབས་ངོས་འཛིན་པ་ན། དམིགས་པ་ཉེ་ཚེ་བ་དེ་ཙམ་ཞིག་ཡིན་པར་འདོད་པ་ནི་རྒྱལ་པོ་རྣམས་བྱ་དགའ་སྟེར་བ་དང༌། མཚོན་ཆས་གཡུལ་འགྱེད་པ་གཉིས་ལ་བརྟེན་ནས་དགྲ་རྣམས་འཇོམས་པར་བྱེད་དོ་ཞེས་པ་ཐོས་ན། དེ་ནི་སྐུད་པ་དག་སྟེ་ཞིང་ཁབ་ཀྱིས་འཁྲུག་པར་བྱེད་པའོ་སྙམ་དུ་སེམས་པ་དང་འདྲའོ། །དེས་ན་དེ་དག་ནི་དཔེ་ཙམ་ལ་དོན་དུ་འཁྲུལ་བ་ཡིན་ནོ། །ཚིག་དོན་ནི། སྔར་སློབ་དཔོན་ལ་མན་ངག་ཐོབ་ཟིན་པའི་སློབ་མ་ཡིས་རིམ་པས་དོན་གྱི་འོད་གསལ་ཐོབ་པའི་ཕྱིར།


TNT05_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཐོབ་པའི་རྗེས་དེ་ནས་རྣལ་འབྱོར་རྣམ་པ་གཉིས་ལ་ཡུན་བསྲིངས་ཏེ་བསླབ་པར་བྱའོ། །གཉིས་གང་ཞེ་ན་རིལ་པོ་སྟེ་རང་རྒྱུད་ཀྱི་ཕུང་པོ་རྣམས་འོད་གསལ་དུ་འཛིན་ཞིང་དབང་བསྒྱུར་བར་བྱེད་པའི་རིམ་པ་དང༌། དེ་བཞིན་དུ་སྣང་བ་ཐམས་ཅད་རྗེས་སུ་སྟེ་ཡང་ཡང་སྟོང་ཉིད་དུ་གཞིག་པར་བྱེད་པའི་རིམ་པའོ། །ལྷན་སྐྱེས་ལ་མཉམ་པར་བཞག་པའི་སྟོབས་ཀྱིས། རྩ་བདུན་ཁྲི་ཉིས་སྟོང་གི་རླུང་དང་ཐིག་ལེ་རྣམས་མགོ་བོ་སྟེ་སྤྱི་བོའི་འཁོར་ལོར་འདུས་ནས་དབུ་མར་ཞུགས་ཤིང་ནོར་བུའི་བར་དུ་འབབ་པ་དང༌། འོག་ཏུ་རྐང་མཐིལ་གྱི་བར་དུ་རྒྱུ་བའི་རླུང་རྣམས་རྗེས་ཆགས་ཀྱིས་བསྐུལ་ནས་ཡར་ལྡོག་སྟེ་དབུ་མར་ཐིམ་པས། འདོད་ཆགས་ཆེན་པོའི་གཟི་འོད་མེ་ལྟར་རབ་ཏུ་འབར་བས་ཇི་སྲིད་དུ་གསང་གནས་ནས་སྙིང་ག་ཡན་ཆད་དུ་རླུང་དང་རྗེས་ཆགས་ཀྱི་གཟི་འོད་ཀྱིས་ཐིག་ལེ་དབུ་མའི་ནང་ནས་ཡར་སོང་སྟེ། སྤྱི་བོ་ལ་སོགས་པ་རང་གནས་སུ་ཕྱིན་གྱི་བར་དུ་བསྒོམས་པས་རང་གི་མ་དག་པའི་ཕུང་ཁམས་ཀྱི་ཆ་ཤས་ཙམ་མམ། ཡོངས་སུ་རྫོགས་པ་གང་ཇི་ལྟར་འོས་པ་དག་ཡང་དག་པའི་མཐའ་སྟེ་གནས་ལུགས་ཀྱི་འོད་གསལ་འཇུག་པར་བྱེད་པ་ནི་རིལ་པོར་འཛིན་པའི་བསམ་གཏན་ཞེས་བཤད་དོ། །དེ་འདྲ་སྔོན་དུ་སོང་ནས་རྒྱུ་བ་བཅུད་ཀྱི་སེམས་ཅན་དང༌། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་གྱི་སྣང་བ་ཉིད་ལ་རང་གི་བདེ་ཆེན་གྱིས་རྒྱས་བཏབ་པས། དང་པོར་དེ་རྣམས་འོད་གསལ་བདེ་སྟོང་གི་ངོ་བོར་ཐིམ་པར་བྱས་ནས་ཕྱི་ནས་བདག་ཉིད་ཀྱི་


TNT05_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱང་དེ་བཞིན་དུ་འོད་གསལ་བར་ཐིམ་པར་བྱེད་པ་ནི་རྗེས་སུ་གཞིག་པའི་རིམ་པ་ཡིན་ནོ། །དེ་ཡང་འོད་གསལ་གྱི་རིམ་པ་ལ་སློབ་པ་ནས་བརྩམས་ཏེ། དོན་གྱི་འོད་གསལ་མཐོང་ལམ་གྱི་སྦྱོར་བ་ལ་མ་ཞུགས་ཀྱི་བར་དུ། ཕུང་ཁམས་ཀྱི་ཆ་ཤས་ཆ་ཤས་འོད་གསལ་དུ་ཞུགས་པ་ནི་ཡིན་ལ། སྦྱོར་བ་དང་བཅས་པའི་མཐོང་ལམ་གྱིས་ནི་རང་རྒྱུད་ཀྱི་ཕུང་ཁམས་རྩ་བ་ནས་དག་པར་བྱེད་དོ། །དེ་གང་དུ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་ཞུགས་རེས་ཀྱི། སྐབས་དེར་རང་སྣང་ལ་གཟུང་འཛིན་གྱི་སྣང་བ་མངོན་འགྱུར་བ་འགགས་ཀྱང་རང་རྒྱུད་ཀྱི་ཕུང་ཁམས་དངོས་སུ་དག་པ་མིན་པ་བཞིན་དུ། དེ་ལས་སད་པ་ན་སྣང་བ་ཡང་རགས་པ་འཆར་ཞིང་འབྱུང་ངོ༌། །ཇི་ལྟར་སྣང་བའི་ཚུལ་ནི། རིག་མ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱིས་གོང་དུ་བཤད་པ་ལྟར་གྱི་རིལ་འཛིན་ལ་བརྟེན་ནས་སྣང་བ་གསུམ་གྱི་མཐར་འོད་གསལ་ལ་བཅུག །ཡང་འོད་གསལ་ལས་ལུགས་ཟློག་གི་སྣང་གསུམ་དང་ལྷན་ཅིག་རང་ཉིད་ལྷ་སྐུའི་སྣང་བ་ཤར། ཡང་རྗེས་ཆགས་ཀྱིས་བསྐུལ་བས་སྔར་གྱི་ལྷན་སྐྱེས་ཀྱི་བདེ་བའི་ཉམས་དང་མ་བྲལ་བའི་རྒྱུན་དེ་ཤིན་ཏུ་རྒྱས་ཤིང་འཕེལ་བ་ན་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའི་རྗེས་གཞིག་བསྒོམ། ཡང་རིག་མའི་རྗེས་ཆགས་ལ་ཞུགས་པས་སྣང་བ་གསུམ་གྱི་རིམ་པས་ཐིམ་སྟེ། བཞི་པ་འོད་གསལ་ལ་ཡུན་རིང་དུ་གནས་པར་འགྱུར། མཐར་འོད་གསལ་དེ་ལས་སྣང་གསུམ་ལུགས་ཟློག་དང་ལྷན་ཅིག་ཏུ་རང་ཡང་ལྷ་སྐུ་དང༌། སྣང་བ་ཡང་ལྷ་སྐུར་ལྡང་


TNT05_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་ལྡབས་ཏེ་བསྒོམ་འདོད་ན་སྔར་བཞིན་དང༌། ཐུན་རྫོགས་ཏེ་རྗེས་ཐོབ་ལ་འཇུག་འདོད་ན། མཉམ་བཞག་གི་རྩོལ་བ་དེ་སློད་པ་ཙམ་གྱིས་བདེ་བ་དང་ལྷ་སྐུ་གཉིས་པོ་སྔར་ལས་ཅུང་ཟད་མི་གསལ་ཞིང་ཤུགས་ཆུང་བར་སོང༌། དེ་རྗེས་གཉིད་སད་པ་བཞིན་མ་དག་པའི་སྣང་བ་གསལ་བར་དམིགས་ཏེ། སྣང་བ་དེ་དང་དེ་ལ་བརྟེན་པའི་ཉོན་མོངས་ཀྱི་རྣམ་པ་ཙམ་འཛིན་པ་ལ་བདེ་སྟོང་གིས་བརླན་པས་ཉོན་མོངས་པའི་བྱ་བ་བྱེད་མི་ནུས་པ་ཅུང་ཟད་ཙམ་འབྱུང་སྟེ། ཡུལ་སྣང་དང་ཉོན་མོངས་གཉིས་ཀར་སྒྱུ་མ་ལྟ་བུའི་ཚུལ་དུ་འཆར་ལ་དེ་ཡང་ལྷ་སྐུ་དང་བདེ་སྟོང་གི་ཉམས་ཡུལ་ཡུལ་བས་ཁྱབ་པ་འབྱུང་ངོ༌། །རིལ་འཛིན་གྱི་སྐབས་རང་ཉིད་ཀྱི་ཕུང་ཁམས་ཁོ་ན་སྟོང་ཉིད་དུ་སྡུད་པས། དེ་ལས་ལྡང་བའི་ཚེ་ཡང་རང་ཉིད་ཁོ་ན་དཀྱིལ་འཁོར་དུ་ལྡང་ལ། རྗེས་གཞིག་གི་སྐབས་རང་དང་སྣང་བ་གཉིས་ཀར་སྟོང་ཉིད་དུ་བྱིན་གྱིས་བརླབས་པས་དེ་ལས་ལྡང་བའི་ཚེ་ཡང་བདག་དང་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་འབྱུང་ངོ༌། །རིལ་གཞིག་དངོས་ཀྱི་དབང་དུ་བྱས་ན། རིལ་འཛིན་གྱི་བདེ་བའི་རྒྱུན་ལ་བརྟེན་ནས་རྗེས་གཞིག་བསྒྲུབ་དགོས་པའི་ཕྱིར་ཐུན་གཅིག་གི་སྐབས་འདིར་གོ་རིམ་ཀྱང་ངེས་ལ། བསྐྱེད་རིམ་རྣམ་པ་ལམ་བྱེད་ཀྱི་རིལ་གཞིག་ལ་ནི་དེ་ལྟར་མ་ངེས་སོ། །ཡང་སྐབས་འདི་དག་གི་བཞི་པ་འོད་གསལ་དེ་ནི་དོན་གྱི་འོད་གསལ་ལ་ཤིན་ཏུ་མངོན་པར་ཕྱོགས་པ་ཡིན་པས་སྔར་སྒྱུ་ལུས་མན་ཆད་ཀྱི་དཔེའི་ཡེ་ཤེས་དང་ཤིན་ཏུ་ཁྱད་ཆེ་ཡང༌། ད་དུང་དོན་གྱི་འོད་གསལ་དངོས་ལ་མ་སླེབ་པས་དཔེའི་


TNT05_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཉིད་དོ། །འོད་གསལ་གྱི་རིམ་པའི་མཐའ་རང་དུ་ཉེ་རྒྱུ་མངོན་པར་བྱང་ཆུབ་པ་སྒྲུབ་པའི་དུས་ནི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་སྐབས་དེར། རིལ་འཛིན་རྗེས་གཞིག་སོ་སོའི་དབྱེ་བ་མེད་པར་གཅིག་ཏུ་བསྲེས་ནས་སྒྲུབ་པ་ཡིན་ཏེ། སྣང་བའི་དུས་སུ་བདག་གཞན་ཐམས་ཅད་ཀྱི་ལུས་ཀྱི་རྣམ་པ་མཉམ་པ་ཉིད་དང༌། མཆོད་པའི་དུས་དག་མཉམ་ཉིད་དང༌། ཐོབ་པའི་དུས་སུ་ཡིད་མཉམ་པ་ཉིད་དུ་བྱས་ཏེ། སྐད་ཅིག་བཞི་པ་ལ་སེམས་དང་ཆོས་ཉིད་དབྱེར་མི་ཕྱེད་པར་འདྲེས་པའི་དོན་གྱི་འོད་གསལ་མངོན་དུ་བྱེད་དོ། །དེ་ལ་ནི་འཕགས་སྐོར་ཕྱོགས་འདིར་སྐད་ཅིག་བཅུ་དྲུག་སོགས་ཀྱི་དབྱེ་བ་མ་བཤད་ཀྱང་ཡུན་རིང་དུ་གནས་པར་འདོད་དགོས་ལ། དེའི་ནང་གི་ཐོག་མའི་དུས་ཀྱི་སྐད་ཅིག་ཉིད་དུ་མ་དག་པའི་ཕུང་ཁམས་དང༌། ཉོན་མོངས་པའི་ས་བོན་ཐམས་ཅད་སྤངས་ཏེ་ཕྱིན་ཆད་མི་འབྱུང་བར་བྱས་སོ། ། དེ་ལས་ལངས་པ་ན། སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ཅིང་རང་བཞིན་དང་བྲལ་བའི་སྣང་བ་གསུམ་ལུགས་ཟློག་ཏུ་འཆར་བ་ཡིན་ན། དེ་ཡང་སེ་གོལ་གཏོགས་པ་གཅིག་ཙམ་མམ། མིག་འཛུམ་ཙམ་ལ་སྐུ་གྲུབ་པ་ལ་སྐད་ཅིག་གིས་གྲུབ་ཅེས་བྱ་ཡི། རིག་པས་རྣམ་པར་དཔྱད་ན་དུས་ལ་ཆ་མེད་ཀྱི་སྐད་ཅིག་མ་སྲིད་པས་སྐད་ཅིག་ཆ་མེད་གཅིག་ལ་ཟུང་འཇུག་གི་སྐུ་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ཟུང་འཇུག་གི་སྐུ་འགྲུབ་བཞིན་པ་ལ་སྣང་གསུམ་ལུགས་ཟློག་མི་རྫོགས་པ་ཡང་མ་ཡིན་ནོ། །དེ་ཡང་ཟུང་འཇུག་ཏུ་སོང་བའི་མཚན་ཉིད་ཚང་བར་གྲུབ་པའི་དོན་


TNT05_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། མཐོང་ལམ་འོད་གསལ་གྱི་དུས་སུ་སྐུ་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་སྒྱུ་མའི་སྐུ་འོད་གསལ་དུ་རྩ་བ་ནས་ཐིམ་པ་ལྟར་བཤད་པ་ནི། སྒྱུ་མའི་སྐུ་དེའི་རྟེན་རགས་ལུས་ཀྱིས་བསྡུས་པའི་ཕུང་ཁམས་ཐམས་ཅད་ཐིམ་པ་དང༌། སྒྱུ་མའི་སྐུ་དེའི་སྟེང་ན་ཁམས་གསུམ་འཁོར་བའི་སྣང་ཆ་རེ་འདྲེས་ནས་ཡོད་པ་དེ་ཐམས་ཅད་རྩ་བ་ནས་ཐིམ་པ་དང༌། རྣལ་འབྱོར་པ་རང་ཉིད་ཀྱི་བློ་སྣང་ལ་ཡང་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་བདེ་བ་ནམ་མཁའ་དང་མཉམ་ཞིང་མཐའ་དབུས་མེད་པ་དེ་ཁོ་ན་ལ་མཉམ་པར་བཞག་པས། དེའི་དབང་དུ་གྱུར་ནས་ལྷ་སྐུའི་སྣང་བ་ནུབ་པ་ཙམ་ལ་དགོངས་པ་ཡིན་ནོ། །དེ་ལྟར་ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། །གང་ཞིག་སངས་རྒྱས་སྐུའི་མཚན་ཉིད། །ཀུན་རྫོབ་བདེན་པར་གསུངས་པ་ནི། །དེ་ཉིད་རྫོགས་པའི་སྦྱོར་འགྱུར་བས། །འོད་གསལ་བར་ནི་རྣམ་པར་དག།ཅེས་གསུངས་ནས། སྒྱུ་ལུས་ཀྱི་རིམ་པར་ཐེམ་པའི་སྐུ་དེ་ཡང་རང་བཞིན་ནམ་མཚན་ཉིད་སངས་རྒྱས་ཏེ་ཟུང་འཇུག་གི་སྐུ་དང་དབྱེ་བ་མེད་ཀྱང༌། ཁམས་གསུམ་འཁོར་བའི་སྣང་ཆས་བསླད་ཏེ་གསེར་གཡའ་ནག་པོས་གཡོགས་པ་བཞིན་དུ་ཡོད་པ་དེ། འོད་གསལ་བའི་ནང་དུ་བཀྲུས་ཤིང་རྣམ་པར་དག་པར་བྱས་ན་རྫོགས་པའི་རྣལ་འབྱོར་ཟུང་འཇུག་ཏུ་འགྱུར་ཞེས་པའོ། །ཡང་བདག་བྱིན་རླབས་ཆེན་མ་གཏོགས་པ། །རིན་ཆེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པ་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་དག་པའོ། །ཞེས་ཀྱང་


TNT05_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྟེ། དོན་གྱི་འོད་གསལ་ཐོག་མར་ཐོབ་པ་མཐོང་ལམ་གྱི་སྐབས་འདིར། སྒྱུ་ལུས་སྔ་མའི་རྒྱུན་མེད་པར་སོང་ལ། འོད་གསལ་ལས་ལངས་དུས་ཟུང་འཇུག་སྐྱེས་པ་ཡིན་ན། མེ་ཡིས་སྦྱངས་པའི་ནོར་བུའི་དཔེ་དང་ཤིན་ཏུ་མི་འགྲིག་གོ །གཞན་ཡང་ཤིན་ཏུ་ཞིབ་མོར་རྣམ་པར་ཕྱེ་ན། སློབ་པའི་ཟུང་འཇུག་གི་སྐུ་ཡང་རང་བཞིན་འོད་གསལ་ཉག་གཅིག་ཀྱང་མིན་ལ། ཆོས་ཉིད་ཀྱི་སྣང་བ་ཁོ་ན་ཡང་མ་ཡིན་ཏེ། ཤེས་སྒྲིབ་ཀྱི་སྣང་བས་གཡོགས་པ་ཡིན་ཀྱང༌། སྔ་མ་ལ་བལྟོས་ནས་ཤིན་ཏུ་དག་པ་དང༌། དྲི་མ་མེད་པ་དང༌། རང་བཞིན་འོད་གསལ་ཉག་གཅིག་གི་ངོ་བོར་བཤད་པ་ཡིན་ནོ། །སྐབས་འདིར་རྩེས་ཐང་ལོ་ཙ་བ་གཞོན་ནུ་དཔལ་ན་རེ་མངོན་པར་བྱང་ཆུབ་ཀྱི་རིམ་པ་སྒོམ་པ་ལ། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་ལ་བརྟེན་ནས་འདོད་ཆགས་ལམ་བྱེད་ལས་རྒྱ་བསྟེན་པ་མངོན་བྱང་གི་རིམ་པ་དང༌། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་ལ་བརྟེན་ནས་ཞེ་སྡང་ལམ་བྱེད་རིལ་གཞིག་ཡེ་ཤེས་ཀྱི་ཕྱག་རྒྱའི་རིམ་པ་དང༌། ལྟེ་བ་དང་གདོང་གི་སྣ་རྩེར་རླུང་གི་ཐིག་ལེ་ལ་བརྟེན་ནས་གཏི་མུག་ལམ་བྱེད་རླུང་དང་གཏུམ་མོའི་རྣལ་འབྱོར་ཕྱག་རྒྱ་ཆེན་མོའི་རིམ་པ་སྟེ་གསུམ་དགོས་སོ་ཟེར་རོ། །དེ་ནི་དུས་འཁོར་ལས་ཕྱག་རྒྱ་གསུམ་གསུངས་པ་དང༌། ཕྱོགས་འདིར་ཕྱག་ཆེན་ཆོས་དྲུག་ཏུ་གྲགས་པའི་གདམས་ངག་དག་འདོད་ཕུགས་སུ་བཅུག་པར་སྣང་ཡང་དུག་གསུམ་ལམ་བྱེད་སོ་སོར་མི་དགོས་ལ། དགོས་ཀྱང་ཕྱི་མ་གཉིས་པོ་དེ་དེ་འདྲར་ཤིན་ཏུ་མ་ངེས་ཤིང་དེ་དག་ལ་སོ་སོར་ངེས་པའི་བསྒོམ་བྱ་མི་


TNT05_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་མང་པོ་ཡང་མི་དགོས་པ་དང༌། རྡོ་རྗེའི་བཟླས་པས་དོན་གྱི་འོད་གསལ་སྒྲུབ་པར་གསུངས་པ་ཡང་གདོང་གི་སྣ་རྩེ་ལ་རྟེན་པའི་རྡོར་བཟླས་ཙམ་མིན་ཏེ། ལུས་ངག་ཡིད་གསུམ་འོད་གསལ་དུ་ཡང་ཡང་འཇུག་པར་བྱེད་པའི་མིང་ཡིན་པས་བཤད་ཚུལ་དེ་ཡང་མཐིལ་མ་མཐོང་བས་བལྟས་ན་ཟབ་རྒྱས་ཅན་དུ་སྣང་ཡང་དོན་ལ་ལེགས་པར་བརྟགས་ན་བརྟག་མི་ཐུབ་པ་ཞིག་གོ །དེས་ན་ལས་རྒྱ་དང་བསམ་གཏན་གཉིས་པོ་ཉམས་ལེན་སྐབས་གཅིག་ཏུ་འདུ་བས་ཐ་དད་མ་ཡིན་ལ། །སྤྱིར་རྒྱུད་གཞན་ལས་གསུངས་པའི་ཡེ་རྒྱ་དང༌། ། སྟོང་གཟུགས་ཕྱག་ཆེན་གཉིས་ཀ་བསྡོམས་པ་ལ།།འཕགས་སྐོར་གྱི་ལུགས་འདིར་ཡིད་ཀྱི་རིག་མ་དང༌། སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་འདོགས་པར་སྣང་ངོ༌། །བསམ་གཏན་གཉིས་ཀྱི་དཔེ་ནི། མེ་ལོང་ལ་དབུགས་ཀྱི་རླུང་བཏབ་པས་མདོག་འགྱུར་བ་མཐའ་ནས་དབུས་སུ་འདུས་ཏེ་ཡལ་ཞིང་ཐིམ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་ཏེ་སྒྱུ་མའི་ལུས་དེ་ཡང་བསམ་གཏན་རྣམ་པ་གཉིས་ལ་བརྟེན་ནས་ཡང་དག་པའི་མཐར་ཡང་དང་ཡང་དུ་འཇུག་པར་བྱེད་དོ། །དེ་ཡང་མེ་ལོང་ནི་འོད་གསལ་གྱི་རིམ་པས་དྲི་མ་སྦྱང་བའི་གཞི་སྒྱུ་ལུས་ཀྱི་ལྷ་སྐུ་ཙམ་གྱི་དཔེ་ཡིན་ལ། དབུགས་ཀྱི་མདོག་སྐྱ་བོར་འགྱུར་བ་ནི་ཁམས་གསུམ་འཁོར་བའི་སེམས་སྣང་དང་འདྲེས་ཤིང་གཡོགས་པའི་དཔེ་དང༌། དེ་དབུས་སུ་འདུས་ཤིང་ཡལ་བ་ནི། སྦྱོང་སླ་བ་རྣམས་སྔོན་སྔོན་ལ་སྦྱོང་ཞིང༌། དབུས་ན་ཡོད་པ་དང་འདྲ་བར་ཕྲ་ཞིང་སྦྱོང་དཀའ་བ་རྣམས་ཕྱི་ཕྱི་ནས་དག་


TNT05_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་དཔེ་ཡིན་ནོ། །སྤྱོད་བསྡུད་ལས། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་གོང་བུར་གནས་པ་ལྟར། དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་འཇིག་པར་བྱེད་པར་རྣལ་འབྱོར་པས་ནི་རྟག་ཏུ་བསམ། མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུའང་བལྟ་བྱ་སྟེ། རིལ་པོར་འཛིན་པའང་བྱ་བའི་རིམ་པ་འདིར་ནི་དེ་བཞིན་ཡང་དག་བརྟག།ཅེས་རིལ་གཞིག་གཉིས་ལ་དཔེ་སོ་སོར་གསུངས་ཤིང༌། རིལ་འཛིན་ལ་རིམ་ལྔ་དང་འདྲ་སྟེ། འོན་ཀྱང་རིམ་ལྔར་གཉིས་ཀའི་ཐུན་མོང་དུ་བསྟན་པ་ཡིན་པའི་ཕྱིར་སྒྱུ་ལུས་ཙམ་ལ་དྲི་མས་གོས་པ་དང་སྦྱོར་ཞིང༌། འདིར་རང་ལུགས་ཀྱི་སྟེང་དུ་སྣང་བའི་སྒྱུ་ལུས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་འཁོར་བའི་སེམས་སྣང་གི་གཡོགས་པ་དང་སྦྱོར་དགོས་ལ། དེའི་དོན་མཐིལ་ཕྱིན་པ་ནི། ལས་རླུང་རྣམ་རྟོག་དང་བཅས་པས་བསྒྲིབས་པའི་དོན་ཡིན་ནོ། །ཡང་རྗེས་གཞིག་གི་དཔེ་ནི། རྫིང་བུར་ཆུ་མེར་རེ་ཡོད་བཞིན་པའི་དབུས་སུ་ཆབ་བྲོམ་གྱི་གོང་བུ་བསྒྱུར་ན་དེ་ཡང་དེར་ཞུ་བ་དང་འདྲ་བར། སྣོད་བཅུད་དུ་སྣང་བ་ནུབ་སྟེ་བདེ་སྟོང་འབའ་ཞིག་གི་རྣམ་ཆར་སོང་བའི་སྐབས་སུ། སླར་རང་གི་ལུས་ངག་ཡིད་གསུམ་ཡང་བདེ་སྟོང་དུ་ཞུ་ཞིང་ཐིམ་པའོ། །དེ་དག་གི་ནང་ཚན་སོ་སོ་ལས་རྡོ་རྗེ་གསུམ་གྱི་རིལ་འཛིན་རྗེས་གཞིག་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །བདག་གི་ལུས་ལ་སྣང་མཛད་བཞག །སྙིང་གར་ཡི་གེ་ཨོཾ་བསམས་ལ། །སྔགས་


TNT05_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་ཤེས་པ་བསྒོམ། །འགོག་པའི་རྡོ་རྗེ་སེམས་ཉིད་དུ། ། གང་ཚེ་དེ་ལ་སྐྱེ་འགྱུར་ན། །སངས་རྒྱས་ཀུན་གྱི་མཆོག་འཛིན་པ། །ཡིད་བཞིན་དཔལ་ལྡན་ལྟ་བུར་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཧཱུཾ་བསྒོམས་ནས། །སེམས་ནི་ཐིག་ལེར་གྱུར་བར་བཞག །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཨཱཿབསམས་ཏེ། །རྡོ་རྗེ་ཐིག་ལེར་གྱུར་བར་བཞག།འདི་ནི་དམ་ཚིག་མཆོག་གི་མཆོག།རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། ། འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །སངས་རྒྱས་དངོས་གྲུབ་ཐོབ་འགྱུར་བའོ། །རྡོ་རྗེ་ནམ་མཁའི་དཀྱིལ་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། ། ལུས་ངག་སེམས་ལ་ཡི་གེ་ཨོཾ། །བསམ་ན་དེ་ནི་བསྐལ་པར་གནས། །རྡོ་རྗེ་ནམ་མཁའི་དབྱིངས་གནས་པར། །ཆོས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཨཱཿ །བསམ་ན་དེ་ནི་བསྐལ་པར་གནས། །རྡོ་རྗེ་ནམ་མཁའི་དབྱིངས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཧཱུཾ། །བསམས་ན་དེ་ནི་བསྐལ་པར་གནས། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ཀྱི། །ཀློག་གམ་ཡང་ན་སེམས་ཀྱང་རུང༌། །དེ་ཡང་རྡོ་རྗེའི་འཛིན་འདྲར་འགྱུར། །ཞེས་གསུངས་


TNT05_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟན་ཏེ། དེ་ལ་འདུས་པའི་རྒྱུད་ནི་ཚིག་དོན་སྒྲ་ཇི་བཞིན་པ་རྣམས་ནི། བསྐྱེད་རིམ་དང་འབྲེལ་བ་ཁོ་ན་ཤས་ཆེ་སྟེ། རྫོགས་རིམ་རང་རྐང་དུ་སྟོན་པའི་ཚིག་གསལ་པོ་ནི་ཉུང་ངོ༌། །དེའི་ཕྱིར་སྒྲོན་གསལ་དུ་ཚིག་འདིའི་འབྲུ་གནོན་མཛད་པ་རྣམས་ནི། གཙོ་བོར་བསྐྱེད་རིམ་གྱི་རིལ་གཞིག་གསལ་བར་མཛད་ལ། འོད་གསལ་གྱི་རིམ་པའི་སྐབས་ཀྱི་རྗེས་གཞིག་ནི་ཤུགས་ལ་གོ་བར་དགོངས་སོ། །དེ་ཡང་སངས་རྒྱས་དཀྱིལ་འཁོར་ནི་ཤེས་བྱ་ཐམས་ཅད་དང༌། དེའི་དབུས་ནི་ཤེས་བྱའི་རང་བཞིན་ཏེ། བདག་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་བཞག་པ་སྟེ། ལུས་མཉམ་ཉིད་དུ་བསྲེས་ནས་རྣམ་སྣང་དང༌། སྙིང་གར་ཡེ་ཤེས་སེམས་དཔའ་ཨོཾ་དང༌། དེའི་ཁོག་ཏུ་ཏིང་ངེ་འཛིན་སེམས་དཔའ་བསྒོམས་ནས། རིལ་འཛིན་ནས་རྗེས་གཞིག་གི་འགོག་པའི་རྡོ་རྗེ་འོད་གསལ་བསྒོམ། ཞེས་པ་དང༌། སེམས་ཅན་གྱི་ཡིད་རང་གི་ཡིད་དང་བསྲེས་ནས་མི་བསྐྱོད་པ་དང༌། ཡེ་ཤེས་སེམས་དཔའ་ཧཱུཾ་དང་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེའོ། །དེ་བཞིན་དུ་འགྲོ་བའི་ངག་རང་གི་ངག་དང་བསྲེས་ཏེ་འོད་དཔག་མེད་དང༌། ཡེ་ཤེས་སེམས་དཔའ་ཨཱཿདང༌། ཏིང་འཛིན་སེམས་དཔའ་རྡོ་རྗེ་ཐིག་ལེ་བསྒོམ་པའོ། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །ཞེས་བྱ་བ་ཁམས་གསུམ་ཐམས་ཅད་སེམས་དཔའ་གསུམ་རྩེག་ཏུ་བསྒོམ་པ་སྟེ། མཚོན་བྱེད་པའི་ཚུལ་དུ་བསྐྱེད་རིམ་གྱི་རིལ་གཞིག་ནི་དེ་ལྟར་རོ། །དེ་དག་གི་ངེས་དོན་ནི། བདག་དང་ཁམས་གསུམ་གྱི་ལུས་སྒྱུ་མ་ལྟ་བུའི་


TNT05_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་མཐོང་བ་ནི། ལུས་རྣམས་གཅིག་ཏུ་གྱུར་པའི་དོན་དང༌། ལུས་ཀྱི་སྣང་བ་སྐྱེད་པའི་རླུང་དབུ་མར་ཐིམ་པས་སྣང་བ་གསུམ་གྱི་ཡེ་ཤེས་སྐྱེས་པ་ནི། རྣམ་སྣང་དུ་བསྒོམ་པའི་དོན་དང༌། དེ་ཡང་རླུང་ཕྲ་རགས་གསུམ་ཐིམ་པའི་ཡེ་ཤེས་སུ་ཡོད་པའི་ཕྱིར་སེམས་དཔའ་གསུམ་བརྩེག་དང༌། རིམ་པ་དེ་སྔོན་དུ་སོང་ནས་མཐར་འོད་གསལ་དུ་འཇུག་པའི་ཕྱིར། རིལ་འཛིན་རྗེས་གཞིག་གི་བསྡུ་བ་སྟེ་སྐུ་རྡོ་རྗེའི་རིལ་གཞིག་གོ །དེ་བཞིན་དུ་སེམས་རྣམ་རྟོག་ཕྲ་མོའི་རྒྱུར་གྱུར་པའི་རླུང་ཐིམ་པའི་ཡེ་ཤེས་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་དང༌། ངག་བརྗོད་པའི་གཞིར་གྱུར་པའི་རླུང་ཐིམ་པའི་ཡེ་ཤེས་གསུང་རྡོ་རྗེའོད་དཔག་མེད་དེ། ངེས་དོན་དུ་སྤྱིར་དེ་ལྟར་ཡིན་ལ། དེའི་དོན་ཡང་མཐར་གཏུགས་ན་ཁམས་དཀར་པོ་དང་ཚོགས་པ་གཅིག་པའི་རླུང་གིས་ལུས་ཀྱི་སྣང་བ་བསྐྱེད། དམར་པོ་དང་ཚོགས་པ་གཅིག་པའི་རླུང་གིས་ངག་གི་ནུས་པ་བསྐྱེད། མུན་པ་དང་ཚོགས་པ་གཅིག་པའི་རླུང་གིས་རྣམ་རྟོག་ཕྲ་མོ་བསྐྱེད་པ་ཡིན་མོད། རེ་ཞིག་འཕགས་སྐོར་གྱི་གཞུང་འགྲེལ་དུ་དམར་པོ་དང་མུན་པའི་གསལ་ཁ་མེད་དོ། །འོད་གསལ་གྱི་རིམ་པ་ལ་གནས་པས་ལམ་སྦྱོང་བའི་སྐབས་སུ། རྡོ་རྗེ་གསུམ་གྱི་རིལ་གཞིག་དེ་དག་རིམ་


TNT05_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤེལ་པ་དང་གཅིག་ཅར་བསྒོམ་པ་སོགས་སྣ་ཚོགས་ཡོད་ཀྱང༌། མཐར་མངོན་བྱང་དངོས་ལ་བརྟེན་ནས་དོན་གྱི་འོད་གསལ་དུ་བྱེད་པའི་སྐབས་སུ་ནི་འདི་ལྟ་སྟེ། སྣང་བའི་སྐབས་སུ་སྐུ་རྡོ་རྗེའི་རིལ་གཞིག་གཙོ་ཆེ་བ་དང༌། མཆེད་པའི་སྐབས་སུ་གསུང་རྡོ་རྗེའི་རིལ་གཞིག་གཙོ་བོ་དང་ཐོབ་པའི་སྐབས་སུ་ཐུགས་རྡོ་རྗེའི་རིམ་གཞིག་རྣམས་གཙོ་བོར་ཚང་པར་བྱས་ཏེ་དོན་གྱི་འོད་གསལ་ལ་འཇུག་གོ །འདི་སྐབས་ཀྱི་སྣང་གསུམ་ཤིན་ཏུ་དབང་འབྱོར་པ་ཡིན་པའི་ཕྱིར་མཉམ་བཞག་དེ་ལས་མ་ལངས་བཞིན་དུ་སྣང་བ་ལ་དབང་འབྱོར་བ་ཐུབ་སྟེ། དཔེར་ན་རང་རྒྱུད་ལ་སྣང་བའི་ཡེ་ཤེས་ཤར་བ་དེ་ཀས་གཞན་པར་དེར་མཉམ་བཞག་ལས་ལྡང་མི་དགོས་པར་སྣང་པའི་ཡེ་ཤེས་ཀྱི་མཉམ་བཞག་དེ་ལ་གནས་བཞིན་པའི་སྒོ་ནས། སྣོད་བཅུད་མཐོང་ཡང་ནུས་ལ་སྣོད་བཅུད་ཐམས་ལ་དམིགས་པར་བྱས་ཏེ་རྒྱས་བཏབ་པས། རང་གཞན་ཐམས་ཅད་སྣང་བ་དང་པོའི་ཡེ་ཤེས་བདེ་སྟོང་དུ་རོ་མཉམ་པར་འགྱུར་རོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་རིགས་འགྲེ་སྟེ། སྣང་བ་གསུམ་པོ་འདི་ཁུ་ཁྲག་རླུང་གསུམ་དག་པར་བྱེད་པའི་ཕྱིར་དཀར་དམར་གསུམ་གྱི་སྣང་བ་འབྱུང་བ་ཙམ་ཞིག་སྤྱིར་ཁས་ལེན་མོད་ཀྱི། གོང་དུ་བཤད་པ་ལྟར་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། རྣམ་པ་ཕྱོགས་རེ་ལ་ཞེན་པར་མི་བྱའོ། །དེ་ལྟར་སྐབས་དེའི་སྣང་བ་གསུམ་གྱིས་རང་བཞིན་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་བདེ་སྟོང་གི་རྣམ་པ་གཅིག་ཏུ་བསྒྱུར་ནས། གནས་ལུགས་དོན་གྱི་འོད་གསལ་མངོན་དུ་འགྱུར་པ་ཡིན་ཏེ། དེ་ལྟར་ཡང༌།


TNT05_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐེབ་ཛ་ལནྡྷ་རི་པས། ཁམས་གསུམ་འཇིག་རྟེན་བདུན་གྱི་གོས་སྣ་ཚོགས། །འདོད་ཆགས་ཆེན་པོས་ཚོན་གཅིག་བསྒྱུར་བ་ན། །བདག་དང་གཞན་དུ་རིག་པར་མི་འགྱུར་ལ། ། བཟང་མོ་དྲན་པ་མེད་ཅིང་སྣང་མེད་ཅེས། །ཧ་ཊི་བས་ནི་ཡུལ་མཐའ་ཀུན་ཏུ་སྨྲས། ཞེས་གསུངས་པ་ལྟར་ཡིན་ནོ། དེ་ལྟར་དོན་གྱི་འོད་གསལ་མངོན་དུ་གྱུར་པ་ན་རྣམ་པར་སྨིན་པའི་ལུས་གནས་འགྱུར་ཞིང་ཟུང་འཇུག་གི་སྐུ་འགྲུབ་པ་ནི། སངས་རྒྱས་དངོས་གྲུབ་ཐོབ་འགྱུར་བའོ། ཞེས་པའི་འགྲེལ་པར། དེ་རྣམས་ཀྱི་དངོས་གྲུབ་ནི་ཐ་མལ་བའི་ལུས་དང་བྲལ་ནས། ཟབ་ཅིང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ལུས་ཡོངས་སུ་ལེན་པ་སྟེ་དེ་ཐོབ་ཅིང་རྙེད་པར་འགྱུར་བས་ན་སངས་རྒྱས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བའོ། །ཞེས་སོ། །འདི་བསམ་གཏན་གཉིས་ཀྱིས་བྱེད་ལས་སུ་བཤད་པས་མི་སློབ་པའི་ཟུང་འཇུག་མ་ཡིན་ཞིང་ལུས་ལེན་པར་བཤད་པས་ཀྱང་ཤེས་ཏེ། དེས་ན་སངས་རྒྱས་ཞེས་པ་ནི་ཟུང་འཇུག་ཡིན་ཚད་ཀྱི་མིང་ཡིན་པ་ལས་སྐབས་འདིར་སློབ་པའི་ཟུང་འཇུག་གོ །ཕན་ཡོན་བསྟན་པའི་སྐབས་ལས་ཀྱང་ཤེས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་བསམ་གཏན་གཉིས་ཀྱི་རྣལ་འབྱོར་བླ་མ་ལས་དབང་བསྐུར་བའི་སྒོ་ནས་དངོས་སུ་གྲུབ་ནུས་ཕྱིན་ཆད་བརྩོན་འགྲུས་དང་ལྡན་པས་སེམས་ཤིང་བསྒོམས་ན་ལྟ་ཅི་སྨོས། ཀློག་པ་ལ་སོགས་པའི་རྣམ་གཡེང་གི་བྱ་བས་དུས་འདས་ཀྱང༌། རྡོ་རྗེ་འཛིན་པ་དང་འདྲ་བའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར་ན་ཟུང་འཇུག་ཐོབ་ཟིན་པ་ལ་གཡེངས་


TNT05_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་འབྱུང་མི་སྲིད་པ་དང༌། རྡོ་རྗེ་འཛིན་པ་དང་འདྲ་བར་ཡང་སོང་ཟིན་པའི་ཕྱིར་རོ། །འདིར་བསམ་གཏན་གཉིས་པོ་དབང་བསྐུར་ལས་ཐོབ་དགོས་པར་གསུངས་པས། རིལ་གཞིག་དང་མངོན་བྱང་འཇུག་སྒོ་ཐ་དད་ཡིན་པར་འདོད་པ་ནི་ལེགས་པར་མ་བརྟགས་པ་ཡིན་ནོ། །ཡང་རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། རྡོ་རྗེ་ཆེན་པོ་བསྒོམ་པར་བྱ། །ལུས་རྣམས་ཀུན་ལ་ཁཾ་དམིགས་ན། །རྡོ་རྗེ་ཡེ་ཤེས་མཁའ་མཉམ་གྱུར། ཁཾ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཡང་དང་ཡང་དུ་མཆོད་པ་དང༌། །བསྐལ་པ་གསུམ་དུ་དམ་ཚིག་གནས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར༌། །ཞེས་གསུངས་ཏེ། ཡེ་ཤེས་དཀྱིལ་འཁོར་ནི་ཁམས་གསུམ་དང༌། རྡོ་རྗེ་ཆེན་པོ་ནི་སྒྱུ་མའི་སྐུ་དང༌། ལུས་རྣམས་ཀུན་ནི་ཐམས་ཅད་མཉམ་པ་ཉིད་དུ་བྱེད་པ་དང༌། ཁཾ་ནི་ནམ་མཁའ་སྟེ་འོད་གསལ་སྟོང་པ་ཉིད་དུ་འཇུག་པའི་དོན་དང༌། སངས་རྒྱས་ནི་ཕུང་པོ་ལྔ་དང༌། བྱང་ཆུབ་སེམས་དཔའ་ནི་དབང་པོ་དྲུག་དང༌། མཆོད་པ་ནི་ཐིམ་པའི་དོན་དང༌། བསྐལ་པ་གསུམ་ནི། རགས་པ་དེ་རྣམས་ཐིམ་པའི་རྗེས་སུ་སྣང་བ་གསུམ་རིམ་གྱི་སྐྱེ་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའི་སྣང་བ་གསུམ་གྱི་ཀྱང་རྟོགས་པ་དང་མཐོང་བར་མི་འགྱུར་བའི་འོད་གསལ་ཡང་དེའི་རྗེས་སུ་འཆར་བར་འགྱུར་ཞེས་པ་སྟེ། འདི་སྐབས་ཀྱི་འགྲེལ་པ་ལས། ཡི་གེ་ཁཾ་ནམ་མཁར་བྱེད་པས་རྗེས་སུ་གཞིག་པའི་རིམ་གྱིས་དངོས་པོ་མེད་པར་བྱས་ལ། བདག་ཉིད་ཀྱང་རིམ་གྱི་ཞུགས་པ་དེ་བྱས་ན།


TNT05_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པར་འགྱུར་རོ། །ཞེས་གསུངས་པས། བདག་ཉིད་དངོས་པོ་མེད་པར་ཞུགས་ཞེས་པས་སྒྱུ་མའི་སྐུ་དེ་མེད་པར་འགྲོ་དགོས་སོ་སྙམ་ན་མ་ཡིན་ཏེ། ཡང་འདི་སྐད་དུ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི། སྣང་བ་མེད་པ་བཞིན་དུ་གནས་པའོ། ཞེས་སེམས་སྣང་བ་མེད་པ་ལ་གནས་པ་དེ། དངོས་པོ་མེད་པར་ཞུགས་པའི་དོན་ཡིན་ནོ། །དེས་ན་སེམས་དངོས་པོ་མེད་པ་ལ་ཞུགས་ཞེས་པས། སེམས་ལ་དངོས་པོའི་སྣང་བ་འགགས་པ་ཡིན་གྱི། སེམས་མེད་པར་སོང་བ་མ་ཡིན་པར་ལྟར། སྒྱུ་མའི་སྐུ་དངོས་པོ་མེད་པ་ལ་ཞུགས་ཞེས་པས་ཀྱང༌། སྒྱུ་མའི་སྐུ་དེ་འོད་གསལ་བདེ་སྟོང་ཁོ་ན་ལས་གཞན་དུ་མེད་པར་རྟོགས་པའི་དོན་ཡིན་གྱི། སྐུ་མེད་པར་སོང་བ་མ་ཡིན་ནོ། །འོ་ན་མཐོང་ལམ་གྱི་སྐབས་དེར། སྒྱུ་མའི་སྐུ་ཡོད་ཀྱང་མ་མཐོང་བས་མཐོང་ལམ་འཁྲུལ་པར་ཐལ་ལོ་ཞེ་ན། སྤྱིར་གནས་ལུགས་ལ་ཡོད་ཀྱང་མ་མཐོང་བ་ནི། མ་རིག་པའི་བག་ཆགས་ཀྱིས་བསྒྲིབས་པའི་རྟགས་ཡིན་པས། སེམས་རྒྱུད་དེའི་འཁྲུལ་པ་མ་སྤངས་པར་ནི་འགྲོ་ན། མཐོང་ལམ་པ་དེ་ཡང་འཁྲུལ་པ་མཐའ་དག་སྤངས་པ་ནི་ག་ལ་ཡིན། འོན་ཀྱང་མ་མཐོང་བ་ཙམ་གྱི་ཆ་ནས་ཤེས་པ་དེ་འཁྲུལ་པ་དེ་རང་དུ་མི་འགྱུར་ཏེ། གཟུགས་འཛིན་མངོན་སུམ་གྱིས་སྒྲ་མ་མཐོང་ཡང་དེ་འཁྲུལ་བར་མི་འགྱུར་བ་བཞིན་ནོ། །གནས་ལུགས་ལ་ཡོད་པ་མ་མཐོང་བ་སྤྱིར་སྐྱོན་ཡིན་མོད་ཀྱི། མཐོང་ལམ་ཉིད་ལ་མི་རུང་བའི་སྐྱོན་ནི་མ་ཡིན་ནོ། །ཀུན་རྫོབ་ཏུ་ཡོད་ཀྱང་མ་མཐོང་བ་


TNT05_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་ནི། སྐྱོན་དུ་ངེས་པ་ཡང་མ་ཡིན་ཏེ། གཞན་དུ་ན་འཕགས་པའི་མཉམ་བཞག་ཡེ་ཤེས་ཐམས་ཅད་ཀྱང་འཁྲུལ་བར་ཐལ་བར་འགྱུར་རོ། །མ་མཐོང་བ་ནི་བདེན་མོད་ཀྱི་མཁྱེན་ནམ་མི་མཁྱེན་ཞེ་ན། མཐོང་ལམ་གྱི་སྐབས་དེར་ལྷ་སྐུ་དེའི་རང་བཞིན་སྟོང་ཉིད་དང་བདེ་ཆེན་ནི་མཐོང་ཞིང་རྟོགས་ལ་མཁྱེན་པ་ཡིན་ཀྱང༌། ཟུང་འཇུག་གི་ཡེ་ཤེས་མ་ཐོབ་པའི་ཕྱིར་ལྷ་སྐུའི་རྣམ་པའི་ཆ་ནས་མ་མཁྱེན་པར་གོ་དགོས་སོ། །དེ་བས་ན་ལྷ་སྐུ་དེ་ལ་ཡང་གནས་ལུགས་ཆོས་དབྱིངས་ཀྱི་ཆ་དེ་ནི་གནས་ཚུལ་ལ་ཡོད་ཀྱང༌། མཐོང་ལམ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་ན་མཐོང་དགོས་པར་མ་ངེས་ཏེ། དེའི་རྣམ་ཆ་ནས་མ་མཐོང་པ་ཙམ་ནི་ཡིན་ལ། དེ་ལ་འདྲེས་པའི་ཚུལ་དུ་ཡོད་པའི་ཀུན་རྫོབ་ཀྱི་ཆ་ཤས་རང་བཞིན་གྱི་སྣང་བས་བསྐྱེད་པས་ཁམས་གསུམ་འཁོར་བར་གཏོགས་པ་དེ་ནི་སྤངས་ཟིན་པས། སྐབས་འདིར་ཀུན་རྫོབ་ཏུ་ཡང་མེད་ནས་མ་མཐོང་བ་ཡིན་ལ། མ་རིག་པའི་བག་ཆགས་དང་དེའི་རྣམ་ཆ་གཟུགས་སུ་ཤར་བ་དེ་དག་ནི།སྐབས་དེའི་གང་ཟག་དེའི་རྒྱུད་ལ་ཀུན་རྫོབ་ཙམ་དུ་ཡོད་མོད་ཀྱི། གནས་ཚུལ་ལ་མེད་ཅིང་མ་གྲུབ་པ་ལྟར་ཡེ་ཤེས་དེས་ཀྱང་མེད་པར་གཟིགས་ཏེ་མ་མཐོང་བ་ཡིན་ནོ། །རྟོགས་ཚུལ་ལམ་མ་མཐོང་ཚུལ་འདི་ལྟ་བུ་ནི། འདིར་མ་ཟད་མདོ་སྔགས་གནས་སྐབས་ཀུན་ཏུ་གོ་དགོས་པའི་གལ་ཆེན་ཡིན་ནོ། །གཞན་ཡང༌། སྐབས་འདིར་གལ་ཆེ་བའི་དོན་ལ་འོད་གསལ་གྱི་རིམ་པ་འདི་


TNT05_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་བཅོ་བརྒྱད་ལ་འཇུག་པའི་ཚུལ་གྱི་བསྒོམ་དགོས་ཤིང༌། དེའི་ཐུན་མོང་མ་ཡིན་པའི་རིམ་པ་ཡང་ཇི་ལྟ་བུ་ཞེ་ན། དེ་ལྟར་ཡང་རྡོ་རྗེ་འཕྲེང་བ་ལས། ལུས་ལ་གནས་པ་དེ་ཉིད་མཆོག།ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཆོས་རྣམས་ཐམས་ཅད་སྣང་བར་བྱེད། །མཚན་ཉིད་སྟོང་པ་ཉིད་དུ་འདོད། །དེ་ལས་ཡེ་ཤེས་བདེ་བ་ཆེ། །འོད་གསལ་བ་ནི་རྣམ་དག་པ། །གང་ཕྱིར་ཨ་ཝ་དྷཱུ་ཏིར་ཞུགས། །ཡང་དག་སྟོང་པ་ཉིད་དུ་འདོད༌། །ཆོས་རྣམས་རྣམ་རྟོག་སྣང་བ་མཆེད། །ཀུན་རྟོག་ཐམས་ཅད་གཅོད་པར་བྱེད། །རྣམ་རྟོག་རླུང་གི་ངལ་གསོ་བ། དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་བདག་བྱིན་བརླབ་པའི་སྐུ་ནི་མཚན་ཉིད་སྟོང་པ་ཉིད་དང༌། འོད་གསལ་ཐམས་ཅད་སྟོང་པ་དངོས་ནི་ཡང་དག་སྟོང་པ་ཉིད་དང་སྣང་བ་གསུམ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་གཞི་ཡིན་པས་མཚན་གཞི་སྟོང་པ་ཉིད་དུ་གསུངས་ལ། སྟོང་པ་ཉིད་བཅོ་བརྒྱད་རྟོགས་པའི་ཡེ་ཤེས་ཀྱང་སྟོང་ཉིད་གསུམ་པོ་འདིར་འདུ་བ་ཡིན་ནོ། །འོན་ཀྱང་འོད་གསལ་གྱི་རིམ་པ་འདིར་སྟོང་ཉིད་བཅོ་བརྒྱད་ཀྱི་འཇུག་ཚུལ་ནི། ནང་སྟོང་པ་ཉིད་ནི་རིལ་པོར་འཛིན་པའི་རྣལ་འབྱོར་གྱིས་མངོན་དུ་བྱེད་ལ། ཆེན་པོ་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ནི་རྗེས་གཞིག་གི་སྦྱོར་བས་བསྒོམ་པ་དང༌། ཕྱི་ནང་སྟོང་པ་ཉིད་ནི་རྗེས་གཞིག་དངོས་གཞིས་སྒོམ་པར་བྱེད་ཅིང༌། དེ་དག་གི་སྐབས་སུ་སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའམ། སེམས་དཔའ་


TNT05_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དག་པར་ཤེས་པས་འོད་གསལ་དུ་འཇུག་པར་བྱེད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། འཁོར་བའི་རྒྱུ་རླུང་དང་རྣམ་རྟོག་ཡིན་ཞིང༌། རིལ་འཛིན་རྗེས་གཞིག་གི་རྣལ་འབྱོར་བསྒོམ་པས། རླུང་རྣམ་རྟོག་བརྒྱད་ཅུ་དང་བཅས་པ་ཐིམ་པའི་ཡེ་ཤེས་ནི་ཐོག་མཐའ་མེད་པ་སྟོང་པ་ཉིད་དང༌། སྣང་བ་གསུམ་པོ་རྟག་ཏུ་དགེ་བའི་མཚན་ཉིད་ཅན་འདུས་བྱས་ཀྱི་ཆོས་ལ་དམིགས་གཏད་བྱས་ཀྱང་དམིགས་པ་དང་བྲལ་བ་དེ་ནི་འདུས་བྱས་སྟོང་པ་ཉིད་དང༌། ཐམས་ཅད་སྟོང་པ་འོད་གསལ་བ་འདུས་མ་བྱས་ཀྱི་ཆོས་དབྱིངས་ཁོ་ན་ལ་དམིགས་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང༌། འོད་གསལ་དངོས་གཞིའི་དུས་སུ་གཟུང་འཛིན་གྱི་རྣམ་རྟོག་འགགས་པ་ནི་རང་བཞིན་གནས་རིགས་སྦྱོང་བར་བྱེད་པའི་ཕྱིར་རང་བཞིན་སྟོང་པ་ཉིད་དང༌། འོད་གསལ་ལས་ལངས་པའི་སྣང་གསུམ་ལུགས་ཟློག་དང་ལྷན་ཅིག་ཏུ་ཡོན་ཏན་གྱི་ཁྱད་པར་མང་པོ་འགྲུབ་པར་བྱེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མཚན་དཔེ་རྫོགས་པའི་དཀྱིལ་འཁོར་དུ་འཇུག་པ་ནི་མཚན་ཉིད་སྟོང་པ་ཉིད་དང༌། སྐུ་དང་ཡོན་ཏན་གྱི་རྒྱུའི་ཆོས་དགེ་བའི་རང་བཞིན་བདེ་ཆེན་ཟད་པ་མེད་པ་ནི་དོར་བ་མེད་པ་སྟོང་ཉིད་སྒོམ་པའི་ཚུལ་ལོ། །སྟོང་པ་ཉིད་བཞི་ནི་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་འཇུག་སྟེ། དེ་ཐམས་ཅད་གང་ཟག་དང་ཆོས་ཀྱི་སྤྲོས་པ་མེད་པའི་རྣམ་པ་ཅན་ནི་དངོས་པོ་མེད་པའི་སྟོང་ཉིད་དང༌། དེའི་ཤུལ་


TNT05_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རང་རིག་རྟག་ཏུ་འགྱུར་བ་མེད་པར་གནས་པ་ཉམས་སུ་མྱོང་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། སྤྲོས་པ་དེ་དག་གང་དུའང་མ་གྲུབ་བོ་ཞེས་པའི་བློའི་འཛིན་སྟངས་ཀྱི་ཡུལ་ཡང་བློའི་བཏགས་བྱ་ཙམ་མ་གཏོགས་མ་གྲུབ་པར་ཤེས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང༌། དེ་ལྟར་སྟོང་ཉིད་ཡུལ་དུ་བྱེད་པ་པོ་རྟོགས་བྱེད་ཀྱི་ཤེས་པ་དེ་ཡང་མ་དམིགས་པ་ནི་དོན་དམ་སྟོང་ཉིད་དེ། རྣམ་པར་མི་རྟོག་པའི་རིག་པ་ངོས་གཟུང་དང་བྲལ་བ་ལ་མཚན་ཉིད་དེ་བཞི་ཅར་ཚང་བར་བྱེད་པ་སྟེ། དེ་ལྟར་སྟོང་ཉིད་བཅུ་དྲུག་དང༌། སྤྲོས་པ་ཐམས་ཅད་འགགས་པའི་ཕྱིར་དངོས་པོ་སྟོང་ཉིད་དང༌། བདེ་གསལ་རྟག་ཏུ་འགྱུར་བ་མེད་པའི་ཕྱིར་དངོས་མེད་སྟོང་ཉིད་དེ། སྤྱིའི་མཚན་ཉིད་ལྷག་པོ་གཉིས་ཀྱང་བསྣན་པས་སྟོང་ཉིད་བཅོ་བརྒྱད་དོ། །སྟོང་ཉིད་བཅུ་དྲུག་གི་མཚན་ཉིད་རྒྱས་པར་རྒྱུད་དེ་ཉིད་ལས་བཙལ་བར་བྱའོ། །དེས་ན་ཡུལ་གནས་ལུགས་སྟོང་པ་ཉིད་གཅིག་ཁོ་ན་ལ། མཚན་ཉིད་ཀྱི་ལྡོག་ཆ་བཅོ་བརྒྱད་ཡོད་པ། ལམ་གྱིས་དམིགས་ལུགས་ལྡོག་ཆ་སོ་སོའི་སྒོ་ནས་འཇུག་ཚུལ་དང་རྟོགས་ལུགས་བཅོ་བརྒྱད་བྱུང་ཚུལ་དེ་ལྟར་ཡིན་པ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་འོད་གསལ་གྱི་རྟོགས་ཚུལ་ཏེ། སྤྱོད་བསྡུས་ལས། སྟོང་པ་ཉིད་བཅོ་བརྒྱད་ཀྱི་རིམ་པས་དོན་དམ་བདེན་པ་ལ་འཇུག་གོ་ཞེས་པའི་དོན་དེ་ལྟར་ཡིན་ ནོ། །ཡང་འདི་དཔྱད་པར་བྱ་སྟེ། གོང་རིམ་པ་གསུམ་པར། སྒྱུ་ལུས་ལ་ཕྱིར་མི་ལྡོག་ཏུ་གསུངས་ཤིང་


TNT05_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་བླ་ན་མེད་པར་འོད་གསལ་གྱི་སྐབས་སུ་ཕྱིར་མི་ལྡོག་ཏུ་གསུངས་པ་དང༌། སྤྱོད་བསྡུས་སྒྲོན་མེ་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱིས་ཀྱང་ཇི་སྲིད་དུ་དོན་དམ་པའི་བདེན་པ་མངོན་པར་རྟོགས་པ་ཐོབ་པ་མ་ཡིན་པ་དེ་སྲིད་ཀྱི་བར་དུ་ནི་ཕྱིར་ལྡོག་པར་འགྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་སྣང་བ་གསུམ་རྣམ་པར་དག་པར་མ་གྱུར་པར། དེ་སྲིད་དུ་ནི་རྣམ་པར་ཤེས་པའི་ཀུན་ཏུ་རྟོག་པའོ། །ཇི་སྲིད་དུ་རྟོག་པ་དེ་སྲིད་དུ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་ནོ། །ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་གྱིས་ནི། ཡང་སྲིད་པར་འགྱུར་བ་ཡིན་ལ། གང་སེམས་པ་གཞན་དག་དང་བྲལ་བ་དེ་ནི་རྣམ་པར་དག་པའི་གནས་ཏེ། ཞེས་གསུངས་ཏེ། སྒྱུ་ལུས་ཀྱི་རིམ་པ་ཐོབ་ཀྱང་འོད་གསལ་གྱི་རིམ་པ་མ་ཐོབ་ན། ཕྱིར་ལྡོག་སྟེ་རང་བཞིན་གྱི་སྣང་བ་གསུམ་པོ་མ་དག་པས། ཁམས་གསུམ་གྱི་ཉོན་མོངས་པའི་ས་བོན་གྱི་རྒྱུན་ཡོད། དེ་ཡོད་པས་སྐྱེ་བ་ལེན་པར་འགྱུར་རོ། །གང་རང་བཞིན་དང་བཅས་པའི་སྣང་བ་གསུམ་གྱི་སེམས་པ་དང་བྲལ་བ་ན། ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་གནས་ཚུལ་དང་མ་བདེ་བ་ཆེན་པོའི་ཡེ་ཤེས་ལ་དངོས་སུ་རེགས་པས་གནས་ཚུལ་རྟོགས་པ་ན་འཁྲུལ་སྣང་འགག་པ་ཆོས་ཉིད་ཡིན་པས་ཕྱིར་མི་ལྡོག་ཐོབ་པའོ་ཞེས་པའི་དོན་ནོ། །འདིར་ཁ་ཅིག་སྒྱུ་ལུས་ཐོབ་ཕྱིན་ལས་ཉོན་གྱིས་སྐྱེ་བ་མི་སྲིད་ལ། ཚེ་དེ་


TNT05_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོན་དམ་བདེན་པ་མི་རྟོགས་པ་ཡང་མི་སྲིད་མོད། མ་རྟོགས་ན་ཞེས་པ་རྟག་པ་མཐར་བཟུང་ཡིན་གསུང་ཡང་དེ་ལྟར་མ་ཡིན་ཏེ། སྒྱུ་ལུས་དང་པོར་ཐོབ་ཕྱིན་ཆད་རྟོགས་པ་དེ་ཉམས་པ་མི་སྲིད་པའི་ཕྱིར་མི་ལྡོག་ནི་ཡིན་ལ། གསོན་པོའི་ཚེ་ལ་སྒྱུ་ལུས་ཐོབ་པ་ཡང་ལས་ཉོན་གྱིས་འཁོར་བར་སྐྱེ་བ་མི་ལེན་མོད་སྤྱི་ཙམ་ནས་སྒྱུ་ལུས་ཐོབ་པ་ཙམ་གྱིས་སྐྱེ་བ་སྤངས་བ་མ་ཡིན་ཏེ། བར་དོ་གྲུབ་པའི་རྗེས་སུ་སྒྱུ་ལུས་ཐོབ་པ་འགའ་ཞིག་རྟེན་དེ་ཁོ་ན་ལ་འོད་གསལ་གྱི་རིམ་པ་ཐོབ་མ་ནུས་པ་རྣམས་སྲིད་པར་སྐྱེ་བ་ལེན་ཏེ། སྐྱེ་བ་སྤྲུལ་སྐུ་ལ་བྱེད་ཀྱང་དེ་ཡིན་པའི་ཕྱིར་རོ། །གལ་ཏེ་འོད་གསལ་གྱི་རིམ་པའི་རྟོགས་པ་ནི། ཚེ་འདིའམ་འཆི་ཁའམ་བར་དོའི་རྟེན་གང་ལ་སྐྱེས་ཀྱང་རུང་སྟེ། རྟེན་དེ་ཉིད་ལ་འོད་གསལ་གྱི་རིམ་པ་མཐར་ཕྱིན་འགྲོ་བས། དེའི་ཚེ་ཁམས་གསུམ་གྱི་ཉོན་མོངས་ཀྱི་ས་བོན་ཐམས་ཅད་སྤོང་པའི་ཕྱིར། ཁམས་གསུམ་དུ་མི་སྐྱེ་བས་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། དེས་ན་ཕྱིར་མི་ལྡོག་པའི་འཇོག་མཚམས་མི་འདྲ་བར་ཤེས་དགོས་སོ། །ཡང་ཁ་ཅིག་དོན་གྱི་འོད་གསལ་ཐོབ་ཕྱིན་ཆད་སྐྱེ་བའི་སྲིད་པ་འགགས་པ་ཡིན་པ་བདེན་ཀྱང༌། གསོན་པོའི་ཚེ་ལ་དོན་གྱི་འོད་གསལ་སྐྱེས་ནས་དེ་མ་ཐག་ཟུང་འཇུག་ཐོབ་ན། སྔར་གྱི་ལུས་གནས་གྱུར་པ་མིན་ཏེ། སྒྲོན་གསལ་ལས། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ཡང་རྟོག་པ་ཐམས་ཅད་ལས་འདས་པ་སོ་སོ་རང་གིས་རིག་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ། ཕུང་པོ་རིན་པོ་ཆེའི་ཟ་མ་


TNT05_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་ནང་ན་གནས་པ། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ། ཡི་གེའི་རྗེས་སུ་འབྲང་བ་རྣམས་དང༌། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པ། བླ་མའི་མན་ངག་འབའ་ཞིག་ལས་ཤེས་པར་བྱ་བ་སྟེ། ཞེས་འབྱུང་བས། ཟུང་འཇུག་དག་པའི་སྒྱུ་ལུས་དེ་ཡང་ཕུང་པོའི་ཟ་མ་ཏོག་ན་གནས་པ་ཞེས་པས། རགས་ལུས་ཀྱི་དབུས་ན་གནས་པ་མིན་ནམ་སྙམ་ན། ཚིག་དེ་ནི་བདེ་ཆེན་ཟུང་འཇུག་གི་སྐུ་དེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་བརྗོད་བྱ་ཡིན་ཡང༌། ཕལ་ཆེར་དུ་མི་གསལ་བའི་ཚུལ་གྱིས་སྦས་པ་གསུང་རབ་ཟ་མ་ཏོག་ལྟ་བུའི་ནང་ན་བརྗོད་བྱ་འདི་གནས། ཞེས་པའི་དོན་ཡིན་གྱི་ཕུང་པོ་ཞེས་པ་ཤ་ཁྲག་གི་དོན་མིན་ནོ། །དེའི་ཕྱིར་ན་ཕུང་པོ་རིན་པོ་ཆེ་ཞེས་ཀྱང་སྨོས་ཏེ། ཉེར་ལེན་གྱི་ཕུང་པོ་ལ་རིན་པོ་ཆེ་ཞེས་སྨོས་པ་ལ་དགོས་པ་ཅི། དཔལ་གསང་བ་གྲུབ་པ་ལས། །དེ་ཉིད་དེ་ཡང་རྒྱུད་གནས་པས། །དཔལ་ལྡན་གསང་བ་འདུས་པར་གསལ། །སྤྲོས་པ་དུ་མ་རྒྱས་གྱུར་པས། །གཞན་དུ་སྦས་ནས་བསྟན་པ་ཡིན། །བྱ་བ་སྤྱོད་པའི་དབྱེ་བ་དང༌། །མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དགའ་བ་གཅིག་པུ་ཉིད། །རྣམ་པ་དུ་མས་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་དབང་གིས་ནི། །དེ་ཉིད་འབད་པས་སྦས་མཛད་ནས། །སངས་རྒྱས་མགོན་པོས་རྣམ་པར་བཞག །ཅེས་གསུངས་པ་དང༌། དཀྱིལ་ཆོག་ཉི་ཤུ་པ་ལས་ཀྱང༌། །སེམས་ཅན་བག་ལ་ཉལ་དབྱེ་བས། །ཡང་དག་


TNT05_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ཡི། །རིན་ཆེན་ཟ་མ་ཏོག་ཏུ་བཞག།ཅེས་གསུངས་པ་རྣམས་དང་རིག་པ་མཚུངས་པས་སོ། །དེ་ལྟར་ན་ཤིན་ཏུ་སྤྲོས་པས་ཆོག་གོ །ལྔ་པ་རིམ་པ་འདི་ལ་བརྟན་པ་ཐོབ་པའི་ཚད་ནི། །འགྲོ་དང་འདུག་དང་ཉལ་དང་ཟ། །མིག་བཙུམ་འབྱེད་དང་དགོད་པ་ན། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །ཞེས་ཏེ་འགྲོ་བ་དང༌།འདུག་པ་དང༌། ཟ་བ་དང༌། མིག་བཙུམ་པ་སོགས་དབང་ཤེས་ནང་ལ་བསྡུས་པ་དང༌། མིག་འབྱེད་པ་སོགས་ཡུལ་ལ་སེམས་སྤྲོ་བ་དང༌། དགོད་ཅིང་རྩེ་བ་ལ་སོགས་པ་སྤྱོད་ལམ་སྣ་ཚོགས་ཀྱི་གནས་པའི་སྐབས་སུ་ཡང༌། སྒྱུ་ལུས་ཀྱི་སྣང་བ་རང་བབས་སུ་སྤྲོ་ཞིང་རང་རྒྱུད་ཀྱི་ཕུང་པོ་དང་འབྲེལ་བའི་སྣང་བ་ཁོ་ན་བདེ་སྟོང་གི་ངང་དུ་ཐིམ་པ་དང༌། ཕྱི་ནང་གི་སྣང་བ་ཐམས་ཅད་བདེ་སྟོང་དུ་ཐིམ་པར་བྱེད་ཅིང༌། ཡང་སྒྱུ་ལུས་སུ་སྤྲོ་བའི་ལྡང་འཇུག་འདི། སད་པའི་དུས་དང་གཉིད་ཀྱི་དུས་ཐམས་ཅད་ལ་འབད་རྩོལ་མེད་པར་རང་ཤུགས་སུ་བྱུང་བ་ནི་བརྟན་པ་ཐོབ་པ་ཡིན་ཏེ། རྣལ་འབྱོར་པ་དང་པོར་མངོན་པར་བྱང་ཆུབ་པའི་རྣམ་པ་ལམ་བྱེད་བླ་མས་དབང་ལ་བརྟེན་ནས་ངོ་སྤྲོད་པས། འོད་གསལ་གྱི་རིམ་པ་རྒྱུད་ལ་སྐྱེས། དེ་ནས་དེའི་རྒྱུན་བསྐྱངས་ནས་གོམས་པ་ཐོབ་པས། དེ་ཁོ་ན་ཉིད་གནས་ལུགས་རིག་པ་དེ། བསམ་གཏན་གཉིས་ཀྱི་ལྡང་འཇུག་གི་སྦྱོར་བ་འདི་ཡིས་ནི། དུས་རྟག་ཏུ་འབད་རྩོལ་མེད་པར་འཁྱོངས་ཤིང་གནས་པའོ། །དྲུག་པ་རང་འབྲས་ཟུང་འཇུག་གི་སྐུ་འཆར་ཚུལ་ནི། གཟུགས་


TNT05_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུའང་ལན་འགའ་འགྱུར། །ཇི་ལྟར་དངས་པའི་ཆུ་ཀློང་ལས། །ཉ་དག་མྱུར་བར་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །རིགས་ལྔའི་སངས་རྒྱས་ལ་བལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་ནི། །འོད་ཟེར་ལྔར་ནི་འབྱུང་བ་དག ། ནམ་མཁའི་འཇའ་ཚོན་དག་དང་མཚུངས། ཞེས་ཏེ། གཟུགས་ཞེས་པ་རང་བཞིན་ཞེས་བྱ་བར་འགྱུར་བཅོས་ནས། རང་བཞིན་བཅས་འོད་དེ་དང་དེ། ཞེས་བསྒྱུར་བ་ལྟར་ལེགས་པས། སྔོན་སྒྱུ་ལུས་ཀྱི་རིམ་པ་འགྲུབ་པ་ན། རང་བཞིན་གྱི་སྣང་བ་དང་བཅས་པའི་འབྱུང་བ་ལྔའི་དངས་མའི་རླུང་འོད་ཟེར་ལྔ་པ་དེ་དང་དེ་ལས་ལུགས་ཟློག་གི་རྣམ་ཤེས་གསུམ་གྱི་བདེ་བ་དེ། འོད་གསལ་ཀུན་རྫོབ་པའི་རླུང་དང་ལྡན་པ་སྟེ། གཅིག་ཏུ་འདྲེས་པ་ལས་གྲུབ་པའི་མ་དག་པའི་སྒྱུ་ལུས་བདག་བྱིན་བརླབ་པའི་རིམ་པ་བྱུང་ཚུལ་དང་མཐུན་པའི་གོ་རིམ་གྱིས་ཀྱང༌། དག་པའི་སྒྱུ་ལུས་བདག་བྱིན་བརླབ་པའི་རིམ་པ་འདི་སེམས་ཅན་གྱི་དོན་དུ་ལན་འགའ་སྟེ་མང་དུ་འབྱུང་བར་འགྱུར་རོ། །དེ་ཡང་སེམས་དབེན་མཐར་ཐུག་གི་སྣང་བ་གསུམ་གྱི་རིམ་པས་ཉེར་ཐོབ་སྐད་ཅིག་མ་བཞི་པའི་འོད་གསལ་ཡུན་རིང་དུ་བསྒོམས་ནས། དེའི་རྗེས་ཐོགས་སུ་སྣ་གསུམ་ལུགས་ཟློག་ལས་མ་དག་པའི་སྒྱུ་ལུས་གྲུབ་པ་བཞིན་དུ་རིམ་པ་དེ་དང་མཐུན་པ་ལ་ངོ་བོ་བཟང་ངན་གྱི་ཁྱད་པར་ཤིན་ཏུ་ཆེ་བ་ཞིག་དོན་གྱི་འོད་གསལ་


TNT05_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟུང་འཇུག་གི་སྐབས་འདིར་ཡང་སྟེ། འོད་གསལ་གྱི་རིམ་པ་མཐར་ཐུག་གི་སྐབས་ཀྱི་སྣང་བ་གསུམ་རིམ་ཅན་གྱི་མཐར་བཞི་པ་དོན་གྱི་འོད་གསལ་ཡུན་རིང་དུ་བསྒོམས་པ་ན། དེའི་མཐར་རང་བཞིན་དང་བྲལ་བའི་སྣང་བ་གསུམ་ལུགས་ཟློག་གི་རིམ་ལ་ཤར་པའི་རྒྱུ་ལས། ཟུང་འཇུག་གི་སྐུ་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་མངོན་དུ་བྱེད་དོ། །དེ་ཉིད་དཔེས་བསྟན་པ་ནི་ཤིན་ཏུ་དངས་པའི་ཆུ་ཀླུང་ཆུ་མཚོའི་ཀློང་སྟེ་དབུས་ནས། ཉ་དག་ཆུའི་སྟེངས་སུ་འཕར་ཞིང་ཆུ་ནང་ནས་སྐད་ཅིག་གིས་མྱུར་དུ་ལྡང་བ་ལྟར། དེ་བཞིན་དུ་དོན་དམ་ཆོས་ཉིད་དངོས་ལ་རང་གི་རིག་པ་གཅིག་ཏུ་འདྲེས་པའི་ཐམས་ཅད་སྟོང་པ་འོད་གསལ་བ་དེ་ལས་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་ཞེས་བྱ་བ། ཟུང་འཇུག་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་དེ་འབྱུང་བར་འགྱུར་བར་བཤད་དོ། །རིགས་ལྔའི་སངས་རྒྱས་ཞེས་སོགས། རྡོར་སེམས་ལོངས་སྐུའི་ཟུང་འཇུག་རིགས་ལྔ་སྤྲུལ་སྐུའི་ཟུང་འཇུག་ཏུ་བསྒྱུར་བ་སྟོན་པ་ཡིན་ནོ་ཞེས། བོད་ཀྱི་འཕགས་སྐོར་བ་རྙིང་པ་ཕལ་ཆེར་འཆད་ཅིང༌། ཕྱིས་ཀྱི་འཕགས་སྐོར་བ་རྣམས་གསལ་བར་མི་སྨྲ་ཡང་དོན་དེ་ནི་འདོད་པར་སྣང་ངོ༌། །འོན་ཀྱང་འདིའི་དོན་ནི། ཆོས་ཉིད་དོན་གྱི་འབྱུང་བ་ལྔའི་དངས་མའི་འོད་ཟེར་དོན་དམ་པའི་ཡེ་ཤེས་ཀྱི་སྐུ་རླུང་ཡིན་ལ། དེ་ཁམས་གསུམ་གྱི་རང་བཞིན་ལས་འདས་མོད་ཀྱང༌། ད་དུང་དེ་ལ་འཁོར་བའི་ཆ་ཤས་སུ་གཏོགས་པའི་ཀུན་རྫོབ་འབྱུང་བ་ལྔའི་དངས་མ་ཡང་འདྲེས་ཏེ་གནས་པའི་འོད་ཟེར་


TNT05_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་འབྱུང་བ་དེ་དག་ལས། རྒྱལ་བ་རིགས་ལྔའི་སངས་རྒྱས་དང༌། དེ་དག་ལ་བལྟོས་པ་སྟེ། དེའི་རིགས་སུ་གཏོགས་པའི་དཀྱིལ་འཁོར་སྣ་ཚོགས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་བརྟག་ཅིང་བསྒོམ་པ་ནི། ནམ་མཁའི་འཇའ་ཚོན་དག་དང་མཚུངས་པར་རགས་ལུས་སྤངས་པའོ། །ཞེས་པའི་དོན་ཏེ། ཟུང་འཇུག་རང་ཉིད་ལ་རྡུལ་ལས་གྲུབ་པའི་སྐུ་ནི་མེད་རྗེས་ཐོབ་ཏུ་ཀུན་རྫོབ་འཇིག་རྟེན་སྒྱུ་མ་ཙམ་དུ་ཡང་སྣང་ལ། ཀུན་རྫོབ་ཀྱི་སྣང་བས་ཁྱབ་ཚད་དུ་ཡེ་ཤེས་ཀྱི་སྣང་བས་ཀྱང་ཁྱབ་པས། དག་པ་དང་མ་དག་པའི་སྣང་བ་ཉིས་སྦྲག་གི་ཚུལ་དུ་འབྱུང་ལ། ས་ཁམས་ཀྱི་དངས་མའི་རླུང་དཀར་པོ་ཤས་ཆེ་བའི་འོད་ཟེར་ལྔ་པ་ལས། སངས་རྒྱས་རྣམ་སྣང་ཉིད་དང༌། དེའི་རིགས་སུ་གཏོགས་པ་སྤྱན་མ། ས་སྙིང་གཟུགས་རྡོ་རྗེ། གཤིན་རྗེ་གཤེད་ལ་སོགས་པའི་དཀྱིལ་འཁོར་རབ་འབྱམས་འཆར་ཞིང༌། དེ་ཉིད་ཀྱི་ནང་སེལ་མཐའ་ཡས་པ་རྣམས་ཀྱང་ངོ་དེས་འབྱུང་བ་གཞན་རྣམས་དང་རིགས་གཞན་ལའང་རིག་པ་འགྲེ་བར་བྱའོ། །འདི་རྣམས་ཟུང་འཇུག་གི་རིམ་པའི་དོན་འཆད་པ་ཡིན་ཀྱང༌། སྐབས་འདིར་བཤད་པ་ནི། འོད་གསལ་ཟུང་འཇུག་གཉིས་ཀྱི་འབྲེལ་བ་ཤེས་པའི་ཕྱིར་ཡིན་ནོ། །བདུན་པ་འོད་གསལ་གྱི་རིམ་པའི་སྤྱོད་པ་བསྟན་པ་ནི། ཕྱག་རྒྱ་འཆིང་བར་བྱེད་པ་འམ། །གལ་ཏེ་གསང་སྔགས་བཟློས་པའམ། །གང་གཞན་ཐམས་ཅད་བྱེད་པ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཐམས་ཅད་ཟ་ཞིང་ཀུན་ལ་བལྟ། །ཀུན་ལ་ཕྱག་


TNT05_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀུན་ཏུ་འགྲོ། །ཐམས་ཅད་བྱེད་པའམ་མཚན་ཅན་ཀུན། །ཐམས་ཅད་སྟོང་པས་འགྲུབ་པར་འགྱུར། །ཞེས་པ་སྟེ། འོད་གསལ་གྱི་རིམ་པ་དང་པོར་ཐོབ་ནས། མཐར་ཕྱིན་གྱི་བར་དུ་སྤྱོད་པ་གསུམ་པོ་གང་རུང་ཞིག་སྤྱོད་པ་བྱའོ། །སྤྱོད་པ་མི་སྤྱོད་པའི་གནས་སྐབས་ན་ཡང༌། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ཞིག་བསྒྲུབ་དགོས་མོད་ཀྱང༌། སྤྱིར་སྐབས་འདི་སྤྱོད་པ་དང་འཕེལ་བ་ཁོ་ན་ཡིན་ཏེ། སྒྱུ་ལུས་མཐར་འབྱིན་པའི་སྤྱོད་པ་དང༌། ཉེ་རྒྱུ་མ་གཏོགས་འོད་གསལ་གྱི་སྤྱོད་པ་རྣམས་རྣལ་འབྱོར་མའི་རྒྱུད་རྣམས་ལས་གསུངས་པ་རྣམས་དང་བསྟན་ན། ཀུན་བཟང་རྒྱལ་ཚབ་ཀྱི་སྤྱོད་པ་ཡིན་ཞིང༌། གནས་ལ་སོགས་པའི་ས་བཅུ་གཉིས་བགྲོད་ཚུལ་ཕྱི་ནང་དང་བཅས་པ་རྣམས་ཀྱང་སྐབས་འདི་དག་དང་སྦྱོར་བ་ཡིན་མོད། གཞན་དུ་བཤད་ཟིན་པ་དང༌། སྐབས་ཀྱི་དོན་མ་ཡིན་པས་འདིར་མི་སྤྲོའོ། །སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་སུ། ཕྱག་རྒྱ་སྣ་ཚོགས་པ་འཆིང་བར་བྱེད་པའམ། གལ་ཏེ་དམ་ཚིག་སྨྲ་བའི་གསང་སྔགས་བཟློས་པའམ། གང་ཞིག་གཞན་དཀྱིལ་འཁོར་དང་སྦྱིན་སྲེག་དང་གཏོར་མ་དང་ཆ་ལུགས་བསྒྱུར་བ་དང༌། གླུ་གར་ལ་སོགས་པ་ཐམས་ཅད་བྱེད་པ་ན་ཡང་བདག་དང་མདུན་དུ་སྣང་བའི་དངོས་པོ་དེ་དག་རྣམས་སྒྱུ་ལུས་ཀྱི་ལྷར་རང་ཤར་བ་དེ་ཐམས་ཅད་སྟོང་པ་འོད་གསལ་གྱི་གཞི་ལ་གནས་པར་བྱེད་དགོས་ཏེ། གཞི་ལ་གནས་པའི་དོན་དེ་ལས་མ་གཡོས་པར་སྤྱོད་ཅེས་པའོ། །དེ་ཡང་


TNT05_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་བཞི་པ་ཐམས་ཅད་སྟོང་པའི་བདེ་བས་གང་ཤར་ལྷ་སྐུ་དེ་རྒྱས་བཏབ་པས། ལྷ་སྐུའི་སྣང་བ་མ་ནུབ་བཞིན་དུ་བདེ་བའི་རང་བཞིན་དུ་གྱུར་པ་ཉིད་དོ། །སྤྱོད་པའི་སྐབས་སུ་ལྷ་སྐུའི་སྣང་བ་འོད་གསལ་དུ་བསྡུ་བའི་སྐབས་ཀྱང་སྤྱིར་ཤིན་ཏུ་མང་མོད་ཀྱི། སྤྱོད་པའི་རོལ་པ་ལ་འཇུག་པའི་ཕྱིར་དུ་མ་བསྡུས་པ་ཉིད་དོ། །དེ་བཞིན་དུ་བདེ་སྡུག་རོ་སྙོམས་པའི་སྤྱོད་པ་ལ་འཇུག་པ་ན་ཁ་ཟས་དང་བཏུང་བ་བཟང་ངན་གྱི་རྣམ་རྟོག་སྤངས་ནས་གཙང་སྨེ་ཐམས་ཅད་ཟ་ཞིང་ཡུལ་ལྔས་བསྡུས་པའི་འདོད་ཡོན་རྣམ་པ་སྣ་ཚོགས་ལ་ལྟ་བ་དང༌། ཡང་དངོས་པོ་ཀུན་ལ་ཕྱག་བྱེད་ཅིང༌། ཡང་ན་ཀུན་ལ་མི་འདུད་པ་དང༌། དུར་ཁྲོད་ལ་སོགས་པ་གནས་བཟང་ངན་ཀུན་ཏུ་འགྲོ་ཞིང་གནས་པ་དང༌། དགོད་པ་དང༌། ངུ་བ་དང༌། གླུ་གར་ལ་སོགས་པ་བྱ་སྤྱོད་ཐམས་ཅད་ལ་སྤང་བླང་གི་དབྱེ་བ་དང་བྲལ་བས་ཐམས་ཅད་བྱེད་པའམ། ཆོས་གོས་དང༌། གཅེར་བུ་དང༌། ཐལ་བ་ལ་སོགས་པ་རྟགས་དང་མཚན་མ་ཅན་ཀུན་གྱི་རྣམ་པར་ཡང་བྱེད་དེ། ངེས་མེད་ཀྱི་སྤྱོད་པ་སྣ་ཚོགས་པ་དེ་དག་ཀྱང་གོང་བཞིན་ཐམས་ཅད་སྟོང་པ་འོད་གསལ་དང་བསྲེས་པས་འགྲུབ་པར་འགྱུར་རོ། །རྒྱ་བོད་ཁ་ཅིག་ཐམས་ཅད་བཟའ་བ་སོགས་བཤན་པ་དང༌། སྨད་འཚོང་མ་དང༌། ཁོལ་པོ་དང༌། སྤྲང་པོ་ལ་སོགས་པས་ཀྱང་ཐམས་ཅད་སྟོང་བ་བསྒོམས་ན་དངོས་གྲུབ་འགྲུབ་ཅེས། འོད་གསལ་གྱི་ཕན་ཡོན་བསྟན་པར་འཆད་ཀྱང༌། གཞུང་དེའི་ཚིག་དོན་ལ་ཡེ་མ་ཞུགས་


TNT05_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་ངོ༌། གསུམ་པ། རྗེས་སེམས་བསྐྱེད་ཅིང་ཡོན་དབུལ་བ་ནི། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ ཐོབ། །ཐལ་མོ་སྦྱོར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །དངོས་པོ་ཀུན་དང་རྣམ་བྲལ་ཞིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ དང༌། །གཟུང་དང་འཛིན་པ་རྣམ་སྤངས་པས། །ཆོས་བདག་མེད་དང་མཉམ་མེད་པ། །རང་སེམས་གཟོད་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །དེ་ནས་རྗེས་སུ་མཐུན་པའི་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཡུལ་དང་མལ་སྟན་རྣམས་དང་ནི། །བྲན་དང་བྲན་མོ་ཆུང་མ་སྡུག།བུ་མོ་ཤིན་ཏུ་ཡིད་འོང་དང་གང་གིས་བདག་ཀྱང་དབུལ་བྱ་ན། །ལྷག་མ་རྣམས་ལྟ་སྨོས་ཅི་དགོས། །ཞེས་པ་སྟེ། དེ་ལྟར་འོད་གསལ་ཐམས་ཅད་སྟོང་པའི་ངོ་བོ་མཚན་ཉིད་དང༌། དེ་ཇི་ལྟར་སྒྲུབ་པའི་ཐབས་ལག་ལེན་དང་བཅས་པ་བླ་མ་ལས་ཞིབ་མོར་ཐོས་ནས་དོན་དམ་བྱང་སེམས་ཚིག་གིས་བླང་དགོས་ཏེ། བྱང་ཆུབ་སེམས་ནི་གང་ལ་དོན་དམ་ཞེས་བྱ་བའི་ཐ་སྙད་འཇུག་པ་འོད་གསལ་བདེ་ཆེན་གྱི་ཡེ་ཤེས་དེ་དམ་བཅའ་དང་བྱིན་རླབས་གཞུག་པའི་ཚུལ་གྱིས། བླ་མ་ལས་སྔར་དབང་དུས་སུ་ཐོབ་པར་མ་ཟད་དམ་བཅའི་ཚུལ་གྱིས་སླར་ཡང་བླང་བར་བྱ་སྟེ། སྐལ་བཟང་སློབ་མ་བཟང་པོ་འོད་གསལ་གྱི་མན་ངག་ཐོབ་པ་དེས༌། ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པས་གསོལ་བ་བཏབ་ན། སློབ་དཔོན་


TNT05_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། དངོས་པོ་ཀུན་དང་སོགས་ལན་གསུམ་བརྗོད་ཅིང༌། སློབ་མས་དེའི་དོན་བསམ་སྟེ་དེ་སྒོམ་པར་ཡིད་ཀྱི་དམ་འཆའོ། །དེ་ལ་དངོས་པོ་ཀུན་ཏེ་གང་ཟག་གི་བདག་དང་བྱེད་པོ་དང༌། རགས་པ་དང་རྒྱུན་གྱི་རང་བཞིན་དང་རྣམ་པར་བྲལ་ཞིང་རྡུལ་དུ་མ་འདུས་པ་དང་དབང་པོ་ཡུལ་བཅས་ཀྱི་མཚན་ཉིད་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱང་མེད་ལ། ཤེས་བྱ་གཟུང་བ་དང་ཤེས་པ་འཛིན་པའི་དབྱེ་བ་རྣམ་པར་སྤངས་པ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དོན་དམ་པར་བདག་སྟེ་རང་གི་ངོ་བོས་མེད་པ་སྤྲོས་བྲལ་ཀུན་ཁྱབ་མཉམ་པ་ཉིད་དམ་མཉམ་མེད་ཀྱི་ཡེ་ཤེས་འདི་ནི། རང་གི་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་རང་བཞིན་ཁོ་ནར་གནས་པ་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ ནོ། །ཞེས་པའི་དོན་ཏོ། ཚིག་འདིས་ཤེར་དབང་གི་ལས་རྒྱུའི་ཡེ་ཤེས་སྟོན་པར་འགོས་ལུགས་པ་འགའ་ཞིག་འདོད་པ་ནི་འབྲེལ་མེད་དོ། །མདོ་ལུགས་སེམས་བསྐྱེད་ཀྱི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ན། སྨོན་འཇུག་གི་སེམས་བསྐྱེད་ལེན་པའི་ཚིག་རེ་རེ་སོང་བའི་རྗེས་སུ། དོན་དམ་སེམས་བསྐྱེད་ལེན་པའི་ཚིག་ཡོད་པས། དེའི་ལུགས་ལ་ལས་དང་པོ་པ་ལ་ཆོ་ག་དེས་དོན་དམ་སེམས་བསྐྱེད་དངོས་རྒྱུད་ལ་སྐྱེ་བ་མིན་ཡང༌། སྔར་གྱི་སྨོན་འཇུག་གི་སྡོམ་པ་དེ་སྟོང་ཉིད་ཀྱི་ལྟ་བས་ཟིན་པས་སྡོམ་པའི་ངོས་ནས་ཀྱང་སྔ་མ་ལས་ཁྱད་པར་དུ་འགྱུར་བ་ཡིན་ལ། ཁྱད་པར་དེའི་བསླབ་བྱ་ལ་སྟོང་པ་ཉིད་ཀྱི་ལྟ་བ་ཡང་ཡང་སྐྱོང་དགོས་པ་སོགས་འབྱུང་


TNT05_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེ་བླངས་པས་རྟེན་སྡོམ་པ་ལྷག་པར་གྱུར་པའི་རྒྱུ་ལས་ལྟ་བ་སྐྱོང་བ་ལ་ཆོད་ཆེ་བར་འགྱུར་བའང་ཡིན་ནོ། །འདིར་ཡང་དོན་དམ་བྱང་སེམས་དངོས་ནི་དོན་གྱི་འོད་གསལ་ཡིན་ལ། དེ་ཡང་དབང་གི་ཆོ་གས་བསྒྲུབ་ནི་དགོས་ཤིང༌། འོད་གསལ་གྱི་རིམ་པའི་རྟོགས་པ་དང་པོ་ཉིད་ནས་ཀྱང་དོན་དམ་བདེན་པ་ལ་ཤིན་ཏུ་མངོན་དུ་ཕྱོགས་པའི་ཡེ་ཤེས་ཡིན་པས་དོན་དམ་སེམས་བསྐྱེད་རྗེས་མཐུན་པ་ཉིད་དེ། གཞུང་འདིར་བཤད་པ་ལྟར་ན། གོང་འོད་གསལ་གྱི་དབང་དུས་སུ་དེ་རྒྱུད་ལ་སྐྱེས་ཟིན་པ་བརྟན་བྱེད་དུ་ཆོ་ག་འདིས་བྱིན་གྱིས་རློབ་པ་ཡིན་ལ། སྤྱོད་བསྡུས་ལས་ནི། གསང་དབང་སོང་མ་ཐག་འོད་གསལ་གྱི་གདམས་ངག་དང་གོ་བབས་ཐམས་ཅད་བཤད་ནས། སླར་རྒྱུད་ལ་སྐྱེ་བར་འགྱུར་བ་ལ་སྔོན་དུ་དོགས་པ་ཆོད་པར་བྱས་ནས་སེམས་བསྐྱེད་འདི་ཡང་ད་ལྟ་ཉིད་དུ་འོད་གསལ་གྱི་རིམ་པ་མངོན་དུ་འགྱུར་རྒྱུ་དེ་ལ་སྔོན་འགྲོ་དམ་བཅའི་ཚུལ་དུ་བླངས་ནས། དེ་རྗེས་ཤེར་དབང་དང་བཞི་པ་བསྐུར་བ་ན། ཉམས་མྱོང་རེ་རེའི་སྟེང་དུ་སྔར་གྱི་གདམས་ངག་དྲན་པའི་ངོ་ཤེས་བྱས་པས་འོད་གསལ་གྱི་རིམ་པ་རྒྱུད་ལ་སྐྱེ་བར་དགོངས་སོ། །དེ་ཡང་སྤྱོད་བསྡུས་ལས། དེ་ནས་རྡོ་རྗེ་སློབ་མས་མངོན་པར་བྱང་ཆུབ་པའི་རིམ་པ་གཉིས་དང༌། བསམ་གཏན་རྣམ་པ་གཉིས་རྟོགས་པར་གྱུར་ཞིང་དོན་དམ་བདེན་པའི་མིང་གི་རྣམ་གྲངས་ཐོས་ནས་མངོན་པར་ཞེན་པ་སྤངས་ཏེ། བཞིན་རབ་ཏུ་དང་བ་དང་ཐལ་མོ་སྦྱར་བ་བྱས་ཏེ་ཆེད་དུ་བརྗོད་པའི་


TNT05_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདི་སྨྲས་སོ། །ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དམ་པའི་དོན། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་དཔོན་གཉིས་པ་ལྟ་བུར་བལྟས་ནས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་དང་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ནས་གཉིས་སུ་མེད་པར་དམིགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། །ཞེས་གསུངས་ཏེ། གོ་རིམ་གཞུང་འདི་དང་མི་འདྲ་བར་བྱུང་བ་ནི་དོན་འགལ་བ་ལྟ་ག་ལ་ཞིག །གཅིག་ཏུ་སྒྲིག་དགོས་པའང་མིན་ཏེ། གདམ་ཀའི་རྣམ་གྲངས་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་ཡོན་དབུལ་བ་ནི། དེ་ནས་སློབ་དཔོན་ལ་རྗེས་སུ་མཐུན་པ་སྟེ། ཐུགས་དགྱེས་པར་འགྱུར་བའི་ཡོན་འབུལ་བར་བྱ་སྟེ། རིན་པོ་ཆེ་དང༌། ཁྱིམ་སྟེ་ཁང་པ་དང༌། གླང་པོ་རྟ་སོགས་བཞོན་པ་དང༌། ཡུལ་འཁོར་དང༌། མལ་སྟན་དང༌། ནམ་བཟའ་ལ་སོགས་པ་རྣམས་དང༌། བྲན་ཕོ་དང༌། བྲན་མོ་དང༌། ཆུང་མ་སྡུག་གུ་དང༌། བུ་མོ་ཤིན་ཏུ་ཡིད་དུ་འོང་བ་དང༌། སྒྲུབ་པོ་གང་གིས་བདག་གི་ལུས་ཀྱང་དབུལ་བར་བྱ་ན། ལྷག་མ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་སོ། །རྩ་བའི་གཉིས་པ་དོན་དམ་གྱི་འོད་གསལ་ངོས་བཟུང་བ་ནི།


TNT05_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལས་ནི་དྲིན་ཐོབ་དྲི་མེད་བརྟན་པའི་བློ་ལྡན་དངོས་ཀུན་བདག །གསལ་དག་ཤིན་ཏུ་ཕྲ་བ་མཆོག་གཞིའི་རང་བཞིན་སངས་རྒྱས་མྱ་ངན་འདས་པའི་ཁམས། གཉིས་མེད་རྟོག་བྲལ་རྟག་ཏུ་བདེ་བའི་རང་བཞིན་དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ། །བསོད་ནམས་བསོད་ནམས་མིན་གྲོལ་རང་ཉིད་འདི་ནི་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །ཞེས་པ་སྟེ། སློབ་དཔོན་གྱི་ཞལ་སྔ་ལས་སྔར་མ་རྟོགས་པ་རྟོགས་པའི་དྲིན་ཐོབ་བོ། །ཅི་ཞིག་རྟོགས་ཞེ་ན་གཟུང་འཛིན་གྱི་སྣང་བའི་དྲི་མ་མེད་པ་དང༌། བརྟན་པ་སྟེ་ནམ་ཡང་འགྱུར་བ་མེད་པའི་བློ་རིག་པ་དང་ལྡན་པ་དང༌། རིག་པ་དེ་ནི་དངོས་པོ་ཀུན་གྱི་བདག་ཉིད་དེ་རང་བཞིན་དུ་གྱུར་པ་དང༌། རབ་ཏུ་གསལ་བའི་ཡེ་ཤེས་དང༌། ཉོན་མོངས་པ་གདོད་ནས་དག་པ་དང༌། ཤིན་ཏུ་ཕྲ་བ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བས་རྟོགས་པར་དཀའ་བ་དང༌། ཉོན་མོངས་པའི་རྣམ་རྟོག་དང་སྡུག་བསྔལ་ཐམས་ཅད་མཆོག་ཏུ་ཞི་བའི་རང་བཞིན་དང༌། རྫོགས་པའི་སངས་རྒྱས་དོན་དམ་པ་དང་མི་གནས་མྱ་ངན་ལས་འདས་པའི་ཁམས་དང་དབྱིངས་ཏེ་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་གི་ངོ་བོ་གཉིས་ཀྱི་ཆོས་ཐམས་ཅད་མེད་ཅིང་བྲལ་བའི་རོ་མཉམ་ཆེན་པོ་དང༌། རྟོག་པའི་འཛིན་པ་དང་བྲལ་བ་དང༌། རྟག་ཏུ་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་ཏེ། དོན་གྱི་རྣམ་གྲངས་བཅུ་གཅིག་པོ་དེ་རྣམས་ཚང་བའི་དེ་ཁོ་ན་ཉིད་དོན་དམ་པའི་འོད་གསལ་དེ་ནི་རྣལ་འབྱོར་པས་


TNT05_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱའོ། །འདི་བསྒོམས་པའི་ཕན་ཡོན་ནི། འཁོར་བ་མཐོ་རིས་དང་ངན་འགྲོའི་རྒྱུ་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཉིས་ཀ་ལས་གྲོལ་ཏེ། རང་ཉིད་སྐྱེ་བ་འདིར་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ལྟར་དོན་དམ་པའི་འོད་གསལ་གྱི་མཚན་ཉིད་གཏན་ལ་འབེབས་པ་ལ། དོན་བསྡུའི་སྐབས་འདི་ཤིན་ཏུ་གནད་ཆེ་བར་ཡོད་ དོ། །ཡང་རིམ་ལྔའི་གཞུང་འདིར་གཉིད་ཀྱི་འོད་གསལ་ལ་སོགས་པའི་རྣམ་གཞག་གསལ་པོར་མི་འབྱུང་བ་ནི། གང་གཞན་ཐམས་ཅད་བྱེད་པ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཞེས་པ་དང༌། མཚན་མོ་སྣང་བའི་ཆ་སྟེ་ཞེས་སོགས་སྣང་གཞི་ལུགས་འབྱུང་དུ་ཐིམ་ཚུལ་གསུངས་པ་རྣམས་ཀྱི་ཁོང་ན་གནས་ཤིང༌། གོ་རིམ་པ་གསུམ་པར། དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། ཞེས་པ་ལ་སོགས་པས་ཀྱང་རིགས་བསྒྲེས་ཏེ་རྟོགས་པར་འགྱུར་བ་ལ་དགོངས་མོད་ཀྱི། གསལ་ཞིང་རྒྱས་པ་ནི། འཕགས་པ་ལྷའི་སྤྱོད་བསྡུས་ལས་རྟོགས་སོ། །དེ་ཡང་སྤྱོད་བསྡུས་ལས་འདི་སྐད་དུ། ཇི་སྲིད་དུ་ཕུང་པོའི་ཟ་མ་ཏོག་ཡོད་པ་དེ་སྲིད་ཀྱི་བར་དུ་ནི། རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་སྟེ་རང་བཞིན་གྱི་སྣང་བ་འགྲོ་བ་བདག་དང་གཞན་ལ་སྣང་བར་འགྱུར་རོ། །ཇི་ལྟར་ཞེ་ན། དང་པོ་སྣང་བའོ། ། གཉིས་པ་ནི་རང་བཞིན་ནོ། །དེ་རླུང་དང་བཅས་པས་གང་ཕྱོགས་བཅུར་འཁོར་བ་དེ་གང་གིས་ཞེ་ན། འདོད་ཆགས་དང༌། འདོད་ཆགས་


TNT05_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་དང༌། འདོད་ཆགས་བར་མ་ལ་སོགས་པ་དང༌། གཞན་ཡང་དྲག་པོ་དང༌། ཞི་བ་དང༌། དགའ་བ་དང༌། མྱ་ངན་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚོར་བ་ཞེས་བྱ་བ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་ཉིན་དང་མཚན་དུ་ཡིད་ལ་བྱས་ནས་མ་རིག་པ་རང་འགགས་ཤིང༌། ཡང་ལངས་ནས་རླུང་གི་དབང་གིས་འཁོར་བ་ནས་འཁོར་བར་འགྱུར་བ་སྟེ། དེས་ལུས་བཀྲུས་ནས་ཇི་སྲིད་དུ་མིག་ལ་སོགས་པ་དབང་པོའི་ཡུལ་ལ་དམིགས་པ་དེ་སྲིད་དེ་ཉིད་དུ་དམིགས་པར་འགྱུར་ཏེ། ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་རོ། །དེ་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པས་བདག་མེད་པའི་ཆོས་ལ་བསླབས་པས་རྣམ་པར་བསྲེས་པའི་སྦྱོར་བ་ཁོང་དུ་ཆུད་ནས། རང་བཞིན་གྱི་སྣང་བ་དང་གཅིག་ཏུ་བསྲེ་བར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལ་དམིགས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་སེམས་ལ་གཞུག་གོ །སེམས་ནི་སེམས་ལས་བྱུང་བ་ལ་གཞུག་གོ །སེམས་ལས་བྱུང་བ་ནི་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དཽ། །དེ་ལ་དུས་འདིར་ན་སེམས་དང་སེམས་ལས་བྱུང་བ་མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་མ་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗེད་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ། །ཡང་འགྲོ་བ་ན་རླུང་གི་རང་བཞིན་རྙེད་དེ་གང་གི་རྨི་ལམ་གཞན་དག་འབྱུང་བ་ཡིན་


TNT05_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། དེ་ནི་སོ་སོར་རང་གིས་རིག་པ་ལུས་དང༌། ངག་དང༌། སེམས་དང་བྲལ་བ་དོན་དམ་པའི་བདེན་པ་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་གསང་བར་བྱ་ཞིང༌། དེ་བཞིན་ཉིད་ལ་གཞུག་པར་བྱས་ན། སྐལ་བ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཞེས་གསུངས་ཏེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་གཉིད་དང་འོད་གསལ་བསྲེ་བའི་སྐབས་སུ་གསུངས་པ་ཡིན་ཀྱང༌། གཉིད་དང་འོད་གསལ་བསྲེ་ཚུལ་ནི། སྤྱོད་པ་དེའི་སྒོས་ཆོས་མ་ཡིན་ཏེ་ཐམས་ཅད་ལ་མཚུངས་སོ། །དེ་ཡང་ཇི་སྲིད་དུ་རྣམ་སྨིན་གྱི་ཕུང་པོ་ཡོད་ཀྱི་བར་དུ། ཉམས་མྱོང་ཇི་ལྟར་བཟང་ཡང་རང་གཞན་བདེ་སྡུག་མཐོ་དམན་འབྱོར་རྒུད་ཀྱི་སྣང་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཡང་སེམས་ལ་ཉོན་མོངས་ཀྱི་ས་བོན་ཅན་གྱི་སྣང་གསུམ་ཡོད་པས། དེ་རླུང་གིས་བསྐྱོད་པ་ལ་བརྟེན་ནས། རང་བཞིན་རྣམས་ཀྱི་ས་བོན་གྱི་རྒྱུན་དེ་མངོན་འགྱུར་དུ་ལངས་ནས་ཉོན་མོངས་རགས་པས་བྱ་བ་བྱེད་དོ། །ཡང་གཉིད་ལ་འཇུག་པའི་དུས་སུ། ཀུན་རྟོག་གཡོ་བའི་རླུང་ཅུང་ཟད་ཐིམ་ཞིང༌། སྣང་བ་གསུམ་རིམ་ཅན་དུ་ཤར་ནས་མ་རིག་པ་སྟེ་ཐོབ་པ་ཡང་དར་ཅིག་གཉིད་ཀྱི་འོད་གསལ་དུ་འགག་གོ །ཡང་དེ་ལས་ལངས་ཏེ་སྣང་བ་གསུམ་འཆར་བ་སོགས་


TNT05_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་མེད་པའི་དུས་ནས་གོམས་པའི་བག་ཆགས་རླུང་གིས་སད་པར་བྱས་པས། དབང་ཤེས་ཡུལ་ལ་གཡོ་ཞིང་བདེ་སྡུག་མྱོང་བར་བྱེད་དོ། །དེ་ལ་དབང་ཤེས་དང་རང་བཞིན་གྱི་རྣམ་རྟོག་གཉིས་གང་སྔོན་ལ་འབྱུང་ཞེ་ན། ཕན་ཚུན་གཅིག་ལས་གཅིག་བརྟེན་པའི་ཕྱིར་སྤྱི་ལྡོག་ནས་ངེས་པ་བཞག་ཏུ་མེད་ཀྱང༌། སྐྱེ་བའི་རིམ་པ་ཕྲུགས་གཅིག་ལ་དབང་ཤེས་ཀྱི་སྔོན་དུ་རང་བཞིན་འཇུག་སྟེ། དེ་ཡང་དང་པོར་འོད་གསལ་གྱི་དུས་ན། སྣང་བ་གསུམ་བག་ལ་ཞ་བའི་ཚུལ་དུ་གནས། འོད་གསལ་ལས་ལངས་དུས་སྣང་གསུམ་མངོན་འགྱུར་དུ་བྱུང། སྐད་ཅིག་དེ་ཉིད་ན་རང་བཞིན་རྣམས་བག་ལ་ཞ་བ་ལས་མངོན་འགྱུར་དུ་ལྡང་མ་ཐུབ་ཀྱང༌། དེ་དུས་སྣང་བ་རླུང་གིས་བསྐྱོད་པས་དེའི་སྐད་ཅིག་གཉིས་པར་རང་བཞིན་གྱི་རྣམ་རྟོག་མངོན་འགྱུར་བ་ཞིག་འབྱུང་སྟེ། ཡུལ་ལ་གཡོ་བའི་རྣམ་རྟོག་སྐད་ཅིག་མ་དེས་རྐྱེན་བྱས་ཏེ་ཡུལ་འཛིན་པའི་དབང་ཤེས་སྐྱེའོ། །དེས་ན་དབང་པོ་སད་པར་བྱེད་པ་པོ་རྣམ་རྟོག་ཡིན་ནོ། །དབང་ཤེས་ཀྱི་རྗེས་སུ་འབྲངས་ནས། སླར་ཡང་ཚོར་འདུ་ཆགས་སྡང་ལ་སོགས་པ་རང་བཞིན་གྱི་རྣམ་རྟོག་དུ་མ་འབྱུང་མོད་ཀྱང་དེ་ནི་ཕྲུགས་གཞན་ཡིན་ཏེ། དེས་ན་འདི་ལྟ་སྟེ། རྒྱུ་བག་ཆགས་རྐྱེན་རླུང་དང་རྟོག་པས་སད་པ་ན། འབྲས་བུ་དབང་པོའི་རྣམ་ཤེས་ཀྱིས་བདེ་སྡུག་མྱོང་ངོ་ཞེས་ཕྲུགས་གཅིག་ཏུ་བྱ་ཞིང་དབང་ཤེས་སྔ་མ་གཅིག་སྐྱེས་པ་དེ་ཡུལ་དང་ཕྲད་པ་ན། དབང་ཤེས་དེའི་དུས་ཀྱི་སེམས་གསལ་རིག་འོད་གསལ་དེ་


TNT05_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡུལ་ཉམས་མྱོང་དང་ལྷན་ཅིག་པའི་སྣང་གསུམ་ཕྲ་མོ་ཞིག་སྐྱེ་ལ། དེ་རླུང་གིས་བསྐྱོད་པས་ཆགས་སྡང་གི་རྣམ་རྟོག་བྱུང་སྟེ། དེ་དང་མཐུན་པའི་ཡུལ་ལ་ཞུགས་ནས་དབང་ཤེས་ཀྱིས་ཉམས་སུ་མྱོང་ངོ༌། །ཞེས་པ་འདི་ཕྲུགས་ཕྱི་མ་ཡིན་ནོ། དེ་ལྟར་གཞི་ལ་འཆར་བའི་རིམ་པ་དང་མཐུན་པར་རང་བཞིན་དང་སྣང་བ་དེ་དག་བདག་མེད་པའི་འོད་གསལ་དང་བསྲེས་ཏེ་བསྒོམས་ན། དོན་དམ་བདེན་པ་ལ་རེག་པར་འགྱུར་ཏེ། དེ་ཡང་གཉིད་དུ་འགྲོ་བཞིན་པའི་རགས་སྣང་ཇེ་ཕྲར་སོང་བའི་སྐབས་དེར། ཉིན་སྣང་གི་དུས་ཀྱི་བདེ་སྟོང་གི་ཉམས་མྱོང་དེའི་རྒྱུན་ལ་སྐབས་དེར་ཁམས་འདུས་པས་བདེ་བ་འཕེལ་ཡོད་པ་ལ་སེམས་གཏད་པས། གཞི་དུས་ན་ཡང་སྐབས་དེར་རགས་པ་ཉེར་ལྔ་རྣམས་ཀྱི་ཆ་ཤས་རླུང་ཕྲ་མོ་ལ་འདུས་པ་ཅིག་ཡོད་པ་དེ། སྐབས་དེར་བདེ་བ་ལ་སེམས་བཞག་པ་དེའི་རྐྱེན་གྱིས་ལྷག་པར་སྟོབས་སུ་གྱུར་ནས། གཞི་དུས་ལས་ཆེས་ལྷག་པའི་ཁམས་རྣམས་ཐིམ་ཚུལ་འབྱུང་ངོ༌། །དེ་ནས་གཞི་དུས་ན་གཉིད་དུ་ཐིམ་སོང་ཞིང་སད་དུས་ཀྱི་སྣང་བ་འགགས་མཚམས་དེར་རླུང་སྣང་བ་ལ་ཐིམ་པ་ཡིན་ལ། སྣང་བ་གསུམ་ཡང་སེ་གོལ་གཏོགས་པ་ལྟ་བུ་ཡུད་ཙམ་ཞིག་ལ་འཆར་རོ། །ལམ་བསྒོམས་པས་སྔར་གྱི་བདེ་བའི་རྒྱུན་ཇེ་རྒྱས་སུ་སོང་བས་རྣམ་རྟོག་གཡོ་བའི་རླུང་ཐིམ་ཚབས་ཀྱང་ཤིན་ཏུ་ཆེ་སྟེ། དེའི་རྒྱུ་མཚན་གྱི་སྣང་གསུམ་ཡང་གསལ་ལ་ཡུན་རིང་བར་འབྱུང་ངོ༌། །གཞི་དུས་ན། སྣང་བ་གསུམ་གྱི་མཐར་གཉིད་ཐུག་པོ་ཡུན་རིང་


TNT05_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའང་ཡོད༌། ཐུང་ངུར་གནས་ཀྱང་རུང་སྟེ། དེ་འོད་གསལ་གྱི་རང་བཞིན་ཡིན་ཡང་ངོ་མི་ཤེས་སོ། །གཉིད་འཐུག་པོའི་མཐར་རྨི་ལམ་འབྱུང་མི་འབྱུང་ཡང་མ་ངེས་ཤིང༌། རེས་འགའ་གཉིད་ཀྱི་སྣང་བཞི་སྐད་ཅིག་ཙམ་ལ་སོང་ནས། དེ་མ་ཐག་རྨི་ལམ་འབྱུང་བའམ་ཡོད་མོད་ཀྱི། ཡུན་རིང་ཐུང་མ་གཏོགས་རྨི་ལམ་གྱི་སྔོན་དུ་གཉིད་ཀྱི་འོད་གསལ་ཞིག་ངེས་པར་བྱུང་ཡོད་དོ། །རྣལ་འབྱོར་པས་ནི་ཐོབ་པའི་དང་པོར་དྲན་མེད་དུ་བརྒྱལ་བ་ལྟ་བུའི་གཉིད་དང༌། དེའི་རྗེས་སུ་བརྒྱལ་བ་ནི་སངས། རྣམ་རྟོག་ནི་མ་སྐྱེས་རྨི་ལམ་ཡང་མ་ཤར་བའི་སྐབས་ཤིག་ཡོད་པ་དེ་ཉེར་ཐོབ་བཞི་པའམ་འོད་གསལ་དངོས་ཡིན་པས། དེའི་སྟེང་དུ་འོད་གསལ་གྱི་གདམས་ངག་སྐྱོང་དགོས་ཤིང༌། དེ་ཡང་སྔར་གྱི་བདེ་སྟོང་གི་ཉམས་ཀྱི་རྒྱུན་དེ་བར་གྱི་ཐོབ་པ་དྲན་མེད་དེས་ཀྱང་རྐྱེན་བྱས་ཏེ་ཤིན་ཏུ་འཕེལ་བས་བདེ་སྟོང་མཐའ་དབུས་མེད་པའི་ཚུལ་དུ་འབྱུང་ངོ༌། ། དེ་ནི་ཐ་མལ་གྱི་གཉིད་འཐུག་པོ་དེ་ལམ་གྱི་བདེ་སྟོང་དུ་བསྒྱུར་བ་ཡིན་པས། གཉིད་འཐུག་པོ་དེ་འབྲས་བུ་ཆོས་སྐུ་དང་རྣམ་པ་འདྲ་བའི་སྒོ་ནས་ལམ་དུ་བྱེད་པ་ཡིན་ལ། དེ་ནི་གཉིད་འཐུག་པོའི་འོད་གསལ་ཆོས་སྐུར་བསྲེ་བ་ཞེས་བྱ་ཞིང། ཐིམ་རིམ་དེ་དང་མཐུན་པའི་གཉིད་སད་དུས་ཀྱི་འོད་གསལ་སྐྱོང་བ་ལ་ཡང་རྒྱུ་མཚན་དེའི་ཕྱིར་འོད་གསལ་ཆོས་སྐུར་བསྲེ་བ་ཞེས་ཟེར་རོ། །གཉིད་ཀྱི་འོད་གསལ་ལ་བག་ཆགས་ཀྱི་གཡོ་བ་ཅུང་ཟད་འགྲོ་བ་ན། སྣང་གསུམ་ལུགས་ཟློག་གི་ཆ་ཤས་ཤིན་ཏུ་ཕྲ་བ་


TNT05_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དང༌། རླུང་གི་གཡོ་བ་ལ་བརྟེན་ཏེ་རྨི་ལམ་འབྱུང་ན། རྨི་ལམ་གྱི་བསྲེ་ཚུལ་ཇི་ལྟར་བྱེད་པ་ནི་སྔར་བཤད་ཟིན་ཏེ། དེས་ན་སྣང་བ་དང་གཅིག་ཏུ་བསྲེ་བར་བྱ་སྟེ། ཞེས་པའི་ཚིག་འདི་ཕྱོགས་འདིར་བསྲེ་བའི་མན་ངག་ཅེས་ཡོངས་སུ་གྲགས་པའི་མིང་གི་བཤད་ཁུངས་ཀྱང་ཡིན་ལ། དོན་ནི་ཡང་ཡང་བཤད་ཟིན་ཞིང་འཆད་པར་ཡང་འགྱུར་རོ། །འཆི་བ་འོད་གསལ་གྱི་གདམས་པ་ཡང་རིམ་པས་འཇུག་ཚུལ་གཉིས་ཀྱི་འོད་གསལ་གྱི་སྐབས་བཤད་པ་དང་འདྲ་བས། དེས་ཀྱང་ཕལ་ཆེར་མཚོན་ནུས་ལ། ཡང་སྤྱོད་བསྡུས་ལས། གལ་ཏེ་སྒྲུབ་པ་པོ་དེ་བདེན་པ་མཐོང་ཡང༌། སྔོན་གྱི་བག་ཆགས་གོམས་པའི་སྟོབས་ཀྱི་ཞིང་ལས་དང༌། ཚོང་དང་རྙེད་བཀུར་ལ་སོགས་པས་གཡེངས་པས་སྤྱོད་པ་རྣམ་གསུམ་སྤྱོད་པར་མི་བྱེད་པ་དང༌། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར་མི་སྤྱོད་པ་དེ་དག་ནི་འཆི་བའི་དུས་བྱས་ན། ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ་ཞེས་དོགས་པ་བཀོད་དེ། འདིར་བདེན་པ་མཐོང་བ་ནི་སེམས་དབེན་མཐར་ཐུག་པའི་དཔེའི་འོད་གསལ་དེའི་མིང་ཡིན་པས དེ་ཐོབ་པ་དང༌། སྒྱུ་ལུས་ཀྱི་རིམ་པ་དང་པོར་ཐོབ་པ་ཉིད་དཀྱུས་ཐོག་གཅིག་ལ་འབྱུང་བས་སྒྱུ་ལུས་ཀྱི་རིམ་པ་ཐོབ་པའི་གང་ཟག་དེ་འདིར་བདེན་པ་མཐོང་བར་གཞག་པ་ཡིན་ལ། དེ་ལེ་ལོའམ། གཡེངས་རྐྱེན་ནམ། འབྱོར་པ་མ་ཚང་བས་སྤྱོད་པ་གསུམ་མ་སྤྱད་ན། སླར་སྐྱེ་བ་ལེན་པར་འགྱུར་


TNT05_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

རམ་མི་འགྱུར། དེ་ལ་འཆི་སྲིད་དང་བར་དོ་ཡོད་དམ་མེད་ཅེས་པ་སྟེ། དེའི་ལན་ནི། གཞུང་དེ་ལས་ཇི་སྐད་དུ། དེ་བཞིན་དུ་རྫོགས་པའི་རིམ་པ་རྟོགས་པར་གྱུར་པས་ཀྱང་ཐམས་ཅད་བྱས་ནས་འཇིག་རྟེན་དུ་མྱ་ངན་ལས་འདའ་བར་གྱུར་པ་འདི་ལ་སོམ་ཉི་མི་བྱའོ། །དེ་བས་ན་དེ་ཁོ་ན་ཉིད་ཤེས་པ་ནི་རྐྱེན་མ་ཚང་བས། ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཡང་ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་གྱུར་པ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས་ཐ་ལམ་གྱི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུའང་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འདི་དག་ཐམས་ཅད་ནི་ཁྱད་པར་ཅན་ཡོངས་སུ་བསྒྱུར་བས་ཡོངས་སུ་གྱུར་པ་བཞིན་པས་ནི་ཁྱད་པར་ཅན་གྱི་འབྲས་བུ་འགྲུབ་པར་འགྱུར་རོ། །འདིར་བཤད་པ། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། རྙེད་པ་འདི་ནི་


TNT05_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་ཕྱེད་བཞིན་དུ་དེ་དག་ཁྱད་པར་མེད། །མིང་གཉིས་ཐ་མ་གཅིག་པ་ཁོ་ནར་ནི། །ཤེས་པ་དེ་འདི་བཅིངས་ལས་གྲོལ་བ་ཡིན། ཞེས་གསུངས་ཤིང་འདིའི་རྒྱབ་རྟེན་དུ་མདོའི་ལུང་དྲངས་ནས། སྐྱེ་འཆིའམ་སྐྱེ་འགག་བདེན་མེད་དུ་གཏན་ལ་ཕབ་པ་ནི། སྐྱེ་འགག་གནས་ཚུལ་ལ་གྲུབ་ན་རེ་ཞིག་རྣལ་འབྱོར་པའི་བློ་ངོར་སྐྱེ་འགག་དང་བྲལ་བར་ཤར་ཡང་ཕུགས་སྐྱེ་འཆི་ལས་གྲོལ་མི་ཐུབ་སྟེ་ཐབས་ཇི་ལྟར་བཟང་ཡང་གནས་ཚུལ་ལས་འདའ་བར་མི་སྤྱོད་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྐྱེ་བ་དང་འགག་པ་ནི་བློ་རྣམ་རྟོག་གིས་བཏགས་ཡུན་རིང་པས་ཡོད་ཡོད་ལྟར་སྣང་བ་མ་གཏོགས་དངོས་གནས་ལ་མེད་པའི་ཕྱི། གང་རྣལ་འབྱོར་བས་མེད་པར་རྟོགས་པ་ན་དེ་ཡང་མི་འབྱུང་སྟེ། དེའི་ཕྱིར་སྤྱོད་པ་སྤྱད་ན་སྙིགས་མའི་ལུས་འདི་དངས་མར་ཐིམ་ནས་འཆི་བ་མི་འབྱུང་ཞིང༌། དེ་མ་བྱུང་བས་བར་དོ་དང་སྐྱེ་བ་གསར་པའང་མི་ལེན་པ་ཡིན་མོད། སྤྱོད་པ་མ་སྤྱད་པས་རགས་པའི་ལུས་འདི་དངས་མའི་དབྱིངས་སུ་འཇའ་ལྟར་ཡལ་བར་མི་འགྱུར་མོད་ཀྱང༌། འཆི་བའི་སེམས་འབྱུང་བའི་དུས་སུ་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་ཡེ་ཤེས་སྐྱེས་ན། འཆི་བ་བར་དོ་སྐྱེ་བ་གསུམ་མེད་པ་ལ་མེད་པར་རྟོགས་པ་ཡིན་པས། དེ་ལ་མི་འབྱུང་སྟེ་གཉིད་སད་པ་ནི་རྨི་ལམ་བཞིན་ནོ། །ལན་ཅིག་མེད་པར་རྟོགས་ཀྱང་ཡང་ཡོད་འཛིན་སྐྱེས་ན་སྐྱེ་སོགས་འབྱུང་བ་མ་ཡིན་ནམ་ཞེ་ན།


TNT05_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་དང་རོ་གཅིག་ཏུ་འདྲེས་པའི་རྟོགས་ཚུལ་དེ་ནི་ནམ་དུ་ཡང་ཉམས་པར་འགྱུར་བ་ག་ལ་སྲིད་དེ། ཀུན་རྫོབ་ཏུ་ཡིད་བྱེད་བརྟན་པོ་རྣམས་ཀྱི་སྐྱེ་བ་གཞན་དུ་རྗེས་སུ་འབྲང་བ་མཐོང་ན། མངོན་སུམ་དུ་རྟོགས་པ་ནི་དེ་བས་འབུམ་འགྱུར་གྱིས་ལྷག་པའི་སྟོབས་དང་ལྡན་པའི་ཕྱིར་དང༌། གནས་ལུགས་ལ་རོ་གཅིག་ཏུ་འདྲེས་པའི་ཤེས་པ་དེ་ཉམས་པར་འགྱུར་བ་མི་སྲིད་དེ། གནས་ལུགས་འགྱུར་བ་མི་སྲིད་ཅིང་ཤེས་པ་དེ་ཡང་གནས་ལུགས་སུ་སོང་བའི་ཕྱིར་རོ། །ཞེས་པ་འདི་ཐུགས་ལ་གཞག་པ་སྟེ། གཞན་དུ་ན་སྒྲུབ་བྱེད་དུ་མི་རུང་བར་འགྱུར་བས་སོ། །སྤྱོད་བསྡུས་ཀྱི་རྒྱབ་རྟེན་གྱི་ལུང་རིག་མང་པོ་འདི་འདྲའི་ཚུལ་དུ་སྦྱོར་དགོས་པ་ཡོད་དེ། དེ་ལྟར་མ་རྟོགས་པར་ཁ་ཅིག་རེས་འགའ་དེ་དང་དེ་སྔགས་ཀྱི་ཐུན་མོངས་མ་ཡིན་པའི་ལམ་དུ་འདོད་བཞིན་དུ། མདོ་ཚིག་དངོས་བསྟན་གྱི་བརྗོད་བྱ་ཡང་ཡིན་པར་སྨྲ་བའི་འགལ་བ་དང༌། ཁ་ཅིག་མདོ་སྔགས་ཀྱི་ལམ་ལ་ཁྱད་པར་མེད་ཀྱང༌། ཁོ་བོ་གསང་སྔགས་ལ་འཇུག་སྟེ། གསང་སྔགས་ཟབ་པའི་ཕྱིར་ཞེས་འགལ་དུ་སྨྲ་བ་དང༌། གཞན་དག་མདོ་ལ་མོས་པ་དག་དྲང་བའི་ཕྱིར་ལུང་གོ་བསྟུན་ཙམ་ཡིན་ཞེས་ཟོལ་འཇོག་བྱེད་པ་དང༌། ལ་ལ་ནི་དོན་གྱི་རྣམ་གྲངས་སྣ་རེ་ཙམ་གྱི་རྒྱབ་རྟེན་དུ་དྲངས་ནས། སྤྱིར་དོན་འདི་དང་འདི་ལྟ་བུ་འགྲུབ་ན་སྒོས་སུ་འདི་ཡང་འགྲུབ་པའོ་ཞེས་སྐྱོགས་ནས་སྨྲ་སྟེ། དེ་དག་གང་ལའང་སྙིང་པོ་མེད་དོ། །དོན་


TNT05_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཞིབ་པ་ཞིག་གཞན་དུ་སྤྲོ་བར་འདོད་དོ། །དེས་ན་སྒྱུ་ལུས་ཀྱི་རིམ་པ་རྒྱུད་ལ་སྐྱེས་པའི་གང་ཟག་དེ། འཆི་ཁ་ཡན་ཆད་དུ་རྫོགས་རིམ་འོད་གསལ་གྱི་རིམ་པ་མི་ཐོབ་པ་མི་སྲིད་པ་ལྟ་བུ་ཡིན་པས། གཞན་ལ་འཆི་བའི་ཐིམ་རིམ་འབྱུང་བའི་སྐབས་དེར། རྣལ་འབྱོར་པ་དེས་ནི་རང་བཞིན་དང་དེའི་སྣང་བར་གཏོགས་པའི་སྤང་བྱ་ཐམས་ཅད་སྤོང་བའི་བྱ་བ་བྱས་ནས་འཆི་བར་འགྱུར་བ་སྟེ། འཆི་སེམས་འབྱུང་བའི་འདོད་ལ་མྱ་ངན་ལས་འདས་པ་དོན་གྱི་འོད་གསལ་འབྱུང་བ་ཡིན་ལ། སྐྱེ་བར་འགྱུར་བའི་ལས་དང་བག་ཆགས་གང་ཡིན་པ་དེ་ཡང་ཀུན་རྫོབ་བདེན་པ་སྒྱུ་ལུས་ཀྱི་རྒྱུར་གནས་གྱུར་པ་ཡིན་ནོ། །ཐ་མལ་གྱི་ཕུང་པོ་བོར་ནས་ཞེས་པ་རགས་པའི་ལུས་གནས་མ་གྱུར་བར་བཞག་པའི་མིང་ཡིན་ནོ། །གོང་དུ་དེ་ཁོ་ན་ཉིད་ཅེས་པ་ནི། སྒྱུ་ལུས་ཐོབ་ཅིང་འོད་གསལ་གྱི་རིམ་པ་ཉམས་འོག་ཏུ་ཆུད་པའོ། །རིམ་གྱིས་ལྡང་བར་བྱའོ་ཞེས་སེམས་བརྟན་པོ་བསྐྱེད་པ་ནི། འདི་ན་ཁ་ཅིག་དོན་གྱི་འོད་གསལ་ལ་འཇུག་ཁར་འོད་གསལ་དེ་སད་པ་དང་མཉམ་དུ་ཟུང་འཇུག་གི་ལྷ་སྐུར་ལྡང་བར་བྱའོ་ཞེས་འཕེན་པ་དྲག་པོ་ཡང་ཡང་གཏོང་བའི་དོན་དུ་འདོད་པ་ནི། ཆོས་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་རྟོག་བཅས་ཀྱི་དྲན་འཛིན་སད་སུད་ལ་བློ་གཏད་འཆའ་དགོས་ཟེར་བར་སྣང་བས་ཆེས་མི་འཐད་ལ། འདིར་མ་ཟད་སེམས་དབེན་གྱི་ཉམས་རྟོགས་ཙམ་སྐྱེས་ནས་ཀྱང་འཕེན་པ་དེ་འདྲ་ལ་རག་མ་ལུས་སོ། །ཡང་འོད་གསལ་


TNT05_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་ལ་ཁད་ལ་སྙིང་ག་ནས་རིག་པ་ཕྱིར་སྤོར་བ་དེའི་མན་ངག་ཏུ་བྱེད་པ་ཡང་བཞད་གད་ཀྱི་གནས་སོ། །དེས་ན་ལྡང་བར་བྱའོ་ཞེས་བྱ་བ་ནི། དག་པའི་སྒྱུ་ལུས་བདག་བྱིན་བརླབ་པ་ཐོབ་པར་འདོད་པའི་མིང་ངོ༌། །དེས་བརྟན་པོར་སེམས་བསྐྱེད་པ་ནི། རྣལ་འབྱོར་བ་དེ་ཤིན་ཏུ་ཐོགས་ཀྱང་རགས་པ་ཐིམ་པའི་འགོ་རྩོམ་པ་ན། འོད་གསལ་གྱི་རིམ་པ་མི་ཐོབ་པ་མི་སྲིད་པས་དེ་ནས་གཟུང་འཆི་སེམས་ལ་མངོན་དུ་ཕྱོགས་པའི་བར་ལ་ཡང་སྒྱུ་ལུས་བསམ་གཏན་གཉིས་ཀྱི་འོད་གསལ་དུ་འཇུག་པ་དང༌། དེ་ལས་ལྡང་བ་ལན་འགའ་རེར་སྦྱངས་ཟིན་པས་བྱང་ཞིང་བརྟན་པོར་སོང་བའི་སེམས་བསྐྱེད་པ་སྟེ་སེམས་ཐོབ་པར་བྱས་ཅེས་པའི་དོན་ནོ། །དེ་ཡིད་ལ་བྱེད་པ་ཞེས་པ་ཡང༌། སྒྱུ་ལུས་འོད་གསལ་དུ་བཅུག་པ་དེ་བསྒོམ་པའི་དོན་ཡིན་གྱི་འཕེན་པ་ཡིད་ལ་བྱེད་པ་མ་ཡིན་ནོ། །ལྡང་འཇུག་ཡིད་ལ་བྱེད་པ་དེ་ནི་ཟུང་འཇུག་གི་རྣམ་པ་ཡིད་ལ་བྱེད་པ་ཡིན་ལ། ཟུང་འཇུག་གི་རྣམ་པ་བསྒོམས་པས་ཟུང་འཇུག་ཏུ་འགྱུར་བ་ནི་བསམ་པ་གང་དང་སོགས་ལུང་གིས་བསྒྲུབས་སོ། ཁྱད་པར་ཅན་དུ་ཡོངས་སུ་བསྒྱུར་བ་ཞེས་པ་ནི། འཆི་བ་ནི་འོད་གསལ་ཆོས་སྐུའི་ཆ་ཤས་དང༌། བར་དོ་ནི་ལོངས་སྐུའི་ཟུང་འཇུག་དང༌། སྐྱེ་བའི་རྒྱུ་སྤྲུལ་པའི་སྐྱེ་བ་སོགས་སྤྲུལ་སྐུའི་ཟུང་འཇུག་ཏུ་བསྒྱུར་བས་འཆི་ཁ་ནས་བརྩམས་ཏེ་དེ་དང་དེར་འགྱུར་བཞིན་པ་དང༌། ཟུང་འཇུག་ཐོབ་


TNT05_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་འབྲས་བུར་བྱུང་ཟིན་པ་དང་གྱུར་ཟིན་པའོ། །སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་བ་འདི་དང༌། སྒྲོན་གསལ་ལས་ཀྱང་ཟུང་འཇུག་དངོས་དང༌། ཟུང་འཇུག་རྗེས་མཐུན་པ་རགས་པ་ལ་འཇུག་པར་བཤད་པ་རྣམས་ཀྱིས། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་གསལ་བར་བསྟན་པ་ཡིན་པས། འཕགས་སྐོར་གྱི་ཕྱོགས་འདིར་སྐྱེ་བ་སྤྲུལ་སྐུ་ཞེས་པ་ལ་ཁུངས་མེད་དམ་སྙམ་པའི་དོགས་པ་མི་འཚལ་ལོ་ཞེས་མཁས་པ་འགའ་ཞིག་ལ་སྦྲན་པར་བྱའོ། །ལེའུའི་མཐར་མཆོག་ཏུ་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་བཞི་པའོ། །ཞེས་པ་ནི་གཞུང་གི་མིང་བསྟན་པ་སྟེ། ཞུ་བདེ་ལ་བརྟེན་ནས་རང་བཞིན་གྱི་བདེ་བ་དངོས་སུ་རྟོགས་པར་བྱེད་པའི་ཕྱིར། མཆོག་གམ་རབ་ཏུ་གཞན་གྱིས་མ་རྟོགས་ཤིང་གཞན་ལ་མེད་པའི་ཆོས་ངོ་མཚར་ཅན་ཡིན་པའི་ཕྱིར་གསངས་ཤིང་ཟབ་པའི་བདེ་བའོ། །མངོན་པར་བྱང་ཆུབ་པ་དངོས་སུ་སྒྲུབ་པའི་ཐབས་ཡིན་པས་དེའི་རིམ་པ་ཞེས་བྱའོ། །དེ་ལྟར་ན། ཆོས་ཐམས་ཅད་ཀྱི་བརྗོད་བྱའི་དོན་གྱི་སྙིང་པོ་ཟུང་འཇུག་ཡིན་ལ། སྒོས་སུ་གསང་བ་འདུས་པའི་རྒྱུད་འདི་དང༌། ཡང་སྒོས་སུ་གཞུང་འདིའི་བརྗོད་བྱ་གཙོ་བོ་མཐར་ཐུག་ཟུང་འཇུག་ཡིན་པ་ལས་རྒྱུ་ལ་བརྟེན་ནས་འབྲས་བུ་མཚོན་དགོས་པའི་ཕྱིར་ཟུང་འཇུག་གི་རྣམ་གཞག་གོ་བ་ལ་བདག་བྱིན་བརླབ་སྒྱུ་ལུས་ཀྱི་རིམ་པ་དང༌། མངོན་པར་བྱང་ཆུབ་


TNT05_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་རིམ་པ་གཉིས་མ་གོ་བས་ཐབས་མེད་ཅིང༌། འདི་གཉིས་གོ་ན་དེ་ཡང་བདེ་བླག་ཏུ་གོ་ནུས་པའི་ཕྱིར། འདི་གཉིས་ལ་གོ་བ་ཆགས་པ་ཤིན་ཏུ་གལ་ཆེའོ།། །།ལྔ་པ་ཟུང་འཇུག་གི་རིམ་པའམ་མི་གནས་པའི་མྱ་ངན་འདས་ཀྱི་རིམ་པ་ཞེས་བྱ་བ་འདི་བཤད་པར་བྱའོ། །དེ་ལ་དང་པོར་གཞུང་ལ་འཇུག་པ་ནི། །མགོན་པོ་རྒྱུ་དང་འབྲས་བདག་ཉིད། །གཉིས་པ་ཐམས་ཅད་རྣམ་སྤངས་པ། །ཕྱག་འཚལ་ནས་ནི་ཟུང་འཇུག་པའི། །རིམ་པ་ཐ་མ་བྲི་བར་བྱ། །ཞེས་པའོ། །འདི་ཡང་གཞུང་གི་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བ་སྟེ། འགྲོ་བ་ཐམས་ཅད་ཀྱི་མགོན་པོ། སྐྱབས་མགོན་དུ་འགྱུར་བ། རྒྱུ་བདག་བྱིན་བརླབ་པ་དང༌། འབྲས་བུ་དོན་དམ་པའི་འོད་གསལ་གཉིས་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར་པའི་བདག་ཉིད་ཀྱི་ཟུང་འཇུག་གོ །དེ་ལ་གོང་དུ་རིམ་པ་གསུམ་པ་དང་བཞི་པ་གཉིས་རྒྱུ་འབྲས་སུ་བཤད་པ་ནི། རྒྱུ་འབྲས་དངོས་ཡིན་ཡང་རིམ་པ་འདིར་ནི་རྒྱུ་འབྲས་དེ་གཉིས་དང་མཚན་ཉིད་རིགས་མཐུན་པ་ཙམ་ལ། རྒྱུ་འབྲས་སུ་བཏགས་པ་ཡིན་གྱི་དངོས་མ་ཡིན་ཏེ། ལམ་ཟུང་འཇུག་གི་བདག་བྱིན་བརླབ་པ་དང་འོད་གསལ་ཡང་ངོ་བོ་གཅིག་པའི་ཕྱིར་དང༌། ཡང་དག་པར་ན་ངེས་དོན་གྱི་ཟུང་འཇུག་ནི། རྟེན་འབྲེལ་ལས་འདས་པའི་ཆོས་དབྱིངས་སྤྲོས་བྲལ་གྱི་རང་ངོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། དང་པོའི་སངས་རྒྱས་ལས། སྟོང་པ་ལས་བྱུང་


TNT05_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་རྒྱུ། །མི་འགྱུར་ལས་བྱུང་བདེ་བ་འབྲས། །རྒྱུ་ནི་འབྲས་བུ་རྒྱས་བཏབ་ཅིང༌། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། །ཞེས་གསུངས་སོ། །ཟུང་འཇུག་དེའི་ཁྱད་ཆོས་གཞན་ནི། ཆེ་ཆུང་བཟང་ངན་ཕྱི་ནང་ཡུལ་ཡུལ་ཅན་སོགས་མདོར་ན་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་གཉིས་པ་ཐམས་ཅད་རྣམ་པར་སྤངས་པའང་ཡིན་ཏེ། དེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། རྡོ་རྗེ་སློབ་དཔོན་ལ་ཟུང་འཇུག་གི་ཡོན་ཏན་མངའ་བའི་སྒོ་ནས་འདུད་པ་སྟེ། དེའི་ནང་གི་ཡང་མི་སློབ་པ་ཟུང་འཇུག་གོ །དེ་ཅིའི་ཕྱིར་ཞེ་ན། སློབ་པའི་ཟུང་འཇུག་ནི། གཉིས་པ་རྣམས་ཅུང་ཟད་ཅུང་ཟད་སྤངས་པ་ཡིན་ལ། ཐམས་ཅད་ཤིན་ཏུ་སྤངས་པ་ནི་མི་སློབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་མཆོད་པར་བརྗོད་ཟིན་ནས་རྩོམ་པར་དམ་བཅའ་བ་ནི། ཟུང་དུ་འཇུག་པའི་རིམ་པ་ཞེས་བྱ་བ། རིམ་པ་ལྔ་ལས། རིམ་པ་ཐ་མ་དེའི་རྣམ་གཞག་རྣམས་བྲི་བར་བྱའོ། །རིམ་པ་ཞེས་པ་རྣམས་སྐབས་འདི་དག་ཏུ་སྤྱིར་ལམ་གྱི་རིམ་པ་ཁོ་ན་ཡིན་ལ། དེ་ལས་ཀྱང་ས་མཚམས་སོ་སོར་བཅད་པའི་སྐབས་དེ་དང་དེ་ཁོ་ན་ཡིན་པར་ཤེས་པར་བྱའོ། །གཞུང་དངོས་ལ་འཇུག་པ་ལས། ཐོག་མར་དོན་གྱི་མདོ་ཅུང་ཟད་བཤད་ན། བླ་མ་སྔ་རབས་པ་རྣམས་འདིའི་ཟུང་འཇུག་ནི་རྣམ་པ་གསུམ་སྟེ། སྣང་བ་ཟུང་དུ་འཇུག་པ་ཞེས་བྱ་བ་ལྷ་སྐུ་དང་སྟོང་ཉིད་དབྱེར་མེད་པ་སྟེ། དངོས་པོ་རྣམ་བཅས་ཀུན་རྟོག་དང༌། ཞེས་སོགས་འདྲེན་ནོ། །འགོག་པ་ཟུང་དུ་འཇུག་པ་ཞེས་པ་ཐ་དད་ཀྱི་སྤྲོས་པ་ཐམས་ཅད་རང་


TNT05_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པར་རྟོགས་པ་སྟེ། འཁོར་བ་དང་ནི་མྱ་ངན་འདས། ཞེས་སོགས་འདྲེན་ནོ། །འབྲེལ་བ་ཟུང་འཇུག་ཅེས་བྱ་བ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་རྟོགས་པ་ལྟ་བུ་སྟེ། ཤེས་རབ་སྙིང་རྗེ་ཞེས་སོགས་འདྲེན་ནོ། །དེ་གསུམ་དུ་ཟུང་འཇུག་གི་མཚན་ཉིད་ཉེར་གཅིག་སོགས་འདུས་པ་དང༌། ཟུང་འཇུག་གི་མཚན་ཉིད་གསུམ་པོ་དེ་ཡང་ཟུང་འཇུག་གཅིག་ལ་འདུས་པར་བཞེད་དེ། ལུགས་དེ་ཙམ་ལ་ནི་སྐྱོན་མ་མཐོང་ངོ༌། །ཡང་འགའ་ཞིག།དག་པའི་སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་པ་སྟེ། ཚོགས་པ་གཅིག་ལ་འདུས་པ་དེ་ནི་ཟུང་འཇུག་གི་གཙོ་བོ་ཡིན། འཁོར་འདས་གཉིས་མེད་སོགས་ནི་བདེ་བའི་ཡེ་ཤེས་ཀྱིས་གནས་ལུགས་རྟོགས་པ་གཞིར་བཞག་པ་ལ། དོན་གྱི་འོད་གསལ་རྟོག་པའི་དུས་སུ་གཉིས་འཛིན་སྤངས་ཀྱང༌། དེའི་ཡེ་ཤེས་མ་སྐྱེས་ལ། དེ་ལས་ལངས་མ་ཐག་ཏུ་གཉིས་མེད་རྟོགས་པའི་ཡེ་ཤེས་དེ་སྐྱེས་པས། དེ་ཙམ་ཞིག་ཟུང་འཇུག་ཕལ་པ་ཡིན་ནོ། །དེ་ནི་འོད་གསལ་ལས་ལངས་པའི་ཕྱིར་ན། ཟུང་འཇུག་ཐོབ་མ་ཐག་ཏུ་སྐུ་དང་འོད་གསལ་ཟུང་འཇུག་ནི་མེད་པས། དེ་སྐབས་ཀྱི་ཟུང་འཇུག་ནི་ཕལ་པ་འདི་ཡིན་ཏེ། དེ་ཡང་སྣང་གསུམ་ལུགས་ཟློག་གི་མཐར་མར་མེ་ནས་སྨིག་སྒྱུའི་བར་དུ་རྟགས་ལྔ་ལུགས་ཟློག་གི་ཚུལ་དུ་འབྱུང་བར་འདོད་ཅིང༌། ཡང་འོད་གསལ་ལས་ལངས་མ་ཐག་ཏུ་སྐུ་སྟེ་སྔར་མེད་གསར་བྱུང་ཡིན་ལ། དེ་དུས་ཐུགས་འོད་གསལ་ལ་མཉམ་པར་མ་བཞག་ཀྱང༌། ཕྱི་ཡང་རྟགས་


TNT05_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལུགས་འབྱུང་དང་སྣང་གསུམ་སྔོན་དུ་འགྲོ་བས་དོན་གྱི་འོད་གསལ་ལ་མཉམ་པར་བཞག་སྟེ། དེ་ཕྱིན་ཆད་མི་ལྡང་པས་དེ་ནས་ཟུང་འཇུག་གཙོ་བོ་དེ་ཐོབ་པ་ཡིན་ནོ། །དོན་གྱི་འོད་གསལ་ལས་ལངས་མ་ཐག་ཏུ་ཟུང་འཇུག་གི་སྐུ་འགྲུབ་སྟེ། དོན་གྱི་འོད་གསལ་ལས་ལྡང་ཐེངས་ཀྱང་ལན་གཅིག་པོ་འདི་ལས་གཞན་མེད་ལ། རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་སྐུ་དེ་ནི་སེམས་དབེན་གྱི་བདེ་བ་ལས་བསྒྲུབས་པ་ཡིན་པས། དོན་གྱི་འོད་གསལ་གྱི་སྐབས་སུ་འཇིག་ལ། འདི་ནི་དོན་གྱི་འོད་གསལ་གྱིས་བསྒྲུབས་པ་ཡིན་པས་རྒྱུན་ཆད་པ་མེད་ཅིང་མི་འཇིག་གོ །ཞེས་འཆད་དོ། །འདི་ལ་འདི་ལྟར་དཔྱད་དགོས་ཏེ། འཁོར་འདས་ཀྱི་རྟོག་པ་སྤངས་པ་ཟུང་འཇུག་ཏུ་བཤད་པ་དང༌། སྒྱུ་ལུས་འོད་གསལ་ལ་འདྲེས་པ་ཟུང་འཇུག་ཏུ་བཤད་པ་གཉིས་ཟུང་འཇུག་གི་རིམ་པར་གཏོགས་པའི་ཟུང་འཇུག་རྣམས་གྲངས་མི་འདྲ་བ་རེ་ཡིན་ན། གཞན་རྣམས་ལ་ཡང་རིག་པ་མཚུངས་པའི་ཕྱིར། ཟུང་འཇུག་གི་འཇོག་མཚམས་ཆེས་མང་པོར་གྱུར་པས། རིམ་པ་ལྔ་པའི་ཟུང་འཇུག་ལ། མདོ་ལམ་ཁོ་ན་བའི་ཟུང་འཇུག་དང༌། ཐེག་དམན་པའི་ཟུང་འཇུག་སོགས་ཀྱང་འབྱུང་དགོས་པར་འགྱུར་རོ། །དེས་ན་ཟུང་འཇུག་ཉེར་གསུམ་ནི། ཟུང་འཇུག་གཅིག་ཉིད་ལ་ཟུང་འཇུག་གི་མཚན་ཉིད་དམ་ཁྱད་ཆོས་ཉེར་གསུམ་ཚང་བའི་དོན་ཡིན་ནོ། །འོན་ཀྱང་གཙོ་ཕལ་གྱི་དབྱེ་བ་མེད་པ་ནི་མ་ཡིན་ཏེ། མི་སློབ་པ་གཙོ་བོ་དང༌། སློབ་པ་ཕལ་པ་དང༌། སློབ་པ་


TNT05_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལའང་རྩ་བ་ལོངས་སྐུ་ལམ་བྱེད་ཀྱི་ཟུང་འཇུག་གཙོ་བོ་དང་ཡན་ལག་སྤྲུལ་སྐུ་ལམ་བྱེད་ཀྱི་ཟུང་འཇུག་ཕལ་པ་དག་མཉམ་བཞག་གཙོ་བོ་དང་རྗེས་ཐོབ་ཕལ་བའོ། །དོན་གྱི་འོད་གསལ་ལས་ཟུང་འཇུག་གི་སྐུར་ལན་གཅིག་ལས་མི་ལྡང་བ་ཡང་མི་འཐད་དེ། སེམས་ཅན་དོན་དུ་ལན་འགའ་འབྱུང༌། ཞེས་མང་དུ་ལྡང་བར་བཤད་པའི་ཕྱིར་རོ། ། འོད་གསལ་ལས་ལྡང་བར་འགྱུར་ཞེས་པ་ཁོ་ནས་ཀྱང༌། ཟུང་འཇུག་གི་སྐུ་དེ་སྔར་རྒྱུན་ཆད་པ་ལས་གསར་དུ་སྐྱེའོ་ཞེས་པ་འདི་འཐད་པ་མ་ཡིན་ཏེ། དེ་ལྟར་སྐྱེས་ན་ལྡང་པའི་ཐ་སྙད་མི་འཇུག་གོ །དཔེར་ན་མི་གཉིད་ལོག་པ་ལས་ལྡང་བ་དང༌། སྟན་ལ་བསྡད་པ་ལས་ལྡང་བ་དང༌། ཆུ་ལས་ཉ་ལྡང་བ་དང་དུས་དེར་གསར་དུ་སྐྱེས་པ་མ་ཡིན་ཏེ། མི་འདྲ་བའི་རྣམ་འགྱུར་གྱི་ཁྱད་པར་ཆེ་བའི་རིགས་ཅིག་ལ་ལྡང་བར་འདོགས་པ་ཡིན་ནོ། །དེས་ན་རིམ་པ་གསུམ་པའི་སྐབས་ཀྱང་རླུང་སེམས་དང་བདེ་བ་གདོད་ནས་ལྷའི་རྣམ་པར་ཡོད་ཀྱང༌། སྔར་རང་ཉིད་ཀྱིས་ནམ་ཡང་མཐོང་དུ་མེད་པ་དེ་སྐབས་དེར་མཐོང་ཞིང་ལུས་ཀྱི་བྱ་བ་བྱེད་པ་ལ་དོན་བྱེད་ནུས་པར་གྱུར་པས་སྒྱུ་ལུས་སུ་ལྡང་ཞེས་བརྗོད་ལ། འདིར་ཡང་དེའི་རྒྱུན་ལ་ཁམས་གསུམ་འཁོར་བའི་ཆར་གཏོགས་ཀྱི་དྲི་མ་ཐམས་ཅད་ནི་སངས། བྱང་ཆུབ་སེམས་དཔའི་སྟོབས་བཅུ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པའི་ཁྱད་པར་དུ་མའི་སྒོ་ནས། སྔར་གྱི་དེ་ལས་བྱེ་བ་


TNT05_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་འགྱུར་གྱིས་ལྷག་པར་མངོན་ཞིང༌། མཐོང་ལམ་གྱི་དུས་སུ་རྒྱུན་དེ་ཡོད་ཀྱང་མ་མཐོང་ཞིང༌། དེའི་རྗེས་སུ་མཐོང་བས་ན་དཔེ་ཆུ་ནང་དུ་ཉ་སྔར་ཞུགས་ཞུགས་པ་ཡིན་ཀྱང་མ་མཐོང་བ་སྟེང་དུ་འཕར་བའི་ཚེ་མཐོང་བས་ཆུ་ལས་ཉ་ལྡང་ངོ་ཞེས་ཟེར་བ་ལྟ་བུའི་ལྡང་ཚུལ་ཡིན་ནོ། །ཡང་ཅི་སྟེ་དེ་བར་དུ་རྒྱུན་ཆད་པར་གྱུར་ན་ནི། རླུང་སེམས་ཙམ་གྱི་དེ་གཉུག་མའི་ལུས་མ་ཡིན་པར་འགྱུར་ཏེ་རྒྱུན་ཆད་ཅིང་འཇུག་པའི་ཕྱིར་དང༌། ཟུང་འཇུག་གཉུག་མའི་ལུས་ལས་མ་བསྒྲུབས་པར་ཡང་ཐལ་བར་འགྱུར་ན། དེ་གཉུག་མའི་ལུས་ཡིན་པ་དང༌། དེ་ལས་དེ་བསྒྲུབས་པར་ཁྱེད་ཉིད་འདོད་པ་དང་ཡང་ནང་འགལ་ལོ། །སེམས་དབེན་ལས་དོན་གྱི་འོད་གསལ་སྟོབས་ཆེ་བས། སེམས་དབེན་གྱིས་བསྒྲུབས་པ་འོད་གསལ་དེས་དགག་ནུས་ན། མཐོང་ལམ་ལས་རྒྱུན་མཐའི་ཡེ་ཤེས་དེ་བས་ཀྱང་སྟོབས་ཁྱད་ཆེ་བས། སློབ་པའི་ཟུང་འཇུག་གི་སྐུ་ཡང་དུས་དེར་ཅིའི་ཕྱིར་འགོག་པར་མི་ནུས།དེས་ན་མ་དག་པའི་སྒྱུ་ལུས་ཀྱི་སྟེང་གི་འཁོར་བའི་ཆོས་རྣམས་སྐྱོན་ཡིན་པས། དོན་གྱི་འོད་གསལ་གྱིས་སྤོང་པ་འཐད་ཀྱི། ལུས་དེ་ཉིད་ཀྱི་ངོ་བོའི་རིགས་རྒྱུན་ཙམ་སྤངས་པ་ལ་དགོས་པ་ཡང་ཅི་ཞིག་ཡོད། གཞན་ཡང་མཐོང་སྤངས་ཀྱི་གཙོ་བོར་སྒྱུ་ལུས་ཡིན་པར་ཡང་ཐལ་བར་འགྱུར་བ་དང༌། དེ་ཡང་འདོད་ན་མཐོང་སྤངས་ཀྱི་གཙོ་བོ་དེ་འགྲོ་བ་ཐ་མལ་པའི་རྒྱུད་ལ་མེད་པ་དང༌། སྦྱོར་ལམ་གྱིས་གསར་


TNT05_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྲུབས་པར་ཐལ་ལོ། །དེས་ན་ཀྱཻའི་རྡོ་རྗེ་ལས། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོད་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་ སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་གསུངས་པ་ལྟར། གདོད་མ་ནས་ལྷན་ཅིག་སྐྱེས་པའི་ཆོས་ཉིད་དེ་ཐུགས་ཀྱི་ལྡོག་པ་ནས་དོན་དམ་གྱིས་སེམས་བདེ་བ་ཆེན་པོ་དང༌། སྐུ་དང་གསུང་གི་ལྡོག་པ་ནས་ཡེ་ཤེས་ཀྱི་རླུང་ལས་གྲུབ་པའི་ལྷ་དང་སྔགས་སུ་གནས་བརྗོད་ལ། ངོ་བོའི་སྒོ་ནས་སྐུ་གསུང་ཐུགས་ལ་དབྱེ་བ་མེད་དོ། །འདི་ནི་ཐོབ་བྱ་མཐར་ཐུག་གི་ཟུང་འཇུག་ཡིན་ཞིང༌། འདི་འཕགས་པ་རྣམས་ལྟ་ཞོག།སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་གྱིས་གནས་ཀྱང་སེམས་ཅན་རྣམས་སྒྲིབ་པས་བསྒྲིབས་ཏེ་དེ་མ་མཐོང་ཞིང་མ་ཐོབ་བོ། དེ་ལ་སྒྲིབ་གཡོགས་ཀྱི་ཚུལ་དུ་བྱུང་བ། སྒྲིབ་པའི་རྩ་བ་རྣམ་ཤེས་དག་པ་པའི་སེམས་དང༌། གཟུང་འཛིན་གྱི་སྣང་བ་འཆར་ནུས་ཀྱི་བག་ཆགས་ཀྱང་ཡིན་ལ། རྣམ་པ་ཕྱོགས་སུ་མ་ལྷུང་བའི་སེམས་ཀྱི་གཡོ་བ་ཞིག་ཡོད་པ་ནི་རླུང་སྟེ། རླུང་སེམས་དེ་གཉིས་ངོ་བོ་གཅིག་པ་དབྱེར་མེད་ཡིན་པ་དེའི་སྟེང་དུ་རྡུལ་གྱི་ཁམས་ཀྱི་དོན་དུ་སྣང་བའི་རིགས་སུ་གཏོགས་པ་ཡིན་ཡང་ཤིན་ཏུ་ཕྲ་བས་ཐོགས་པ་མེད་པའི་སྤྱོད་ཡུལ་གྱི་རླུང་གིས་གཡོགས་པ་སྟེ། དེ་ལྟར་ན་དེ་དག་རྣམས་ཀྱང་སེམས་ཅན་རྣམས་ཀྱིས་སྤྱོད་ཡུལ་ལ་མཚན་ཉིད་ཤིན་ཏུ་ཐ་དད་ཀྱང་རྣམ་པ་གཅིག་ཏུ་


TNT05_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་ཚུལ་ལོ། །དེ་ལས་རྣམ་ཤེས་དང༌། རླུང་རགས་པ་དག་འབྱུང་ངོ༌། །ཆོས་དབྱིངས་དེ་དཀྱིལ་འཁོར་གྱི་ངོ་བོར་གནས་པའི་ཕྱིར། དེ་ལ་ཤིན་ཏུ་ཉེ་བར་གནས་པའི་ཀུན་རྫོབ་ཀྱི་ཆོས་དེ་དག་ཀྱང་དཀྱིལ་འཁོར་གྱི་རྣམ་པར་གནས་ལ། ཆོས་དབྱིངས་བདེ་ཆེན་ཡིན་པའི་ཕྱིར་དེ་དག་ཀྱང་བདེ་བའི་རྣམ་པ་ཙམ་དུ་ཡོད་དོ། །དེ་ལྟ་བུ་དེ་རྣམས་དང་པོར་ངེས་འབྱུང་གི་བསམ་པ་བསྐྱེད་པ་ནས་བརྩམས་ནས་རང་ཅུང་ཟད་ཅུང་ཟད་གསལ་དུ་འགྲོ་མོད་ཀྱི། ཁྱད་པར་དུ་སེམས་དབེན་མཐར་ཐུག་གི་བདེ་བས་རྐྱེན་བྱས་ནས། དོན་དམ་གྱི་ལྷ་སྐུ་ཁོང་དུ་སྦས་པའི་ཀུན་རྫོབ་ཀྱི་རླུང་སེམས་ཕྲ་མོ་ལྷ་སྐུའི་རྣམ་པ་ཅན་དེ་དངོས་སུ་མངོན་དུ་གྱུར་པའོ། ཁོང་ན་གནས་པ་དང་སྦས་ཚུལ་ནི་གསེར་རྡོའི་ཁོང་ན་གསེར་ཡོད་ཅེས་པ་ལྟར་འདྲེས་པ་ཡིན་གྱི། མཐའ་ན་མེད་ཅིང་དཀྱིལ་ན་ཡོད་པ་ལྟ་བུ་མིན་ནོ། །དོན་གྱི་འོད་གསལ་ཐོབ་པའི་ཚེ། འབྱུང་ལུས་ཤིན་ཏུ་ཕྲ་བའི་རླུང་གི་ཆ་དང༌། དེའི་སེམས་སྣང་བ་གསུམ་པོ་སྤངས་པས། རྣམ་རྟོག་དང་དབང་ཤེས་རླུང་དང་བཅས་པ་རགས་པ་རྣམས་ཞོར་བྱུང་དུ་འགགས་པས་སྔར་ཀྱི་ཆོས་ཉིད་དང་རྣམ་ཤེས་དག་པ་པ་གཟུང་འཛིན་བག་ཆགས་ཀྱི་རླུང་དང་བཅས་པ་ལྷ་སྐུ་དང་བདེ་བའི་ཚུལ་དུ་ཡོད་པ་དེ་ཤུལ་དུ་ལུས་ནས་གསལ་པོར་མངོན་པ་ནི་སློབ་པའི་ཟུང་འཇུག་ཡིན་ལ། ད་དུང་ལམ་བསྒོམས་པས་རྣམ་ཤེས་དེ་དང་བག་ཆགས་ཀྱི་རླུང་དེ་ཡང་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ། མཐར་ཐམས་ཅད་འགགས་ནས་ཆོས་ཉིད་ཀྱི་


TNT05_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་འབའ་ཞིག་ལུས་པ་ནི་མི་སློབ་པའི་ཟུང་འཇུག་དངོས་ཏེ་དེ་ནི་ནམ་ཡང་འཇིག་པ་མེད་པ། རྣམ་ཤེས་དག་པ་པ་རླུང་བཅས་ཀྱི་རྒྱུན་དེ་གནས་གྱུར་ནས་ཆོས་ཉིད་དེ་ལ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱང་ཡིན་ལ། སངས་རྒྱས་ཐོབ་པའི་གང་ཟག་དེའི་གཞན་དོན་འཕྲིན་ལས་ནམ་དགོས་འབྱུང་བའི་ནུས་པ་ཅན་ཙམ་ཡང་ཡིན་པའི་དངོས་པོ་ཉིད་དུ་གྱུར་བ་དང༌། སྐད་ཅིག་གཉིས་པ་ཕན་ཆད་དུ་དེ་ཡང་ཐིམ་པར་འགྱུར་རོ། །དེ་ལྟར་ན་ཆོས་ཉིད་ཀྱི་ཟུང་འཇུག་དེ་ནམ་དུ་ཡང་འགག་པ་མི་སྲིད་ལ། རྣམ་ཤེས་དག་པ་བའི་ལྷ་སྐུ་དེ་ཡང་འཁོར་བ་ཐོག་མ་མེད་པ་ནས་སངས་རྒྱས་མ་ཐོབ་བར་དུ་རྒྱུན་མི་འཆད་ཅིང༌། འབྱུང་ལུས་ཕྲ་མོའི་ལྷ་སྐུ་སེམས་གསུམ་དང་བཅས་པ་དེ་ཡང་ཐོག་མ་མེད་པ་ནས་མཐོང་ལམ་གྱི་སྔ་ལོགས་ཡན་ཆད་དུ་མི་ཟློག་ལ། སེམས་དབེན་མཐར་ཐུག་མ་ཐོབ་ཀྱི་བར་དུ་དེ་རྣམས་ཐམས་ཅད་ཡོད་ཀྱང་མ་མཐོང་ཞིང་ལུས་ཀྱི་བྱ་བ་མི་བྱེད་པ་ལས། སྒྱུ་ལུས་ཀྱི་རིམ་པའི་སྐབས་དེར། མཉམ་བཞག་ཏུ་རགས་པའི་ལུས་ཀྱི་སྒྲིབ་གཡོགས་ཀྱིས་བསྒྲིབ་མ་ཐུབ་པར་འབྱུང་ལུས་ཕྲ་མོའི་སྐུ་མངོན་སུམ་དུ་ཤིན་ཏུ་གསལ་བར་མཐོང༌། རྣམ་ཤེས་དག་པ་པའི་རླུང་སེམས་ཀྱི་སྐུ་དེ་ཡང་སྔ་མ་ལས་མི་གསལ་བའི་ཚུལ་གྱིས་མཐོང་ལ། ཆོས་ཉིད་ཀྱི་སྐུ་ནི་མོས་པའི་སྟོབས་ཀྱིས་མཐོང་མོད་གསལ་པོར་མི་སྣང་ངོ༌། །དོན་གྱི་ཡེ་ཤེས་དང་པོར་ཐོབ་པས་རགས་ལུས་ཀྱི་སྒྲིབ་གཡོགས་དང༌། འབྱུང་ལུས་ཕྲ་མོའི་རང་བཞིན་ཅན་གྱི་སྣང་གསུམ་དང་བཅས་


TNT05_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩ་བ་ནས་དག་པས། རྣམ་ཤེས་དག་པ་པའི་རླུང་སེམས་ཀྱི་སྐུ་དེ་ཤིན་ཏུ་གསལ་བ་རྗེན་པར་མཐོང་ཞིང༌། དེས་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་གྱི་བྱ་བ་ཡང་བྱེད་ལ། ཆོས་ཉིད་ཀྱི་དཀྱིལ་འཁོར་དེ་ཡང་དེ་སྐབས་སྤྱིར་མངོན་སུམ་དུ་མཐོང་བ་ཙམ་ཡིན་མོད་ཀྱི། རླུང་སེམས་དག་པ་པའི་སྒྲིབ་གཡོགས་ཡོད་པས། རྣམ་ཤེས་ཀྱི་སྐུ་ལས་ཅུང་མི་གསལ་ཞིང༌། ཆོས་ཉིད་དེ་རྐྱང་པས་སྒྲིབ་པ་པོའི་ལུས་ངག་ཡིད་གསུམ་གྱི་བྱ་བ་ཡང་མི་བྱེད་དོ། །སྒྲིབ་གཡོགས་དེ་ཡང་བྲལ་བ་ན་དེ་ལས་བྱུང་བའི་ཤེས་སྒྲིབ་ཐམས་ཅད་དག་སྟེ། ཆོས་དབྱིངས་ཁོ་ན་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་མཉམ་པ་ཉིད་དུ་གྱུར་པ་ནི་མི་སློབ་པའི་ཟུང་འཇུག་གི་སྐུའོ། །དེའི་ཕྱིར་རྒྱུན་ཆགས་པ་དང་རྟག་ཏུ་བཞུགས་པ་དེ་རྣམས་ཀྱི་དྲི་མ་སྦྱོང་བའི་ཕྱིར་བདེ་ཆེན་ལྷན་སྐྱེས་ཀྱི་འོད་གསལ་དུ་ཡང་ཡང་འཇུག་དགོས་པས། ཀུན་རྫོབ་དངོས་གནས་ལ་འབྱུང་ལུས་ཕྲ་མོའི་ལྷ་སྐུ་མི་འགག་ཀྱང༌། བློ་ངོར་རིལ་གཞིག་གཉིས་ཀྱིས་ཡང་ཡང་འོད་གསལ་དུ་སྦྱངས་པས་མཉམ་བཞག་གི་ངོ་བོར་སྣང་བ་མེད་པར་བྱས་ཤིང༌། དེ་རྗེས་ཡང་ཡང་ལྡང་བ་ཞིག་དགོས་ཀྱིན་ཡོད་པ་དེ་དང་འདྲ་བར། སློབ་པའི་ཟུང་འཇུག་གི་དུས་ཀྱི་ཤེས་པ་དག་པའི་སྐུ་དེ་དོན་གྱི་འོད་གསལ་དུ་ཡང་ཡང་སྦྱངས་ཤིང་ཡང་ཡང་ལྡན་པ་ཞིག་དགོས་སོ། །འོན་ཀྱང་མཉམ་བཞག་དང་རྗེས་ཐོབ་ཐམས་ཅད་དུ་བདག་བྱིན་གྱིས་བརླབ་པ་དང་འོད་གསལ་ཟུང་འཇུག་པ་ནི་ཡིན་ཏེ། འདིའི་མཉམ་བཞག་ལ་ལྷ་སྐུ་དང་བདེ་བ་ཆ་མཉམ་པའི་མཉམ་


TNT05_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཀྱང་ཡོད་ཅིང༌། བློ་ངོར་ལྷ་སྐུ་གཙོ་བོར་གྱུར་པའི་ཚེ། བློ་ངོར་བདེ་སྟོང་ཅུང་ཟད་ཤས་ཆུང་བའི་མཉམ་བཞག་དང༌། བློ་ངོར་བདེ་སྟོང་ཤས་ཆེ་བའི་ཚེ། ཅིག་ཤོས་ཤས་ཆུང་བའི་མཉམ་བཞག་ཀྱང་ཡོད་པས་དོན་གྱི་འོད་གསལ་ལས་ལངས་པའི་སྐབས་ཀྱང་སྣང་མེད་ཀྱི་ཆ་དེ་སངས་པ་མ་གཏོགས། འོད་གསལ་བདེ་སྟོང་གི་ཉམས་ཀྱིས་བརླན་དང་འབྲལ་མ་ཐུབ་པས་ཟུང་འཇུག་དང་པོར་ཐོབ་པའི་སྐབས་དེར། ལྷ་སྐུ་དང་བདེ་བ་གཉིས་ཀྱི་ལྡོག་ཆ་ནས་ལྷ་སྐུ་ཤས་ཆེ་བས་ལྷར་སྐུར་ལངས་ཞེས་བརྗོད་ཀྱི། འོད་གསལ་གྱི་ཡེ་ཤེས་མེད་པ་མ་ཡིན་ནོ། །ཡང་བདེ་བས་རྒྱས་བཏབ་སྟེ་བསྒོམས་པས་མཉམ་བཞག་གི་གུང་ལ་ལྷ་སྐུ་དང་བདེ་བའི་ལྡོག་ཆ་གཉིས་ལ་བལྟོས་པའི་ལྷར་སྣང་སྟོབས་ཆུང་ཞིང་བདེ་བ་ཤིན་ཏུ་ཤས་ཆེ་བར་སོང་བ་ན་འོད་གསལ་དུ་ཞུགས་ཞེས་བྱ་ཡི། ལྷར་སྣང་མེད་པ་ནི་མ་ཡིན་ནོ། །ཡང་ཤིན་ཏུ་ཞྀབ་མོར་དཔྱད་ན། ཟུང་འཇུག་འོད་གསལ་དུ་ཞུགས་པའི་སྐབས་དེར། རྣམ་ཤེས་དག་པ་པའི་ལྷ་སྐུའི་སྣང་བ་གསལ་པོ་དེ་ཅི་རིགས་པར་ནུབ་པ་ཡིན་ལ། ཆོས་ཉིད་ཀྱི་ལྷ་སྐུ་མ་ནུབ་མོད། ཆོས་ཉིད་ལ་གསལ་སྣང་མཐར་མ་ཕྱིན་པའི་སྟོབས་ཀྱིས་ཅུང་ཟད་མི་གསལ་བ་ཡིན་ནོ། །རྗེས་ཐོབ་ཏུ་ཡང་ལྷ་སྐུའི་དཀྱིལ་འཁོར་དང༌། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གཉིས་ཀར་བྲལ་བར་ཡོད་དེ། དག་པ་དང་མ་དག་པའི་ཞིང་ཁམས་ཀྱི་སྣོད་བཅུད་ལ་མཉམ་པར་འདྲེས་པའི་ཚུལ་གྱིས་སྣང་བ་ཡིན་ནོ། །ཡང་ཟུང་འཇུག་གླང་བུ་གཉའ་ཤིང་གིས་སྦྲེལ་


TNT05_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུ་ཞཻས་ཆོས་ངོ་བོ་ཐ་དད་པ་གཉིས་དུས་མཉམ་དུ་འཇུག་པ་ལ་འཆད་པ་ཡང་ནག་པོ་དམ་ཚིག་རྡོ་རྗེའི་འགྲེལ་པ་དང༌། འགོས་སྔོག་གི་ཡི་གེ་རྙིང་པ་རྣམས་ན་ཡོད་པས། བོད་དུ་ཕྱིས་བྱུང་བ་ཁོ་ནའི་འདོད་པ་ནི་མིན་མོད་འཐད་པ་ནི་མ་ཡིན་ནོ། །གཉིས་ཡོད་ཅྀང་གཉིས་སུ་སྣང་ན་གཉིས་སྣང་ཡིན་ཞིང༌། གཉིས་སུ་ཡོད་ཀྱང་གཅིག་ཏུ་སྣང་ན་འཁྲུལ་བ་ཅན་དུ་འགྱུར་པས། འཕགས་པའི་མཉམ་བཞག་ཡེ་ཤེས་ལ་ཇི་ལྟར་རུང༌། དེས་ན་ཆོས་ཉིད་ཀྱི་བདེ་ཆེན་འོད་གསལ་དང༌། སྒྱུ་ལུས་ལྷ་སྐུ་ངོ་བོའི་སྒོ་ནས་ཐ་དད་གཏན་མེད་ཀྱི་གཅིག་ཡིན་པས་མཉམ་བཞག་ཏུ་ཡང་གཅིག་ཁོ་ནར་སྣང་ལ། རྣམ་ཤེས་དག་པ་པའི་ལྷ་སྐུ་དང་ཞུ་བདེ་ཕྲ་མོ་དེ་ཡང་རིག་པས་དཔྱད་ན་གཅིག་དང་ཐ་དད་གང་ཡང་མ་གྲུབ་མོད། དངོས་པོ་ནི་གཅིག་ཁོ་ན་ཡིན་ཞིང་དེ་ལྟར་སྣང་ཡང་སྣང་ངོ༌། །དེ་ལྟར་གསལ་བར་བཤད་པ་དེ་ལྟ་བུའི་ཟུང་འཇུག་དེ་ལས་སོང་བའི་ཟུང་འཇུག་གི་མཚན་ཉིད་སྟོན་པར་བཞེད་དོ། །སྤྱོད་བསྡུས་སྒྲོན་མེ་ལས། བཅོམ་ལྡན་འདས་ཇི་ལྟར་དོན་དམ་པའི་བདེན་པ་ལ་ཞུགས་ཏེ་དངོས་པོ་མེད་པར་ཇི་ལྟར་ལྡང་བར་བགྱིད། འདིར་མངོན་དུ་ཕྱོགས་པ་ཉམས་སུ་མྱོང་བ་ནི་གང་ཞིག་ལགས། ཕྱིར་མི་ལྡོག་པར་གྱུར་པ་ནི་གང་ཞིག་ལགས། ཐར་པའི་དོན་ནི་གང་ཞིག་ལགས། ཅིའི་ཕྱིར་ན་གྲོལ་བར་འགྱུར། གྲོལ་བ་ནི་སུ་ཞིག་ལགས། ཞེས་དྲི་བ་དྲུག་པ་མཛད་དོ། །དེ་ཡང་དོན་དམ་པའི་བདེན་པ་ལ་ཞུགས་ན། དངོས་པོ་མེད་པ་སྟེ་སྣང་བ་མེད་པའི་རང་བཞིན་དུ་གྱུར་ཟིན་པས། དེ་ལས་ལྡང་ཚུལ་ཇི་ལྟར་


TNT05_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་པ་དང༌། ཟུང་འཇུག་ལ་མངོན་དུ་ཕྱོགས་པ་སྟེ། ལམ་གྱི་རིམ་པ་ཇི་ལྟ་བུས་ཟུང་འཇུག་དངོས་སུ་འཐོབ་ནུས་ཞེས་དང༌། ཕྱིར་མི་ལྡོག་པའི་ས་མཚམས་གང་ལ་བྱེད་ཅེས་དང༌། ཐར་པ་དང་གྲོལ་བའི་མཚན་ཉིད་ཅི་ཡིན་ཞེས་དང༌། གྲོལ་བའི་རྒྱུ་མཚན་ཅི་ཡིན་ཞེས་དང༌། གྲོལ་བ་ཐོབ་མཁན་གྱི་གང་ཟག་སུ་ཡིན་ཞེས་པ་ལས། ཕྱི་མ་གསུམ་པོ་འཕྲོས་དོན་ཙམ་ཡིན་པས་ལན་ཡང་འཕྲོས་ལ་བཏབ་སྟེ་རྐང་ཚུགས་མེད། གསུམ་པའི་ལན་གོང་དུ་བྲིས་ཟིན། དང་པོ་གཉིས་པོའི་ལན་གྱི་དབང་དུ་བྱས་ནས། ཇི་སྐད་དུ། གང་རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བའི་མན་ངག་ཡང་དག་པར་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཡིན་པས། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི། སེམས་པ་མེད་ཅིང་སྨྲ་བ་མེད་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ་རིག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ། ཉི་མ་དང་ཟླ་བ་དང་མེ་དང་ནོར་བུའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བའོ། །དེ་ལས་ནི་མུན་པའི་སྣང་བ་སྟེ། སྣང་བ་ཉེར་བར་ཐོབ་པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཟེར་གྱི་སྣང་བ་ཚ་བའི་ངོ་བོ་ཉིད་སྣང་བ་མཆེད་པར་འབྱུང་བར་འགྱུར་རོ། །དེ་ལས་གསལ་


TNT05_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དཔལ་མཆོག་དང་པོ་ལས་ཀྱང༌། ནམ་མཁའ་ལས་ནི་ནམ་མཁའ་འབྱུང༌། ཐམས་ཅད་སྟོང་པ་ནམ་མཁའ་ཆེ། ཞེས་གསུངས་སོ། །དེ་བས་ན་སྟོང་པ་བཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་བཅད་དུ་མེད་པ་དང༌། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་འཕོ་བ་མེད་ཅིང་ཟག་པ་མེད་པ། ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ། འདོད་པ་ཙམ་གྱི་དབང་དུ་གྱུར་པ་དང༌། ཆུ་ལས་ཉ་ལྟ་བུའམ་མྱུར་བར་གཉིད་ལོག་པ་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཀྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ། །ཞེས་གསུངས་ཏེ། རིགས་པ་འདིས་ཞེས་བྱ་བ་ནི། སྣང་གསུམ་ཉོན་མོངས་དང་བཅས་པའི་རང་བཞིན་གདོད་མ་ནས་སྟོང་ཉིད་ཡིན་པ་དང༌། སེམས་དང་བྲལ་བ་མཆོག་གི་གནས་ཡིན་པའི་རྒྱུ་མཚན་འདིས་དེའི་གནས་ལུགས་མངོན་སུམ་དུ་གྱུར་པའི་མངོན་པར་བྱང་ཆུབ་ཐོབ་ན། ཐ་མལ་པའི་ལུས་ངག་ཡིད་གསུམ་རང་བཞིན་སྟོང་ཉིད་ཡིན་པ་ལ་ཡིན་པར་མངོན་སུམ་དུ་རྟོགས་པ་ཉིད་ཀྱི་ཕྱིར། ལམ་གྱི་ཤེར་ཕྱིན་དེ་


TNT05_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསམ་པ་དང་བརྗོད་པའི་ཡུལ་ལས་འདས་ཤིང་མྱ་ངན་ལས་འདས་པའི་ཁམས་ཏེ་རང་བཞིན་ཡིན་ལ། དེས་ལས་དང་སྐྱེ་བ་ལས་གྲོལ་བར་བྱེད་ཅིང༌། དཀར་དམར་རླུང་སེམས་བཞིའི་དངས་མ་ཆོས་ཉིད་ཡིན་པའི་ཕྱིར་ཉི་འོད་སོགས་དང་འདྲ་ལ། དེ་ལས་ལངས་པའི་ཚེ་སྤྲོས་པ་དང་བྲལ་བའི་རྣམ་ཆ་ཉོན་མོངས་པ་མ་ཡིན་པའི་མ་རིག་པ་དང་འདྲེས་པ་སྣང་བ་ཐོབ་པ་དང༌།དེ་ལས་སྤྲོས་བྲལ་གྱི་སྣང་བ་ཞེ་སྡང་གི་བག་ལ་ཉལ་དང་འདྲེས་པས་ཚ་བར་སྣང་བ་ཤིན་ཏུ་གསལ་བའི་རང་བཞིན་མཆེད་པ་དང༌། དེ་ལས་གསལ་བ་སྟེ་ཟླ་བའི་འོད་ཟེར་དང་འདྲ་བ་སྤྲོས་བྲལ་གྱི་རྣམ་པ་ཆགས་པའི་བག་ཆགས་བདེ་བ་འགྱུར་བཅས་དང་འབྲེལ་བའི་སྣང་བ་དང་པོའི་ཡེ་ཤེས་རྣམས་འབྱུང་སྟེ། འདི་སྐབས་སྣང་བཞི་གཅིག་ཏུ་གྱུར་བ་ཞེས་གཞུང་ལས་འབྱུང་བ་ལ། འགའ་ཞིག་འདོད་པས། སྣང་བ་ནི་མཆེད་པ་དང༌། དེ་ཐོབ་པ་དང༌། དེ་འོད་གསལ་ལ་ཐིམ་པའི་ཚེ། ཆུ་བོ་རྒྱ་མཚོ་ལ་འདྲེས་པ་ལྟར་སྣང་བཞིའི་ནུས་པ་འོད་གསལ་ལ་ཡོད་པས་སྣང་བ་གསུམ་མམ་བཞི་འདྲེས་པ་ལས་ལྷ་སྐུ་བསྐྱེད་ཟེར་བ་རྣམས། དེ་སྐབས་ཀྱི་འོད་གསལ་དེ་ལས་ཡིན་དགོས་ལ། ལུགས་ཟློག་ཏུ་ལངས་པའི་ཚེ། སྔར་ལན་ཅིག་འོད་གསལ་དུ་འདྲེས་པ་དེ་སླར་ཡང་སོ་སོར་བྲལ་འགྲོ་སྙམ་ཞིང༌། སྣང་བའི་རྗེས་སུ་ལྷ་སྐུ་བྱང་ན་སྣང་བ་ཁོ་ན་ལས་སྐྱེས་ཀྱི་གཞན་རྣམས་ལ་མ་སྐྱེས་པར་འགྱུར་རོ་སྙམ་པ་སྣང་སྟེ། ལུགས་ཟློག་གི་ཐོབ་པའི་སྐབས་སུ་ཡང་འོད་གསལ་གྱི་


TNT05_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཞད་ཡོད་ལ། མཆེད་པའི་སྐབས་སུ་ཡང་འོད་གསལ་དང་ཐོབ་པ་གཉིས་ཀར་གྱི་མདངས་ཡོད་ཅིང༌། སྣང་བའི་སྐབས་སུ་ཡང་གཞན་གསུམ་ཅར་གྱི་མདངས་ཡོད་པས། གནས་སྐབས་དེ་དང་དེར་གཙོ་བོ་སྣང་བ་གསུམ་སོ་སོས་བྱས་པ་མ་གཏོགས། སྔ་མ་སྔ་མའི་རིགས་རྒྱན་ཡོད་པའི་ཕྱིར། སྣང་བའི་མཐར་བྱུང་དུ་ཟིན་ཀྱང་འོད་གསལ་ལས་མ་སྐྱེས་པར་མི་འགྱུར་ལ། གཞི་དུས་ཀྱི་བར་དོ་དང་ཇི་བཞིན་དུ་འདྲ་བ་ནི་ངེས་པར་དགོས་པ་ཡང་མ་ཡིན་མོད། དགོས་སུ་ཆུག་ཀྱང་བར་དོ་འགྲུབ་ཚུལ་སྐད་ཅིག་ལས་གྲུབ་པ་མ་ཡིན་ནོ། །རང་ལུགས་ནི་སྔར་ཡང་བཤད་མོད་ཀྱི། འོད་གསལ་ལས་ལངས་པ་དང༌། དག་མ་དག་གི་སྒྱུ་ལུས་འགྲུབ་པ་འགོ་བརྩམས། ལུགས་ཟློག་གི་སྣང་བ་ཤར་ཟིན་པ་དང་དེ་ཡང་གྲུབ་ཟིན་པ་ཡིན་ཏེ། ཆ་ཤས་ཆ་ཤས་ཀྱི་སྣང་བ་བཞི་ཅར་ལས་བྱུང་བའོ། །གསར་སྐྱེས་ཡིན་པར་འདོད་པ་ལའང་ཆ་ཤས་ཆ་ཤས་ནས་འབྱུང་བ་མི་འགལ་མོད། འདིར་གྲུབ་ཚུལ་ནི་རིགས་འདྲ་གསར་སྐྱེས་མ་ཡིན་ཏེ་གོང་དུ་བཤད་ཟིན་ནོ། །དེས་ན་གསལ་བར་བྱས་ཤིང་གྲུབ་པ་ལ། དེ་དང་དེ་ལས་བྱུང་ཞེས་བརྗོད་དེ་སྨུགས་པའི་གསེབ་ནས་རི་འཐོན་བྱུང་ངོ༌། །ཤར་རེའི་རྩེ་ནས་ཉི་མ་བྱུང་ངོ་ཟེར་བ་དང་འདྲའོ། །དེ་བས་ན་སྟོང་པ་བཞི་གཅིག་ཏུ་གྱུར་པའི་དོན་ནི། སྐུ་འདི་སྟོང་པ་བཞི་ཅར་གྱི་བདག་ཉིད་དམ། བཞི་ཅར་གྱིས་བསྒྲུབས་པའི་གྲུབ་འབྲས་གཅིག་ལ་འདུས་པའི་དོན་ཡིན་ནོ། །ནམ་མཁའ་ལས་ནི་ནམ་མཁའ་འབྱུང༌། ཞེས་པའང་འོད་གསལ་ཐམས་ཅད་


TNT05_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ནམ་མཁའ་ལྟ་བུ་ལས། འོད་གསལ་གྱི་རྒྱ་དང་མ་བྲལ་བའི་སྣང་གསུམ་འབྱུང་བའི་རྒྱབ་རྟེན་དུ་དྲངས་པ་ཡིན་པས། སྟོང་ཉིད་ཀྱི་ཡེ་ཤེས་རྦ་རླབས་མེད་པ་དང༌། རྦ་རླབས་ཡོད་པ་གཉིས་སྔ་མ་ལས་ཕྱི་མ་བྱུང་ཞེས་བརྗོད་ཀྱང་ངོ་བོ་ལ་ཁྱད་པར་མེད་ཅེས་པའི་དོན་ཡིན་པས། སྣང་བའི་རྦ་རླབས་མེད་པའི་འོད་གསལ་དང་ཡོད་པའི་འོད་གསལ་གཉིས་འཆར་ཚུལ་ཐ་དད་ཀྱང་ངོ་བོ་བདེ་སྟོང་མཉམ་པ་ཡིན་ནོ། །སྣང་བས་ཕྱོགས་ཐམས་ཅད་ཁྱབ་པ་ཞེས་པ་ནི། སྐུའི་འོད་ཟེར་གྱིས་ཁྱབ་པ་ལ་འཆད་པ་ནི་སྤྱིར་དེ་ལྟར་ཡང་ཡིན་མོད་ཀྱི། འདིར་ཚིག་དོན་གྱི་གཙོ་བོ་ནི་མཐོང་ལམ་གྱི་དུས་སུ་ཀུན་རྫོབ་ཇི་སྙེད་ཤེས་པ་མེད་པ་ལས། འདིར་ཇི་སྙེད་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་དོན་ནོ། །དེ་ལྟར་ན་སློབ་པའི་ཟུང་འཇུག་དེ་འཁོར་བའི་སྣང་བ་གསུམ་དང་ཉོན་མོངས་རྣམས་སྤངས་པས་རགས་པའི་ལུས་ངག་ཡིད་གསུམ་ཟློག་མོད་ཀྱང༌། ཁམས་ཕྲ་བ་སྟེ་ཤིན་ཏུ་ཕྲ་བའི་རླུང་རྣམ་པར་ཤེས་པའི་བདག་ཉིད་ཅན་དེ་ཡོད་ལ། དེ་ཡོད་པས་ཁུ་ཁྲག་གིས་ཁམས་ཀྱང་ཆེས་ཕྲ་བ་རྣམ་ཤེས་ཀྱི་བདག་ཉིད་ཅན་ནི་ཡོད་པར་འགྱུར་ཞིང༌། མ་དག་པའི་ལུས་ཀྱི་ཆོས་ཕྲ་མོ་དང༌། དེ་ལ་བརྟེན་པའི་མ་རིག་བག་ཆགས་ཀྱང་ཡོད་དོ། །ཉོན་མོངས་བག་ཆགས་ཐམས་ཅད་ལས་གྲོལ་བ་ཞེས་པའི་བག་ཆགས་ནི་ས་བོན་ཡིན་གྱི་བག་ལ་ཉལ་མིན་ནོ། །དཔེ་འགའ་ཞིག་ལས་འདོད་པ་ཙམ་གྱི་དབང་དུ་གྱུར་པ་དང་མ་གྱུར་པ་ཐོབ་པ། ཞེས་


TNT05_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དག་པར་མངོན་ཏེ། ཡོན་ཏན་མང་པོ་ཞིག་འབད་རྩོལ་མེད་པར་རྣམ་པར་སྨིན་པའི་སྟོབས་ཀྱིས་དབང་དུ་གྱུར་ཀྱང༌། ད་དུང་དབང་དུ་མ་གྱུར་པའང་མང་པོ་ཡོད་པའོ། །དགའ་བའི་ལུས་ཀྱི་ངོ་བོ་ཉིད། ཞེས་པ་ནི། བདེ་བ་ཆེན་པོའི་རང་བཞིན་ཡིན་པ་དང༌། གཟུགས་ཀྱི་བདག་ཉིད་ནི། ཞལ་ཕྱག་དབྱིབས་ཁ་དོག་ལ་སོགས་པའི་རྣམ་པར་ཡོད་པ་དང༌། བཅད་དུ་མེད་པ་གཞན་གྱིས་རེག་ཐོགས་ཕྲ་མོ་ཡང་མེད་པ་དང༌། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུ་ནི་རྒྱུན་ཆད་པ་མེད་པ་དང༌། འཕོ་བ་མེད་པ་ནི་འཕོ་འགྱུར་མེད་པའམ། ཐིག་ལེ་མི་འཕོ་བའི་བདག་ཉིད་ཅན་དེ་ཡེ་ཤེས་ཀྱི་ཐིག་ལེར་གྱུར་པའི་ཕྱིར་རོ། །ཟག་པ་མེད་པ་ནི། སྐུ་དེ་ཡང་ཟག་བཅས་མ་ཡིན་ཏེ། ཟག་པ་མེད་པའི་དབྱིངས་དང་ཡེ་ཤེས་གང་རུང་གིས་བསྡུས་པའི་ཕྱིར་ རོ། །ཆེད་དུ་མི་སྤོང་བའི་དངོས་པོ་དབང་བསྒྱུར་བའི་ཉོན་མོངས་ནི་ཡོད་མོད་ཀྱི། དེ་ནི་ཉོན་མོངས་ཀྱི་མིང་ཅན་ཙམ་དུ་ཟད་ལ་ཉོན་མོངས་མཚན་ཉིད་པ་ནི་ནམ་ཡང་མི་སྐྱེ་བའི་ཕྱིར་ཡང་ཟག་པ་མེད་པའོ། །ཆུ་ལས་ཉ་ལྡང་དང་གཉིད་ལོག་པ་ལས་སད་པའི་དཔེ་ནི། འོད་གསལ་ལས་སྐད་ཅིག་གིས་ལངས་པའི་དཔེའོ། ། ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་འདི་སྐད་ཅེས་གསུངས་ཏེ། རང་བཞིན་སྣང་བའི་དབྱེ་ཤེས་ནས། དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ཉིད་ཐོབ་པར་འགྱུར༌། །ཞེས་ཏེ་སྣང་བ་གསུམ་གྱི་ཡེ་ཤེས་ཐོབ་ནས་སྤྱོད་པ་བྱ་ལ། དེས་ལས་ཀྱི་རྣམ་སྨིན་དུ་གྱུར་པའི་ལུས་ཡོངས་སུ་སྤངས་


TNT05_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྡོ་རྗེའི་སྐུ་ཐོབ་པར་འགྱུར་ཞེས་པ། མ་དག་པའི་སྒྱུ་ལུས་ནི། རྣམ་སྨིན་གྱི་ལུས་མ་སྤངས་པའི་རྡོ་རྗེའི་སྐུ་ཡིན་པས། འདི་ནི་ཟུང་འཇུག་གི་སྐུ་ལ་འཆད་དགོས་སོ། །ལུས་ཇི་ལྟར་སྤོང་པའི་ཚུལ་ཡང་རྒྱུད་དེ་ལས་འདི་སྐད་ དུ། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །མཚན་ཉིད་འདི་ནི་སྐད་ཅིག་ མཆོག །རྡོ་རྗེ་རྩེ་མོར་བྱང་སེམས་ནི། །འཛིན་པས་ལུས་ཀྱི་བརྟན་པ་ཉིད། །དེ་ཡི་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱཽར་བས། །རིགས་པས་སྟང་དུ་བྱེད་པ་ནི། །རྒས་པ་མེད་པར་ཐེ་ཚོམ་མེད། །ཧཱུཾ་ཧོཿརིམ་བཞིན་ཤེས་པ་ནི། །འཛིན་པ་སྟེང་དུ་རྣམ་པར་སྤེལ། སྔར་བཤད་པ་ཡི་བདུད་རྩི་ལྔ། །འདི་ནི་བཅུད་ཀྱི་ལེན་དུ་བརྗོད། །འདི་ཉིད་ཀྱིས་ནི་གྲུབ་པར་བྱེད༌། །ལྕགས་ཀྱི་གསེར་འགྱུར་བྱས་ནས་ནི། །རྡོ་རྗེ་ཕྱག་རྒྱས་དངོས་གྲུབ་ཆེ། །ཟུང་དུ་འཇུག་པས་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིས་ནི་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཏིང་ངེ་འཛིན་གྱི་ཡན་ལག་གི་རིམ་པ་དང༌། ལུགས་འདིའི་མངོན་པར་བྱང་ཆུབ་པའི་རིམ་པ་གཉིས་ངོ་བོ་གཅིག་པ་དང༌། དེར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་གསུངས་པ་དང༌། འདུས་པའི་ལུགས་ཀྱི་ཟུང་འཇུག་དོན་གཅིག་ཏུ་གསལ་བར་བཤད་པ་ཡིན་ནོ། །དེ་ནི་ངེས་པར་ཡང་འཐད་དགོས་ཏེ། ལས་དང་པོ་པའི་གནས་སྐབས་འགའ་ན། ཕན་ཚུན་དོད་ཐུབ་བསྒྲིབས་པ་ཤིན་ཏུ་མང་མོད་ཀྱི། ལམ་མཐོན་པོར་སོང་ནས་ངོ་བོ་རིགས་མཐུན་གྱི་སྒོ་ནས་ཁྱད་པར་མེད་པ་


TNT05_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མ་བྱུང་ན། དོད་འགྲིག་པ་ཙམ་གྱིས་སངས་རྒྱས་ཐོབ་པའི་རྒྱུ་ཚོགས་ཚང་བར་མི་ཕན་ཏེ། མུ་སྟེགས་བྱེད་པའི་ལམ་ལའང་དོད་ཐུབ་བརྩི་རྒྱུ་ཡོད་པའི་ཕྱིར་དང༌། ཞི་བའི་སྒོ་ཐ་དད་པ་མང་པོར་ཐལ་པའི་ཕྱིར་རོ། །དེ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ནི། བྱང་ཆུབ་ཀྱི་སེམས་ཞུ་བདེ་རྡོ་རྗེ་ནོར་བུར་བཅིངས་པས། ལུས་ཀྱི་རྩ་འཁོར་ཐམས་ཅད་དུ་བརྟན་པར་འགྱུར་ཞིང༌། རྩ་དེ་ཡང་ནོར་བུ་ནས་བརྩམས་ཏེ། རྩའི་འཁོར་ལོ་སྟེང་ནས་སྟེང་དུ་རླུང་དང་བྱང་ཆུབ་ཀྱི་སེམས་བདེ་སྟོང་གི་ངོ་བོར་གནས་གྱུར་པའི་ཐ་མལ་རགས་ལུས་ཀྱི་ཆ་ཤས་རེ་རེ་ནས་འགགས་པས། དེའི་ངོ་སྐལ་གྱི་རྒས་པ་དང་འཆི་བ་མེད་པར་བྱེད་ཅིང༌། དེ་ཡང་ཧཱུཾ་ཐུགས་རྡོ་རྗེ་སྟོང་ཉིད་དང༌། ཧོ་ཡེ་ཤེས་རྡོ་རྗེ་བདེ་ཆེན་སྤེལ་ཞིང་རླུང་དང་ཐིག་ལེ་མི་འགྱུར་བར་འཛིན་པས་ནི། སྟེང་དུ་རྣམ་པར་སྤེལ་བ་སྟེ། འཕེལ་ན༈ རྩ་འཁོར་གོང་ནས་གོང་དུ་ས་རྣམས་རིམ་གྱིས་ཐོབ་པའོ། །ཧཱུཾ་ཧོཿསྦྱོར་བའི་དོན་ནི། ཞུ་བདེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ལ་བསྲེས་པས། དེ་དེའི་ངོ་བོར་སོང་བ་ན་མི་འགྱུར་བའི་བདེ་བ་ཐོབ་པའི་དོན་ཡིན་ཞིང༌། རླུང་དང་ཐིག་ལེའི་རབ་སྦྱོར་ནི། ལས་རླུང་འགགས་པ་དང་ཐིག་ལེའི་བགྲོད་པ་བརྟན་པའི་དོན་ ནོ། །བདུད་རྩི་ལྔ་པོ་བཅུད་ལེན་དུ་གྱུར་པ་ནི། དཔེས་མཚོན་པ་སྟེ་ཁམས་རགས་པ་གཞན་རྣམས་ཀྱང་དངས་མར་གྱུར་པའོ། །དེའི་ཚེ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གྲུབ་པ་སྟེ། དེ་ཡང་ལྕགས་ཀྱི་ཁམས་འབུགས་པར་བྱེད་པའི་གསེར་འགྱུར་གྱིས་ལྕགས་ལ་བྱས་པ་


TNT05_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། རྡོ་རྗེའི་ཕྱག་རྒྱ་འོད་གསལ་བས་དངོས་གྲུབ་ཆེན་པོ་ཟུང་འཇུག་ཐོབ་པར་འགྱུར་ཞེས་པའི་དོན་ཡིན་ལ། འདིར་སྐད་ཅིག་གཅིག་གི་མཚན་ཉིད་ཅེས་པ་མི་འགྱུར་བདེ་བའི་སྐད་ཅིག་མ་ལ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པར་བཤད་པ་དང་དོན་གཅིག་ གོ །ཟུང་འཇུག་གི་སྐུ་སྒྲུབ་ཚུལ་ཤིན་ཏུ་གསལ་བ་ནི་འདི་ཡིན་ཀྱང༌། འཕགས་སྐོར་གྱི་གཞུང་འགྲེལ་རྣམས་ན་ལུང་འདི་མ་དྲངས་པས། འཕགས་སྐོར་བར་རློམ་པ་གཞན་ལ་འདི་མ་གྲགས་མོད། གོང་དུ་ཇི་སྐད་བཤད་པ་ལྟར། བསམ་གཏན་གཉིས་ཀྱིས་མངོན་བྱང་གཉིས་ལམ་དུ་བྱེད་ཚུལ་ལ་ངེས་ཤེས་རྙེད་ན་འདི་དང་གཅིག་ཏུ་འབབ་བོ། རིམ་ལྔའི་མན་ངག་གི་བློ་རྩེ་གཏད་མཚམས་ཀྱི་རྒྱུད་མཐར་ཐུག་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལ་མཛད་པ་ཡིན་པས། རྒྱུད་དེར་བཤད་པ་བཞིན་འདིར་ཁ་སྐོང་ངེས་པར་བྱ་དགོས་སོ། །དེ་བཞིན་དུ་ཡང་དེ་ལས། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །བློ་ལ་གོས་དང་མ་གོས་པ། །དེར་ནི་བདེ་བས་རྟག་ཏུ་གནས༌། །ཞེས་གསུངས་པ་ཡང༌། ཟུང་འཇུག་གི་ཁ་སྦྱོར་དང་བདེ་བ་སྟེ། ཡེ་ཤེས་གསུམ་གྱི་ཆ་ཞེས་པ་ཡང་རང་བཞིན་དང་བྲལ་བའི་སྣང་བ་ཡིན་ཏེ། ཆ་ཞེས་པས་སྣང་གསུམ་ཡོངས་རྫོགས་མ་ཡིན་པའི་དོན་ནི། དེ་བཞིན་དུ་བག་ཆགས་ཀྱིས་གོས་པ་དང༌། ཉོན་མོངས་ཀྱི་མ་གོས་པའི་ཞུ་བདེའི་ཆ་ཤས་ཕྲ་མོ་དང་འདྲེས་པའི་རང་བཞིན་གྱི་བདེ་བའོ། །ཡང༌། ཚིག་གི་ལམ་གྱི་ཡུལ་འདི་ཉིད།


TNT05_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཡེ་ཤེས་སྐུ་རང་བཞིན་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། འཇའ་ཚོན་བཞིན་དུ་སྣང་བ་ཡིན། ཞེས་ལྷ་སྐུའི་རྣམ་པའི་རང་བཞིན་བཤད་དེ། ཚིག་ལམ་གྱི་ཡུལ་ཞེས་པ་དབང་དང་གདམས་ངག་གི་རྐྱེན་ལས་བྱུང་བར་འཆད་པ་ལྟར་བཤད་ཀྱང་རུང་ཙམ་ཡིན་མོད་ཀྱི། ཚིག་དོན་དངོས་ནི། སོ་སོ་སྐྱེ་བོ་རྣམས་ཀྱིས་ཟུང་འཇུག་ཉམས་སུ་མྱོང་བ་མེད་དེ། ། ཚིག་གི་སྤྱོད་ཡུལ་གྱིས་སྟོན་ནོ་ཞེས་པའི་དོན་ནོ། །སེམས་ཅན་ཀུན་ལ་ཕན་ཕྱིར་ཞེས་པས་ཟུང་འཇུག་ཡིན་ཏེ། མ་དག་པའི་སྒྱུ་ལུས་ཀྱི་འགྲོ་ཕན་ནི་ཉེ་ཚེ་བ་ཙམ་ཡིན་པའི་ཕྱིར་རོ། ཁ་ཅིག་མ་དག་པའི་སྒྱུ་ལུས་ནི་གཟུགས་སྐུའི་རྒྱུ་ཡིན་པས་དེ་ལྟར་བརྗོད་པའོ་ཟེར་ཏེ། དངོས་རྒྱུ་ནི་མིན་པར་གྲུབ་ལ། རང་རྒྱུ་ཙམ་ནི་བསྐྱེད་རིམ་དང་ལུས་དབེན་གྱི་ལྷ་ཡང་ཡིན་པས་དེ་ལྟར་ན་མ་ངེས་སོ། །ཡང་ཟུང་འཇུག་འདི་འོད་གསལ་ལས་ལངས་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས། རྗེས་ཐོབ་ཏུ་ཐོབ་པར་འདོད་པ་ནི་ནོར་བ་སྟེ། འོད་གསལ་ཕྱོགས་གཅིག་པ་ལས་ཟུང་འཇུག་ངན་པར་འགྱུར་བ་དང༌། ཟུང་འཇུག་ཐོག་མར་ཐོབ་སྐབས་སུ་ལམ་གསར་ཐོབ་མེད་པར་འགྱུར་བ་དང༌། མ་དག་པའི་སྒྱུ་ལུས་དང་པོ་ཐོབ་པ་ཡང་མཉམ་བཞག་ཉིད་དུ་སྒྲུབ་ནུས་ན། སྐབས་འདིར་ལྷ་སྐུའི་སྣང་བ་ཅན་མཉམ་བཞག་ཏུ་མི་སྒྲུབ་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར། མཐོང་ལམ་གྱི་རྗེས་ཐོབ་ཡིན་པ་ཤིན་ཏུ་མི་འཐད་དོ། །དེས་ན་གོང་དུའང་བཤད་མོད་དོན་གྱི་འོད་གསལ་ལས་ལངས་ཞེས་པ། སྣང་བ་མེད་པའི་ཕྱོགས་


TNT05_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་པ་ལ་བཤད་པ་ཡིན་གྱི། བདེ་སྟོང་གི་ཉམས་རྒྱུན་མ་ཆད་པར་ཡོད་པས། འོད་གསལ་ལ་མཉམ་པར་བཞག་པའང་ཡིན་ལ།ཅི་སྟེ་ན་སྣང་བཞིའི་ནང་གི་འོད་གསལ་ལས་ལངས་སུ་ཆུག་ཀྱང༌། དེ་བས་ཀྱང་ལྷག་པའི་ཏིང་ངེ་འཛིན་ཟུང་འཇུག་ལ་མཉམ་པར་བཞག་པ་ཡིན་པས་མཉམ་བཞག་ཁོ་ན་ཡིན་ན། སྤྱིར་ཡང་ཟུང་འཇུག་འདི་ལམ་ལྔའི་ནང་ནས་སྒོམ་ལམ་ཡིན་པར་འདོད་པ་ལྟར་འཐད་པ་དང༌། རིམ་པ་ལྔའི་ནང་ནས་རིམ་པ་སྔ་མ་བཞི་ལས་ཐ་དད་པའི་རིམ་པ་ཡིན་པས། ཚོགས་ལམ་ཆུང་ངུ་མ་གཏོགས། ས་མཚམས་སུ་བཅད་པའི་ལམ་ཐམས་ཅད་ཐོག་མར་མཉམ་བཞག་གིས་སྒྲུབ་དགོས་པས། འདི་ཡང་ཐོག་མར་མཉམ་བཞག་ཁོ་ནས་འགྲུབ་བོ། རྗེས་ཐོབ་ཀྱི་ཟུང་འཇུག་ནི། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། །རྣལ་འབྱོར་དབང་པོ་གང་གང་འདོད། ། དེ་དེ་ཐོགས་པ་མེད་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །དེ་བས་གཉིས་མེད་མཐོང་བ་ནི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང༌། །དམ་པའི་ཡུལ་ལ་གཞག་པར་བྱ། །ཞེས་ཏེ། བདེ་སྟོང་ལྷ་སྐུར་བཅས་པ་དང་ནམ་ཡང་མི་འབྲལ་བའི་རྣལ་འབྱོར་དབང་པོ་དེ་ནི་ཕྱི་ནང་ཕྲ་རགས་ཀྱི་འདོད་ཡོན་ཐམས་ཅད་ལ་ཐོགས་པ་སྟེ་ཞེན་ཆགས་མེད་པར་སྤྱོད་ཅིང༌། མཉམ་པར་མ་བཞག་པ་སྟེ་རྗེས་ཐོབ་སྤྱོད་ལམ་དེ་ལྟ་བུ་ཡང་བདེ་སྟོང་དང་ལྷ་སྐུའི་རྣལ་འབྱོར་


TNT05_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དངོས་སུ་ཟིན་པས་རྟག་ཏུ་མཉམ་བཞག་དང་འདྲ་བར་འགྱུར་ཏེ། འདི་ཡང་ཟུང་འཇུག་ལ་ཡོད་ཀྱི་གཞན་ལ་མེད་དོ། །གཉིས་མེད་ནི་ཟུང་འཇུག་ཡིན་ལ། གཟུགས་སོགས་དམན་པ་ཀུན་རྫོབ་ལས་སྣང་རྣམས་དག་པའི་ཕྱིར་དུ་ཡུལ་སྣང་རྣམས་ལས་རྒྱའི་བདེ་བ་ཡེ་ཤེས་གསུམ་གྱི་རིམ་པས་སྟོང་པར་འཇུག་པ་དང༌། བར་མ་རྣམ་ཤེས་རླུང་བཅས་ཀྱི་སྣང་བ་འཇའ་ཚོན་ལྟ་བུ་རྣམས་ཡེ་རྒྱའི་སྣང་གསུམ་གྱི་རིམ་པས་བསྡུ་བ་དང༌། མཆོག་ཡེ་ཤེས་ཀྱི་སྣང་བ་དམ་པའི་ཡུལ་ལ་སྣང་བ་གསུམ་པོ་ཉིད་ཕར་ལ་བཞག་པར་བྱ་བ་ཡིན་ཏེ། རྗེས་ཐོབ་ཀྱི་ཟུང་འཇུག་དངོས་ཀྱི་ཉམས་ལེན་ནོ། །སྐྱེས་བུ་གཅིག་གིས་དང་པོར་ཐོབ་པའི་ཟུང་འཇུག་ལའང་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པ་ཡོད་མོད་ཀྱི། ཕུང་པོ་ལྔ། ཁམས་བཞི། དབང་པོ་དྲུག།དབང་རྟེན་ཁོག་པའི་ལུས། ཕྱི་རོལ་ཡུལ་ལྔ་སོགས་དང་བཅས་པའི་རྣམ་པར་དག་པའི་དཀྱིལ་འཁོར་ཡོངས་རྫོགས་གཅིག་གི་དབང་དུ་བྱས་པ་ནི། འགྲོ་བར་འབྱུང་བའི་ཕུང་པོ་ཡང༌། །སངས་རྒྱས་ལྔ་ཡི་བདག་ཉིད་དེ། མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །མིང་གིས་རབ་ཏུ་བསྐུལ་བ་ཡིན། །རླུང་དང་མེ་དང་ཆུ་དང་ས། །སྤྱན་ལ་སོགས་པ་བཞི་པོ་སྟེ། །ཡེ་ཤེས་བདག་ཉིད་ཅན་གསུམ་དུ། །ཤེས་བྱ་སངས་རྒྱས་བྱང་ཆུབ་གཏེར། །ཐམས་ཅད་དེ་བཞིན་གཤེགས་པའི་ལུས། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང༌། །མིག་ལ་སོགས་པའི་བདག་ཉིད་དེར། །ས་སྙིང་


TNT05_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རྒྱལ་བའི་སྲས། །རོལ་པས་དགའ་བ་གང་ཡིན་པའི། ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་རྣམས། །དེ་ནི་ཕྱོགས་མཚམས་ངོ་བོ་རུ། །དཔུང་པ་ཡན་ལག་རྣམས་སུ་བརྟག།དེ་དང་དེ་ཡི་རིགས་བྱུང་བའི། །ལྷ་དང་ལྷ་མོ་ཐ་དད་པ། །དེ་ནི་ཡོད་མིན་དེ་མེད་ཀྱང༌། །འགྲོ་བའི་དོན་དོན་གྱི་རབ་ཏུ་སྟོན། །ཞེས་གསུངས་ཏེ། འདི་དག་ཀྱང༌། ཡེ་ཤེས་བདག་ཉིད་ཅན་གསུམ་ དུ། །ཞེས་འབྱུང་བས། རྫོགས་པའི་སངས་རྒྱས་མ་ཡིན་ལ། །འགྲོ་བའི་དོན་ཕྱིར་རབ་ཏུ་སྟོན། །ཞེས་པས། ཟུང་འཇུག་མ་ཐོབ་པ་མ་ཡིན་ཏེ། དེ་མ་ཐོབ་ན་གཞན་ལ་ཡེ་ཤེས་ཀྱི་སྐུ་དེ་ལྟར་སྟོན་མི་ནུས་པའི་ཕྱིར་རོ། །དེའི་རྒྱུ་མཚན་མིག་འཕྲུལ་སྒྱུ་མ་སོགས་རྫས་སྔགས་ཀྱིས་གཞན་ལ་སྟོན་ནུས་སུ་ཆུག་ཀྱང་དེ་འདྲ་ནི་ལྷ་མ་ཡིན་པ་ལ་ལྷར་བརྫུ་བའི་བསླུ་བྱེད་ཡིན་ལ། བསྐྱེད་རིམ་པའི་རིག་འཛིན་གྱི་ལུས་ཀྱང་དཀྱིལ་འཁོར་འཁོར་ལོ་རྫོགས་པའི་རྣམ་པར་མེད་པ་དང༌། བསྐྱེད་རིམ་གྱི་དམིགས་པའི་ལྷ་དང་ལུས་དབེན་ཡང༌། སེམས་སྣང་ཙམ་ལས་ལྷར་མ་གྲུབ་ལ། མ་དག་པའི་སྒྱུ་ལུས་ཀྱང་གཞན་ལ་སྐུ་གསལ་བར་བསྟན་ནས་སེམས་ཅན་གྱི་དོན་བྱེད་མི་ནུས་པའི་ཕྱིར་རོ། །དེ་ནི་ཡོད་མིན་དེ་མེད་ཀྱང༌། ཞེས་པའི་དེ་ནི་ཞེས་པ། གོང་གི་ཐ་དད་པ་ཞེས་པ་ལ་སྦྲེལ་ཏེ། ཡེ་ཤེས་གཅིག་གི་རང་སྣང་ཡིན་པས་ཐ་དད་ཡོད་པ་མིན་ལ། མེད་ཀྱང་གཞན་དོན་དུ་ཐ་དད་པར་སྟོན་ནོ་ཞེས་པ་ཡིན་ན་སྟོན་པ་དེ་ནི་སྤྲུལ་སྐུའི་ཟུང་འཇུག་གི་རིམ་པས་


TNT05_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཡིན་ ནོ། །སྤྲུལ་སྐུ་ཟུང་འཇུག་འཕྲིན་ལས་དང་བཅས་པ་ནི། ཡང་ཇི་སྐད་དུ། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི། དོན་སྤྱོད་བཞག་ནས་དེ་བཞིན་གཤེགས། །ཀུན་རྫོབ་ཏུ་ནི་སྐུར་སྤྲུལ་ནས། །ཇི་ལྟ་ཇི་ལྟར་འདོད་ལ་སྤྱོད། །ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །འདོད་པ་ཐམས་ཅད་སྟེར་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང༌། སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར། །ཞེས་དང༌། ཡོན་ཏན་བརྒྱད་དང་ཉེར་ལྡན་པས། །སེམས་ཅན་ཐམས་ཅད་རིག་འགྱུར་ཞིང༌། ། འཇིག་རྟེན་ཁམས་ནི་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །གཙོ་བོ་གང་དུ་སྤྱོད་པ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་གནས། །ཞེས་གསུངས། འཇིག་རྟེན་སེམས་ཅན་གྱི་དོན་སྤྱོད་པ་ཐུགས་ལ་གཞག་སྟེ། རགས་པའི་སྐུ་སྤྲུལ་ནས་ཇི་ལྟར་འདོད་པ་ལ་སྤྱོད་པ་དང༌། ཡིད་བཞིན་ནོར་བུ་ལྟར་རྩོལ་བ་མེད་ཀྱང་སེམས་ཅན་གྱི་དོན་བྱེད་པ་དང༌། སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པར་ཡང་བཀོད་པ་ལྟར་སངས་རྒྱས་ཀྱི་བརྡས་བསྟན་པའི་ཚངས་པ་བརྒྱ་བྱིན་སོགས་ཀྱི་ལོངས་སྤྱོད་ཕྲོགས་ཏེ་སྤྱོད་པ་དང༌། དབང་ཕྱུག་བརྒྱད་གྱི་ཡོན་ཏན་དང་ལྡན་ཞིང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་དང༌། དག་པའི་ཞིང་ཁམས་ཤིན་ཏུ་མང་པོར་ཡེ་ཤེས་ཀྱི་ལུས་ཀྱིས་སྤྱོད་པ་དང༌། རྟག་ཏུ་བདེ་བ་ཆེན་པོའི་


TNT05_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་རོལ་པ་ལས་སྟོང་པའི་ཡེ་ཤེས་ཀྱི་རང་བཞིན་གཞལ་མེད་ཁང་དུ་དགྱེས་པར་རོལ་པ་ཡིན་ནོ། །གཞན་ཡང༌། བཤད་རྒྱུད་འདིའི་འགོ་འཇུག་ན་ཟུང་འཇུག་སྟོན་བྱེད་མང་དུ་འདུག་ནའང༌། འདིར་ནི་གྲགས་ཆེ་བ་ཅུང་ཟད་ཙམ་སྨོས་པ་ཡིན་ལ། དགོངས་པ་ལུང་སྟོན་ལས་ཀྱང་ཟུང་འཇུག་གི་བཤད་པ་ཤིན་ཏུ་མང་ངོ༌། །འདིར་ཐེ་ཚོམ་འདི་འབྱུང་སྟེ། རང་བཞིན་སྣང་བའི་དབྱེ་ཤེས་ནས། ཞེས་པ་ཚུན་ཆད་ཀྱི་ཚིག་འདི་རྣམས། ལ་ལ་སྒྱུ་ལུས་དང༌། ལ་ལ་ལུས་དབེན་དང༌། ཁ་ཅིག་སྤྱོད་པའི་ཕན་ཡོན་སྤྱི་ལྡོག་ནས་བཤད་པ་དང༌། ཁ་ཅིག་སྤྲོས་བཅས་ཀྱི་ཆ་བྱད་བསྒྱུར་བ་སོགས་ལ་བཤད་དགོས་པ་མ་ཡིན་ནམ། ཅིའི་ཕྱིར་ཟུང་འཇུག་ལ་སྦྱོར་སྙམ་ན། སྒྲོན་གསལ་གྱི་འགྲེལ་བཤད་བྱེད་པ་རྒྱ་བོད་བྱུང་བ་རྣམས་ཀྱིས་དེ་ལྟར་བཀྲལ་བ་ནི་བདེན་ན། འདི་རྣམས་ཀྱི་ཟུང་འཇུག་བསྟན་པ་ཡིན་པར་ནི་ཚིག་དོན་ཉིད་ཀྱིས་ཤིན་ཏུ་གསལ་བར་ཤེས་ཏེ། ཚིག་གང་གིས་དོན་གསལ་པོར་སྟོན་པ་དེ་ནི་གཞན་དུ་བསྒྱུར་བར་མི་ནུས་སོ། །འོན་ཀྱང་དེ་རྣམས་ཀྱི་བསམ་པ་འདི་ཡིན་ཏེ། འཕྲེང་བའི་གཞུང་འདི་རྣམས་ལ་འོད་གསལ་ཟུང་འཇུག་དང་བསྐྱེད་རིམ་སོགས་ཀྱི་བཤད་པ་བྱུང་ན། སྦས་པའོ་ཞེས་པ་དང་འགལ་བར་གྱུར་གྱི་དོགས་ནས། གཞུང་དོན་འབྲུ་སྐྱོགས་ནས་དེ་ལྟར་བཀྲལ་བར་སྣང་སྟེ། དེ་ལྟ་ན་ཡང་འདི་ལ་འགལ་སྤོང་མི་དགོས་སོ། །དེ་ཡང་ཟུང་འཇུག་བསྟན་པས་


TNT05_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་དང་འོད་གསལ་གྱི་རིམ་པ་ལ་ཡང་དེ་དང་ཕྱོགས་མཚུངས་ཡོད་པ་དང༌། འོད་གསལ་བསྟན་པས་སེམས་དབེན་ཡང་དེ་དང་མཐུན་པ་སོགས་སྦས་དོན་གྱི་ཆ་ཤས་རེ་ནས་ཐམས་ཅད་ལ་བཤད་དུ་ཡོད་པ་དང༌། རྣམ་པ་གཅིག་ཏུ་སྦས་དོན་ཤས་ཆེ་བ་ཙམ་ཡོད་ན་མང་བའི་ཕྱོགས་ནས་སྨོས་པས་ཆོག་གི །གཞན་དང་ཅི་ཡང་མ་འདྲེས་པ་མི་དགོས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་འགྲེལ་བཤད་རྣམས་ཀྱིས་བཀྲལ་བ་འདི་ཁོ་ན་སྒྲོན་གསལ་གྱི་དགོངས་པ་ཡིན་ན་ནི། སྒྲོན་གསལ་མཁན་པོ་ཉིད་འཁྲུལ་ལོ། །རྒྱུ་མཚན་ཅི་སྙམ་ན། མངོན་སུམ་དང་རྗེས་དཔག་གཉིས་ཀྱིས་སོ། །ཀུན་རྫོབ་ཏུ་ནི་སྐུར་སྤྲུལ་རྣམས། ཞེས་པ་ལྟ་བུ་གང་ལ་གང་འདུལ་གྱི་སྤྲུལ་པ་དངོས་ལ་ཤིན་ཏུ་གསལ་ཞིང་གོ་དགོས་རྒྱུ་ལ། ལྷའི་འབག་གྱོན་པ་སོགས་ལ་སྦྱར་བས། ཚིག་དོན་ཟབ་ཅིང་རྒྱ་ཆེ་བ་ལམ་གྱི་རྐང་ཆེན་པོ་སྟོན་རྒྱུ་དེ་འགངས་ཆུང་རེར་བཀྲལ་འདུག་པ་སོགས་བཤད་པ་དེ་རིགས་ཤིན་ཏུ་མང་བ་དང༌། ལུས་ཡོངས་སུ་སྤངས་པའི་དོན་མ་སྤངས་པ་ལ་སྦྱོར་བ་དང༌། འཕགས་པ་ཁོ་ན་ལ་མངའ་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་སོ་སོ་སྐྱེ་བོ་ལ་སྦྱོར་བ་སོགས་མི་འགྲིག་པ་དུ་མ་འདུག་པ་འདི་ནི་མངོན་སུམ་གྱིས་གནོད་པའོ། །ཡང་བཤད་རྒྱུད་རྡོ་རྗེ་འཕྲེང་བར་ནི། གླེང་བཞི་ཡི་གེ་བཞི་བཅུ་ལ། ཚིགས་བཅད་བཞི་བཅུའི་བཤད་པ་འདི་ཁོ་ན་མཛད་ཀྱི། འདི་མ་ཡིན་པའི་སྤྱི་དོན་མཐར་ཐུག་སོགས་ཀྱི་བཤད་པ་གཞན་


TNT05_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ནི་མེད་དོ། །བཤད་པ་འདི་ཡང་རྒྱུད་དོན་གྱི་སྙིང་པོ་ཐམས་ཅད་འདུས་པའི་དབང་དུ་མཛད་ཅིང༌། གླེང་གཞི་རྒྱུད་ཀྱི་མདོར་བསྟན་དུ་སྟོན་པའི་ཕྱིར་ཡིན་པས། དེ་ལ་གཞི་ལམ་འབྲས་གསུམ་ཆ་ཚང་བར་སྟོན་དགོས་ན། གཞི་གཏན་ལ་འབེབས་པ་ཡང་མེད། ལམ་ཉེར་མཁོ་སྐྱེད་རིམ་ཡང་མེད། ལམ་གྱི་བཟང་ཤོས་འོད་གསལ་ཡང་མེད། འབྲས་བུ་ཟུང་འཇུག་ཀྱང་མེད་ན། སྦས་པ་རྣམ་གསུམ་ཁོ་ནས་རྒྱུད་དོན་མཐའ་དག་འདུ་བའི་གྲབས་ཀྱང་མི་མྱུང་ངོ༌། །རྒྱུ་མཚན་དེ་ནི་རྗེས་སུ་དཔག་པའི་ཚད་མའོ། །དེ་ལྟར་ན་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག།ཅེས་སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱི་ཟུང་འཇུག་བཤད་པ་དང༌། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་ན། །སྐྱེ་བ་འདིར་ནི་རབ་ཏུ་བསྒྲགས། །ཞེས་རྡོ་རྗེའི་སྐུ་སྐྱེ་བ་མེད་པ་དང༌། །ཨེ་མ་ཧོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མ་ཧོ་རྡོ་རྗེ་ཆོས་བསྟན་པ། །གང་དུ་ལུས་ངག་སེམས་མེད་པ། །དེ་ལས་གཟུགས་སུ་རྣམ་པར་བསྒོམ། །སྒོ་གསུམ་རྣམ་པར་དག་པ་ཡེ་ཤེས་ཀྱི་གཟུགས་སུ་བཤད་པའི་ཕྱིར། ཟུང་འཇུག་གི་རིམ་པ་ནི་དེ་ལྟ་བུའོ། །བདེ་མཆོག་དྲིལ་བུ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། འདི་ནི་ངོ་བོ་ཉིད་ཀྱི་སྐུ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པ། །མ་ནིང་ཞེས་བྱར་གྲགས་པ་སྟེ། །


TNT05_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །སྒྲིབ་པ་མེད་པའི་ཆོས་ཀྱི་ནི། །ཕུང་པོ་ལ་སོགས་འདི་ན་གནས། །རྟེན་དང་བརྟེན་པའི་མཚན་ཉིད་འདི། །ཐམས་ཅད་དཀྱིལ་འཁོར་ཉིད་ཡིན་ནོ། །ཞེས་གསུངས་ཤིང༌། སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ངོ་བོ་ཉིད་སྐུ་དེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྒྲིབ་བྲལ་དུ་བྱས་པའི་ཡེ་ཤེས་ལྷའི་དཀྱིལ་འཁོར་ཆེན་པོར་ཤར་བ་ནི་ཟུང་འཇུག་གི་ངོ་བོ་ཡིན་ཞེས་པའོ། །དེ་ལ་ཁ་ཅིག་ནི། གཟུགས་སྐུ་དང་ཆོས་སྐུ་ཟུང་འཇུག་ཏུ་འདོད་ལ། ཁ་ཅིག་ནི་དེ་གཉིས་ཟུང་འབྲེལ་ཡིན་གྱི་ཟུང་འཇུག་ཏུ་འགྲོ་བ་མི་སྲིད་པས་ཆོས་སྐུ་འབའ་ཞིག་ལ་ཟུང་འཇུག་ཡིན་ནོ། །ཞེས་ཟེར་ན། གཟུགས་སྐུ་ཞེས་བྱ་བ་ཅི་ཞིག་ལ་བསམས་པ་བརྟག་དགོས་ཏེ། དཀྱིལ་འཁོར་ཆེན་པོའི་སྣང་བ་ཡོད་པ་ལ་བསམས་ན་ནི། གཟུགས་ཆོས་ཟུང་འཇུག་མི་འགལ་ཏེ། དཀྱིལ་འཁོར་གྱི་སྣང་བ་དེ་ཉིད་ངོ་བོ་ཉིད་སྐུ་ཡིན་པས་སོ། །གདུལ་བྱ་གཞན་སྣང་དང༌། རགས་ལུས་ཀྱི་སྐུར་བསྟན་པ་ལ་ཟེར་ན་ནི། དེ་འདྲ་ཆོས་སྐུ་དང༌། དངོས་སུ་ཟུང་འཇུག་ག་ལ་ཞིག་སྟེ། འོན་ཀྱང་ཟུང་འཇུག་གི་མཛད་པ་ལ་ཟུང་འཇུག་དེའི་མིང་གིས་བཏགས་པ་ཡིན་ན་ནི་མི་འགལ་ལོ། །དེ་དག་གིས་ན་ཟུང་འཇུག་སློབ་བཞིན་པའི་མཚན་ཉིད་དང་རང་བཞིན་གསལ་ཞིང་ངེས་པར་བཤད་ཟིན་ལ། མི་སློབ་པའང་ཞར་བྱུང་གཏན་ལ་ཕབ་ཟིན་མོད། མི་སློབ་པའི་ཟུང་འཇུག་གི་ཁྱད་ཆོས་གཞན་ནི་མདོ་ཙམ་ཞིག་འོག་འབྲས་བུའི་


TNT05_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་འཆད་པར་འགྱུར། །ད་ནི་གཞུང་གི་ཚིག་དོན་ལ་འཇུག་པར་བྱ་སྟེ། ཟུང་འཇུག་སྤྱིའི་མཚན་ཉིད་རྒྱས་པར་བཤད། སློབ་པ་དང་མི་སློབ་པའི་དབྱེ་བ་མདོ་ཙམ་བསྟན། ཟུང་འཇུག་གི་རིམ་པའི་མཚན་གྱི་རྣམ་གྲངས་བཤད། ཟུང་འཇུག་ལ་བརྟེན་པའི་སྤྱོད་པའི་རྣམ་གཞག་བསྟན་པ་སྟེ་བཞི་ལས། དང་པོ་ནི། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་ པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ཉོན་མོངས་དང་རྣམ་པར་བྱང༌། ། དོན་དམ་ཉིད་དུ་ཤེས་ནས་ནི། །གང་གིས་གཅིག་ཏུ་ཤེས་གྱུར་པ། །དེ་ཡིས་ཟུང་དུ་འཇུག་པ་ཤེས། །དངོས་པོ་རྣམ་བཅས་ཀུན་རྟོག་དང༌། །དངོས་པོ་མེད་པར་རྟོག་པ་དག།རྣལ་འབྱོར་པས་ནི་གཅིག་བྱ་སྤྱོད། །དེ་ནི་ཟུང་འཇུག་ཤེས་པའོ། ། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། དེ་ནི་ཟུང་འཇུག་ཅེས་བྱར་བཤད། །རྟག་དང་ཆད་པའི་བློ་དག་ནི། །གང་གིས་སྤངས་ནས་རབ་གནས་པའི། །ཟུང་དུ་འཇུག་པའི་རིམ་འདི་ཡི། །དེ་ཉིད་ཤེས་ཏེ་མཁས་པ་ཡིན། །ཤེས་རབ་སྙིང་རྗེ་གཅིག་པ་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཐབས་དང་ཤེས་རབ་སྙོམས་འཇུག་པར། །ཐམས་ཅད་བསྡུས་ལས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་གྱུར། །


TNT05_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་ལྷག་མར་བཅས་པ་དང༌། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་པ། །དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་བདག་མེད་དང༌། །ཆོས་ལ་བདག་མེད་པ་དག་གི།རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །དེ་ཉིད་ཤེས་པའི་རིམ་ཤེས་ ནས། །བདག་བྱིན་རླབས་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་ གང༌། །ཟུང་དུ་འཇུག་པའི་རིམ་འདི་ཡིན། །རིལ་པོར་འཛིན་དང་རྗེས་གཞིག་དང༌། །འཇུག་དང་དེ་བཞིན་གནས་པ་དག།དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཀུན་རྫོབ་དང་ནི་དོན་དམ་དག།སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། ། དེ་བཞིན་ཉིད་ལ་དམིགས་ཉིད་དང༌། །གང་དུ་ལྡང་བར་གྱུར་པ་ནི། །ཟུང་འཇུག་གྱུར་བ་དེ་ཡིན་ཏེ། །མི་ཟད་རྣལ་འབྱོར་པ་ཡི་གནས། །གཉིད་ལོག་དང་ནི་སད་པ་སྟེ། །གནས་སྐབས་དེ་གཉིས་སྤངས་པ་ནི། །གཉིད་ལོག་སད་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །དྲན་དང་དྲན་མིན་ལས་གྲོལ་ ཞིང༌། །རྟག་ཏུ་བྱུང་བའི་མཚན་ཉིན་ཅན། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་ལ་གནས་པའོ། །ཆགས་དང་ཆགས་མིན་ལས་གྲོལ་ཞིང༌། །མཆོག་


TNT05_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བའི་ལུས་དང་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། ཟུང་འཇུག་རྣམ་པར་སྒོམ་པའོ། །བྱ་བ་དང་ནི་བྱེད་པ་དག།མི་ཕྱེད་པ་ནི་ངོ་བོ་ཉིད། །གནས་གང་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པར་དེ་བཤད་ དོ། །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །དེ་བཞིན་རྫོགས་པའི་རིམ་པ་ དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། ། ཡོངས་སུ་དག་པའི་ལྷ་དང་ནི། འདིར་ནི་མ་དག་པར་གྱུར་ཞེས། །གང་ཞིག་མ་ཕྱེད་པར་རྟོགས་པ། །གང་ཡིན་དེ་ནི་ཟུང་འཇུག་པའོ། །གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང༌། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་པ་སྟེ། དང་པོ་འཁོར་འདས་ཟུང་འཇུག་ནི། འཁོར་བའི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་ཅིང༌། འཁོར་བའི་ཟླས་དྲངས་པའི་མྱང་འདས་ནི། གསར་ཐོབ་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་ཡང་གདོད་མ་ནས་ངོ་བོ་ཉིད་མེད་པས། འཁོར་འདས་རང་གི་ངོ་བོ་གདོད་མ་ནས་མ་གྲུབ་པར་མ་ཟད། དེར་འཛིན་པའི་རྟོག་པ་གཉིས་པོ་ཡང་སྤངས་པས་ན། དེ་གཉིས་མེད་པ་ལ་མེད་པར་མངོན་སུམ་དུ་མཐོང་ཞིང༌། འཁོར་འདས་གཉིས་པོ་འཁོར་བ་པོ་དང་གྲོལ་བ་པོའི་སེམས་ཅན་སོ་སོའི་སྣང་ངོ་ཙམ་ལས་གཞན་མ་གྲུབ་པའི་ཕྱིར། ཆོས་ཉིད་གང་དུ་འཁོར་འདས་ཀྱི་རང་བཞིན་ནམ་དངོས་པོ་ངོ་བོ་གཅིག་ཏུ་གྱུར་ཞིང་གནས་


TNT05_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི། འཁོར་འདས་ཟུང་འཇུག་ཅེས་དེ་ལ་བཤད་པ་ཡིན་ནོ། །དེ་ཡང་རྟོག་པ་གཉིས་པོ་སྤངས་པས། རང་བཞིན་ཟུང་འཇུག་ཏུ་རྟོགས་པའོ། །གཉིས་པ་ཀུན་བྱང་ཟུང་འཇུག་ལ་ཀུན་ནས་ཉོན་མོངས་ནི། སྡུག་བསྔལ་དང་ཀུན་འབྱུང་གཉིས་དང༌། རྣམ་པར་བྱང་བ་ནི་འགོག་པ་དང་ལམ་སྟེ། དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་གཅིག་མོད་ཀྱང༌། གནས་སྐབས་སུ་ཐོབ་སྐལ་རྩིས་ན། སྡུག་བསྔལ་གྱི་རང་བཞིན་འགོག་བདེན་དང༌། ཀུན་འབྱུང་གི་རང་བཞིན་ལམ་མོ་ཞེས་ཀྱང་འདོད་དེ་མདོར་ན། སྡུག་བསྔལ་འབྲས་བུའི་ཕུང་པོ་ལྔ་ཀུན་འབྱུང་ལས་དང་ཉོན་མོངས། འགོག་པ་དེ་དག་ཟད་པའི་སྤངས་པ། ལམ་དེ་གསུམ་སྤོང་བྱེད་ཀྱི་ཐབས་ཏེ། དེ་དག་སྒྱུ་མས་སྒྱུ་མ་སྤོང་བ་ལྟར། སྣང་བ་ཙམ་མ་གཏོགས་བདེན་དངོས་སུ་གྲུབ་པ་མེད་དོ། །དེ་རྣམས་ཀྱི་རང་བཞིན་དོན་དམ་པ་ནི། ལས་ཉོན་སྡུག་བསྔལ་ཡོད་པར་སྣང་བའི་དུས་ནས་ཀྱང་ངོ་བོས་མེད་ལ། དེ་མེད་པའི་ཕྱིར། ཐབས་ཀྱིས་དེ་སྤོང་བ་དང༌། སྤངས་ཟིན་པར་སྣང་བ་ནི་ཡང་དག་པར་མ་གྲུབ་པས། དེའི་རང་བཞིན་དོན་དམ་སྤྲོས་བྲལ་གྱི་ཡེ་ཤེས་ཉིད་དུ་ཤེས་ནས། ཡེ་ཤེས་གང་གིས་རྟོགས་བྱ་ཆོས་དབྱིངས་དེ་གདོད་ནས་ལྷུན་གྲུབ་ཁོ་ན་ཡིན་པས། དྲི་མས་ཡེ་ནས་མ་གོས་པ་དང༌། ཡོན་ཏན་ངོ་བོ་ཉིད་ཀྱིས་གནས་པ་དེ་ནི་རོ་གཅིག་ཏུ་ཤེས་པར་གྱུར་པ་དེས་ནི་ཀུན་བྱང་ཟུང་དུ་འཇུག་པ་ཤེས་སོ། །གསུམ་པ་རྣམ་བཅས་རྣམ་མེད་ཟུང་འཇུག་ནི། གཟུགས་སྒྲ་སོགས་དངོས་པོ་རྣམ་པ་དང་བཅས་པ་སྟེ།


TNT05_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་རེག་ཚོར་དུ་འཛིན་པའི་ཀུན་རྟོག་དང༌། ནམ་མཁའ་ལ་སོགས་པ་དངོས་པོ་མེད་ཅིང་མཐོང་དུ་མི་རུང་བར་རྟོག་པ་དག་སྟེ། འཇིག་རྟེན་པས་ནི་དངོས་པོ་དོན་བྱེད་ནུས་པ་དང་དངོས་མེད་དོན་བྱེད་མི་ནུས་པ་ཞེས་སོ་སོར་བཏགས་ཀྱང༌། རྣལ་འབྱོར་པའི་མཉམ་བཞག་ཡེ་ཤེས་ཀྱིས་ནི་ཐམས་ཅད་ནམ་ཡང་ཡོད་པ་མ་ཡིན་པས། གདོད་ནས་སྟོང་པ་གཅིག་ཏུ་བྱ་བ་སྟེ་རྟོགས་པར་སྤྱོད་པ་དེ་ནི་ཟུང་དུ་འཇུག་པ་ཤེས་པའོ། །བཞི་པ་གཟུང་འཛིན་ཟུང་འཇུག་ནི། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་ཞེས་བྱ་བར་འཛིན་པའི་རྣམ་པ་གཉིས་པོའི་བློ་ནི་ཡོད་པ་མ་ཡིན་ཏེ། གཟུང་འཛིན་གཉིས་གདོད་མ་ནས་མ་གྲུབ་པའི་ཕྱིར་རོ། །དེར་འཛིན་པ་དང་དེར་སྣང་བའི་བློ་ནི་འཁྲུལ་པ་ཡིན་ལ། མཉམ་བཞག་མ་འཁྲུལ་པའི་དོན། གཟུང་འཛིན་དུ་སྣང་བ་དང་འཛིན་པའི་བློ་གང་ཡང་མེད་དོ། །དེ་ཡང་མིག་ཤེས་དང་གཟུགས་ལྟ་བུའི་གཟུང་འཛིན་ནི། དོན་དང་ཤེས་པ་གཟུང་འཛིན་དུ་སྦྱར་བ་སྟེ་གཟུང་འཛིན་དུ་འཇོག་ཚུལ་རགས་པ་ཡིན་ལ། ཤེས་པ་དང་དེའི་རྣམ་པ་གཟུང་འཛིན་དུ་སྦྱར་བ་ཚོར་བ་བདེ་བ་དང༌། དེ་མྱོང་བའི་ཤེས་པ་ལྟ་བུ་ནི་རྣམ་གཞག་བར་པ་ཡིན་ཞིང༌། ཡུལ་ཆོས་དབྱིངས་དང་ཡུལ་ཅན་ཡེ་ཤེས་ལྟ་བུའི་ཇི་སྲིད་དུ་ངོ་བོ་གཅིག་ཏུ་ཡང་མ་གྱུར་ལ། རྟོགས་བྱ་རྟོགས་བྱེད་ཀྱི་གཉིས་སྣང་ཕྲ་མོ་ཡོད་ཀྱི་བར་དུ་གཟུང་འཛིན་གྱི་སྣང་བ་ཡིན་ཏེ། འདི་ལྟ་བུ་དང༌། དཀར་དམར་རླུང་སེམས་གྱི་ཚོགས་པ་ལ་བརྟེན་


TNT05_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལུས་སེམས་རྟེན་དང་བརྟེན་པར་སྣང་བ་སོགས་ནི་གཟུང་འཛིན་ཕྲ་མོའི་རྣམ་གཞག་གོ །དེ་དག་མེད་ཅིང་གཉིས་མེད་ཡེ་ཤེས་གང་དུ་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་འདྲེས་ཤིང་མི་ཕྱེད་པའི་བློའམ་རིག་པ་ཡོད་པ་དེ་ནི་ཟུང་འཇུག་ཅེས་བྱ་བར་བཤད་དོ། །ལྔ་པ་རྟག་ཆད་སྤངས་པའི་ཟུང་འཇུག་ནི། གང་ཟག་ལ་བལྟོས་ནས་རྒྱུ་ལས་གསོག་པ་པོ་དེ་ཉིད་འབྲས་བུ་བདེ་སྡུག་མྱོང་བ་པོ་ཡིན་པ་དང༌། སྐྱེ་བ་སྔ་མ་ལྷའི་འགྲོ་བའི་དུས་ཀྱི་སྐྱེས་བུ་དེ་ཁོ་ན་ད་ལྟ་མིའི་སྐྱེས་བུ་འདི་ཡིན་ནོ། །ཞེས་འཛིན་པ་རྟག་པའི་མཐའ་དང༌། སྐྱེས་བུ་འདི་སྐྱེ་བ་གཅིག་གམ་དུས་འདི་ཙམ་གྱི་བར་དུ་ནི་དངོས་གནས་ལ་ཡོད་ཀྱང་དེ་རྣམས་ནི་མེད་དོ་མེད་པར་གྱུར་ཏོ་སྙམ་དུ་སེམས་པ་ཆད་པའི་མཐར་ལྟའོ། །ཆོས་ཀྱི་དབང་དུ་བྱས་ན། གང་དངོས་པོ་དང་དངོས་པོ་མེད་པ་འདུས་བྱས་སུ་གྱུར་བ་དེ་ལ་གནས་ལུགས་སུ་ཡོད་པར་འཛིན་པ་ནི། གང་ངོ་བོས་ཡོད་པ་དེ་རྟག་ཏུ་གནས་དགོས་པའི་ཕྱིར་རྟག་མཐར་འགྱུར་ལ། འཁྲུལ་ངོར་རྟེན་འབྲེལ་གྱི་སྣང་བ་ཙམ་ཡང་མེད་དོ་སྙམ་པ་དང༌། དོན་དམ་དབྱིངས་ཀྱི་ཆོས་ཉིད་རང་གི་ངོ་བོས་མེད་པར་འཛིན་པ་ནི་མེད་པའི་རྣམ་པ་བློ་ལ་ཤར་ཕྱིན་ཆད། ཆད་ཟིན་པའམ། ཆད་པར་འགྱུར་རུང་ལ་བརྟེན་པ་གཅིག་འཆར་བས་ཆད་པའི་མཐའ་ཡིན་ནོ། །དེ་བས་ན་རྟག་ཆད་ཀྱི་མཐའ་དེ་དག་གི་འཛིན་སྟངས་ཀྱི་ཡུལ་ནི། དངོས་གནས་ལ་མི་སྲིད་ཀྱང་བློས་ཕྱིན་ཅི་ལོག་ཏུ་འདོགས་ཚུལ་ཡིན་ནོ། །དེ་ལྟར་རྟག་ཆད་


TNT05_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཛིན་པའི་བློ་དེ་དག་ནི། ཡེ་ཤེས་གང་གིས་ཤིན་ཏུ་སྤངས་ནས་རྟག་ཆད་ལས་གྲོལ་བའི་དབྱིངས་བདེ་ཆེན་རྣམ་པ་ཐམས་ཅད་པ་ལ་རབ་ཏུ་གནས་པ་ནི་ཟུང་དུ་འཇུག་པ་སྟེ། དེ་ལྟ་བུའི་རིམ་པ་འདིའི་དེ་ཁོ་ན་ཉིད་ཤེས་པ་སྟེ། དེ་ནི་མཁས་པ་སྟེ་འཕགས་པ་མཆོག་ཡིན་ནོ། །དྲུག་པ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ནི། སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པའི་ཤེས་རབ་སྟོང་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གཉིས་རོ་གཅིག་པར་ནི་ཤེས་ནས་ཡེ་ཤེས་གང་དུ་རོ་གཅིག་དེའང་རྟག་ཏུ་འཇུག་པར་གྱུར་པ་ནི་ཟུང་འཇུག་ཅེས་བྱ་བར་བཤད་པ་སྟེ། རིམ་པ་འདི་ནི་དབང་ཕྱུག་བརྒྱད་ལྡན་གྱི་གོ་འཕང་ཐོབ་པའི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལོ། །མཁས་པ་དང་སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་གསུངས་པ་རྣམས་གནས་སྐབས་འདི་དང་འདིའི་སྒོས་ཆོས་མ་ཡིན་ཏེ། ཟུང་འཇུག་གི་རིམ་པ་སྤྱི་ལ་སྦྱོར་རྒྱུ་ཡིན་པས། འདིའི་སངས་རྒྱས་སློབ་པའི་སངས་རྒྱས་ལ་ཡང་བཤད་དུ་རུང་བ་ཁོ་ནའོ། །བདུན་པ་ཐབས་ཤེས་ཟུང་འཇུག་ནི། ཡེ་ཤེས་ཀྱི་སྐུ་ཐབས་ཡབ་དང་ཤེས་རབ་ལྷ་མོའི་དཀྱིལ་འཁོར་སྙོམས་པར་འཇུག་པ་ཡང་རྣམ་ཆ་ཐ་དད་ཙམ་མ་གཏོགས། ངོ་བོ་ལྷན་ཅིག་སྐྱེས་པར་རོ་གཅིག་པ་དེར་སྣང་བ་གཞན་ཐམས་ཅད་ཀྱང་བསྡུས་ཤིང་ཐིམ་པ་ལས། ཡེ་ཤེས་སྐྱེས་པར་གྱུར་པ་གང་དུ་རྣལ་འབྱོར་ཆེན་པོའི་རིག་པ་གནས་པ་དེ་ནི་ཟུང་དུ་འཇུག་པར་འགྱུར་རོ། །ཐམས་ཅད་བསྡུས་


TNT05_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དེ་ནི་སྤྱོད་པའི་སྐབས་སུ་འབྱུང་བས་ཟུང་འཇུག་གི་སྤྱོད་པའི་ཆ་ནས་འཇོག་དགོས་ལ། འོན་ཀྱང་ཟུང་འཇུག་གི་རིམ་པར་གྱུར་ཚད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་མ་འབྲེལ་བ་མེད་པས། ཟུང་འཇུག་སྤྱིའི་མཚན་ཉིད་མིན་ནམ་སྙམ་དུ་དོགས་པ་མི་བྱའོ། །བརྒྱད་པ་ལྷག་བཅས་ལྷག་མེད་ཟུང་འཇུག་ནི། ལས་ཉོན་སྡུག་བསྔལ་གསུམ་གྱི་ལྷག་མ་ཡོད་མེད་ཀྱི་རྟོག་པ་ལས་གྲོལ་བ་སྟེ། གང་དུ་འཁོར་བའི་སྣང་བ་ཐམས་ཅད་གདོད་ནས་མ་གྲུབ་པ་ལ་མ་གྲུབ་པར་རྟོགས་པས། ལྷག་མར་བཅས་པའི་རྟོག་པ་མེད་པ་དང་དཀྱིལ་འཁོར་གྱི་འཁོར་ལོའི་སྣང་བ་རྒྱུན་མི་འཆད་ཅིང༌། འཁོར་བའི་གནས་སུ་རྟག་པར་འགྲོ་དོན་སྤྱོད་པའི་ཕྱིར། དེ་བཞིན་དུ་ལྷག་མ་མེད་པ་ཞེས་མི་བྱ་སྟེ། འདི་ལྟ་བུའི་རྟོག་པ་མེད་པར་གྱུར་བ་དེ་ནི་ཟུང་དུ་འཇུག་པའོ། །དགུ་པ་བདག་མེད་གཉིས་ཟུང་འཇུག་ནི། གང་དུ་གང་ཟག་གི་བདག་མེད་ཅེས་བྱ་བའི་བདག་མེད་དེ་དང༌། ཆོས་ལ་བདག་མེད་པ་ཞེས་པའི་བདག་མེད་དེ་ནི་ངོ་བོ་དབྱེ་བ་མེད་དེ། སྤྲོས་པ་ཐམས་ཅད་ཀྱིས་ནམ་ཡང་མ་གོས་པའི་ཡེ་ཤེས་གཅིག་ཉིད་ཡིན་པ་ལ་ཡིན་པར་རྟོགས་པས་བདག་མེད་གཉིས་པོ་དག་གི་སྟེང་དུ་ཐ་དད་དུ་འཛིན་པའི་རྟོག་པ་གཉིས་ལས་རྣམ་པར་གྲོལ་བ་དེ་ཟུང་དུ་འཇུག་པའི་མཚན་ཉིད་དོ། །བཅུ་པ་སྒྱུ་ལུས་འོད་གསལ་ཟུང་འཇུག་ནི། ཆག་འགྱུར་ལས་འདི་སྐད་ཅེས་འབྱུང་བ་གོ་བདེ་སྟེ། །དེ་ཉིད་ཤེས་པའི་རིམ་པ་བཞིན། །རང་


TNT05_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །དེ་ཁོ་ན་ཉིད་དེ་ཉམས་སུ་མྱོང་བའི་མན་ངག་ལག་ལེན་ལ་ཞུགས་ཤིང༌། དེས་ཀྱང་ཉམས་མྱོང་གི་ཤེས་པས་སྔ་ཕྱི་རིམ་པ་བཞིན་དུ་སྟེ། དང་པོར་བདག་བྱིན་བརླབ་པའི་རིམ་པ་མ་དག་པའི་སྒྱུ་ལུས་རྐྱང་པ་ཐོབ། དེ་ནས་འོད་གསལ་གྱི་རིམ་པ་རྣམ་མེད་དེ་ཤེས། དེ་ནས་དེ་དག་ཁོ་ན་འདུས་པ་སྟེ། རང་བྱིན་བརླབ་པ་དང་འོད་གསལ་ངོ་བོ་གཅིག་ལ་འདུས་པ་ཐོབ་པ་འདི་ནི་ཟུང་འཇུག་གི་རིམ་པ་སྟེ་ཟུང་འཇུག་གི་རིམ་པའི་མཚན་ཉིད་རྣམས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །དེ་དག་ཁོ་ན་འདུས་ཞེས་པ་ནི། སྒྱུ་ལུས་དང་འོད་གསལ་ཙམ་གྱི་རང་བཞིན་དུ་གཅིག་པ་ལ་དགོངས་པ་ཡིན་གྱི། གཞན་དུ་ན་རིམ་པ་བཞིན་མངོན་དུ་བྱེད་དགོས་རྒྱུའི་སྒྱུ་ལུས་ནི་མ་དག་པ་ཁོ་ན་དང༌། འདིར་འདུས་པར་འཇོག་རྒྱུའི་སྒྱུ་ལུས་ནི་དག་པ་ཁོ་ན་ཡིན་ནོ། །བཅུ་གཅིག་པའི་རིལ་གཞིག་ཟུང་འཇུག་ནི། བདག་ཉིད་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་རིལ་པོར་འཛིན་པ་དང༌། སྣང་བ་ཐམས་ཅད་བདེ་ཆེན་དུ་གྱུར་པ་ལ་རང་ཉིད་ཐིམ་པར་བྱེད་པ་ནི་རྗེས་སུ་གཞིག་པ་སྟེ། རིམ་པ་དེས་སྟོང་ཉིད་འཇུག་པ་དང༌། དེ་བཞིན་དུ་སྟོང་ཉིད་དེ་ལ་གནས་པ་དང༌། དེ་ནས་གང་དུ་སྣང་བ་དང་བཅས་པར་ལྡང་བར་གྱུར་པ་གསུམ་པོ་དེ་ཡང་དོན་དམ་པའི་དབྱིངས་སུ་མཉམ་པར་གྱུར་པ་སྟེ། འཇུག་གནས་ལྡང་གསུམ་ནི་བློའི་བཀོད་པ་ཙམ་ཡིན་གྱི། རང་བཞིན་སྣོད་བཅུད་ཐམས་ཅད་ཀྱི་རང་བཞིན་བདེ་ཆེན་པོར་གདོད་


TNT05_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྟག་ཏུ་འགྱུར་བ་མེད་པར་གནས་པའི་ཕྱིར། འཇུག་གནས་ལྡང་གསུམ་གྱི་རང་བཞིན་ལ་ཁྱད་པར་མེད་པར་རྟོགས་པ་ནི་ཟུང་དུ་འཇུག་པའོ། །འདིར་རིལ་གཞིག་གཉིས་ཟུང་དུ་འཇུག་པ་དང༌། འཇུག་གནས་ལྡང་གསུམ་མཉམ་པ་སྟེ་དོན་ཚན་གཉིས་ཡོད་པ་ལྟར་བྱུང་ཡང༌། འཇུག་གནས་ལྡང་གསུམ་རིལ་གཞིག་གི་ཁྱད་ཆོས་ལ་སྦྱར་བས། དེ་གསུམ་གྱི་མཚན་ཉིད་དང་ལྡན་པའི་རིལ་གཞིག་མཉམ་པ་ཉིད་ཅེས་པར་གོ་དགོས་སོ། །བཅུ་གཉིས་པ་བདེན་གཉིས་ཟུང་འཇུག་ནི། འཁོར་བ་ཀུན་རྫོབ་གཟུང་འཛིན་གྱི་ཆོས་རྣམས་སྒྱུ་མ་ལྟ་བུ་དང༌། དོན་དམ་སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་དག་སོ་སོའི་ཆ་སྟེ་མཚན་ཉིད་རྣམས་ཤེས་པར་གྱུར་པ་ལས། རང་བཞིན་གང་དུ་དོན་དམ་ལས་གཞན་དུ་ཀུན་རྫོབ་མ་གྲུབ་ཅིང༌། ཀུན་རྫོབ་ཀྱི་རང་བཞིན་སྡོད་ལུགས་ཉིད་དོན་དམ་དུ་ཡང་དག་པར་འདྲེས་ཤིང་གནས་པར་གྱུར་བ་དེ་ཉིད་གཞིའི་ཟུང་འཇུག་ཡིན་ལ། དེ་ལྟར་རྟོགས་པ་ནི་ཟུང་དུ་འཇུག་པའི་རིམ་པར་བཤད་དོ། །བཅུ་གསུམ་པ་འཇུག་ལྡང་ཟུང་འཇུག་ནི། དེ་བཞིན་ཉིད་ལ་རྩེ་གཅིག་ཏུ་དམིགས་པ་དང༌། གང་དུ་ལྷ་སྐུ་ལ་སོགས་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྣང་བར་ལྡང་བར་གྱུར་པ་ནི་རེས་འཇོག་ཙམ་མ་ཡིན་པར་དེ་བཞིན་ཉིད་ལ་ཡང་རྟག་ཏུ་དམིགས་ལ་ལྷ་སྐུར་ཡང་རྟག་ཏུ་གནས་པ་འདི་ནི་ལྡང་འཇུག་གི་རྣམ་པར་སྣང་ཡང་ལྡང་འཇུག་ལས་གྲོལ་བ་ཡིན་པའི་ཕྱིར་


TNT05_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ཏུ་གྱུར་པ་དེ་ཡིན་ཏེ། ལྷ་སྐུ་དང་བདེ་སྟོང་གི་ཡེ་ཤེས་གཉིས་ཀ་རྒྱུན་མི་འཆད་པའི་ཕྱིར་མི་ཟད་པ་སྟེ། རྣལ་འབྱོར་པ་རྣམས་ཀྱི་གནས་སམ་ས་ཡིན་ནོ། །བཅུ་བཞི་པ་གཉིད་སད་ཟུང་འཇུག་ནི། ཟུང་འཇུག་གི་སྐབས་འདིར་གཉིད་ལོག་པ་དང་སད་པ་སྟེ། ཐ་མལ་གྱི་གནས་སྐབས་དེ་གཉིས་སྤངས་ནས་བདེ་བ་ཆེན་པོའི་གཉིད་ལ་རྟག་ཏུ་གནས་ཤིང༌། ཆོས་ཐམས་ཅད་ལ་མཁྱེན་པ་སྣ་ཚོགས་པ་འཇུག་པས་རྟག་ཏུ་སད་པ་ནི། ཐ་མལ་གྱི་གཉིད་ལོག་པ་དང་སད་པ་རྣམ་པར་བྲལ་བའི་ཟུང་འཇུག་ཡིན་པར་སྟོན་པས་གསུངས་སོ། །ཟུང་འཇུག་གི་སྐབས་ན། དགོས་པ་ཁྱད་པར་ཅན་ཡོད་པའི་ཚེ། གཉིད་ལོག་པའི་ཐ་སྙད་འཇུག་དུ་རུང་བའི་བདེ་ཆེན་གྱི་ཡེ་ཤེས་བྱེ་བྲག་ཅན་ཞིག་ཡོད་ཀྱང༌། དེ་གཉིད་རང་མཚམས་པ་མིན་ཞིང༌། དེའི་རྨི་ལམ་ཡང་དེ་དང་འདྲ་བས་སྐབས་འདིར་གཉིད་སད་གཅིག་ཏུ་འདྲེས་པའི་ཐ་སྙད་བྱེད་དོ། །བཅོ་ལྔ་པ་མཉམ་རྗེས་ཟུང་འཇུག་ནི། ཟུང་འཇུག་གང་ལ་མཉམ་པར་བཞག་པ་དང་མ་བཞག་པ་འདི་དག་གི་དབྱེ་བ་ཇི་ལྟ་བ་བཞིན་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་པ་སྟེ་རྗེས་ཐོབ་ཀྱི་དུས་ཀྱང་རྟག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་གཞོག་བཞིན་པ་དང༌། མཉམ་བཞག་གི་དུས་ཀྱང་ཇི་སྙེད་པའི་ཆོས་རྣམས་ཤེས་ཤིང༌། དགའ་བས་རོལ་པ་དང་སེམས་ཅན་གྱི་དོན་སྤྱོད་པའི་ཕྱིར་རོ། །རྡོ་རྗེ་འཕྲེང་བ་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དངོས་བདག་ཀུན་ལ་རྣམ་


TNT05_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོལ། །སངས་རྒྱས་མཛད་པ་བྱེད་བཞིན་དུ། །གཏན་ལ་ཕབ་པའི་གཞི་ལ་གནས༌། །བཅུ་དྲུག་པ་དངོས་པོ་དངོས་མེད་ཟུང་འཇུག་ནི། ཡུལ་ལྔ་དབང་ལྔ་སོགས་བེམ་ཆོས་དང༌།སེམས་སེམས་བྱུང་སོགས་རིག་པ་སྟེ་དངོས་པོ་རྣམས་ནི་ནམ་ཡང་མ་གྲུབ་ལ། ནམ་མཁའ་དང་དོན་སྤྱི་ལ་སོགས་པ་དངོས་པོ་མེད་པ་ནི། དེ་བས་ཀྱང་ཆེས་མེད་པའི་ཕྱིར་རོ། །དངོས་པོ་དངོས་མེད་ཀྱི་སྣང་བ་དང་རྣམ་རྟོག་རྣམས་སྤངས་པའི་རྣལ་འབྱོར་པ་ནི་ཟུང་འཇུག་ལ་གནས་པའོ། །བཅུ་བདུན་པ་དྲན་པ་དྲན་མིན་ཟུང་འཇུག་ནི། ཆོས་འདི་དང་འདི་མ་བརྗེད་པར་དྲན་ནོ་ཞེས་པ་དང༌། འདི་དྲན་པ་མ་ཡིན་ཏེ་བརྗེད་དོ་ཞེས་བྱ་བ་ལས་གྲོལ་ཞིང༌། རྩོལ་བས་དྲན་མི་དགོས་པར༌། རྟག་ཏུ་ཡེངས་པ་མེད་པར་ཡེ་ཤེས་འབྱུང་བའི་མཚན་ཉིད་ཅན། ཟུང་འཇུག་གི་རྣལ་འབྱོར་པ་ནི། རང་གཞན་གྱི་དོན་གྱི་བྱ་བ་ཐམས་ཅད་ལ་འབད་རྩོལ་མེད་ཀྱང་མ་འཁྲུགས་ཤིང་མ་འཛིངས་ལ་གང་ལ་གང་དགོས་དུས་ལས་མ་ཡོལ་བར་ཇི་ལྟར་འདོད་པ་བཞིན་སྤྱོད་དེ། འདི་ནི་ཟུང་འཇུག་གི་རིམ་པ་ལ་གནས་པའི་རྟགས་སོ། །མཉམ་རྗེས་ཟུང་འཇུག་དང་འབད་རྩོལ་མེད་པ་དངོས་ནི་ས་བརྒྱད་པ་ནས་ཡིན་ཀྱང་ཟུང་འཇུག་ཐོབ་ཙམ་ནས་རྗེས་མཐུན་པ་ཡོད་དོ། །བཅོ་བརྒྱད་པ་བདེ་སྟོང་ཟུང་འཇུག་ནི། ཡིད་ཀྱི་གཡོ་བ་སྤངས་ཤིང༌། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། ཆགས་པ་ལས་གྲོལ་བའི་སྟོང་ཉིད་ཡིན་ལ། སྒོ་གསུམ་གཅིག་ཏུ་འདྲེས་པ་དེ་བདེ་བ་ཆེན་པོའི་རང་


TNT05_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གྱུར་ཞིང་འདོད་པའི་ཡོན་ཏན་གྱི་དགའ་བས་ཁྱབ་པས་ཉོན་མོངས་ཅན་མིན་པའི་འདོད་ཆགས་ཆེན་པོའི་བདག་ཉིད་ཀྱི་ཕྱིར། ཆགས་མིན་ལས་གྲོལ་བ་སྟེ། བདེ་བར་གནས་པ་ཟུང་དུ་འཇུག་པའོ། །བཅུ་དགུ་པ་དངོས་པོ་དང་རྟག་པ་ཟུང་དུ་འཇུག་པ་ནི། མཆོག་གམ་རབ་ཏུ་གྱུར་བའི་དགའ་བ། ལྷན་ཅིག་སྐྱེས་པའི་བདེ་བ་ལས་གྲུབ་པའི་ལུས་ཏེ་ཞལ་ཕྱག་གཙོ་འཁོར་རྒྱན་དང་མཆོད་པ་གཞལ་མེད་ཁང་སོགས་དང་ལྡན་པ་ནི། བདེ་བ་མྱོང་བ་དང་རྣམ་པ་གསལ་བའི་ཕྱིར་དངོས་པོའི་རྗེས་སུ་མཐུན་པ་ཡིན་ལ། དེའི་ཕྱིར་མི་རྟག་གོ་སྙམ་ན་མ་ཡིན་ཏེ། འཁོར་བ་ཇི་སྲིད་པ་དེ་སྲིད་དུ་རྟག་ཏུ་གནས་ཤིང་མི་འཇིགས་པའི་རྟག་པ་ཡིན་པ་འདི་ནི་ཟུང་འཇུག་རྣམ་པར་བསྒོམ་པའི་མཚན་ཉིད་དེ་བསྒོམ་བྱ་ཟུང་འཇུག་ཡིན་པའོ། །ཉི་ཤུ་པ་བྱ་བྱེད་ཟུང་འཇུག་ནི། སྤྱིར་བྱ་བྱེད་ལས་གསུམ་ཐམས་ཅད་སྤངས་པ་ནི་ཡིན་ལ། ཁྱད་པར་དུ་བྱ་བ་འབྲས་བུ་དང༌། བྱེད་པ་ལམ་སྒོམ་པ་དག་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་དུ་གནས་པ། གང་ཞིག་རྣལ་འབྱོར་པས་ཤེས་པ་དེ་ཟུང་དུ་འཇུག་པར་བཤད་དོ། །དེ་ཡང་ལམ་ཞེས་བྱ་བ་འབྲས་བུའི་གནས་ཚུལ་ལ་བློ་གནས་པ་ཡིན་ན། བློ་དེ་ནི་ཀུན་རྫོབ་ཀྱི་འཆར་སྒོ་ཙམ་ཡིན་པས་འབྲས་བུ་ལས་ལོགས་སུ་མེད་པའི་ཕྱིར་ཟུང་འཇུག་ཅེས་བྱའོ། །ཉེར་གཅིག་པ་བསྐྱེད་རྫོགས་ཟུང་འཇུག་ནི། སྔོན་བསྐྱེད་པའི་རིམ་པ་ཞེས་བྱ་བ། མཚན་མ་དང་བཅས་པའི་ཏིང་ངེ་འཛིན་སྒོམ་


TNT05_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རིམ་པ་གཅིག་ཡིན་ལ། དེ་ནས་ཕྱིས་དེ་བཞིན་དུ་རྫོགས་པའི་རིམ་པ་ཞེས་བྱ་བ་མཚན་མ་མེད་པའི་ཏིང་ངེ་འཛིན་སྒོམ་པ་དེ་ནི་རིམ་པ་གཉིས་པ་དག་གོ །དེ་ནས་རིམ་པ་འདིར་ཟུང་འཇུག་གི་ཡེ་ཤེས་གང་དུ་རིམ་པ་གཉིས་པོ་དེ་དག་གཅིག་ཏུ་གྱུར་པ་དེ་ནི་ཟུང་དུ་འཇུག་པར་བཤད་དོ། །སྤྱིར་བསྐྱེད་རིམ་གྱི་གྲུབ་འབྲས་རྫོགས་རིམ་ཡིན་པས། རྫོགས་རིམ་གྱི་ཡེ་ཤེས་ལ་བསྐྱེད་རིམ་གྱི་རོ་བྲོ་བ་དང་ཞད་ཡོད་པས་རྫོགས་རིམ་གྱི་ཡེ་ཤེས་མཚན་ཉིད་ཚང་བ་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་ རོ། །དཔེར་ན་ཤར་ཕྱོགས་སུ་འབབ་པའི་གངྒ་འདི། ཡ་མུ་ན་ཡིན་ཞེས་མི་བརྗོད་ཀྱང་ཡ་མུ་ན་ཐམས་ཅད་དེ་ལ་ཞུགས་པའི་ཕྱིར་གངྒ་ཡ་མུ་ན་ཟུང་འཇུག་ཏུ་འཇོག་པ་བཞིན་ནོ། །སྐབས་འདིར་ཟུང་འཇུག་གི་རིམ་པ་ལ་གནས་པའི་རྣལ་འབྱོར་པས། རྒྱུད་སྡེ་མཆོག་རྣམས་ནས་གསུངས་བའི་བསྐྱེད་རིམ་དང་དེར་མ་ཟད་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་དུས་གསུམ་དུ་གཤེགས་པ་ཀུན་གྱིས་རྒྱུད་སྡེ་མཐའ་ཡས་པར་གསུངས་པའི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་དང་ཆོ་ག་ཅི་ཡོད་པ་ཐམས་ཅད་རྣལ་འབྱོར་འདིས་སྤྱོད་དེ། ཏིང་འཛིན་གསུམ་དང་ཡན་ལག་བཞི་ལ་སོགས་པའི་རྣམ་པ་ཐམས་ཅད་དངོས་སུ་བྱུང་ཡང་ངོ་བོ་རྫོགས་པའི་རིམ་པ་ཡེ་ཤེས་ཀྱི་སྐུ་འབའ་ཞིག་ཡིན་པས། བསྐྱེད་པའི་རྣམ་པ་ཅན་གྱི་རྫོགས་པ་ལ། བསྐྱེད་རྫོགས་གཅིག་ཏུ་གྱུར་པའམ་བསྐྱེད་རྫོགས་ཟུང་འཇུག་གི་མིང་བཏགས་སོ། །


TNT05_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ་རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང༌། ། རྣལ་འབྱོར་ཆེན་པོར་རང་ཉིད་འགྱུར། །རྡོ་རྗེ་ཅན་དང་མཁའ་འགྲོ་དང༌། །གང་ཡང་རྣལ་འབྱོར་དེ་རང་ཉིད། །ཅེས་གསུངས་སོ། །དེས་ན་བསྐྱེད་རིམ་དངོས་མ་ཡིན་ཀྱང༌། བསྐྱེད་རིམ་གྱི་རྣམ་པ་དང་ནུས་མཐུ་ཐམས་ཅད་ཚང་བའི་རྫོགས་རིམ་ལ་བསྐྱེད་རྫོགས་ཟུང་འཇུག་ཅེས་ཟེར་རོ། །ཟུང་འཇུག་གི་ཆོས་གཞན་མང་པོ་ལའང་དེས་རིགས་འགྲེ་སྟེ། འཁོར་བ་ཡང་ཡིན། མྱང་འདས་ཀྱང་ཡིན། ཉོན་མོངས་ཀྱང་ཡིན། རྣམ་བྱང་ཡང་ཡིན། ཞེས་མི་བྱ་སྟེ་དེ་དག་ཤིན་ཏུ་འགལ་བའི་ཕྱིར་རོ། །ཉེར་གཉིས་པ་དག་མ་དག་ཟུང་འཇུག་ནི། ཉོན་མོངས་པས་ཡོངས་སུ་དག་པའི་ལྷ་སྐུ་ཟུང་འཇུག་ཉིད་དང༌། འདིར་ནི་རིམ་པ་གསུམ་པའི་སྒྱུ་ལུས་ལྟ་བུ། མ་དག་པར་གྱུར་པའི་ལྷ་སྐུ་ཞེས་གྲགས་པ་དང༌། གཞན་ཡང་སངས་རྒྱས་ཀྱི་དེ་བཞིན་ཉིད་དག་པ་དང་འཁོར་བའི་དེ་བཞིན་ཉིད་མ་དག་པ་ཞེས་སོགས། སེམས་ཅན་རྣམས་ཀྱི་བློའི་སྣང་ཚུལ་ཙམ་མ་གཏོགས། གནས་ཚུལ་གྱི་རྡོ་རྗེའི་སྐུ་དང་དེ་བཞིན་ཉིད་ལ། གང་ཞིག་མ་དག་གི་དབྱེ་བས་མི་ཕྱེད་པར་རྟོགས་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པའོ། །ཉེར་གསུམ་པ་གཟུགས་ཅན་གཟུགས་མེད་དུ་ཟུང་འཇུག་ནི། གཟུགས་སྐུ་ནས་བརྩམས་ཏེ་འཁོར་བའི་བར་དུ། འདི་དག་གཟུགས་ཅན་ནོ་ཞེས་འཛིན་པ་དང་ནི། ཆོས་སྐུ་ནས་བརྩམས་ཏེ་དངོས་མེད་ཀྱི་བར་དུ་འདི་དག་གཟུགས་མེད་དོ་ཞེས་འཛིན་པའི་རྟོག་པ་གཉིས་པོ་སྤངས་པས་ན། གང་ཞིག་ཞི་


TNT05_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་བདེ་བ་དམ་པ་རྟོགས་པའི་རྣལ་འབྱོར་པ་དེ་ནི། བདེ་ཆེན་སྤྲོས་བྲལ་གྱི་ཕྱིར་གཟུགས་མེད་པ་ལྟར་ཡང་འཇོག་ལ། རྣམ་པ་ཐམས་ཅད་པའི་ཕྱིར་གཟུགས་དང་ལྡན་པ་ལྟར་ཡང་འཇོག་པས། དེ་ནི་དེ་གཉིས་ཟུང་དུ་འཇུག་པ་ཐོབ་པའོ། །འགྲེལ་པ་འགའ་ཞིག་ལས། འདི་དག་ཁ་སྦྱོར་སོགས་ཡན་ལག་བདུན་ལ་ཅི་རིགས་སྦྱར་མོད་ཀྱི། སྤྱིར་ཡན་ལག་བདུན་པོ་འདི་ཟུང་འཇུག་གི་ཡོན་ཏན་དག་གི་ནང་དུ་འདུས་པ་ནི་ངེས་པར་ཡིན་མོད་ཀྱི། འཕགས་སྐོར་གྱི་རྩ་བའི་གཞུང་འགྲེལ་རྣམས་སུ་ཡན་ལག་བདུན་གྱི་ཐ་སྙད་མ་མཛད་ལ། ཡན་ལག་བདུན་གྱི་ཐ་སྙད་འཇོག་པའི་རྩ་བ་ནི། ཡེ་ཤེས་ཞབས་ཀྱིས་མཛད་པའི་སྦྱོར་བ་བདུན་པ་ཡིན་ནོ་ཞེས་གྲག་གོ །དེ་ལྟར་ན་སྔ་མ་འགའ་ཞིག་ཚིགས་བཅད་རེ་རེ་དོན་ཚན་རེ་རེ་མཛད་ནས། ཟུང་འཇུག་གཉེར་གཅིག་ཅེས་ཟེར་ལ། ཁ་ཅིག་གིས་ཉེར་གསུམ་སོགས་ཀྱི་དབྱེ་བ་ཡང་བྱས་སོ། །དེ་ལྟར་ན་འདི་རྣམས་རེ་རེ་ནས་ཟུང་འཇུག་མི་འདྲ་བ་རེ་རེར་འཇོག་པ་མིན་ཏེ། ཟུང་འཇུག་གི་རིམ་པའི་ཡེ་ཤེས་ཆ་ཚང་གཅིག་ལ་མཚན་ཉིད་འདི་དག་ཐམས་ཅད་ཚང་བའི་དོན་ཡིན་པས། མཚན་ཉིད་ཀྱི་ཟུར་མགོ་ཉེར་གཅིག་གམ་ཉེར་གསུམ་ཡིན་ནོ། །འདི་རྣམས་མི་སློབ་པའི་ཡེ་ཤེས་ལ་ལྟ་ཅི་སྨོས། སློབ་པ་ལ་ཡང་ཚང་བའི་ཕྱིར་ཟུང་འཇུག་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་དོ། །གཉིས་པ་སློབ་པ་དང་མི་སློབ་པའི་དབྱེ་བ་མདོ་ཙམ་བསྟན་པ་ནི། དེ་ལྟར་གང་གནས་རྣལ་འབྱོར་བ། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེ་ནི་


TNT05_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་དེ་ཉིད་མཐོང༌། །སྣ་ཚོགས་འཛིན་ཞེས་བརྗོད་པ་ཡིན། །ཞེས་པ་སྟེ། དེ་ལྟར་ཟུང་འཇུག་གི་ཡོན་ཏན་གང་ལ་གནས་པའི་རྣལ་འབྱོར་པ་དེ་ནི་སློབ་པའི་ཟུང་འཇུག་གི་རིམ་པ་ལ་གནས་པ་ཡིན་ཏེ། དེ་ནི་ཟུང་འཇུག་གི་རིག་པའི་བརྟུལ་ཞུགས་ལ་སྤྱད་པས། ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་མཐར་ཐུག་པ་མཐོང་བས། མི་སློབ་པའི་ཟུང་འཇུག་ངོ་བོ་ཉིད་སྐུ་དང་ཆོས་སྐུ་གྲུབ་ལ། དེ་ནི་མཐར་ཐུག་གི་འོད་གསལ་ཡང་དག་པའི་མཐའ་མངོན་དུ་བྱས་པ་ཡིན་ཞིང༌། བདེ་ཆེན་མཐར་ཐུག་དེ་ཉིད་སྣ་ཚོགས་པ་འཁོར་འདས་ཐམས་ཅད་ཀྱི་རྣམ་པ་འཛིན་ཞེས། ལོངས་སྐུ་དང་སྤྲུལ་པའི་སྐུར་ཡང་བརྗོད་དེ་དག་པའི་སྒྱུ་ལུས་མཐར་ཐུག་པ་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྗོད་དོ། །དེ་ཁོ་ན་ཉིད་དེ་དང༌། སྣ་ཚོགས་འཛིན་དེ་ནི་མིང་འདོགས་ཐ་དད་མ་གཏོགས། ངོ་བོ་དབྱེ་བ་གཏན་ནས་མེད་པས་ཟུང་འཇུག་གོ །དེ་ཡང་ཇི་སྲིད་དུ་མཐར་ཐུག་གི་གནས་འདི་མ་ཐོབ་ཀྱི་བར་དུ་ཟུང་འཇུག་གི་དོན་གྱི་འོད་གསལ་དེ་བདེ་ཆེན་ལྷན་ཅིག་སྐྱེས་པ་མི་འགྱུར་བ་ཙམ་ཡིན་མོད་ཀྱི། ད་དུང་དཀར་དམར་རླུང་གསུམ་གྱི་ཆོས་ཤིན་ཏུ་ཕྲ་བ་ཡོད་པས་བདེ་བ་ལ་ཡང་འགྱུར་བའི་ཆ་ཤས་ཕྲ་མོ་ཡོད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་པ་ཡང་རྣམ་པ་ཤིན་ཏུ་མང་བར་ཡོད་པ་ཙམ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་རྣམ་པ་ཐམས་ཅད་འཛིན་པ་ནི་མ་ཡིན་ནོ། །མི་སློབ་པའི་ཟུང་


TNT05_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལ་ནི། དཀར་དམར་རླུང་གསུམ་གྱི་ཚོགས་པ་ཕྲ་མོ་ཡང་ཞིག་པས་བདེ་བ་ལ་འགྱུར་བའི་དྲི་མ་ཡང་མེད་དེ། དེའི་ཕྱིར་འཁོར་འདས་ཤེས་བྱ་ལ་སྲིད་ཚད་མ་ལུས་པའི་རྣམ་པ་ཡང་མ་ལུས་ཤིང་ལུས་པ་མེད་པ་གཅིག་ཅར་འཛིན་པ་ཡིན་ནོ། །གསུམ་པ་ཟུང་འཇུག་གི་རིམ་པའི་མཚན་གྱི་རྣམ་གྲངས་བཤད་པ་ནི། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བའི་རྒྱལ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་ གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། ། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡང༌། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །གཉིས་སུ་མེད་པར་དེ་བཤད་དོ། །སྒྲ་གང་སྐྱེ་མེད་ལ་སོགས་པ། ། གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་འདི་ཡི་ཚིག་ཡིན་ཏེ། །དེར་ནི་གཞན་དག་མེད་པར་བཤད། །གང་གའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་འདི་དག་ཉིད། །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་གྲུབ། །ཅེས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྱུ་མ་ལྟ་བུ་ཟད་མི་ཤེས་པས། སེམས་ཅན་རྣམས་བྱང་ཆུབ་ལ་འགོད་པའི་འཕྲིན་ལས་ཅན་ཡིན་པའི་ཕྱིར། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་དང་འཁོར་བའི་རྒྱ་མཚོ་ལས་རང་ཉིད་ཐར་ཞིང་གཞན་ཡང་སྒྲོལ་བར་མཛད་པའི་ཕྱིར། དེའི་ཕ་རོལ་ཏུ་སོན་པ་དང༌། གདོན་མི་ཟ་བར་བྱེད་


TNT05_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་རྒྱུའི་བྱ་བ་སྤང་བྱ་སྤངས་པ་དང༌། ཐོབ་བྱ་ཐོབ་པར་བྱས་པའི་རྣལ་འབྱོར་ཅན་ཆེན་པོ་དང༌། བདེན་པ་གཉིས་ཀྱི་གནས་ཚུལ་དང་ཐབས་ཚུལ་མཁྱེན་པའི་སྒོ་ནས་གནས་པ་དང༌། གཟུང་འཛིན་ལ་སོགས་པ་གཉིས་ཆོས་མཐའ་དག་སྤངས་པས་གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་དེ་དང༌། སྲིད་པ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའང་ཡིན་ཞེས། སངས་རྒྱས་ཉིད་དང༌། རྡོ་རྗེ་སེམས་དཔའ་ཉིད་དང༌། དེ་བཞིན་དུ་དབང་ཕྱུག་བརྒྱད་དང་ལྡན་པའི་ཕྱིར་ཀུན་གྱི་དབང་ཕྱུག་ཀྱང་ཡིན་ནོ། །འདི་དག་གཙོ་བོར་མི་སློབ་པ་ལ་འཇུག་ཀྱང༌། ཕྱོགས་མཐུན་གྱི་སྒོ་ནས་སློབ་པའི་ཟུང་འཇུག་ལ་ཡང་སྦྱོར་རོ། །དེ་བཞིན་དུ་སྒྲིབ་པ་མ་ལུས་པར་འཇོམས་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ཡང་རྫོགས་པའི་རིམ་པ་དེ་ཁོ་ན་ཉིད་ལ་གནས་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཁྱེན་ཞིང༌། དག་པའི་སྒྱུ་ལུས་ཀྱི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། གཉིས་སུ་མེད་པ་སྟེ་ཟུང་འཇུག་ཉིད་དུ་ཡང་དེ་ལ་བཤད་ དོ། །འདིར་སྤྱོད་བསྡུས་ལས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་དང་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་དང༌། རང་བཞིན་གྱི་འོད་གསལ་བའི་བདག་ཉིད་ཅན་དང༌། ཞེས་པ་ནས། ཡེ་ཤེས་ཀྱི་སྐུ་དང་རང་བྱུང་ཞེས་པའི་བར་དུ་ཟུང་འཇུག་གི་མིང་གི་རྣམ་གྲངས་ལྔ་བཅུ་ང་བདུན་བཤད་དོ། །མིང་གི་རྣམ་གྲངས་གཞན་དུ་ཁ་འཕངས་པ་ནི། སྒྲའམ་མིང་གང་ཞིག་སྐྱེ་བ་མེད་པ་ལ་སོགས་པ། གཉིས་མེད་ཀྱི་ཡེ་


TNT05_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྟོན་པའི་མིང་གི་རྣམ་གྲངས་དང༌། ཚིག་རྣམས་ཟུང་འཇུག་འདིའི་མིང་དང༌། འདི་བརྗོད་བྱར་བསྟན་པའི་ཚིག་ཡིན་ཏེ། མདོར་ན་ཆོས་ཚུལ་དེ་དང་དེར་ནི་ཟུང་འཇུག་འདི་མ་ཡིན་པའི་བརྗོད་བྱ་གཞན་དག་མེད་པར་བཤད་དེ་ཐམས་ཅད་ཚུལ་འདི་རྟོགས་པའི་ཕྱིར་དུ་སྟོན་པས་སོ། ། སྐྱེ་མེད་ལ་སོགས་ཞེས་པ་ལ། སྤྱོད་བསྡུས་ལས། འོད་གསལ་བ་དང༌། ཐམས་ཅད་སྟོང་པ་དང་སངས་རྒྱས་ཀྱི་ཡེ་ཤེས་དང༌། རྡོ་རྗེ་ཡེ་ཤེས་ཞེས་པ་ནས། མཁྱེན་པ་གསུམ་དང་འཕགས་པ་གསུམ་གྱི་ཡུམ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ཞེས་པའི་བར་དུ། འོད་གསལ་གྱི་མིང་གི་རྣམ་གྲངས་དགུ་བཅུ་གོ་དྲུག་གསུངས་པ་ལྟ་བུ་སྟེ་ཟུང་འཇུག་ཐམས་ཅད་འོད་གསལ་གྱི་རང་བཞིན་ཡིན་པས། འོད་གསལ་གྱི་མིང་རྣམས་ཀྱང་ཟུང་འཇུག་གི་མིང་དུ་འགྱུར་རོ། །དེའི་འཕྲོས་དོན་ནི། གངྒའི་ཀླུང་གི་བྱེ་མའི་གྲངས་སྙེད་ཀྱི་སངས་རྒྱས་ནི་མཚོན་བྱེད་དེ། །དུས་གསུམ་གྱི་སངས་རྒྱས་གང་ཅི་ཡིན་པ་དེ་རྣམས་ཀྱིས་ཟུང་འཇུག་གི་རིམ་པ་འདི་དག་ཉིད་ཐུགས་སུ་ཆུད་དེ༌། ཡོད་པ་འཁོར་བའི་ཕྱོགས་དང༌། མེད་པ་ཆད་པའི་མྱ་འདས་ཀྱི་ཕྱོགས་སྤངས་པ། མི་གནས་པའི་མྱང་འདས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་བདག་ཉིད་དུ་གྲུབ་བོ། དེས་ན་ལམ་གྱི་ཟུང་འཇུག་མ་སྒོམས་པར་སངས་རྒྱས་མི་ཐོབ་པས། སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ནི་ཟུང་འཇུག་འདི་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱིས་ཟུང་འཇུག་འདི་བསྟན་ནོ། །


TNT05_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་གཅིག་པོ་འདི་ཡང་མི་སློབ་པའི་ཟུང་འཇུག་ཁོ་ན་སྟོན་བྱེད་དོ། །བཞི་པ་ཟུང་འཇུག་གི་རིམ་པའི་བརྟུལ་ཞུགས་ཀྱི་སྤྱོད་པའི་རྣམ་གཞག་བསྟན་པ་ནི། ཟུང་འཇུག་གོ་འཕང་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཆུང་མ་དེ་བཞིན་བུ་མོ་དང༌། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། ། ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་རིན་ཆེན་ཕུབ་མ་དང༌། །ཇི་ལྟར་ཆང་དང་དེ་བཞིན་གཅི། །ཇི་ལྟར་བཟའ་བ་དེ་བཞིན་བཤང། །ཇི་ལྟར་དྲི་བཟང་ག་བུར་དང༌།དེ་བཞིན་བཤང་ལས་བྱུང་བའི་དྲི། །ཇི་ལྟར་བསྟོད་པ་བྱེད་པའི་ཚིག ། དེ་བཞིན་དུ་ནི་སྨོད་པའི་ཚིག།དྲག་པོ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །ཇི་ལྟར་རྨི་ལམ་དེ་བཞིན་མཐོང༌། །ཇི་ལྟར་འཇིགས་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུག།ཇི་ལྟར་སྡང་བ་དེ་བཞིན་བུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། །དེ་ལྟར་ཤེས་ནས་ཡེ་ཤེས་ཅན། །དོགས་པ་མེད་པར་ཐམས་ཅད་བྱེད། །སྦས་པའི་རྣལ་འབྱོར་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་ཏེ། དེ་ལ་རིག་པའི་བརྟུལ་ཞུགས་ནི། །འབྲས་བུ་ལ་ཉེ་བར་སྦྱོར་བྱེད་ཡིན་པའི་ཕྱིར་མི་སློབ་པའི་ཟུང་འཇུག་གི་ཡན་ལག་མ་ཡིན་ལ། དེའི་ཕྱིར་ཟུང་འཇུག་གི་རིམ་པ་ཐོབ་པའི་རྣལ་འབྱོར་


TNT05_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཆེན་པོ་ལམ་ལ་སློབ་བཞིན་པ་དེ་ནི་མཉམ་བཞག་ཏུ་ཟུང་འཇུག་གི་ཡེ་ཤེས་བསྒོམས་པར་གྱུར་པས། རྗེས་ཐོབ་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་ཟུང་འཇུག་དེ་དང་གཉིས་སུ་མེད་པར་བྱའོ། །དེ་ཡང་ཇི་ལྟར་སྤྱོད་ན། ཟུང་འཇུག་གི་རིམ་པ་ཐོབ་པའི་རྣལ་འབྱོར་པ་དེ་རྩ་བའི་ལུས་ནི་ཟུང་འཇུག་གི་སྐུ་དེ་ཀ་ཡིན་ཞིང༌། དེ་ཡང་གཅིག་ཁོ་ན་མ་ཡིན་པ་སྐུ་རྣམ་པ་དུ་མར་འགྱུར་ལ་སྐུ་དེ་དག་རེ་རེ་ཡང་རང་གི་ཡེ་ཤེས་ཀྱི་རྣམ་འཕྲུལ་ལས་བྱུང་བའི་འཁོར་ཚོགས་དང་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ། དག་པའི་ཞིང་ཁམས་རྣམས་སུ་སྤྱོད་པར་བྱེད་ལ། སངས་རྒྱས་རྣམས་ལ་མཆོད་པ་དང༌། ཆོས་ཉན་པ་དང་དབང་བསྐུར་བ་ལེན་པ་དང་ལྷན་ཅིག་ཏུ་སྤྱོད་པ་རྣམས་ནི་རང་ཉིད་ཀྱི་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་བདེ་ཆེན་གྱི་ཡེ་ཤེས་སྤེལ་བའི་དོན་དུ་སྤྱོད་པ་རྣམ་པ་གསུམ་དུ་འབྲེལ་བས་སྒྲུབ་པར་བྱེད་དོ། །ཟུང་འཇུག་དེའི་སྤྲུལ་པ་ནི། མ་དག་པའི་ཞིང་རྣམས་སུ་གང་ལ་གང་འདུལ་གྱི་སྒོ་ནས་འགྲོ་བའི་དོན་སྤྱོད་པ་ཡིན་པས། སེམས་ཅན་གཞན་ངོར་སྤྱོད་པ་རྣམ་པ་གསུམ་པོ་སྤྱོད་པར་མ་ངེས་ཀྱང༌། དེ་དག་ཐམས་ཅད་རང་རྒྱུད་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཕེལ་བ་དང༌། སྣང་བ་ཐམས་ཅད་དེར་བསྡུ་བ་ཡིན་པས་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་རིག་པའི་བརྟུལ་ཞུགས་སྤྱོད་པ་དང་འབྲེལ་ཞིང༌། ཚོགས་ཁྱད་པར་ཅན་རྫོགས་པས་ཀྱང་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་གོང་འཕེལ་དུ་འགྱུར་རོ། །སྤྲུལ་པའི་ལུས་ཐམས་ཅད་ལ་ཡེ་ཤེས་ཀྱི་ལུས་དེ་ཁྱབ་ཅིང༌། ཐམས་ཅད་


TNT05_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོའི་སེམས་ཀྱིས་རིག་ཅིང་མྱོང་བའི་ཕྱིར། སྤྲུལ་ལུས་རྣམས་འདོད་ཡོན་ལ་རོལ་བས་ཀྱང་ཡེ་ཤེས་ཀྱི་སྐུའི་བདེ་ཆེན་འཕེལ་བའི་གྲོགས་བྱེད་དོ། །ཟུང་འཇུག་མ་ཐོབ་པར་གྱི་སྤྱོད་པ་ཡང༌། བདེ་སྡུག་རོ་སྙོམས་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དོན་མངོན་སུམ་དུ་མ་རྟོགས་པའི་ཕྱིར་འབད་རྩོལ་གྱི་སྙོམས་དགོས་ཤིང་ཆ་ཤས་ནས་མི་སྙོམས་པ་ཡང་མི་སྲིད་དོ། །འདིར་ནི་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་སོགས་གཏན་ནས་སྤངས་ཤིང༌། བཟང་ངན་བདེ་སྡུག་ཐམས་ཅད་མཉམ་ཉིད་གཅིག་ཏུ་འབད་རྩོལ་མེད་པར་རོ་སྙོམས་པའི་དབང་དུ་བྱས་ནས། བདག་ཉིད་དང་དགྲ་ནས། མནར་མེད་ནས་མཐོ་རིས་ཀྱི་བར་དུ་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་ཡང་མཉམ་ལ། བདེ་བ་ཆེན་པོར་ཡང་མཉམ། སྒྱུ་མའི་སྐུ་དེ་དག་ལ་བསྲེས་པས་དག་པའི་དཀྱིལ་འཁོར་དུ་ཤར་བར་ཡང་མཉམ། རང་གིས་དེ་དག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤཻལ་བར་ཡང་མཉམ། ཀུན་རྫོབ་ཏུ་ཡང་བཟང་ངན་ཉེ་རིང་གཙང་སྨེ་དགའ་སྡུག་རེ་དོགས་སོགས་མེད་པར་མཉམ་ཁད་དེ་སྤྱོད་པ་ནི། ཇི་ལྟར་བདག་ཉིད་གཅེས་པར་བྱེད་པ་དེ་བཞིན་དུ་དགྲ་ཡང་གཅེས་ལ། ཡང་ན་དགྲ་ལ་མི་གཅེས་པ་བཞིན་དུ་རང་ལ་ཡང་མི་གཅེས་པར་བྱའོ། །ཇི་ལྟར་ཆུང་མ་ལ་འཛེམ་བག་དང་བྲལ་བ་དེ་བཞིན་དུ་བུ་མོ་ལ་ཡང་ངོ་ཚ་སོགས་སྤངས་པ་དང༌། ཇི་ལྟར་སྨད་འཚོང་ལ་སྤྱོད་པ་བཞིན་དུ་མ་ཡང་བསྟེན་པ་དང༌། ཇི་ལྟར་བྲམ་ཟེ་ལ་གཙང་བར་སེམས་པ་དེ་བཞིན་དུ།


TNT05_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གདོལ་པ་ལ་ཡང་གཙང་བར་བྱེད་པ་དང༌། ཇི་ལྟར་རང་གི་ལྤགས་པ་ལ་གཅེས་པ་དེ་བཞིན་དུ་གོས་ཧྲུལ་ཡང་གཅེས་པ་དང༌། ཇི་ལྟར་ཕུབ་མ་རིན་ཐང་ཆུང་བ་བཞིན་དུ་རིན་པོ་ཆེ་ཡང་དེ་འདྲ་དང༌། ཇི་ལྟར་གཅི་བ་བཙོག་པར་བྱས་ཏེ་སྤོང་བ་བཞིན་དུ། ཆང་ལ་སོགས་པའི་བཏུང་བ་ཡང་དེ་དང་འདྲ་བ་དང༌། བཏུང་བྱ་མཆོག་ལ་དགའ་བ་བཞིན་དུ། དྲི་ཆུ་ཡང་བཏུང་བ་དང༌། ཇི་ལྟར་བཟའ་བ་མཆོག་དེ་བཞིན་དུ་བཤང་བ་ཡང་སྟེ་བཟའ་མཉམ་དང༌། ཡང་ན་མི་བཟའ་མཉམ་མོ། །ཇི་ལྟར་དྲི་བཟང་ག་བུར་ལ་སོགས་པ་དང༌། དེ་བཞིན་གཤེགས་པ་ལས་བྱུང་བའི་དྲི་ལ་སོགས་པ་དྲི་མ་རྣམས་ཀྱང་མཉམ་པར་བསྟེན་པའམ་ཡང་ན་མཉམ་པར་མི་བསྟེན་པ་དང༌། ཇི་ལྟར་བསྟོད་པར་བྱེད་པའི་ཚིག་ལ་དགའ་བ་དེ་བཞིན་དུ་སྨོད་པའི་ཚིག་ལ་ཡང་དགའ་བ་དང༌། ཇི་ལྟར་དྲག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ་བ་དེ་བཞིན་དུ། རྡོ་རྗེ་ཅན་སངས་རྒྱས་ལ་ཡང་ཕྱག་མི་འཚལ་བ་དང༌། རྡོ་རྗེ་ཅན་གྱི་སྐུ་གཟུགས་ལ་ཕྱག་འཚལ་ན་དེ་ལའང་འཚལ་བ་དང༌། ཇི་ལྟར་ཉིན་མོ་ལྟ་བ་དང་འགྲོ་འོང་ལ་སོགས་པའི་བྱ་བྱེད་བྱེད་པ་བཞིན་མཚན་མོ་ཡང་དེ་ལྟར་དང༌། མཚན་མོ་ཉལ་བ་ལྟར་ཉིན་མོ་ཡང་དེ་བཞིན་ཏེ། ཇི་ལྟར་རྨི་ལམ་མི་བདེན་པ་དེ་བཞིན་དུ་སད་དུས་སུ་མཐོང་བ་རྣམས་ཀྱང་དེ་འདྲ་ལ། ཇི་ལྟར་ཆོམ་རྐུམ་ལ་སོགས་པ་འཇིགས་པར་རྩི་བ་དེ་བཞིན་དུ། སྐྱབས་བྱེད་པའི་གནས་ཀྱང་སྟེ། ཡིད་རྟོན་མཉམ་དང་མི་རྟོན་མཉམ་མོ། །ཇི་ལྟར་བདེ་བ་འགགས་


TNT05_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འདོད་པ་དེ་བཞིན་དུ་སྡུག་བསྔལ་ཀྱང་ངོ༌། །ཇི་ལྟར་སྡང་བའི་དགྲ་དེ་བཞིན་དུ་བུ་ཡང་སྟེ། བྱམས་པར་སྐྱོང་བའམ་ཡང་ན་སྤོང་བར་མཉམ་པའོ། །དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་མི་འདོད་པ་དེ་བཞིན་དུ་མཐོ་རིས་ཀྱང་སྟེ། དེ་བཞིན་དུ་སྡིག་པ་དང་བསོད་ནམས་ཀྱང་སྤང་བྱར་མི་ཞེན་པར་ཡང་མཉམ་ལ་བླང་བྱར་མི་ཞེན་པར་ཡང་མཉམ་མོ། །དེ་ལྟར་ཤེས་ནས་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཅན་དེ། རེ་བ་དང་དོགས་པ་དང་འགྱོད་པ་མེད་པར་སེམས་ཅན་གྱི་དོན་དུ་ཐམས་ཅད་བྱེད་ཏེ་མི་བྱ་བ་ཅི་ཡང་མེད་དོ། །སྦས་པའི་བརྟུལ་ཞུགས་ཞེས་པ། ཨ་ཝ་ངྷུ་ཏི་གསང་སྤྱོད་སོགས་དོན་གཞན་ལ་འཇུག་པ་ཡོད་ཀྱང༌། སྐབས་འདིར་འདི་སྐད་ཅེས་བྱ་སྟེ། འགྲོ་བ་དྲུག་པོ་སུས་ཀྱང་འདིའི་རང་བཞིན་མི་རྟོགས་པའི་ཕྱིར། ཤིན་ཏུ་སྦས་པ་སྟ་བུར་གྱུར་པའི་བརྟུལ་ཞུགས་ཟུང་འཇུག་གི་སྤྱོད་པ་ཀུན་ནས་བསྒྲུབས་ན། མཐར་ཐུག་རྫོགས་པས་སངས་རྒྱས་ཉིད་དང༌། དེ་མ་ཐོབ་ཀྱི་བར་ཡང་ས་གོང་མ་གོང་མ་བགྲོད་ཅིང༌། ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་ཁྱད་པར་གྱི་བོགས་འབྱིན་སྤྱོད་པའི་རྣམ་གཞག་ཐུན་མོང་དུ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་སྔགས་ཀྱི་སྤྱོད་པ་ལ་དབྱེ་ན། ཐུན་མོངས་གི་སྤྱོད་པ་དང་རིག་པའི་བརྟུལ་ཞུགས་གཉིས་ཡོད་དོ། །སྔ་མ་ལ་དབྱེ་ན་ལས་དང་པོ་བའི་སྤྱོད་པ་འདོད་འཇུག་ཐུན་མོང་བ་དང༌། ཅུང་ཟད་ཡེ་ཤེས་སྐྱེས་པའི་སྤྱོད་པ་བསྟེན་སློབ་ཐུན་མོང་


TNT05_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །དང་པོ་ནི། སོ་སོའི་དམིགས་པ་དང༌། བློས་བཅོས་ནས་སྟོང་ཉིད་ཀྱིས་རྒྱས་འདེབས་བྱེད་མོད་ཀྱང་ཀུན་སློང་འདོད་པ་དང༌། དངོས་གཞི་འདོད་ཡོན་ལ་འཇུག་ཅིང་སྤྱོད་པ་གཉིས་ཀར་མི་རྟོག་པའི་ཡེ་ཤེས་དངོས་ལྟ་ཅི་སྨོས། རྗེས་མཐུན་པས་ཀྱང་མ་ཟིན་པའི་ཕྱིར་འདོད་པ་དང་འཇུག་པ་འཇིག་རྟེན་ཕལ་བ་དང་ཐུན་མོང་ངོ༌། །མཚན་ཉིད་དེ་འདྲ་དང་ལྡན་པའི་སྤྱོད་པ་དངོས་ནི། བསྐྱེད་རིམ་གྱི་རྗེས་སྤྱོད་རྣམས་ཏེ། སྤྱོད་ལམ་གྱི་རྣལ་འབྱོར་དང༌། རྗེས་ཆགས་ཀྱི་རྣལ་འབྱོར་དང༌། ཟས་གོས་ཀྱི་རྣལ་འབྱོར་དང༌། ཕྱག་དང་མཆོད་པ་དང་སཱ་ཚ་གདབ་པ་ལ་སོགས་པའོ། །དེ་ཡང་སོ་སོའི་དམིགས་པ་དང༌། སྟོང་ཉིད་རྒྱས་འདེབས་ནི་སྒོམ་བསམ་ཡིན་ལ། འཕྲལ་གྱི་སྤྱོད་པ་རྣམས་སྒོམ་བསམ་དེས་དུས་མཉམ་དུ་ཟིན་ཐུབ་ན་མཉམ་སྤྱོད་ཅེས་བྱ་ཞིང༌། དུས་མཉམ་དུ་མི་འབྱུང་བར་སྤྱོད་པའི་སྔ་ཕྱི་གང་རུང་ནས་སྒོམ་བསམ་གྱི་རྒྱས་འདེབས་དགོས་ན། རེས་འཇོག་གི་སྤྱོད་པ་ཞེས་ཟེར་རོ། །གཉིས་པ་ནི་དབྱེ་བ་གསུམ་སྟེ། སྤྲོས་བཅས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་བསྒོམས་པའི་གསལ་སྣང་ཐོབ་ནས། ཇི་ལྟར་མཐུན་པའི་འདོད་ཡོན་བསྟེན་པ། ལྷར་སྣང་ལ་སློབ་ཅིང་ལྷར་ཤེས་པའང་འབྱུང་བས། བསླབ་བྱ་གཅིག་རིམ་དང༌། ཤེས་བྱ་གཅིག་རིམ་སྟེ་འདི་ཡང་བསྐྱེད་རིམ་གྱིས་རྗེས་སྤྱོད་དོ། །དེ་ནས་སྤྲོས་མེད་ནི། རྣམ་རྟོག་གི་རྩོལ་བ་ཅུང་ཟད་ཡོད་ཀྱང༌། དངོས་སུ་རྟོག་པས་བརྟགས་པ་ལ་མ་བལྟོས་པར་ལྷར་སྣང་རང་ཤར་དུ་


TNT05_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཞིང༌། དེ་ཡང་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པས་འདོད་ཡོན་ལ་ལོངས་སྤྱོད་པ་སྟེ། ལྷ་དང་སེམས་སུ་ཤེས་པའི་བསླབ་བྱ་དང་ཤེས་བྱ་ཉིས་རིམ་མོ། །འདི་ནི་གཙོ་བོར་ལུས་དབེན་ངག་དབེན་གཉིས་ཀྱི་ཐུན་མཚམས་རྗེས་སྤྱོད་དོ། །ཤིན་ཏུ་སྤྲོས་མེད་ནི། སེམས་བདེ་སྟོང་གི་རང་སྣང་ཙམ་ལྷ་སྐུའི་སྣང་བར་རང་ཤར་བའི་སྒོ་ནས་འདོད་ཡོན་བསྟེན་པ་སྟེ། ལྷ་དང་སེམས་དང་སྒྱུ་མ་ལྟ་བུ་གསུམ་ལ་སློབ་པས། བསླབ་བྱ་དང་ཤེས་བྱ་གསུམ་རིམ་ཡིན་ན། འདི་སེམས་དབེན་གྱི་རྗེས་སྤྱོད་གཙོ་ཆེ་ལ། སྒྱུ་ལུས་དང་འོད་གསལ་གྱི་རིམ་པའི་སྐབས། རིག་པའི་བརྟུལ་ཞུགས་མི་བྱེད་པའི་ཚེ་འདི་འཇུག་པ་སྲིད་དོ། །གཉིས་པ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། རྩ་རྒྱུད་ལེའུ་དྲུག་པ་ལས། གཟུགས་དང་སྒྲ་དང་རོ་ལྡན་པ།།ཤེས་རབ་ཅན་གྱིས་ཟླ་དྲུག་སྒོམ། ཞེས་པ་ལ་སོགས་པ་དང༌། ལེའུ་བདུན་པའི་འགོ་ནས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། ། ཞེས་པ་ནས། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །ཞེས་པའི་བར་དང༌། ལེའུ་བཅོ་ལྔ་པའི་དབུ་ནས་ཀྱང༌། སྤྱོད་པ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་ཚུལ་མང་དུ་གསུངས་ཤིང༌། བཅུ་དྲུག་པའི་འཇུག་གི་ཆ་ནས། ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས། ཞེས་པ་མན་ཆད་དང་གཞན་ཡང་སྟོད་སྨད་ནས། ཐོར་བུ་ཅི་རིགས་པ་འབྱུང་ངོ༌། །རྒྱས་ཤིང་གསལ་བར་དཔལ་རྡོ་རྗེ་འཕྲེང་བ་ལས། ཇི་སྐད་དུ། དེ་ནས་རྡོ་རྗེ་སེམས་དཔས་གསུངས། །མཆོད་པའི་ཆོ་ག་བླ་ན་མེད། །


TNT05_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་མཉམ་པའི་རྣལ་འབྱོར་གྱིས། །ལུས་ལ་མཆོད་པའི་ཆོ་གའི་རིམ། །རྡོ་ཤིང་ས་དང་གསེར་གྱི་ནི། །སྐུ་གཟུགས་ལ་ནི་ཕྱག་མི་བྱ། །རབ་གནས་དཀྱིལ་འཁོར་སྤྱན་སྲེག་དག།དེ་ནས་ནམ་ཡང་མི་བྱའོ། །དྲི་ཆེན་རྡོར་ཆུ་དཀོན་མཆོག་སོགས། ། བདག་ཉིད་ལྔ་ནི་རྟག་ཏུ་མཆོད། །དེ་ཕྱིར་དེ་ལ་མངོན་ཞུགས་པའོ། །ཐུགས་ཀྱི་རྡོ་རྗེ་རང་ཉིད་གཙོ། །སེམས་དེ་ཡང་ནི་དེ་དངོས་མེད། །གང་ཕྱིར་སྟོང་ཉིད་མཚན་ཉིད་ནི། །སྟོང་ཉིད་ཀྱང་ནི་རྣམ་པ་མེད། །དེ་ཕྱིར་ཐམས་ཅད་ནམ་མཁའ་འདྲ། ། དེ་ལྟར་རྣམ་དག་རྣམ་ཤེས་ཀྱང༌། །རྩ་ནི་གསུམ་ལའང་མཆོད་པར་བྱ། །གང་ཕྱེས་སེམས་ཀྱི་རང་བཞིན་ཀུན། །སེམས་ལས་གཞན་པ་ཡོད་མ་ཡིན། །རང་ཉིད་རྡོ་རྗེ་སེམས་དཔའ་དང༌། །སེམས་ཀྱི་རང་བཞིན་ལ་ནི་གནས། །ལྷ་ཡི་གཟུགས་ནི་བླ་མེད་པ། །སེམས་མ་གཏོགས་པ་གཞན་ནི་མེད། །དེ་ཕྱིར་དེ་ལྟར་རྣམ་དཔྱོད་པ། ། རང་ལུས་གཅིག་པུ་རྟག་ཏུ་མཆེད། །རིགས་ལྔ་རྟག་ཏུ་རྟག་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག།འདོད་དང་མི་འདོད་དབྱེ་བ་དང༌། །བཏུང་དང་མི་བཏུང་རྣམ་པར་སྤངས། །རྣལ་འབྱོར་སྐལ་ཡོད་སྐལ་མེད་ཅེས། །ནམ་ཡང་སྨྲ་བར་མི་བྱའོ། །ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལའང་དབྱེ་བ་གསུམ། །གཟུགས་རྡོ་རྗེ་མ་བཀུག་ནས་སུ། །ས་སྙིང་ལ་ནི་དབུལ་བར་བྱ། ། ཡང་དག་གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལའང་དབྱེ་བ་གསུམ། །སྒྲ་རྡོ་རྗེ་མ་ཡང་དག་དགུག །ཕྱག་ན་རྡོ་རྗེ་ལ་ནི་དབུལ། །ག་པུར་ཨ་


TNT05_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཛ་ཏི་སོགས། །དེ་བཞིན་དྲི་ཡང་དབྱེ་བ་གསུམ། །དྲི་རྡོ་རྗེ་མ་ཡང་དག་དགུག།ནམ་མཁའི་སྙིང་པོ་ལ་ཡང་དབུལ། །འོ་བྱེད་པ་དང་འཇིབ་པ་དང༌། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རྡོ་རྗེ་རོ་མ་ཡང་དག་དགུག །འཇིག་རྟེན་དབང་ཕྱུག་ལ་ནི་དབུལ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །གོས་དང་འཁྱུད་པའི་དབྱེ་བ་གསུམ། །རེག་བྱ་རྡོ་རྗེ་ཡང་དག་དགུག།སྒྲིབ་སེལ་ལ་ནི་དབུལ་བར་བྱ། །ཕྱི་ཡི་ཆོས་རྣམས་འདི་དག་ཀུན། །བརྟགས་པ་དང་ནི་མ་བརྟགས་པའང༌། །ཆོས་དབྱིངས་རྡོ་རྗེ་ཡང་དག་དགུག།འཇམ་པའི་རྡོ་རྗེ་ལ་ནི་དབུལ། །དེ་བཞིན་ཕྱི་དང་ནང་དང་ནི། ། གཉིས་ཀ་ཡང་ནི་མི་དམིགས་པ། །གཟུགས་ལ་གསུམ་དུ་བྱས་ནས་ནི། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཡུལ་ནི་ལྔ་ནི་ངེས་གནས་ཏེ། །རྒྱུད་ལྔར་ངེས་པར་འབྱུང་བར་ནི། །རྨི་ལམ་རླུང་དང་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་ བྱེད། །དབང་པོ་གང་དང་གང་ལམ་གྱིས། །སྒྲུབ་པ་པོ་ཡི་ཡུལ་ཐོབ་བོ། དེ་དག་ཐམས་ཅད་ཐུགས་རྗེ་ཆེ། །མཉེས་པའི་ཕྱིར་ནི་འབུལ་བར་བྱ། །ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག།རྣམ་རྟོག་ཚུལ་གྱིས་ཡུལ་མིན་ཞིང༌། །དེ་ལྟར་གཏུམ་མོའི་མེ་ཡིས་ནི། །ངེས་པར་བསྲེགས་པ་དེ་ནི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །རྡོ་རྗེ་པདྨ་ཡང་དག་པར། །ཞུགས་པ་ལ་སོགས་རིམ་ལས་བྱུང༌། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་རྡོར་རྗེ་ལ་དབུལ་བར་བྱ། །ཡི་གེ་


TNT05_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བདེ་བ་ཆེན་པོ་ནམ་མཁར་གནས། །བྱང་ཆུབ་སེམས་ནི་གསང་བ་དང༌། །དེ་ཉིད་ཀྱིས་ཀྱང་བྱུགས་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བསྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་སྣོད་དུ་མཆོད་པར་བྱ། །དགོད་དང་སྒེག་དང་རྩེད་འཇོ་ནི། །སྣ་ཚོགས་ཀྱིས་ནི་སེམས་དགའ་བྱེད། ། རྣམ་པར་ཐར་པའི་སྒོ་དག་དང༌། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །ཞེས་གསུངས་ཏེ། འདི་ལ་མཆོད་པ་དང་བདག་ཉིད་མཆོད་པའི་མིང་གི་བཏགས་པས་མིང་གིས་བསྒྲིབས་ནས། སྔར་བོད་ཀྱི་གསང་འདུས་འཕགས་སྐོར་བ་སུས་ཀྱང་སྤྱོད་པའི་རྣམ་གཞག་སྟོན་བྱེད་ཡིན་པར་མ་གོ་སྟེ། ཚིག་རྣམས་མཆོད་འཕྲེང་ལ་སོགས་པར་ཁ་བཏོན་བྱེད་བཞིན་དུ། དོན་ལ་དཔྱད་པ་ཡེ་མ་ཞུགས་པར་སྣང་ ངོ༌། །དེ་ལ་རྡོ་ཤིང་སོགས་ཀྱིས་སྤྱོད་པའི་བསླབ་བྱ་དང༌། དྲི་ཆེན་སོགས་ཀྱིས་བཟའ་བའི་དམ་ཚིག་དང༌། ཐུགས་ཀྱི་རྡོ་རྗེ་སོགས་ཀྱིས་འོད་གསལ་གྱི་སྤྱོད་པའི་སྒོམ་བསམ་དང༌། གང་ཕྱིར་སེམས་ཀྱི་སོགས་སྒྱུ་ལུས་དང་ཟུང་འཇུག་གི་སྤྱོད་པའི་སྒོམ་བསམ་དང༌། རིགས་ལྔ་སོགས་ཀྱིས་རོ་མཉམ་པའི་སྤྱོད་པ་དང༌། ཕྱག་རྒྱའི་རྣམ་པ་སོགས་འདོད་ཡོན་སོ་སོ་ལ་སྤྱོད་ཚུལ་དང༌། དེ་བཞིན་ཕྱི་དང་སོགས་ཡེ་ཤེས་ལྔ་ལྡན་དང་སྣང་བ་གསུམ་གྱིས་


TNT05_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདེབས་ཏེ། འདོད་ཡོན་སྤྱོད་པ་ཐམས་ཅད་ཀྱི་ཐུན་མོང་གི་སྒོམ་བསམ་དང༌།ཡང་དག་དགའ་བའི་སོགས་དངོས་མངོན་བྱང་གི་སྐབས་དང༌། རྗེས་མཐུན་པ་དེའི་སྔ་རོལ་ནས་ཀྱང་འབྱུང་མོད། གང་ལྟར་ཡང་སྤྱོད་པ་སྤྱད་པ་ལས་དངོས་ཀྱི་འབྲས་བུ་ཡེ་ཤེས་སྐྱེ་ཚུལ་དང༌། དགོད་དང་སོགས་སྤྲོས་བཅས་དང༌། སྤྲོས་མེད་ཀྱི་བྱ་རྩོལ་རྣམས་རྒྱས་པར་བསྟན་ནོ། །སྤྱོད་པའི་ཡན་ལག་ཏུ་ངེས་པར་དགོས་པའི་བྱ་བ་མང་པོ་ཚོགས་འཁོར་གྱི་ལེའུ་ལས་ཀྱང་ཤེས་པར་བྱ་དགོས་སོ། །དེ་ལ་སྤྱོད་པའི་ངོ་བོ་ནི། ཨཱརྱ་དེ་བའི་བདག་བྱིན་བརླབ་པ་ལས། །ཆགས་དང་རྒྱགས་དང་སྲེད་པ་དང༌། ། དེ་བཞིན་བྱམས་དང་སྙིང་རྗེ་དང༌། །དགའ་དང་བཏང་སྙོམས་ཉིད་དང་ནི། ། སྟོབས་དང་དེ་བཞིན་སྤྲོ་བ་དང༌། །དཔའ་དང་མི་བསྲུན་གདུག་པ་དང༌། །དྲག་ཤུལ་དེ་བཞིན་དག་ལ་སྦྱོར། །སྣང་བའི་རང་བཞིན་གཞན་དག་ཀྱང༌། བདག་བྱིན་བརླབ་པའི་བདེ་བ་བསྡུ། །ཞེས་པ་དང༌། མྱ་ངན་འཇིགས་དང་ཆགས་བྲལ་དང༌། ཞེས་པ་ནས། རེག་བྱ་རྩུབ་སོགས་གང་འགྱུར་བ། །ཚུལ་དང་མི་མཐུན་རང་བཞིན་རྣམས། །སྒྱུ་མ་ལྟ་བུས་དག་པར་བྱ། །ཞེས་གསུངས་པ་ལྟར། ལྷར་སྣང་དང་བདེ་བའི་ཡེ་ཤེས་ཁྱད་པར་ཅན་ཤིན་ཏུ་བརྟན་པར་གྱུར་པ་དེ་འདོད་ཡོན་སྤྱི་དང༌། སྒོས་རིག་མའི་ཁ་སྦྱོར་གྱི་བདེ་བས། སྐད་ཅིག་སྐད་ཅིག་ལ་འཕེལ་བ་དེའི་སྟེང་དུ། བདེ་སྡུག་གི་རྐྱེན་ཐམས་ཅད་དང༌། དགེ་མི་དགེའི་རྣམ་རྟོག་དང་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ཐམས་ཅད་ཡང་ཡང་བསྐྱེད་ཅིང་ཡང་ཡང་


TNT05_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མཉམ་དུ་བསྲེ་བའོ། །དབྱེ་བ་ལ་སྤྱོད་པ་སྤྱོད་པའི་དུས་ཀྱི་སྒོ་ནས་དབྱེ་ན། བསྐྱེད་རིམ་ལ་བརྟན་པ་ཐོབ་པས་རིག་འཛིན་གྱི་དངོས་གྲུབ་སྒྲུབ་པའི་ཕྱིར་སྤྱོད་པ་དང༌། རྫོགས་རིམ་པས་སྤྱོད་པ་སྤྱོད་པ་ལ་སེམས་དབེན་པས་སྒྱུ་ལུས་སྒྲུབ་ཕྱིར་དུ་སྤྱོད་པ་དང༌། སྒྱུ་ལུས་ཀྱི་རིམ་པ་མཐར་འབྱིན་པའི་སྤྱོད་པ་དང༌། འོད་གསལ་གྱི་རིམ་པ་ཐོབ་པས་ཟུང་འཇུག་གི་ཕྱིར་དུ་སྤྱོད་པ་དང༌། ཟུང་འཇུག་ཐོབ་ནས་མཉམ་ཉིད་ཀྱི་སྤྱོད་པ་སྤྱོད་པའོ། །དེ་ལྟར་རྣམ་གྲངས་བཞི་ཡོད་ཀྱང༌། སྒྱུ་ལུས་ཀྱི་སྐུ་ཐོབ་པའི་ཕྱིར་དུ་སྤྱོད་པ་མཐའ་གཅིག་ཏུ་དགོས་པ་མིན་པས། ངེས་པར་དགོས་པ་ནི་ཕྱི་མ་གསུམ་པོ་ཡིན་ལ། དེ་དག་ཀྱང་ལམ་གཞན་དང་གཞན་གྱིས་བར་ཆོད་པ་མེད་པས། སྤྱིར་ནི་སྒྱུ་ལུས་ཐོབ་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ། རྟག་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གནས་དགོས་སོ། །དེ་ལ་བསྐྱེད་རིམ་པའི་སྤྱོད་པའི་སྒོམ་བསམ་ནི། མངོན་རྟོགས་རྒྱས་བསྡུས་གང་རུང་དང་མཐུན་པར་དཀྱིལ་འཁོར་སྒོམ་པ་དང༌། དབུ་མའི་ནང་གི་འབར་འཛག་གི་དགའ་བཞི་མེད་ཀྱང༌། སྤྱིར་ལས་རྒྱའམ་ཡེ་རྒྱ་གང་རུང་ལ་བརྟེན་ནས་ཐིག་ལེ་ཕྱིར་མི་འཕོ་ཞིང་རང་གནས་སུ་འཕོ་བའི་དགའ་བཞིའི་བདེ་བ་བརྟན་པོ་དང༌། སྟོང་པ་ལ་གསལ་སྣང་ཅི་རིགས་པ་ཐོབ་པའི་བདེ་སྟོང་གིས་རྒྱས་འདེབས་ལ་བརྟེན་ནས་ཆོས་བརྒྱད་མགོ་སྙོམས་པའོ། །རྫོགས་རིམ་གྱི་སྐབས་སུ་ནི། འོད་གསལ་བདེ་སྟོང་གི་ངང་ལས་དཀྱིལ་འཁོར་དང་མཆོད་པ་སྣ་ཚོགས་པར་བཞེངས་པ་ཡིན་གྱི། བསྐྱེད་ཆོག་དང་སྔགས་དང་


TNT05_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་བྱིན་རླབས་སོགས་དགོས་པ་ནི་མ་ཡིན་ཀྱང༌། རང་ཤར་གྱི་རྣམ་འགྱུར་ལ་དེ་དང་དེ་འབྱུང་བ་ཡང་མི་འགལ་ལོ། །བདེ་བ་ཡང་མི་ཤིགས་པའི་ཐིག་ལེ་ལ་རླུང་སེམས་ཐིམ་པའི་བདེ་བ་དང༌། ཞུ་བདེ་འགྱུར་མེད་དང་མི་འགྱུར་བའི་བདེ་བ་ཅི་རིགས་པ་དང༌། སྟོང་ཉིད་ཀྱང་ཉམས་མྱོང་ཙམ་གྱིས་རིག་པ་དང༌། མངོན་སུམ་གྱིས་རྟོགས་པ་ཅི་རིགས་པ་ དང༌། ལྷ་སྐུ་ཡང་རླུང་གི་མདངས་ཡིད་ངོར་ཤར་པ་དང༌། རླུང་སེམས་ཙམ་ལས་དངོས་སུ་གྲུབ་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའི་ཁྱད་པར་ནི་ཡོད་དོ། །འཕྲོས་དོན་གྱི་ཚུལ་དུ་མིག་སྨན་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་འབྲིང་ངམ་ཕྲ་མོ་ལ་སྤྱོད་པ་མི་དགོས་ཀྱང༌། བསྐྱེད་རྫོགས་ཀྱི་སྤྱོད་པ་གཉིས་ཀྱིས་དེ་དག་སྒྲུབ་ཏུ་ཡོད་པ་དང༌། བསྐྱེད་རིམ་གྱི་སྤྱོད་པས་དངོས་གྲུབ་ཆེན་པོ་དག་མ་གྲུབ་ན། ཐུགས་དམ་བསྐུལ་བ་དང༌། དེས་ཀྱང་མ་གྲུབ་ན། དྲག་ཤུལ་སྦྱོར་བ་བྱ་བ་དང༌། རྫོགས་རིམ་གྱི་སྤྱོད་པ་ལ་བརྟེན་ནས་ཀྱང༌། དྲག་ཤུལ་སྦྱོར་བ་བྱེད་པའི་སྐབས་ཡོད་པ་སོགས་ཞིབ་མོར་ཤེས་དགོས་སོ། །ཡང་སྤྱོད་པ་ལ་ངོ་བོའི་སྒོ་ནས་དབྱེ་ན་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་མོ། །དང་པོ་གཉིས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་འདྲ་ཞིང༌། དབྱེ་བའི་ཁྱད་པར་ནི། ཚོགས་ཀྱི་ཁང་པའི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་དང༌། ཚོགས་དཀྱིལ་གྱི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱང་ལྷའི་ཆས་འཇུག་ངེས་ཅན་དུ་བྱེད་པ་དང༌། མཆོད་པའི་སྐབས་སུ་གླུ་དང་རོལ་མོ་དང་སྟང་སྟབས་དང༌། ཕྱག་


TNT05_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དང་ཕྱག་རྒྱའི་ལན་དང༌། བརྡ་དང་བརྡའི་ལན་ལ་སོགས་པ་སྤྲོས་པ་དུ་མ་ཞིག་གོ་རིམ་དང་ཁྲིགས་ཆགས་སྣ་ཚོགས་པའི་སྒོ་ནས་སྤྱོད་པ་ནི། སྤྲོས་བཅས་ཀྱི་སྤྱོད་པའོ། །ཚོགས་ཁང་དང་གདན་ལ་སོགས་པའང་ཇི་ལྟར་འོས་པ་དང༌། ལྷའི་ཆས་སུ་འཇུག་པ་ཡང་ཅི་བདེ་བ་ལས་ངེས་པ་མེད་པ་དང༌། འདོད་པ་ལ་ཅི་དགར་རོལ་པ་ཁོ་ན་ལས། གླུ་གར་ལ་སོགས་པའི་སྤྱོད་པ་དང་ཆོ་གའི་ངེས་པ་དང་ཁྲིགས་ཆགས་སྤངས་པ་ནི། སྤྲོས་མེད་ཀྱི་སྤྱོད་པའོ། །སྤྱོད་པ་དེ་གཉིས་ལས། དང་པོར་རིག་མ་དང་མཉམ་པར་སྦྱོར་བའི་བདེ་སྟོང་བསྒོམ་ཞིང༌། དེའི་ངང་ནས་སོ་སོའི་སྐབས་དང་མཐུན་པའི་དཀྱིལ་འཁོར་དང་མཆོད་པ་རྣམས་བསྐྱེད། དེ་ནས་འདོད་ཡོན་སྣ་ཚོགས་ལ་རོལ་བ་དང༌། ཡང་ལས་རྒྱ་དང་མཉམ་པར་སྦྱོར་བའི་ལྷན་སྐྱེས་ཀྱི་བདེ་སྟོང་དུ་སྤྲོས་པ་ཐམས་ཅད་བསྡུས་ནས་མཉམ་པར་འཇོག་པ་གཉིས་སྤེལ་ཞིང་བསྒོམ་པ་ཡིན་ནོ། །སྤྲོས་བཅས་སྤྲོས་མེད་ཀྱི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་དངོས་པོ་ནི་རྟག་ཏུ་ཚོགས་ཀྱི་འཁོར་ལོའི་སྤྱོད་པ་ཡིན་ཞིང༌། དེའི་ཚོགས་ཀྱི་དཀྱིལ་འཁོར་ལ་ཡང་བོད་རྣམས་ཕལ་ཆེར་སྤྲོས་བཅས་ལ་ལྷ་གྲངས་དང་མཉམ་པ་ཁོ་ན་དང༌། སྤྲོས་མེད་ལ་རྒྱས་བསྡུས་གསུམ་ཡིན་ནོ་ཟེར་ཡང༌། གནས་ཁང་དང༌། ཆ་བྱད་དང་ཡོ་བྱད་དང་བྱ་རྩོལ་དང༌། ཆོ་གའི་སྒོ་ནས་སྤྲོས་བཅས་སྤྲོས་མེད་སོགས་སུ་དབྱེ་བ་ཡིན་གྱི། ལྷ་མང་ཉུང་གི་སྒོ་ནས་དབྱེ་བ་མེད་པས། སྤྱོད་བསྡུས་ལས་སྤྲོས་མེད་ཀྱི་སྐབས་གསུམ་དུ་ཕྱེ་བ་ནི་མཚོན་བྱེད་དེ།


TNT05_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བཅས་ལ་ཡང་དེ་དང་འདྲ་ཞིང༌། དེར་མ་ཟད་ལྷ་མང་ཉུང་གི་དབྱེ་བ་སྣ་ཚོགས་པར་འབྱུང་ངོ༌། །ཆོ་ག་སྤྲོས་བཅས་ཀྱི་སྤྱོད་པ་ལ་ཡང་དབྱེ་ན། ཇི་སྐད་དུ། ཉིན་རེ་འམ་ཟླ་བ་རེར་འམ། །དེ་བཞིན་ལོ་ནི་རེ་རེར་ཡང༌། །ཇི་བཞིན་ཆོ་གས་བྱིན་བརླབས་ནས། །སངས་རྒྱས་བདེ་མཆོག་གང་བྱའོ། །ཞེས་ཉིན་རེར་རྟག་ཏུ་སྤྱོད་པ་དང༌། །ཟླ་བ་རེ་རེར་ལན་རེ་ དང༌། །ལོ་རེ་ལ་ལན་རེ་སྤྱོད་པ་སྟེ། དུས་ཀྱི་དབྱེ་བ་གསུམ་ཡོད་པར་བཤད་ དོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། སྤྱོད་པ་དེ་ཉིད་ཀྱི་སྐབས་སུ་ལས་ཀྱི་ཕྱག་རྒྱ་སྤངས་པ་སྟེ། དེ་ཡང་ལུས་འཚོ་ངེས་པའི་ཡོ་བྱད་ལས་གཞན་མི་དགོས་པ་དང༌། སེམས་ཀྱི་སྣང་བ་ཙམ་གྱི་འདོད་ཡོན་ལ་སྤྱོད་པ་ཡིན་ན། དེ་ཡང་རྟོག་པ་དང་འབྲེལ་བའི་ཡིད་ཀྱི་ཕྱག་རྒྱ་ལ་རོལ་བ་དང༌། རྣམ་རྟོག་མེད་པ་སྒྱུ་ལུས་ཀྱི་ཕྱག་རྒྱ་ལ་རོལ་ཞིང་དཀྱིལ་འཁོར་སྤྲུལ་པ་དང་འདོད་ཡོན་ལ་རོལ་བ་དང༌། བདེ་བ་ཆེན་པོར་བསྡུ་བ་སོགས་རིམ་པ་རྣམས་གཞན་གཉིས་དང་འདྲ་ཡང༌། ཡིད་ཀྱི་རྣམ་རོལ་ཁོ་ན་ལ་ཤར་བ་ལས། གཞན་ལུས་ངག་གི་བྱ་བ་ཆེར་མེད་པ་དང༌། ཁྱད་པར་གཉིད་ཀྱི་འོད་གསལ་ལྷག་པོར་སྒོམ་པ་སྟེ། ཉིན་མཚན་རྟག་ཏུ་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བས་འོད་གསལ་གྱི་གཉིད་དྲངས་ཏེ། ཕུང་ཁམས་ཕྲ་རགས་ཐམས་ཅད་གཉིད་ཀྱི་འོད་གསལ་དུ་བཅུག་ནས། ཡུན་རིང་དུ་འོད་གསལ་བསྒོམས་ཤིང༌། ཡང་ལྡང་པའི་ཚེ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་དུ་སློབ་པར་བྱེད་པའོ། །ཡང་སྤྱོད་པ་བསྡུས་པའི་སྒྲོན་མེ་ལས་ནི། བརྟུལ་ཞུགས་ཀྱི་སྤྱོད་པ་ཟླ་བ་དྲུག་ཏུ་སྤྱད་ན། མཆོག་གི་དངོས་གྲུབ་དང་ཉེ་བའི་རྟགས་རྨི་ལམ་གྱི་


TNT05_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལ། རྩ་རྒྱུད་ལེའུ་བཅོ་ལྔ་པ་དྲངས་ཤིང༌། ཕྲ་ཡང་གི་ཡོན་ཏན་བརྒྱད་གསུངས་ན། འདི་སྤྱོད་པ་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། ཁ་ཅིག་ཟུང་འཇུག་གི་ཡིན་ཟེར་ཏེ། ཟུང་འཇུག་ཐོབ་ནས་ཕྲ་ཡང་གི་ཡོན་ཏན་བརྒྱད་དེ་སྡོད་སྒྲུབ་དགོས་པ་དང་འབྲས་བུའི་ཡིད་ཆེས་རྨི་ལམ་གྱི་རྟགས་ལ་རེ་བ་ནི་བཞད་གད་ཀྱི་གནས་ཡིན་ཞིང༌། མཆོག་གི་དངོས་གྲུབ་ནི་ཟུང་འཇུག་ཉིད་ཡིན་པས་དེ་ནི་ཤིན་ཏུ་མི་འཐད་དོ། །ཡང་ཁ་ཅིག་ཕྲ་ཡང་བརྒྱད་ཐོབ་པ་སློབ་པའི་ཟུང་འཇུག་ཡིན་པས། དེའི་སྤྱོད་པ་ཡང་འོད་གསལ་གྱི་རིམ་པའི་སྐབས་དེ་ཡིན་ནོ་ཟེར་ཏེ། སློབ་པའི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་བཤད་པའི་དོན་མ་རྟོགས་ཤིང་སྐྱོན་སྔ་མ་རྣམས་ཀྱང་ཅི་རིགས་པ་འཇུག་གོ །ཁ་ཅིག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པས་མཆོག་གི་དངོས་གྲུབ་ནི། རྫོགས་པའི་སངས་རྒྱས་ཁོ་ནའོ་སྐད་ན། འོ་ན་སློབ་པའི་ཟུང་འཇུག་གི་སྐུ་དེ། ཐུན་མོང་གི་དངོས་གྲུབ་ཡིན་ནམ། དངོས་གྲུབ་མ་ཡིན་པ་ཞིག།དང་པོ་ལྟར་ན། དེ་འདྲ་དེ་འཇིག་རྟེན་པ་སུ་དང་ཐུན་མོངས་ཡིན། གཉིས་པ་ལྟར་ན། སློབ་པའི་ཟུང་འཇུག་ཐོབ་པ་དེ། དངོས་གྲུབ་ཐོབ་པ་མ་ཡིན་པར་འགྱུར་བས། གྲུབ་ཐོབ་ཀྱི་མཚན་གཞི་རྙེད་པར་དཀའ་འོ། །ཞེས་ཀྱང་གོ་བར་བྱའོ། །དེས་ན་འདི་ནི་འཕྲོས་དོན་གྱི་ཚུལ་དུ་བསྐྱེད་རིམ་པ་གཙོ་བོ་དང༌། སྒྱུ་ལུས་ཀྱི་རིམ་པ་ལ་གནས་པ་ཁ་ཅིག་ཀྱང་སྟེ། བསྐྱེད་རིམ་པའི་སྤྱོད་པའི་འབྲས་བུ། འདོད་གཟུགས་ཀྱི་རིག་འཛིན་གཉིས་ཕྲ་ཡང་བརྒྱད་ལྡན་དངོས་ཡིན་ཞིང༌། བསྐྱེད་


TNT05_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལ་གནས་པའི་གང་ཟག་རྨི་ལམ་གྱི་ལྟས་ལས་ངེས་ཤེས་སྐྱེད་པའང་འཐད་ལ། དངོས་གྲུབ་དེ་གཉིས་ཀྱང་མཆོག་ལ་ཉེ་བའི་ལྟས་ཡིན་ཏེ། དེ་ཐོབ་ནས་དེ་ཡང་འགྲུབ་པར་སླ་བའི་ཕྱིར་རོ། །སྒྱུ་ལུས་ཐོབ་མ་ཐག་ནས་སྤྱོད་པ་མ་སྤྱད་ཀྱང༌། སྒྱུ་ལུས་ཀྱི་རིམ་པ་མཐར་མི་ཕྱིན་པ་མ་ཡིན་ལ། དེ་ནས་འོད་གསལ་གྱི་རིམ་པར་འཕོ་བ་ལ་ནི་སྤྱོད་པ་ངེས་པར་དགོས་སོ། །དེ་ནས་ཟུང་འཇུག་སྒྲུབ་པ་ལ་ཡང་མེད་ཐབས་མེད་དོ། །དེ་འདྲ་དེས་སྒྱུ་ལུས་ཀྱི་རིམ་པའི་སྐབས་སུ་སྤྱོད་པ་མ་སྤྱད་དེ། འོད་གསལ་གྱི་རིམ་པ་སྒྲུབ་པ་ནས་བརྩམས་ཏེ་སྤྱོད་པ་སྤྱད་ན། ནམ་མཐོང་ལམ་ཐོབ་པའི་ཚེ་རྣམ་སྨིན་གྱི་ལུས་ཡེ་ཤེས་སུ་གནས་འགྱུར་བ་དེ་མ་གཏོགས། དེ་གོང་དུ་རིག་འཛིན་གྱི་ལུས་སུ་མི་འགྱུར་ལ། སྒྱུ་ལུས་ཐོབ་མ་ཐག་པས་ནས་སྤྱོད་པ་རྟག་ཏུ་སྤྱད་ན་ནི། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པ་དང་ལྷན་ཅིག་ཏུ་ཕྲ་ཡང་གི་ཡོན་ཏན་བརྒྱད་དང་ལྡན་པའི་ལུས་སུ་འགྱུར་བ་ཡང་ཡིན་ནོ། །སྒྱུ་ལུས་ཀྱི་རིམ་པ་ལ་གནས་པ་འདི་ནི། རྣམ་སྨིན་གྱི་ལུས་རགས་པ་དང་བཅས་པའི་ཕྱིར། དེ་ཡོན་ཏན་བརྒྱད་ལྡན་དུ་གནས་འགྱུར་བ་ཡང་འོས་ཤིང༌། གལ་ཏེ་ཐོབ་ན་ལེགས་པ་ཐོབ་པ་ཡང་ཡིན་ལ། རྨི་ལམ་སྒྱུ་ལུས་ལྷག་པར་བསྒོམ་པའི་ཕྱིར། རྨི་ལམ་གྱི་ལྟས་འབྱུང་བ་ཡང་འཐད་པ་ཡིན་ནོ། །དེ་ནི་རྫོགས་རིམ་ལ་བརྟེན་ནས་ཆེད་དུ་བྱས་པ་མཆོག་བསྒྲུབས་པས། ཞོར་ལ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་ལ། དེ་ནས་འོད་གསལ་གྱི་སྤྱོད་པ་སྤྱད་པས་འཇིག་རྟེན་པའི་རིག་འཛིན་གྱི་ལུས་དེ་ཡང་གནས་


TNT05_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་ཟུང་འཇུག་གི་སྐུར་འགྱུར་རོ། །དེ་ལྟར་ཡང༌། རྗེ་བཙུན་གྱི་ཞལ་ནས། གྲུབ་པའི་ཁྱད་པར་འགའ་དང་བརྩོན་ལྡན་མིན་ཡང་རང་བཞིན་ལྷན་ཅིག་སྐྱེས་པས་ལུས་གཞན་ངེས་པར་བསྒྱུར། ཞེས་གསུངས་སོ། །འོ་ན་རྒྱུད་ཕྱི་མ་ལས། མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་མལ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་གྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཞེས་གསུངས་པ་མ་ཡིན་ནམ། སློབ་པའི་ཟུང་འཇུག་མཆོག་གི་དངོས་གྲུབ་ག་ལ་ཡིན་སྙམ་ན། སངས་རྒྱས་ཉིད་དང༌། དབང་ཕྱུག་བརྒྱད་ལྡན་ཅེས་པ་ནི་སློབ་པའི་ཟུང་འཇུག་ཡན་ཆད་ཀྱི་སྤྱི་མིང་ཡིན་པ་གོ་དགོས་སོ། །སྐབས་འདིར་ཡོན་ཏན་བརྒྱད་ནི། །གཟུགས་ཕྲ་བ་དང་རེག་པ་ཡང༌། ཁྱབ་དང་ཡང་དག་ཐོབ་པ་ ཉིད། །རབ་ཏུ་གསལ་བ་ཉིད་བསྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །ཞེས་པ་སྟེ། འདི་ལ་ཕྱིས་ཀྱི་རྣམས། ཤེས་རབ་སྒྲོན་མེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བྱས་པ་ཁུངས་སུ་བཞག་ནས། སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པས་ཕྲ་བ་དང༌། སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་བྱེད་པས་ཡང་བ་དང༌། གཉིས་ཀ་སྐྱེ་འཇིག་བྱེད་པས་བདག་པོ་སྟེ། ཡང་དག་ཐོབ་པའོ། །དེ་རྣམས་རྣལ་འབྱོར་བས་སྤྲུལ་པ་དང༌། སྡུད་པར་ནུས་པའི་དོན་ཡིན་ཟེར། གང་བསམ་སར་ཕྱིན་པས་གང་ཡང་ཁྱབ་པ། གཟི་བརྗིད་དཔག་ཏུ་མེད་པས་གཞན་ཟིལ་གྱི་ནོན་ནས་འབྱུང་པོ་ཀུན་གྱིས་མཆོད་པ་ནི་རབ་གསལ། གང་ཐོབ་


TNT05_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་པ་དེ་ཐོབ་ཐུབ་པ་ནི་དགའ་མགུར་གནས་པ་སྟེ་བརྟན་པ། ཚར་བཅད་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པ། ཡོན་ཏན་ལ་འདོད་དགུར་བསྒྱུར་བ་ནི། འདོད་དགུར་ལྡན་པ་སྟེ། གོང་མ་རྣམས་ཀྱིས་གཞན་དུ་བཤད་པ་ནི་འགྲེལ་བཤད་འདི་མ་མཐོང་བའི་སྐྱོན་ནོ་གསུང༌། ཁོ་བོས་བརྟགས་ན་ནི། གོང་མ་རྣམས་ཀྱི་ལུགས་སྐྱོན་མིན་ཞིང༌། འདི་ཉིད་སྐྱོན་ཡོན་ཏེ་འགྲེལ་བཤད་དེར། བྱེད་པ་པོ་འདོད་པའི་མུ་སྟེགས་ཀྱི་ལུགས་དྲངས་པའི་ཕྱིར་རོ། །དེས་ན་གང་ལ་ཡང་ཐོགས་མེད་དུ་འཇུག་པའི་ལུས་ནི་ཕྲ་བ་དང༌། འབྱུང་བཞིའི་གནོད་པས་བཅད་པ་དང་འཇིག་ཏུ་མེད་ཅིང༌། ནམ་མཁའ་ལ་མཉམ་པར་འགྲོ་བའི་ཕྱིར་ཡང་བ་དང༌། ལུས་མང་པོས་ཡུལ་ཕྱོགས་མང་པོར་གཅིག་ཅར་དོན་ནུས་པའི་ཕྱིར་ཁྱབ་པ་དང༌། སྣང་བ་རགས་པ་སྒྱུ་མ་ལྟར་ཤར་བའི་ཏིང་ངེ་འཛིན་ཤུགས་ལ་འབྱུང་བའི་ཕྱིར་ཡང་དག་ཐོབ་པ་དང༌། རྫུ་འཕྲུལ་གཞན་ལ་སྟོན་ནུས་པའི་ཕྱིར་རབ་ཏུ་སྣང་བ་དང་འཇིགས་པ་དང་བག་ཚ་བ་མེད་པའི་ཕྱིར་བརྟན་པ་དང༌། སྐབས་བབ་ཀྱི་རང་གི་འདོད་དོན་སྒྲུབ་པ་གཞན་ལ་རག་མ་ལུས་པའི་ཕྱིར་དབང་དུ་གྱུར་པ་དང༌། ལས་དང་དངོས་གྲུབ་མང་པོ་བསམ་པ་ཙམ་གྱིས་འགྲུབ་པའི་ཕྱིར་འདོད་དགུར་བསྒྱུར་བའོ། །སྤྱོད་པའི་རྣམ་གཞག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །ད་ནི་སློབ་པའི་ཟུང་འཇུག་གི་ས་བཅུའི་རྣམ་གཞག་མདོ་ཙམ་བཤད་པར་བྱ་སྟེ། དེ་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ལ་ས་བཅུ་པོ་གང་ཞེ་ན། རབ་


TNT05_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བ་ཞེས་བྱ་བའི་ས་དང༌། དྲི་མ་མེད་པ་ཞེས་བྱ་བ་དང༌། འོད་བྱེད་པ་ཞེས་བྱ་བ་དང༌། འོད་འཕྲོ་བ་ཞེས་བྱ་བ་དང༌། སྦྱང་དཀའ་བ་ཞེས་བྱ་བ་དང༌། མངོན་དུ་གྱུར་པ་ཞེས་བྱ་བ་དང༌། རིང་དུ་སོང་བ་ཞེས་བྱ་བ་དང༌། མི་གཡོ་བ་ཞེས་བྱ་བ་དང༌། ལེགས་པའི་བློ་གྲོས་ཞེས་བྱ་བ་དང༌། ཆོས་ཀྱི་སྤྲིན་ཞེས་བྱ་བ་དང༌། ས་ཐམས་ཅད་དོན་གཅིག་སྟེ་འདི་ལྟར་ཡེ་ཤེས་ཀྱི་དོན་ཏོ། །ཡེ་ཤེས་ཀྱང་ཅི་ཡང་མེད་པ། ཉོན་མོངས་པ་མེད་པ། ཡི་གེ་མེད་པ། དོན་ཡོད་པ། གདོད་མ་ནས་དག་པ། དྲི་མ་མེད་པ། འོད་གསལ་བ། བརྗོད་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་ཏེ། དེ་ལ་ས་རྣམས་ཐམས་ཅད་ཡེ་ཤེས་ཡིན་ལ། དེ་ཡང་གདོད་མའི་གནས་ལུགས་རྟོགས་ཚུལ་ཡིན་པས། རྟོགས་བྱ་གནས་ལུགས་དེ་ནི་གཟུང་འཛིན་གྱི་སྤྲོས་པ་ཅི་ཡང་མེད་པ། རང་གི་ངོ་བོ་རྣམ་པ་ཐམས་ཅད་པར་འཆར་བའི་འོད་གསལ་བ། གནས་ལུགས་མི་འགྱུར་བའི་ཚུལ་གྱིས་རྟག་ཏུ་གནས་པས་དོན་ཡོད་བ། དེ་ཉིད་ལ་རང་ངོས་ནས་གློ་བུར་གྱི་དྲི་མ་གང་གིས་ཀྱང་གོས་མ་མྱོང་བས་གདོད་ནས་དག་པ་ཡིན་ལ། དེ་ལ་རྣལ་འབྱོར་པའི་ཤེས་པ་ཉོན་མོངས་མེད་པའི་མཚན་ཉིད་ཅན་གྱིས་དེ་རྟོགས་ནས་དེ་དང་རྣམ་པ་མཐུན་པར་ཤར་བའི་ལམ་གྱི་ཡེ་ཤེས་ནི། ཆོས་དགེ་བ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་ས་ཞེས་བྱའོ། །རབ་ཏུ་དགའ་བ་ལ་སོགས་པའི་མཚན་ཉིད་སྤྱི་རྣམས་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ནས་བཤད་པ་བཞིན་ཡིན་པས་འདིར་རེ་ཞིག་མ་བཤད་དོ། །ཐུན་མོང་མ་ཡིན་པའི་དོན་ནི་འདི་ཡིན་ཏེ། ཞུ་བདེ་


TNT05_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་གནས་གྱུར་པའི་རང་བཞིན་ལྷན་ཅིག་སྐྱེས་དགའ་ལ་གཙོ་བོར་སྤྱོད་པའི་ཕྱིར་རབ་ཏུ་དགའ་བའོ། །དེའི་སྟེང་དུ་རླུང་དང་རྣམ་རྟོག་གི་དྲི་མ་སྤངས་པ་ལ་གཙོ་བོར་སྤྱོད་པའི་ཕྱིར་དྲི་མ་མེད་པའོ། །ཐབས་ཀྱི་ཕྱོགས་ལས་རླུང་རྣམས་གནས་གྱུར་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་པའི་ཕྱིར་འོད་བྱེད་པའོ། །ཤེས་རབ་ཕྱོགས་ལས་རླུང་རྣམས་གནས་གྱུར་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་པའི་ཕྱིར་འོད་འཕྲོ་བའོ། །དབང་པོ་ཡུལ་བཅས་ཀྱི་རླུང་གནས་གྱུར་བའི་ཡེ་ཤེས་ཕྱི་རོལ་གྱི་རྐྱེན་གང་གིས་ཀྱང་ཐུབ་པ་དཀའ་བ་ལ་གཙོ་བོར་སྤྱོད་པའི་ཕྱིར་སྤྱད་དཀའ་བའོ། །རྩ་རྣམས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་གྱུར་པ་ལ་གཙོ་བོར་སྤྱོད་པའི་ཕྱིར་མངོན་དུ་གྱུར་པའོ། །ཉོན་མོངས་མེད་པའི་སྣང་བ་གསུམ་གྱི་དྲི་མ་ཡང་ཕྲ་མོ་ཙམ་ཞིག་མ་གཏོགས་སྤངས་བས་སྲིད་པ་ལས་ཐག་རིང་དུ་འཕགས་པའི་ཕྱིར་རིང་དུ་འཕགས་པའོ། །སྐུ་མི་གཡོ་བ་འཕོ་འགྱུར་མེད་པ་ལ་གཙོ་བོར་སྤྱོད་པའི་ཕྱིར་མི་གཡོ་བའི་སའོ། །གསུང་གདུལ་བྱ་སོ་སོའི་བསམ་པ་དང་མཚུངས་པར་ལེགས་པ་ཁོ་ནར་འགྱུར་བའི་ཆོས་སྟོན་པའི་བློ་གྲོས་དང་བཅས་པའི་ཕྱིར་ལེགས་པའི་བློ་གྲོས་སོ། །ཐུགས་མཁའ་ལྟར་ཡངས་པ་ལ་བདེ་བ་ཆེན་པོའི་སྤྲིན་གྱིས་ཁྱབ་ནས། ཤེས་བྱ་མཐའ་དག་ལ་འཇུག་པའི་ཡེ་ཤེས་ཀྱི་ཆར་འབེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཏེ། ས་ཕྱི་མ་གསུམ་པོ་འདིར། སྣང་བ་གསུམ་པོ་ཕྲ་མོ་དེ་ཡང་དག་ཚབས་ཤིན་ཏུ་ཆེ་བའི་རིམ་པ་དང་བསྟུན་ནས་སྐུ་


TNT05_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་སར་བཞག་གོ །རེ་ཞིག་ས་བཅུ་པའི་ཡོན་ཏན་དང༌། དེ་ཉིད་ཡེ་ཤེས་ཀྱི་ས་བཅུ་གཉིས་སུ་འཇོག་པ་ཡང་རྒྱུད་དེ་ལས། ཇི་སྐད་དུ། གཟུགས་རྣམས་ཀྱི་ནི་མཆོག་གཅིག་པུ། །ཏིང་ངེ་འཛིན་ལས་དབང་སྒྱུར་མ། །ཤེས་རབ་ཕ་རོལ་ཕྱིན་མཆོག་གཙོ། །ས་དང་ཕ་རོལ་ལ་ཕྱིན་པ་སྟོབས། །ཚངས་པའི་གནས་པ་ཆེན་པོ་བཞི། །དབང་ནི་མཆོག་ཏུ་འབར་བ་དང༌། །དྲན་པ་ཉེ་བར་གཞག་པ་བཞི། །དབང་པོ་རྣམས་དང་སྟོབས་རྣམས་དང༌། །རྗེས་དྲན་དྲུག་པོར་གྱུར་པ་གང༌། །བསྒོམ་པར་བྱ་བར་རབ་ཏུ་གནས། །དེ་ཉིད་བཅོམ་ལྡན་གཅིག་པུ་སྟེ། །བྱང་ཆུབ་ཡན་ལག་བདུན་བཏགས་པ། །མཐའ་གཅིག་ཡོངས་སུ་རྫོགས་པར་འགྱུར། །སུམ་ཅུ་རྩ་གཉིས་མཆོག་གི་མཚན། །འཇིག་རྟེན་འདས་པའི་ལམ་པོ་ཆེ། །འཕགས་ལམ་ཡན་ལག་བརྒྱད་བཏགས་པ། །སྟོབས་བཅུ་ཡི་ནི་བཅུ་པ་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཆེན་པོ། །རྣམ་པར་དབྱེ་བ་སུམ་ཅུ་བདུན། ། མཐར་གྱི་གནས་པའི་སྙོམས་འཇུག་ནི། །དགུ་ལ་གནས་པར་གྱུར་པ་དང༌། །བསྡུ་བའི་དངོས་པོ་ཆེན་པོ་བཞིས། །སེམས་ཅན་བསྡུ་བས་སྡུད་པ་དང༌། །སོ་སོ་ཡང་དག་རིག་པ་བཞི། །དེ་བཞིན་བསྲུང་བ་མི་མངའ་བར། །བསྐལ་པ་ཆེན་པོའི་མི་འཇིགས་པ། །མཆོག་ཏུ་གྱུར་པ་ཉིད་དང་ནི། །བསམ་གཏན་གཟུགས་མེད་བཞི་ཕྲག་གཉིས། །ཚད་མེད་པ་ཡང་དེ་བཞིན་ནོ། །བྱང་ཆུབ་ཀྱི་ནི་སྐྱེས་མཆོག་ གཙོ། །བདེན་པ་བཞི་ནི་སྟོན་པ་པོ། །ཉོན་མོངས་ཅན་


TNT05_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་མཐུན་ཕྱོགས། །ཟག་བཅས་ཟག་པ་མེད་པའི་མཆོག།དེ་ཉིད་བཅོམ་ལྡན་རྣམ་འབྱོར་ཏེ། །དབང་ཕྱུག་མཆོག་གི་དབང་ཕྱུག་དང༌། །སྐྱེ་དགུའི་བདག་པོ་སྐྱེ་དགུའི་མགོན། །མཆོག་གི་བདག་ཉིད་དབྱངས་བདག་པོ། །ཀུན་རྫོབ་བརྗོད་པ་ཐམས་ཅད་དང༌། །སྒྲ་རྣམས་ཀྱི་ནི་སྤྱོད་ཡུལ་འགྱུར། །བརྗོད་དུ་མེད་ཅིང་སྤྲོས་པ་བྲལ། །སྟོང་པ་མཁའ་མཉམ་མཚུངས་པ་མེད། །ཚིག་མཐའ་སྒྲ་ཡི་རྣམ་དགོད་པ། །འཇིག་རྟེན་ཐ་སྙད་ཚུལ་དུ་རྟོགས། །དེ་ཚེ་ལུས་སོགས་དབྱེ་བ་ཡིས། །ས་རྣམས་ཀྱི་ནི་ཡོངས་སུ་བཏགས། ། སྐུ་ནི་སྤྲུལ་པ་ཉིད་དུ་འགྱུར། །ལོངས་སྤྱོད་རྫོགས་པ་ཡང་དག་བརྙེས། །རྡོ་རྗེའི་སྐུ་དང་དེ་བཞིན་དུ། །ཡེ་ཤེས་སྐུ་སོགས་ཡོངས་སུ་བཏགས། །མཐའ་ཡས་སྐུ་དང་སྐུ་ཆེན་པོ། །རིན་ཆེན་སྐུ་ནི་འོད་བྱེད་པ། །པདྨའི་སྐུ་ནི་སྣང་བ་ཆེ། །ཐམས་ཅད་སྐུ་ནི་ལས་བཟང་བྱེད། །རྟོགས་པར་བྱ་བ་ལས་ཀྱི་སྐུ། །རྣམ་པ་གསུམ་དུའང་དབྱེ་བར་བྱ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་ཏུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ ལྡན། །གཉིས་པ་བདུད་རྩིའི་འོད་ཅེས་བྱ། །ཟླ་བའི་འོད་ནི་འོད་གསལ་བ། ། གསུམ་པ་ནམ་མཁའི་འོད་ཅེས་བྱ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། ། རྡོ་རྗེའི་འོད་མཐའ་གང་ཞིག་ས། །བཞི་པ་དེ་ནི་ཡིད་འོང་བ། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་ཡོངས་སུ་བསྒྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བར་ནི་རབ་ཏུ་


TNT05_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །དྲུག་པ་པདྨོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང༌། །རང་བཞིན་གྱིས་ནི་ཆོས་ཉིད་དག།བདག་གི་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་ས་ཞེས་བྱ། །སངས་རྒྱས་འཕྲིན་ལས་མཛད་པ་ཆེ། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །དཔེ་ནི་དེ་ལ་ཡོད་མ་ཡིན། །དགུ་པ་དཔེ་དང་བྲལ་ཞེས་བྱ། །དཔེ་རྣམས་ཐམས་ཅད་རབ་འཇུག་པ། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཀུན་མཁྱེན་ཉིད་ཅེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོར་བདག་རིག་པ། ། རྣལ་འབྱོར་ཡེ་ཤེས་ཡོངས་རྫོགས་ཉིད། །ས་ཆེན་པོ་ནི་འདི་དག་རྣམས། །སངས་རྒྱས་རྣམས་ཀྱི་དོན་དམ་དུ། །སངས་རྒྱས་དང་ནི་སངས་རྒྱས་ཆོས། །རྣལ་འབྱོར་ཡེ་ཤེས་གང་བརྗོད་པ། །ཐམས་ཅད་ཉིད་ནི་མཐའ་ཡས་མཆོག།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་གསུངས་ཏེ། འཇིག་རྟེན་ཐ་སྙད་ཚུལ་དུ་རྟོགས། ཞེས་པ་ཡན་ཆད་ས་བཅུ་པའི་ཡོན་ཏན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཕྱོགས་མཚུངས་སུ་ཐོབ་པའོ། །དེ་ཚེ་ཞེས་པ་མན་ཆད་སའི་དབྱེ་བ་སྟོན་པར་བཞེད་དེ། སྐུ་ནི་སྤྲུལ་བ་དང་ལོངས་སྐུ་གཉིས་ཡིན་ལ། དེ་གཉིས་ཀར་ཡང་སྐུ་བརྒྱད་དུ་སྟོན་ཏེ། དེ་ལ་ཡེ་ཤེས་ཀྱི་སྐུ་ནི་རྣམ་སྣང༌། མཐའ་ཡས་པའི་སྐུ་ནི་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་ཕོ་ཉ་ཕྱག་བརྙན་ལ་སོགས་པ་དང༌། སྐུ་ཆེན་པོ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའོ། །ཐམས་ཅད་སྐུ་ནི་ཁམས་གསུམ་ཀུན་ཏུ་


TNT05_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྣང་བར་བྱེད་པ་སྟེ། བཞི་པོ་དེ་རྣམས་ཀྱི་སྟེང་དུ། རྡོ་རྗེ་རིན་ཆེན་པདྨ་ལས་རྣམས་བསྣན་ནས། སྐུའི་དཀྱིལ་འཁོར་བརྒྱད་པོ་རེ་རེ་ཡང་སྐུ་གསུང་ཐུགས་རྡོ་རྗེའི་དབྱེ་བ་ཅན་ཡིན་ལ། ཐུགས་ཆོས་སྐུ་ནི་སྐུ་དེ་རྣམས་ཀྱི་གནས་ཏེ་ས་འོད་གསལ་ཡིན་ནོ། །དེ་ལ་མཆོད་པ་དག་པས། ཇི་སྙེད་པ་ཐམས་ཅད་མཁྱེན་པ་ནི་ཀུན་ཏུ་འོད་ཀྱི་སའོ། །སྣང་བ་དག་པས་བདེ་བའི་བདག་ཉིད་ཀྱི་ཕྱིར་བདུད་རྩིའི་འོད་དོ། །ཐོབ་པ་དག་པས་སྤྲོས་བྲལ་མཐར་ཐུག་པའི་ཕྱིར་ན་ནམ་མཁའི་འོད་དོ། །ཡིད་འོང་བདེ་བ་ཆེན་པོ་སྟེ་ནམ་ཡང་མི་འགྱུར་བའི་ཕྱིར་རྡོ་རྗེའི་འོད་དོ། །སངས་རྒྱས་རྣམས་ཀྱིས་ཡང་ཡང་དབང་བསྐུར་བའི་ཡེ་ཤེས་ལས་ཡོན་ཏན་འདོད་དགུ་འབྱུང་བའི་ཕྱིར་རིན་ཆེན་འོད་དོ། །འདོད་ཆགས་ཆེན་པོའི་བདེ་བར་རང་བཞིན་ཡིན་ཡང་བདག་གི་བ་མེད་ཅིང་ཡོངས་སུ་གཟུང་བས་མ་གོས་པས། པདྨ་ཆུས་མ་གས་པ་དང་འདྲ་བའི་ཕྱིར་པདྨའི་འོད་དོ། །སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་སྒྲུབ་པའི་ཕྱིར་ལས་ཀྱི་འོད་དོ། །རང་བཞིན་དཔེ་གང་གིས་ཀྱང་མི་མཚོན་ཞིང༌། ཉམས་སུ་མྱོང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར། དཔེ་མེད་པའི་སའོ། །དགུ་པ་དཔེ་དང་བྲལ་ཞེས་པ་འགྱུར་གྱི་སྐྱོན་ཏེ། སྔ་མ་དང་ཟློས་པར་གྱུར་པའི་ཕྱིར་རོ། །དེས་ན་ལྷག་པའི་དོན་དུ་བཤད་པར་བྱ་སྟེ། རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་ཕྱིར་དཔེ་ཐམས་ཅད་ཀྱི་ས་ཕྱོགས་རེ་ནས་མཚོན་དུ་རུང་བས་ན་དཔེ་ཐམས་ཅད་པའི་སའོ། །ཤེས་བྱ་ཐམས་ཅད་ཀྱི་ཆོས་ཉིད་མཁྱེན་པའི་ཕྱིར་ཤེས་རབ་འོད་ཀྱི་སའོ། །


TNT05_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་གསལ་བ་མཐར་ཐུག་པའི་འོད་གསལ་རང་གི་ངོ་བོ་ནི་ཐམས་ཅད་མཁྱེན་པ་པོ་ཡིན་པའི་ཕྱིར་ཀུན་མཁྱེན་གྱི་སའོ། །རྣམ་པ་ཐམས་ཅད་པ་དེ་ཡང་གཉིས་སྣང་གི་ཆོས་དང་བྲལ་བ། འགལ་འདུས་སྐྱོན་མེད་དུ་གྱུར་པ་དེ་ནི་གཞན་གྱིས་མཚོན་དུ་མེད་ཅིང་རང་ཉིད་ཁོ་ནས་རྟོགས་བྱ་ཡིན་པའི་ཕྱིར་རང་གིས་རིག་པའི་སའོ། །ས་བཅུ་པའི་ཡོན་ཏན་འདི་དང༌། ས་བཅུ་པ་ཉིད་ལས་བཅུ་གཉིས་སུ་ཕྱེ་བ་འདི་ དང༌། ས་ལ་གནས་པའི་སྐུའི་དཀྱིལ་འཁོར་བརྒྱད་པོ་འདི་རྣམས་ཀྱིས་ཡར་ལ་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་ཀྱང་མཚོན་ཞིང༌། མར་ལ་རབ་ཏུ་དགའ་བའི་བར་དུ་ཡོན་ཏན་རྗེས་མཐུན་པ་ཡང་ཤེས་པར་ནུས་སོ། །རྒྱུད་འདི་རབ་ཞི་བཤེས་གཉེན་གྱིས་ཡོ་ག་ཕྱི་བར་བཀྲལ་ཡང་རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་ལས་ནང་པར་བཤད་ཅིང་འདུས་པ་ལ་རྗེས་སུ་ཕྱོགས་པའོ། །ད་ནི་མི་སློབ་པའི་ཟུང་འཇུག་གི་རང་བཞིན་བཤད་པར་བྱ་སྟེ། དེ་ཡང༌། དགོངས་པ་ལུང་སྟོན་ལས་ཀྱང༌། དངོས་པོ་མེད་པའི་དེ་ཉིད་འདི། །རྟེན་འབྱུང་ཆོས་ཞེས་བྱ་བ་ཡིན། །ལོངས་སྤྱོད་རྫོགས་པ་བསྡུས་ཏེ་འགྱུར། །སྤྲུལ་པ་བསམ་མི་ཁྱབ་ཆོས་ཅན། །ཞེས་ཆོས་ཀྱི་སྐུ་སྟོང་པའི་ཡེ་ཤེས་དང༌། སྤྲུལ་སྐུ་རྣམ་པ་ཐམས་ཅད་པ་དང༌། ལོངས་སྐུ་དེ་གཉིས་ཟུང་འཇུག་ལ་ངོས་གཟུང་སྟེ་ཟུང་འཇུག་དེ་ནི་བདེ་ཆེན་ཉིད་དོ། །ཡང་རྡོ་རྗེ་འཕྲེང་བ་ལས། དངོས་དང་དངོས་མེད་ལས་གྲོལ་བདེ་བའི་བདག་ཉིད་འཁོར་བའི་སྡུག་བསྔལ་ལས་ནི་གྲོལ་


TNT05_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྟོགས། གཉིས་དང་གཉིས་མེད་རྣམ་དཔྱོད་རང་བཞིན་དང་བྲལ་བློ་ནི་ཞི་བའི་བདག་ཉིད་ཅན། ཉོན་མོངས་སྤྱོད་ཅིང་འཇིག་རྟེན་ཀུན་རྟོག་དང་ནི་བྲལ་བ་ཞེས་གསུངས་པ། ཤེས་དང་ཤེས་བྱའི་རྣམ་རྟོག་སྤངས་ཤིང་དབེན་པ་བདེན་པའི་རང་བཞིན་དང༌། མཐར་གྱུར་ཀུན་ཁྱབ་ཞི་བ་མཆོག་དང་མཆོག་རབ་དེ་ཉིད་ཞི་བ་བདེ་ལ་སྩོལ༌། ཞེས་གསུངས་ཏེ། འདིས་རང་དོན་གཞན་དོན་གཉིས་ཀར་བསྟན་ལ། དངོས་པོ་དངོས་མེད་གཉིས་ཀ་མ་ཡིན་པ་དང༌། རང་བཞིན་བདེ་བ་ཆེན་པོ་དང༌། བདེན་པར་གྲུབ་པ་ཡིན་པར་གསུངས་ཏེ། འདི་ནི་བདེ་བ་ཆེན་པོའི་སྐུ་ཡིན་ ནོ། །དེ་བཞིན་དུ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་འདི་སྐད་ཅེས། གང་དུ་ཡང་དག་མིན་ཞེས་བདེན་པ་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། ཆོས་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཐའ་དག་སྐད་ཀྱི་ཚོགས་སུའོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བ་ཡི་བདེ་བ་ཆོས་སྐུ་མ་ཡིན་དེ་ཡི་ཕྱིར། སྐུ་རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུ་བོས་ཀྱིས་ཀྱང་སྟེ། ཞེས་སྐུ་བཞིའི་བདག་ཉིད་ངོས་གཟུང་ཞིང༌། ཆོས་སྐུའི་སྐབས་སུ་དཀར་པོ་དགེ་བ་སྟེ་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱང་བདེན་གྲུབ་ཡིན་པར་གསུངས་སོ། །སྐུ་བཞིས་བསྟོད་པ་འདི་ནི་ད་ལྟ་ཕྱོགས་འདི་ནི་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ཀྱང༌། འདིར་བདེ་བར་གཤེགས་དང་ཞེས་འབྱུང་བས། སངས་རྒྱས་ཀྱི་


TNT05_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མདོ་སྡེའམ། རྒྱུད་སྡེ་ཞིག་གི་ནང་ནས་འབྱུང་བ་ཡིན་ནོ། །བསྟོད་པ་དེ་ཡང་འདི་ལྟར། གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་རྣམ་འགྱུར་མེད་པ་ཞི་ཞིང་མི་མཉམ་མཉམ་ལ་ཁྱབ་པར་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། ། གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡིས་འབྲས་བུ་བདག་ཉིད་འབྱོར་པ་ནི། །བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་འཁོར་གྱི་ནང་དུ་རྣམ་པ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང༌། །སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་སྒྲ་རྒྱ་ཆེན་འཇིག་རྟེན་ཐམས་ཅད་དུ་ནི་རབ་ཏུ་སྤྲོ་མཛད་པ། ། ལོངས་སྤྱོད་རྫོགས་སྐུ་འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ། གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བར་སྣང་བྱེད་ཅིང༌། །གང་ཞིག་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོ་ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བར་སྟོན། །སྲིད་པ་གསུམ་གྱི་འཇིག་པ་འཕྲོག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱི་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་


TNT05_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན། །དག་པ་ཞི་ཞིང་རྣམ་པར་དབེན་ལ་མཆོག་ཏུ་ཞུ་བའི་རང་བཞིན་རྣལ་འབྱོར་པ་ཡིས་རྟོགས་བྱ་ཉིད། ། རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་རང་དང་གཞན་ལ་ཕན་པ་ཁྱབ་པ་མཚན་མེད་རྣམ་རྟོག་དང༌། །བྲལ་བ་གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་ལུང་འདྲེན་པར་མཛད་དེ། ད་ལྟར་བོད་ཀྱི་དཔེ་ལ། ཀླུ་བོས་ཀྱིས་མཛད་པའི་སྐུ་གསུམ་གྱི་བསྟོད་པ་ཞེས་ཟེར་ཞིང༌། ཤོ་ལོ་ཀ་ཕྱི་མ་མེད་ལ། ཕྱི་མ་འདི་ད་ལྟ་མདོར་བྱས་ཀྱི་མཆོད་བརྗོད་ན་ཡོད་དོ། །འོན་ཀྱང་གོང་དུ་བཤད་པ་ལྟར་རྒྱལ་བའི་བཀའ་ལས་འབྱུང་བ། ཀླུ་བོས་ཀྱིས་ལོགས་སུ་ཕྱུང་བའི་དཔེ་དག་པ་རྣམས་ན་བཞི་ཀར་ཡོད་པར་གསལ་བས་སྐུ་བཞིའི་བསྟོད་པ་ཡིན་པར་བྱ་དགོས་ལ། ཕྱི་མ་འདིའི་དོན་ལ་བརྟགས་ན། སྔགས་ཀྱི་ཐུན་མོང་མ་ཡིན་པའི་བདེ་ཆེན་གྱི་བཤད་པ་གསལ་པོ་མི་འདུག་པས། འདི་ནི་མདོ་ལུགས་ཉིད་ཀྱི་དབང་དུ་བྱས་པ་ཞིག་སྟེ། དེས་ན་མདོའི་ཟབ་དོན་གྱི་སྐབས་འགའ་ཞིག་དུའང༌། ངོ་བོ་ཉིད་སྐུ་ལ་བདེ་ཆེན་གྱི་སྐུའི་རྣམ་གཞག་བྱེད་པ་ཞིག་ངེས་པར་ཡོད་སྣང་བས། ཡེ་ཤེས་ཆོས་སྐུ་སྤྲོས་བྲལ་གྱི་ལྡོག་ཆ་དང༌། ངོ་བོ་ཉིད་སྐུ་བདེ་ཆེན་གྱི་མཚན་ཉིད་དུ་གཞག་པ་འདི་ངོ་བོ་ཉིད་སྐུ་སྤངས་པ་ཙམ་དང༌། ཆོས་སྐུ་ཡེ་ཤེས་རྟོགས་པའི་ཆ་ནས་འཇོག་པའི་ཆོས་སྐད་ཁོ་ན་རྣ་བར་ཞེན་པའི་མཚན་ཉིད་པ་ཆེན་པོ་རྣམས་ཀྱི་བློ་བར་མ་ཆུད་ཅིང་ཆུད་པར་མི་


TNT05_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མོད། འོན་ཀྱང་ཆེན་པོ་དེ་དག་བག་ཡོད་པའི་ཚུལ་ལ་བརྟེན་ན་ལེགས་སོ། །དེས་ན་མཚན་མ་མེད་པའི་ཆོས་ཐུགས་སུ་ཆུད་པས། རང་གཞན་ཐམས་ཅད་ལ་ཕན་པའི་ཡོན་ཏན་དགེ་ཚོགས་ཀྱི་གཞིར་གྱུར་པ། ཆོས་སྐུ་དང༌། དགེ་ཚོགས་ཐམས་ཅད་ཀྱི་རང་གཟུགས་ཕུན་སུམ་ཚོགས་པའི་འབྱོར་པར་ཤར་ཞིང༌། གསུང་ཆོས་ཀྱི་སྒོ་སྣ་ཚོགས་པ་ལོངས་སྐུ་དང༌། འགྲོ་བ་རྣམས་ལ་གང་འདུལ་གྱི་སྐུ་མཐའ་མེད་པར་སྟོན་པ་སྤྲུལ་སྐུ་དང༌། ངོ་བོ་ཆོས་སྐུ་དེ་ཉིད་ཡིན་ཀྱང༌། མཚན་མ་མེད་པའི་སྒོ་ནས་མི་མཚོན་པར། ཕུན་སུམ་ཚོགས་པའི་བདེ་བ་ཆེན་པོར་གྱུར་པ་ནི་ངོ་བོ་ཉིད་སྐུ་ཡིན་ན། ཐེག་པ་འདིའི་ཐུན་མོང་མ་ཡིན་པའི་དོན་ནི། ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་དང༌། ལོངས་སྐུ་ལ་ཁ་སྦྱོར་ལ་སོགས་པའི་ཡོན་ཏན་དང༌། གསུང་ཆོས་སྒོ་སྣ་ཚོགས་འབྱུང་བ་ཡང་རླུང་དབུ་མར་ཐིམ་པའི་སྒྲ་ཡིན་པ་དང༌། ངོ་བོ་ཉིད་སྐུའི་བདེ་ཆེན་ཐིག་ལེ་འགྱུར་མེད་ཡིན་པ་དང༌། ཐིག་ལེ་འགྱུར་མེད་ཀྱི་བདེ་བ་དེ་སེམས་ཅན་ཀུན་ལ་ཁྱབ་ཅིང་སྤྲོ་བའི་ཚུལ་གྱིས། གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་ཐུགས་རྗེ་ནི། སྤྲུལ་སྐུའི་རྩ་བར་འགྱུར་པའི་རྣམ་གཞག་རྣམས་བསྣན་ན། སྔགས་ལུགས་ཀྱི་སྐུ་བཞིའི་རྣམ་གཞག་དཔྱིས་ཕྱིན་པར་འགྱུར་གྱི། གཞན་གནད་དང་བྲལ་བའི་བཤད་པ་མང་པོས། ངེས་ཤེས་དཔྱིས་ཕྱིན་པ་སྐྱེད་པར་ནུས་རེ་རྐན། ཁ་ཅིག་ནི་གསང་སྔགས་ལ་རང་བཟོའི་བླུན་གཏམ་ཁོ་ནས་བླུན་པོའི་ཚོགས་པ་མགོ་སྐོར་བར་བྱེད་ལ། དེ་དག་ཕལ་


TNT05_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྟོང་སྐད་ཀྱི་འུད་འཐག་པ་ཡིན་ཞིང༌། གཞན་དག་ནི། ལག་ལེན་དང་དམིགས་པ་ཕྲ་མོ་རེ་མཐར་ཐུག་འགངས་ཆེན་པོ་རེར་བསྒོམ་པས་ཟབ་དོན་ཉམས་སྨད་པར་བྱེད་ལ། ལ་ལ་དག་ནི་རྟོག་གེ་དང༌། མདོ་ལུགས་ཀྱི་གཞུང་ཅུང་ཟད་སྦྱངས་པའི་ལྟག་ཤེད་ཀྱིས། གསང་སྔགས་རག་གར་འཆད་པར་ཟད་དོ། །འཕྲོས་ཚིག་གོ ཡང་དཀྱུས་བཤད་དེ། དེ་ཉིད་ཐུགས་ཡེ་ཤེས་རྡོ་རྗེ་དང་དབྱེ་བ་མེད་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། ཡན་ལག་དགུའི་ཆོས་སྟོན་པ་དང༌། ཐབས་ཤེས་གཉིས་དང༌། སྐུ་གསུམ་གྱི་རང་བཞིན་དང༌། རྟེན་འབྲེལ་བཅུ་གཉིས་དང༌། བདེན་བཞི་རྟོགས་པ་དང༌། བསྡུ་དངོས་བཞི་དང༌། ཡེ་ཤེས་ལྔ་དང༌། ཚད་མེད་བཞི་སོགས་བརྡས་དེ་ཁོ་ན་ཉིད་མཚོན་པར་མཛད་པ་ཡིན་ཞིང༌། སྟོང་ཉིད་བཅུ་དྲུག་ལ་བརྟེན་ནས་སྣང་བ་གསུམ་སྦྱངས་བས། ཡང་དག་པའི་དབྱིངས་ཤེས་རབ་ཀྱིས་རྟོགས་པ་དང༌། གང་དུ་ཡང་མི་གནས་པའི་ཡེ་ཤེས་མཁའ་མཉམ་གཅིག་ཏུ་འདྲེས་པ་དང༌། ཆོས་ཉིད་དང༌། མཁྱེན་པ་ངོ་བོ་གཅིག་ཏུ་བསྲེ་བ་ལ་སོགས་པ། ཐབས་དེ་རྣམས་ཀྱིས་ཡོན་ཏན་དུ་མ་དང་ལྡན་པའི་ཟུང་འཇུག་མཐར་ཐུག་དེ་སྒྲུབ་དགོས་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དཔལ་གསང་བ་འདུས་པར་ཐུགས་ཀྱི་དཀྱིལ་འཁོར་སྒྲུབ་པ་གསུངས་པ་དེ་ཉིད་ངེས་པའི་དོན་དུ་བཀྲལ་བ་ནི། དཔལ་དགོངས་པ་ལུང་སྟོན་ཞེས་བྱ་བ་བཤད་པའི་རྒྱུད་ལས། འདི་སྐད་ཅེས་གསུངས་ཏེ། དེ་ནས་ཐུགས་ཀྱི་


TNT05_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཆོག །རྡོ་རྗེ་ཡེ་ཤེས་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །འདི་ནི་དགུ་ཡི་བདག་ཉིད་མཆོག།ལེགས་བསྒྲིལ་དེ་བཞིན་ཉིད་སྟོན་པའོ། །སྣ་ཚོགས་ལུང་གི་བརྡར་གྱུར་པ། །ཚད་མ་བཟང་པོར་དེ་བཤད་དོ། །ཀུན་རྫོབ་དང་ནི་དོན་དམ་དག།གཉིས་སུ་མེད་པ་མཛེས་པ་ཡིན། །ཤེས་རབ་འདི་ནི་ཐིག་ཡིན་ཏེ། ། ཐབས་ནི་དེ་ཡེ་རྗེས་འཇུག་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་མཆོག།ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །འཕགས་པའི་བདེན་བཞི་ངོས་བཞི་སྟེ། ། ཚངས་པའི་གནས་གཞི་གྲྭ་བཞི་ཡིན། །བསྡུ་བའི་དངོས་བསྒྲགས་སྒོ་ཡིན་ཏེ། །རེ་རེའང་བཞི་ཡི་མིག་ཅན་ནོ། །ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །མི་ཕྱེད་ཡེ་ཤེས་མཚན་ཉིད་དེ། །རྡོ་རྗེ་ཨནྡྲ་ནཱི་ལའི་རྒྱ། །རྣམ་པ་ལྔ་རུ་ཕྱེ་སྟེ་བཤད། །རྩེ་མོ་འཁོར་བ་འཇིག་བྱེད་པའོ། །ཤར་གནས་མེ་ལོང་གཟུགས་ཉིད་ནི། །འཁོར་ལོ་འབར་བའི་འོད་ཀྱིས་བརྒྱན། །ལྷོ་རུ་མཉམ་ཉིད་ཡེ་ཤེས་ནི། །རྩེ་མོ་དགུ་པའི་རིན་ཆེན་ཏེ། །ནུབ་ཏུ་སོ་སོར་རྟོག་པདྨ། །པདྨ་རཱ་གའི་འོད་འདྲ་བ། །བྱང་དུ་མཆོག་གི་སེམས་གང་ཡིན། །འགྲོ་བའི་རྣམ་རྟོག་འཇོམས་བྱེད་པ། །བྱ་བ་སྒྲུབ་པ་རལ་གྲིར་གྱུར། །འོད་ཟེར་འབར་བ་འདྲ་བའི་མདོག། སྤྲིན་སྔོན་དང་ནི་མཉམས་པའི་འོད། །ཤར་ལྷོར་བྱམས་པའང་སྤྱན་ཡིན་ཏེ། །ལྷོ་ནུབ་སྙིང་རྗེ་ཞེས་བྱ་བ། །


TNT05_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་མ་ཀཱི་ཡི་རིག་རྡོ་རྗེ། །ནུབ་བྱང་སྡོང་བུ་དང་བཅས་པའི། །པདྨ་དགའ་བས་ཡང་དག་གནས། །བྱང་ཤར་ཨུཏྤལ་འོད་ཟེར་ནི། །སྔོ་དང་བཅས་པ་བཏང་སྙོམས་ཡིན། །དེ་བཞིན་ཤར་སྒོར་སྦྱིན་པ་ནི། །ཐོ་བ་མདངས་ལྡན་འོད་དང་བཅས། །དེ་བཞིན་སྙན་སྨྲ་ཞེས་གྲགས་པ། །དབྱིག་པ་འོད་བཟང་རྡོ་རྗེ་འབར། །ནུབ་ཏུ་དོན་སྤྱོད་ཅེས་བྱ་བ། །རྟ་མགྲིན་གྱི་ནི་པདྨའོ། ། དོན་མཐུན་པ་ནི་རྡོ་རྗེ་སྟེ། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཅན། །ཕྱག་རྒྱ་དགོད་པའི་མཚན་ཉིད་དེ། ལེགས་པར་བཤད་པ་འདི་ཡིན་ནོ། །ཇི་བཞིན་ཡང་དག་གནས་མཆོད་པ། །རྣམ་གསུམ་བསྒོམ་པས་འགྱུར་བ་ཡིན། །དང་པོར་ཆེན་པོ་ཡོད་པ་ ཡི། །ཕྱག་རྒྱའི་དཀྱིལ་འཁོར་ཡིན་པར་བཤད། །ནང་ལ་སོགས་པའི་དབྱེ་བ་ ཡི། །སྟོང་ཉིད་ཀྱིས་ལོ་བཅུ་དྲུག་པ། །མ་སྐྱེས་པ་ཡི་ཞི་བ་གང༌། །དེ་ནི་བུད་མེད་ཅེས་བྱར་བཤད། །ཞི་བའི་ཆོས་དང་རྗེས་ལྡན་པ། །མདངས་བཟང་འོད་ནི་ཡིན་པར་གསུངས། །རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། །ཡེ་ཤེས་ཁ་བྱེ་མེ་ཏོག་གོ ། དངོས་པོ་མེད་པ་རིགས་ཡིན་ཏེ། །ཀུན་མཁྱེན་ཡེ་ཤེས་དབུས་ཉིད་དོ། །ཆོས་དབྱིངས་ཉིད་ཀྱི་བུད་མེད་ནི། །ཤེས་རབ་འདི་འདྲས་མཉེས་པར་བྱ། །ནང་ན་མ་ཡིན་ཕྱི་ན་མིན། །གཉིས་ཀར་མ་ཡིན་གཞན་གནས་མིན། །གནས་མེད་གནས་པའི་རྣལ་འབྱོར་གྱུར། །དེ་བས་མཱ་མ་ཀཱིར་བཤད་དོ། །དེ་ཡི་ངོ་བོ་ཉིད་གཅིག་ པ། །བྱིན་གྱིས་བརླབས་ཞེས་དེ་བཤད་དོ། །ནམ་མཁའ་དང་ནི་གཅིག་ཏུ་གནས། །སངས་རྒྱས་ཞི་བའི་


TNT05_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འགྱུར། །དེ་བས་ཡུལ་དུ་རྣམ་བརྟགས་ པ། །སྡུད་པ་དག་ནི་བཤད་པ་ཡི། །ཡེ་ཤེས་དབང་པོ་སྟོང་པ་གཅིན། །རྣམ་དག་ཆོས་ཉིད་ཁུ་བ་ཡིན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག།གང་ཞིག་ཆོས་སུ་ཡོངས་བརྟགས་པ། དེ་ཉིད་ལྷ་རྣམས་ཞེས་བྱ་སྟེ། །དངོས་མེད་པ་ནི་དབུལ་ བའོ། །དེ་བྱས་སངས་རྒྱས་རྒྱལ་སྲས་རྣམས། ཁྱད་པར་དུ་ནི་མཉེས་པར་ འགྱུར། །ཞེས་མི་སློབ་པའི་ཟུང་འཇུག་གི་ཡོན་ཏན་དང༌། །སློབ་པའི་ཟུང་འཇུག་ལ་བརྟེན་ནས། །མི་སློབ་པའི་ཟུང་འཇུག་སྒྲུབ་ཚུལ་རྣམས་རྒྱས་པར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས་ཀྱང༌། །ཇི་སྲིད་མི་གནས་ནམ་མཁའ་ནི། ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། །འདི་ནི་དོན་དམ་དེ་ཉིད་དེ། །རྡོ་རྗེ་ཡེ་ཤེས་བླ་མེད་ཡིན། །ཀུན་ཏུ་བཟང་པོ་ཞེས་བཤད་ ཅིང༌། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། འདི་ནི་ཆོས་སྐུ་ཞེས་བྱ་སྟེ། །མེ་ལོང་ཡེ་ཤེས་ཞེས་ཀྱང་བྱ། །ཇི་ལྟར་གཟུགས་བརྙན་ལེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་ལྟར། །དེ་བཞིན་ཆོས་དབྱིངས་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་དང༌། །རང་གི་རང་བཞིན་འགྲོ་བའི་ཡང༌། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱིས། །


TNT05_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཐམས་ཅད་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །གང་ཚེ་ཉོན་མོངས་ཤེས་བྱའི་ སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོད་རྡོ་རྗེ་ཅན། ཤིན་ཏུ་རྣམ་དག་ཅེས་བཤད་དོ། །ཇི་ལྟར་གདུལ་བྱའི་ཆོས་རྣམས་དང༌། འདོད་ཡོན་ཀུན་ལས་སངས་རྒྱས་རྣམས། །ཐམས་ཅད་ལོངས་སྤྱོད་གཅིག་པས་ན། །ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ། །མཚན་རྣམས་ཀུན་དང་ཡང་དག་ལྡན། །སྣ་ཚོགས་སྐུ་སྟེ་མཚན་ཉིད་མེད། །སངས་རྒྱས་རྣམས་ཀྱི་སྤྲུལ་པ་བས། །སྤྲུལ་པའི་སྐུར་ནི་བཤད་པ་ཡིན། །ཕྱག་རྒྱ་ཆེན་པོར་རབ་འགྲུབ་ཕྱིར། །ཤེས་ནས་རྣལ་འབྱོར་པ་དེས་བསྒོམ། །ཀུན་རྟོག་ཐམས་ཅད་རྣམས་སྤངས་ནས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་སངས་རྒྱས་ཀུན་གྱིས་ཕྱག་མཛད་པའི། །ཕྱག་རྒྱ་ཆེན་ཞེས་བཤད་པར་བྱ། །གྲུབ་སྟེ་དུ་མའི་རྒྱུད་རྣམས་སུ། །དལ་འབྱོར་མཆོག་རྣམས་ལ་བསྟན་ཏེ། །མངལ་བྱུང་རིམ་པ་གང་ཡིན་དང༌། ཞིང་དང་ཞིང་དུ་སོ་སོར་རྡུལ། ། དེ་བཞིན་གཤེགས་པ་ཐམས་ཅད་ནི། །དེར་ནི་ཡང་དག་བརྟུལ་ཞུགས་འཛིན། ། གཞོན་ནུའི་རོལ་པ་ཐམས་ཅད་དང༌། །དེ་བཞིན་བཟོ་གནས་ཡང་དག་བསྟན། ། བཙུན་མོའི་འཁོར་ལས་མངོན་བྱུང་ཞིང༌། །བདུད་རྣམས་འདུལ་བར་མཛད་ཉིད་དང༌། །ལྷ་ཡུལ་ནས་ནི་འབབ་པ་དང༌། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །མྱ་ངན་འདས་ཆེན་ཡང་དག་སྟོན། །གང་ཡང་རོལ་པ་གཞན་ཐམས་ཅད། །ཐམས་


TNT05_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྡོ་རྗེའི་རང་བཞིན་ལས། །རྣལ་འབྱོར་པས་ནི་རྟག་ཏུ་སྤྲོས། །འདིར་ནི་སྔོན་ཆད་མ་བྱུང་མེད། །སྔོན་གནས་པ་ནི་སྦྱར་མི་བྱ། །དེ་བཞིན་གཤེགས་ཀུན་མཛད་པ་ནི། །ཐམས་ཅད་རྡོ་རྗེའི་དངོས་ཞི་བ། །དུས་གསུམ་ལམ་གྱི་མཐར་ཐུག་པ། ། ཐམས་ཅད་དེ་བཞིན་བལྟ་བར་བྱ། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །མཚན་ཉིད་ཐམས་ཅད་རྣམ་སྤངས་པ། །སངས་རྒྱས་ཉིད་ཀུན་སྟེར་བ་པོ། །རྣལ་འབྱོར་འདི་འདྲ་བསམ་པར་བྱ། །ས་ཀུན་ལས་ནི་རྣམ་གྲོལ་ཞིང༌། །རྒྱུ་དང་འབྲས་བུ་རྣམ་སྤངས་པ། གྲུབ་པ་བཞིན་དུ་རྣམ་པར་བསྒོམ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་སྐུ་གསུམ་བསྟན་པ་ལས། །ཆོས་སྐུའི་ནང་ཚན་ཡེ་ཤེས་ལྔ་ཡིན་པར་གསུངས་སོ། །གཞན་ཡང་སྐུ་གསུང་ཐུགས་གསུམ་དཀོན་མཆོག་གསུམ་དང༌། དེ་ཉིད་སྣང་བ་གསུམ་དག་པ་དང༌། སྐུ་གསུམ་ཡིན་པ་དང༌། རྩ་གསུམ་དག་པ་དང༌། ཁམས་གསུམ་གྱི་ཆོས་ཉིད་དང༌། ཡི་གེ་གསུམ་གྱི་མཚོན་དོན་ཡང་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། །དྲི་མེད་སེམས་ནི་སངས་རྒྱས་འགྱུར། ཆོས་ནི་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །སངས་རྒྱས་ཡི་གེ་ཧཱུཾ་དུ་བཤད། །གསུང་ནི་ཡི་གེ་ཨཱཿརུ་བརྗོད། །དགེ་འདུན་ཞེས་བྱ་ཡི་གེ་ཨོཾ། །ཀུན་ནས་འཕྲོ་བའི་བདག་ཉིད་དོ། །སངས་རྒྱས་ཨ་ཝ་དྷུ་ཏིར་འགྱུར། །ཆོས་ཀྱང་ལ་ལ་ནཱ་རུ་བརྗོད། །དགེ་འདུན་ར་ས་ནཱ་རུ་བརྗོད། ། འདི་ནི་གསུམ་པོའི་མཚན་ཉིད་དོ། །


TNT05_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ཁམས་ནི་སངས་རྒྱས་འགྱུར། །གཟུགས་ཀྱི་ཁམས་ནི་ཆོས་དང་ནི། །འདོད་ཁམས་དེ་བཞིན་དགེ་འདུན་ཏེ། །དེ་ལྟར་ཁམས་གསུམ་མཚན་ཉིད་མཆོག།སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་ལམ་བཞིན་དུ་མཐོང༌། ཁམས་གསུམ་བདག་ཉིད་དེ་བཞིན་ཉིད། །གཅིག་པུར་མྱུར་བར་མཐོང་བར་འགྱུར། །བྱིན་གྱི་བརླབས་ནས་དེ་བཞིན་ཉིད། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །དམ་པའི་ཆོས་ནི་ཆོས་ཀྱི་སྐུ། །དགེ་འདུན་སྤྲུལ་པའི་སྐུར་ནི་འགྱུར། །དེ་ནི་སྐུ་གསུམ་བདག་ཉིད་ཅན། །སྣང་བ་སངས་རྒྱས་ཀྱི་ནི་གཟུགས། །ཆོས་ནི་སྣང་བ་ཐོབ་ པའོ། །དགེ་འདུན་སྣང་བ་མཆེད་པར་འགྱུར། །དེ་ནི་སྣང་བ་གསུམ་མཚན་ ཉིད། །ཅེས་གསུངས་སོ། །གཞན་ཡང་དབང་ཕྱུག་བརྒྱད་དང་ལྡན་པ་ཞེས་པ་བྱ་སྟེ། །ཇི་སྐད་དུ། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་སློབ་པ་དང་མི་སློབ་པའི་ཟུང་འཇུག་ལ་ཐུན་མོང་དུ་དབང་ཕྱུག་བརྒྱད་དང་ལྡན་པ་ཞེས་བྱའོ། །གསུམ་པ་གཞུང་མཐར་ཕྱིན་པའི་བྱ་བ་ནི། །མཆོག་གྱུར་རིམ་པ་ལྔ་པོ་འདི། །བཤད་ལས་བསོད་ནམས་གང་ཐོབ་པས། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན། །འདི་ཡིས་


TNT05_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕ་རོལ་ཤོག།ཅེས་པ་སྟེ། དཔེ་འགའ་ཞིག་ལས་རིམ་པ་ལྔ་པ་འདི་ཞེས་ཟུང་འཇུག་གི་གཞུང་ཁོ་ན་སྦྱོར་བ་ཡང་སྣང་མོད། རང་ལུགས་ནི་ཐུན་མོང་གི་དགེ་བ་བསྔོ་བ་ཡིན་ནོ། །དེ་ཡང་ལམ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་རྡོ་རྗེ་ཐེག་པའི་རྫོགས་རིམ་གྱི་ལམ་རིམ་པ་ལྔ་པོ་འདི་གསལ་བར་བཤད་པ་ལས། ཀླུ་སྒྲུབ་བདག་གིས་བསོད་ནམས་གང་ཐོབ་པ་དེས། འཇིག་རྟེན་འཁོར་བ་པ་རྣམས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་འདི་ཐོབ་པའི་སྟོབས་ལས་ཕ་རོལ་འམ་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག།ཅེས་པའོ། ཟུང་དུ་འཇུག་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་ལྔ་པའོ། །ཞེས་པ་ནི་ལེའུའི་མིང་ངོ༌། །རྫོགས་སོ་ཞེས་པ་ནི་ཡང་དག་པར་རྟོགས་པ་སྟེ། དོན་ཐམས་ཅད་ཚང་བ་ཉིད་ཀྱི་ཕྱིར་རོ། ། འཕགས་པས་མཛད་པའི་རྫོགས་ཚུལ་རིམ་པ་ལྔ། ལམ་ལྔ་སྦྱང་ཕྱིར་བླ་མའི་བཀས་བསྒྱུར་བས། སྒྲིབ་པ་ལྔ་བྲལ་མངོན་ཤེས་ལྔ་ཐོབ་སྟེ། སྐུ་ལྔ་ཡེ་ཤེས་ལྔ་ལྡན་སངས་རྒྱས་ཤོག །རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷཱ་ཀ་ར་བརྨ་དང༌། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཕབས་པའོ། །ཞེས་པ་ནི། ལོ་ཙ་བའི་འགྱུར་གྱི་སྨོན་ལམ་དང༌། འགྱུར་བྱང་ཡིན་ཏེ་བླ་མའི་བཀས། ཞཻས་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀས་བསྐུལ་བའོ། །རིམ་ལྔ་ལམ་


TNT05_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྒྲིབ་པ་ལྔ་མངོན་ཤེས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་ཞེས་འབྱུང་བ་ནི། ལྔ་ཚན་ལྔ་ཚན་བརྗོད་ཚུལ་མཐུན་པར་སྦྱར་བའི་སྒོ་ནས་ཚིག་མཛེས་པ་བསྐྱེད་པའི་ཕྱིར་ཡིན་ནོ། འདིར་སྨྲས་པ། རྒྱུད་རྒྱལ་ཀུན་གྱི་གསང་བ་དེ་ཉིད་རྣམ་ལྔ་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཤིན་ཏུ་རྟོགས་དཀའ་རྡོ་རྗེའི་ཚིག་ལྡན་འཕགས་པའི་གསུང༌། ཟབ་ཅིང་རྒྱ་ཆེའི་གཞུང་འདི་ཤིན་ཏུ་གསལ་བར་བཀྲལ་ལོ། །འདི་ལས་དགེ་བ་གང་ཞིག་ཐོབ་པ་དེས། །སྲིད་གསུམ་ཁོངས་སུ་སྤྱོད་པའི་འགྲོ་བ་ཀུན། །མཆོག་ཏུ་བདེ་ཞིང་མྱུར་བའི་ཚུལ་ཉིད་དུ། །དབང་ཕྱུག་བརྒྱད་ལྡན་གོ་འཕང་ཐོབ་པར་ཤོག།ཅེས་དཔལ་རིམ་པ་ལྔ་ཞེས་བྱ་བའི་གཞུང་གི་རྒྱ་ཆེར་བཤད་པ། རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་གྱི་གདན་ས་པ། དགེ་བཤེས་ཤཱཀྱ་བསྟན་འཛིན་གྱིས་སྔ་མོ་ནས་ཡང་ཡང་བསྐུལ་བ་དང༌། གཞན་ཡང་བར་སྐབས་སུ་དགེ་བཤེས་དུ་མས་བསྐུལ་བ་དང༌། ཉེ་བར་ཆོས་རྗེས་ཡེ་ཤེས་རྒྱ་མཚོ་བའི་དྲུང་གིས་ནན་ཏན་དུ་བསྐུལ་པར་མཛད་པས་རྐྱེན་བྱས་ཤིང༌། རང་ཉིད་ཀྱང་རྒྱུད་རྒྱལ་གསང་བ་འདུས་པ་དང༌། དགོངས་འགྲེལ་གྱི་གསུང་རབ་ཟབ་མོ་འདི་ལ་ལྷག་པར་མོས་ཤིང༌། ཐོས་བསམ་སྒོམ་གསུམ་གྱི་ངལ་བ་ཅུང་ཟད་བྱས་པའི་རྗེས་གཞན་ལ་སྟོན་པ་དང༌། གཞུང་ལུགས་འདི་ལ་བརྟེན་ནས་ཟབ་དོན་མང་པོ་གོ་བས། གཞུང་འདི་ལ་སྐུ་དྲིན་བསབ་པའི་ཕྱིར། རྣམ་བཤད་གསལ་ལ་འདུས་པ་མཐའ་


TNT05_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པར་སྦྱར་བ་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཞེ་དྲུག་པ་ལ་གངས་རིའི་ཁྲོད་ཀྱི་ཤམྦྷ་ལར་བྲིས་པའོ། །ཨེ་མ་ཧོ། ཆོས་སྐོར་འདི་ལ་བརྟེན་པའི་རྒྱ་གར་གྱི་གཞུང་འགྲེལ་འགྱུར་བ་ཐམས་ཅད་དང༌། བོད་ཀྱི་ནག་ཚོ་དང༌། འགོས་དང༌། མར་པ་དང༌། ཆག་ལོ་སོགས་ལུགས་རྙིང་པ་ཐམས་ཅད་དང༌། བུ་སྟོན་ལུགས་དང༌། དགེ་ལུགས་དང༌། བོ་དོང་པ་དང༌། གཞན་ཡང་རོང་སྟོན་དང༌། རྩེས་ཐང་པ་གཞོན་ནུ་དཔལ་ལ་སོགས་པ་ཕྱིས་ཀྱིས་བཤད་པ་གསར་པ་ཡང་མང་དུ་མཐོང༌། རྒྱ་བོད་ཀྱི་མན་ངག་ཕལ་ཆེར་ཡང་ཐོས། རྒྱུད་ནི་རྒྱུད་གཞན་གྱི་ངེས་པ་ལ་བརྟེན་ནས་རྟོགས་དགོས་པས། རྒྱུད་གཞན་གྱི་ཟབ་དོན་མང་པོ་མཐོང་ཐོས་ལ་བརྟེན་ནས་ཀྱང་འདིའི་གནད་མང་དུ་གོ །གསང་སྔགས་ཀྱི་ཟབ་དོན་དཔྱིས་ཕྱིན་པ་ཤེས་པ་ལ་གཞུང་འདི་མི་ཤེས་ཁ་མེད་དུ་འདུག་ཅིང༌། རྣལ་འབྱོར་མ་རྒྱུད་རྣམས་ཀྱི་རྫོགས་པའི་རིམ་པ་གོ་བར་བྱེད་པ་ལ་ཡང་འདི་ཤེས་ན་ཤིན་ཏུ་ཁྱད་ཆེ་བ་ཡོད། རྣམ་བཤད་འདིས་གཞུང་འདི་གཅིག་པུར་མ་ཟད། སྤྱོད་བསྡུས་སྒྲོན་མེའི་དོན་གལ་ཆེ་ཆད་ཀྱང་བཤད་ལ། ལས་མཐའ་རྣམ་འབྱེད་དང༌། བདག་བྱིན་བརླབ་པ་སོགས་གཞུང་ཕྲན་རྣམས་ཀྱང་དཔྱིས་ཕྱིན་པར་གོ་ནུས་པ་ཡོད་པས། ལུགས་འདིའི་རྫོགས་རིམ་འཆད་པ་ལ་ཀུན་འདུས་གཅིག་ཆོག་ཡིན་པར་སེམས་ཤིང༌། རྒྱུད་ཀྱི་རྒྱལ་པོ་ངེས་དོན་གྱི་བང་མཛོད་ཆེན་པོའི་སྒོ་ལྕགས་འབྱེད་པའི་ལྡེ་མིག་བླ་ན་མེད་པ་ཡང་ཡིན་ནོ། ཁྱད་པར་གཞུང་འདི་ལ་ནག་པོ་དམ་ཚིག་རྡོ་རྗེ་དང༌། །


TNT05_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་བཟང་པོ་དང༌། ཁ་ཆེ་ལ་ཀྵིཾ་དང༌། ཨ་བྷ་ཡཱ་ཀ་ར་དང་ཐུབ་པ་དཔལ་བཟང་པོ་དང༌། སྐལ་ལྡན་གྲགས་པའི་འགྲེལ་ཆུང་དང༌། ཀླུ་བྱང་ལ་ཁ་འཕངས་པའི་འགྲེལ་ཆེན་ནོར་བུའི་ཕྲེང་བ་སོགས་རྒྱ་འགྲེལ་དུ་གྲགས་པ་མང་པོ་ཡོད་ཀྱང༌། རྒྱུད་དོན་དཔྱིས་ཕྱིན་པ་རང་དཀོན་པར་སྣང་ཞིང༌། བོད་རྙིང་པ་རྣམས་ཀྱི་ཡིག་སྣ་མང་དུ་སྣང་བའང་དེ་དག་དང་འདྲ་ལ། བོད་དུ་ཕྱིས་རིམ་ལྔའི་འཁྲིད་ཡིག་དང༌། སྤྱི་དོན་མཐའ་ཆོད་ཀྱི་བཤད་པ་མང་དུ་བྱུང་ཡང༌། གཞུང་འདི་ལ་འབྲུ་ཊཱིཀ་གསལ་པོ་བྱེད་མཁན་མ་བྱུང་བས། ལུགས་འདིའི་སྲོལ་ཀ་འཛིན་པ་དག་ཅིག་ཕྱི་མའི་དུས་འདིར་འབྱུང་སྲིད་ན་ཤིན་ཏུ་ཕན་པར་ཡོད་དོ། །གཞུང་འདིའི་རིམ་པ་དང་པོ་ནི་ལུང་ཁུངས་སྨོས་པ་དང༌། མ་སྨོས་པའི་སྒོ་ནས་རྒྱུད་ཀྱི་ལུང་བསྡུས་པ་ཁོ་ནར་སྣང་ལ། གཞན་ཡང་རིམ་པ་གསུམ་པའི་མེ་ལོང་གི་གཟུགས་བརྙན་དང་སོགས། རྡོ་རྗེ་མཁའ་འགྲོའི་ཚིག་ཡིན་པ་དང༌། རིམ་པ་བཞི་པའི་འོད་གསལ་གྱི་གསོལ་གདབ་དང༌། དབུས་མིན་འབྱུང་བའམ་དབུས་སུ་འབྱུང་ཞེས་པ་ལ་སོགས་པ་དང༌། རིམ་པ་ལྔ་པའི་འཁོར་འདས་ཟུང་འཇུག་ལ་སོགས་པ་ཚིགས་བཅད་གསུམ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་འབྱུང་བ་སོགས་ཏེ། དོན་གྱིས་ན་རྡོ་རྗེའི་ཚིག་བསྡུས་པ་ལྟ་བུར་སྣང་ལ། དངོས་བསྟན་གོ་བདེ་བདེ་འདྲ་བ་མང་པོ་ཞིག་ཀྱང་དོན་གྱི་གཏིང་བླངས་ན། ཤིན་ཏུ་ཟབ་ཅིང་རྟོགས་དཀའ་བར་ཡོད་པས་འབྲུ་གནོན་ཏིལ་ཙམ་གྱིས་དོན་མི་མཐོང་བར་རྟོགས་ནས། ཁོག་དོན་མཐའ་གཅོད་


TNT05_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་ཅི་རིགས་པ་དང་བཅས་ཏེ་བཤད་པ་ཡིན་ནོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་བཅོས་མཛད་པ་ཐམས་ཅད་ཀྱི་རབ་དང་ཕུལ་དང་མཆོག་ནི་གཞུང་འདི་ཡིན་ཏེ། ཨཱརྱ་དེ་བས་མཛད་པའི་གཞུང་ཐམས་ཅད་ཀྱི་ཡང་མཐར་ཐུག་ནི་སྤྱོད་བསྡུས་སོ། །ཀླུ་སྒྲུབ་ཀྱི་ཚོགས་གསུམ་གྱི་བསྟན་བཅོས་དང༌། ཨཱརྱ་དེ་བའི་བཞི་བརྒྱ་པ་སོགས་མདོ་ལུགས་ཉག་གཅིག་ཡིན་པས། དེ་དག་ལས་གཞུང་འདི་རྣམས་ཐེག་པ་མཐོ་དམན་གྱི་ཁྱད་པར་ཡོད་པར་མ་ཟད་ལམ་རིམ་སྟོན་ཚུལ་གྱི་སྒོ་ནས་ཀྱང་ཁྱད་ཆེ་སྟེ། དེ་དག་ལས་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་བསྡུས་པ་ལས་མ་བསྟན་ལ། འདི་དག་ཏུ་ནི་སྔགས་ཀྱི་ལམ་རིམ་རྒྱས་པར་བསྟན་པའི་ཕྱིར་རོ། །ཞེས་པ་ཡང་སྨྲས་སོ། ། གཅིག་ཞུས་དག།རྒྱུད་སྡེའི་ངེས་གསང་འབྱེད་པ་རིམ་པ་ལྔའི། གཞུང་གཟང་རྣམ་པར་བཤད་པ་ཟབ་དོན་མཛོད། རྡོ་རྗེ་འཆང་ཆེན་དགོངས་པ་བྲིས་དང་བརྐོས། དགེ་བས་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག། །།བཀྲ་ཤིས། །འདིར་སྨྲས་པ། དོན་དམ་ཆོས་སྐུ་འཁོར་འདས་ཀུན་ཁྱབ་དབྱིངས། །སྐུ་བཞི་ཡེ་ཤེས་ལྔ་དང་རྒྱལ་ཀུན་ཐུགས། །རྒྱུད་སྡེ་རྒྱ་མཚོའི་སྐུ་དང་ཞིང་གི་མགོན། །དེ་ལས་ཁྱད་པར་གསང་བ་འདུས་པར་གུས། །གསང་འདུས་རྒྱུད་དོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་བྲལ་གདམས་ངག་ཉམས་ལེན་མཛད་པ་ བཞིན། །འགོས་ལོ་རྔོག་པ་ཡབ་སྲས་མར་པ་སོགས་ཀྱིས་དེ་ལྟར་ལེགས་པར་བྲལ་བ་རྣམས། །རྗེས་སུ་ཕན་ཚུན་འདྲེས་པ་གཟུ་ལུམ་འགའ་ཡི་གླེག་བམ་གསོར་བཞག་དག །དགག་བསྒྲུབ་གཡེ་བསལ་བྱས་ཏེ་ཁྱད་འཕགས་བསྒྲུབ་ཐབས་ཏཱ་ར་ནཱ་ཐས་མཛད། །ཉམས་སུ་ལེན་ཚུལ་བསྟན་བཅོས་ཁྱད་འཕགས་གངས་ལྗོངས་སྤྱི་ནོར་མཆོག།ནམ་ཡང་འཛད་མེད་ཆུ་བོའི་རྒྱུན་ལ་འགྲན་པའི་ཐབས་མཆོག་ འདི། །གཅིག་ལས་དུ་མ་འཕེལ་བའི་


TNT05_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་འདེགས་ལེགས་པའི་གཞི་ཉིད་དུ། ། ཆོས་སྦྱིན་མཛད་མེད་སྤར་གཞིའི་ཕྱི་མོ་གསར་བ་ལེགས་པར་བསྐྲུན། །འདི་བྱས་ལས་བྱུང་རྣམ་དཀར་བསོད་ནམས་འདི། །སྲས་བཅས་རྒྱལ་བའི་ཐུགས་སྨོན་ཆུ་ཀླུང་དང༌། གཅིག་ཏུ་འདྲེས་ནས་སྐུ་བཞིའི་རྒྱ་མཚོ་ཆེར། །ཡོངས་བབས་ངོ་བོར་རོ་གཅིག་འདྲེས་གྱུར་ཅིག།གུ་ཎ་བྷ་ཊས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ཟླ་ཚེས་ལ། །གསང་འདུས་སྒྲུབ་ཐབས་འབར་བའི་འོད་གསལ་སྤར་གཞི་ལེགས་བསྐྲུན་འདིས། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་ཕྱོགས་བཅུར་ཁྱབ། །དགེ་འདུན་སྡེ་རྒྱས་འདུལ་ཁྲིམས་གཙང་མའི་གཞི་བཟུང་བྱང་སེམས་ དང༌། །གསང་སྔགས་རྒྱལ་བསྟན་ནམ་ཡང་འཆར་ནུབ་བྲལ་ཞིང་སྲ་བརྟན་གནས། །སྐལ་ལྡན་སྐྱེ་འགྲོ་ཡོངས་ཀྱི་བགོ་སྐལ་འབད་མེད་ལྷུན་གྱིས་གྲུབ། ། དེར་བརྟེན་རྫོགས་ལྡན་གསར་པའི་ཉམས་རྟོགས་དགའ་སྟོན་ལ་བརྟེན་ནས། །ཡེ་གཞུགས་གསང་འདུས་སྒྲིབ་གཉིས་ལས་གྲོལ་ཇི་བཞིན་མངོན་གྱུར་ཤོག །སྦྱིན་


TNT05_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འབྲེལ་བ་ཆེ་ཆུང་གང་ཡོད་དང༌། །ཕ་མའི་ཐོག་དྲངས་མཁའ་ཁྱབ་སེམས་ཅན་ཀུན། །ཟབ་ཆོས་འདི་དང་འབྲེལ་རྣམས་གསང་གསུམ་བྲལ། །འདི་ཕྱིར་བདེ་ཞིང་སྐུ་བཞི་ལེགས་ཐོབ་ཤོག།རྟེན་འདི་གང་ན་བཞུགས་པའི་ཡུལ་ཁམས་སུ། ། དུས་བཞི་བསྙོམ་ཞིང་ལོ་ཕྱུག་རྟག་ཏུ་འཕེལ། །ནད་མུག་འཐབ་རྩོད་བྲལ་ཞིང་ཕན་ཚུན་བྱམས། །འགྲོ་ཀུན་རྟག་ཏུ་ཆོས་ལ་སྤྱོད་པར་ཤོག། །།ཅེས་རྗེ་བཙུན་ཏཱ་ར་ནཱ་ཐའི་མཛད་པའ་གསང་འདུས་བསྒྲུབས་ཐབས་འབར་བའི་འོད་གསལ་སྤར་དུ་བསྐྲུན་སྐབས་སྤར་བྱུང་སྨོན་ཚིག་དོན་དམ་ཆོས་སྐུ་ཡེ་ཤེས་འོད་གསལ་ཞིང་བྱ་བ་འདི་འཛམ་ཐང་གཙང་བ་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོའི་བྲིས་པ་སྟེ། འདིའི་སྤར་གཞིའི་མ་ཕྱི་ངག་དབང་དཀོན་མཆོག་གིས་བྲིས་པས་ཕ་འབུམ་ཆུང་དང་མ་སྒ་སྐྱིད་གཉིས་གྱི་གཙོར་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔ་གསང་བ་འདུས་པའི་ཞབས་དྲུང་དུ་སྐྱེ་བའི་རྒྱུར་གྱུར་ཅིག སྨོན་་འདི་ཡང་༡༩༩༨བོད་རབ་བྱུང་བཅུ་བདུན་པ་


TNT05_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟག་ཟླ་ཚེས་ཆོ་འཕྲུལ་ཆེན་མོའི་དུས་ཆེན་སྐབས་རང་རྒྱལ་གྱི་ཞིང་ཆེན་བཅུ་དང་ཕན་ཚུལ་འབྲེལ་བ་བྱས་ནས་སེམས་ཅན་དུང་ཕྱུར་དུ་མ་ཚེ་གེགས་ལས་བསྐྱབ་པའི་དགེ་བ་དང་། སྤར་བསྐྲུན་བྱས་པའི་དགེ་བ་དང་། སོ་འཕགས་ཀྱི་དག་ཚོགས་ཐམས་ཅད་གཅིག་ཏུ་བསྡོམ་པའི་ནུས་མཐུས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་མྱུར་དུ་རྫོགས་པའི་སྨོན་འདུན་བླ་མ་དང་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བདེན་པའི་སྟོབས་ཀྱི་འགྲུབ་པར་གྱུར་ཅིག འདི་དང་དུས་གསུམ་འབྲེལ་བ་ཡིས། དགེ་རྩ་ཇི་སྙེད་བསགས་པ་ཀུན། མ་གྱུར་སེམས་ཅན་ཐམས་ཅད་ལ། སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག། དགེའོ། སྤར་འདི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས། སརྦ་མངྒ་ལཾ། དགེའོ།།


TNT05_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ། next