Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ
   
   
   
   
   


 
previousརིམ་ལྔ་བསྡུས་གསལ་གྱི་ཊཱི་ཀnext

རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ


TNT05_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔ་བསྡུས་གསལ་གྱི་ཊཱི་ཀ་བཞུགས།


TNT05_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་སངས་རྒྱས་ལ་ཕྱག་མཚལ་ལོ། །རྡོ་རྗེ་འཛིན་དབང་དཀྱིལ་འཁོར་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ནས། །ཤིན་ཏུ་ཟབ་པའི་མན་ངག་གཞུང༌། །མདོ་ཙམ་འཆད་ལ་སྤྲོ་བ་སྐྱེས། །འདིར་རིམ་ལྔ་བསྡུས་གསལ་གྱི་དོན་ཅུང་ཟད་བཀྲོལ་ན། འདིའི་སྐད་དོད་ལ་འདྲ་མིན་གཉིས་ཡོད་དེ། དཔེ་ཁ་ཅིག་ལས། རྒྱ་གར་སྐད་དུ། པཉྩ་ཀྲ་མ་སང་གྲ་ཧ་པྲ་ཀཱ་ཤ བོད་སྐད་དུ། རིམ་པ་ལྔ་བསྡུས་པ་གསལ་བ་ཞེས་པ་ཡོད། དཔེ་ཁ་ཅིག་ལས། སང་གྲ་ཧའི་ཚབ་ཏུ་སཾ་ཀྵིཔྟ་ཅེས་པ་ཡོད། དེ་ཡང་པཉྩ་ནི་ལྔ། ཀྲ་མ་ནི་རིམ་པ། སང་གྲ་ཧ་ནི་བསྡུས་པ་སྟེ། འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་དོན་ཡིན། སཾ་ཀྵིཔྟ་བསྡུས་པའི་དོན་ལ་འཇུག་པ་ནི། རྒྱས་བསྡུས་གཉིས་ཀྱིས་ཟླས་ཕྱེ་བའི་བསྡུས་པ་སྟེ། མདོར་བསྡུས་པའི་དོན་ནོ། །པྲ་ཀཱ་ཤ་ནི་རབ་ཏུ་གསལ་བའམ། གསལ་བ་ཙམ་མོ། །དཔེ་མང་པོར། སཾ་གི་ཏ་དང༌། སཾ་ག་ཏ་དང༌། པྲ་བྷ་ཝ་ཞེས་འདོན་པ་ནི་ཡི་གེ་མ་དག་པའོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །


TNT05_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། གཞུང་རྩོམ་པ་པོས་ཕྱག་འཚལ་བ་སྟེ། དོན་གྱིས་མཆོག་བརྗོད་ཡིན་ནོ། །ད་ནི་གཞུང་གི་དོན་བཤད་པར་བྱ་སྟེ། དེ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མན་ངག་གི་ཆེ་བ་སྟེ་རྣམ་པ་གསུམ་ལས། དང་པོ་ནི། སངས་རྒྱས་ཀུན་གྱི་གསང་བ་ཆེ། རིམ་པ་ལྔ་ལ་གནས་པ་པོ། དངོས་པོའི་གནས་ལུགས་ལམ་དང་ནི། འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་ཏེ། དེ་ལ་དངོས་པོའི་གནས་ལུགས་ནི། རྒྱུད་གསུམ་ལས་རྒྱུ་རྒྱུད་དེ། དངོས་ནི་སེམས་རང་བཞིན་གྱི་འོད་གསལ་བ་དང༌། ཡན་ལག་ནི་འཁོར་བའི་ཆོས་རྣམས་སོ། །ལམ་ནི་ཐབས་ཀྱི་རྒྱུད་དེ། དངོས་ནི་རིམ་པ་ལྔའམ་དྲུག་གི་ཡེ་ཤེས་དང༌། ཡན་ལག་ནི། རིམ་པ་དེ་རྣམས་མ་གྲུབ་པ་གྲུབ་པར་བྱེད་པའི་ཐབས་མན་ངག་རྣམས་དང༌། ཐུན་མཚམས་ཀྱི་སྤྱོད་པ་ལ་སོགས་པའོ། །དམ་ཚིག་དང༌། བསྐྱེད་རིམ་དང༌། ཆོ་གའི་ལས་ཀྱི་རིམ་པ་དང༌། ལས་ཚོགས་དང༌། ལས་ཚོགས་དང༌། ཐུན་མོང་གི་དངོས་གྲུབ་སོགས་ཀྱང་


TNT05_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདུས་སོ། །ཡང་དབང་བསྐུར་རྒྱུ་རྒྱུད་དུ་འཆད་པ་དང༌། སྒྲུབ་པ་པོ་རང་རྒྱུ་རྒྱུད་དུ་འཆད་པའང་ཡོད་མོད། འདིར་མི་སྤྲོའོ། །འབྲས་བུ་སྐྱེ་བའི་རིམ་པ་ནི་འབྲས་རྒྱུད་དེ་དངོས་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་མི་སློབ་པའི་ཟུང་འཇུག་དང༌། ཡན་ལག་ནི་སློབ་པའི་ཟུང་འཇུག་གོ ། ཐུན་མོང་གི་དངོས་གྲུབ་ཀྱང་འབྲས་རྒྱུད་དུ་འཆད་པའི་སྐབས་ཡོད་དེ། བསྐྱེད་རིམ་གཏན་ལ་འབེབས་པའི་སྐབས་སུ། བསྐྱེད་རིམ་ཉིད་ཀྱི་རང་འབྲས་མཐར་ཐུག་ཡིན་པ་དང༌། རྣམ་པ་འདྲ་བ་ལ་དགོངས་པའོ། །རྒྱུད་གསུམ་པོ་དེའི་དོན་ཡང༌། རིམ་པ་ལྔ་ལ་གནས་ཤིང་ཚང་བ་སྟེ། འབྲས་རྒྱུད་ནི་ཟུང་འཇུག་ཏུ་འདུས། རྒྱུ་རྒྱུད་ནི་རིམ་ལྔ་སོ་སོས་གང་ལ་གནད་དུ་བསྣུན་པའི་གཞིའམ་རྟེན་ཡིན་པས། ལྔ་ཅར་གྱིས་བསྡུས་སོ། །དེ་ལྟ་བུའི་འབྲས་བུ་སངས་རྒྱས་ལ་དངོས་སུ་སྦྱོར་བའི་ཉེ་རྒྱུ་སྤྱོད་པ་དང༌། མངོན་བྱང་གོང་འོག་གཉིས་དང༌། འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་བདེ་བ་ཆེན་པོའི་སྐུར་འཆད་པ་དང༌། ལམ་གྱི་སྐབས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཟབ་མོ་རྣམས་དང༌། གཞི་སེམས་ཉིད་ཆོས་ཀྱི་དབྱིངས་སྐུ་གསུམ་རང་ཆས་སུ་གདོད་ནས་བཞུགས་པ་སྟེ། དེ་རྣམས་ཐེག་པ་བླ་ན་མེད་པར་གསུང་པའི་ཁྱད་ཆོས་དང༌། སྟོང་ཉིད་སྙིང་རྗེ་ཐབས་མཁས་སོགས་ཐེག་ཆེན་སྤྱི་ལུགས་ཏེ། དེ་དག་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་མངོན་སུམ་དུ་མཛད་ཅིང༌། གཞན་ལ་སྟོན་པའི་གསང་བ་ཆེན་པོའོ། །དེ་ལ་གསང་བ་ཆེན་པོ་ནི། ར་ཧ་སྱ་ཞེས་པ་སྟེ།


TNT05_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཞན་ཕལ་གྱིས་མ་རྟོགས་པའམ། མ་ཐོབ་པའི་དོན་ཡིན་པས། ཆེས་ཤིན་ཏུ་གསང་བའམ་གསང་དགོས་པ་ལའང་འཇུག་སྟེ། དོན་གྱི་གཙོ་བོ་ཆེས་མཆོག་ཏུ་གྱུར་པས། ཕལ་ཆེར་དང་ཐུན་མོང་མ་ཡིན་པའི་དོན་ནོ། །དཔེར་ན་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ནི། ནད་ཐམས་ཅད་སེལ་བ་དང༌། གདོན་རྣམས་སྲུང་བ་དང༌། མཚན་མོ་ཡང་ཕྱོགས་ཐམས་ཅད་སྣང་བར་བྱེད་པ་དང༌། ཟས་གོས་ཀྱི་ཆར་འབེབས་པ་སོགས། གཞན་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་བཟང་པོ་དཔག་ཏུ་མེད་པ་ཡོད་པས། ར་ཧ་སྱ་ཞེས་མཆོག་གི་དོན་དང༌། དེ་འདྲ་བའི་དངོས་པོ་མཆོག་བླ་ན་མེད་པ་དེ། ཕལ་གྱི་ལག་ཏུ་ཐོབ་པ་ལྟ་ཞོག མིག་གི་མཐོང་བ་ཡང་མ་ཡིན་པའི་ཕྱིར། ཆེད་བརྟད་གསང་བ་ལ་མ་ལྟོས་པར། ཡེ་གསང་ཡིན་པའི་ཕྱིར་ཡང༌། ར་ཧ་སྱ་ཞེས་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། དོན་གྱི་གཞི་འགོད་པ་དང༌། སླར་ཡང་གཏན་ལ་དབབ་པའི་ཚུལ་གྱིས་བཤད་པའོ། །དང་པོ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ཞེས་པ་ནས། འདི་ཉིད་ཐོབ་པའི་མྱུར་དུ་འཆར། །ཞེས་པའི་བར་རོ། །དེ་ལ་གཉིས་ཏེ། གཞི་དངོས་པོའི་གནས་སྟབས་གཏན་ལ་དབབ་པ་དང༌། གནད་དུ་བསྣུན་པའི་ཐབས་ཀྱི་རྒྱུ་མཚན་དང༌། ལམ་དངོས་གསལ་བར་བསྟན་པ་དང༌། ཡེ་ཤེས་ཀྱི་ལམ་རྟགས་ངོས་བཟུང་བའོ། །དང་པོ་ལ་དབྱེ་བ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་ཀྱི་གནས་སྟབས་ལས། །ཞེས་ཏེ། དངོས་པོའི་གནས་ལུགས་སམ། གནས་


TNT05_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་དེ་ཡང༌། རྣམ་གཞག་མཐའ་ཡས་པ་ཡོད་མོད་ཀྱི་སེམས་དངོས་པོའི་གནས་སྟབས་དང༌། ལུས་དངོས་པོའི་གནས་སྟབས་གཉིས་སུ་འདུས་ལ། དེ་དག་གི་དབྱེ་བ་ཡང༌། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་ཏེ། གནས་སྟབས་གཉིས་པོ་ལ། གནས་སྟབས་སོ་སོའི་དོན་དང༌། ཐུན་མོང་གི་དོན་གཉིས་ལས། སོ་སོ་པའི་དོན་ནི། སེམས་རགས་པ་ནི་དབང་ཞེས་ལྔ་སེམས་བྱུང་རྣམ་རྟོག་དང་བཅས་པ། ཀུན་རྫོབ་འཁྲུལ་པ་ཁོ་ནའི་ཤེས་པ་འདི་རྣམས་ཡིན་ལ། ཕྲ་བ་ནི་སྣང་བ་གསུམ། ཤིན་ཏུ་ཕྲ་བ་ནི་འོད་གསལ་གྱི་སེམས་སོ། །ཞེས་ཀྱང་འཆད་མོད། གཞི་འཁོར་བའི་དུས་ཀྱི་སྣང་བ་བཞི་དང༌། ལམ་གྱི་སྣང་བ་བཞི་ཅར་ཅུང་ཟད་ཕྲ་བའི་སེམས་ཡིན་ལ། ཤིན་ཏུ་ཕྲ་བ་ནི་གདོན་མ་ཆོས་ཉིད་ཀྱི་སེམས་རང་བཞིན་འོད་གསལ་ལོ། །དེ་བཞིན་དུ་ལུས་ཀྱི་གནས་སྟབས་ལ་ཤ་ཁྲག་རུས་པ་སོགས་ཁམས་སུམ་ཅུ་རྩ་དྲུག་གི་རང་བཞིན་དབྱིབས་སུ་བཀོད་པའི་ལུས་འདིར་རགས་པ་ཡིན། གནས་པ་རྩ། གཡོ་བ་རླུང། བཀོད་པ་བྱང་ཆུབ་ཀྱི་སེམས་སྤྱིར་གྲགས་པ་འདི་ནི་ཅུང་ཟད་ཕྲ་བ་ཡིན་ཞིང༌། གཉུག་མའི་ལུས་མི་ཤིགས་པ་དྭངས་མ་ནི་ཤིན་ཏུ་ཕྲ་བའོ། །ཡང་རྩ་རླུང་ཐིག་ལེ་སྟེ་གཞི་གསུམ་ལ། སོ་སོར་ཕྱེ་ནའང་གསུམ་གསུམ་སྟེ། རྩ་བདུན་ཁྲི་ཉིས་སྟོང་ནི་རགས་པ། འཁོར་ལོ་བཞིའི་རྩ་དང༌། རོ་རྐྱང་དབུ་གསུམ་ནི་ཕྲ་བ་སྙིང་ག་ལ་སོགས་པ་མི་ཤིགས་པའི་རྩ་ནི་ཤིན་ཏུ་ཕྲ་བའོ། །ཡང་ན་རོ་རྐྱང་ཕྲ་བ།


TNT05_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ཆེས་ཕྲ་བ་ཞེས་ཀྱང་ཟེར། གཡོ་བ་རླུང་ལ། རླུང་བཅུ་ལ་སོགས་པ་ཁམས་ལྔའི་རླུང་ནི་རགས་པ། སྣང་གསུམ་གྱི་བཞོན་པའི་རླུང་ནི་ཕྲ་བ། འོད་གསལ་གྱི་རླུང་ནི་ཤིན་ཏུ་ཕྲ་བའོ།། བཀོད་པ་བྱང་སེམས་ལ་སོ་སེན་ཤ་ཁྲག་སོགས་རགས་པ། རྩ་ནང་གནས་པའི་དཀར་དམར་སོགས་བདུད་རྩི་ལྔ་ནི་ཕྲ་བ། མི་ཤིགས་པའི་ཐིག་ལེ་ནི་ཤིན་ཏུ་ཕྲ་བའོ། །དེ་དག་ནི་གནས་ཐབས་སོ་སོའི་དོན་ཡིན་ལ། གཉིས་པ་ལུས་སེམས་ཐུན་མོང་གི་གནས་ཐབས་སམ། ལུས་སེམས་དབྱེར་མེད་ཀྱི་རིམ་པ་ཡང་ཤེས་པར་བྱ་སྟེ། དེ་བཤད་པ། གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞི། །འཁོར་ལོ་བཞི་ཡི་བདག་ཉིད་ཀྱི། །རྩ་དང་ཐིག་ལེ་སེམས་ཤེས་པས། ། ཞེས་འབྱུང་བས་སེམས་ཞེས་པ་ཡན་ཆད་དེ། སེམས་དང་རྩ་རླུང་ཐིག་ལེ་རེ་རེ་བཞིན་ཡང་ཕྲ་རགས་གསུམ་གསུམ་བྱུང་མོད་ཀྱི། སེམས་ཁོ་ནས་བྱ་བ་མི་བྱེད། རྩ་རྐྱང་པའི་ལས་མི་བྱེད། རླུང་འབའ་ཞིག་གིས་མ་ཡིན་ཐིག་ལེ་གཅིག་པུས་ཀྱང་མི་འགྲུབ་པས། རྩ་རླུང་ཐིག་ལེ་གསུམ་པོ་སེམས་དང་བཅས་པ་ལ་ཕྲ་རགས་གསུམ་གསུམ་ཡོད་པ་ཐམས་ཅད་བསྡོམས་ནས། གཞི་འཁོར་བ་དང༌། ལམ་གྱི་ཆོས་ཐམས་ཅད་སྣང་བར་བྱེད་དོ། །དེ་ཡང་རྩ་འཁོར་ལོ་བཞིའི་བདག་ཉིད་དེ་དངོས་པོ་རྣམས་གཙོ་བོར་གྱུར་པ་ཡིན་ལ། དེའི་ཡང་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་དང་རླུང་དང་ཐིག་ལེའི་བྱེད་པ་ལས། གཉིད་འཐུག་པོའི་གནས་སྐབས་གཙོ་བོར་གྱུར་པ། ཡིད་ཀྱི་གཡོ་བ་གློ་བུར་དུ་འགགས་པའི་གནས་


TNT05_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་འཁྲུལ་པ་རྣམས་འཆར་ལ། ལམ་བསྒོམས་པས་གནས་སྐབས་དེ་ལམ་དུ་འཁྱེར་ཞིང་སྒྲིབ་པ་སྤོང་པ་ལ་ཡང་སྙིང་གར་གནད་དུ་བསྣུན་པའི་ཐབས་དགོས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་རླུང་ཐིག་ལེའི་ནུས་པ་ལས། རྨི་ལམ་གྱི་སྣང་བ་གཙོ་བོར་གྱུར་པ། རགས་པའི་ཁམས་ལས་འདས་ཏེ་ཕྲ་བའི་གསལ་སྣང་འཆར་བའི་གནས་སྐབས་འབྱུང་ཞིང༌། གནས་སྐབས་དེ་ཉིད་ལམ་དུ་བྱེད་ཅིང་སྒྲིབ་པ་སྤོང་བའི་ལམ། རྨི་ལམ་གྱི་གདམས་ངག་ཀྱང༌། མགྲིན་པར་གནད་དུ་བསྣུན་པ་དགོས་ཏེ་བར་དོའི་གདམས་ངག་གི་ཕྱོགས་གཅིག་ལ་ཡང་ངོ༌། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་རླུང་ཐིག་ལེའི་ནུས་པ་ལས། དབང་པོ་གཉིས་སྙོམས་པར་འཇུག་པ་གཙོ་བོར་གྱུར་པའི་འཛག་བདེ་ཆགས་པའི་རྣམ་རྟོག་གི་སྣང་བ་སྣ་ཚོགས་འཆར་བར་འགྱུར་ལ། གནས་སྐབས་དེ་ལམ་དུ་འཁྱེར་ཞིང་སྒྲིབ་པ་སྤོང་བའི་རང་ལུས་གཞན་ལུས་ཀྱི་གཏུམ་མོའི་རྣལ་འབྱོར་གྱི་མན་ངག་རྣམས་ཀྱང༌། སྤྱི་བོའི་རྩ་འཁོར་ལ་གནད་དུ་བསྣུན་པའི་ཐབས་དགོས་པ་ཡིན། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་རླུང་ཐིག་ལེའི་བྱེད་པ་ལས། ཐ་མལ་གཉིད་སད་པའི་དུས་ཀྱི་སྣང་བ་རགས་པ་སྣ་ཚོགས་པའི་འཁྲུལ་བ་འདི་འབྱུང་བ་ཡིན་ཞིང་གནས་སྐབས་དེ་ལམ་དུ་འཁྱེར་ཞིང༌། སྒྲིབ་པ་སྤོང་བའི་ལམ་མཉམ་བཞག་སྒྱུ་ལུས་གཙོ་བོར་གྱུར་པ་རྣམས་ཀྱང༌། ལྟེ་བའི་འཁོར་ལོར་གནད་དུ་བསྣུན་པ་ཞིག་དགོས་པ་ཡིན་ནོ། །འདི་ནི་དགྱེས་རྡོར་ལས། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང༌། །སྐུ་གསུམ་པོ་ནི་རྣམ་


TNT05_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས། །ཞེས་སོགས་རྒྱས་པར་གསུང་བའི་དབང་དུ་བྱས་ལ། དུས་ཀྱི་འཁོར་ལོ་ལས། གོང་དུ་སྨོས་པ་འདི་དང་འདྲ་བ་དང༌། གོ་བཟློག་པའི་བཤད་ཚུལ་གཉིས་ཀ་བྱུང་སྟེ། དོན་མི་འགལ་བའི་ཕྱིར། གདམས་ངག་འདི་དག་ཏུ་ཡང་གཉིས་ཀའི་རྣམ་གཞག་རུང་ངོ༌། །འོ་ན་འདུས་པ་འཕགས་སྐོར་བའི་ལུགས་ཀྱི། སྙིང་གའི་བྱེད་པས་དཔེ་དོན་གྱི་འོད་གསལ་སྒྲུབ་དགོས་ཤིང༌། རྒྱུ་དེ་ལས་སྒྱུ་ལུས་སྒྲུབ་པའི་གནས་ཀྱང་སྙིང་ག་ནས་བྱེད་པ་མ་ཡིན་ནམ། འདིར་སྒྱུ་ལུས་ལྟེ་བ་ནས་སྒྲུབ་ཅེས་པ་ཅི་ཞེ་ན། སྤྱིར་ན་སེམས་ཀྱི་སྣང་བ་ལ་ཤར་བ་ལ་སྙིང་ག་ནས་སྤྲོས་པ་ཞེས་ཀྱང་ཡོད་པས་སྙིང་གའི་སྒྲ་སེམས་ལ་འཇུག་པ་དང༌། རྩ་འཁོར་ཐམས་ཅད་ཀྱི་ལྟེ་བ་ལ་སྙིང་གའི་མིང་གིས་བསྟན་པ་ཡང་ཡོད་པས། སྙིང་ག་ཞེས་པའི་ཚིག་ཙམ་ལ་བསྟེན་ནས་བྱང་ཁོག་སྟོད་ཀྱི་ནང་ཁོ་ནའོ་སྙམས་པའི་ཧོབ་བཅོས་མི་བྱ་སྟེ། ལྟེ་བ་ཞེས་པའང་རྩ་འཁོར་ཐམས་ཅད་ཀྱི་ལྟེ་བ་ལ་འཇུག་པའི་གནས་སྐབས་ཡོད་པ་བཞིན་ནོ། །འོན་ཀྱང་རྡོ་རྗེ་འཕྲེང་བ་དང་འཕགས་སྐོར་རྣམས་ལས། སྙིང་ག་ཆོས་ཀྱི་འཁོར་ལོ་ཉིད་སྔགས་པའང་ཡིན་མོད་ཀྱི། གནད་དུ་བསྣུན་པའི་ཐབས་ལ་ངེས་པ་མེད་དེ། སྣོད་ཀྱི་འོག་ཕྱི་རོལ་ཏུ་རྡོ་ཁབ་ལེན་བསྐོར་བས། སྣོད་ཀྱི་ནང་དུ་ལྕགས་ཐུར་འཁོར་བ་དང༌། ཤིང་གི་རྩ་བ་ལ་ཆུ་དྲངས་པས། རྩེ་མོའི་མེ་ཏོག་ཁ་བྱེ་པར་འགྱུར་བ་བཞིན། རྩ་གནས་གཅིག་ལ་གནད་དུ་བསྣུན་པའི་ཐབས། རྩ་གནས་གཞན་གྱི་བྱེད་དགོས་པ་མང་ངོ༌། །འདིར་རྩ་དང་ཞེས་པའི་


TNT05_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིག་གིས་རླུང་ཡང་ཟུར་གྱིས་བསྟན་ཏེ། དེ་ལྟར་ན་རྩ་དང་རླུང་དང་ཐིག་ལེ་དང་སེམས་ཏེ། ཆོས་བཞི་པོ་དེ་དག་འཁོར་ལོ་བཞིས་ཕྱེ་བའི་མཐུ་ལས་འཁོར་འདས་ཐམས་ཅད་སྣང་བ་ཡིན་ནོ་འཁོར་ལོ་བཞི་དང་འོད་གསལ་ལ་སོགས་པ་ལམ་བཞི་སྦྱོར་བ་འདི། འཕགས་སྐོར་གྱི་རང་གཞུང་རྣམས་ན་གསལ་བར་མེད་ཀྱང༌། དགྱེས་རྡོར་སོགས་མ་རྒྱུད་ཀྱི་དགོངས་པས་ཁ་སྐོང་བ་འདི། ནཱ་རོའི་མན་ངག་མར་པའི་དགོངས་པ་ཡིན་ལ། རྡོ་རྗེ་འཕྲེང་བའི་རྒྱུད་ཀྱི་དོན་ཡང་ཡིན་ནོ། །གཉིས་པ་གནད་དུ་བསྣུན་པའི་ཐབས་ཀྱི་རྒྱུ་མཚན་ནི། རྩ་དང་ཐིག་ལེ་སེམས་ཤེས་པས། ཞེས་པའི་ཤེས་པས་ཞེས་དང༌། ལུས་དང་དུས་དང་ཡུལ་རླུང་གི་གནད་ནི་བཞི་རུ་ཤེས་པར་བྱ། དྲན་པ་སྣ་ཚོགས་རྟོག་པ་རྣམས། །སེམས་ལ་ཡང་དག་བྱུང་བས་ན། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ། །ཞེས་ཏེ་གོང་དུ་སྨོས་པ་ལྟར་གང་ལ་གནད་དུ་བསྣུན་པའི་གཞི། ལུས་རྩ་རླུང་ཐིག་ལེ་དང༌། སེམས་རང་བཞིན་སྤྲོས་བྲལ་རང་གི་རིག་པ། རྣམ་པ་ཕྲ་རགས་ཀྱི་དབྱེ་བ་དང་བཅས་པ་རྣམས། རང་གི་རྒྱུད་ཐོག་ཏུ་འབབ་ངེས་པའི་བློ་གྲོས་ཀྱིས་ཤེས་པར་བྱས་ནས། བསྒོམ་པའི་ཚེ། སོ་སོའི་ལུས་གནད་འཁྲུལ་འཁོར་ལེགས་པར་ངེས་པ་དང༌། དུས་ཀྱི་གནད་ཀྱང་ངལ་དུབ་དང་འགྲངས་ཆེས་པ་སོགས་མ་ཡིན་པ། སྔ་དྲོ་སྒྱུ་ལུས། ཕྱི་དྲོ་རྨི་ལམ། ནང་ནུབ་རླུང་སྦྱོར་དྲག་པོ་སོགས་མན་ངག་ལས་འབྱུང་བའི་དུས་གནད་རྣམས་དང༌། གང་ལ་སྒོམ་པའི་ཡུལ་གྱི་གནད་དམིགས་པ་


TNT05_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་ས་མ་ནོར་བ་དང༌། རླུང་གི་གནད་སོར་འཇོག་དང༌། བུམ་པ་ཅན་ལ་སོགས་པ་སྟེ། དམིགས་པ་གང་བསྒོམས་ཀྱང་གནད་ནི་བཞི་པོ་འདི་རུ་ཚང་བར་བྱས་ཏེ་སྒོམ་དགོས་པར་ཤེས་པར་བྱའོ། །ཡུལ་ཀྱི་གནད་བྱེ་བྲག་ཏུ་བཤད་པ་ནི། རྣམ་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་རྟོག་སྣ་ཚོགས་པ་དང༌། སྲོག་སྟེ་རླུང་གི་ཚོགས་རྣམས་ནི། དབུ་མར་འདུ་ཞིང་སྡུད་པར་བྱེད་པའི་དམིགས་རྟེན་སྒྲུབ་པ་པོ་རང་གི་སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ་པར་བྱའོ། །འདིས་ནི་དངོས་སུ་རིམ་ལྔ་འཁོར་ལོ་ཅན་གྱི་སྔགས་འཁོར་དེ་གཙོ་བོར་བསྟན་པ་ཡིན་མོད། ཤུགས་ལ་འཁོར་ལོ་མེད་པ་དང༌། སེམས་དཔའ་གསུམ་བརྩེག་དང་གཏུམ་མོ་སོགས་ཀྱང་བསྟན་པ་ཡིན་ཏེ་གནད་དང་དགོས་པ་འདྲ་བའི་ཕྱིར་རོ། །དེ་ཡང་དྲན་པ་སྣ་ཚོགས་པ་སྟེ་ཆགས་ཡུལ་དྲན་པ་ལས་འདོད་ཆགས་དང༌། གནོད་བྱེད་དྲན་པ་ལས་ཞེ་སྡང་དང༌། ཡུལ་བར་མ་དྲན་པ་ལས་གཏི་མུག་སོགས་རྣམ་པར་རྟོག་པ་འདི་རྣམས་སྣང་བ་གསུམ་གྱི་དབྱེ་བས་ཕྱེ་བའི་རང་རིག་ཙམ་ལས་ཡང་དག་པར་བྱུང་ངོ༌། །དེ་དག་ཀྱང་རང་རང་གི་བཞོན་པར་གྱུར་པའི་རླུང་གཡོ་བ་ན། ཤེས་པ་དེ་དང་དེ་གསལ་བར་སྣང་བ་ཡིན་ཏེ། རླུང་ཐིམ་པ་ན་ཤེས་པ་དེ་རྣམས་ཀྱི་ཐིམ་པར་འགྱུར་རོ། །དེ་ཡང་དཀར་པོ་སྙིང་སྟོབས་ཀྱི་རླུང་གཡོས་པས། སྣང་བའི་ཡེ་ཤེས་པ་སྐྱེ་ལ། དེའི་ནུས་པས་ཆགས་བྲལ་གྱི་བཞོན་པར་འགྱུར་བའི་རླུང་རྣམས་ལྡང་ཞིང༌། དེ་དང་ལྷན་ཅིག་ཏུ་ཆགས་བྲལ་ལམ་ཞེ་སྡང་གི་རྣམ་རྟོག་རྣམས་སྐྱེའོ། །དེའི་མཚོན་ནས་དམར་པོ་རྡུལ་གྱི་རླུང་དང༌། མཆེད་པའི་སེམས་


TNT05_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འདོད་ཆགས་ཀྱི་བཞོན་པའི་རླུང་དང༌། འདོད་ཆགས་ཀྱི་རྣམ་རྟོག་རྣམས་སྦྱར་རོ། །དེ་བཞིན་དུ་ནག་པོ་མུན་པའི་རླུང་དང༌། སྣང་བ་ཐོབ་པའི་ཤེས་པ་དང༌། གཏི་མུག་གི་བཞོན་པའི་རླུང་དང༌། གཏི་མུག་གི་རྣམ་རྟོག་ཅེས་བྱའོ། །དེས་ན་ངག་དོན་ནི། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས༌། ལུས་ཀྱི་གནད་གང་དུ་སེམས་གནས་པ་དེར། སེམས་དེའི་བཞོན་པའི་རླུང་ཡང་གནས་པར་འགྱུར། དེ་གནས་པས་ཆུས་ཆུ་འདྲེན་པ་ལྟར་རླུང་གཞན་རྣམས་ཀྱང་རིམ་གྱིས་དེའི་འདུ་བར་འགྱུར་རོ། །ལུས་ལ་གནད་དུ་བསྣུན་པའི་གཙོ་བོ་ཡང༌། རྩ་དབུ་མ་ཁོ་ན་ཡིན་ཞིང༌། འདིར་སྙིང་གའི་འཁོར་ལོ་སྤྱི་དང༌། རྩ་དབུ་མའི་ནང་གི་མི་ཤིགས་པ་ལ་གནད་དུ་བསྣུན་པས་ཐོག་མར་དབང་ཤེས་ལྔ་དང༌། རྣམ་རྟོག་སྣ་ཚོགས་པའི་རླུང་རྣམས་དབུ་མ་ལ་ཕྱོགས་པར་འགྱུར་ཞིང་དེ་རྗེས་དེ་རྣམས་ཀྱི་རྩ་བ་འབྱུང་བ་ལྔའི་རླུང་སེམས་རྣམས་ཀྱང་ཕྱོགས་པར་འགྱུར་ལ། དེ་ནས་དེ་རྣམས་ཆགས་བྲལ་གྱི་བཞོན་པའི་རླུང་དང༌། སྣང་བའི་རླུང་ལ་འདྲེ། དེ་ཆགས་རྟོག་དང་མཆེད་པའི་རླུང་ལ་འདྲེ། དེ་རྨོངས་རྟོག་དང་ཐོབ་པའི་རླུང་ལ་འདྲེ། དེ་འོད་གསལ་གྱི་རླུང་དང་འདྲེས་པ་ལས། སྣང་བ་བཞིའི་ཉམས་མྱོང་ཅི་རིགས་པ་འཆར་བར་འགྱུར་རོ། །དེ་ནས་ལོ་ཟླར་སྦྱངས་པས་རིམ་པ་དེ་ཉིད་ཀྱིས་རླུང་ཐིམ་ཚུལ་ཇེ་ཆེ་ཇེ་ཆེ་ལ་མཐར་ཤིན་ཏུ་ཐིམ་པའི་སྐབས་ཤིག་ཏུ་སེམས་དབེན་མཐར་ཐུག་གི་འོད་གསལ་གྱི་བར་དུ་སྐྱེའོ། །ཞེས་པ་འདི་གྲུབ་བོ། །གསུམ་པ་ལམ་དངོས་གསལ་བར་བཤད་པ་ལ། ལམ་


TNT05_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱི་དབྱེ་བ། སྔགས་ཀྱི་འཁོར་ལོ་རྒྱས་བཤད། རིམ་ལྔའི་གོ་རིམ་རྒྱུ་འབྲས་ཏེ་གསུམ་ལས། དང་པོ་ནི། གཞི་ལམ་འབྲས་བུའི་རིམ་ཤེས་པས། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །ཞེས་ཏེ། གཞི་རྟེན་གྱི་ཆོས། ལམ་སྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སའི་བཞུགས་ཚུལ་ཏེ། རྒྱུད་གསུམ་གྱི་རིམ་པ་ཤེས་པས་ནི། ལམ་གྱི་རིམ་པ་མཐའ་དག་ཤེས་པར་འགྱུར་ཏེ། འདིར་སྐབས་སུ་བབ་པ་ནི་རྫོགས་པའི་རིམ་པ་སྟེ། དེ་ཡང་ལུས་དབེན་དང༌། སྔགས་ཏེ་ངག་དབེན་དང་སེམས་གསུམ་ཞེས་པས་སེམས་དབེན་དང༌། སྒྱུ་མའི་ལུས་བདག་བྱིན་བརླབ་པའི་རིམ་པ་དང༌། འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་དང༌། ཟུང་འཇུག་གི་རིམ་པའམ་མི་གནས་པའི་མྱང་འདས་ཀྱི་རིམ་པ་སྟེ། སོ་སོར་ཕྱེ་བས་དྲུག་ཡིན་ལ། དང་པོ་གཉིས་གཅིག་ཏུ་བསྡོམས་ཏེ། རྡོ་རྗེའི་བཟླས་པའི་རིམ་པ་ཞེས་བྱས་ན་རིམ་པ་ལྔའོ། །འདིར་བྱེད་པ་པོའི་སྒྲ་གཉིས་ནི་རྒྱུ་འབྲས་སུ་སྟོན་པ་སྟེ། སེམས་གསུམ་གྱིས་ཞེས་བྱེད་པོའི་སྒྲ་ནི། སེམས་དབེན་གྱི་བདེ་སྟོང་མཐར་ཕྱིན་པའི་བྱེད་པས་སྒྱུ་ལུས་ཀྱི་སྐུ་འགྲུབ། ཅེས་དང་མངོན་པར་བྱང་ཆུབ་པའི་རིམ་པ་དོན་གྱི་འོད་གསལ་གྱིས་ནི་ཟུང་འཇུག་གི་སྐུ་འགྲུབ་བོ་ཞེས་པའོ། །གཉིས་པ་ནི། སྔགས་ཀྱི་ཡི་གེའི་འཁོར་ལོ་ནི། དང་པོར་ཆུ་སྐྱེས་འདབ་བརྒྱད་པ། །ཕྱི་ནང་གསང་བའི་ཚུལ་གྱི་ནི། །རིམ་པ་ལྡན་པར་བསམ་གཏན་བྱ། །


TNT05_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རིམ་ཤེས་རབ་དབྱངས་ཡིག་མཚན། །བར་མ་གསལ་བྱེད་ཐབས་བཅས་པ།། གཉིས་སུ་མེད་པ་ནང་མར་གནས། །ཕྱོགས་མཚམས་རིམ་པ་ཏིང་ངེ་འཛིན། ། སྦྱོར་བ་རྣམ་པ་གསུམ་རང་བཞིན། །དབུས་སུ་མི་ཤིགས་ཐིག་ལེ་སྟེ། །ཨ་དང་བཅས་པ་སྲོག་གྱུར་གང༌། །ཀུན་གྱི་སྙིང་པོ་སྤྲོ་ཞིང་སྡུད། །ཞེས་འདིར་གོང་དུ་ཟུར་ཙམ་སྨོས་པའི། སྙིང་གར་སྒོམ་རྒྱུའི་སྔགས་ཀྱི་ཡི་གེའི་འཁོར་ལོ་ནི། ཆུ་སྐྱེས་འདབ་མ་བརྒྱད་པ། ཕྱི་རིམ་དཀར་པོ་འདབ་བརྒྱད་དང༌། ནང་རིམ་མཐིང་ག་འདབ་བརྒྱད་དང༌། གསང་བ་རིམ་པ་བར་མ་དམར་པོ་འདབ་བརྒྱད་དེ། དེ་ལྟ་བུའི་ཚུལ་གྱིས་ནི། རིམ་པ་གསུམ་དང་ལྡན་པར་བསྒོམ་པའི་བསམ་གཏན་བྱའོ། །འཁོར་ལོ་ལ་ཡི་གེ་འགོད་ཚུལ་ནི། ཕྱི་རིམ་ལ་ཤེས་རབ་སྟེ། བདེ་སྟོང་སྣང་བའི་རང་བཞིན་དབྱངས་ཡིག་གིས་མཚན་པ་དང༌། བར་མ་ལ་ཐབས་གསལ་སྟོང་མཆེད་པའི་རང་བཞིན་གསལ་བྱེད་དང་བྱས་པ་དང༌། ནང་མ་ལ་ཤེས་རབ་སྣང་བ་དང༌། ཐབས་མཆེད་པ་གཉིས་སུ་མེད་པ། བདེ་གསལ་ཆ་མཉམ་ཞིང་མི་རྟོག་པའི་སྟོང་ཉིད་འཐུག་པོ་ཐོབ་པའི་ངོ་བོར་གནས་པའི་རང་བཞིན་ནི་མ་ནིང་གི་དབྱངས་བཞིའོ། །དེ་ཡང་ཕྱི་མ་དང་བར་མ་ལ། ཕྱོགས་མཚམས་ཀྱི་འདབ་བརྒྱད་ཀར་ལ་ཡི་གེ་འགོད། ནང་མའི་ཕྱོགས་བཞི་ལ་འགོད་པའི་རིམ་པར་ཏིང་ངེ་འཛིན་ཏེ་གསལ་སྣང་ཐོབ་པར་བྱའོ། །སྙིང་ག་ནི་མཚོན་པ་ཙམ་སྟེ་རྩ་འཁོར་གཞན་ལ་ཡང་ཇི་ལྟར་རིགས་པ་བསྒོམ་མོ། །སྦྱོར་བ་རྣམ་པ་གསུམ་ཞེས་པ་ནི། རྩ་འཁོར་རིམ་པ་གསུམ་


TNT05_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལ་དམིགས་པ་བསྟད་ན། སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་སྐྱེ་བའི་ནུས་པ་ཡོད་པས་དེའི་རང་བཞིན་ཞེས་བྱ་སྟེ། བུར་ཤིང་བུ་རམ་གྱི་རང་བཞིན་ཞེས་པ་དང་འདྲའོ། །འཁོར་ལོ་དེའི་དབུས་སུ་འཁོར་ལོའི་ལྟེ་བར་གྱུར་པ། རྩ་དབུ་མའི་ནང་ན་མི་ཤིགས་པའི་ཐིག་ལེ་གནས་ཏེ། དེ་ཉིད་ངག་ཐམས་ཅད་ཀྱི་རྩ་བ་ཡི་གེ་ཨ་ཐུང་དང་བཅས་པ། སྲོག་གི་རླུང་དྭངས་མར་གྱུར་པ་གང་དེ་བསྒོམ་པར་བྱའོ། །དེ་ལ་མི་ཤིགས་པའམ་གཞོམ་དུ་མེད་པའི་ཐིག་ལེ་ནི། ཀུན་རྫོབ་ཀྱི་གནས་སྟབས་ལྟར་ན། སྙིང་གའི་དབུས་ཀྱི་རྩ་དབུ་མའི་ནང་རྩ་ཆུ་ཤིང་གི་མེ་ཏོག་ཅེས་བྱ་བའི་དབུས་ན། དཀར་དམར་རླུང་གསུམ་གྱི་དྭངས་མ་ལས་ཤིན་ཏུ་དྭངས་མར་ཡུངས་དཀར་སྦོམ་པོའམ་ཙ་ན་ཀའི་ཚད་ཙམ་འཇའ་ཚོན་ཤར་བ་ལྟ་བུར་གནས་ལ། རླུང་དེ་ཡང་དྲོད་ཀྱི་རང་བཞིན་དུ་བཤད་ཅིང༌། ཡུལ་རུང་བ་ན་གནས་པ་མ་ཡིན་པས། སྐྱེ་བོ་ཕལ་པས་མི་མཐོང་ཡང༌། མངོན་ཤེས་མཆོག་དང་ལྡན་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ཏེ་ཁམས་བརྒྱད་འདུས་པ་ཡིན་པའི་ཕྱིར། གཟུགས་ཅན་རྡུལ་གྱི་ཁམས་སུ་གཏོགས་ལ། གཟུགས་སྣང་ཤིན་ཏུ་གསལ་བ་དང༌། རེག་ཐོགས་ཤིན་ཏུ་ཕྲ་བ་ཙམ་ཡོད་དོ། །དེ་ལ་བརྟེན་པའི་སེམས་ཀྱང་ཡུལ་སྣང་སྣ་ཚོགས་དང༌། རྣམ་རྟོག་སྣ་ཚོགས་ཀྱི་རིགས་སུ་མ་ཆད་པའི་རང་རིག་བདེ་བ་ཙམ་ཞིག་དེ་དང་འདྲེས་ནས་གནས་ལ། ཐིག་ལེ་དེའི་མདངས་དང༌། དད་པ་དང༌། ནུས་པས་


TNT05_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་ཀུན་ལ་ཁྱབ་ཅིང༌། ཀུན་རྫོབ་སྣང་བ་སྣ་ཚོགས་པ་བསྐྱེད་པའི་རྩ་རླུང་ཐིག་ལེ་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་བའང་ཡིན་ནོ། ། དོན་དམ་པའི་གནས་སྟབས་ནི་ངོ་བོ་སྤྲོས་བྲལ་གྱི་སེམས་ཉིད་རང་བཞིན་འོད་གསལ་དེ་ཁོ་ན་ཡིན་ཀྱང་རྣམ་གཞག་སྤྱི་ཁྱབ་རྒྱ་ཡན་པ་དེ་ཙམ་གྱིས། སྟོང་ཧང་ཧང་ཆམ་ཆམ་མཐོ་ཟང་ཟང་གི་ཁུངས་ཅིག་མ་གཏོགས། གོ་བ་རྣལ་མ་ཅིག་མི་སྐྱེ་བས། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཀྱི་གོ་བ་ཅིག་དགོས་སོ། ། གོ་བ་མདོ་དང་ཐུན་མོང་མ་ཡིན་པ་ལས་མེད་པ་དང༌། མདོ་ལུགས་ཀྱི་གོ་བའང་ཕྱོགས་འགྲོ་ཙམ་ཡང་མེད་པར། བག་མེད་ཀྱི་རྒྱབ་སྐྱོར་དུ་གསང་སྔགས་ལོག་པའི་ཆོས་སྐད་རེ་རེ་ཙམ་ཁྱེར་ཡོང་བ་ལ་སྙིང་པོ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ནོ། །འདིར་བཤད་པ། རང་བཞིན་འོད་གསལ་གྱི་སེམས་དེ། ཡོད་མེད་ཡིན་མིན་རྟག་ཆད་སྐྱེ་འགགས་མཐའ་དབུས་སོགས་སྤྲོས་པ་ཐམས་ཅད་དང་བྲལ། སྒྲ་དང་རྟོག་པའི་ཡུལ་ལས་འདས་པས། བལྟ་བཟུང་མེད། ཡུལ་དུས་གང་དུའང་མ་གྲུབ་ཀྱང༌། ངོ་བོ་རིག་པ་བདེ་བ་ཆེན་པོ་འགྱུར་མེད་དུ་གནས་པས། རྣམ་ཆ་ཀུན་རྫོབ་ཀྱི་ཤེས་པ་གང་ལའང་མི་སྣང་མོད། རང་གི་ངོ་བོ་གདོད་མ་ནས་རྣམ་པ་ཐམས་ཅད་དུ་རྟག་ཏུ་ཤར་བ་ཅིག་ཡོད། དེ་ཤེས་བྱ་ཀུན་ལ་ཉེ་རིང་མེད་པར་ཁྱབ་པ་ཡིན་ཀྱང༌། ཀུན་རྫོབ་རྣམ་ཤེས་འཁོར་བཅས་ལ་གཟུགས་ཅན་ལ་ནམ་མཁས་ཁྱབ་པ་ལྟར་ཁྱབ་པ་སྟེ། ཁྱབ་བྱ་རྣམ་


TNT05_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཁོ་རང་ཡང་སེམས་རིག་པའི་རྣམ་པར་ཤར་བའི་རྒྱུ་མཚན་གྱིས་ཐབས་ལ་མཁས་ན། ཁྱབ་བྱེད་རང་བཞིན་འོད་གསལ་དེ་ཡང༌། གྲིབ་མའི་ཚུལ་གྱིས་ཤེས་པ་དང་མྱོང་བར་རུང༌། རྣམ་ཤེས་ཡིན་པའི་རིང་ལ། དངོས་སུ་རྟོགས་པ་ནི་མི་འབྱུང༌། ལམ་གྱི་ཡེ་ཤེས་སུ་གནས་གྱུར་ན་ནི་རུང༌། ལམ་གྱི་ཡེ་ཤེས་ཀྱིས་དངོས་སུ་རྟོགས་པ་དང༌། ཐབས་དང་ལྡན་ན། རྣམ་ཤེས་ཀྱིས་ཀྱང་གྲིབ་མའི་ཚུལ་དུ་མྱོང་བའི་རྒྱུ་མཚན་ནི། རང་བཞིན་འོད་གསལ་དང་རྣམ་ཤེས་གཉིས་སོ། །ཤེས་རིག་ཙམ་དུ་རྣམ་པར་མཚུངས་པའི་རྒྱུ་མཚན་གྱིས་ཡིན། གཟུགས་སོགས་དོན་དུ་སྣང་བ་རྣམས་ལ། རང་བཞིན་འོད་གསལ་དེས་ཁྱབ་མོད་ཀྱང༌། གཟུགས་སོགས་ཉིད་བེམ་པོར་སྣང་གི་ཤེས་པར་མི་སྣང་བས། ཐབས་དང་བཅས་པར་མི་རུང་ཞིང་བཅས་ཀྱང་རང་བཞིན་འོད་གསལ་གྲིབ་མའི་ཚུལ་གྱིས་ཉམས་སུ་མྱོང་བ་ཡང་མ་ཡིན་ནོ། །དོན་དམ་མི་ཤིགས་པའི་ཐིག་ལེ་དེ། ཆོས་ཉིད་ཡིན་བདེ་གཤེགས་སྙིང་པོ་ཡིན། དེ་ཤེས་བྱ་ཐམས་ཅད་ལ་དབྱེར་མེད་དུ་ཁྱབ་ཀྱང༌། རེ་ཞིག་སྣོད་ཀྱི་འཇིག་རྟེན་སོགས་ལ་བགྲོས་མེད་དུ་བཞག་ནས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །རྣམ་ཤེས་དང་རྣམ་རྟོག་གི་རང་བཞིན་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་ལོགས་སུ་བཀར་ནས་འཆད་པའི་རྒྱུ་མཚན་དེ་ཡིན་ནོ། །རང་བཞིན་འོད་གསལ་གྱི་ཡེ་ཤེས་ལྟ་ཅི་སྨོས། རྣམ་ཤེས་ཀྱང་གཟུགས་ཅན་མ་ཡིན་པའི་ཕྱིར། གནས་ཕྱོགས་ཆ་གཅིག་ལ་གནས་པའི་


TNT05_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་མེད་མོད་ཀྱི། འོན་ཀྱང་རྣལ་འབྱོར་ཅན་གྱི་སེམས་ཀྱི་སྣང་བ་ལ། འོད་གསལ་ཡེ་ཤེས་དེ་ཡང་རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ། བདེ་བའི་རླུང་དང་ཐིག་ལེ་འདྲེས་པའི་རྣམ་པར་སྣང་བའི་རྒྱུ་མཚན་དང༌། དབུ་མར་རླུང་ཐིམ་པའི་རྐྱེན་གྱིས། དེ་རྟོགས་པའི་ཡེ་ཤེས་སྐྱེ་བའི་ཕྱིར། དབུ་མ་ཡེ་ཤེས་ཀྱི་རྩར་འཇོག་ཅིང༌། དབུ་མའི་གནས་ཀྱི་གཙོ་བོ་ཡང༌། ཆོས་སྐོར་འདི་བའི་ལུགས་ཀྱི། ཆོས་ཀྱི་འཁོར་ལོའི་དབུས་ལ་བཞེད་པས། དེར་གནས་པའི་ཐ་སྙད་བྱེད་དོ། །དེ་ཉིད་ཨ་ཐུང་དུ་བཤད་པ་ནི། ཨ་ཡིག་གི་གཟུགས་དང་སྒྲ་ཙམ་ལ་ཟེར་བ་མ་ཡིན་གྱི། ངག་དང་རླུང་ཐམས་ཅད་འབྱུང་བའི་གཞི་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ཐུང་ངུ་མ་ལུས་དག་དུ་འགྱུར། །ཞེས་སོ། །སྐྱེ་བ་མེད་པའི་ཡེ་ཤེས་ཀྱང་མཚོན་ཏེ། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་སོ། །དེ་ལྟ་བུའི་མི་ཤིགས་པ་དེ་ནི། རྩ་དང་རླུང་དང་ཐིག་ལེ་དང༌། ཤེས་པ་ཀུན་གྱི་སྙིང་པོ་ཡིན་ཏེ། ལྷ་མོ་བཞིས་ཞུས་པ་ལས། སྙིང་པོ་ལས་ནི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་གསང་བ་ནི། །གང་དེ་ཐམས་ཅད་བདག་ཉིད་གནས། །དེ་ནི་ལྷ་མོ་བཤད་པར་བྱ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་དཀར་གྱི་ནི་འབྲུ་ཚོད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་སོ། །འདི་ནི་སྣང་བ་སྣ་ཚོགས་པ་འཆར་བའི་གཞི་ཡིན་པས། ཁམས་གསུམ་སྤྲོ་བ་དང༌། མཐར་གང་


TNT05_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པར་འགྱུར་བའི་གནས་ཡིན་པས་སྡུད་པ་པོའོ། །ཡང་ན་རླུང་རྣམས་ཐམས་ཅད་སྤྲོ་བ་དང་བསྡུ་བའི་གནས་ཡིན་པ་ལ་བཤད་ཀྱང་རུང་ངོ༌། །གསུམ་པ་རིམ་ལྔའི་གོ་རིམ་རྒྱུ་འབྲས་ནི། འབྱུང་བ་བཞིའི་རླུང་རྣམས་ཉིད། །རླུང་དང་སྔགས་སུ་རབ་སྦྱོར་བས། །རྡོ་རྗེའི་བཟླས་པ་སྦྱང་བར་བྱ། ། འབྱུང་འཇུག་གནས་པ་ཉིད་དུ་བཤད། །ཐ་མལ་རྣམ་རྟོག་བག་ཆགས་རྣམས། ། སྔགས་ཉིད་སེམས་སུ་དམིགས་པས་སོ། །ལུས་དག་པས་ནི་རྟོག་པ་དག །རླུང་དག་པས་ནི་དྲི་མེད་འགྱུར། །རླུང་དག་པས་ནི་ཡེ་ཤེས་ཀྱི། །ཀུན་རྫོབ་སྒྱུ་མ་མངོན་དུ་བྱེད། །དེ་ཉིད་མངོན་པར་བྱང་ཆུབ་པས། །ཟུང་འཇུག་ཡེ་ཤེས་ཐོབ་པར་འགྱུར། །ཞེས་པ་ཡིན་ལ། ལས་རྣམས་བྱ་བ་འཕྲིན་ལས་ཚོགས། །རྣམ་ཤེས་ཡེ་ཤེས་སྦྱོར་བས་འགྲུབ། །ཅེས་པ་འདི་འཕྲོས་དོན་ནོ། །འདིའི་དོན་འཆད་པ་ལ། ཐོག་མར་བསྐྱེད་རིམ་དང༌། ལུས་དབེན་ཁ་འགེངས་དགོས་ཏེ་འོག་ཏུ་འཆད། ངག་རྣམ་པར་དབེན་པ་ནི། འབྱུང་བ་བཞི་ཡི་རླུང་རྣམས་ཉིད། །ཅེས་པ་འབྱུང་ཆེན་གྱི་དབང་དུ་བྱས་ན་པདྨའི་མགོན་པོ་མེ། ལས་ཀྱི་མགོན་པོ་རླུང༌། རྡོ་རྗེ་མགོན་པོ་ཆུ། རིན་ཆེན་མགོན་པོ་སའི་དཀྱིལ་འཁོར་ཏེ། དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་བས་ཐུན་གཅིག་རྫོགས་ཏེ་དེ་ལྟར་ཉིན་ཞག་གཅིག་ལ་ཐུན་དྲུག་གོ །འབྱུང་ཆུང་གི་དབང་དུ་བྱས་ན། མགོན་པོ་རེ་རེ་ལ་ཡང་ལྷ་མོ་བཞི་བཞིས་ཕྱེ་སྟེ། གོས་དཀར་མོ་མེ། སྒྲོལ་མ་རླུང༌། མཱ་མ་ཀཱི་ཆུ། སྤྱན་མ་ས་སྟེ། དབུགས་ཉིས་བརྒྱ་


TNT05_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ལྔ་རེ་རྒྱུའོ། །དེ་ལྟར་ན་གང་ལ་བཟླས་པ་བྱ་བའི་གཞི་ནི། ཉིན་ཞག་ཕྲུགས་གཅིག་ལ་འབྱུང་བ་བཞིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་དེ་རྣམས་ཉིད་དེ། རླུང་གི་དེ་ཁོ་ན་ཉིད་ཀྱི་དོན་བསྡུས་པའོ། །དེ་འདྲ་བའི་རླུང་དེ་དབུག་དེ་རྣམས་དང༌། ཡི་གེ་འབྲུ་གསུམ་གྱི་སྔགས་རབ་ཏུ་སྦྱོར་བ་ཤེས་པར་བྱ་སྟེ། དེ་ཡང་འཕགས་སྐོར་གྱི་ལུགས་འདི་ལྟར་ན། རླུང་ཕྱིར་འབྱུང་བ་ཧཱུཾ། ནང་དུ་འཇུག་པ་ཨོཾ། གནས་པ་ཨཱཿཡིག་ཉིད་དུ་སྦྱར་ཏེ་བཤད་པར་བྱའོ། །སྐབས་འདིར་སྔགས་བཏུབ་དང༌། སྔགས་ཀྱི་དོན་དང༌། སྔགས་ཀྱི་བརྡ་དང༌། སྔགས་ཀྱི་དོན་དམ་པ་སྟེ། དོན་ཚན་བཞི་པོ་དེ་དག་རྒྱས་པར་ཤེས་དགོས་མོད། རིམ་ལྔ་ཆེན་མོ་ཉིད་དུ་རྟོགས་པར་བྱའོ། །དོན་ལ་ཡི་གེ་འབྲུ་གསུམ་དུ་སྔགས་ཐམས་ཅད་འདུས་ཚུལ་གྱི་རྣམ་གཞག་ཤེས་པ་དང༌། ཡི་གེའི་གཟུགས་དང༌། ཡི་གེའི་སྒྲའམ་གཟུགས་ལ་སེམས་བརྟད་དེ་བསྒོམ་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ནི་ཡིན་མོད། འོན་ཀྱང་དེ་དག་མཚོན་བྱེད་བརྡ་ཙམ་སྟེ། དོན་ནི་མང་མོད་ཀྱང་གཙོ་བོ་ནི་གཟུགས་སྣང་གི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོ་སྣང་སྟོང་དུ་གདོད་ནས་གནས་པ་དེ་ཨོཾ་ཡིག་གིས་མཚོན། རླུང་ནང་དུ་འཇུག་པ་དབུ་མར་ཐིམ་པའི་ཡེ་ཤེས་ཀྱིས་དེ་རྟོགས། སྒྲ་དང་ངག་ཚིག་ཐམས་ཅད་ཀྱི་རང་བཞིན་གྲག་སྟོང་སྒྲ་སྐད་ཐམས་ཅད་པའི་སྔགས་སུ་གནས་པ་དེ་ཨཱཿཡིག་གིས་མཚོན། རླུང་ནང་དུ་གནས་པ་དབུ་མར་ཐིམ་པའི་ཡེ་ཤེས་ཀྱིས་དེ་རྟོགས། རིག་པ་ཐམས་ཅད་ཀྱི་རང་བཞིན། ཐིག་ལེ་འགྱུར་མེད་ཀྱི་བདེ་བ་དང༌། སྟོང་པ་དབྱེར་མེད་དུ་གནས་པ་དེ་ཧཱུཾ་ཡིག་གིས་མཚོན། རླུང་ཕྱིར་རྒྱུ་བ་དབུ་མར་འགགས་


TNT05_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་རྟོགས་ཏེ། རྟོགས་ཚུལ་ཡང་ངག་དབེན་གྱི་རིམ་པའི་སྐབས་འདིར། གྲིབ་མའི་ཚུལ་གྱིས་རྟོགས་པ་ཡིན་ཏེ། གྲིབ་མ་ནི་གཟུགས་བརྙན་ཤར་བ་ལ་ཟེར་རོ། །ཡི་གེ་གསུམ་གྱི་གཙོ་བོ་ཧཱུཾ་ཡིན་ཞིང༌། རླུང་གི་གཙོ་བོ་གནས་ཡིན་ཀྱང༌། ངག་དབེན་གྱི་འདིར་གསུང་གི་བཟླས་པ་གཙོ་ཆེ་བས། རླུང་གི་གཙོ་བོ་གནས་པ་དང༌། གསུང་གི་སྔགས་ཨཱཿཡིག་སྦྱར་རོ། །དེ་དག་ནི་སྔགས་ཀྱི་དེ་ཁོ་ནའོ། །དེ་ལྟར་རླུང་རྣམས་ཀྱི་ཀུན་རྫོབ་ཀྱི་གནས་སྟབས་རླུང་གི་དེ་ཉིད་དང༌། དོན་དམ་གྱི་གནས་སྟབས་སྔགས་ཀྱི་དེ་ཉིད་གོ་ཞིང་ཤེས་ནས། བཟླས་པའི་དེ་ཉིད་ཅེས་བྱ་བ། ངག་དབེན་གྱི་ཉམས་ལེན་རྡོ་རྗེའི་བཟླས་པ་ལ་བསླབ་ཅིང་སྦྱང་བར་བྱའོ། །དེ་ཡང་གཉིས་མེད་རྣམ་རྒྱལ་ལས། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་སྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ནི། ཁམས་གསུམ་སྒྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་བྱུང་བའི་སྔགས། །མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང༌། །རྡོ་རྗེ་སེམས་དཔར་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་གསུངས་ཏེ། ཁམས་གསུམ་ནི་སྣང་བ་གསུམ་གྱི་ས་ཏེ་ངག་དབེན་ལ་བརྟེན་ནས་སེམས་དབེན་འགྲུབ་པ་ལ་དགོངས་སོ། །མཚན་ཉིད་དྲུག་པོ་ནི། བགྲང་པ་དང༌། རྣམ་པར་དཔྱད་པ་དང༌། གནས་པ་དང༌། རྟོག་པ་དང༌། བཟློག་པ་དང༌། རྟོག་བཅས་སྤངས་པ་སྟེ། སྤྱིར་རྡོར་བཟླས་ཀྱི་དབྱེ་བ་དྲུག་ཡོད་པ་ལས། དང་


TNT05_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསུམ་པོ་ངག་དབེན་གྱི་བཟླས་པའི་སྐབས་སུ་སྦྱོར་རོ། །དེ་ཡང་རྡོ་རྗེ་འཕྲེང་བ་ལས། དབུགས་ཀྱི་ཚད་ནི་བགྲང་བ་དང༌། །རླུང་གི་རྣམ་པར་དཔྱད་པ་དང༌། །གནས་ཀྱི་དབྱེ་བ་རྩ་རྣམས་ཀྱིའོ། །དུས་ཀྱི་དབྱེ་བ་རྟོག་པ་དང༌། །རླུང་རྣམས་ཀྱི་ནི་བཟློག་པ་དང༌། །རྟོག་དང་བཅས་པ་སྤངས་པ་སྟེ། །དེ་ལྟར་མདོར་བསྡུས་རྣམ་དྲུག་གིས། །འབྱུང་དང་རྔུབ་པ་ཞེས་སུ་བརྗོད། །ཅེས་གསུངས་ཏེ། དང་པོ་ནི་རྒྱུ་བ་ངེས་པ་ཡིན། གཉིས་པ་ནི་རྣམ་པ་གསལ་བ་ཡིན། གསུམ་པ་ནི། རྩ་གང་ནས་རླུང་གང་རྒྱུ་ཤེས་པ་ཡིན། ངག་དབེན་གྱི་སྐབས་དེར་གསུམ་པོ་དེའོ། །བཞི་པས་རླུང་གང་དང་གང་གིས་རྣམ་རྟོག་དེ་དང་དེ་བསྐྱེད་པ་ཤེས་པས་རྟོག་པ་དང་རྟོག་མེད་ཀྱི་ས་མཚམས་མངོན་སུམ་དུ་རིག་པ་སྟེ། སེམས་དབེན་གྱི་རིམ་པའི་སྐབས་ཀྱི་རྡོར་བཟླས་དང༌། ལྔ་པས་རྣམ་རྟོག་རྣམས་སྒྱུ་མ་ལྟ་བུར་ཤེས་པས་རྟོག་མེད་དུ་གནས་འགྱུར་བར་རྟོགས་པས། སྒྱུ་ལུས་ཀྱི་རིམ་པའི་སྐབས་ཀྱི་རྡོར་བཟླས་དང༌། དྲུག་པས་རྟོག་པ་སྤངས་པའི་རྟོག་མེད་ཀྱི་ཡེ་ཤེས་མངོན་དུ་བྱེད་པས་འོད་གསལ་གྱི་རིམ་པའི་རྡོར་བཟླས་སོ།། འདིར་བཤད་པའི། བགྲང་དང་རྣམ་དཔྱད་གནས་པ་དང༌། །རྟོག་དང་ཟློག་དང་རྟོག་བཅས་སྤངས། །ཞེས་པའི་དྲུག་པོ་འདི་མདོ་ལུགས་ནས། བགྲང་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་དང་བསྒྱུར་དང་ཡོངས་དག་གོ །ཞེས་པ་དང་དོན་ཡང་ཕྱོགས་འདྲ་ཞིང༌། འགྱུར་ཁྱད་དང་མིང་གི་རྣམ་གྲངས་མ་གཏོགས་མིང་གཅིག་ཁོ་ནའོ། །དེ་ལ་སྐབས་འདིར་རྡོ་རྗེའི་བཟླས་པ་ཞེས་


TNT05_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རགས་པའི་དབུགས་འདི་རགས་པའི་རྩ་དབུ་མར་ཞུགས་གནས་ཐིམ་གསུམ་བརྟན་པོར་སོང་བའི་སྐབས། མཉམ་བཞག་ཏུ་རླུང་འཇུག་གནས་ལྡང་གསུམ་ཐམས་ཅད་ཀྱིས་བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད་པ་ཅིག་ཡོད་པ་དེ་ལ་ཟེར་བས། བུམ་པ་ཅན་དང༌། རྡུལ་མཐའ་ཅན་དང༌། གང་བ་ཅན་དང༌། རེངས་པ་ཅན་དང༌། རྩ་ལམ་སྦྱོང་བའི་རྡོར་བཟླས་སོགས་གང་བྱས་ཀྱང༌། ཐམས་ཅད་རྡོ་རྗེའི་བཟླས་པ་ཡིན་གྱི། རྡོ་རྗེའི་བཟླས་པ་ཟེར་ན་རྩ་སྦྱོང་རྡོར་བཟླས་ཁོ་ན་ལ་མི་གཟུང་ངོ༌། །དེ་ནི་རྩ་ལམ་སྦྱོང་བྱེད་ལ་རྡོར་བཟླས་ཞེས་སྤྱི་མིང་བྱེ་བྲག་ལ་ཐོགས་པའོ། །ཡང་རྩ་ལམ་སྦྱོང་བྱེད་ཡིན་ཞེས་བྱས་པ་ནི། ཁ་ཅིག་སྔོན་འགྲོ་ལམ་སེལ་ཙམ་ཡིན་གྱི། རླུང་དབུ་མར་ཐིམ་བྱེད་ཀྱི་རླུང་སྦྱོར་དངོས་གཞི་མིན་ཟེར་བར་འདུག སྨད་ར་བཏང་བྱུང་བསམ་ནས། ཚིག་པ་ཟ་བར་བྱེད་མོད། རྩ་ལམ་སྦྱངས་པས་ཀྱང་རླུང་དབུ་མར་ཐིམ་པར་འགྱུར་རོ། །དེ་བས་ན་རྡོ་རྗེའི་བཟླས་པ་དང་སྲོག་རྩོལ་ལ་རྒྱ་ཆེ་ཆུང་ཡོད་པ་མ་ཡིན་ནོ། །དེ་དག་ནི་བཟླས་པའི་ཁོ་ན་ཉིད་དེ། ངག་དབེན་བཤད་ཟིན་ཏོ། །གོང་དུ་བཤད་པའི་སྔགས་ཉིད་ཀྱི་དོན། རླུང་དབུ་མར་འགགས་པའི་སྟོབས་ལས་ཐོབ་པའི་གསལ་སྟོང་གི་རིག་པ་ངག་ཚིག་བརྗོད་བྲལ་དུ་ཤར་བ་ལ། བདེ་བ་དང་ལྷ་སྐུས་བརྒྱན་པ་དེ་ཉིད་ཀྱི་རྒྱུན་སླར་ཡང་ཞུ་བདེའི་ཐིག་ལེ་རྩ་འཁོར་རྣམས་སུ་བརྟན་པར་གྱུར་པའི་བདེ་སྟོང་གི་སེམས་ལ་དམིགས་


TNT05_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ཏེ་སེམས་རྣམ་པར་དབེན་པ་དེས་ཐ་མལ་གྱི་རྣམ་རྟོག་རང་བཞིན་བརྒྱད་ཅུའི་བག་ཆགས་རྣམས་དག་པར་བྱེད་དོ། །དེ་ཡང་ལུས་ཐིག་ལེ་དག་པ་དེ་བརྟན་པར་གྱུར་པས་ནི། རྣམ་པར་རྟོག་པ་མངོན་གྱུར་བ་དག་པ་སྟེ། མཉམ་བཞག་ཏུ་ཡང་ཡང་འགག་པར་འགྱུར་ལ། རྣམ་རྟོག་གི་བཞོན་པའི་རླུང་དག་ཅིང་དངོས་སུ་འགག་པས་ནི། བག་ཆགས་ཀྱི་དྲི་མ་མེད་པར་འགྱུར་ཞེས་པའོ། །དེ་ཡང་རྡོར་བཟླས་ཀྱི་རིམ་པའི་སྐབས། རླུང་དབུ་མར་ཐིམ་པའི་ཡེ་ཤེས་ཁོ་ན་གཙོ་བོ་ཡིན། ཡན་ལག་ཏུ་རྩ་དབུ་མར་ལུགས་འབྱུང་ལུགས་ཟློག་བྱས་པའི་དགའ་བཞིའི་བདེ་སྟོང་ཙམ་ཡོད་མོད་ཀྱང༌། ཐིག་ལེ་རྩ་འཁོར་དུ་བརྟན་ཞིང་ཆགས་པའི་བདེ་སྟོང་མེད་པ་ལས་འདིར་དེ་ཡོད་དོ། །དེ་ལྟ་བུའི་བདེ་སྟོང་གི་ཡེ་ཤེས་ཀྱི་མཐུ་ལས། སྣང་བ་གསུམ་གྱིས་རྒྱུད་ལ་སྐྱེ་བ་ཡིན་ཏེ། བདེ་སྟོང་ལ་དམིགས་པས་ལྡང་རྟོག་གི་རླུང་འགགས། ཐིག་ལེ་ཅུང་ཟད་བརྟན་པས། མཉམ་བཞག་ཏུ་རང་བཞིན་སོ་གསུམ་མངོན་འགྱུར་བ་འགག་ཅིང༌། སྣང་བའི་ས་ཐོབ། བདེ་བ་ལ་དམིགས་པས་རགས་རྟོག་གི་རླུང་འགགས། ཐིག་ལེ་འབྲིང་ཙམ་བརྟན། རང་བཞིན་བཞི་བཅུ་མཉམ་བཞག་ཏུ་འགགས། མཆེད་པའི་ས་ཐོབ། ཡང་བདེ་བ་ལ་དམིགས་པས་རྨོངས་རྟོག་གི་རླུང་འགགས། ཐིག་ལེ་ཆེན་པོར་བརྟན། རང་བཞིན་བདུན་མཉམ་བཞག་ཏུ་འགགས། ཐོབ་པའི་སའོ། །འདིར་བག་ཆགས་དག་པར་གསུང་བ་ནི། བག་ལ་ཉལ་དང་ས་བོན་དག་པ་མ་ཡིན། རྣམ་རྟོག་དེ་དག་སྐྱེ་བའི་གཞི་དབང་པོ་དང་ཡུལ་གྱི་སྣང་བ་དེ་


TNT05_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་ཏུ་ཐིམ་པའི་མིང་ངོ༌། །ཐོབ་པའི་ས་མཐར་ཐུག་པ་ན། ཁམས་ཕྲ་རགས་འོད་གསལ་ལ་ཐིམ་ཚུལ་ཁམས་དྲུག་ལྡན་པའི་མི་ཞིག་འཆི་བའི་དུས་ཀྱི་ཐིམ་ཚུལ་ལས། སྟོབས་མི་ཆུང་བའི་བདེ་སྟོང་འོད་གསལ་ལ་ངང་གིས་གནས་པ་ཞིག་འབྱུང་སྟེ། སེམས་དབེན་མཐར་ཐུག་གི་འོད་གསལ་ལམ། ཉེར་ཐོབ་བཞི་པའི་ས་ཞེས་མིང་འདོགས་སོ། །དེ་ལྟར་རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་རླུང་རགས་པ་རྣམས་མཉམ་བཞག་ཏུ་འགགས་པའི་ཚུལ་གྱིས་དག་པས་རྣལ་འབྱོར་པའི་རླུང་སེམས་བདེ་བའི་ངོ་བོར་གྱུར་པ་ན། ཡེ་ཤེས་ཀྱི་སྐུ་ཀུན་རྫོབ་བདེན་པ་སྒྱུ་མའི་ལུས། བདག་བྱིན་བརླབ་པའི་རིམ་པ་མངོན་དུ་བྱེད་དོ། །རླུང་སེམས་ཙམ་གྱི་དྭངས་མའི་གཞི་ལུས་ཏེ། རགས་པའི་ལུས་ལ་མེ་ཏོག་དང༌། མེ་ཏོག་གི་དྲི་ལྟར་གདོད་ནས་གནས་ཀྱང་མི་མཐོང་ཞིང་བྱ་བ་མི་བྱེད་པ་དེ། ཕྲ་རགས་ཐིམ་རིམ་གྱི་མཐར་འཆི་སེམས་གྱི་འོད་གསལ་ཤར་བས་དྭངས་སྙིགས་བྱེ་སྟེ་བར་དོའི་ལུས་རང་སྣང་ལ་ལུས་ཀྱི་བྱ་བ་བྱེད་ནུས་དེ་མངོན་དུ་འགྱུར་བ་བཞིན་དུ། སྒྲུབ་པ་པོའི་རླུང་སེམས་ཀྱི་ལུས་སྔར་ཤ་ཁྲག་གི་ལུས་ལ་འདྲེས་ནས་མི་མཐོང་ཞིང་བྱ་བ་མི་བྱེད་པ་དེ། འཆི་སེམས་ལས་སྟོབས་མི་ཆུང་བའི་ཉེར་ཐོབ་བཞི་པའི་འོད་གསལ་དེས་དྭངས་སྙིགས་བྱེ་ནས་རྣལ་འབྱོར་པ་རང་ཉིད་ཀྱི་སྣང་ངོ་ལ། ལུས་ཀྱི་བྱ་བ་བྱེད་ནུས་ཀྱི་སྐུ། རྒྱུ་རླུང་སེམས་ཙམ་ལས་གྲུབ་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་དེ་འབྱུང་ངོ་དངོས་གྲུབ་ཀྱི་ཁྱད་པར་གཞན་གྱིས་སྒྲུབས་ན་མ་གཏོགས། དེ་ལྟར་རགས་


TNT05_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་གནས་གྱུར་པའི་སྐབས་མ་ཡིན་པས། དངོས་སུ་རགས་ལུས་ཡོད་ཀྱང༌། མཉམ་བཞག་གི་ཚེ་རགས་ལུས་ཀྱི་སྣང་བ་འགགས་ཏེ་ཡེ་ཤེས་ཀྱི་སྐུ་ཁོ་ན་སྣང༌། རྗེས་ཐོབ་ཀྱི་སྐབས་སུ། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། ཚོགས་པ་གཅིག་ཏུ་གཉིས་ཀར་དུས་གཅིག་ལ་སྣང་ངོ༌། །དེ་ལྟ་བུའི་སྐུ་དེ་ཐོབ་ནས། རང་སྟོབས་ཀྱི་ཡོན་ཏན་རྫོགས་ཤིང་བརྟན་པར་གྱུར་གྱི་བར་རིམ་པ་དེ་ཀ་ལ་གནས་པ་ཡིན་ལ། དེ་ནས་མངོན་པར་བྱང་ཆུབ་པའི་རིམ་པའི་རྒྱུ་ལ་སློབ་སྟེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བར། ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཇུག་པའི་ཐབས། རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པ་དག་གིས་ལྷ་སྐུ་དེ་ཡང་འོད་གསལ་བདེ་སྟོང་ལྷན་སྐྱེས་ཀྱི་ངང་དུ་ཡང་ཡང་སྦྱང་བར་བྱའོ།། དེ་ནས་མཐར་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པ་གཉིས་སྦྲགས་ཏེ་བསྒོམས་པས། ཉེ་བའི་རྒྱུ་བྱས་ཏེ་དོན་གྱི་འོད་གསལ་མཐོང་ལམ་མངོན་དུ་འགྱུར་བ་ནི། འོད་གསལ་གྱི་རིམ་པའམ། མངོན་པར་བྱང་ཆུབ་པའི་རིམ་པའོ། །དོན་གྱི་འོད་གསལ་དེ་ལས་ལངས་མ་ཐག་ཏུ་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་ཏེ། འདི་ནི་དབང་ཕྱུག་བརྒྱད་དང་ལྡན་པ་རྡོ་རྗེ་འཆང་ཆུང་ངུ་དང༌། རྫོགས་པའི་སངས་རྒྱས་ཆུང་ངུའི་མིང་ཡང་ཐོབ་པ་ཡིན་ནོ། །སྐབས་འདིར་འོད་གསལ་གྱི་རིམ་པའི་སྐབས་སྔ་མ་རྣམས་ལ། མ་དག་པའི་སྒྱུ་ལུས་དེ་བློ་ངོར་སྟོང་པ་ཉིད་དུ་བཅུག་ཀྱང༌། དངོས་གནས་ལ་སྤྱོད་མ་ཐུབ་པར་ཡོད་ཅིང༌། དོན་གྱི་འོད་གསལ་ལ་ཐོག་མར་ཐོབ་


TNT05_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་མཐོང་ལམ་དུ་སྐུ་དེ་སྟོང་པར་ཐིམ་ཞིང༌། ཡང་ཟུང་འཇུག་གི་སྐབས་དེ་ལས་ལངས་པ་ན། ཡེ་ཤེས་ཀྱི་སྐུ་འབྱུང་ངོ་ཞེས་འཕགས་སྐོར་བ་རྣམས་རགས་བཤད་དུ་དེ་ལྟར་བྱེད་ཀྱང༌། ཞིབ་མོར་ན་རིམ་པའི་གསུམ་སྒྱུ་ལུས་དེ་ཡང༌། གཉུག་མའི་ལུས་ལས་གྲུབ་པ་ཡིན་ཞིང༌། ཟུང་འཇུག་གི་སྐུ་ཡང་གཉུག་མའི་ལུས་ཉིད་ཡིན་པའི་ཕྱིར། མཐོང་ལམ་གྱི་སྐབས་བར་ཆད་པར་འདོད་པ་མི་འཐད་དེ། གཉུག་མའི་ལུས་ཆད་པ་མི་སྲིད་ལ། ཆད་པའི་རྗེས་སུ་བྱུང་བ་དེ་གསར་བྱུང་ཡིན་གྱི་གཉུག་མར་གཞག་ཏུ་མེད་པའི་ཕྱིར་རོ། །བར་དེར་ཐིམ་པར་བཤད་པའི་དགོངས་པ་ནི། སྐབས་དེར་མ་དག་པའི་ལུས་དངོས་སུ་ཐིམ་པའང་ཡིན་ལ། ལྷན་སྐྱེས་གཉུག་མའི་ལུས་ནི་འགགས་པ་མིན་ཡང༌། སྔར་སྐུ་དང་དབྱིབས་སོགས་ངེས་པ་ཅན་དེ་ལྷན་སྐྱེས་ཀྱིས་ཤིན་ཏུ་རླན་པ་ན། ངེས་པ་ཅན་ཞིག་ནས་མཁའ་ཁྱབ་ཏུ་གྱུར་པ་ལ། སྐུ་དེ་འོད་གསལ་དུ་ཐིམ་པ་ཞེས་བརྗོད་དེ། སྐབས་དེར་སྒྲུབ་པོ་རང་ལ་མི་སྣང་བ་ཡང་ཡིན་ནོ། །ཟུང་འཇུག་གི་སྐུ་ནི། མཁའ་ཁྱབ་དེ་ལས་མ་གཡོས་བཞིན་དུ། ངེས་པ་ལྟར་སྣང་བའི་བཀོད་པ་མཐའ་ཡས་པ་སྟོན་པའོ། །ཐུགས་དོན་གྱི་འོད་གསལ་དང༌། སྐུ་དག་པའི་སྒྱུ་ལུས་ངོ་བོ་གཅིག་ཏུ་གནས་པའི་ཕྱིར་ཟུང་འཇུག་ཅེས་བྱ། སྒྲུབ་པོ་ཉིད་ལས་དངོས་དང་ལུས་ཀྱི་རྩ་བ་ཡིན་ཞིང༌། དེ་ནས་རྣམ་འཕྲུལ་མཐའ་ཡས་པའི་སྒོ་ནས། སེམས་ཅན་གྱི་དོན་སྤྱོད་པས་ཚོགས་གཉིས་ཡོངས་སུ་རྫོགས་ནས་འཕགས་པའི་ས་བཅུའམ་བཅུ་གཉིས་


TNT05_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་དེ། ཉེ་རྒྱུ་མངོན་བྱང་གོང་མ་ལ་བརྟེན་ནས། མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ། །དེ་ལྟར་ཡང་རིམ་ལྔ་ལས། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློབ། །རྡོ་རྗེའི་བཟླས་གནས་རྣལ་འབྱོར་པས། །སེམས་ལ་དམིགས་པ་ཐོབ་པར་འགྱུར། ། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་སྦྱངས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་གསུངས་སོ། །འཕྲོས་དོན་ནི། སྦྱིན་སྲེག་ལ་སོགས་པའི་ལས་ཀྱི་ཆོ་ག་དང་བྱ་བ་སྣ་ཚོགས་པ་དང༌། ཞི་རྒྱས་ལ་སོགས་པའི་འཕྲིན་ལས་ཀྱི་ཚོགས་རྣམས་ཀྱང༌། བསྐྱེད་རིམ་པས་རྣམ་ཤེས་ཀྱི་སྒོ་ནས་དང༌། རྫོགས་རིམ་པས་ཡེ་ཤེས་ཀྱི་སྒོ་ནས་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། རིམ་ལྔ་ལས། མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ན་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །ཞེས་གསུངས་པའི་དོན་ནོ། །བཞི་པ་ཡེ་ཤེས་ཀྱི་ལམ་རྟགས་ངོས་བཟུང་བ་ལ་བསྟན་བཤད་གཉིས་ཀྱི་མདོར་བསྟན་པ་ནི། རྟགས་རྣམས་རིམ་པར་འཆར་བའི་དངོས། ཡེ་ཤེས་ལྔ་ཡི་རྒྱུ་མཐུན་ཉམས། གསལ་


TNT05_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འབར་བའི་བར་དུའོ། །ཞེས་ཏེ། ལམ་རྟགས་རྣམས་ངག་དབེན་སེམས་དབེན། སྒྱུ་ལུས་འོད་གསལ་གྱི་རིམ་པས་འཆར་བར་འགྱུར་པའི་རྟགས་སྣང་གི་དངོས་པོ་སྟེ་ངོ་བོ་ནི། ཡེ་ཤེས་ལྔ་དང་རྒྱུད་ལ་གདོད་མ་ནས་བཞུགས་པའི་རྒྱུ་མཐུན་པའི་ཉམས་ཏེ་སྨིག་སྒྱུ་ནི་ཆོས་དབྱིངས་ཡེ་ཤེས། དུ་བ་ནི་མེ་ལོང་ལྟ་བུ། མེ་ཁྱེར་ནི་སོ་སོར་རྟོགས་པ། མར་མེ་ནི་བྱ་སྒྲུབ། ནམ་མཁའ་སྤྲིན་མེད་ནི་མཉམ་ཉིད་དོ། །ཡང་ན་སྨིག་སྒྱུ་སོགས་བཞི་བྱ་སྒྲུབ། དཀར་ལམ་ལེ་ལོང༌། དམར་ལམ་སོར་རྟོག ནག་ལམ་མཉམ་ཉིད། སྐྱ་རེངས་ལྟ་བུ་ཆོས་དབྱིངས་སོ། །དེ་ལྟར་བུའི་གསལ་སྣང་དེ་ཐམས་ཅད་ཀྱང༌། ལུས་ལ་རྩ་དབུ་མར་གཏུམ་མོ་འབར་བའི་ངང་ཉིད་དུ་ཤར་བའོ། །རྒྱས་བཤད་ལ། གོང་འོག་ཀུན་གྱི་ཐུན་མོང་དང༌། སྒྱུ་ལུས་དང༌། འོད་གསལ་དང༌། ངག་དབེན་དང༌། སེམས་དབེན་དང༌། ཟུང་འཇུག་གི་རིམ་པའི་ཉམས་ཏེ་དྲུག་ཡོད་པ་ལས། དང་པོ་ནི། ཡན་ལས་རླུང་ལས་མངོན་ཤེས་ཐོབ། ། ཞེས་པ་སྟེ། མིག་ཤེས་སོགས་དང་ལྷན་ཅིག་སྤྱོད་པ། རྒྱུ་བ་ལ་སོགས་པ་ཡན་ལག་གི་རླུང་དབུ་མར་ཐིམ་པ་ལས། མིག་རྣ་བ་སྣ་ལྕེ་ལུས་ཀྱི་མངོན་ཤེས་རྣམས་ཐོབ་པར་འགྱུར་ལ། དེར་མ་ཟད་འབྱུང་བ་ལྔའི་རླུང་དང་རྩ་བའི་རླུང་ལྔ་ཐིམ་པའི་རྟགས་རྣམས་ཀྱང་འབྱུང་བ་ཤེས་དགོས་སོ། །གཉིས་པ་ནི། རྟོག་པའི་ཚོགས་རྣམས་མར་འགྲིབས་ཤིང༌། །སྙིང་པོ་ཡེ་ཤེས་ཡང་འཕེལ་དུ། ཡེ་ཤེས་རིམ་པ་རང་


TNT05_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྙེད། །གཅིག་དང་དུ་མར་དམིགས་མི་བྱེད། །ཅེས་ཏེ། རྟོག་པའི་ཚོགས་ནི་རང་བཞིན་བརྒྱད་ཅུའོ། །སྙིང་པོ་ཡེ་ཤེས་ནི་བདེ་སྟོང་སྟེ། དེ་ཡང་མཉམ་བཞག་ཏུ་ལྡང་རྟོགས་སོ་གཉིས་འགགས། བདེ་སྟོང་ཆུང་ངུ་ནི་སྣང་བ། དེའི་སྟེང་དུ་ཆགས་རྟོག་བཞི་བཅུ་འགགས། བདེ་སྟོང་འབྲིང་ནི་མཆེད་པ། དེའི་སྟེང་དུ་རྨོངས་རྟོག་བདུན་འགགས་ཤིང་བདེ་སྟོང་ཆེན་པོར་ལོངས་པས་ཐོབ་པའོ། །དེ་ལྟ་བུའི་ཡེ་ཤེས་གསུམ་གྱི་རིམ་པ་རྣམས་རང་ལུས་ཀྱི་རྩ་རླུང་ཐིག་ལེ་ཡེ་ཤེས་སུ་ཐིམ་པའི་སྐབས་དེར་རྙེད་པ་ཡིན་ཏེ། རྩ་དང་རླུང་ཕལ་པ་རྣམས་དབུ་མར་ཐིམ་པ་དང༌། བདུན་ཅུ་རྩ་གཉིས་ཀྱི་རྩ་འཁོར་ལོ་བཞིའི་བརྒྱ་ཉི་ཤུ་སོགས་ཐིམ་པ་དང༌། རྩ་འཁོར་ནང་མའི་རླུང་རྣམས་ཐིམ་པ་ལས། སྣང་མཆེད་ཐོབ་གསུམ་གྱིས་རིམ་པ་སྐྱེ་ཞིང༌། ཡེ་ཤེས་གསུམ་གྱི་ས་དེ་དག་ཐམས་ཅད་ངོ་བོ་ནི་རང་བཞིན་གནས་ལུགས་མཚོན་པར་ནུས་པའི་ཞུ་བདེ་ཁྱད་པར་ཅན་ཡིན་ལ། རྣམ་པ་ནི་གཅིག་དང་དུ་མ་སོགས་པ་སྤྲོས་པའི་རྣམ་པར་དམིགས་པར་མི་བྱེད་པས་སྤྲོས་བྲལ་ལོ། །གསུམ་པ་ནི། དང་པོ་སྨིག་སྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང༌། །གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས།། མཚམས་སྣང་ལས་ནི་ཐོབ་པ་སྟེ། །མཚམས་བྲལ་དུས་ཀྱི་ཡེ་ཤེས་ཆེ། །མངོན་པར་བྱང་ཆུབ་ཚུལ་གནས་པས། །དྲི་མེད་ཡེ་ཤེས་མངོན་པར་རྫོགས། །ཞེས་ཏེ། དང་པོ་སྨིག་སྒྱུ་ལྟ་བུའི་ཉམས་ལ་ཁམས་ལྔའི་ཆ་ཤས་ཀྱི་རླུང་ཐིམ་པའི་


TNT05_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ། འོད་ཟེར་སྣང་ལྔ་འབར་བས་བསྐོར་བ་དང་བཅས་པ་འཆར་བར་འགྱུར་ཏེ། དུ་བ་དང༌། མེ་ཁྱེར་དང༌། མར་མེའི་རྟགས་རྣམས་སྨིག་སྒྱུའི་ཁོངས་སུ་བསྡུས་པ་ཡིན། ཡོངས་སུ་གྲགས་པའི་རྟགས་ལྔ་ལས་བཞི་པོ་དག་སྨིག་སྒྱུར་བསྡུ་བ་པའོ། །གཉིས་པ་སྣང་བ་ནི། སྟོན་གནམ་གཡའ་དག་ལ་ཟླ་འོད་ཕོག་པ་ལྟ་བུའི་དཀར་ལམ་པ་དང་བཅས་པ་དང༌། གསུམ་པ་སྣང་བ་མཆེད་པ་ནི། ནམ་མཁའ་དྭངས་པ་ལ་ཉི་འོད་ཀྱིས་འཁྲིགས་པ་ལྟ་བུར་དམར་ལམ་པ་དང་བཅས་པ། གསུམ་པ་སྣང་བ་ཐོབ་པ་ནི། ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་མུན་ནག་གིས་ཁྱབ་པ་ལྟ་བུའི་སྣང་བ་ལས་རྟོག་པར་འགྱུར་བ་དང༌། ལྔ་པ་ནི། ཐུན་མཚམས་ཀྱི་རྨག་རུམ་དང་བྲལ་བ་ཞེས། མུན་ནག་གི་དུས་ལས་འདས་ཏེ། ཐོ་རངས་སྐྱ་རེངས་དང་པོའི་དུས་ཀྱི་ནམ་མཁའ་ནི། ནམ་མཁའི་རང་མདོག་སྒྲིབ་བྱེད་དཀར་དམར་ནག་གསུམ་གྱི་མདངས་དང་བྲལ་ཏེ། ནམ་མཁའི་རང་མདོག་གསལ་བར་མཐོང་བ་དཔེར་བྱས་ཏེ། སེམས་ཀྱི་རང་བཞིན་བདེ་སྟོང་གསལ་བར་སྣང་བའི་ཡེ་ཤེས་ཆེན་པོ་ནི། ལྷན་ཅིག་སྐྱེས་པ་མངོན་པར་བྱང་ཆུབ་པའི་ཚུལ་འོད་གསལ་ཏེ་དེ་ལ་གནས་པས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་རླུང་དང་བཅས་པའི་དྲི་མ་མེད་ཅིང༌། སྐད་ཅིག་བཞི་པ་འདི་སྐྱེས་པ་ན། སྣང་བ་བཞིའམ། སྟོང་པ་བཞིའམ། ཡེ་ཤེས་བཞིའི་རིམ་པ་ཕྲུགས་གཅིག་མངོན་དུ་བྱས་པ་སྟེ་རྒྱུད་ལ་སྐྱེས་པའི་ཚུལ་གྱིས་ཆ་ཚང་ཞིང་རྫོགས་པ་ཡིན་ནོ། །དེ་ལྟར་ཡང་རིམ་ལྔ་ལས། རང་རིག་ཙམ་གྱི་


TNT05_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །མཚན་མོ་ཉིད་མོ་མཚམས་བདག་ཉིད། །སྣང་དང་སྣང་བ་མཆེད་པ་དང༌། །དེ་བཞིན་སྣང་བ་ཉེར་ཐོབ་པ། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲིབ་པ་བརྗོད་པར་བྱ། །ཞེས་འབྱུང་ཞིང༌། སྤྱོད་བསྡུས་སྒྲོན་མེ་ལས་ཀྱང༌། རིམ་པ་འདི་ཡིས་བསྟན་པར་བྱ་སྟེ། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ༌། །གཉིས་པ་ནི་སྣང་བ་སྟེ། ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ། མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་མ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ། རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ༌། །ཞེས་གསུངས། འདི་འོད་གསལ་གྱི་རིམ་པའི་སྐབས་སུ་གསུངས་པ་ཡིན་ཀྱང་རྟགས་སྣང་གི་འཆར་ཚུལ་ནི་གོང་འོག་ཕལ་ཆེར་དུ་འདྲ་སྟེ། འོན་ཀྱང་བསྐྱེད་རིམ་དང་ལུས་ཀྱི་རིམ་པའི་སྐབས་སུ་ནི། དེ་རྣམས་ཆ་ཚང་བ་དང་མ་ཚང་བ་ཅི་རིགས་སུ་འབྱུང་ལ། ངག་དབེན་གྱི་རིམ་པ་བརྟན་པ་ཐོབ་པ་ནས་བཟུང་སྟེ། རྒྱ་ཆེ་ཆུང་གི་ཁྱད་མ་གཏོགས། གོ་རིམ་དེ་དག་མ་ཚང་བ་མེད་པར་འབྱུང༌། འོན་ཀྱང་དེར་མཉམ་བཞག་དང་གཉིད་ལ་སོགས་པའི་སྐབས་སུ། ཆ་ཚང་བ་རེ་བྱུང་ནས། ཐུན་མཚམས་སུ་ཡེ་ཤེས་དེ་དག་འགགས་སོ། །སེམས་དབེན་གྱི་རིམ་པའི་སྐབས་སྣང་བའི་ས་ཐོབ་ནས། སྣང་བས་བསྡུས་པའི་བདེ་སྟོང་ནི་རྒྱུན་མི་འཆད་པར་གནས།


TNT05_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་སྐྱེ་འགག་བྱེད། འོན་ཀྱང་གསལ་མི་གསལ་གྱི་དབྱེ་བ་ཅུང་ཟད་ཡོད་དེ། མཉམ་བཞག་ཏུ་སླར་ཡང་གསལ་བཏབ་པའི་ཚེ། སྣང་བའི་ཡེ་ཤེས་དེ་གསལ་ཞིང་རྒྱ་ཆེ་ལ། རྗེས་ཐོབ་ཏུ་བག་ཙམ་མི་གསལ་བར་འགྱུར་མོད། ཡང་ཡང་སྣང་བཞིའི་ཡེ་ཤེས་བསྐྱར་ནས་བསྒོམས་པས། སྣང་བའི་སའི་ཡེ་ཤེས་ཏེ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་ནི་ཡིན་ནོ། །དེ་ནས་མཆེད་པའི་ས་ཐོབ་པ་ན་ཡང༌། སྔར་གྱི་སྣང་བའི་ཡེ་ཤེས་མི་ཉམས་ཏེ། བདེ་སྟོང་གི་ཡེ་ཤེས་རྟག་ཏུ་གནས་པའི་ངོ་བོ་དེ། སྔར་གྱི་སྣང་བ་དེ་ཕྱིས་མཆེད་པར་གནས་གྱུར་པ་ཡིན་ལ། དེ་ལ་སྣང་མཆེད་གཉིས་ཀར་གྱི་མཚན་ཉིད་ཚང༌། སྣང་བཞིའི་རིམ་པ་གསར་པ་ཡང་ཡང་སྐྱེད་པའི་གནས་སྐབས་སུ། སྐད་ཅིག་གི་སྣང་མཆེད་སོ་སོར་འཆར་ཞིང༌། དེས་སའི་ཡེ་ཤེས་ལ་བོགས་འབྱིན་ནོ། །ཕྱི་མ་རྣམས་ལའང་འདིས་རིགས་འགྲེ་བ་བྱའོ། །འདི་དག་ལས་དང་པོ་འོད་ཟེར་ལྔ་སྣང་ནི། དབང་པོ་ལྔ། ཡུལ་ལྔ། ཕུང་པོ་ལྔ། ཡེ་ཤེས་ལྔ། འབྱུང་བ་ལྔ་སྟེ་རགས་པ་ལྔ་ཐིམ་པའི་རྟགས་ཡིན། དེ་དག་ཀྱང༌། གཞན་ཉི་ཤུ་སྔོན་ལ་ཐིམ། འབྱུང་བ་ལྔ་ཕྱིས་ཐིམ་པའོ། །ནམ་མཁའ་རྣམ་ཤེས་ལ་ཐིམ་པས། སྤྲིན་མེད་ནམ་མཁའི་རྟགས་འབྱུང་བ་ལ་དབྱེ་ན། ཟླ་འོད། ཉི་འོད། མུན་ནག སྐྱ་རེངས་ཀྱི་དཔེས་མཚོན་པའི་སྣང་བ་བཞིའོ། །རྟགས་རིམ་པ་ལྔ་པོ་འདི་དག བསྐྱེད་རིམ་ཁོ་ན་ལ་གནས་པ་དང༌། ལུས་དབེན་གྱི་རིམ་པའི་སྐབས་ཀྱང་ཅུང་ཟད་འབྱུང་མོད་ཀྱི། རགས་པའི་རླུང་རགས་པའི་


TNT05_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་ཅུང་ཟད་ཐིམ་པའི་ནུས་པའོ། །ངག་དབེན་གྱི་སྐབས་ཀྱང་སྐད་ཅིག་རེ་རེ་ལ་གསལ་ལ་རྒྱ་ཆེ་བ་འབྱུང་མོད་ཀྱང༌། རགས་པའི་རླུང་ཕལ་ཆེར་དབུ་མར་ཐིམ་ཞིང༌། ཡེ་ཤེས་ཀྱི་རྩ་ལ་ཅུང་ཟད་རེག་པ་ཡིན་མོད་ཀྱི། ད་དུང་སྣང་བ་བཞིའི་ས་ཐོབ་པ་མིན་ནོ། །སེམས་དབེན་གྱི་རིམ་པའི་སྐབས། རྡུལ་ཆོས་གྱི་ཐིག་ལེ། རགས་འབྲིང་ཐ་གསུམ་བརྟན་པས། བདེ་སྟོང་གི་ཉམས་མྱོང་རྐྱེན་གྱིས་མི་འཕྲོག་པ་ཐོབ་པས་སྣང་མཆེད་ཐོབ་གསུམ་གྱི་ས་ཐོབ། བཞི་པ་དོན་གྱི་འོད་གསལ་གྱི་ས་དངོས་སུ་ད་ལྟ་མ་ཐོབ་ཀྱང༌། ཉེར་ཐོབ་སྐད་ཅིག་མ་བཞི་པ་འོད་གསལ་རྗེས་མཐུན་པའི་ས་ཐོབ་བོ། །ས་དེ་རྣམས་ཀྱི་རྒྱུན་སྒྱུ་ལུས་ཀྱི་རིམ་པའི་སྐབས་སུ་གནས་ཤིང་གོང་འཕེལ་དུ་འགྱུར་ལ། འོད་གསལ་གྱི་རིམ་པའི་སྐབས་ནི། རང་བཞིན་བརྒྱད་ཅུ་མངོན་འགྱུར་པ་གཏན་ནས་འགགས་ཤིང༌། དེའི་རྒྱུ་ལས་སེམས་དབེན་གྱི་ས་རྣམས་ཀྱིས་བསྐྲུན་པར་མི་ནུས་པའི་སྣང་གསུམ་གྱི་ས་ཡང་ཐོབ་ཅིང༌། མཐར་སྐད་ཅིག་བཞི་པ་འོད་གསལ་གྱི་ས་དངོས་དེ་ཐོབ་བོ། །བཞི་པ་ནི། རྟགས་དང་རྟགས་ཅན་འཆར་ཚུལ་ནི། །ཡེ་ཤེས་འཆར་དང་རྫོགས་པའི་དུས། །རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །ཞེས་པ་སྟེ། གོང་དུ་བཤད་པའི་རྟག་རིམ་པ་ལྔ་པོ་དེ་ལ། རགས་པ་ཉེར་ལྔ་ཐིམ་པའི་རྟགས་རྣམས་ཞིབ་མོར་ཤེས་དགོས། རྟགས་ཅན་གྱི་ཤེས་པ་ནི། དང་པོའི་སྐབས་བདེ་སྡུག་སྣ་ཚོགས་པའི་ཉམས་དང༌། ཕྱི་མ་བཞི་སྤྱིར་བདེ་སྟོང་གི་ཉམས་སུ་འདྲ་ཡང་ཤས་


TNT05_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་གི་དབང་དུ་བྱས་ན། སྣང་བ་བདེ་བ། མཆེད་པ་གསལ་བ། ཐོབ་པ་མི་རྟོག་པ། འོད་གསལ་ནི་ཐམས་ཅད་ཆ་མཉམ་པའོ།། འཆར་བའི་ཚུལ་དེ་ལྟ་བུས་རིམ་པས་བསྐྱེད་རིམ་ནས་བརྩམས་ཏེ། སེམས་དབེན་གྱི་ཐོབ་པའི་སའི་བར་དུ་ཡང་དང་ཡང་དུ་ཡེ་ཤེས་གསུམ་རིམ་པས་རྒྱུད་ལ་འཆར་བ་དང༌། མཐར་ཕྲ་རགས་ཐིམ་ཚུལ་རྫོགས་པར་ཤར་བའི་སེམས་དབེན་མཐར་ཐུག་པའི་འོད་གསལ་བྱུང་བའི་དུས་ན། དེ་ལས་ལངས་མ་ཐག་པའི་སྣང་གསུམ་ལུགས་ཟློག་གི་མཐར་བདེ་བས་བྱིན་གྱིས་བརླབས་པའི་རླུང་སེམས་ཙམ་ལས་བྱུང་ཞིང༌། རླུང་སེམས་ལས་གྲུབ་པའི་སྒྱུ་མའི་ལུས་ཏེ་ཡེ་ཤེས་གྱི་སྐུ་འབར་བའི་སྣང་བ་དང་བཅས་ཏེ་འབྱུང་ཞིང༌། རྫུ་འཕྲུལ་སོགས་ཐུན་མོང་གི་ཡོན་ཏན་དཔག་ཏུ་མེད་པའོ། །ལྔ་པ་ནི། འོད་གསལ་རྒྱུན་གྱི་བསམ་གཏན་གྱིས། ལས་དང་སྒྲིབ་པ་བག་ཆགས་སྦྱངས། །ཞེས་ཏེ། འོད་གསལ་གྱི་རིམ་པ་ལ། ཆུ་བོ་རྒྱུན་གྱི་རྣལ་འབྱོར། རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་བསམ་གཏན་བསྒོམ་པའི་སྟོབས་ཀྱིས་མི་དགེ་བའི་ལུས་ཀྱི་ས་བོན་བདེ་བ་དང༌། སྒྲིབ་པ་སྟེ་ཉོན་མོངས་མངོན་གྱུར་ཡེ་ཤེས་སུ་གནས་འགྱུར་བ་དང༌། རང་བཞིན་བརྒྱད་ཅུའི་བག་ཆགས་ཏེ་ས་བོན་རྣམས་སྦྱངས་བས་དག་པའོ། །ཡང་ན་སྒྲིབ་པ་ནི་རྣམ་སྨིན་གྱི་ལུས་ལ་ཡང་འཆད་དུ་རུང་ངོ༌། །དྲུག་པ་ནི། ས་ལམ་རྟགས་ཀྱི་རིམ་པའི་ཚོགས། འདི་ཉིད་ཐོབ་པས་མྱུར་དུ་འཆར། །ཞེས་པ་སྟེ། ས་དང་ལམ་ནི་སྐབས་འདིར་དོན་གཅིག་ལ།


TNT05_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ས་བཅུའམ་བཅུ་གཉིས་ཀྱི་ལམ་རྟགས་ཡོན་ཏན་བརྒྱ་ཕྲག་བཅུ་ལ་སོགས་པའི་རིམ་པའི་ཚོགས་རྣམས་དང༌། ཇི་སྐད་དུ། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །ཞེས་སོགས། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་རྟགས་རྣམས་ཀྱང༌། རིམ་པ་འདི་ཉིད་ཐོབ་པས་མྱུར་དུ་འཆར་བར་འགྱུར་རོ། ། ཞེས་པ་སྟེ། འོད་གསལ་གྱི་རིམ་པའི་མཐར་ཐུག་པ། དོན་གྱི་འོད་གསལ་སྐྱེས་པ་ན། དེ་མ་ཐག་ཏུ་ཟུང་འཇུག་གི་སྐུ་འགྲུབ་པས། ཡོན་ཏན་དེ་དག་རིམ་གྱིས་འཆར་བའི་དོན་ཡིན་པས། འདི་ཉིད་ཅེས་པའི་ཚིག་གི་བསྙེག་འཚམས་འོད་གསལ་ཞེས་པ་ལས་གཞན་དུ་མེད་དོ་རྒྱས་བཤད་རྩ་བའི་དོན་ཚན་གཉིས་པ། སླར་ཡང་གཏན་ལ་དབབ་པའི་ཚུལ་གྱིས་བཤད་པ་ལ། འཁོར་ལོ་ཅན་གྱི་མན་ངག་རྒྱས་པར་བཤད༌། བསྐྱེད་རྫོགས་སྤྱིའི་བསྒོམ་ཚུལ་གསལ་བར་བསྟན་རྣམ་གཞག་གཞན་རྣམས་ཀྱང་དེ་ལ་ཚང་ཚུལ། དོན་ཆེན་ཐོར་བུ་བ་སྣ་ཚོགས་པ་བསྟན་པའོ།། དང་པོ་ནི། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསམ་པར་བྱ། །འདབ་མ་བརྒྱད་པའི་འཁོར་ལོ་ལ། །དབུས་སུ་སྲོག་གི་ས་བོན་ཏེ། །ཡི་གེ་ཀ་ནས་ཧཱ་ཡི་བར། །ཀྵ་ནི་སྤངས་པ་བཞི་བཅས་པ། ། དབྱངས་ནི་ཕྱི་རིམ་སྣང་བ་སྟེ། །གསལ་བྱེད་བར་མ་མཆེད་པ་ཉིད། །མ་ནིང་སྣང་བ་ཐོད་པར་བརྗོད། །བཅུ་གཉིས་ཡི་གེ་ཐིག་ལེར་བཅས། །འགྲེང་བ་ལྟ་བུར་གནས་པ་ནི། །རིམ་པ་ལྔ་ལྡན་བསམ་པར་བྱ། །འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་པ། །ཨེ་བཾ་ཐབས་དང་ཤེས་རབ་ལས། །


TNT05_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ཅིང་སྤྲོ་བར་མཛད་པ་ཡི། ། ཨ་ཞེས་དབུས་སུ་གནས་པར་མཛད། །མཉམ་པ་ཉིད་དུ་སེམས་བསྡམས་ཏེ།། མཉམ་བཞག་འཁོར་ལོའི་ལྟེ་བ་ཡིས། །ཡེ་ཤེས་མཉམ་པར་མཐོང་འགྱུར་བ། །ཉེ་བར་ཐོབ་པ་སྟོང་པ་ཆེ། །འོད་གསལ་བ་ཡི་གནས་ཐོབ་པས། །འཁོར་བ་ལས་ནི་རྒལ་བར་འགྱུར། །ཐུན་གཅིག་གམ་ནི་ཉིན་གཅིག་གི །ཟླ་ཕྱེད་ཟླ་བ་ལོ་ཡི་དུས།། བསྐལ་པའི་བསྐལ་པ་སྟོང་དུ་ཡང༌། །སྐད་ཅིག་རེ་རེས་གནས་པ་ནི། །ཡེ་ཤེས་སྦྱོར་བ་རྟག་ཏུ་འབྱུང༌། །ཞེས་པའོ། །ནམ་མཁའི་དཀྱིལ་འཁོར་ཏེ་རྩ་ཨ་ཝ་དྷཱ་ཏཱའི་ནང་གི་དབུས་སུ་གནས་པར། གསལ་བ་མི་གཤིགས་པའི་ཐིག་ལེའི་དཀྱིལ་འཁོར་བསམ་པར་བྱའོ། །ཞེས་ཏེ། འདི་ནི་རྩ་རྒྱུད་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་ལེའུ་དྲུག་པ་ལས་གསུངས་པ་དེས་གདམས་ངག་འདི་སྟོན་ཏོ་ཞེས་པའི་དོན་ཏེ། འཁོར་ལོ་ཅན་དང་འཁོར་ལོ་མེད་པ་དང་སེམས་དཔའ་གསུམ་བརྩེགས་སོགས་མི་ཤིགས་པའི་ཐིག་ལེ་བསྒོམ་པ་ཐམས་ཅད་སྟོན་པར་འགྱུར་ཞིང༌། དེར་མ་ཟད་གསལ་བའི་དཀྱིལ་འཁོར་ཟླ་བའི་མིང་ཡིན། དེ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་བརྡ་ཚིག་ཡིན་པས། གཏུམ་མོ་འབར་བས་ཧཾ་ཡིག་ཞུ་བའང་བསྟན་པར་འགྱུར་རོ། །སྐབས་འདིར་སྔགས་འཁོར་དངོས་ནི་རྒྱུད་ཕྱི་མ་ལས། རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་བར་བཞག །ཅེས་པས་བསྟན་པར་བཞེད་དེ། འདབ་མ་བརྒྱད་པའི་འཁོར་ལོ་


TNT05_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིམ་ལ། ལྟེ་བ་རྩ་དབུ་མའི་དབུས་སུ་སྲོག་གི་རླུང་དྭངས་མ་དང་འདྲེས་པའི་མི་ཤིགས་ཐིག་ལེ་ས་བོན་ཨ་ཡིག་དང་བཅས་པ་སྟེ། ཕྱི་རིམ་གྱི་འདབ་མ་བརྒྱད་ལ། དབྱངས་ཡིག་བཅུ་གཉིས་ཕྱོགས་སུ་གཉིས་གཉིས་དང༌། མཚམས་སུ་རེ་རེའོ། །ཡང་དགོངས་པ་ལུང་སྟོན་ལས། ཆ་ལ་སོགས་པ་བཅུ་དྲུག་གནས། །ཞེས་པའི་འདི་བསྟན་པར་བཞེད་པ་ལྟར་ན། དབྱངས་བཅུ་དྲུག་ཚང་བ་དགོས་པར་གསལ་ཡང༌། མ་ནིང་བཞི་པོ་གཞན་དུ་འགོད་པས་འདིར་མི་འགོད་པ་བླ་མའི་མན་ངག་གོ །དེ་ལྟ་བུའི་པད་འདབ་དང་ཡི་གེ་དཀར་པོ་ལ་སེམས་བཟུང་བས། གསལ་སྣང་ཐོབ་པ་ན་སྣང་བའི་ཉམས་མྱོང་སྐྱེ་བར་འགྱུར་ཏེ། སླར་རིམ་པས་སྣང་བའི་ས་ཐོབ་པར་འགྱུར་བའི་རྒྱུ་ཐུན་མོང་མ་ཡིན་པའོ། །འདབ་བརྒྱད་བར་མ་ལ་གསལ་བྱེད་དེ། ཡི་གེ་ཀ་ནས་ཧའི་བར་ཡོད་ལ། ཀྵ་ཡིག་སྤངས་ཤིང་ལྕེ་རྩ་ཅན་གཉིས་དང༌། མཆུ་ཅན་གཉིས་ཏེ་བཞི་བསྣན་པའོ། །དེ་ལྟར་ན། སྡེ་པ་ལྔ་ལ་ལྔ་ཚན་ལྔ་དང་མཐར་གནས་དང༌། དྲོ་བ་དང༌། ལྕེ་མཆུ་ཅན་རྣམས་ལ་བཞི་བཞི་སྟེ། སྡེ་ཚན་བརྒྱད་ལ་གསལ་བྱེད་སོ་བདུན་ནོ། །དེ་ཡང་ལུང་སྟོན་ལས། ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཞེས་པའི་དོན་ཡིན་གསུང༌། ཙ་ཡིག་དེ་དག་ཁ་དོག་དམར་པོ་ལ་གསལ་སྣང་ཐོབ་ན་མཆེད་པའི་ཡེ་ཤེས་སྐྱེ་ཞིང་རིམ་པས་དེའི་ས་ཐོབ་བོ།། གསེར་སྡིངས་པའི་ཡིག་ཆུང་རྣམས་ན། འཁོར་ལོ་རིམ་པ་གཉིས་པོ་འདིའི་ཡི་གེ་རྣམས་འདི་དང་གོ་བཟློག་ཏུ་བཤད་དེ།


TNT05_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་རྒྱས་བཏབ་ཡིན་པས་མི་འགལ་གསུང་ངོ༌། །འདབ་བརྒྱད་ནང་མ་ལ། མ་ནིང་གི་དབྱངས་ཡིག་བཞི་པོ་ཁ་དོག་མཐིང་ག་བསྒོམ་སྟེ། གསལ་སྣང་ཐོབ་ན་སྣང་བ་ཐོབ་པའི་ཡེ་ཤེས་སྐྱེ་ཞིང༌། རིམ་པས་དེའི་ས་ཐོབ་བོ། །ཕྱི་སྐོར་གྱི་དབྱངས་ཀྱི་ཡི་གེ་བཅུ་གཉིས་པོ་འདི། ཟླ་ཕྱེད་ཐིག་ལེ་ནཱ་དར་བཅས་པ་འཕྲེང་བ་ལྟ་བུ་སྟེ། གྲལ་སྙོམས་པར་གནས་པ་བསྒོམ་པའོ་ཞེས་འཆད་ལ། ཡང་ན་འཕྲེང་བ་ལྟ་བུ་ནི། མན་ངག་གཞན་ལས་འབྱུང་བ་ལྟར། རླུང་འགྲོ་འོང་དང་ལྷན་ཅིག་དབྱངས་ཀྱི་ཡིག་འབྲུ་སྤྲོ་བསྡུ་བྱེད་པའི་དོན་ཡང་ཡིན་པར་སེམས་མོད། མར་ལུགས་ཀྱི་མན་ངག་ཡིག་ཆུང་རྣམས་ན་གསལ་བར་འདུག་པ་མ་མཐོང་ཞིང་མ་ཐོས་སོ། །སྔགས་འཁོར་དེ་བསྒོམས་ནས། རིམ་པ་ལྔ་ལྡན་དུ་བསམ་པར་བྱ་བ་ནི། རིམ་ལྔ་གདན་རྫོགས་སམ། སྟན་ཐོག་གཅིག་མ་ཞེས་བྱའོ། །སྟན་ཐོག་གཅིག་མ་ཞེས་བྱ་བའི་ཐ་སྙད། རྒྱུད་གཞུང་ལས་མི་འབྱུང་བས། དེའི་དོན་ངོས་འཛིན་པ་ལ་མན་ངག་ཚད་མ་ཡིན་ནོ། །དེ་ཡི་དབང་དུ་བྱས་ན། ལུས་དབེན་སོགས་རིམ་པ་དྲུག་གི་རྣལ་འབྱོར་རྣམས། ལོ་ཟླ་མང་པོའི་དུས། སྔ་ཕྱིར་དམིགས་པ་སོ་སོར་བཀྲམ་སྟེ་བསྒོམས་པས། སྟན་ཐོག་གཅིག་ཏུ་རྫོགས་པར་མི་འགྱུར་གྱི། ཐུན་གཅིག་གི་ནང་དུ་དམིགས་ཆེན་གཅིག་ལ། རིམ་པ་དྲུག་གམ་ལྔ་ཅར་གྱི་ཉམས་ལེན་ཚང་ན། གདན་ཐོག་གཅིག་ཏུ་རྫོགས་པ་ཞེས་བྱའོ། །དེ་ཡང་ལུས་དབེན་གྱི་ལྷ་དངོས་ཐོབ་ན་རབ། དེ་མིན་ན་རྗེས་མཐུན་པའམ། བསྐྱེད་རིམ་གྱི་ལྷ་ལ་ལུས་དབེན་དུ་མོས་པ་ཙམ་


TNT05_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་རུང་སྟེ། དེའི་ཐུགས་ཀར་བཤད་མ་ཐག་པའི་སྔགས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་མོ། །སྔར་བསྐྱེད་རིམ་ལ་མྱོང་བ་ཐོན་པའམ། དབང་པོ་རྣོན་པོ་ཡིན་ན། བསྐྱེད་རིམ་མ་བསྒོམས་ཀྱང༌། སྔགས་འཁོར་བསྒོམས་པ་གཅིག་པུས་ཀྱང༌། བསྐྱེད་རིམ་དང་ལུས་དབེན་གྱི་དོད་ཐུབ་པ་ཞིག་མར་ལུགས་པ་རྣམས་བཞེད་དེ། འཁོར་ལོ་བཞིའི་རྩ་ཡིག་བསྒོམས་པས་རལ་གྲི་ལ་སོགས་པའི་དངོས་གྲུབ་བརྒྱད་ཐོབ་པར་ཁ་སྦྱོར་ལས་གསུངས་པ་དང་ཕྱོགས་འདྲའོ། །དེ་ནས་ཨ་ཝ་དྷཱ་ཏཱིའི་ཁོང་སྟོང་གཙོ་བོར་གྱུར་པའི་རྩ་འཁོར་གྱི་སྦུབས་ལ་ཨེ་ཤེས་རབ་ཅེས་བྱ། དེ་དག་ལ་གནས་པའི་ཡིག་འབྲུ་རྣམས་བཾ་ཡིག་ཐབས་ཞེས་བརྗོད་པ་ལས། སྐབས་འདིར་སྙིང་གའི་འཁོར་ལོའི་ལྟེ་བ་རྩ་དབུ་མའི་རྩ་མདུད་ཀྱི་ནང་དུ་མི་ཤིགས་པའི་ཐིག་ལེ་གནས་པ་ལས། དབུགས་དབྱུང་བ་དང༌། ཧཱུཾ་གིས་སྤྲོ་བར་མཛད་ཅིང༌། ནང་དུ་འོང་པ་དང༌། ཨོཾ་གྱིས་སྡུད་པར་བྱེད། ཨཱཿཞེས་པས་ཐིག་ལེའི་དབུས་སུ་ཧཱུཾ་གནས་པར་མཛད་དོ། །དེ་ནྀ་རྡོར་བཟླས་ཀྱི་རིམ་པའི་རྣལ་འབྱོར་ཏེ་རྩ་ལམ་སྦྱང་བའོ། །དེ་ནས་རླུང་མཉམ་པ་ཉིད་དུ་བུམ་ཅན་ཁ་སྦྱོར་དུ་བཟང་ཞིང་སེམས་ཀྱང་རྣམ་རྟོག་གཞན་བསྡམས་ཏེ། འཁོར་ལོའི་དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །བར་འདིར་སེམས་གསུམ་གྱི་དམིགས་པ་འཇུག་རྒྱུ་ཡིན། ཉེར་ཐོབ་བཞི་པའི་དོན་དུ་འཁོར་ལོའི་ལྟེ་བའི་མི་ཤིགས་པའི་ཐིག་ལེ་ལ་མཉམ་པར་བཞག་པས། ཡེ་ཤེས་གང་ཞིག་རྫོགས་


TNT05_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་ཐུན་མོང་མ་ཡིན་པའི། བདེ་གསལ་སྟོང་པ་རོ་མཉམ་པར་ཤར་བ། མཐོང་ཞིང་མྱོང་བར་འགྱུར་བ་ནི། སྣང་བ་གསུམ་ལས་སྣང་བ་ཉེ་བར་ཐོབ་པ་ཁྱད་པར་ཅན་ནོ། །སྟོང་པ་གསུམ་ལས་སྟོང་པ་ཆེན་པོ་མཐར་ཐུག་པ། སྐད་ཅིག་བཞི་པའི་ཉེར་ཐོབ་བམ། ཡང་ན་སྣང་གསུམ་ལས་འདས་པའི་སྐད་ཅིག་བཞི་པའི་འོད་གསལ་གྱི་གནས་ཐོབ་པར་འགྱུར་རོ། །དེ་ལས་ཡེ་ཤེས་སྦྱོར་བ་སྟེ། སེམས་བདེ་སྟོང་དང༌། ལུས་ལྷ་སྐུའི་གསལ་སྣང་དུས་གཅིག་ཏུ་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་འབྱུང་སྟེ། དེ་ཡང་རྟག་ཏུ་ཞེས་པ། རྟག་ཏུ་རྒྱུན་མི་འཆད་པའི་དོན་མ་ཡིན། ལན་ཇི་ཙམ་འོད་གསལ་དུ་ཞུགས་པ་དེ་ཙམ་གྱི་རྗེས་ཐམས་ཅད་དུ། ལྷ་སྐུ་དེ་ངེས་པར་འབྱུང༌། རྟག་པར་འབྱུང་ཞེས་པའོ། །དེ་ཡང་ལས་དང་པོ་པས་ནི་འཁོར་ལོ་ཕྱི་མ་ལ་སེམས་བརྟད་དེ་ཡུན་རིང་བར་བཞག སྣང་བའི་ཡེ་ཤེས་སྐྱེས་པར་བསྒོམ། ཐུན་ཆུང་རེ་འཇོག་ཁར། དེ་བར་པ་ལ་ཐིམ། མཆེད་པ་དང༌། དེ་ནང་མ་ལ་ཐིམ། ཐོབ་པ་དང༌། དེ་ཐིག་ལེ་ལ་ཐིམ། ཐོབ་པ་སྐད་ཅིག་མ་བཞི་པ་སྐྱེས་པར་བསྒོམ། དེར་མི་རྟོག་པ་ལ་བཞག་ནས་དེ་སད་པ་ན་ལྷ་སྐུར་བསྒོམ་སྟེ། སྒྱུ་ལུས་དངོས་སུ་མོས་པ་བྱེད། ཡང་རྗེས་གཞིག་གི་རིམ་པས་བསྡུས་ཏེ་དོན་གྱི་འོད་གསལ་དུ་མོས། ཡང་ལྷར་སྐྱེས་ཏེ་ཟུང་འཇུག་ཏུ་མོས་པ་བྱེད་དོ། །ཡང་ན་སྟོང་པར་འཇུག་ལྡང་ལན་གཉིས་མི་བྱེད་པར། སེམས་དམིགས་དང་འོད་གསལ་རྣམ་པ་འདྲ་བས། སྣང་བཞིའི་སྡུད་རིམ་གཅིག་པོ་དེ་ལ། སེམས་དབེན་གྱི་རིམ་པ་དང་འོད་གསལ་གྱི་རིམ་པ་གཉིས་ཀར་མོས་པ་ཉིས་སྦྲག་བྱ། སྒྱུ་ལུས་དང༌། ཟུང་འཇུག་ཀྱང་ཡོད་ལུགས་འདྲ་བས་ལྷ་སྐུར་ལངས་


TNT05_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ཐེངས་གཅིག་པོ་དེ་ལ་མོས་པ་གཉིས་ཀ་བྱའོ། །དེ་ལྟར་བསྒོམས་པས་ད་ལྟ་རིམ་པ་ལྔའི་ས་ལམ་རྒྱུད་ལ་སྐྱེས་པ་ག་ལ་ཞིག རྒྱུའི་ཡེ་ཤེས་ཀྱང་དངོས་སུ་ཤར་བ་མིན་མོད། རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ་ནི་ཡིན་ཞིང༌། བསྐྱེད་རིམ་གྱི་སྐུ་གསུམ་མོས་པ་ལམ་བྱེད་སོགས་དང་འདྲ་བར། །རིམ་པ་ལྔའི་ཡེ་ཤེས་དང༌། ས་ལམ་དེ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་ཐུན་མོང་མ་ཡིན་པའི་རྒྱུ་རྟེན་འབྲེལ་སྒྲིག་ཕྱོགས་བླ་ན་མེད་པ་ཡིན་པས། རིམ་པ་ལྔ་སྟན་ཐོག་གཅིག་ཏུ་རྫོགས་པར་བྱ་ཞེས་བྱའོ། །དེ་ནས་ཀྱང་དམིགས་པ་དེ་ཉིད་བསྒོམས་པ་དང༌། རྩ་ལམ་བྱང་བ་དང༌། སྣང་བཞིའི་ཉམས་དང༌། ལྷ་སྐུའི་གསལ་སྣང་ཅུང་ཟད་ཙམ་རིམ་གྱིས་རིམ་གྱིས་སྐྱེ་ཞིང༌། གོ་རིམ་ནི་གཅིག་ཏུ་ངེས་པ་ཡང་མེད་དོ། །དེའི་ཚེ། བདེ་སྟོང་དང་ལྷ་སྐུ་དེ་དངོས་སུ་ན། ལུས་དབེན་ནམ། ངག་དབེན་གྱི་རིམ་པ་གང་རུང་ཡིན་ཡང༌། རིམ་པ་གཞན་རྣམས་ལའང་རྗེས་མཐུན་པའི་ཉམས་མྱོང་སྐྱེས་རྗེས་མཐུན་པའི་ཡེ་ཤེས་ཤར་བ་ཡིན་པས། རིམ་ལྔའི་ཉམས་མྱོང་སྟན་ཐོག་གཅིག་ཏུ་རྫོགས་པ་ཞེས་བྱའོ། །དེ་ལྟར་མ་གོ་བས། མཁས་རྨོངས་སོ་སོ་ལ་ཟ་ཟི་ལངས་ལུགས་མི་འདྲ་བ་དུ་མ་བྱུང་ངོ༌། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི། དོན་གྱི་འོད་གསལ་ཐོབ་ན་འཁོར་བ་སོ་སོར་སྐྱེ་བོའི་ས་ལས་ནི་རྒལ་ཞིང༌། འཕགས་པའི་གནས་པ་ཐོབ་པར་འགྱུར་རོ། །དེའི་ཕྱིར་རྫོགས་རིམ་གྱི་ཡེ་ཤེས་བདེ་སྟོང་དང་ལྷ་སྐུར་རང་ཤར་རྒྱུད་ལ་སྐྱེས་པ་ནས་གཟུང་སྟེ དང་པོར་ཐུན་གཅིག་འཁྱོངས་བ་འབྱུང་ལ། དེ་ནས་རིམ་པས་


TNT05_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་གཅིག་གམ། ཟླ་བ་ཕྱེད་དང༌། ཟླ་བ་གཅིག་དང༌། ལོའི་དུས་ཀྱི་བར་དུ་ཡང་བསྒོམ་དགོས་ཤིང༌། སྒྱུ་ལུས་ཀྱི་སྐུ་དངོས་ཐོབ་ནས་ནི་བསྐལ་པ་གཅིག་གམ། བསྐལ་པ་སྟོང་གི་བར་དུ་ཡང་རུང་སྟེ། དེ་ལྟར་ངང་གིས་གནས་ཀྱང་གནས་ལ། འཁོར་འདས་ཀུན་ན་དེ་ལས་ལྷག་པའི་དོན་གཞན་མེད་པས། རྒྱུན་བསྲིངས་ཏེ་བསྒོམ་དགོས་ཀྱང་དགོས་སོ། །དེ་ཡང་རླུང་དབུ་མར་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་བྱ་རྫོགས་ཀྱི་སྐད་ཅིག་མ་རེ་རེར་གནས་པ་ལས། ནམ་ཞིག་ལངས་པའི་ཚེ་ལྷ་སྐུ་རང་ཤར་རེ་རེ་འབྱུང་བར་འགྱུར་རོ། །དེ་ལྟར་འཁོར་ལོ་ཅན་ལ་རྒྱས་བཤད་མཛད་པ་ནི། རིམ་ལྔ་སྟན་ཐོག་གཅིག་མ་འཁོར་ལོ་ཅན་འདི་ལ་གོ་བ་ཤར་ན། འཁོར་ལོ་མེད་པ་སོགས་གཞན་རྣམས་ཤུགས་ལ་གོ་བའི་དབང་དུ་མཛད་པའོ། །གཉིས་པ་བསྐྱེད་རྫོགས་སྤྱིའི་བསྒོམ་ཚུལ་གསལ་བར་བསྟན་པ་ལ། བསྟན་བཤད་གཉིས་ཀྱི་དང་པོ་ནི། རིམ་པ་གཉིས་པོ་ལ་གནས་པ། མཉམ་པར་ཟུང་འབྲེལ་ཉིད་དུ་བསྒོམ། །ཞེས་སྟེ། འདིས་ནི་གཉིས་པོ་ལ་ཉམས་མྱོང་མ་སྐྱེས་བར་དུ། ཐུན་སྟོད་ལ་བསྐྱེད་རིམ་དང༌། ཐུན་སྨད་ལ་རྫོགས་རིམ་སྒོམ་པའམ། ཐུན་དང་པོ་ལ་བསྐྱེད་རིམ་དང༌། གཉིས་པ་ལ་རྫོགས་རིམ་བསྒོམ་པ་ལྟ་བུའི་ཟུང་འབྲེལ་ཡང་བསྟན། གཉིས་ཀ་ལ་ཉམས་མྱོང་ཅུང་ཟད་ཤར་ན། ཕན་ཚུན་དུ་རྒྱས་འདེབས་ཤིང༌། གང་རུང་གཅིག་ཁོ་ན་ལ་ཉམས་མྱོང་ཤར་ན། དེས་ཅིག་ཤོས་ལ་རྒྱས་འདེབས་པའི་ཟུང་འཇུག་གི་ཚུལ་དུ་སྒྲུབ་པ་


TNT05_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟན་ཏོ། །སྤྱིར་ཡང་ཟུང་འབྲེལ་ལ་ཟུང་འཇུག་གིས་མ་ཁྱབ། ཟུང་འཇུག་ལ་ཟུང་འབྲེལ་གྱིས་ཁྱབ་བོ་ཞེས་པའང་གོ་བར་བྱའོ། །ལར་སྐབས་འདིར་རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པའི་དོན་ལ་ངེས་པ་རྙེད་དགོས་སོ། །གཉིས་པ་རྒྱས་བཤད་ལ། བསྐྱེད་རིམ། ལུས་དབེན། ངག་དབེན། སེམས་དབེན། བདག་བྱིན་རླབས་མངོན་པར་བྱང་ཆུབ། མི་གནས་པའི་མྱང་འདས་ཀྱི་རིམ་པ་སྟེ་བདུན་ལས། དང་པོ་ནི། བསྐྱེད་པའི་རིམ་སྟེ་ལྷ་ཡི་སྐུ། ། རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོག །རྣམ་པ་མངོན་དུ་བྱེད་པ་གང༌།། ལེགས་པར་བསླབས་པས་མཐར་ཕྱིན་འགྱུར། །ཞེས་ཏེ། རིམ་པ་གཉིས་ལས་བསྐྱེད་པའི་རིམ་པ་འདི་ནི། ངོ་བོ་ལྷ་སྐུ་ལ་གསལ་སྣང་དུ་ཤར་བའི་ཏིང་ངེ་འཛིན་ཏེ། བསྒོམ་བྱ་རྒྱལ་བ་རིགས་ལྔ་ལ་སོགས་པ། དཀྱིལ་འཁོར་ཀྱི་འཁོར་ལོ་མཆོག་དེ་དག རྣམ་པ་ནི་གསལ་སྣང་མངོན་སུམ་དུ་བྱེད་པ་གང་ཡིན་པ་སྟེ། མན་ངག་བཞིན་དུ་ལྷ་སྐུའི་གསལ་སྣང་དང༌། ལྷའི་ང་རྒྱལ་དང༌། ཏིང་ངེ་འཛིན་གྱི་རིམ་པ་རྣམས་ལ་ལེགས་པར་བསླབས་པས་དབང་པོ་རྣོ་ན་ལོ་གཅིག་ཙམ་གྱིས་མཐར་ཕྱིན་པར་འགྱུར་ཏེ། མཐར་ཕྱིན་པའི་ཚད་ནི། རེག་པ་དང་མཐོང་བའི་ཚད་མ་རྙེད་པའོ། །བསྐྱེད་རིམ་ད་ལྟ་བློས་གསལ་འདེབས་པ་ནི། རྒྱུ་ཙམ་ཡིན་ལ་གོམས་ནས་གསལ་སྣང་


TNT05_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ན་ནི། བསྐྱེད་རིམ་དངོས་སུ་འགྱུར་ཏེ་ཡེ་ཤེས་ཀྱི་མིང་ཅན་ནོ། ། དེ་ཡང་ངོ་བོ་དཀྱིལ་འཁོར་གསལ་སྣང་རྟོག་མེད་དང༌། ང་རྒྱལ་དང་རྩོལ་བ་རྟོག་བཅས་གཉིས་འདུས་ཡིན་ཞིང༌། རྒྱུ་ནི་སྔ་རོལ་ནས་རྟོག་པ་གོམས་པ་ལས་བྱུང་བ། རྣམ་པ་མར་ལ་འཁོར་བའི་འཆི་བར་སྐྱེ་གསུམ་དང་མཐུན། ཡར་ལ་སངས་རྒྱས་ཀྱི་སྐུ་གསུམ་དང་མཐུན། བར་དུ་རྫོགས་རིམ་དང་རྣམ་པ་མཐུན་པས། དག་རྫོགས་སྨིན་གསུམ་ལམ་དུ་བྱེད་པ། གྲོགས་རྩོལ་བཅས་ཀྱི་བདེ་བ་དང་སྟོང་པས་བརྒྱན་པ་ཅིག་ལ་བསྐྱེད་རིམ་དངོས་ཟེར། མཚན་ཉིད་དེ་རྣམས་མ་ཚང་བའི་ལྷ་བསྒོམ་སྔགས་བཟླས་ནི། བསྐྱེད་རིམ་དངོས་མ་ཡིན་རྗེས་མཐུན་པའོ། །དབྱེ་ན་རགས་པ་ལ་སེམས་ཟིན་པ་དྲན་པ་གཅིག་པའི་རྣལ་འབྱོར་དང༌། ཕྲ་བ་ལ་སེམས་ཟིན་པ་རྟོག་པའི་རྣལ་འབྱོར་གཉིས་ཡོད། དཀྱིལ་འཁོར་རྒྱས་བསྡུས་ཀྱི་དབྱེ་བ་དང་རྣལ་འབྱོར་བཞི་དང༌། ཏིང་འཛིན་གསུམ་དང༌། ཡན་ལག་དྲུག་ལ་སོགས་པའི་དབྱེ་བ་རྒྱས་པར་ཤེས་པར་བྱའོ། །གཉིས་པ་ནི། ལུས་དབེན་སྣང་བ་སེམས་དང་ལུས། །རྒྱུ་དང་མི་རྒྱུ་འཇིག་རྟེན་བཅས། །རིམ་པས་ལྷ་ཡི་བདག་ཉིད་སྦྱོར། །རྡོ་རྗེ་འཆང་ཆེན་ལམ་དུ་བྱེད།། མོས་པ་ལས་བྱུང་ཏིང་ངེ་འཛིན། །རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་ཏེ། ལུས་རྣམ་པར་དབེན་པའི་ཏིང་ངེ་འཛིན་ནི། སེམས་ཚོར་བ་སོགས་ཕུང་པོ་བཞི་དང༌། ཡིད་ཀྱི་དབང་པོ་སོགས་དང༌། ལུས་གཟུགས་ཕུང་དང༌། དབང་པོ་ལྔ་དང༌། ཡུལ་ལྔ་སྟེ། ལུས་སེམས་དེ་དག་


TNT05_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱུ་བ་ནང་སེམས་ཅན་གྱིས་བསྡུས་པ་དང༌། འབྱུང་བ་བཞི་ནི་ཕྱི་ནང་གཉིས་ཀ་དང༌། ཡུལ་ལྔ་ནི་མི་རྒྱུ་བ་ཕྱིས་བསྡུས་ཡིན་པ་ལས། ཕྱིའི་འབྱུང་བ་བཞི་ནི་མི་རྒྱུ་བ་སྣོད་དང༌། ནང་གི་འབྱུང་བ་བཞི་ནི་སེམས་ཅན་གྱི་ལུས་སོ། །དེ་ལྟར་ན། ཕུང་པོ་ལྔ། འབྱུང་བ་བཞི། དབང་པོ་ལྔ། ཡུལ་ལྔ་དང་ཡེ་ཤེས་སམ། ཡང་ན་ཡིད་རྣམས་ལ་ལྔ་ལྔར་ཕྱེ་བ། སྣོད་ཀྱི་འཇིག་རྟེན་དང་བཅས་པའི་འཁོར་བའི་སྣང་བ། དབྱེ་བ་བརྒྱ་ཕྲག་གཅིག་པོ་འདི་དག་རེ་རེ་བཞིན་རིམ་པས་དམ་པ་རིགས་བརྒྱས་བསྡུས་པའི་ལྷའི་བདག་ཉིད་དུ་སྦྱོར་ཞིང༌། དེ་ལ་གོམས་ནས་རིགས་ལྔ་དང༌། རིགས་གསུམ་གྱི་དབྱེ་བ་ལ་བསླབ། མཐར་གསང་ཆེན་རིགས་གཅིག་ཏུ་འགྱུར་བ་ཡིན་ཡང༌། ལུས་དབེན་གྱི་རིམ་པའི་སྐབས་འདིར། རིགས་བརྒྱ་རྫོགས་སམ་མ་རྫོགས་ཀྱང་རུང་སྟེ། རིགས་བརྒྱར་གཏོགས་པའི་ལྷར་སྣང་གི་ཏིང་ངེ་འཛིན་ཅིག་དངོས་སུ་ཐོབ་པར་བྱས་ནས། རྒྱལ་བ་རིགས་ལྔ་སྟེ་ཡེ་ཤེས་ལྔའི་རྗེས་བཏབ་དང༌། གསང་བ་རིགས་གསུམ་སྟེ་རྡོ་རྗེ་གསུམ་གྱི་རྒྱས་བཏབ་དང༌། གསང་ཆེན་རིགས་གཅིག་སྟེ་རྡོ་རྗེ་འཆང་ཆེན་བདེ་བ་ཆེན་པོའི་རྒྱས་བཏབ་རྣམས། ད་ལྟ་དངོས་སུ་མ་ཐོབ་མོད། མོས་པ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་ལམ་དུ་བྱེད་ཅིང༌། དེ་ལྟར་མོས་པས་རིགས་བརྒྱ་དང་རིགས་གཅིག་གི་བར་དེ་དག་གི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིབ་པའོ། ། འདིར་ཕུང་ཁམས་རིགས་བརྒྱ་ནི། ཕུང་པོ་ལྔ། འབྱུང་


TNT05_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི། དབང་པོ་ལྔ། ཡུལ་ལྔ་རྣམས་ལ་ལྔ་ལྔར་ཕྱེ་བས། དགུ་བཅུ་གོ་ལྔ་ཡོད། དེའི་སྟེང་དུ་ཡིད་ལྔའམ་ཡེ་ཤེས་ལྔ་སྟེ། ལྔ་ཚན་གཉིས་པོ་གང་རུང་གཅིག་དཀྱུས་སུ་བཅུག་པས་བརྒྱ་ཐམ་པ་འོང༌། ལྔ་ཚན་ཅིག་ཤོས་དེ་སྤྱི་ཁྱབ་ཏུ་བཏང་ངོ། །དམ་པ་རིགས་བརྒྱ་ནི། རྒྱལ་བ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་ལྔ། རྡོ་རྗེ་མ་ལྔ་རྣམས་ལ་རེ་རེ་བཞིན་རིགས་ལྔས་ཕྱེ་བས་དགུ་བཅུ་གོ་ལྔ་བྱུང༌། ཡེ་ཤེས་ལྔའི་དབང་དུ་བྱས་ནས། རྒྱལ་བ་རིགས་ལྔ་སྤྱི་འགྲོ་ཞིག་སྣོན་པའམ། ཡིད་ཀྱི་དབང་དུ་བྱས་ནས་འཇམ་དཔལ་རིགས་ལྔ་བསྣན་པས་བརྒྱ་ཐམ་པའོ། །ལུས་དབེན་གྱི་ངོ་བོ་ནི། རགས་པའི་རླུང་རགས་པའི་དབུ་མར་ཅུང་ཟད་ཐིམ་པའི་བདེ་སྟོང་གི་ངང་ལས་རྣམ་རྟོག་གིས་མ་སྐྱེད་པར། ཡིད་ངོ་ཁོ་ནར་རང་ཤར་བའི་ལྷ་སྐུའོ། །ཡང་དེ་ཙམ་མིན་ཀྱང་སྟོང་པའི་ཉམས་མྱོང་ཅུང་ཟད་བསྒོམ་པའི་ངང་ནས། རྩོལ་མེད་དུ་ལྷ་སྐུར་འཆར་ཙམ་བྱུང་ན། ལུས་དབེན་རྗེས་མཐུན་པ་ཡིན་ནོ། སྟོང་པར་མོས་པའི་ངང་ནས། རྩོལ་བཅས་ཀྱི་ལྷ་སྐུ་སྐྱེད་ན། ངོ་བོའི་སྒོ་ནས་བསྐྱེད་རིམ་ཁོ་ན་ལས་མ་འདས་ཀྱང་ལུས་དབེན་དུ་མོས་པས། འབྲེལ་བའི་སྒོ་ནས་ལུས་དབེན་གྱི་རྒྱུ་ཁྱད་པར་ཅན་དུ་འགྱུར་རོ། །དེང་སང་གི་ལས་དང་པོ་པ་ལ་འཁྲིད་འབོགས་པའི་ཚེ། དེ་ཙམ་གྱིས་ལུས་དབེན་གྱི་དམིགས་པ་གོ་ཆོད་པར་འགྱུར་ཏེ། དེའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རླུང་གི་འབྱུང་འཇུག་གནས་པ་གསུམ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། རླུང་སྔགས་


TNT05_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་སྦྱོར་བ་གང༌། །རྡོ་རྗེའི་བཟླས་པའི་རིམ་ པའོ། །ཞེས་ཏེ། རླུང་གི་རྒྱུ་བ་ཕྱིར་འབྱུང་བ་ནི། རླུང་དེ་དང་ཐུགས་ཀྱི་རྡོ་རྗེའི་སྔགས་ཧཱུཾ་ཡིག་མཉམ་པར་རབ་ཏུ་སྦྱོར་བ་དང༌། རླུང་འཇུག་པ་དང་སྐུ་རྡོ་རྗེའི་སྔགས་ཨོཾ་ཡིག་མཉམ་པར་སྦྱོར་བ་དང༌། རླུང་གནས་པ་དང་གསུང་རྡོ་རྗེའི་སྔགས་ཨཱཿཡིག་མཉམ་པར་རབ་ཏུ་སྦྱོར་བ་རྣམས། རྩ་དབུ་མའི་རླུང་དུ་གྱུར་པ་གང་ཡིན་པ་དེ་ནི། ངག་དབེན་རྡོ་རྗེའི་བཟླས་པའི་རིམ་པའོ། །དེ་ལ་གོང་དུ་སྨོས་པ་ལྟར། ཡི་གེ་འབྲུ་གསུམ་ངག་ཚིག་དང་བཅས་པའང་སྲིད་མོད་ཀྱི་ངེས་པར་དགོས་པ་མ་ཡིན། ཡི་གེ་འབྲུ་གསུམ་གྱི་དོན་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཡིན་ཞིང༌། དེ་གྲིབ་མའི་ཚུལ་གྱིས་ཉམས་སུ་ལོན་ན་རླུང་གི་རྣལ་འབྱོར་གང་བྱས་ཀྱང༌། རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལས་མ་འདས་པས་རྡོ་རྗེའི་བཟླས་པའོ། །དེ་ལ་དབྱེ་ན་གསུམ། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་ཞེས་བྱ་བ་རྩ་བའི་རླུང་དང་ཡན་ལག་གི་རླུང་ལ། རྩ་ལམ་སྦྱོང་བའི་རྡོར་བཟླས་བྱེད་པ་དང༌། སྙིང་གའི་སྣ་རྩེར་མི་ཤིགས་པའི་ཐིག་ལེ་སྒོམ་པ་ཞེས་པ། སྙིང་ག་གཙོ་བོར་གྱུར་པའི་རྩ་འཁོར་རྣམས་སུ། ཡིག་འབྲུའམ་ཐིག་ལེ་སོགས་ལ་སེམས་བཟུང་བས། རླུང་དང་ཐིག་ལེ་དྷཱུ་ཏཱིར་འཆིང་བ་དང་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་ཞེས་བྱ་བ། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པས། རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་སྟེ་གསུམ་མོ། །འདིར་རྫས་ཞེས་པ་ཐིག་ལེ་ཀུན་ད་ལྟ་


TNT05_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་གསང་བའི་སྣ་རྩེར་བསྒོམ་ཞེས་གསུངས་པས། འཁོར་ལོ་བཞི་ལ་ལུགས་འབྱུང་ལུགས་ཟློག་ཡིན་ཏེ། རྡོ་རྗེ་འཕྲེང་བར་ཡང་དེ་ལ་རྒྱས་བཤད་མཛད་པས། གང་དག་འཕགས་སྐོར་གྱི་ལུགས་ལ། སྟེང་འོག་ཕྱོགས་མཚམས་ཀྱི་རྩ་གནས་ནས་བྱང་ཆུབ་ཀྱི་སེམས་ཞུ་བ་སྙིང་གར་འདུ་བ་ཁོ་ན་ཡིན་གྱི། འཁོར་ལོ་བཞི་ལ་འགྲོ་འོང་བྱེད་པ་མིན་ཞེས་འཆད་པ་ནི་མི་འཐད་དེ། སྙིང་ག་འབའ་ཞིག་ཏུ་བསྡུས་པ་ལ། གསང་བའི་སྣ་རྩེར་བསྒོམ་པའི་ཐ་སྙད་མི་འཐད་པའི་ཕྱིར་རོ། །བཞི་པ་ནི། གསང་སྔགས་ལས་བྱུང་རྣམ་པར་ཤེས། སྣང་བ་གསུམ་གྱི་བདག་ཉིད་ནི། ཡེ་ཤེས་འབྱུང་ཟློག་ངེས་པ་གང༌། སེམས་ལ་དམིགས་པའི་རིམ་པའོ། །གསང་སྔགས་ཏེ་རླུང་རྣམས་རྡོ་རྗེ་གསུམ་གྱི་ཡེ་ཤེས་སུ་གྱུར་པ་དེ་ཉིད་གོམས་པ་ལས། འབར་འཛག་གི་ཡེ་ཤེས་བདེ་སྟོང་ལྷན་ཅིག་སྐྱེས་པ་འབྱུང་ལ། དེ་ནི་རྣམ་པར་ཤེས་པ་སྟེ་སྣང་བ་གསུམ་གྱི་བདག་ཉིད་ཀྱི་ཡེ་ཤེས་འཇུག་པ་སྟེ། སྣང་བ་ཐིམ་ནས་མཆེད་པ་ཤར། དེ་ཐིམ་ནས་ཐོབ་པ་ཙམ་པོ་ཤར། དེ་ཐིམ་ནས་ཐོབ་པ་ཁྱད་པར་ཅན་དཔེའི་འོད་གསལ་ལ་རིང་དུ་མཉམ་པར་འཇོག་གོ ། ཟློག་པ་ནི། ཐོབ་པ་ཁྱད་པར་ཅན་དེ་ལས་ལངས་ནས། ཐོབ་པ་ཕལ་པ་སྐྱེ། དེ་ལས་སྣང་བ་སྐྱེ། དེ་ལས་ས་སོགས་འབྱུང་བཞིའམ་ཁམས་ལྔ་སྐྱེ་བས་རྣམ་རྟོག་ཕལ་པ་འབྱུང་ངོ་དེ་ལྟ་བུའི་འཇུག་ལྡོག་ངེས་པ་གང་ཞིག་


TNT05_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་སྒོམ་པ་ནི། སེམས་ལ་དམིགས་པའི་རིམ་པའོ། །འདིར་ངེས་དགོས་པ་ནི། སྣང་བ་བཞི་དང༌། དགའ་བ་བཞི་དོན་གཅིག་སྟེ། སྣང་བ་དགའ་བ། མཆེད་པ་མཆོག་དགའ་ཐོབ་པ་ཁྱད་དགའ། སེམས་དབེན་གྱི་རིམ་པའི་སྐབས། ཉེར་ཐོབ་སྐད་ཅིག་བཞི་པ་དང༌། འོད་གསལ་གྱི་རིམ་པ་ལ་ཞུགས་ནས། སྐད་ཅིག་བཞི་པ་འོད་གསལ་རང་སྟེ། དེ་གཉིས་ནི་ལྷན་ཅིག་སྐྱེས་དགའ་འོ། །འོན་ཀྱང་ལུགས་ཟློག་གི་ཚེ། དོན་གཅིག་ཀྱང་མིང་མི་འདྲ་སྟེ། ཐོབ་པ་ལ་དགའ་བ་མཆོག་དགའ་གཉིས་དང༌། མཆེད་པ་ཁྱད་དགའ་དང༌། སྣང་བ་ལྷན་སྐྱེས་སོ། །སེམས་དབེན་རང་གི་ངོ་བོ་ནི། རྣམ་རྟོག་གི་བཞོན་པའི་རླུང་རྣམས་སྒོམ་སྟོབས་ཀྱིས་རྩ་འཁོར་རྣམས་ཀྱི་ལྟེ་བར་ཐིམ་པས་ཐིག་ལེ་བརྟན་པར་གྱུར་པའི་བདེ་སྟོང་གི་ཡེ་ཤེས་ཡིན་ལ། དེ་སྒྲུབ་པར་བྱེད་པའི་ཐབས་ནི། རང་ལུས་གཞན་ལུས་གཉིས་ཀས་ལས་བྱེད་ཅིང༌། རིམ་ལྔ་ལས། འདོད་ཆགས་ཉིད་དང་ཆགས་བྲལ་དང༌། །དེ་ཡི་བར་ཏེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཞེས་སེམས་དབེན་གྱི་སྒྲུབ་པ་ལས་རྒྱ་ཉིད་གཙོ་བོར་གསུངས་པ་ལྟ་བུར་ཡོད་ཀྱང༌། ཞིབ་མོར་ན། སྣང་བའི་ས། མཆེད་པའི་ས། ཐོབ་པ་ཙམ་པོའི་ས་རྣམས་སྟེང་སྒོ་འབའ་ཞིག་གིས་ཀྱང་སྒྲུབ་ཏུ་རུང་ལ། ཉེར་ཐོབ་བཞི་པའི་ས་ཐོབ་པ་ནི། ངེས་པར་ཕྱི་རོལ་གྱི་ཕྱག་རྒྱ་ལ་རག་ལས་པའོ།། ཞེས་པའང་སྤྱིར་བཏང་ལ་ངེས་པ་ཡིན་ནོ། །སྣང་གསུམ་ལུགས་ཟློག་ནི་


TNT05_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱི་གོང་འོག་ཐམས་ཅད་དུ་འབྱུང་མོད་ཀྱི། རྡོ་རྗེའི་བཟླས་པའི་རིམ་པ་མན་ཆད་ལ་ལུས་མ་རྫོགས་པ་དང༌། རྒྱུ་ལུས་ཀྱི་རིམ་པ་ཡན་ཆད་ལ། གསར་ཐོབ་མ་ཡིན་པའི་ཕྱིར་མ་སྨོས་ལ། འདིར་ལུས་རྫོགས་པ་གསར་ཐོབ་ཡིན་པའི་ཕྱིར་སྨོས་སོ། །དེ་ལྟར་ཡང༌། འཕགས་པས། སྟོང་ཉིད་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་བ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །ཞེས་ལུགས་འབྱུང་གི་ཚེ་གཞན་གསུམ་རྒྱུ། བཞི་པ་འབྲས་བུ། ལུགས་ཟློག་དང་སྦྱར་ན། དེ་ཉིད་རྒྱུ། གཞན་གསུམ་འབྲས་བུའོ། །ཡང་སྐད་ཅིག་མའི་སྣང་བ་བཞི་དང༌། སྣང་བའི་ས་བཞི་པོ་ཡང་དབྱེ་བ་ཕྱེད་པ་ཡང་གལ་ཆེ་སྟེ། རིམ་ལྔའི་འགྲེལ་ཆེན་དུ་རྒྱས་པར་བཤད་ཟིན་ཅིང༌། ཅུང་ཟད་འོག་ཏུ་འཆད་དོ། །ལྔ་པ་ནི། རྨི་ལམ་ལུས་ནི་རྣམ་སྦྱང་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་བྱུང་བ། །སྒྱུ་མ་ལྟ་བུའི་རིམ་པའོ། །ཞེས་ཏེ། དེ་ལ་བདག་བྱིན་བརླབ་པའི་རིམ་པའི་ཡེ་ཤེས་ནི། རྒྱུ་འོད་གསལ་ཀྱི་རླུང་སེམས་ཙམ་ལས་གྲུབ་པ། རྐྱེན་དང་པོར་སྣང་གསུམ་གྱི་རིམ་པས། ལས་རླུང་མི་ཤིགས་པ་ལ་ཐིམ་པའི་བདེ་བ་ཤར། བདེ་བ་དེ་སླར་ཡང་སྣང་གསུམ་ལུགས་ཟློག་ཏུ་ཤར་བ་ལས་སྐྱེས་པའོ། །རྣམ་པ་ནི་གཙོ་བོ་མེད་དུ་མི་རུང་བ། དཀྱིལ་འཁོར་གྱི་འཁོར་ལོ་དང༌། ཞར་བྱུང་དག་མ་དག་གི་སྣང་བ་སྣ་ཚོགས་དང་བཅས་པ། བྱེད་ལས་རྣལ་འབྱོར་པའི་རང་སྣང་དུ་ལུས་ཀྱི་བྱ་བ་བྱེད་ནུས་དང༌། ཉམས་ཀྱི་ཁྱད་པར་གནས་ལུགས་མཚོན་པར་


TNT05_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་ཞུ་བདེའི་བདེ་སྟོང་གིས་ཁྱབ་པ་སྟེ། ཁྱད་པར་ལྔ་ལྔན་དེ་ནི། བདག་བྱིན་བརླབ་པའི་མཚན་ཉིད་ཡིན་པ་ལས། མཉམ་བཞག་སྒྱུ་ལུས་ལ་མཚན་ཉིད་ཐམས་ཅད་གསལ་བར་རྫོགས་པ་ཡིན་ཞིང་རྗེས་ཐོབ་སྒྱུ་ལུས་ལ་ནི་ཐམས་ཅད་ཚང་བར་གཅིག་ཏུ་ངེས་པ་ཡང་མ་ཡིན་ནོ། །རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་མཉམ་བཞག་སྒྱུ་ལུས་ཀྱི་གཙོ་བོ་དང༌། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ།། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །ཞེས་མཉམ་བཞག་སྒྱུ་ལུས་ཀྱི་ཡན་ལག་ཡེ་ཤེས་ཀྱི་སྐུ་ཤེས་བྱ་ལ་སྤྲོ་བ་དང༌། རྗེས་ཐོབ་སྒྱུ་མ་ཡང་བསྟན་ཏོ། །སྒྱུ་མའི་སྐུ་ལ་དཔེ་བཅུ་གཉིས་ཡོད་པ་ལས། དཔེའི་གཙོ་བོ་གསུམ་ནི། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་གསུངས་སོ། །སྤྱིར་རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་སྣང་ནི་སྣང་ཡང་བདེན་ནི་མི་བདེན་པ་སྒྱུ་མ་ལྟ་བུར་རྟོགས་པ་ཞིག་མཉམ་རྗེས་ཀུན་ཏུ་དགོས་པ་ཡིན་མོད་ཀྱང༌། འདིར་དཔེ་འདི་རྣམས་བདེན་མེད་རྐྱང་པ་ལ་མི་སྦྱོར་ཏེ། ཡེ་ཤེས་ཀྱི་སྐུའི་མཚན་ཉིད་སོ་སོ་ལ་སྦྱོར་རོ། །དེ་ཡང༌། མེ་ལོང་གི་གཟུགས་བརྙན་སྐད་ཅིག་ལ་རྫོགས་པ་ལྟར། །སྐུའམ་དཀྱིལ་འཁོར་ཡང་སྐད་ཅིག་གིས་རྫོགས་པ་དང༌། མེ་ལོང་དྭངས་པ་ལ་


TNT05_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ཤར། ཤར་བའི་དུས་ན་ཡང་མེ་ལོང་ལས་མ་འདས་པ་ལྟར། བདེ་སྟོང་ལྷན་སྐྱེས་ལས་ལྷ་སྐུར་ཤར་ཞིང་ཤར་ཟིན་པའི་དུས་ན་ཡང་བདེ་སྟོང་གི་ཉམས་དང་མ་བྲལ་བའོ། །འཇའ་ཚོན་ནི་ཆུ་ཟིལ་དང༌། འོད་ལས་ཁ་དོག་གསལ་བར་སྣང་བ་ལྟར། འབྱུང་ལུས་རགས་པ་མེད་ཀྱང་རླུང་སེམས་ཕྲ་མོ་ལས་དབྱིབས་དང་ཁ་དོག་མ་འདྲེས་པར་ཡོངས་སུ་རྫོགས་པའོ། །འབྱུང་ལུས་རགས་པ་མེད་ཀྱང་ཕྲ་མོ་ནི་ཡོད་དོ། །ཆུ་ཟླ་ལྟ་བུ་ནི་ཟླ་བ་གཅིག་ཤར་ཆུ་ཀླུང་ཀུན་ལ་ཡོངས་སུ་ཁྱབ་པ་ལྟར་ཡེ་ཤེས་ཀྱི་སྐུ་གཅིག་ཉིད་སྣང་བ་སྣ་ཚོགས་པ་ལ་སྤྲོ་བར་ནུས་པའོ། །དེ་ལྟར་གོ་བར་བྱས་ཏེ་རྨི་ལམ་གྱི་ལུས་ཀྱིས་མཚོན་པ། བར་དོ་ལ་སོགས་པ་གསལ་སྣང་གི་ལུས་ཐམས་ཅད། རྣམ་པར་དག་ཅིང་སྦྱོང་བའི་ཕྱིར། ལམ་འདི་བསྒོམ་དགོས་པ་སྟེ། སྒྱུ་ལུས་ཀྱི་སྦྱང་བྱ་ཕྲ་མོའི་སྣང་བ་ལ་ཞེན་པ་སྟེ། དེ་རྨི་ལམ་དང་བར་དོའི་ཐབས་ལ་བརྟེན་ནས་སྦྱོང་ཞེས་པའོ། །ཇི་སྐད་དུ། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །ཞེས་སོ། །མན་ངག་པ་སྔ་མ་རྣམས། སྒྱུ་ལུས་ཀྱི་སྦྱང་གཞི་རྨི་ལམ་ཞེས་ཟེར་བ་ཡང་དེ་ལ་བསམས་ཤིང༌། རྨི་ལམ་ལོངས་སྐུའི་དང་བར་དོ་ལོངས་སྐུ་ཐ་སྙད་ཀྱང་འདི་དག་ལ་བརྟེན་ནོ། །རྨི་ལམ་དུ་ལྷ་སྐུ་བདེན་མེད་སྒྱུ་མ་ལྟ་བུར་ཤར་བས་རྐྱེན་བྱས་ཏེ་སད་དུས་ཀྱི་སྣང་བ་ཐམས་ཅད་སྒྱུ་མར་མཚོན་ནུས་པའི་དུས་དེར་མཉམ་བཞག་ཏུ་སྣང་སྟོང་སྒྱུ་མ་ཙམ་ཤར་བ་ན། རྗེས་ཐོབ་


TNT05_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡུལ་སྣང་ཀུན་ཀུན་རྫོབ་སྒྱུ་མ་ལྟ་བུར་རྟོགས་པ་གང་ཞིག་འབྱུང་བ་དེ་ནི། སྒྱུ་མ་ལྟ་བུ་སྟེ་སྒྱུ་ལུས་ཀྱི་རིམ་པའི་མན་ངག་གོ །གཞུང་ཆུང་འདིར་རྟགས་དང་རྟགས་ཅན་ཞེས་སོགས་ཀྱི་སྐབས། ཡེ་ཤེས་ཀྱི་སྐུའི་མཚན་ཉིད་བཤད་ཟིན་པས་སྐབས་འདིར་ནི། ལས་དང་པོ་པ་ཉིད་ཀྱི་སྒོམ་ཚུལ། སྒྱུ་ལུས་ཀྱི་སྒྲུབ་པ་ཉམས་ལེན་གསལ་བར་བསྟན་ཏོ། །རྗེ་བཙུན་མར་པ་ལྷོ་བྲག་པའི་གདམས་པ་རྣམས་ལས། རིམ་ལྔ་དང་ཆོས་དྲུག་གི་གདམས་པ་རྣམས་སུ། རྨི་ལམ་དང་བར་དོའི་གདམས་ངག་རྣམས་སྒྱུ་ལུས་ཀྱི་ཡན་ལག་ཏུ་མཛད་ལ། མ་རྒྱུད་ཀྱི་གདམས་ངག་འགའ་རེར། རྨི་ལམ་གྱི་གདམས་ངག་སྒྱུ་ལུས་ཀྱི་རྩ་བར་མཛད་པ་ཡང་ཡོད་དེ། གཞུང་ཚིག་འདིར་ཡང་དེ་ལྟ་བུའོ། །དྲུག་པ་ནི། རང་བཞིན་ཤེས་པའི་བསམ་གཏན་ལས། ཐབས་ལས་མ་སྐྱེས་ཏིང་ངེ་འཛིན། །རང་གསལ་ངོ་བོ་མི་རྟོག་པ། །འོད་གསལ་དོན་དམ་རིག་པའོ། །ཞེས་ཏེ་འདིར། རང་བཞིན་ཤེས་པའི་བསམ་གཏན་ལས། །ཞེས་པས་འོད་གསལ་གྱི་སྒྲུབ་པ་བསྟན། འོད་གསལ་དོན་དམ་རིམ་པའོ། །ཞེས་པས། དོན་གྱི་འོད་གསལ་མཐོང་ལམ་མངོན་པར་བྱང་ཆུབ་བསྟན། ཐབས་ལ་མ་བརྟེན་སོགས་ཚིག་རྐང་བར་པ་གཉིས་ཀྱིས་འོད་གསལ་གྱི་རིམ་པའི་དམིགས་ཡུལ་རྟོགས་བྱ་དོན་དམ་བདེན་པ་དངོས་ཆོས་དབྱིངས་ཉིད་བསྟན་ཏོ། །འདིར་རྟོགས་བྱེད་ལམ་གྱི་འོད་གསལ་ལ་ཡང་དོན་དམ་བདེན་པ་ཞེས་བྱ་སྟེ། དོན་དམ་རྟོགས་ཚུལ་ལ་བསླུ་མེད་དུ་བྱ་བ་བྱེད་ནུས་ཡིན་པའི་ཕྱིར་རོ། །དེས་ན་ལམ་འདིས་དངོས་སུ་རྟོགས་པར་བྱ་རྒྱུའི་ཡུལ་ནི་


TNT05_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཏེ་རྒྱུ་ལས་མ་བྱུང་ཞིང་མ་སྐྱེས་པའི་ཏིང་ངེ་འཛིན་ཏེ་རང་བཞིན་བདེ་བ་ཆེན་པོ་དང་དེ་ཉིད་གདོད་མ་ནས་རང་གསལ་བ་རྣམ་པར་ཐམས་ཅད་པ་དང༌། རང་གི་ངོ་བོ་སྤྲོས་པ་ཐམས་ཅད་ལས་ཡོངས་སུ་འདས་པའི་རྣམ་པར་མི་རྟོག་པའི་སྟོང་ཉིད་ཏེ་དགག་ཕྱོགས་ཀྱི་སྒོ་ནས་མ་སྐྱེས་པ་དང༌། སྒྲུབ་ཕྱོགས་ཀྱི་སྒོ་ནས་བདེ་གསལ་མི་རྟོག་པ་གསུམ་སྟེ། མཚན་ཉིད་བཞི་ལྡན་དུ་འདིར་བསྟན་ཏོ། །གཞན་ཏིང་ངེ་འཛིན་ཡིན་ན་ཐབས་ཀྱིས་སྒྲུབས་པ་ཁོ་ནར་ངེས་པ་ལ་ཆོས་དབྱིངས་འདི་ནི་རྩེ་གཅིག་པའི་སེམས་མཐར་ཐུག་ཡིན་པས། ཏིང་ངེ་འཛིན་གྱི་མཆོག་ཡིན་ཡང་ཐབས་ཀྱིས་མ་སྐྱེད་དེ་རང་བྱུང་ངོ༌། །ཏིང་ངེ་འཛིན་ཞེས་པ་ནི། ས་བཱ་དྷིའི་སྒྲ་ལས། ཡང་དག་པར་ཀུན་ནས་འཛིན། རྟག་ཏུ་འཛིན་པ་སྟེ་མི་འགྱུར་བར་ཡང་འདྲེན་པས། མི་འགྱུར་བའི་བདེ་བ་ཞེས་པའི་དོན་དུ་འགྱུར་བ་ཡང་གོ་དགོས་སོ། །སྟོང་པའི་མཚན་ཉིད་ནི་མི་རྟོག་པ་ཁོ་ན་ཏེ། དེ་ཡང་རང་རིག་ཡིན་གྱི་མེད་དགག་བེན་སྟོང་མ་ཡིན་ནོ། །རིམ་པ་འདི་མཐར་ཐུག་པ་ན་གནས་ལུགས་དེ་མངོན་སུམ་དུ་རྟོགས་པ་ཡིན་ལ། དེའི་སྒྲུབ་པ་ནི། རང་བཞིན་གནས་ལུགས་དེ་ལ་གསལ་བར་དམིགས་ཤིང་ཤེས་ནུས་པའི་བསམ་གཏན་གཉིས་ཀྱིས་སྒྲུབ་པར་བྱེད་དོ། །དེ་ཡང་སྤྱོད་བསྡུས་སྒྲོན་མེ་ལས། ཆུ་བོའམ་སྟེང་ཀའི་ཆུ་ནི་དྲི་མེད་དག་ལ་གོང་བུར་གནས་པ་ལྟར། དེ་བཞིན་དེ་ལ་རྗེས་སུ་གཞིག་པ་རྣལ་འབྱོར་བས་ནི་རྟག་ཏུ་བསམ། མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པ་བཞིན་དུའང་བལྟ་བྱ་སྟེ། རིལ་


TNT05_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འཛིན་ལའང་བྱ་བའི་རིམ་པ་དེ་བཞིན་འདིར་ནི་ཡང་དག་བརྟག །ཅེས་གསུངས་ལ། རིམ་ལྔ་ལས་ཀྱང༌། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང༌། །དེ་བཞིན་རྗེས་སུ་གཞིག་པའོ། །ཞེས་སོགས་གསལ་བར་གསུངས་ཏེ། ལས་དང་པོ་པས་རྣམ་པ་ལམ་བྱེད་དུ་བསྐྱེད་རིམ་གྱི་དམིགས་པས་བསྒོམ་པའི་ཚེ་ནི། འོད་ཟེར་སྤྲོ་བསྡུ་སོགས་ཀྱི་རྐྱེན་ལས། རང་ལུས་འབའ་ཞིག་སྟོང་པར་བསྡུ་བ་རིལ་འཛིན་དང༌། སྣོད་བཅུད་ཐམས་ཅད་མཐའ་ནས་དབུས་སུ་རིམ་གྱིས་བསྡུ་བ་རྗེས་གཞིག་ཏུ་གྲགས་པ་ལྟར་ཡིན་ལ། འོད་གསལ་གྱི་རིམ་པ་ཐོབ་པའི་རྣལ་འབྱོར་པས་ནི། དེ་འདྲ་བསྒོམ་མི་དགོས། དེའི་མཚོན་དོན་བསྒོམ་པ་ཡིན་པས་གཙོ་བོར་རང་གི་ལུས་དང༌། གཞན་ཡང་གདོང་ཐུག་ཏུ་གང་སྣང་བ་དེ་ལ། བདེ་སྟོང་གིས་རྒྱས་བཏབ་པས་སྣང་བ་དེ་ནི་དེ་འཕྲལ་དུས་གཅིག་ཏུ་ནུབ་ནས་སྟོང་པར་ཐིམ་པ་སྟེ། དེ་ནི་རིལ་པོར་འཛིན་པ་ཡིན་ལ། སྣང་བ་རྒྱ་བསྐྱེད་པ་ཐམས་ཅད་ལ་བདེ་སྟོང་གིས་རྒྱས་བཏབ་སྟེ་བསྒོམ་ན། འདི་དམིགས་ཡུལ་རྒྱ་ཆེ་བས། དུས་གཅིག་ཏུ་སྟོང་པར་ཐིམ་མི་འགྲོ་བར། རིམ་པས་ཐིམ་འགྲོ་བ་ནི་རྗེས་སུ་གཞིག་པའོ། །རིམ་པ་ཐིམ་ཚུལ་གཉིས་ཏེ། ཡུལ་སྣང་བ་ཐམས་ཅད་ཀྱི་སྟེང་དུ་གཅིག་ཅར། སྟོང་ཉམས་ཇེ་ཆེ་ལ་སྟོང་པར་ཐིམ་འགྲོ་བ་གཅིག་དང༌། ཡུལ་དངོས་པོ་གཅིག་དང་པོར་ཐིམ་ཕྱིས་གཞན་རིམ་པས་ཐིམ་འགྲོ་བ་གཅིག་གོ །ལམ་འོད་གསལ་གྱི་རིམ་པའི་ངོ་བོ་ནི་ལྷན་ཅིག་སྐྱེས་


TNT05_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་ལམ་ཡིན་ལ། རྒྱུ་ནི་སྣང་བ་བཞིའི་རིམ་པས་འཇུག་པ་དང༌། ཡུལ་ནི། བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །ཞེས་ཡེ་ཤེས་ཀྱི་སྐུ་ལ་གཙོ་བོར་དམིགས་ཏེ་སྒོམ་པ་ཡིན། བྱེད་ལས་ནི་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རླུང་དང་བཅས་པའི་ས་བོན་འཇོམས་པའམ། འཇོམས་པ་ལ་ཕྱོགས་པའོ། །རིམ་པ་འདིའི་མཐར་ཕྱི་ནང་གི་མངོན་བྱང་ལས། དོན་གྱི་འོད་གསལ་ཐོབ་པར་འགྱུར་རོ། །མངོན་བྱང་ནི། རིམ་ལྔ་ལས། མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་གཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་གང་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། ། མཚམས་ཀྱི་མཐའ་ནི་འཇིག་མིན་མུན་ནག་ཚོགས་ནི་མ་ལུས་གང་དུ་འདས་པ་དང༌། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཐའ་རུ་ བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཉེ་རྒྱུ་རིག་བརྟུལ་གྱི་དང་དེར་རྡོ་རྗེ་སློབ་དཔོན་ནམ་སངས་རྒྱས་སྤྲུལ་པའི་སྐུ་གཞན་གྱིས་དབང་བསྐུར་བས་དོན་ཀྱི་འོད་གསལ་མཐོང་ལམ་ཐོབ་པ་དེས། འོད་


TNT05_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་རིམ་པ་རྫོགས་སོ། །བདུན་པ་ནི། བསམ་གཏན་མེས་སྦྱངས་ལྷ་ཡི་སྐུ། །རང་བྱུང་ཡེ་ཤེས་དག་པའི་ལུས། །སྦྱང་གཞི་སྦྱོང་བྱེད་བྲལ་བར་གནས། །ཟུང་ཏུ་འཇུག་པའི་རིམ་པའོ།། ཞེས་ཏེ། སྔར་སྒྱུ་ལུས་ཀྱི་རིམ་པའི་སྐབས་མ་དག་པའི་སྒྱུ་ལུས་རང་བཞིན་བརྒྱད་ཅུ་དང༌། སྣང་བ་གསུམ་གྱི་དྲི་མར་བཅས་པ་དེ། འོད་གསལ་གྱི་རིམ་པར་བསམ་གཏན་གཉིས་ཀྱི་མེས་སྦྱངས་པས། སྤང་བྱ་དྲི་མ་དེ་རྣམས་ས་བོན་དང་བཅས་པ་སྤངས་ཤིང༌། སྔར་གྱི་སྐུ་དེའི་ཡེ་ཤེས་ཀྱི་ཆའི་རྒྱུན་དེ་ཟུང་འཇུག་གི་ལྷའི་སྐུར་འགྱུར་བས། རང་བྱུང་གདོད་མའི་ཡེ་ཤེས་ཀྱི་སྐུ་མཐོང་སྤངས་དང་ཉོན་སྒྲིབ་སྤངས་པས་དག་པའི་སྒྱུ་ལུས་སློབ་པའི་ཟུང་འཇུག་དེ། དོན་གྱི་འོད་གསལ་ཐོབ་པའི་རྗེས་ཐོགས་བར་མ་ཆད་པར་འབྱུང་བར་འགྱུར་རོ། །ཇི་སྐད་དུ། གཟུགས་བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡིས། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུའང་ལན་འགའ་འབྱུང༌། །ཇི་ལྟར་དྭངས་བའི་ཆུ་ཀླུང་ལས། །ཉ་དག་རབ་ཏུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །ཞེས་བཤད་པ་ལྟར། སྔར་འོད་གསལ་གྱི་རིམ་པའི་སྐབས་སུ་ལྡང་འཇུག་དེ་བཞིན་གོམས་པ་ལས། འདིར་འོད་གསལ་གྱི་རིམ་པ་ལས་ངང་གིས་ལངས་ནས། ཟུང་འཇུག་དབང་ཕྱུག་བརྒྱད་དང་ལྡན་པ་རྩོལ་མེད་དུ་འགྲུབ་པར་འགྱུར་རོ། །ཟུང་འཇུག་ཐོག་མར་འགྲུབ་པའི་ས་མཚམས་ནི་མཉམ་བཞག་


TNT05_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། རྗེས་ཐོབ་ཏུ་འདོད་པ་ནི་ནོར་བའོ། །སྒོམ་སྟོབས་ཀྱི་ལམ་གང་ལ་རང་རང་གི་རིགས་མཐུན་གྱི་མཉམ་བཞག་སྔོན་དུ་སོང་ནས་རྗེས་ཐོབ་འབྱུང་བ་ཡིན་གྱི། རྗེས་ཐོབ་སྔོན་ལ་ཡོད་པ་དོན་ལ་མི་སྲིད་པར་མ་ཟད། མིང་ཙམ་གྱི་སྒོ་ནས་ཀྱང༌། རང་གིས་རང་ཉིད་སུན་ཕྱུང་བའོ། །ཡང་འོད་གསལ་མཉམ་བཞག་ཡིན་ཞིང༌། འདི་དེའི་རྗེས་ཐོབ་ཡིན་པས་མི་འགལ་སྙམ་ན། འོད་གསལ་གྱི་རིམ་པའི་མཉམ་བཞག་གི་མཐར། རྗེས་ཐོབ་ཡོང་ན། རིམ་པ་དེ་ཉིད་ཀྱི་རྗེས་ཐོབ་འོང་བ་འཐད་ཀྱི། ཟུང་འཇུག་གི་རིམ་པའི་རྗེས་ཐོབ་ག་ལ་འོང༌། དེས་ན་ཟུང་འཇུག་ཀྱང་ཡིན་ལ། རྗེས་ཐོབ་ཀྱང་ཡིན་པ་ཞིག་ཡོད་ན། དེའི་སྔོན་དུ་ཟུང་འཇུག་ཀྱང་ཡིན་ལ་མཉམ་བཞག་ཀྱང་ཡིན་པ་ཞིག་ངེས་པར་འགྲོ་དགོས་སོ།། མི་སློབ་པའི་ཟུང་འཇུག་ནི། སྦྱང་གཞི་ཆོས་ཉིད་དང༌། སྦྱོང་བྱེད་ལམ་གྱི་དབྱེ་བ་དང་བྲལ་བ་སྟེ། རྟོགས་བྱ་རྟོགས་བྱེད། ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པར་རྟག་ཏུ་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྟེ། འདིར་ཡང་ཐུགས་ཆོས་སྐུ་དང་སྐུ་ལོངས་སྐུ་ཟུང་འཇུག་ཅེས་ཐ་སྙད་བྱེད་དེ། སྐུ་དང་ཐུགས་ངོ་བོ་ཐ་དད་གཏན་ནས་མེད་དོ། །རིམ་པ་ལྔ་ལས་ཟུང་འཇུག་པའི་རིམ་པའོ། །འདིར་ཟུང་འཇུག་གི་མཚན་ཉིད་རྣམ་གྲངས་མང་དུ་བཤད་ཀྱང༌། ཇི་སྐད་དུ། དེ་ཉིད་ཤེས་པར་རིམ་ཤེས་ནས། །བདག་བྱིན་བརླབ་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་གང༌། །ཟུང་ཏུ་


TNT05_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་རིམ་འདི་ཡིན། །ཞེས་སྐད་དང་ཡེ་ཤེས་ཟུང་འཇུག་བཤད་དེ། མཚན་ཉིད་འདི་གཙོ་བོ་ཡིན་ལ། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་བདེན་གཉིས་ཟུང་འཇུག་དང༌། གཟུང་བ་དང་ནི་འཛིན་པར་ཞེས། རྣམ་གཉིས་བློ་ནི་ཡོད་མིན་ཏེ། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །ཅེས་ཟུང་འཇུག་གཉིས་མེད་ཀྱི་དོན་དང༌། དེ་ཡང་གཟུང་འཛིན་སྤངས་ཤིང་ཡེ་ཤེས་ཡོད་པ་ལ་འཇོག་པ་ནི་གཉིས་མེད་ཟུང་འཇུག་སྟེ། མཚན་ཉིད་ཀྱི་རྣམ་གྲངས་འདི་གཉིས་ཀྱང་རགས་བཤད་ཀྱི་ཚེའང་ངེས་པར་དགོས་པའོ། །ཟུང་འཇུག་གོ་འཕང་ལ་གནས་པ། སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམ་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་པས་སློབ་པའི་ཟུང་འཇུག་སྟེ། དབྱེ་ན་འཕགས་ལམ་གྱི་ས་བཅུའམ་བཅུ་གཉིས་སོ། །གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་འདི་ཉིད་དག །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པས། །ཕྱག་རྒྱ་ཆེན་པོར་བདག་ཉིད་གྲུབ། །ཅེས་པ་འདི་མི་སློབ་པའི་ཟུང་འཇུག་སྟེ། དབྱེ་བ་ནི། སྐུ་བཞི་ཡེ་ཤེས་ལྔ། ཟུང་འཇུག་རིམ་པ་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་ བོ། །ཞེས་པའི་མི་སློབ་ཅེས་པས་མི་སློབ་པའི་ཟུང་འཇུག་སྟོན་པ་མ་ཡིན། ཟུང་འཇུག་ཐོབ་ནས་ལམ་རིགས་མི་མཐུན་ལ་བསླབ་མི་དགོས། ཞེས་སློབ་མི་སློབ་ཀྱི་ཟུང་འཇུག་


TNT05_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་ལ་འཇུག་གོ །ལམ་གྱི་བོགས་འབྱིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྲོད་པའི་རྣམ་གཞག་རྣམས། སྤྱོད་བསྡུས་སྒྲོན་མེ་ལས་ཤེས་པར་བྱ་ལ། ཟུར་ཙམ་ཞིག་འོག་ཏུ་སྟོན་ཏོ། །གསུམ་པ་རྣམ་གཞག་གཞན་རྣམས་དེ་ལ་ཚང་ཚུལ་ལ། རྒྱུད་སྦྱང་བ། རྣལ་འབྱོར་བཞི། ཏིང་ངེ་འཛིན་གསུམ། བསྙེན་སྒྲུབ་བཞི། སྦྱོར་བ་ཡན་ལག་དྲུགཕྱག་རྒྱ་བཞི། གཞན་ཡང་ཐ་སྙད་སྣ་ཚོགས་པའི་མཚོན་ཚུལ་ལ། དང་པོ་ནི། བྱང་ཆུབ་སེམས་ལྡན་བླ་མ་དང༌། །ཞེས་ཏེ། ཐོག་མར་དོན་འདིར་ཕ་རོལ་ཏུ་ཕྱིན་པའི་ལམ་མ་ལུས་སམ། བླ་མ་རྟེན་ཚུལ་ཡང་ཇི་ལྟ་བུ་སྙམ་ན། ལམ་བསྐྱེད་རྫོགས་འདི་དག་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བརྩེ་བ་སྙིང་རྗེ་ཆེན་པོ་དང་རྟག་ཏུ་ལྡན་པར་སྒྲུབ་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་བདག་མེད་གཉིས་ལྡན་གྱི་སྟོང་ཉིད་དུ་ཤེས་པས་རྟག་ཏུ་ཟིན་དགོས་ཏེ། སྟོང་ཉིད་སྙིང་རྗེ་དེར་ལམ་གྱི་རྣམ་གྲངས་གཞན་ཐམས་ཅད་འདུས་སོ། །ཕྱོགས་ཙམ་མཚོན་ན་བྱམས་པ་དང་སྙིང་རྗེ་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྒྱུ་ཡིན། ལས་འབྲས་ཀྱི་བླང་དོར་ནི་དད་པ་ཡིན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ་བསམ་པ་ནི། ངེས་འབྱུང་སྒྲུབ་བྱེད་ཡིན། དད་པ་དང་ངེས་འབྱུང་གི་བསམ་པ་ཡང༌། བྱང་ཆུབ་ཀྱི་སེམས་ཀྱི་ཆ་ལག་ཙམ་ཡིན་ཞིང༌། བྱམས་སྙིང་རྗེའི་རྒྱུ་རྐྱེན་ཙམ་ཡིན་པས། དེ་ཐམས་ཅད་ཀུན་རྫོབ་བྱང་སེམས་སུ་འདུས༌།


TNT05_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཐམས་ཅད་ཀྱང་ལས་འབྲས་ཀྱི་བླང་དོར་དུ་འདུས། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་སོགས་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་ཐམས་ཅད་དང༌། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་སྒོམ་པའི་ལམ་རྣམས་ཀྱང་སྟོང་ཉིད་དུ་འདུས་པས། བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པས་ཐེག་པ་གཞན་གྱི་ལམ་ཐམས་ཅད་ཀྱང་འདིར་འདུས། བྱིན་རླབས་ཀྱི་རྩ་བ་བླ་མ་རྡོ་རྗེ་སློབ་དཔོན་ཡིན་ན། རྒྱུད་ལས་གསུངས་པའི་སྟེན་ཚུལ་མ་ནོར་བ་དང༌། རྟག་ཏུ་བླ་མའི་མོས་གུས་ཀྱིས་ལམ་འཁྲིད་པ་ཡིན་ནོ། །སེམས་བསྐྱེད་དང་མོས་གུས་བཤད་པས་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཐམས་ཅད་བསྟན་པ་ཡིན་ནོ། །གཉིས་པ་ནི། ལྷག་པའི་ལྷ་ཡི་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །རྗེས་སུ་རྣལ་འབྱོར་བཅས་པ་དག །ཅེས་པའི་རྗེས་སུ་རྣལ་འབྱོར་ཞེས་པ་ཡན་ཆད་དེ། ལྷག་པའི་ལྷ་ཡི་ཞེས་པ་དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ཚོགས་ཀྱི་ཏིང་ངེ་འཛིན་སྒོམ་པ་སྟེ། རྣལ་འབྱོར་བཞི་མ་ཟད་ཏིང་ངེ་འཛིན་གསུམ་དང༌། ཡན་ལག་བཞི་རྣམས་ལའང་སྦྱར་རོ། །སྐབས་འདིར་འཕགས་སྐོར་ཉིད་དང་སྦྱར་ན། སྲུང་འཁོར་དང་ལྷག་མོས་སོགས་སྔོན་འགྲོ་ཙམ་ཡིན། དངོས་གཞི་ལས། མངོན་བྱང་དང་པོ་གཉིས་རྣལ་འབྱོར། ཕྱི་མ་གསུམ་རྗེས་སུ་རྣལ་འབྱོར། རྡོར་སེམས་ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་དང༌། ལུས་དཀྱིལ་ཤིན་ཏུ་རྣལ་འབྱོར། སྐུ་གསུང་ཐུགས་བྱིན་རླབས།


TNT05_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གསུམ་བརྩེགས། རྒྱས་བཏབ། རྗེས་ཆགས་ཀྱི་མཆོག་པའི་བར་དུ་རྣལ་འབྱོར་ཆེན་པོའོ། །གཞུང་ཚིག་འདི་ལ་རྗེས་སུ་རྣལ་འབྱོར་ཐ་མར་བྱུང་བ་ནི། ཚིག་བཅད་སྦྱོར་བའི་དབང་ཙམ་ཡིན་ནོ། །དེ་ལྟར་རྣལ་འབྱོར་བཞིའི་བསྐྱེད་རིམ་ནི། ཕལ་ཆེར་གྱིས་རྫོགས་རིམ་གྱི་སྔོན་དུ་འབད་པས་སྒོམ་དགོས་པའང་ཡིན་མོད་ཀྱི། རྫོགས་རིམ་ཉིད་ལའང་དེ་དག་ཚང་སྟེ། རྡོ་རྗེའི་བཟླས་པ་ནི་རྣལ་འབྱོར། སྣང་བ་གསུམ་ནི་རྗེས་སུ་རྣལ་འབྱོར། སྒྱུ་ལུས་ནི་ཤིན་ཏུ་རྣལ་འབྱོར། འོད་གསལ་ནི་རྣལ་འབྱོར་ཆེན་པོའོ། །གསུམ་པ་ནི། སྔར་དྭངས་པ་ཡི་བཅས་པ་དག །ཅེས་པའི་རྗེས་སུ། ཏིང་འཛིན་རིམ་པར་ལྡན་པ་ཉིད། །ཅེས་པ་སྟེ། དེ་ཡང་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་ནི། ཏིང་ངེ་འཛིན་གསུམ་གྱི་རིམ་པ་སྟེ། ལུགས་འདིའི་དཀྱིལ་འཁོར་རྒྱས་པ་ཞིག ཆོ་ག་རྒྱས་པས་བསྒོམ་ན། རིམ་པ་དེ་དང་ལྡན་པར་བསྒོམ་དགོས་སོ། །དེས་མཚོན་ནས་ལྷ་བསྡུས་པ་གཙོ་བོ་ཡབ་ཡུམ་ཙམ་ཞིག་ཆོ་ག་རྒྱས་པས་བསྒོམ་ན། དང་པོར་དངོས་གཞི་ཙམ་ཞིག་བསྒོམ། དཀྱིལ་འཁོར་རྒྱས་པ་ཆོ་ག་བསྡུས་པས་བསྒོམ་ན། སྐད་ཅིག་གིས་བསྐྱེད་པ་དང༌། ས་བོན་དང་ཕྱག་མཚན་ཙམ་གྱིས་བསྐྱེད་ནས། ཆོ་ག་ལྷག་མ་ཅུང་ཟད་སྦྱར་བའོ།། གཉིས་ཀ་བསྡུས་པ་ནི། ལྷ་རེ་རེ་སྐད་ཅིག་གིས་བསྐྱེད་པ་སོགས་ཏེ། བསྐྱེད་ཆོག་བསྡུས་པ་འདི་རྣམས་ལྷག་མོས་ཀྱི་རིགས་ཡིན་ནོ། །འདིར་བཅས་པ་དག་ཅེས་པ་ནི། རྣལ་འབྱོར་བཞི་ནི་དང་པོ་སྦྱོར་བའི་དབྱེ་བ་ཡིན་པས། ཏིང་འཛིན་གསུམ་བསྒོམ་ན་ཤུགས་ལ་རྣལ་འབྱོར་བཞི་དང་བཅས་པར་འགྱུར་


TNT05_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །དེས་ན་རྣལ་འབྱོར་བཞི་པོ་དང་སྦྱོར་བ་ཡིན་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོ་བ་ནི་དཀྱིལ་འཁོར་རྒྱལ་མཆོག་དང༌། བཟླས་པ་དང་ཞུ་བ་གླུས་བསྐུལ་དང༌། མཆོད་བསྟོད་ལ་སོགས་པ་ནི་ལས་རྒྱལ་མཆོག་གོ་དེ་དག་ཀྱང་སྔར་གྱི་འཕྲོས་ལ་སྦྱར་ན། ཟུང་འཇུག་གི་མན་ངག་ཏུ་རྒྱལ་མཆོག་གཉིས་འདུས་ཞེས་ཀྱང་བརྗོད་རྒྱུ་ཡིན་ལ། ཡང་རྣམ་པ་གཅིག་ཏུ་ན། དབེན་གསུམ་དང་སྦྱོར་རྒྱུ་ལུས་དཀྱིལ་འཁོར་རྒྱལ་མཆོག འོད་གསལ་ཟུང་འཇུག་ལས་རྒྱལ་མཆོག་གོ །བཞི་པ་ནི། བསྙེན་པ་ཉེར་སྒྲུབ་སྒྲུབ་པ་ཆེ། །སྒྲུབ་པའི་ངོ་བོའི་ཁྱད་པར་དུ། །ཞེས་པའི་ངོ་བོའི་ཞེས་པ་ཡན་ཆད་དེ། མངོན་བྱང་དང་པོ་སྟོང་ཉིད་ལ་དམིགས་པ་བསྙེན་པ། དེ་ནས་ལུས་དཀྱིལ་རྫོགས་ཀྱི་བར་ཉེར་སྒྲུབ། དེ་ནས་རྗེས་ཆགས་ཀྱི་བར་སྒྲུབ་པ། དེ་ནས་དཀྱིལ་འཁོར་ཉེར་བསྡུའི་བར་སྒྲུབ་ཆེན་དུ་བཞེད་དོ། །འདིར་མཉམ་བཞག་ལུས་དབེན་བསྙེན་པ། རྗེས་ཐོབ་ལུས་དབེན་དང་ངག་དབེན་ཉེར་སྒྲུབ། སེམས་དམིགས་སྒྲུབ་པ། སྒྱུ་ལུས་འོད་གསལ། ཟུང་འཇུག་གསུམ་སྒྲུབ་ཆེན་ནོ། །འདིར་ཡང་སྒྲུབ་པའི་ཞེས་སྒྲུབ་པ་སྟོན་བྱེད་རྗེས་སུ་བྱུང་བ་ཡང་སྡེབ་སྦྱོར་གྱི་དབང་ལས་སོ། །རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོ་སྦྱོར་བ་མདོར་བསྡུས་པའོ། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་པོ་རྣལ་འབྱོར་མཆོག །ཅེས་གསུངས་པས། དང་སྦྱོར་ལ་རྣལ་འབྱོར་བཞིར་ཕྱེ་ནས། དཀྱིལ་འཁོར་རྒྱས་པ་ཆོ་ག་རྒྱས་པས་བསྒོམ་པའི་ཚེ། རྣལ་འབྱོར་བཞི་དང༌། རྒྱལ་མཆོག་གཉིས་ཏེ་ཡན་ལག་དྲུག་ཉིད་ཀྱིས་འཆིང་བ་


TNT05_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལུགས་འདིའི་རྣལ་འབྱོར་བཞི་ཙམ་གྱིས་དཀྱིལ་འཁོར་རྒྱས་པའི་རིམ་པ་འཆིང་མི་ཐུབ་པས་ཉེ་ཚེ་བ་ཡིན་ལ། ཡན་ལག་བཞི་ཡང་ཚང་ཚུལ་རྩི་བ་ཙམ་ཡིན་གྱི། དོན་ཚན་ཧ་ཅང་མང་ཉུང་ཆེས་པ་སོགས་ཤིན་ཏུ་འགྲིག་པ་མ་ཡིན་པས། ཆིངས་ཀྱི་གཙོ་བོ་ཡན་ལག་དྲུག་ཡིན་ནོ། །འདིར་རྫོགས་རིམ་གྱི་དབང་དུ་བྱས་ཏེ། རིམ་པ་ལྔ་པོའི་ཡེ་ཤེས་རྗེས་མཐུན་པ་སྐྱེད་ན་ལྟ་སྨོས་ཀྱང་ཅི་དགོས། རིམ་ལྔའི་གཞི་འདིངས་བྱེད་ཀྱི་སྒྲུབ་པ། མོས་པ་ལམ་བྱེད་ཀྱི་དམིགས་པ་རྣམས་བསྒོམས་པས་ཀྱང༌། བསྐྱེད་རིམ་གྱི་ལམ་དེ་དག་གིས། དྲི་མ་གང་དག་པར་བྱེད་པ་དང༌། ཡོན་ཏན་གང་ཞིག་འགྲུབ་པར་འགྱུར་བའི་ཕན་ཡོན་ཐམས་ཅད་རྫོགས་པར་འགྱུར་པ་ཡིན་ཞིང༌། དབང་པོ་རྣོན་པོ་རྣམས་ལ། བསྐྱེད་རིམ་གྱི་དེ་དང་དེའི་དོད་ཐམས་ཅད་འདིས་ཐུབ་པར་བཞེད་པའོ། །གཞུང་དངོས་བསྟན་ལྟར་ན། གོང་གི་བསྐྱེད་རིམ་གྱི་རྒྱས་བཤད་ཀྱང་ཡིན་ནོ། །ལྔ་པ་ནི། ཁྱད་པར་དུ། ཞེས་པའི་རྗེས་སུ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་དྲུག་ལྡན་ཁྱད་པར་རོ། །ཞེས་ཏེ། སྐབས་འདིར་རྒྱུད་ཕྱི་མའི་སྦྱོར་དྲུག་གི་གཞུང་ཚིག་རྣམས་བློ་ལ་ངེས་པ་གལ་ཆེ། དེ་ལ་ལུས་དབེན་གྱི་རྟོགས་པ་འགོ་མ་རྣམས་ཤར་བའི་གནས་སྐབས་ན། མཉམ་བཞག་ཏུ་རང་བཞིན་ཁོ་ན་ལུས་དབེན་གྱི་ལྷ་སྐུ་ལ་སེམས་གནས་ཤིང༌། རྗེས་ཐོབ་ཏུ་དབང་ཡུལ་ཐམས་ཅད་ལ་བདེ་བས་


TNT05_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པ་ན། གཟུགས་སོགས་ལུས་སྣང་ཐམས་ཅད་བདེ་སྟོང་དུ་འགྱུར་འགྲོ་ཙམ་ནི། སོ་སོར་སྡུད་པའོ། །ལུས་དབེན་གྱི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས། མཉམ་བཞག་ཏུ་ནི་རང་དུ་མ་ཟད། རང་ལ་གང་སྣང་བ་ཐམས་ཅད་ལྷ་སྐུར་འཆར་ཐུབ། རྗེས་ཐོབ་ཏུ་ཡང་བདེ་བ་དང་ལྷ་སྐུས་སྣང་བ་ལ་རྒྱས་བཏབ་པ་ན། ཚུར་རང་གི་ལུས་སེམས་ལ་བདེ་བ་འཕེལ་ཞིང༌། སྣང་བ་ཡང་ལྷ་སྐུར་འཆར་བ་ནི་བསམ་གཏན་ཡིན་ཞིང༌། དེའི་ཡན་ལག་ལྔ་ནི། ཡུལ་དབང་ཤེས་པ་གསུམ་བདེ་སྟོང་དང་ལྷ་སྐུར་སྣང་བ་ནི་རྟོགས་པ་དེ་ཉིད་སྟོང་པར་མོས་པ་ནི་དཔྱོད་པ། སྟོང་པར་མྱོང་ལ་ཁད་པས་ཡིད་བདེ་སྐྱེས་པ་ནི་དགའ་བ། སྟོང་པ་མྱོང་བས་ལུས་ལ་ཤིན་སྦྱངས་ཀྱི་བདེ་བ་སྐྱེས་པ་ནི་བདེ་བ། མཉམ་གཞག་ཏུ་གཉིས་སྣང་རགས་པ་འགགས་པ་ནི་རྩེ་གཅིག་པའི་ཡན་ལག་གོ །དེ་ལྟར་ན་ལུས་དབེན་གྱི་རིམ་པ་ལ་ཡན་ལག་དང་པོ་གཉིས་སུ་བཞག་སྟེ། སོར་བསམ་གཉིས་ཀ་ལ་མཉམ་རྗེས་གཉིས་ཀ་ཡོད་དོ། །གདོང་གི་སྣ་རྩེ་དང༌། སྙིང་གའི་སྣ་རྩེ་དང༌། གསང་བའི་སྣ་རྩེར་སྒོམ་པའི་ངག་དབེན་ཐམས་ཅད་སྲོག་རྩོལ་གྱི་ཡན་ལག་གོ ། སེམས་རྣམ་པར་དབེན་པ་ནི་འཛིན་པའི་ཡན་ལག་གོ །རྒྱུད་ལས། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །ཞེས་པ། སེམས་དབེན་མཐར་ཐུག་གི་འོད་གསལ་དང༌། འབར་སྣང་ལུགས་འབྱུང་ལུགས་ཟློག་རྣམས་བསྟན་པ་ཡིན་ནོ། །སྒྱུ་ལུས་ཀྱི་རིམ་པ་ནི་རྗེས་དྲན་གྱི་ཡན་ལག་སྟེ། སྐབས་འདིར་རྒྱུ་ལུས་ཐོབ་


TNT05_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་འཕེལ་དུ་སོང་བའི་སྐབས། རྗེས་དྲན་བཅུ་དྲུག་གི་རྣམ་པར་དབྱེ་བ་དག་བྱེད་དོ། །འོད་གསལ་གྱི་རིམ་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་སྟེ། སྒྱུ་ལུས་ཀྱི་ལྷ་སྐུ་དེ་འོད་གསལ་དུ་ལྡང་འཇུག་ཡང་ཡང་བྱེད་པའོ། །འདིར་རྒྱུད་ལས། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཞེས་པ་སྟེ། འོད་གསལ་ལས་སྒྱུ་ལུས་སུ་ཡང་ཡང་ལྡང་བའི་དོན་ནོ། །དྲུག་པ་ནི། རིམ་པ་བཞི་ལྡན་ཕྱག་རྒྱར་བཅས། །དབང་བཞི་སྐུ་བཞི་རང་བྱུང་བས། །མངོན་པར་བྱང་ཆུབ་ཚུལ་ལྔ་ལས། །སྐྱེད་དང་སྡུད་ཅིང་གནས་པ་ དག །ལམ་གྱུར་རིམ་པ་ལྔ་ལྡན་པ། །བྱང་ཆུབ་ཕྱོགས་ཆོས་མདོ་དོན་དང༌། །སྦས་པ་རྣམ་གསུམ་མཐར་ཐུག་བཅས། །སྣ་ཚོགས་སྒྲ་ནི་མཚོན་པའོ། །ཞེས་པ་སྟེ། ཕྱག་རྒྱར་བཅས་པའི་ལམ་རིམ་པ་བཞི་སྟེ། ཕྱག་རྒྱ་བཞིའི་ལམ་ཡང་རིམ་ལྔ་འདི་ལ་ལྡན་ཞིང་ཚང་སྟེ། བསྐྱེད་རིམ་དང་ལུས་དབེན་ལ་ཕྱག་རྒྱ་བཞི་ཅར་གྱི་ཆ་ཤས་ནི་ཡོད་ཀྱང་ལམ་གྱི་གཞི་འདིངས་པ་ཙམ་ཡིན་དངོས་མ་ཡིན། རྡོར་བཟླས་དང་སེམས་དམིགས་ཀྱི་མཉམ་བཞག་ནི་ལས་རྒྱ། རྗེས་ཐོབ་ནི་ཆོས་རྒྱ། སྒྱུ་ལུས་དམ་རྒྱ། འོད་གསལ་ཕྱག་ཆེན། ཟུང་འཇུག་བཞི་ཅར་གྱི་འབྲས་བུའོ། །ཞེས་གོང་མ་རྣམས་གསུང་ལ། དོན་འདི་ཅུང་ཟད་ཞིབ་པར་གཞན་དུ་སྨྲ་བར་འདོད་དོ། ། དབང་བཞིའི་ལམ་ཡང་འདི་ལ་ཚང་སྟེ། ལུས་དབེན་དུ་བུམ་དབང་གི་ལམ་དང༌། ངག་དབེན་དུ་གསང་དབང་གི་ལམ་དང༌། སེམས་དམིགས་སྒྱུ་ལུས་སུ་ཤེར་དབང་གི་ལམ་དང༌། འོད་གསལ་ཟུང་འཇུག་ཏུ་བཞི་པའི་ལམ་ཐམས་ཅད་འདུས་སོ། །


TNT05_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞི་ལམ་བྱེད་ཀྱང་ཚང་སྟེ། འཆད་པར་འགྱུར་བ་བསྲེ་བ་གསུམ་སྐུ་གསུམ་ལམ་དུ་བྱེད་ཚུལ་གྱི་གཙོ་བོ་ཡིན་ཞིང༌། རྣམ་གྲངས་གཞན་ཡང་བཤད་ན། ལུས་ངག་དབེན་པ་སྤྲུལ་སྐུ་དང༌། སེམས་དབེན་ཆོས་སྐུ་དང༌། སྒྱུ་ལུས་ལོངས་སྐུ་དང༌། འོད་གསལ་ངོ་བོ་ཉིད་ཀྱི་སྐུ་དང༌། ཟུང་འཇུག་བཞི་ཅར་ལམ་དུ་བྱེད་པའོ། ། མངོན་པར་བྱང་ཆུབ་པ་ལྔ་ལས། རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་པོར་སྐྱེད་ཅིང་འཇུག་ཏུ་སླར་བསྡུ་བ་དང༌། བར་དུ་གནས་པ་དག་ཀྱང་ལམ་འདི་ལ་ཚང་བ་ཡིན་ཏེ། སྟོང་ཉིད་བསྒོམ་པ་མཉམ་བཞག་ལུས་དབེན་གྱི་ཆ་ཤས་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ། ལུས་དབེན་དངོས་ནི་ཟླ་བ་ལས་བྱང་ཆུབ་པ། ངག་དབེན་ནི་ཡིག་འབྲུ་ལས་བྱང་ཆུབ་པ། སེམས་དབེན་ནི་ཕྱག་མཚན་ལས་བྱང་ཆུབ་པ། སྒྱུ་ལུས་ནི་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའམ། ཡང་འོད་གསལ་ནི་བྱང་ཆུབ་སྔ་མ་བཞི་དང༌། ཟུང་འཇུག་ནི་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་ཡིན་ལ། དེ་ཡང་མཉམ་བཞག་ཟུང་འཇུག་དང་པོ་ནི། མངོན་བྱང་ལྔ་ལས་བསྐྱེད་པ་ཞེས་བྱ་ལ། དེ་ནས་སྤྲུལ་སྐུ་ཟུང་འཇུག་ལ་སོགས་པ་སྣ་ཚོགས་པ་འབྱུང་བ་ནི་ཟུང་འཇུག་ལ་གནས་པ་ཞེས་བྱ་ཞིང༌། སྤྱིར་ཟུང་འཇུག་གི་སྐུ་རྒྱུན་འགགས་པ་མི་སྲིད་ཀྱང༌། ལན་འགའ་ཐུགས་བདེ་སྟོང་སྣང་མེད་ལ་མཉམ་པར་འཇོག་པ་ནི་སྡུད་པ་ཞེས་བྱ་སྟེ། འདི་ནི་འབྲས་དུས་ཀྱི་མངོན་བྱང་ལྔ་ལས་སྐུ་འགྲུབ་པ་དང་གནས་པ་དང༌། སྡུད་པ་རྣམས་རིམ་ལྔའི་ལམ་འདིས་ཐུན་མོང་མ་ཡིན་པའི་རྒྱུ་བྱས་ནས། ངེས་པར་འགྲུབ་ཅེས་པའི་དོན་ཡིན། བསྐྱེད་རིམ་གྱི་མངོན་བྱང་ལྔ་ལས་


TNT05_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུ་སྐྱེད་པ་དང༌། འཁོར་ཚོགས་སྤྲོ་བས་གནས་པ་དང༌། དཀྱིལ་འཁོར་ཉེར་བསྡུས་སྡུད་པ་རྣམས་ནི་རྫོགས་རིམ་འདིའི་སྔོན་འགྲོ་རྒྱུད་སྦྱོང་བའི་ཐབས་སུ་སྦྱོར་བ་ཡིན་ནོ། །འདིར་རང་བྱུང་བས་ཞེས་པ་ནི། སྐུ་བཞི་དང་མངོན་བྱང་ལྔས་མཚོན་པའི་ཡེ་ཤེས་ལྔ་ནི། རང་བཞིན་གདོད་མ་ནས་རང་བྱུང་ལྷུན་གྱིས་གྲུབ་པ་དེ། ལམ་རིམ་ལྔ་བསྒོམ་པས་མངོན་དུ་བྱེད་ཅེས་པའི་དོན་ནོ། །ལམ་མཆོག་ཏུ་གྱུར་པ་རིམ་པ་ལྔ་དང་ལྡན་པ་འདི་ལ་ནི། མདོ་སྡེའི་དོན་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡང་ཚང་སྟེ། དེ་ཡང་དཔལ་ནཱ་རོ་པ་ནས་བརྒྱུད་པའི་འདུས་པའི་གདམས་ངག་རྣམས་ན་གསལ་པོར་སྦྱར་བ་མེད་ཀྱང༌། འཁོར་ལོ་སྡོམ་པའི་མན་ངག་རྣམས་སུ་ནི་བཤད་པ་ལྟར། འདིར་ཡང་སྦྱོར་ཤེས་དགོས་སོ། །དེ་ཡང་ཆོས་མངོན་པར་མཛོད་ལས། མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་གང་ཟག་ཅིག་གི་རྒྱུད་ལ་བྱང་ཕྱོགས་སོ་བདུན་ཡོད་ན། མིང་གི་སྒོ་ནས་སོ་བདུན་ཡིན་གྱི། རྫས་རིགས་བཅུ་རུ་འདུས་སོ། །དེ་ཡང་དྲན་པ་ཉེར་བཞག་བཞི། ཤེས་རབ་ཀྱི་དབང་སྟོབས་གཉིས། ཆོས་རབ་ཏུ་རྣམ་འབྱེད་བྱང་ཆུབ་ཀྱི་ཡན་ལག ཡང་དག་པའི་ལྟ་བ་སྟེ། བརྒྱད་པོ་དེ་ནི་ཤེས་རབ་གཅིག་ཏུ་འདུས་ལ། ཡང་དག་སྤོང་བ་བཞི། བརྩོན་འགྲུས་ཀྱི་དབང་པོ་སྟོབས་བྱང་ཆུབ་ཀྱི་ཡན་ལག་སྟེ་གསུམ། ཡང་དག་པའི་རྩོལ་བ་སྟེ་བརྒྱད་པོ་དེ་ནི། བརྩོན་འགྲུས་ཀྱི་རྫས་གཅིག་ལ་འདུས་


TNT05_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱི་རྐང་པ་བཞི། ཏིང་ངེ་འཛིན་གྱི་དབང་པོ་སྟོབས་བྱང་ཆུབ་ཡན་ལག་གསུམ། ཡང་དག་པའི་ཏིང་ངེ་འཛིན་ཏེ་བརྒྱད་ནི། ཏིང་ངེ་འཛིན་གཅིག་ལ་འདུས་སོ། །དད་པའི་དབང་སྟོབས་གཉིས་རྫས་གཅིག དྲན་པའི་དབང་སྟོབས་ཀྱང་རྫས་གཅིག་གོ །བྱང་ཆུབ་ཡན་ལག་ལས། བཏང་སྙོམས་དང༌། དགའ་བ་དང༌། ཤིན་སྦྱངས་ཏེ་གསུམ། འཕགས་ལམ་ལ་རྟོག་པ་སྟེ། བཞི་པོ་དེ་རེ་རེ་བ་ཡིན་ལ། ཡང་དག་པའི་ངག་དང༌། ལས་ཀྱིམཐའ་དང༌། འཚོ་བ་གསུམ་པོ་ནི་ངོ་བོ་ཚུལ་ཁྲིམས་ཀྱི་རྫས་སུ་གཅིག་གོ །དེ་ལྟར་ན་གོང་དུ་སྨོས་པ་ལྟར། རིམ་པ་ལྔ་གར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བྱང་ཆུབ་ཀྱི་སེམས་ཡིན་པས་མདོ་སྔགས་ཐུན་མོང་གི་བྱང་ཕྱོགས་སོ་བདུན་ནི་དེ་ཀ་ལ་ཚང་བ་ཡིན། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དེ་རྣམས་ངོས་བཟུང་ན། དྲན་པ་ནི་ལྷ་སྐུ་དང་བདེ་སྟོང༌། སྐད་ཅིག་སྔ་མ་སྔ་མ་ལ་ཤར་བ་དེས། སྣང་བ་ད་ལྟར་བ་ལ་རྒྱས་འདེབས་པ་དེ་ཡིན། དད་པ་ནི་བླ་མའི་མོས་གུས་ཀྱི་ལམ་འཁྲིད་པ་ཡང་ཡིན་ལ། ལྷ་སྐུ་དང་རྩ་རླུང་ཐིག་ལེ་བདེ་བ་སོགས་དམིགས་པ་ལ་སེམས་དྭངས་ཞིང་དགའ་བས་རང་ཤུགས་ཀྱིས་གནས་པ་ལ་ཟེར། བརྩོན་འགྲུས་ནི་དེ་དག་ལ་སྤྲོ་བ་ཡང་ཡིན་མོད་ཀྱི། གཙོ་བོར་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའམ་སྔགས་ཀྱི་སྤྱོད་པ་ལ་ཟེར། ཏིང་ངེ་འཛིན་ནི་སྲོག་དབུ་མར་འགགས་པའི་མི་རྟོགས་པ་དང༌། ཤེས་རབ་ནི་རང་བཞིན་ལྷན་སྐྱེས་དང༌། ཞུ་བདེ་ལྷན་སྐྱེས་གང་ལ་ཡང་བདེ་བས་སྟོང་ཉིད་རྟོགས་ཤིང་སྟོང་པས་ཀྱང་བདེ་བ་རྟོགས་པའོ། །བཏང་སྙོམས་ནི་ཡེ་ཤེས་དེ་དག་ལ་རྩོལ་བ་དང་བྲལ་


TNT05_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

བས་ངང་གིས་འཇུག་པའོ། །དགའ་བ་ནི་རྩ་དབུ་མར་ཐིག་ལེའི་འགྲོ་འོང་གི་དགའ་བཞི་ཉིད་དོ། །རྟོག་པ་ནི་གསལ་སྟོང་བདེ་བ་དེ་ཐམས་ཅད་ཀྱི་རང་བཞིན་ལྟ་ཞིང་ཤེས་པ་ལས་སེམས་ཅན་རྣམས་ཀྱང་དེར་སྦྱར་བའོ། །ཚུལ་ཁྲིམས་ནི་ཞུ་བདེའི་ཐིག་ལེ་འགྱུར་མེད་དོ། །ཤིན་ཏུ་སྦྱང་བ་ནི་རྣམ་རྟོག་གི་བཞོན་པའི་རླུང་དབུ་མར་འགགས་པས། བདེ་སྟོང་གི་ཏིང་ངེ་འཛིན་ལ་བཀོལ་དུ་བཏུབ་པ་སྟེ། གཞན་བསམ་གཏན་ཡན་ལག་ལྔའི་ཤིན་སྦྱངས་ཀྱི་བདེ་བ་ཡང་ཡིན་ནོ། །ཡང་རྒྱུད་ཀྱི་དོན་ཚུལ་བཞི་ལས། ཡིག་དོན་ལ་ངེས་པོ་མེད་པས་འདི་ལྟར་སྦྱོར་མི་དགོས། སྤྱི་དོན་ལམ་ཐུན་མོང་བ་དང་བསྐྱེད་རིམ་ལ་ཟེར། དབེན་གསུམ་རང་ལུས་ཐབས་ལྡན་རྣམས་སྣང་བ་སེམས་ཀྱིས་སྦས་པ་ཡིན། གཞན་ལུས་ཤེས་རབ་རྣམས་འདོད་ཆགས་ཆོས་ཀྱྀས་སྦས་པ་ཡིན། སྒྱུ་ལུས་ཀུན་རྫོབ་བདེན་པས་སྦས་པ་སྟེ། སྦས་དོན་གསུམ་པོ་དེ་ལྟར་ཡིན། འོད་གསལ་དང་ཟུང་འཇུག་ནི་མཐར་ཐུག་གི་དོན་ནོ། །དེ་བཞིན་དུ་བདེན་པ་གཉིས་དང༌། རིག་པ་བཞི་དང༌། མཐའ་དྲུག་ལ་སོགས་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྣ་ཚོགས་པའི་སྒྲ་རྣམས་ནི། རིམ་པ་ལྔ་པོ་འདི་ཉིད་མཚོན་པར་བྱེད་པའོ། །བཞི་པ་དོན་ཚན་ཐོར་བུ་སྣ་ཚོགས་པ་བསྟན་པས། གཏུམ་མོའི་དོན་བཤད། བསྲེ་འཕོས་དོན་བཤད། འཚང་རྒྱ་བའི་དུས་བཤད། རྡོར་བཟླས་དང་སྣང་གསུམ་གྱི་འཕྲོས་བཤད། བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན། དོན་ཕྲ་མོ་གཞན་ཅི་རིགས་པ་དག་སྦྱོར་ཚུལ་


TNT05_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྟེ་དྲུག་ལས་དང་པོ་ནི། གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། བདེ་ཆེན་སེམས་ལ་དམིགས་པས་སོ། །གཏུམ་མོ་ནི་རྣམ་པ་གཉིས་ཏེ། རང་ལུས་ཐབས་ལྡན་རྣལ་འབྱོར་གྱི་གཏུམ་མོ་དང༌། གཞན་ལུས་ཤེས་རབ་ལས་ཀྱི་གཏུམ་མོའོ། །དེ་ཡང་མེ་འབར་བ་དང༌། ཧཾ་ཡིག་ཞུ་བའི་རྣམ་པ་དམིགས་པས་ཡིད་ལ་བྱེད་པའི་མི་དམིགས་ཀྱི་གཏུམ་མོར་གྲགས་པ་ནི། དགྱེས་རྡོར་སོགས་མ་རྒྱུད་ཀུན་ལས་ཤིན་ཏུ་གསལ་མོད། འཕགས་སྐོར་གྱི་གཞུང་མན་ངག་ཐུན་མོང་བ་རྣམས་ལ་མི་གསལ་ཡང༌། ཁ་འགེངས་ཀྱི་ཚུལ་གྱིས་བསྒོམས་ན། ཤིན་ཏུ་བོགས་ཆེ་བའང་ཡིན་ནོ། །རྒྱུ་མཚན་སྙིང་གའི་ཐིག་ལེ་བསྒོམ་པ་དང༌། རྩ་རླུང་སྦྱང་བའི་རྡོར་བཟླས་བསྒོམ་པ་ལ་འབར་འཛག་གི་དམིགས་པ་མང་ཀྱང༌། གོམས་པ་མཐར་ཕྱིན་པ་ན། རྡོ་རྗེའི་ལུས་ལ་དངོས་སུ་འབར་འཛག་ནི་འབྱུང་ངོ༌།། འདི་ཡི་རིགས་ལ་འབར་འཛག་གི་དམིགས་པ་མ་བསྒོམས་ན། ལོ་ཙམ་སོང་བ་ན་དངོས་སུ་འབར་འཛག་ཡོང་རྒྱུ་ཅིག་ལ། འབར་འཛག་གི་དམིགས་པ་འདིས་བོགས་ཕྱུང་ན། དབང་པོའི་རིམ་པས་ཟླ་བ་གཅིག་ནས་ཟླ་དྲུག་ཚུན་ལ་དངོས་སུ་འབར་འཛག་འབྱུང་བར་འགྱུར་རོ། །སྤྱིར་དངོས་སུ་འབར་འཛག་འབྱུང་ཕྱིན་དེ་ལྟ་བུའི་དམིགས་པ་བསྒོམ་པ་ཡང༌། གདམས་ངག་འདི་ལ་ཤིན་ཏུ་འབྲེལ་བ་ཡིན་གྱི་མ་འབྲེལ་བ་མ་ཡིན་ནོ། །དེས་ན་སྲོག་རྩོལ་ལ་བརྟེན་ནས་གཏུམ་མོ་བསྒོམས་པ་དང༌། མ་རྒྱུད་ཡང་སྙིང་གི་མན་ངག་འདི་ཡང༌། རིམ་ལྔ་མར་ལུགས་ཀྱི་ཁྱད་ཡིན་ཞིང༌། སྤྱིར་འཐད་ཅིང་འཐད་པར་མ་ཟད་རྗེས་མར་པའི་བཞེད་པས་ནི། ཀླུ་སྒྲུབ་ཀྱི་རིམ་ལྔའི་ཡང་ཕྱེད་དགྱེས་རྡོར་


TNT05_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་པར་བཞེད་དོ། །དེས་ན་འབར་འཛག་གི་གཏུམ་མོའི་རྣལ་འབྱོར་ནི། སྤྱིར་རིམ་པ་ཐམས་ཅད་དང་འབྲེལ་མོད་ཀྱི། གཙོ་བོར་རླུང་གི་རྣལ་འབྱོར་ངག་དབེན་དང་འབྲེལ་ལོ། །ལས་ཀྱི་གཏུམ་མོའམ། བདེ་ཆེན་ལས་རྒྱའི་རྣལ་འབྱོར་ཆགས་ཅན་འོག་སྒོ་ལ་བརྟེན་ནས་བདེ་བ་ལམ་དུ་བླང་བ་ཡང༌། སྤྱིར་རིམ་ལྔ་ཐམས་ཅད་དང་འབྲེལ་མོད་ཀྱི། གཙོ་བོར་སེམས་ལ་དམིགས་པའི་སྒོ་ནས་ལམ་དུ་བྱེད་པའོ། །གཉིས་པ་ནི། རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱངས། བར་དོ་རྣམ་གསུམ་བསྲེ་བ་ཉིད། །ཉོན་མོངས་ཡེ་ཤེས་ལམ་དུ་བསྒྱུར། །ལམ་མྱུར་གཅོད་པ་འཕོ་བ་སྟེ། ། གྲོང་དུ་འཇུག་པ་ཡན་ལག་གོ །ཞེས་ཏེ། དེ་ལ་བསྲེ་བའི་མན་ངག་གི་རྩ་བ་ནི། རྨི་ལམ་དང་སྒྱུ་མ་གཅིག་ཏུ་སྤྱོད་པའོ། །རྨི་ལམ་སྒྱུ་ལུས་དང་བསྲེ་ཐུབ་ན། བར་དོ་ཡང་སྒྱུ་ལུས་དང་བསྲེ་ནུས། གཉིད་འཐུག་པོ་འོད་གསལ་དང་བསྲེ་བ་ལ་ཡང་ཚེགས་མེད་ཅིང༌། དེ་འོད་གསལ་དུ་ཆུག་ན། འཆི་བ་འོད་གསལ་འབད་མེད་དུ་ཟིན་པར་འགྱུར་བས་སོ། །འོ་ན་རྨི་ལམ་སྒྱུ་ལུས་སུ་འབྱོངས་བ་དེ། སད་དུས་ཀྱི་སྒྱུ་ལུས་འབྱོང་པ་ལ་རག་ལས་པས། རྩ་བ་སད་དུས་ཀྱི་དེ་མ་ཡིན་ནམ་སྙམ་ན། ཕྱོགས་གཅིག་ནས་དེ་བཞིན་བདེན་མོད་ཀྱང༌། ཉམས་ཀྱི་སྣ་འདྲེན་པ་ལ་ནི་ཕལ་ཆེར་ལ་སད་དུས་ཀྱི་སྒྱུ་མ་འབྱོངས་པ་པས་རྨི་ལམ་གྱི་དེ་འབྱོངས་པ་བླ་བས། རྨི་ལམ་གྱི་དགེ་སྦྱོར་ལ་བརྟེན་ནས་ཉིན་པར་གྱི་དགེ་སྦྱོར་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་བོགས་འབྱིན་པ་གཉིས་ཀར་ཡོང་བ་ཤས་ཆེའོ། །གཞན་ཡང་སྲིད་


TNT05_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་དོ་སྟེ་བར་དོ་དངོས་དང༌། རྨི་ལམ་བར་དོ་དང༌། སྐྱེ་ཤི་བར་དོའི་གནས་སྐབས་རྣམ་པ་གསུམ་པོ། སྒྱུ་ལུས་ལྷའི་སྐུ་དང་བསྲེ་བ་ཉིད་ཡིན་ཏེ། དེ་ལྟར་བཤད་པས་འོད་གསལ་གྱི་བསྲེ་བ་གསུམ་པོ་ཡང་ཤུགས་ལ་བསྟན་ཏོ། །དེར་མ་ཟད་རིམ་པ་ལྔ་པོ་དུག་ལྔ་དག་བྱེད་དུ་སྦྱོར་བའམ། ཡང་ན་འདོད་ཆགས་དབང་གིས་ཡེ་ཤེས་དང་བསྲེ། ཞེ་སྡང་སྒྱུ་ལུས་དང་བསྲེ། གཏི་མུག་འོད་གསལ་དང་བསྲེ་ཞེས་པའི་ཚུལ་གྱིས། ཉོན་མོང་པ་ལ་ལམ་གྱི་ཡེ་ཤེས་སུ་བསྒྱུར་བར་བྱེད་དེ། དེ་ཡང་འདི་སྙམ་དུ་ཉོན་མོངས་པས་སེམས་རྒྱུད་རབ་ཏུ་མ་ཞི་ཞིང་མ་རུང་བར་བྱེད་པའི་ཆ་ནི། ལམ་དུ་མི་འགྱུར་ལ། རང་བཞིན་སྤྲོས་བྲལ་རྟོགས་ན་ལམ་དུ་འགྱུར་མོད་ཀྱང༌། དེ་ཉོན་མོངས་མ་ཡིན་པས། ཉོན་མོངས་ལམ་དུ་ཇི་ལྟར་འགྱུར་ཞེ་ན། སྤྱིར་མ་རུང་པར་བྱེད་པའི་ཆ་དེ་ཡང༌། ཐབས་ཁྱད་པར་ཅན་གཞན་གྱིས་ཟིན་ན། ལམ་དུ་མི་འགྱུར་བ་ཡང་མ་ཡིན་ལ། འོན་ཀྱང་ཉོན་མོངས་ཀྱི་རང་བཞིན་ཤེས་པ་ཞེས་པ་འདི། རང་བཞིན་ནི་དོན་དམ་སྟོང་ཉིད་ཁོ་ན་ལ་འཇོག་མི་དགོས་ཀྱི། འདིར་རང་གཟུགས་ལ་རང་བཞིན་ཞེས་བྱ་བས། ཉོན་མོངས་པའི་ཤེས་པ་དེ་རྣམས་ཉིད་ཀྱི་ཤེས་པའི་རྫས་གསལ་རིག་ཙམ་དེ་ལ་ཟེར་བ་ཡིན། གསལ་རིག་ཙམ་གྱི་ངོ་བོ་ལ་ཁྱད་མེད་ཀྱང༌། མདངས་ཆགས་སྡང་རྨོངས་སོགས་སུ་ཤར་བའི་གྲོགས་ཀྱི་ཁྱད་པར་ལས། ལམ་དུ་བྱེད་ཚུལ་འཇུག་པ་བདེ་མི་བདེ་ལ་ཁྱད་པར་ཡོད་དེ། བདེ་བས་འདོད་ཆགས་དང་གསལ་བས་ཞེ་སྡང་དང་


TNT05_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པས་གཏི་མུག་ལམ་དུ་བྱེད་པ་བླ་བ་ཡིན། དེ་ལས་ཟློག་ན་ཉམས་ཀྱི་སྣེ་རྙེད་ཅུང་ཟད་དཀའ་བས་དབྱེ་བ་ཤེས་པར་བྱའོ། །སྨྲས་པ། ཉོན་མོངས་ལམ་དུ་བྱེད་ཅེས་ཀུན་ལ་གྲགས། །བཤད་པ་སྨྲ་འདོད་ལྐུགས་པའི་རྨི་ལམ་འདྲ། །དེ་དེ་ལམ་དུ་བྱེད་པའི་རྣལ་འབྱོར་ལ། །བསྲེ་བ་ཞེས་བྱའི་ཐ་སྙད་གྲགས་པ་ཡིན། །བསྲེ་བའི་རྣམ་གཞག་ནི་གཉིས་ཏེ། །གཞི་དང་ལམ་དུ་བསྲེ་བ་དང༌། །ལམ་དང་འབྲས་བུར་བསྲེ་བའོ། །དང་པོ་ནི། གཉིད་འོད་གསལ་དུ་བསྲེ། རྨི་ལམ་སྒྱུ་ལུས་སུ་བསྲེ། འཆི་ཁ་མ་འོད་གསལ་དུ་བསྲེ། བར་དོ་ཟུང་འཇུག་ཏུ་བསྲེ། འདོད་ཆགས་ལྷན་སྐྱེས་སུ་བསྲེ། ལོངས་སྤྱོད་བདེ་སྟོང་དུ་བསྲེ། ཞེས་བསྲེ་བ་དྲུག་ཏུ་སྔ་མ་རྣམས་བཞེད་དོ། །གཉིས་པ་བསྲེ་བ་དགུ་ནི། འོད་གསལ་ཆོས་སྐུ་དང་བསྲེ། སྒྱུ་ལུས་ལ་གཉིས་ཀྱི་མཉམ་བཞག་ལོངས་སྐུ་དང་བསྲེ། རྗེས་ཐོབ་སྤྲུལ་སྐུ་དང་བསྲེ། གཉིད་འཐུག་འོད་གསལ་དང་བསྲེ། རྨི་ལམ་ལོངས་སྐུ་དང་བསྲེ། གཉིད་སད་སྤྲུལ་སྐུ་དང་བསྲེ། འཆི་བ་ཆོས་སྐུ་དང་བསྲེ། བར་དོ་ལོངས་སྐུ་དང་བསྲེ། སྐྱེ་བ་སྤྲུལ་སྐུ་དང་བསྲེ། ཞེས་པ་རྣམས་སོ། །ཡང་བསྲེ་བ་གསུམ་ནི། བདེ་བ་ཆོས་སྐུ་དང་བསྲེ། གསལ་སྣང་ལོངས་སྐུ་དང་བསྲེ། ལས་སྣང་སྤྲུལ་སྐུ་དང་བསྲེ་བའང་ཡིན་ནོ། །དེའི་དང་པོ་ནི། གཏུམ་མོ། ལས་རྒྱ། འོད་གསལ་གསུམ་མོ། །གཉིས་པ་ནི། སད་དུས་དང༌། རྨི་ལམ་དང༌། བར་དོ་གསུམ་གྱི་མཉམ་བཞག་དང་རྗེས་ཐོབ་ལའོ། །གསུམ་པ་ནི་དེའི་རྗེས་སོ། །


TNT05_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་ལ། གོང་དུ་འཕོ་བ་དང་གྲོང་དུ་འཇུག་པ་གཉིས་ཏེ། དེ་དག་ནི་གཙོ་བོར་མ་རྒྱུད་པ་ལ་གྲགས་ཆེ་དེ་ཡང་སད་དུས་དང་གཉིད་དུས་སུ། དཔེའི་འོད་གསལ་འབད་མེད་དུ་སྒོམ་ནུས་པ་གཅིག་ལ། གོང་དུ་འཕོ་བ་མི་དགོས་ཀྱང་དེ་ལྟར་མི་ནུས་ན་དགོས་ཤིང༌། དེ་སྨོན་ལམ་གྱིས་མཚམས་སྦྱར་བས། སྐྱེ་བ་མང་པོ་བརྒྱུད་མི་དགོས་པར། ལམ་ཐམས་ཅད་མྱུར་དུ་གཅོད་པ་སྟེ། ཕྱི་མའི་སྐྱེ་བ་གཅིག་ཉིད་ལ་གྲོལ་བའོ། །གྲོང་དུ་འཇུག་པ་ནི་ཐུན་མོང་གི་དངོས་གྲུབ་ཙམ་ཡིན། རྫོགས་རིམ་གྱི་ཁྲིད་ཀྱི་སྡེ་མིན་ཡང༌། གོང་དུ་འཕོ་བའི་ཡན་ལག་འཕྲོས་དོན་དུ་བཤད་པའོ། །དེའི་ཕྱིར་འཕོ་བ་ནི་འོད་གསལ་གྱི་གདམས་ངག་དང་འབྲེལ་བ་དང༌། གྲོང་འཇུག་ཀྱང་དེ་དང་འབྲེལ་བས་འདིར་མ་འབྲེལ་བ་མིན་ནོ། །གསུམ་པ་ནི། འོད་གསལ་གནས་ཐོབ་མངོན་འཚང་རྒྱ། །བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད། །ལེ་ལོ་ཅན་ནི་འཆི་ཁ་སྟེ། །ཐ་མ་སྲིད་པ་བར་མ་དོར། ། མཆོག་ཐོབ་སྐུས་ནི་གཞན་དོན་བྱེད། །ཅེས་པ་ལ། འོད་གསལ་གྱི་གནས་ཏེ་རིམ་པ་ཐོབ་པའི་རྣལ་འབྱོར་བ་ནི། ལུས་རྟེན་དེ་ལ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གསོན་པའི་རྟེན་ལ་འོད་ཀྱི་རིམ་པ་ཐོབ་ན། འཆི་བའི་མངོན་རོལ་ཏུ་འཚང་རྒྱ། འཆི་བ་འོད་གསལ་གྱི་དུས་འོད་གསལ་གྱི་རིམ་པ་ཐོབ་ན་བར་དོར་རྩོལ་མེད་དུ་སངས་རྒྱ། བར་དོ་ཉིད་དུ་འོད་གསལ་གྱི་རིམ་པ་ཐོབ་ན་བར་དོ་དེ་ཉིད་དུ་རྩོལ་བ་དང་བཅས་ཏེ་སངས་རྒྱའོ། །དེ་ལྟར་ན། བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད་ལ་སངས་རྒྱ།


TNT05_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་ཅན་རྟོགས་པ་མཐོན་པོ་ནི། རབ་འཆི་ཁ་སྟེ་འཆི་བ་འོད་གསལ་ལས་ལངས་མ་ཐག་པའམ། ཐ་མ་སྲིད་པ་བར་མ་དོ་ཤར་མོད་ཀྱང༌། སྐྱེ་སྲིད་མེད་པར་རྟེན་དེ་ལ་རིམ་པས་སངས་རྒྱ་བའོ། །འདིར་སངས་རྒྱས་ཞེས་པ་ཟུང་འཇུག་ཐོབ་པའི་མིང་ཡིན། སློབ་པའི་ཟུང་འཇུག་ཐོབ་ཕྱིན་ཆད། རྟེན་མ་འཕོས་པ་ཉིད་ལ་མི་སློབ་པའི་ཟུང་འཇུག་ཐོབ་ངེས་པ་ནི་ཡིན་ནོ། །གོང་དུ་མངོན་སངས་རྒྱ་ཞེས་པའི་དོན། འདིར་མཆོག་ཐོབ་ཅེས་པས་གསལ་བར་བྱས་ཏེ། མཆོག་གི་དངོས་གྲུབ་ནི་ཟུང་འཇུག་ལ་ཟེར། དེ་ཐོབ་ནས་སྐུའི་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །གཞན་ཡང་བར་དོའི་རྟེན་ལ་སྒྱུ་ལུས་ཀྱི་རིམ་པ་ཐོབ་པ་ནི། དབང་པོ་རྣོ་ན་རྟེན་དེ་ལ་ཟུང་འཇུག་ཐོབ་པའང་སྲིད། ཕལ་ཆེར་སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་གྱི། སྐྱེ་བ་གཅིག་ལེན་ནོ། །གསོན་པའི་ཚེ་ལ་སྒྱུ་ལུས་ཀྱི་རིམ་པ་ཐོབ་ན། བར་དོ་ཚུན་ལ་མཆོག་འགྲུབ་པས། ལས་ཉོན་གྱི་སྐྱེ་བ་ལས་གྲོལ་བར་བཤད། འཆི་བའི་སྔོན་རོལ་ཏུ་མཆེད་པའི་རྟོགས་པ་ཐོབ་ན་བར་དོར་སྒྱུ་ལུས་ཀྱི་རིམ་པ་ཐོབ་ངེས་པ་ཡིན་ཞིང༌། སྣང་བའི་ས་ཐོབ་ཙམ་མན་ཆད་ལ་ངེས་པ་མེད་དོ། སྐྱེ་བ་བརྒྱུད་ནས་སངས་རྒྱས་པ་ཅིག་གཞན་ལས་བཤད་དེ། ཚེ་འདི་ལ་ལྟོས་ན་དངོས་གྲུབ་ཐོབ་པའི་གྲངས་སུ་མི་འགྲོ་ཞིང༌། ཕྱི་མའི་རང་དུས་ལ་ལྟོས་ན་གསོན་ཚེ་དང༌། འཆི་ཁ་དང༌། བར་དོ་གསུམ་གང་རུང་དུ་འདུས་པས་འདིར་མ་བཤད་དོ། །བཞི་པ་ལ་གཉིས། ངག་དབེན་གྱི་འཕྲོས་དང༌། སེམས་དབེན་གྱི་འཕྲོས་སོ། །


TNT05_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ངོ་བོ་རྒྱུ་ཚུལ་འབྱུང་བ་ཁམས། །ལས་དང་དབྱེ་བ་དེ་ཉིད་རླུང༌། ། འབྱུང་འཇུག་གནས་པ་རྣམ་པར་བརྟག །འབྲུ་གསུམ་སྔགས་ཀྱི་ངོ་བོ་ཉིད། །ཨཱ་ལི་ཀཱ་ལི་སྦྱོར་དབུས་གནས། །བརྟག་པ་གྲངས་ལྡན་བཟླས་པ་ཉིད། །སྦྱོར་དེར་ཁྱད་པར་ཐབས་ལྡན་པས། །ངག་དབེན་རླུང་གི་རྣལ་འབྱོར་བསྟན། །ཞེས་པ་སྟེ། གོང་དུ་ངག་དབེན་བསྟན་པ་རྣམས་ལ་རྒྱབ་བརྟེན་གོ་བ་འདི་ལྟར་དགོས་ཞེས་པ་སྟེ། རླུང་བརྒྱ་བརྒྱད་དམ། རླུང་བཅུ་པོ་རྣམས་ཀྱི་ངོ་བོ་དང༌། ཕྱི་ནང་དུ་རྒྱུ་བའི་ཚུལ་དང༌། འབྱུང་བ་ཆེ་ཆུང་གི་ཁམས་ཀྱི་དབྱེ་བ་དང༌། རླུང་བཅུའི་བྱེད་ལས་དང༌། གནས་ལ་སོགས་པའི་དབྱེ་བ་དང་བཅས་པའི་རླུང་དེ་རྣམས་ཉིད། འབྱུང་བ་དང༌། འཇུག་པ་དང༌། གནས་པའི་སྒོ་ནས་དབྱེ་བ་དུ་མར་རྣམ་པར་བརྟག་གོ །དེ་དག་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་སྐབས་སུ་དགོས། ཡི་གེ་འབྲུ་གསུམ་པོའི་སྔགས་ཀྱི་ངོ་བོ་ཉིད་དེ། ཕྱི་བསྐྱེད་རིམ་གྱི་སྔགས་རྣམས་འདུས་པའི་ཚུལ་དང༌། ནང་རྡོ་རྗེ་ལུས་ཀྱི་སྔགས་བཏུ་བ་དང༌། དེ་ཁོ་ན་ཡེ་ཤེས་ཀྱི་མཚོན་དོན་སོགས་ཀྱིས་བརྟག་པ་སྟེ། དོན་གྱི་རབ་དབྱེ་དང་ལྡན་པས། གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཟླས་པ་ཉིད་དང༌། ཨཱ་ལི་ཀཱ་ལི་སྦྱར་བ་སྟེ། ངག་ཚིག་ཀུན་གྱི་དབུས་ན་ཨ་ཡིག་སྲོག་གི་ཚུལ་དུ་གནས་པ་སོགས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་གཞག་རྒྱས་པར་ཤེས་དགོས་ཤིང་དགང་བ་དང༌། དབྱུང་བ་དང༌། བུམ་པ་ཅན་ལ་སོགས་པའི་སྦྱོར་བ་དང༌། རྩ་ཨ་ཝ་དྷཱུ་ཏཱིར་འདུས་པ་དང༌། འཆིང་བའི་ཁྱད་པར་གྱི་ཐབས་དང་ལྡན་པས། ངག་དབེན་རླུང་གི་རྣལ་


TNT05_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བརྟན་ཞིང་བཤད་པར་བྱའོ། །གཉིས་པ་ནི། རྒྱུ་དང་འབྲས་བུ་སྦྱོར་བ་གང༌། །སྣང་བ་གསུམ་པོ་འཆར་ཚུལ་ཏེ། །ཞེས་པ་སྟེ། སྣང་མཆེད་ཐོབ་གསུམ་དང་སྐད་ཅིག་བཞི་པའི་འོད་གསལ་ཞེས་ལུགས་འབྱུང་གི་རིམ་པ་ནི། ཐིམ་རིམ་གྱི་སྣང་བ་གསུམ་པོ་རྒྱུ་དང༌། འོད་གསལ་འབྲས་བུར་སྦྱོང་བ་གང་ཡིན་པ་དང༌། འོད་གསལ་ལས་ཐོབ་མཆེད་སྣང་གསུམ་ཞེས་ལུགས་ཟློག་གི་རིམ་པ་ནི། སྣང་གསུམ་སྐྱེ་བའི་རིམ་པ་སྟེ། འོད་གསལ་རྒྱུ་དང་སྣང་བ་གསུམ་འབྲས་བུ་ལ་སྦྱོར་རོ། །འདིར་སྒྱུ་ལུས་ཀྱི་སྐུ་བདག་བྱིན་བརླབ་པའི་རིམ་པ་དང་པོར་འཆར་བ་དང༌། ཟུང་འཇུག་གི་སྐུ་འགྲུབ་པའི་དུས་ལ་རྒྱ་བོད་ཕལ་ཆེར་ལུགས་ཟློག་གི་སྣང་བའི་རྗེས་སུ་འབྱུང་བར་བཞེད་པ་དང༌། ཁ་ཅིག་འོད་གསལ་ལས་ལངས་པ་དང༌། སྐུ་དེ་འགྲུབ་པ་སྲང་མདའི་མཐོ་དམན་བཞིན་དུས་མཉམ་པས། ལུགས་ཟློག་གི་ཐོབ་པ་འགོ་ཤར་ཙ་ན། སྐུ་དེ་ཉིད་འགྲུབ་པར་འདོད་པ་དག་ཡོད་ན། སྔ་མ་འཐད་དེ། རྣམ་ཤེས་གསུམ་པོ་སླར་ཡང་ནི། ཞེས་སླར་ལུགས་ཟློག་ཏུ་བྱུང་བའི་སྣང་བ་གསུམ་གྱི་རྒྱུ་ལས་སྐུ་དེ་སྒྲུབ་དགོས་པའི་ཕྱིར་རོ། །ལུགས་འབྱུང་ལུགས་ཟློག་གི་རིམ་པ་ཕྲ་མོ་དག སྔ་རོལ་ནས་ཀྱང་འབྱུང་མོད་ཀྱི། དེ་དག་ལས་གསལ་སྣང་ཅན་ཙམ་གྱི་ལྷ་སྐུ་འཆར་བའི་དུས་ལ་ནི་ངེས་པ་མེད་དེ། སྐུ་དངོས་མ་ཡིན་པར་བློ་ངོར་ཤར་བ་ཙམ་ཡིན་པའི་ཕྱིར་རོ། །སྐབས་འདིར་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ལ་སོགས་པའི་རྣམ་གཞག་ཀྱང་རྒྱས་པར་


TNT05_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དགོས་ཤིང༌། སྣང་བ་གསུམ་མམ་བཞི་ལ་ཡང་དོན་དམ་ཆོས་ཉིད་ཀྱི་སྣང་གསུམ་དང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གསུམ་དུ་དབྱེ། དང་པོ་སྣང་གསུམ་དངོས་མ་ཡིན་ཆོས་ཉིད་དོ། །ཕྱི་མ་ལ་དབྱེ་ན་རང་བཞི་དང་བཅས་པ་དང༌། རང་བཞིན་དང་བྲལ་བ་གཉིས། རང་བཞིན་དང་བཅས་པ་ལ་དབྱེ་ན། གཞི་དུས་དང༌། ལམ་དུས་གཉིས། གཞི་དུས་ལ་དབྱེ་ན། རྒྱུན་ཆགས་པ་རྩ་བའི་སྣང་བ་གསུམ་ཡིན་ལ། ཁྱད་པར་གྱི་དུས་སུ་འབྱུང་བ་ལ་དབྱེ་ན། འཆི་བའི་དུས་ཀྱི་སྣང་བ་གསུམ། གཉིད་དུས་ཀྱི་སྣང་བ་གསུམ། ཆགས་པའི་དུས་ཀྱི་སྣང་བ་གསུམ། ཚོགས་དྲུག་ཐམས་ཅད་དང་འགྲོགས་པའི་སྣང་བ་གསུམ་སྟེ། གཞི་དུས་ལ་འཇོག་མཚམས་ལྔའོ། །ལམ་དུས་ཀྱི་སྣང་བ་གསུམ་ལ། སྨིན་བྱེད་དབང་གི་དུས་ཀྱི་དང༌། བསྐྱེད་རིམ་དང༌། ལུས་དབེན་དང༌། སེམས་དབེན་དང༌། སྒྱུ་ལུས་དང་འོད་གསལ་གྱི་རིམ་པའི་བར་ཏེ། གནས་སྐབས་བདུན་པོ་དེ་ལ་སྐད་ཅིག་མས་བསྡུས་པའི་སྣང་བ་གསུམ་མམ། སྣང་བཞི་སྒྲུབ། ས་རེ་རེ་ཡོད། སས་བསྡུས་པའི་སྣང་བཞི་ནི། སེམས་དབེན་དུ་སྣང་བ་གསུམ་གྱིས་ཐོབ་པ་དང༌། འོད་གསལ་གྱི་རིམ་པའི་མཐའ་འོད་གསལ་གྱི་ས་ཐོབ་པའོ། །རང་བཞིན་དང་བྲལ་བའི་སྣང་གསུམ་ནི། སློབ་པའི་ཟུང་འཇུག་ནི་ཡོད་དོ། །དེ་ལྟར་ན་སྣང་བཞི་ལ་འཇོག་མཚམས་བཅོ་ལྔའོ། །ཞེས་ཟུར་ཙམ་མོ། །སྣང་བ་གསུམ་དང༌། སྟོང་པ་གསུམ་དང༌། སེམས་གསུམ་དང༌། ཡེ་ཤེས་གསུམ་དང༌།


TNT05_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་གསུམ་ཞེས་པ་རྣམས་དོན་གཅིག སྟོང་པ་བཞི་དང་སྣང་བ་བཞི་ཡང་དོན་གཅིག སེམས་བཞི་དང༌། ཡེ་ཤེས་བཞི་དང༌། རྣམ་ཤེས་བཞི་ཐ་སྙད་མི་བྱེད། སྣང་བཞི་དགའ་བཞི་དོན་གཅིག་ཀྱང༌། སྣང་བ་གསུམ་ལ་དགའ་བ་གསུམ་གྱི་ཐ་སྙད་མི་བྱེད་དོ། །ལྔ་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཤད་པ་ནི། དུས་དང་འབྱུང་འགྱུར་ཐབས་ཁྱད་པར། །དབྱེར་མེད་ཡེ་ཤེས་གནས་ཐོབ་པས། །སྤྱོད་པ་ཡེ་ཤེས་མངོན་དུ་བྱེད། །སློབ་དང་མི་སློབ་དེར་སྤྱོད་པའོ། །རང་བཞིན་ཤེས་པའི་ལམ་གྱུར་པ།། རྣམ་ཤེས་སྒྱུ་མར་མཚོན་པའི་ཆོས། ཁྱད་པར་ལུས་དང་སྤྱོད་པ་གང༌། །དངོས་གྲུབ་ཐོབ་ཕྱིར་བདག་བྱིན་བརླབ། །ཕྱི་ནང་མངོན་པར་བྱང་ཆུབ་ཚུལ། །རྣལ་འབྱོར་ཐོབ་པའི་བསམ་གཏན་གནས། །འབྱུང་དང་འཇུག་པ་མ་བརྟགས་པར། ། སྤྱོད་ཚུལ་ཡེ་ཤེས་དེས་ཐོབ་པའོ། །ལྷ་དང་ཉམས་མྱོང་ལུས་དང་ངག །བསམ་གཏན་མཉམ་རྗེས་སྦྱོང་བ་དང༌། །སློབ་དང་མི་སློབ་གཉིས་མེད་ཅིང༌། །རབ་ཏུ་མི་གནས་ཟུང་དུ་འཇུག །ཅེས་སོ། །སྤྱིར་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་པ་ལ། བསྐྱེད་རིམ་མཐར་ཕྱིན་པ་ཞིག་གིས། འཕྲལ་དུ་མཆོག་ཐོབ་པར་འདོད་ན། དེ་དུས་རིག་བརྟུལ་གྱི་སྤྱོད་པ་མི་བྱེད་པར། རྫོགས་རིམ་སྒོམས། དེ་བརྟན་ན་སྤྱོད་པ་ལ་འཇུག རེ་ཞིག་མཆོག་མི་འདོད་པར། ཐུན་མོང་གི་དངོས་གྲུབ་སྒྲུབ་ན། བསྐྱེད་རིམ་ཉིད་ཀྱི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་དགོས་ཏེ། དེ་ལ་ཡང་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ཀ་ཡོད་དོ། །


TNT05_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དབེན་གྱི་རིམ་པ་ལ་གནས་པའི་སྐབས་དང༌། ངག་དབེན་གྱི་རིམ་པའི་སྐབས་སུ་ནི། སྤྱིར་བཏང་ལ་སྤྱོད་པ་མི་སྤྱོད་དེ། རྫོགས་རིམ་གྱི་སྤྱོད་པ་མ་རན་པས་སོ། །འོན་ཀྱང་བསྐྱེད་རིམ་ལ་བསྟན་པ་ཐོབ་ནས་དེ་དག་སྒོམ་པ་ཡིན་ན། བློའི་ཁྱད་པར་གྱིས་ཐུན་མོང་གི་དངོས་གྲུབ་ལ་འདོད་པ་སྐྱེས་ནས། བསྐྱེད་རིམ་ལ་ལྟོས་པའི་སྤྱོད་པ་བྱེད་པ་ནི་སྲིད་པར་མངོན་ཞིང༌། དེས་དངོས་གྲུབ་འགྲུབ་པའང་ཡིན་ནོ། །ཕྱིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་རྒྱུར། ལས་དང་པོ་པ་ཉིད་ནས་དེའི་བར་དུ། འདོད་འཇུག་གི་སྤྱོད་པ་དང༌། བརྟེན་པ་བསླབ་པའི་སྤྱོད་པ་ལ་བསླབ་བོ། །གཞུང་འདིར་རྫོགས་རིམ་གྱི་སྤྱོད་པའི་དབང་དུ་བྱས་ནས་སེམས་དབེན་དང༌། སྒྱུ་ལུས་དང༌། འོད་གསལ་དང༌། །ཟུང་འཇུག་གི་སྤྱོད་པ་སྟེ་བཞི་བཤད་དོ། །དེ་ལ་དུས་ནི། ཉིན་རེ་བཞིན་ནམ། ཟླ་རེའམ་ལོ་རེ་ལ་སོགས་པ་སྤྲོས་བཅས་ཀྱི་ཁྱད་པར་རྣམས་སྤྲོས་བཅས་ཀྱི་སྤྱོད་པ་ལ་དགོས་པ་ཡིན། གཞན་གཉིས་ལ་དུས་ངེས་པ་མེད་དོ། །བཀྲེས་སྐོམ་དང༌། ཚ་གྲང་ལ་སོགས་པའི་གནོད་པ་མེད་པ་དང༌། བསམ་པ་ཙམ་གྱིས་གཞན་ལ་ཕན་གནོད་ལ་སོགས་པ་འབྱུང་བར་འགྱུར་བའི་ནུས་པའམ་དྲོད་ཐོབ་པའི་རྣལ་འབྱོར་པས། ཐབས་ཀྱི་ཁྱད་པར་སྤྲོས་བཅས་ལ་ཚོགས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་ཡིན་ཡང༌། གླུ་གར་བརྡ་སོགས་ཆོ་གའི་རོལ་པ་རྒྱས་པ་སྤྱོད་པ་དང༌། སྤྲོས་མེད་ལ་དཀྱིལ་འཁོར་རྒྱས་བསྡུས་གང་ཡིན་ཡང༌། སྤྲོས་པའི་རོལ་པ་མདོར་


TNT05_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་དང༌། ཤིན་ཏུ་སྤྲོས་མེད་ལ་རོལ་པ་སྤངས་ཏེ་བསམ་གཏན་ཁོ་ནས་སྒྲུབ་པ་རྣམས་ཡིན་ལ། སྤྱོད་ཚུལ་ནི། བདེ་སྟོང་གི་ཡེ་ཤེས་མཆོག་ཏུ་བརྟན་པ་དེ། རྗེས་ཆགས་གཙོ་བོར་གྱུར་པའི་འདོད་ཡོན་གྱིས་སྤེལ་ནས། དེའི་སྟེང་དུ་བདེ་སྡུག་མཐོ་དམན་བར་གསུམ་གྱི་རྐྱེན་ཐམས་ཅད་དབྱེར་མེད་རོ་མཉམ་དུ་བསྲེས་པས། བདེ་སྡུག་གི་རྒྱུ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་འབར་བའི་གནས་ཐོབ་པར་བྱེད་པའོ། །སྤྱོད་པ་དེས་ཡེ་ཤེས་གསུམ་གྱི་ས་མངོན་དུ་བྱེད་ཅེས་པ་ནི། སྣང་བའི་ས་མ་ཐོབ་ཀྱི་བར་དུ་རྫོགས་རིམ་གྱི་སྤྱོད་པ་བྱར་མི་རུང་ལ། དེ་ནས་སྤྲོ་ཞིང་འདོད་ན། མཆེད་པའི་ས་ཐོབ་པའི་ཕྱིར་དང་དེ་རྗེས་ཐོབ་པའི་ས་མངོན་དུ་བྱེད་པ་ལའང་སྤྱོད་པ་སྤྱོད་པ་ཡོད་མོད། ངེས་པར་དགོས་པ་ནི་མ་ཡིན་ནོ། །ཐོབ་པའི་ས་ཙམ་པོ་དེ་གྲུབ་ནས། སེམས་དབེན་མཐར་ཐུག་གི་འོད་གསལ་དང༌། སྒྱུ་ལུས་ཀྱི་རིམ་པ་ཐོབ་པའི་ཕྱིར། སྐབས་དེར་ངེས་པར་སྤྱོད་པ་དགོས་སོ། །སྤྲོས་བཅས་སྤྲོས་མེད་ལ། གྲུབ་པ་ཕྱག་རྒྱ་ཁོ་ནའམ། དེ་འདྲ་ཇི་ལྟར་འོས་པ་གཙོ་བོར་གྱུར་པའི་ལས་རྒྱ་ལ་སློབ་པ་རྟག་ཏུ་ངེས་པར་དགོས་ལ། ཤིན་ཏུ་སྤྲོས་མེད་དུ་ནི། ལས་རྒྱ་ལ་མི་སློབ་པར། ཡེ་རྒྱ་ཁོ་ན་དང༌། ལས་རྒྱའི་དཀྱིལ་འཁོར་གྱི་དོད་གཉིད་ཀྱི་འོད་གསལ་གྱིས་སྒྲུབ་པ་སྟེ། སྐབས་དེར་དེ་ལྟར་སྤྱད་དོ། །སྒྱུ་ལུས་ཀྱི་རིམ་པ་ཐོབ་ནས་ནི། རང་བཞིན་བརྒྱད་ཅུའི་རྣམ་རྟོག་སྒྱུ་མ་ལྟ་བུར་ཤེས་པའི་ལམ་མངོན་དུ་གྱུར་པ་ནི། རྣམ་ཤེས་གསུམ་


TNT05_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒྱུ་མ་ལྟ་བུར་མཚོན་ནུས་པའི་ཆོས། ལྷ་སྐུ་སྣང་སྟོང་དང་ཞུ་བདེ་ལ་མཉམ་པར་འཇོག་ཅིང༌། ཁྱད་པར་ལས་དགེ་སྡིག་གི་རྒྱུར་འགྱུར་པའི་རིགས། དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་རྟོག་ཐམས་ཅད་རོ་སྙམ་པ་དང༌། དབྱེ་བ་སྤྱོད་པ་གསུམ་པོ་གང་དགདངོས་ཀྱི་འབྲས་བུ་ཕྲ་ཡང་ལ་སོགས་པ་ཡོན་ཏན་བརྒྱད་ཀྱི་དངོས་གྲུབ་ཐོབ་པའི་ཕྱིར་སྒྲུབ་པ་ནི་བདག་བྱིན་བརླབ་པའི་རིམ་པའི་སྤྱོད་པའོ། །འོ་ན་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་ཚད་ཀྱིས། ཡོན་ཏན་བརྒྱད་ཐོབ་པར་འགྱུར་རམ་སྙམ་ནས། དེ་ཙམ་ལ་མ་ངེས་ཀྱང༌། ཟུང་འཇུག་འགྲུབ་པའི་སྔོན་རོལ་ཟླ་བ་དྲུག་ནས་ཐོབ་པར་བཤད་པས། དེ་འོད་གསལ་ཀྱི་རིམ་པའི་མགོ་སྒང་ལ་འབྱུང་བས། སྒྱུ་ལུས་ཀྱི་སྤྱོད་པའི་འབྲས་བུ་ཐུན་མོང་མ་ཡིན་པར་གྱུར་པ་ལ་དགོངས་སོ། །འོད་གསལ་གྱི་རིམ་པ་ཐོབ་ཟིན་པའི་སྤྱོད་པ་ནི། ཞུ་བདེ་ལ་བརྟེན་ནས་རང་བཞིན་ལྷན་ཅིག་སྐྱེས་པ་ཤིན་ཏུ་གསལ་བར་མཚོན་ནུས། རྣམ་རྟོག་རླུང་དང་བཅས་པའི་ཆ་ཤས་འགའ་ཞིག་མངོན་འགྱུར་གཏན་ནས་འགགས་པ་ལས་བྱུང་བའི་བདེ་སྟོང་གི་རྣལ་འབྱོར་ཐོབ་པས། སྤྱོད་པ་གསུམ་པོ་གང་རུང་གི་ཆོ་ག་དང་སྦྱར་ནས། རིལ་གཞིག་གི་བསམ་གཏན་གཉིས་པོ་གང་རུང་རེ་ལ་གནས་པས་སྣང་བཞིའི་རིམ་པས་འོད་གསལ་དུ་འཇུག་པ་དང༌། སླར་ཡང་དེ་ལས་སྣང་གསུམ་ལུགས་ཟློག་དང་སྒྱུ་ལུས་སུ་ལྡང་བ་ནི། བློ་རྣམ་རྟོག་གིས་མ་བརྟགས་པར། ཕྱག་རྒྱའི་ཡེ་ཤེས་ཁོ་ནས་འབྱུང་སྟེ། སྤྱོད་པ་སྤྱོད་ཚུལ་གྱི་ཡེ་ཤེས་དེ་ལྟ་བུ་ནི། འོད་


TNT05_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་རིམ་པ་ལ་གནས་པའི་གང་ཟག་དེས་ཐོབ་བོ། །འོད་གསལ་གྱི་རིམ་པ་འདིའི་མཐར་ཐུག་པ་ཕྱི་ནང་གི་མངོན་བྱང་གཉིས་སྦྱར་བ་ལས། དོན་གྱི་འོད་གསལ་མཐོང་ལམ་ཐོབ་པ་ནི་སྤྱོད་པ་ཁྱད་པར་ཅན་ཡིན་ལ། དེར་མ་ཟད་འོད་གསལ་གྱི་རིམ་པའི་སྤྱོད་པ་ཐམས་ཅད། ཕྱི་ནང་གི་མངོན་པར་བྱང་ཆུབ་པ་གཉིས་ཀྱི་ཚུལ་ཏེ་འདྲ་འབག་ཏུ་འབྱུང་བའོ། །དེས་རྗེས་སུ་ཟུང་འཇུག་གི་སྤྱོད་པ་ལ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ལ་སོགས་པའི་ཐ་སྙད་ཙམ་འཇོག་པ་ནི། གནས་སྐབས་ཡུལ་དུས་དེ་དང་དེར་གདོང་ཐུག་ཏུ་གདུལ་བྱ་གཞན་སྣང་བ་ཇི་ལྟར་སྣང་བའམ། རྣམ་པར་འཕྲུལ་བ་དེ་དང་དེར་བསྟན་པ་ལ། སྤྲོས་བཅས་ལ་སོགས་པའི་མིང་སོ་སོར་འདོགས་པར་ཟད་ཀྱི་སྔ་མ་རྣམས་ཀྱི་སྐབས་དང་མི་འདྲའོ། །དངོས་སུ་ནི་མཚན་དཔེ་ཐམས་ཅད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ལས་སྐུའི་སྣང་བ་ཆད་པ་མེད་པ་འབྱུང་བ་དང༌། གྲག་སྟོང་ནམ་མཁའ་དང་མཉམ་པའི་གསུང་ལས་སྒྲ་དབྱངས་རྒྱ་མཚོ་དང༌། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཐུགས་ཀྱིས་རྟེན་འབྲེལ་ཇི་སྙེད་པ་མཁྱེན་པ་སྟེ། རྡོ་རྗེ་གསུམ་རྣལ་འབྱོར་མི་རྟོག་པའི་ངང་ལས་མ་གཡོས་བཞིན་དུ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པས་སེམས་ཅན་གྱི་དོན་མཛད་པ་ནི། ཟུང་འཇུག་གི་ཡེ་ཤེས་ཡིན་ལ། རིམ་ལྔ་ལས། ཟུང་དུ་འཇུག་པ་སྒོམས་གྱུར་པས། ། སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་ཟུང་འཇུག་གི་ཡེ་ཤེས་ཉིད་ལས་གཞན་པའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི་མེད་ལ། འོན་


TNT05_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཉམ་བཞག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་ཉིད་ཀྱི་ཉམས་མྱོང་དེ་རྗེས་ཐོབ་སེམས་ཅན་གྱི་དོན་སྤྱོད་པའི་གནས་སྐབས་སུ། བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་རྒྱས་བཏབ་པས། དེ་རྣམས་ལྷན་སྐྱེས་གཅིག་པུའི་ངོ་བོར་རོ་མཉམ་དུ་ཐིམ་པར་འགྱུར་པའི་ལྡོག་ཆ་ནས་ནི། རིག་བརྟུལ་ཞེས་བྱ་ལ། འདི་ཡེ་ཤེས་ཀྱི་རྣམ་རོལ་འབའ་ཞིག་ཡིན་ཡང༌། རྣམ་པ་རྗེས་ཆགས་ཀྱི་རོལ་པའི་དཀྱིལ་འཁོར་དུ་ཤར་བ་དང༌། གཉིས་སྣང་གི་འཁྲུལ་བ་རྣམས་ཞུ་བདེ་ཕྲ་མོས་རྒྱས་བཏབ་པའི་རྐྱེན་གྱི་དོན་དམ་པའི་དབྱིངས་སུ་བསྲེ་པའི་བྱེད་ལས་ཀྱི་མཚན་ཉིད་དང་ལྡན་པ་ནི་དགོས་སོ། །དེ་ལྟར་ན་མཉམ་བཞག་ཏུ་ཡོད་མེད་ཡིན་མིན་རྟག་ཆད་འགྲོ་འོང་སྐྱེས་འགག་འཕེལ་འགྲིབ་སོགས་གཉིས་སྣང་དང་སྤྲོས་པ་གང་ལ་ཡང་རབ་ཏུ་མི་གནས་ཤིང༌། རྗེས་ཐོབ་ཏུ་གཟུང་འཛིན་གཉིས་སྣང་ཙམ་ཅིག་ཡོད་ཀྱང༌། མཉམ་བཞག་གི་ཤུགས་ཀྱིས་སོ་སོར་བློས་འཛིན་པ་ལ་རབ་ཏུ་མི་གནས་པ་ནི་ཟུང་འཇུག་གི་སྤྱོད་པའོ། །དེ་ཡང་ལྷའི་སྐུ་དཀྱིལ་འཁོར་གྱི་འཁོར་ལོ་དང༌། བདེ་སྟོང་གི་ཉམས་མྱོང་གཉིས་དབྱེར་མེད་ངོ་བོ་གཅིག་པ་དང༌། ལུས་དང་ངག་དང་ཡིད་གསུམ་ཐ་དད་མེད་དེ། སྐུ་དང་གསུང་ཡང་ཐུགས་ཡེ་ཤེས་གཅིག་གི་རྣམ་རོལ་ཡིན་པ་དང༌། རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀྱི་འོད་གསལ་དུ་ལྡང་འཇུག་བྱེད་པའི་དབྱེ་བ་མེད་པ་དང༌། མཉམ་བཞག་དང་རྗེས་ཐོབ་ཀྱི་སྤྱོད་པ་ཐ་དད་པ་མེད་པ་དང༌། སློབ་པ་དང་མི་སློབ་པ་སྟེ་ལས་ཀྱི་ཕྱག་རྒྱ་སོགས་རྗེས་ཆགས་


TNT05_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རོལ་པ་ལ་སློབ་པར་སྣང་ཞིང་ངེས་པར་སྒྲུབ་དགོས་པ་དང༌། སྐབས་འགར་དེ་བཀག་སྟེ་མི་སློབ་པའི་བླང་དོར་གྱི་དབྱེ་བ་གཉིས་མེད་པའོ། །ས་བརྒྱད་པ་ཡན་ཆད་མཉམ་རྗེས་སོ་སོའི་མཚན་ཉིད་མེད་ལ། འོན་ཀྱང་འདིར་མཉམ་རྗེས་ཐ་དད་མེད་པ་ནི་དེ་གཉིས་ལ་ཉམས་ལེན་མི་འདྲ་བ་མེད། བོགས་ཆེ་ཆུང་མེད་ཅེས་པའོ། །འདིར་ཟུང་འཇུག་གི་ཡེ་ཤེས་ལ་ཁ་སྦྱོར་སོགས་ཡན་ལག་བདུན་ལྡན་གྱི་རྣམ་གཞག་བྱེད་པ་ནི་སྤྱིར་ཤིན་ཏུ་བཟང་ཞིང་དངོས་པོའི་གནས་ཚུལ་ལ་ཤིན་ཏུ་ཞུགས་པ་ཡིན་ཡང༌། ཡན་ལག་བདུན་ལྡན་གྱི་རྣམ་གཞག་འདི་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེད་པ་ཡིན་གྱི། རིམ་ལྔ་སྤྱོད་བསྡུས་སྒྲོན་གསལ་སོགས་འཕགས་ལུགས་ཀྱི་རྩ་བའི་གཞུང་འགྲེལ་གང་ནས་ཀྱང་བཤད་པ་མེད་དོ། །བོད་ཀྱི་འཕགས་སྐོར་བ་མང་པོ་ཡན་ལག་བདུན་ལྡན་གྱི་བཤད་པ། ཡང་སྐྱོར་བྱེད་ཀྱིན་འཕགས་ལུགས་རང་གི་ཆོས་སྐད་ཡིན་པ་སྐད་ངོམ་ངོམ་བྱེད་པ་ནི་གཞུང་གང་དང་གང་ལས། ཆོས་སྐད་དེ་དང་དེ་བྱུང་བ་མ་ཤེས་པའོ། །གཞན་ཡང་སྤྱོད་པའི་སྐབས་འདིར་གོ་དགོས་ལ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་པོ་ལ། ཆོ་ག་ལ་ལྟོས་པའི་སྤྲོས་བཅས་སོགས་གསུམ། དུས་ལ་ལྟོས་པའི་གསུམ། སྒོམ་བསམ་ལ་ལྟོས་པའི་གསུམ་སྟེ་དགུར་ཕྱེ་ནས། མིང་གསལ་མེད་པ་རྣམས་ཕལ་ཆེར་ཆོ་གའི་དབང་དུ་བྱས་པའོ། ཁ་ཅིག་གཞན་ལུས་སམ། འོག་སྒོའི་ལམ་སྟེ་ཆགས་ལམ་བྱེ་བྲག་པ་དང༌། རིག་བརྟུལ་ཀྱི་སྤྱོད་པ་


TNT05_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་འདོད་པ་ནི་མ་སྦྱངས་པའི་བླུན་གཏམ་ཡིན་ཏེ་ཆགས་ལམ་བྱེ་བྲག་པ་དེ་ནི། ཞུ་བདེ་ལྷན་ཅིག་སྐྱེས་པའི་ཉམས་མ་ཐོབ་པ་ཐོབ་པའི་ཕྱིར་སྒྲུབ་པ་དང༌། སྐྱེས་པ་བརྟན་པའི་ཕྱིར་སྒྲུབ་པ་ཡོད་ཅིང༌། དེ་ཡི་དང་པོ་ལ་ཡང༌། རིང་པའི་རྒྱུ་རླུང་དབུ་མའི་སྒོར་བསྡུ་བ་དང༌། བར་པ་དབུ་མར་གཞུག་པ་དང༌། ཐིམ་པ་ཙམ་པོ་བྱེད་པ་དང༌། གཏུམ་མོ་རགས་པ་སྦར་བར་བྱེད་པ་སོགས་ཡོད་ཅིང༌། ཉེ་བར་རྒྱུ་རྗེས་ཆགས་ཀྱི་གཏུམ་མོ་ཕྲ་བ་སྦར་བའོ། །ཕྱི་མ་ལ་ཡང་གཏུམ་མོ་སྦར་བ་བརྟན་པར་བྱེད་པ་དང༌། ཐིག་ལེའི་བགྲོད་པ་བརྟན་པར་བྱེད་པའི་ཕྱིར་དུ་སྒོམ་པ་སོགས་རིགས་དུ་མ་ཡོད་ཀྱང༌། དེ་ཐམས་ཅད་རིག་བརྟུལ་གྱི་སྤྱོད་པར་མི་འགྲོ་བ་ཤ་སྟག་དང༌། ཡེ་ཤེས་བརྟན་ཟིན་པ་བོགས་འབྱིན་བྱེད་པ་ལ་ཡང་བརྟུལ་ཞུགས་གྱི་སྤྱོད་པས་མ་ཁྱབ་ཅིང༌། སྤྱོད་པ་ལ་ཡང་གཞན་ལུས་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་རིགས་སྤྱོད་ནི་བདེ་བ་སྒྲུབ་བྱེད་ཙམ་དང༌། འདོད་ཡོན་ལམ་བྱེད་ཙམ་དང་རིག་མའི་ཁ་སྦྱོར་གྱིས་འདོད་ཆགས་ལམ་བྱེད་ཙམ་དང༌། རྐྱེན་ངན་ལམ་འཁྱེར་ཙམ་དང༌། ཉོན་མོངས་གློ་བུར་དུ་སྦྱོང་བྱེད་ཙམ་དང༌། ཉོན་མོངས་བག་ལ་ཞ་བ་རྣམས་མངོན་གྱུར་དུ་སྟོན་ནས་སྦྱོང་བྱེད་ཙམ་དུ་འདོད་པ་སོགས་ལེགས་པར་མ་སྦྱངས་པའི་མཁས་པར་འདོད་པ་རྣམས་ལ་རིག་བརྟུལ་ཇི་བཞིན་ངོས་མ་ཟིན་པའི་བླ་རྡོལ་ངེས་མེད་སྣ་ཚོགས་པ་བྱུང་ངོ༌། །དྲུག་པ་དོན་ཕྲ་མོ་ཅི་རིགས་དང་སྦྱར་བ་ལ། ཡི་གེའི་དོན་དང་སྤྱི་ཡི་དོན།། སྦས་པ་མཐར་ཐུག་ཉིད་ཡིན་ཏེ། །ཞེས་འབྱུང་སྟེ། གོང་གི་སྦས་པ་རྣམ་གསུམ་སོགས་དང་དོན་གཅིག ཐེག་པ་སྣ་ཚོགས་ཕ་རོལ་ཕྱིན། །སྲིད་པ་སྐྱེ་དང་གནས་ལ་སོགས། །དུས་ཀྱི་དབྱེ་བ་ཁྱད་པར་གྱི། །སྟན་གཅིག་སྟེང་དུ་བསྒོམ་པར་བྱ།། ཞེས་འབྱུང་སྟེ།


TNT05_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འོག་ཏུ་འཆད་འགྱུར་དང་གཅིག དེས་ན་ཚིག་འདི་རྣམས་དཔེ་ཕལ་ཆེར་ལ་འདུག་ཀྱང༌། གཞུང་འདི་ཉིད་ཀྱི་དཀྱུས་ཡིན་ན། བརྗོད་བྱ་ཟློག་པའི་སྐྱོན་དུ་འགྱུར་བས། གཞུང་འདྲ་མིན་གཅིག་ནས་ཚུར་བླངས་པར་ཟད་དོ།། འདིར་གནས་ལ་སོགས་ཞེས་པ་གོང་དུ་བསྒོམ་པའི། གནས་དང༌། སྒྲུབ་པ་པོ་དང༌། གྲོགས་དང༌། ཉམས་སུ་བླང་པའི་གདམས་པ་སྟེ། རྩིས་མགོ་བཞི་བྱེད་པ་ལ་བསམས་པར་འདུག་ཅིང༌། དུས་ནི་གོང་དུ་བཤད་པའི་གནད་བཞིའི་ནང་ཚན་ནོ། །འདི་དག་ཟློས་སྐྱོན་དུ་སོང་གི་དོགས་ནས། འདི་ཉིད་ཡང་དག་རྟོགས་པའི་ཕྱིར། །ཞེས་པ་བཅུག་སྟེ། སྔ་མའི་ཐེག་པ་སྣ་ཚོགས་སོགས་བསྒོམ་པར་གདམས་པ་དང༌། ཕྱི་མས་སྒོམ་པའི་ཕྱིར་དུ་གོ་བ་དོགས་པས། ཐེག་པ་སྣ་ཚོགས་སོགས་དང་སྦྱར་ཏེ་བཤད་པར་བྱའོ་བྱས་ན་ལེགས་པར་འོང་ངོ་བསམ་པའོ། །དེས་ན་ཡི་གེའི་དོན་དང་བཅས་པ་ནས། རྟོགས་པའི་ཕྱིར་ཞེས་པའི་བར་གྱི་ཚིག་རྐང་བདུན་པོ་འདི་སྔ་ཕྱི་དང་ཟློག་པ་ཡིན་ལ། གདན་རྫོགས་ཀྱི་ཡིག་རྙིང་རྣམས་ལ་ལུང་དྲངས་པ་ལ་ནི། ཐེག་པ་སྣ་ཚོགས་སོགས་སྔ་མ་འདི་མི་འབྱུང༌། འཆད་འགྱུར་གྱི་ཚིག་བཅད་གཅིག་པོ་འདི་འབྱུང་བས། དཀྱུས་ཀྱི་གཞུང་ཚིག་ནི་འདི་ཡིན་ནོ། །དེ་ཡང༌། ལམ་མཆོག་རིམ་པ་ལྔ་པ་ཉིད། །ཕ་རོལ་ཕྱིན་དང་ཐེག་སྣ་ཚོགས། །སྲིད་པ་སྐྱེ་དང་ཉིན་ཞག་གཅིག །སྟན་གཅིག་སྟེང་དུ་སྦྱར་ཏེ་བཤད། །ཅེས་ཏེ། ལམ་རིམ་པ་ལྔ་པོ་འདི་ནི།


TNT05_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དོན་གྱི་དགོངས་པ་ཡང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་བཤམས་ཏེ། སྐུ་ལུས་དྲང་པོར་བསྲངས། ཞེས་སོགས་ཀྱིས་ལུས་དབེན་བསྟན། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང༌། ཞེས་སོགས་ཀྱིས་རྡོར་བཟླས་བསྟན། ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅོ་བརྒྱད་རྒྱས་བཤད་ཀྱིས་སེམས་དབེན་བསྟན། གཟུགས་སྒྱུ་མ་ལྟ་བུ་སོགས་ཀྱིས་སྒྱུ་ལུས་བསྟན། གཟུགས་ཀྱི་རང་བཞིན་ནི་རང་བཞིན་མེད་པ་སྟེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་སོགས་ཀྱིས་འོད་གསལ་བསྟན། གཉིས་སུ་མེད་གཉིས་སུ་བྱར་མེད། སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་པས་ཟུང་འཇུག་བསྟན་ཏོ། །དེ་ཡང་ཤེར་ཕྱིན་གྱི་མདོའི་དངོས་བསྟན་ནི་རྫོགས་རིམ་རྣམས་དང་དོན་ཕྱོགས་འདྲ་བ་དེ་ཙམ་ཀ་གསུངས་པ་ཡིན་ཡང༌། ཕུགས་ཀྱི་དགོངས་པའི་བརྟད་སོ་རིམ་ལྔ་ལ་དགོངས་ཏེ། གསུངས་པ་ཡིན་པས། མཐར་ཐུག་གི་དགོངས་དོན་ནི་འདི་ཁོ་ནའོ། །ཤེར་ཕྱིན་གྱི་མདོ་ནི་ཐེག་ཆེན་གྱི་མདོ་སྡེ་ཕལ་གྱི་རྩ་བ་ཡིན་པས། སྨོས་པར་ཟད་ཀྱི། དེས་མཚོན་ནས་མདོ་གཞན་ཀུན་ལའང་གོ་བར་བྱའོ། །དེ་བཞིན་དུ་ཐེག་པ་དང༌། གྲུབ་མཐའ་སྣ་ཚོགས་པའི་ཉམས་རྟོགས་རྣམས་ཀྱང་འདི་ལ་འདུས་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་བསྒོམ་པ་རྣམས་ལ། ཀུན་རྫོབ་རགས་པའི་སྣང་བ་མི་འགོག་ཅིང༌། རྡུལ་ཕྲན་ལ་མངོན་ཞེན་དང་བཅས་མོད། ལྷག་མ་བདག་མེད་རྟོག་


TNT05_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ནི། བསྐྱེད་རིམ་ལུས་དབེན་དང་བཅས་པའི་གཟུགས་ཅན་ཕྲ་རགས་སུ་སྣང་བ་མ་འགགས་པ་ལ་གཞི་སྒྱུར་པའི་རྣམ་པ་ཅན་དེ་དང་ཆོས་མཚུངས་པའི་སྒོ་ནས། ཉན་ཐོས་ཀྱི་དེ་འདིར་འདུས་པ་ཡིན་ཏེ། འདི་བསྒོམས་པའི་ཉན་ཐོས་ཀྱི་སྤང་རྟོགས་དེ་དག་མཐའ་དག་རྫོགས་པའི་རྟེན་འབྲེལ་བྱེད་དོ། །རྡོར་བཟླས་སུ་རང་རྒྱལ་གྱི་ཐེག་པ་འདུས་ཏེ། དེའི་ལམ་གྱི་གཙོ་བོ་རྟེན་འབྲེལ་བཅུ་གཉིས་བསྒོམས་པ་ཡིན་ལ། རླུང་འཕོ་བ་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་རླུང་ཡིན། དེ་ལ་རྡོར་བཟླས་བྱས་པས་རྟེན་འབྲེལ་བཅུ་གཉིས་རྟོགས་པར་འགྱུར་བའི་ཕྱིར་རོ། །ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་རྣམ་དག་གི་ཉམས་ཐམས་ཅད་ཉན་རང་འཕགས་པའི་རྟོགས་པ་ལ་འདུས་སོ། །སེམས་ཙམ་གྱི་ལྟ་བ་ཕྱི་དོན་དུ་སྣང་བའི་བཀོད་པ་ཐམས་ཅད་ཀྱང༌། སེམས་ཀྱི་རྣམ་འགྱུར་དུ་ཤེས་པ་དང༌། སེམས་དམིགས་ཀྱི་རིམ་པར་ཡང༌། རྡོ་རྗེ་འཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་བ་རླུང་གི་ཁམས་གསུམ་པོ། །རྨི་ལམ་རྨི་བ་བཞིན་དུ་སྣང༌། །ཞེས་ཆོས་ཐམས་ཅད་རླུང་སེམས་ཀྱི་རྩ་བ་ཅན་དུ་ཤེས་ཤིང༌། རླུང་ཡང་སེམས་ལས་གཞན་དུ་མེད་པར་རྟོགས་པ། རྟོགས་རིགས་མཐུན་པའི་ཕྱིར་དེ་འདིར་འདུས་སོ། །དབུ་མ་སྒྱུ་མ་ལྟ་བུར་སྨྲ་བའི་རྟོགས་པ་ཡང་སྒྱུ་ལུས་སུ་འདུས་ཏེ། སྣང་གྲག་སྒྱུ་མ་ལྟ་བུར་རྟོགས་པར་འདྲ་བས་སོ། །དབུ་མར་རབ་ཏུ་མི་གནས་པའི་རྟོགས་པ་ནི་འོད་


TNT05_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དུ་འདུས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞྀན་སྟོང་པ་བརྗོད་བྲལ་དུ་དེ་དག་འདོད་ཅིང་འདིས་མྱོང་བའི་ཕྱིར་རོ། །དབུ་མ་འདི་གཉིས་ཐལ་རང་གི་མིང་གི་རྣམ་གྲངས་སུ་འདོད་པ་ནི་མི་ལེགས་ཏེ། ཐལ་རང་གཉིས་མ་ཡིན་པའི་དབུ་མ་དེ་གཉིས་དུ་མ་ཡོད་ཅིང༌། དེ་གཉིས་ལ་ཡང་གཉིས་ཀྱིས་མ་ཁྱབ་པའི་ཕྱིར་རོ། ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཐམས་ཅད་ཟུང་འཇུག་ཏུ་འདུས་ཏེ། གསང་སྔགས་རྒྱུད་སྡེ་ཐམས་ཅད་ཀྱི་གནས་ལུགས་དགོངས་པའི་མཐར་ཐུག་བདེ་སྟོང་དང་དཀྱིལ་འཁོར་ཟུང་དུ་འཇུག་པ་གདོད་མའི་ངོ་བོ་དེ་ཁོ་ན་ཡིན་པའི་ཕྱིར་རོ། ། དེ་ལྟར་ན་རིམ་ལྔ་བསྒོམས་པས་ཐེག་པ་མཐའ་དག་གི་ལམ་བསྒོམ་པར་འགྱུར་རོ། །སྲིད་པ་སྐྱེ་བའི་རིམ་པ་དང་སྦྱར་ན། ལུས་གྲུབ་པ་ཙམ་ལུས་དབེན། དབུགས་རྒྱུ་བ་ངག་དབེན། གཉིད་དང་སྙོམས་འཇུག་གི་དུས་སྣང་གསུམ་འཆར་བ་ནི་སེམས་དབེན། རྨི་ལམ་གྱི་ལུས་ནི་སྒྱུ་ལུས། འཆི་དུས་ཀྱི་སྟོང་པ་བཞི་ནི་འོད་གསལ། བར་དོའི་ལུས་ནི་ལོངས་སྐུ་ཟུང་འཇུག སླར་ཡང་སྐྱེ་བའི་ལུས་བླངས་པ་ནི་སྤྲུལ་སྐུ་ཟུང་འཇུག་སྟེ། འདི་དག་ནི་སྦྱང་བྱ་ངོས་གཟུང་བའམ། གང་ལ་གནད་དུ་བསྣུན་པའི་གཞི་ཆེན་ཡང་ཡིན་ནོ། །ཡང་ན་ཡུལ་སྣང་སྐད་ཅིག་རེ་རེ་དང༌། གཉིད་དང༌། སྙོམས་འཇུག་དང༌། འཆི་བའི་དུས་ཀྱི་ཐིམ་རིམ་ཐམས་ཅད། སེམས་དབེན་འོད་གསལ་གཉིས་ཀྱི་ཐུན་མོང་དང༌། གཉིད་དང་སད་དུས་ཀྱི་སྣང་བ་ཤར་བ་དང༌། རྨི་ལམ་དང་བར་དོ་ཐམས་ཅད་སྒྱུ་ལུས་ཟུང་འཇུག་ཐུན་མོང་དུ་སྦྱར་ཡང་རུང་ངོ༌། །ཉིན་ཞག་ཕྲུགས་


TNT05_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་སྦྱར་ན། ཕུང་པོ་ལྔ་སངས་རྒྱས་ལྔའི་རང་བཞིན་ནི་ལུས་དབེན། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་རྡོར་བཟླས། གཉིད་ལ་འཇུག་པ་ནི་སེམས་དབེན། རྨི་ལམ་ནི་སྒྱུ་ལུས། གཉིད་འཐུག་པོ་ནི་འོད་གསལ། གཉིད་སད་པ་ནི་ཟུང་འཇུག་དང་སྦྱར་རོ། །ཞེས་པ་འདི་ཡང་སྦྱང་བྱ་ཉིད་དང༌། གནས་སྐབས་དེར་དག་སྦྱོར་གང་ཞིག་འཇུག་པའི་ཚུལ་ལོ། ། དེ་ལྟར་ན་རིམ་ལྔ་སྟན་ཐོག་གཅིག་ཏུ་བསྒོམས་པས། སྲིད་པ་སྐྱེ་བ་དང༌། ཉིན་ཞག་གཅིག་གི་བྱ་བ་རྣམས། ཡེ་ཤེས་ཀྱི་རྟེན་དུ་འགྱུར་ཞིང༌། མདོ་དོན་སྣ་ཚོགས་དང་ཐེག་པ་ཐམས་ཅད་སྟན་ཐོག་གཅིག་ཏུ་རྫོགས་པའོ། །རྒྱས་བཤད་རྩ་བའི་གསུམ་པ་ནི། འདི་ལྟར། འབྲས་བུ་སྐྱེ་བའི་རིམ་པ་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་པ། །རྣལ་འབྱོར་དབང་ཕྱུག་དམ་པ་སྟེ། །སྐུ་ལྔ་རབ་རྫོགས་གྱུར་པའོ། །ཞེས་ཏེ། འབྲས་བུ་སྐྱེ་བའི་རིམ་པ་ནི། ས་དང་པོར་སློབ་པའི་ཟུང་འཇུག་ཐོབ། དེ་འདྲའི་གང་ཟག་དེ་ཚེ་འདི་ཉིད་དུ་འཆི་སྲིད་ཀྱིས་བར་མ་ཆོད་པར་སངས་རྒྱས་པ་ཞེས་བྱ། ས་གཉིས་པ་ནས་བཅུ་པའི་བར་དུ་བགྲོད་པ་ནི་རྣལ་འབྱོར་ཅན་གྱི་དབང་ཕྱུག་དམ་པའམ་མཆོག་ཅེས་བྱ་སྟེ། དེའི་རྗེས་སུ་མི་སློབ་པའི་ཟུང་འཇུག་སྐུ་ལྔ་དང༌། ཡེ་ཤེས་ལྔ་དང༌། དབང་ཕྱུག་བརྒྱད་ལ་སོགས་གཞལ་དུ་མེད་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ཡིན་ཏེ། སྐུ་ལྔ་ནི་ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་དང༌། བདེ་བ་


TNT05_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐུ་རྣམས་ཡིན་ལ། དེའི་མཛད་པ་འཕྲིན་ལས་ཀྱང་ལྷུན་གྱྀས་གྲུབ་ཅིང་ཕྱོགས་དུས་ཀུན་ཏུ་ཁྱབ་པའོ། །གསུམ་པ་མན་ངག་གི་ཆེ་བ་བསྟན་པ་ནི། དཔལ་ལྡན་གསང་བ་འདུས་པའི་རྒྱུད། །འཕགས་པ་ཡབ་སྲས་རིམ་བཤད་པ། །དེ་ཉིད་དགོངས་པ་ན་རོས་རྙེད། །འགྲེལ་པ་མཁན་གྱིས་མི་ཤེས་པས། །རྒྱུད་རྐྱང་སྙིང་པོ་བསྟུས་པ་ཉིད།། བྱིན་རླབས་ལམ་འདི་ཐུན་མོང་མིན། །ཞེས་པ་ལ། རྒྱུད་ཅེས་པ་ནི་རྒྱུད་དོན་ནོ།། རིམ་ཞེས་པ་ནི་ཞལ་གྱི་གདམས་པའི་རིམ་པའོ། །འགྲེལ་པ་མཁན་དེ། རྗེ་མར་པའི་གསུང་གིས། ད་ས་ཐ་ག་ན་དང༌། ཛ་ཡ་ན། སྙིམ་པའི་མེ་ཏོག་གསུམ་ཐོས་ཏེ། བླ་མའི་མན་ངག་ཅན་མ་ཡིན་གསུངས་ནས་མི་འཆད། ཅེས་འབྱུང་བ་ལྟར་པཎྜི་ཏའི་རྩལ་བཤད་རྣམས་ལ་ཟེར་བ་ཡིན་གྱི། སྒྲོན་གསལ་ལ་ཟུར་ཟ་མིན་མོད། མཁས་པ་འགའ་ཞིག་དེར་དོགས་ནས་ཚིག་འདི་ལ་ཐུགས་ཤིན་ཏུ་སྙུང་ངོ༌། །རྗེ་བཙུན་མར་ལོས་བོད་དུ་སྒྲོན་གསལ་བཤད་བཀའ་མཚུངས་ཟེར་ཡང་མི་བདེན་ཏེ། སྒྲོན་གསལ་གྱི་ཡིག་སྣ་མར་ལུགས་འདུག་པའི་ཕྱིར་རོ། །རྒྱུད་རྐྱང་གི་བཤད་པ་དེ་ཡང་སྒྲོན་གསལ་གྱི་སྙིང་པོ་བསྡུས་པ་ཀ་ཡིན་པས་སྒྲོན་གསལ་གྱི་ཕོ་རུས་སུ་བསམས་ནས་ཕྱིར་འབུད་བྱེད་མི་དགོས་སོ། །ཐུན་མོང་མིན་པ་ནི་སྙིང་གའི་སྔགས་འཁོར་ལ་སོགས་པའི་མན་ངག་དང༌། བསྲེ་འཕོ་ལ་སོགས་ཀྱི་རྣམ་གཞག་དང་མན་ངག་སྟེ། འཕགས་སྐོར་བ་གཞན་ལའང་མ་གྲགས་པའོ། །བྱིན་རླབས་ལམ་ཞེས་པ་རིམ་པ་ལྔ་ཅར་གྱི་མན་ངག་ལ་ཉམས་མྱོང་ཕྱིན་ཅི་མ་ལོག་པར་ཤར་


TNT05_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུན་ཡོད་པས། སློབ་མ་ལ་ཡང་ཉམས་མྱོང་འཕྲལ་དུ་སྐྱེ་བའི་ནུས་པ་ཡོད་པའོ། །གཞུང་གི་མཐར་མཚན་སྨོས་པ་ནི། རིམ་པ་ལྔའི་དོན་བསྡུས་པ་གསལ་བ་ཞེས་བྱ་བ། དཔལ་ནཱ་རོ་པས་མཛད་པའི་གསང་བའི་མན་ངག བླ་མའི་ཞལ་ལས་རྟོགས་པར་བྱ་བ་རྫོགས་སོ། །ཞེས་པའོ། །དཔེ་འགའ་ཞིག་ལས། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་མར་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་འགྱུར་བྱང་ཡང་ཡོད་དོ། །འདིར་སྨྲས་པ། རྒྱུད་སྡེ་ཀུན་གྱི་བཞུགས་ཚུལ་ཆ་ཙམ་རིག ཁྱད་པར་གསང་པ་འདུས་པར་ཅུང་ཟད་སྦྱངས། །འཕགས་སྐོར་གཞུང་ལའང་ངལ་བ་བག་ཙམ་བསྟེན། །མར་ལུགས་ཕྱོགས་ཀྱི་གཞུང་བཤད་ཕལ་ཆེར་མཐོང༌། །ཟབ་མོའི་གཞུང་མཆོག་འདི་ཉིད་ནི། །ཚིག་ཉུང་དོན་ནི་ཤིན་ཏུ་རྒྱས། །གཞན་གྱི་འགྲེལ་པ་མ་མཐོང་མོད། །གཞུང་ལ་ཞིབ་མོར་བརྟག་པས་གོ །སྦྱངས་ཤིང་གོ་ནས་བཤད་པ་ཡིན། །སློབ་ལོང་མེད་པར་མཁས་གྲགས་འདོད། །བླུན་པོ་མགུ་བྱེད་ཁོ་ནར་ཟད། །རྒྱུ་མེད་འབྲས་བུ་མི་འབྱུང་ངོ༌། །རྒྱལ་བ་དགྱེས་པའི་ལམ་གྱི་མཆོག །ཅུང་ཟད་བཤད་པའི་དགེ་བས་ཀྱང༌། །ནམ་མཁའ་མཐས་གཏུགས་སེམས་ཅན་རྣམས། །རྡོ་རྗེ་འཛིན་དང་མཉམ་པར་ཤོག །ཅེས་པ། རིམ་ལྔ་བསྡུས་གསལ་གྱི་འགྲེལ་པ་འདི་ནི། འཇིག་རྟེན་མགོན་པོ་སྟག་ལུང་ཐང་པས་སྐུ་གསུང་ཐུགས་ལ་བྱིན་གྱིས་བརླབས་ཤིང༌། རིགས་


TNT05_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསེར་གྱི་རི་བོའི་རྩེ་མོར་བསྔགས་པར་འོས་པའི་ཡོན་ཏན་གྱི་ཉིན་བྱེད་བརྒྱ་ཕྲག་རྟག་ཏུ་འཆར་བའི་སྐྱེས་མཆོག་དམ་པ། རྗེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ། །གཞུང་འདི་སྡོམ་གྱི་ཚུལ་དུ་སྣང་བས་འབྲུ་བཤིག་པ་ཙམ་གྱིས་དོན་མཐོང་བ་དགའ་བར་འདུག་པས། དོན་ཆ་ཚང་བ་ཟུར་སྨོས་ཀྱིས་བརྗོད་པ་ཡིན་ནོ།། །།ཞུས་དག མངྒ་ལཾ། འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ། །དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་དུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙིང་པོ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་པའོ། །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། །བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི །ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ།། །།


previousརིམ་ལྔ་བསྡུས་གསལ་གྱི་ཊཱི་ཀnext