སྤྲོས་མེད་ཀྱི་ཁྲིད་ཡིག་ངོ་མཚར་ཅན་བཞུགས།


TNT06_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་མེད་ཀྱི་ཁྲིད་ཡིག་ངོ་མཚར་ཅན་བཞུགས།


TNT06_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཡ་མཱ་རི་ཨ་དྭི་ཏ་ཙ་རཱ་ཎཱ་ཡ། དཔལ་ལྡན་རྡོ་རྗེའི་དབང་ཕྱུག་མཆོག་གི་འོད་གསལ་རྡོ་རྗེ་དབྱུག་པས་མཐའ་དག་སྲིད་གསུམ་ཉོན་མོངས་ནི། །མ་རུངས་སྡེར་བཅས་ཕྱེ་མར་བཏགས་ནས་བདེ་ཆེན་མཚོན་ཆས་བདུད་བཞི་དཔུང་ཚོགས་མཐར་བྱེད་ཁྱིམ་དུ་མངོན་པར་བོས། །ཟག་མེད་བདེ་ཆེན་ཉམས་བརྒྱའི་རོས་གང་རྟག་ཏུ་གསོལ་ཕྱིར་ཟླ་ཕྱེད་ལྟ་དཀར་ཐོད་པས་མཚན་པའི་ཕྱག །བརྐྱང་བསྐུམ་སྟབས་ཀྱིས་འཆི་བདག་གྲོང་ཁྱེར་རླག་པར་མཛད་ནས་སྒྲུབ་ལ་སྲིད་ཞི་ལས་གྲོལ་དངོས་གྲུབ་སྩོལ། །དེ་འདྲ་གང་ཡིན་བླ་མ་གཤིན་རྗེ་གཤེད། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སེལ། །དངོས་གྲུབ་འདོད་དགུ་འབྱུང་བའི་དཔག་བསམ་ཤིང༌། །དེ་ལ་བཏུད་ནས་དེ་ཡི་ལུང་བཞིན་བཤད། །དཔལ་སྟོབས་ཀྱི་དབང་ཕྱུག་བི་རཱུ་པའི་ཞལ་གྱི་གདམས་པ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྫོགས་པའི་རིམ་པ་ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་འདི་ལ་ཕྱོགས་འཛིན་གྱིས་རྣམ་པར་བསླད་པས་རང་ཉིད་ཀྱི་འདོད་


TNT06_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོ་བ་ལྷུར་བྱེད་པ་ཁོ་ན་མང་བར་མཐོང་ཡང༌། ཆོས་འདི་ཉིད་ཀྱི་ལོ་པཎ་རྣམས་ཀྱི་བཞེད་པ་རང་ལུགས་གཙང་མ་ནི་ཉུང་བར་སྣང་ངོ༌། །གཞུང་ཉིད་དུ་དམིགས་པའི་རིམ་པ་རྣམས་ཤིན་ཏུ་གསལ་བར་བཞུགས་ཤིང༌། ཕྱོགས་འདིར་སྙན་བརྒྱུད་ཡེ་གེར་འགོད་པའི་ཐོག་མ་གློ་བོ་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱི་གཏོང་ཐུན་ཉིད་དཔང་དུ་བཞག་སྟེ། ཉམས་ལེན་གྱི་རྒྱུད་པ་མ་ཆད་པར་བྱོན་པའི་བླ་མའི་མན་ངག་ཇི་ལྟ་བ་བཞིན་དུ་དམིགས་ཐོ་ཙམ་ཞིག་བརྗོད་ན། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་གཉིས། ཚོགས་བསགས་པའི་ཕྱིར་མཎྜལ་འབུལ་བ་དང༌། སྡིག་སྒྲིབ་སྦྱང་བའི་ཕྱིར་ཡིག་བརྒྱ་བཟླ་བའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་ཡང་རུང་བ་སྤྱི་དང་མཐུན་པར་བྱས་ལ། རང་གི་མདུན་དུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བླ་མ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དང༌། དེའི་མཐའ་སྐོར་དུ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་


TNT06_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་བཅས་པ་བཞུགས་པ་ལ། ལུས་མང་པོར་སྤྲུལ་ནས་ཕྱག་བྱས་པར་བསམས་ཏེ། གང་གི་དྲིན་གྱིས་སོགས་བསྟོད་པ་ཅི་ཤེས་བྱ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་བར་བསམ། མཎྜལ་ཚོམ་བུ་བདུན་མ་ལན་རེ་ཕུལ་བའི་རྗེས་སུ་དཔལ་ལྡན་བླ་མ་དམ་པས་བདག་གི་བསམ་པ་མཁྱེན་པར་མཛད་དུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། བདག་གི་རྒྱུད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། མཐར་དེ་ཐམས་ཅད་འོད་དུ་ཞུ་ནས་རང་གི་སྤྱི་བོའི་ནས་མར་ལ་ཐིམ། ལུས་སེམས་བདེ་འབོལ་གྱིས་སོང་བར་བསམ། རྒྱས་པ་ལ་སྤྲོ་ན། མདུན་དུ་མཆོད་ཡུལ་གྱི་མཎྜལ་ཚོམ་བུ་ལྔ་པ་འགོད་པ་དང༌། དབུས་སུ་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། བར་བར་དུ་ཆོས་སྐྱོང་བསྲུང་མ་རྣམས་བསྐྱེད། མཆོད་པ་རེ་རེ་ཞིང་ལན་གསུམ་གསུམ་འབུལ་བ་དང༌། བླ་མ་དང་ཡི་དམ་ལ་གསོལ་བ་ལན་བརྒྱད་བརྒྱད་གདབ། གཞན་རྣམས་ལ་ལན་བདུན་འདེབས་པ་སོགས། སྤྲོས་མེད་ཀྱི་གཏོང་ཐུན་དང་ཡིག་ཆུང་ནས་འབྱུང་བ་བཞིན་དུ་ཅི་རིགས་པར་ཉམས་སུ་བླང་ངོ༌། །གཉིས་པ་ནི་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ་སེམས་དཔའི་སྐྱིལ་ཀྲུང་ཅན་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐུགས་ཀར་པད་ཟླའི་གདན་ལ། ཧཱུཾ་དཀར་པོ་ལ་ཡི་གེ་བརྒྱ་པས་བསྐོར་བ། དེ་ལས་བདུད་རྩི་དཀར་པོའི་རྒྱུན་དཔག་ཏུ་མེད་པ་བྱུང༌། ལུས་ཀྱི་ནང་གང༌། སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བུ་ག་དགུ་ནས་ཕྱིར་བརྡས་ཤིང༌། རང་


TNT06_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཇའ་ཚོན་ལྟ་བུར་འོད་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་ནུས་སུ་བཟླ། མཐར་ཧཱུཾ་དང་ཡིག་འབྲུ་ཐམས་ཅད་ཞུ་བའི་འོད་ཀྱིས་ལུས་གང༌། ལུས་སེམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་བསམ། མདུན་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པར་མོས་ལ། ཕྱག་འཚལ་བདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་འཚལ་འདུད། །གུས་པས་ཁྱེད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་བཤགས་པ་བྱས་ལ། དེ་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་གོ །ཞེས་དབུགས་ཕྱུང༌། དེ་ཐམས་ཅད་རང་ལ་ཐིམ། སྡིག་སྒྲིབ་གྱིས་མཚོན་པའི་ཆོས་ཐམས་ཅད་སྒྱུ་མ་ལྟར་བདེན་མེད་དུ་ཤེས་པར་བྱས་ལ། ཅུང་ཟད་མཉམ་པར་བཞག་གོ །དེ་ལྟར་ཐུན་བཞི་ལ་སོགས་པར་བསྒོམས་པས། སྡིག་སྒྲིབ་དག་པའི་རྟགས་བྱུང་བྱུང་དུ་འབད་དོ། །མཎྜལ་གསོལ་འདེབས་དང༌། ཡིག་བརྒྱའི་བཟླས་སྒོམ་ནི་སྔ་ཕྱི་གང་བྱས་ཀྱང་འདྲའི། གཉིས་པ་དངོས་གཞི་ལ། དང་པོར་རང་བྱིན་གྱིས་བརླབ་པའི་ཚོགས། བླ་མའི་རྣལ་འབྱོར་ཀྱི་བྱིན་རླབས་བླ་མ་ལ་ཐོབ་པར་བྱས་ལ། རྒྱུན་གྱི་རྣལ་འབྱོར་ཉམས་སུ་བླང་བ་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར། དངོས་གཞི་སྤྲོས་མེད་ཀྱི་ཡེ་ཤེས་མངོན་དུ་བྱེད་པ། རྗེས་རྣམ་རྟོག་འོད་གསལ་གྱི་བརྟེན་པར་བྱེད་པའོ། །དང་པོ་ལ་སྤྲོས་པ་བཅད་པ་དང༌། དངོས་གྲུབ་བླང་བ་གཉིས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། ཧཱུཾ་ཞེས་བརྗོད་པས་བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ། སེང་ཁྲི་སྣ་ཚོགས་པདྨ་ཉི་མ་མ་ཧེའི་གཤིན་རྗེ་རྣམས་བརྩེགས་པའི་གདན་ལ། བླ་མ་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་གཟི་བརྗིད་འབར་


TNT06_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞལ་གཅིག་ཕྱག་གཉིས། གཡས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་བསྣམས་པས་ཁམས་གསུམ་འདུལ་བ། གཡོན་བདུད་ཀྱི་ཁྲག་གིས་གང་བའི་ཐོད་པ་ཡུམ་ལ་འཁྱུད་པའི་ཚུལ་གྱིས་འཛིན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་མ་ཧེ་དམར་པོ་དྲེགས་ཤིང་ཁྲོས་པའི་སྟེང་དུ་གཤིན་རྗེ་ནག་པོ་ཐོད་དབྱུག་ཐོགས་པ་ཁ་བུབ་ཏུ་བསྒྱེལ་ནས་གནོན་པ། སྟག་ལྤགས་དང་སྦྲུལ་རྒྱན་དང་མི་མགོའི་ཕྲེང་བ་ཅན། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རང་སྣང་གི་ཡུམ་མམ། རྡོ་རྗེ་རོ་ལངས་མ་དམར་མོ་གྲི་ཐོད་འཛིན་པ། ཐོད་སྐམ་གྱི་ཕྲེང་བ་དང༌། སེ་རལ་ཁ་སྤངས་པའི་སྦྲུལ་གྱི་ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གི་སྟབས་ཅན་དང་མཉམ་པར་སྦྱོར་བ། གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། མཐའ་སྐོོར་དུ་འཁོད། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གཤིན་རྗེ་གཤེད་ཀྱི་སྐུར་གྱུར་གོང་གི་མཐའ་{ོར་དུ་འཁོད། དེ་ནི་སྤྲོས་པ་བཅད་པའི་ཡུལ་བསམ་པའོ། །སྤྲོས་པ་གཅོད་པ་དངོས་ལ། མཆོད་པ་གསུམ་ལས། དང་པོ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བི་དྱ་ཨཱཿཧཱུཾ། ཞེས་བརྗོད་པས་མེ་ཏོག་ལ་སོགས་པས་མཆོད་རྫས་བཟང་པོ་ནམ་མཁའ་གང་བ་ཙམ་སྤྲུལ་ཏེ་ཕུལ་བར་བསམ། ཡང་ཨོཾ་རཱུ་པ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་ཤཔྟ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་གནྡྷ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་རཱ་ས་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་སྤརྵེ་བཛྲི་ཎཱི་ཨཱཿཧཱུཾ། ཨོཾ་དྷརྨཱ་དྷ་ཏུ་བཛྲི་ཎཱི་


TNT06_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུཾ། ཞེས་བརྗོད་པས། གཟུགས་སྒྲ་དྲི་རོ་རེག་བྱ། ཆོས་དབྱིངས་རྡོ་རྗེ་མའི་རིགས་ཀྱི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་སྤྲུལ་ནས་འདོད་ཡོན་དྲུག་གི་མཆོད་པས་མཆོད་ཅིང་མཉེས་པར་བསམ། གཉིས་པ་ཆགས་སྡང་གི་ཡུལ་དབུལ་བ་ནི། དགྲ་གཉེན་བར་མའི་འགྲོ་བ་རང་གི་ལོངས་སྤྱོད་བདོག་པའི་དངོས་པོ་དང་བཅས་པ་ཐམས་ཅད་བླ་མ་ལ་ཕུལ་བར་བསམས་ལ། ཀྱཻ་དཔལ་ལྡན་བླ་མ་དམ་པ། བྱམས་པའི་གཉེན་བཤེས་ཐམས་ཅད་དབུལ་བར་བགྱིའོ། །འདོད་ཆགས་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། སྡང་བའི་དགྲ་དང་གདོན་བགེགས་ཐམས་ཅད་དབུལ་བར་བགྱིའོ། །ཞེ་སྡང་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། བར་མའི་འགྲོ་བ་རྣམས་དང་བདོག་པའི་དངོས་པོ་ཐམས་ཅད་དབུལ་པར་བགྱིའོ། །འཛིན་ཆགས་སེར་སྣ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་བླ་མ་དམ་པས་བདག་གིས་བསམ་པ་མཁྱེན་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་གོང་བཞིན་གསོལ་བ་བཏབ། གསུམ་པ་ལུས་དབུལ་བ་ནི། རང་གི་ལག་པ་གཡས་སུ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཅིག་བྱུང༌། དེས་རང་གི་ཐོད་པ་ཕྲལ། མདུན་དུ་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཐོད་པ་བཀལ་བ་སྟོང་གསུམ་གྱི་འཇིག་རྟེན་ཙམ་དུ་གྱུར། ལུས་ལྷག་མ་དུམ་བུར་གཏུབས། ནང་ཁྲོལ་དང་བཅས་པ་ཐམས་ཅད་ཐོད་པའི་ནང་དུ་འཕངས། རང་གི་རྣམ་སྨིན་གྱི་ལུས་ནི་མེད། རླུང་སེམས་ཙམ་ལས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། དེས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས། ཐོད་པའི་ནང་གི་རང་ལུས་ཀྱི་དུམ་བུ་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་དང་པོར་རྩ་བའི་བླ་མ་ལ་འབུལ། དེ་ནས་ཡི་དམ་དང་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་བསྲུང་མ་རིགས་དྲུག་གི་ཚོགས་དང་བཅས་པ་ལ་འབུལ།


TNT06_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འབྲུ་གསུམ་མང་དུ་བརྗོད། ཐམས་ཅད་ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས་པར་བསམ། གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པས་ཐུགས་དང་རང་གི་སེམས་དབྱེར་མེད། ཆོས་ལ་སྐྱབས་སུ་མཆིའོ་ཞེས་པས་གསུང་དང་རང་གི་ངག་དབྱེར་མེད། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་པས་བླ་མའི་སྐུ་དང་རང་གི་ལུས་དབྱེར་མེད། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པས། བླ་མའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་ངང་ལ་མཉམ་པར་བཞག གཉིས་པ་སྤྲོས་མེད་ལ་མཉམ་པར་བཞག་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས། ངག་རླུང་རང་སོར་བཞག སེམས་ནམ་མཁའ་ལ་ཆལ་ཏེ་སྒྱུར། ལས་སོང་བ་འདྲ་གཅིག་ལ་སེམས་དང་རྣམ་རྟོག་དང་ནམ་མཁའ་དབྱེར་མེད་སྟོང་ཉིད་རང་བཞིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་ལ་བཟོ་བཅོས་མེད་པར་ཆམ་མེ་སོ་ཁད་དེ་མཉམ་པར་བཞག དམིགས་སྐོར་གཅིག གལ་ཏེ་རྣམ་རྟོག་གི་སྤུན་ལངས་ན། རབ་ཀྱི་གང་ཤར་དེའི་རང་བཞིན་ལྟ་ཤེས་པར་བྱས་པའི་ངང་ལ་བཟོ་བཅོས་མེད་པའི་ཚུལ་དུ་རང་སོར་བཞག རྣམ་རྟོག་གང་བྱུང་ཡང་དེའི་རང་བཞིན་སྟོང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདུག་པར་དེ་ལ་བཟོ་བཅོས་མེད་པར་སོར་འཇོག་ཏུ་བསྐྱངས། འདི་ཅུང་ཟད་མྱོང་བ་སྐྱེས་ནས་ངོ་སྤྲད་དེ་སྒོམ་པ་ཡིན་གྱི། ཐོག་མར་སྒོམ་ཐུབ་པ་དཀོན་པས། འདིར་དམིགས་པ་སྤོང་མི་དགོས། སྐབས་འདིས་ཚིག་གི་འབྲེལ་ཆགས་པ་ལ་བརྟེན་ནས་བྲིས་པ་ཡིན། འབྲིང་དེ་ལྟར་མངོན་དུ་བྱེད་མི་ནུས་པས། རྣམ་རྟོག་གི་ངོ་བོ་ལ་ཆེར་ཏེ་བལྟས་པས། དེ་ཉིད་རང་ལོག་ལ་སོང་སྟེ། ཤེས་པ་གསལ་སྟོང་དུ་འཆར་བ་དེའི་ངང་ལ་བཞག དམིགས་སྐོོར་གཉིས། དབང་པོ་ཐ་མས་ནི་རྣམ་རྟོག་དེ་ཉིད་ཀྱི་སྐྱེ་འགག་


TNT06_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ལ་བརྟགས་ཏེ། དང་པོར་སྐྱེ་བའི་ཚུལ་ཇི་ལྟ་བུ། གནས་པའི་ཚེ་ཡུལ་དུས་ཁ་དོག་དབྱིབས་ལ་སོགས་པ་ཇི་ལྟར་གནས་ཤེས་པའི་ངོ་བོར་ཡོད་སྙམ་ནའང་ཇི་ལྟར་འདུག འགག་པའི་ཚེ་ཇི་ལྟར་འགག ཅེས་བཙལ་ཞིང་བརྟགས་པས་ཅི་ཡང་མ་རྙེད་པ་དེ་ཁའི་ངང་ལ་རང་བཞིན་གསལ་སྟོང་ངོས་ཟིན་པར་བྱས་ཏེ་མཉམ་པར་བཞག དམིགས་སྐོར་གསུམ་མོ། །དེ་ཡང་སེམས་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས། དེ་ལ་གང་དུ་ཡང་མ་བཅོས་པར་བཞག་ན། རང་བཞིན་སྤྲོས་བྲལ་མངོན་དུ་འགྱུར་ཞིང༌། བློས་བྱས་ཀྱི་བཟང་ངན་ཇི་ལྟར་བཅོས་ཀྱང༌། གདོད་མའི་གནས་ལུགས་རྟོགས་པའི་ཐབས་ལས་ཕྱིན་ཅི་ལོག་ཏུ་འགྲོ་བ་ཡིན་ནོ། །དེའི་ཕྱིར་སྤྲོས་པ་དང་བྲལ་བའི་དབྱིངས་ལ་རང་བབས་སུ་འཇོག་པ་ནི། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ངོ་སྤྲོད་སྐོོར་གཅིག རྟོག་པའི་སྤྲོས་པ་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས། སྟོང་པར་རྟོགས་པ་མེ་ལོང་ཡེ་ཤེས། རང་གི་རིག་པ་སོར་རྟོག་ཡེ་ཤེས། གསལ་ཆ་སྣ་ཚོགས་པར་འཆར་བར་ནུས་པ་བྱ་སྒྲུབ་ཡེ་ཤེས། དེ་རྣམས་དབྱེར་མེད་མཉམ་ཉིད་ཡེ་ཤེས་སོ། །ངོ་སྤྲོད་སྐོོར་གཉིས། ཡང་སྟོང་པ་མི་རྟོག་པ་ཆོས་སྐུ། རིག་པ་ལོངས་སྐུ། གསང་བ་སྤྲུལ་སྐྲུ། དབྱེར་མེད་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུར་ཐག་བཅད། ངོ་སྤྲོད་སྐོར་གསུམ་པའོ། །གོང་དུ་བཤད་པའི་དབང་པོ་རབ་ཀྱི་དམིགས་པ་འདིར་བསྟན་ཏེ། དེ་ཡང་སེམས་ཀྱི་འཆར་སྒོ་ཡུལ་སྣང་དང་རྣམ་རྟོག་གི་རྣམ་འགྱུར་ཅི་ཤར་ཡང༌། དེ་དག་ཐམས་ཅད་རང་བཞིན་གང་གིས་ཀྱང་མ་བསྒྲིབས་པ་ཤིན་ཏུ་གསལ་བ། གནས་དུས་ཁ་དོག་དབྱིབས་སོགས་ངོས་བཟུང་ཐམས་ཅད་དང་བྲལ་བས་སྟོང་པ། རིག་པའི་རྩལ་གང་དུ་ཡང་མ་འགགས་པའི་མཚན་ཉིད་ཅན། རང་གིས་རིག་པའི་ཡེ་ཤེས་སྐད་ཅིག་མའི་ངོ་བོ་རང་ཤར་བ་དེ། རང་ངོ་ཤེས་པའི་ཚུལ་གྱིས་བཟོ་བཅོས་མེད་པར་


TNT06_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་ནི་ལམ་འདིའི་གནད་ཀྱི་སྙིང་པོ་ཡིན་ནོ། །ངོ་སྤྲོད་སྐོར་བཞི་པའོ། །དེ་ལྟར་དམིགས་སྐོོར་གསུམ་ངོ་སྤྲོད་བཞིའི་དོན་བསྒོམ་པ་ཐམས་ཅད་ལ་འཇུག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱའོ། །འདི་དག་ནི་ཡིག་རྙིང་ལྟར་ས་བོན་ཙམ་སྨོས་པ་ཡིན་གྱི་རྒྱས་པར་བླ་མ་མཆོག་གི་ཞལ་ལས་བླང་བར་བྱའོ། །གསུམ་པ་ནི་རྣམ་རྟོག་དྲག་པོས་སེམས་གཙུབས་པའམ། ཉམས་ངའི་རྣམ་པ་ཅི་ཤར་ཡང༌། འདི་ཉིད་ལ་འབད་པས་ངེས་པར་སེལ་ཞིང༌། སྤྲོས་མེད་དངོས་གཞིའི་རྣལ་འབྱོར་གྱི་ཐུན་འཇུག་ཏུ་ཡང༌། ལན་རེ་ངེས་པར་སྒོམ་དགོས་པ་ཡིན་ནོ། །དེ་ཡང་རང་གཤིན་རྗེ་གཤེད་ཀྱི་སྐུ་ཁོང་སྟོང་དུ་གསལ་བཏབ། རྣམ་རྟོག་ཐམས་ཅད་བུ་ག་དགུ་ནས་འཚུབ་མ་ལྟ་བུའི་རྣམ་པས་སུར་གྱིས་བཅུག་ནས་སྙིང་གར་འདུས་པས་འོད་ཀྱི་གོང་བུ་གཅིག་ཏུ་སོང༌། དེ་ཡང་དཀར་ལ་འགྲིལ་བ་གསལ་ལ་འཚེར་བ་མཐེ་བོང་གི་ཚད་ཙམ་གཅིག་ཏུ་གྱུར། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ། གཡས་གཡོན་མདུན་རྒྱབ་སྟེང་འོག་ཐམས་ཅད་དུ་སྐད་ཅིག་ཀྱང་སྡོད་པའི་སྐབས་མེད་པར་ཤུགས་དྲག་པོས་ཡར་འགྲོ་མར་འགྲོ་བྱེད་པར་བསམ། དེ་ནས་སྙིང་དཀར་ནག་གི་མཚམས་ནས་བུ་ག་ཞིག་ཧར་གྱིས་ཕྱེ་ནས། སྐྱེས་བུ་སྟོབས་ཅན་གྱིས་མདའ་འཕངས་པའམ་སྐར་མདའ་འཕོ་བ་ལྟ་བུའི་ཤུགས་ཀྱིས་ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀར་ཡེར་གྱིས་སླེབ་པར་བསམ། དེར་ཅུང་ཞིག་ངལ་གསོ། ལུས་གཤིན་རྗེ་གཤེད་ཀྱི་སྐུ་ཁོང་སྟོང་དེ་ལས་ཀྱི་རླུང་གིས་བརྡས་ཏེ་ནུབ་བདེ་བ་ཅན་གྱི་ཞིང་དུ་སྐད་ཅིག་ཙམ་གྱིས་སླེབ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། རང་སེམས་འོད་ཀྱི་གོང་བུར་གནས་པ་དེ་ནམ་མཁའ་ལ་ཕྱམས་ཀྱིས་ཁྱབ་ནས། དེ་ཀའི་ངང་དེ་ནས་སྤྲོས་པའི་དབྱིངས་ཐམས་ཅད་དང་བྲལ་བ་ལ་སྔར་བཞིན་མཉམ་པར་བཞག་གོ །གསུམ་པ་རྗེས་ལ།


TNT06_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པའི་ཐབས་དང༌། བར་ཆད་བསལ་བའི་ཆོས་གཉིས་ལས། དང་པོ་ལ་དྲུག་སྟེ། བྱིན་རླབས་བླ་མའི་རྣལ་འབྱོར། མཉམ་མེད་སྙིང་རྗེའི་རྣལ་འབྱོར། རྩ་བ་རྒྱུའི་རྣལ་འབྱོར། སྲོག་རྩོལ་རླུང་གི་རྣལ་འབྱོར། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཏེ་དྲུག་ལས། དང་པོ་བྱིན་རླབས་བླ་མའི་རྣལ་འབྱོར་ནི། སྐྱབས་སེམས་སྔོོན་དུ་འགྲོ་བས། རང་ཉིད་གཤིན་རྗེ་གཤེད་དུ་བསྒོམ། སྤྱི་བོར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་བཞུགས་པ་ལ། མོས་གུས་དུང་བ་བྱ་ཞིང༌། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་སྙམ་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་ཆེས་བཀའ་དྲིན་ཆེ་བའི་ཚུལ་བསམས་ཏེ། མོས་གུས་ཀྱི་གདུང་ཤུགས་དྲག་པོ་གཅད་དུ་མེད་པ། སྐད་ཅིག་ཀྱང་མ་ཡེངས་པར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བླ་མ་དམ་པས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། ཞེས་པ་ལ་སོགས་པ་གསོལ་བ་ཅི་ནུས་སུ་བཏབ། མོས་གུས་ཀྱིས་བློ་བསྒྱུར་ནས་ཤེས་པ་དེས་ཆད་པའི་དུས་སུ་བླ་མ་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་མོས་ནས། ལྷོད་ཀྱིས་ཀློད་ལ་བཞག་གོ །ཐུན་མཚམས་ཐམས་ཅད་དུ་ཡང༌། ནམ་དྲན་རེས་ཀྱིས་དེ་ཁོ་ན་བཞིན་དུ་གསོལ་བ་འདེབས། མཚན་མོ་ཉལ་བ་ན། སྤྱི་བོར་བླ་མ་བསྒོམས་ལ། སྔར་བཞིན་གསོལ་བ་བཏབ་པས་བླ་མ་སྤྱི་བོ་ནས་མར་བྱོན། སྙིང་འོད་ཀྱི་གུར་ཁང་དུ་གསལ་བའི་དབུས་སུ་བཞུགས་པ་ལ། མོས་གུས་ཀྱི་གདུང་བ་དང་བཅས་ཏེ་སེམས་བཞག་ནས། དེ་ཁའི་ངང་ལ་གཉིད་དུ་འགྲོ་བར་བྱ་སྟེ། གཉིད་ཀྱི་འོད་གསལ་


TNT06_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་དང་བར་ཆད་བསྲུང་བ་ལ་སོགས་པ་ཕན་ཡོན་མང་པོ་དང་ལྡན་པ་ཡིན་ནོ། །ཉལ་རྣལ་འབྱོར་འདི་དཀྱུས་ན་མེད་ཞལ་གྱི་གདམས་པའོ། །ཉིན་མཚན་ཐུན་ཐུན་མཚམས་གང་ལའང་མོས་གུས་དྲག་པོའི་སྟོབས་ཀྱིས་རྣམ་རྟོག་རགས་པ་འགགས་ནས་སེམས་ལྷན་ནེ་གནས་པའི་དུས་སུ་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡུན་རིང་དུ་བསྐྱང་ངོ༌། །གཉིས་པ་མཉམ་མེད་སྙིང་རྗེའི་རྣལ་འབྱོར་ནི། ལུས་གནད་སོགས་སྤྱོད་ལམ་ཆ་མཉམ། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ་རང་ཉིད་གཤིན་རྗེ་གཤེད་དུ་བསམ། བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་བཏབ། རང་ལ་གནོད་པ་བྱེད་པའི་དགྲ་ལྟ་བུ་ཞིག་མདུན་དུ་དམིགས་ཏེ། དེ་རང་གི་ཚེ་འདི་དངོས་ཀྱི་མ་ལྟ་བུ་རང་གང་བརྩེ་བ་གཅིག་ཏུ་བསམ། ལུས་སེམས་རྩེ་གཅིག་ཏུ་བསྒོམས་ལ། བདག་ལ་གནོད་པ་བྱེད་པ་འདི་སྙིང་རེ་རྗེ། འདི་བདག་གི་དྲིན་ཅན་གྱི་མ་ཡིན་ཤིན་ཏུ་བརྩེ་བས་ཕན་དཔག་ཏུ་མེད་པ་བཏགས་སྙམ་དུ་བྱས་ལ། ངག་ཏུ་ཡང་བདག་ལ་གནོད་པ་བྱེད་པ་འདི་སྙིང་རེ་རྗེ། ཞེས་ལན་བརྒྱའམ་ལྔ་བཅུའམ་ཉེར་གཅིག་ཙམ་བགྲང་ངོ༌། །ཡང་རྒྱུ་མཚན་ཅིས་སྙིང་རྗེ་སྙམ་ན། འདི་སྐྱེ་བ་དཔག་ཏུ་མེད་པར་མ་ཡིན་ལ། མ་བྱས་རེས་ཀྱི་ཕན་དཔག་ཏུ་མེད་པ་བཏགས་པས་སྙིང་རེ་རྗེ་སྙམ་དུ་བསམ་ཞིང༌། ཡང་སྔར་བཞིན་བརྗོད་ལ་བསྒོམ། ཡང་ཅིས་སྙིང་རྗེ་ན། དེ་ལྟར་དྲིན་ཆེ་བ་ཡིན་པ་ལ། ད་ལྟར་སྨྱོན་པ་ལྟར་རང་དབང་མེད་པས། མ་བུའི་འབྲེལ་བ་ཅན་དུ་མ་ཤེས་པར་བདག་བུ་ལ་གནོད་པ་བྱེད་པ་འདི་སྙིང་རེ་རྗེ་སྙམ་དུ་བསན་ཞིང་གོང་བཞིན་ངག་ཏུ་བརྗོད། ཡང་ཅིས་སྙིང་རྗེ་ན། དེ་ལྟར་གནོད་པ་བྱས་པས། ལས་ངན་གྱི་དབང་གིས་དམྱལ་བར་འགྲོ་བ་སྙིང་རེ་རྗེ་སྙམ་དུ་བསམ་ཞིང་སྔར་བཞིན་བརྗོད། དེ་ལྟར་རྒྱུ་མཚན་བསམ་ཞིང་སྙིང་རྗེ་བསྒོམས་ཏེ། རང་དབང་མེད་པར་མཆི་མ་འབྱུང་ཞིང་བ་སྤུ་ལྡང་བ་དང༌།


TNT06_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཟུངས་མི་ཐུབ་པ་ཙམ་བྱུང་བྱུང་གི་བར་དུ་འབད། ཐུན་འཇུག་ཏུ་གནོད་བྱེད་འདིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། སེམས་ཅན་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་པར་ཡང་བསམ། དེ་ལྟར་སྣང་བ་དེ་ཐམས་ཅད་ཀྱང་རང་གི་སེམས་སུ་ཤེས་པར་བྱས་ཏེ། སྔར་བཞིན་སྤྲོས་མེད་ཀྱི་ངང་བསྐྱང་ངོ༌། །གནོད་བྱེད་ཀྱིས་མཚོན་ནས་དགྲ་གཉེན་བར་མ་རྣམས་དང་སེམས་ཅན་ཐམས་ཅད་ལ་རིམ་གྱིས་བསླབ་བོ། །གསུམ་པ་རྩ་བ་རྒྱུའི་རྣལ་འབྱོར་ནི། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཏེ། རྒྱུན་གྱི་ཉམས་ལེན་རྐྱེན་དང་བསྲེ་བ་གཉིས་ལས། དང་པོ་ནི། སྐྱབས་སེམས་དང༌། རང་གཤིན་རྗེ་གཤེད་དུ་གསལ་བ་སྤྱི་བོར་བླ་མ་བསྒོམ་པ་རྣམས་བྱས་ལ། སེམས་ཅན་ཐམས་ཅད་བློའི་ཡུལ་དུ་བསམས་ནས། སྔར་བཞིན་སྙིང་རྗེ་དྲག་ཏུ་བསྒོམ། དེ་རྣམས་ལ་གང་གིས་གནོད་ན། སྡིག་པ་དང་སྡུག་བསྔལ་གྱིས་གནོད། ཅིས་ཕན་ན་བདེ་བ་དང་དགེ་བས་ཕན་པར་ཤེས་ནས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པ་དང༌། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ལ་སྨིན་ཏེ། སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་བསམ་གྱིས་མི་ཁྱབ་པ་དང་ལྡན་ན་ཅི་མ་རུང་སྙམ་པས། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་ངག་ཏུ་བརྗོད། དེ་ཡང་སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན། བདག་ཉིད་ཀྱི་དགེ་བ་དང་བདེ་སྐྱིད་ཐམས་ཅད་སྙིང་ག་ནས་ཕར་ཉི་མ་ཤར་བ་ལྟ་བུའི་འོད་ཟེར་གྱི་རྣམ་པར་སྤྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་པར་བསམ་མོ། །དེ་ཉིད་ཡང་ནས་ཡང་དུ་རྟག་ཏུ་


TNT06_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། རྐྱེན་ཐོག་ཏུ་དབབ་པ། ནད་ཐོག་ཏུ་དབབ་པ། གདོན་ཐོག་ཏུ་དབབ་པ། འདི་གསུམ་ཅར་ལ་ཡང་སྔོན་འགྲོ་སྔ་མ་དང་འདྲ་བ་ལས། དང་པོ་ནི་རྐྱེན་གྱི་སྟོབས་ཀྱིས་ཉོན་མོངས་པ་དང༌། སྡུག་བསྔལ་དང༌། སེམས་སྐྱོ་ཞིང་བློ་མི་ཆགས་པ་དང༌། བྱ་བ་མ་གྲུབ་པ་དང༌། ཡིད་མི་བདེ་བ་ཅི་བྱུང་ཡང༌། དེ་ཁའི་སྟེང་དུ་རིགས་མཐུན་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་ལས་ངན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་བསྡུས་པའི་དམིགས་པ་སྨོན་ལམ་དང་སྦྲགས་ནས་བྱེད་པ་ཡིན་ཏེ། དཔེར་ན། རང་རྒྱུད་ལ་ཞེ་སྡང་སྐྱེས་པའི་ཚེ་སེམས་ཅན་ཞེ་སྡང་ཅན་རྣམས་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་བདག་གི་འདི་ལ་སྨིན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཞེ་སྡང་དང་བྲལ་བར་གྱུར་ཅིག གཞན་ཡང་རྒྱུ་ལས་དང་ཉོན་མོངས་ཇི་སྙེད་ཡོད་པ་ཐམས་ཅད་བདག་གི་ཞེ་སྡང་འདི་ལ་སྨིན་པར་གྱུར་ཅིག བྱེ་བྲག་ཏུ་དམྱལ་བའི་སྡུག་བསྔལ་ནས་བརྩམས་ཏེ་རིགས་དྲུག་གི་སྡུག་བསྔལ་རེ་རེ་ནས་བསམས་ནས། དེ་ཐམས་ཅད་བདག་གི་འདི་ལ་སྨིན་པར་གྱུར་ཅིག ཅེས་ངག་ཏུ་བརྗོད་ཅིང་ཡིད་ལ་དྲག་ཏུ་བསམ། ཐུན་འཇོག་ཁར་ལྷ་སྐུ་དང་སྤྲོས་མེད་ལ་སེམས་མཉམ་པར་འཇོག་པའོ། །དེས་མཚོན་པའི་གཉིས་པ་ནད་ལ་ཡང༌། གང་ན་བ་དེ་ཉིད་ཀྱི་རིགས་མཐུན་པའི་ནད་རྣམས་ཐོག་མར་བདག་གི་དེ་ལ་སྨིན་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡུག་བསྔལ་ཐམས་ཅད་བསྡུ་བའི་དམིགས་པ་སྔར་བཞིན་བྱ། གསུམ་པ་བདག་ལ་གདོན་གྱི་གནོད་པ་ཡོད་ན་ཡང༌། སེམས་ཅན་གདོན་གྱི་གནོད་པ་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྣམས་བདག་གི་འདིའི་སྟེང་དུ་འདུས་པར་གྱུར་ཅིག་སྙམ་དྲག་ཏུ་བསམ་ཞིང་ངག་ཏུ་ཡང་བརྗོད། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡུག་བསྔལ་ཐམས་ཅད་བསྡུ་བའི་དམིགས་པ་ནི་གོང་དང་འདྲའོ། །


TNT06_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་བི་དྷ་ར་རྡོ་རྗེའི་རྣལ་འབྱོར་རམ་སྲོག་རྩོལ་རླུང་གི་རྣལ་འབྱོར་ནི། སྐྱབས་སེམས་ལྷ་བསྒོམ་བླ་མ་དྲན་པ་སྟེ། ཐུན་གྱི་སྔོན་འགྲོ་བཞི་པོ་གོང་བཞིན་བྱས་ལ། ལུས་གནད་སྤྱི་དང་འདྲ། རང་ཉིད་གཤིན་རྗེ་གཤེད་ཀྱི་སྐུ་འཇའ་འོད་ལས་གྲུབ་པ་ཁོང་སྟོང་དར་དམར་གྱི་རྐྱལ་པ་ལྟ་བུ་སྟོང་སང་ངེ་བ་སྒོམ་པ་ཞག་འགའ་བྱེད། དམིགས་སྐོར་གཅིག །དེ་ནས་འཇམ་རླུང་བཟུང་སྟེ་རླུང་རེངས་འདུལ་བ་དང༌། ཡན་ལག་ལྔ་པ་བྱ། དམིགས་སྐོར་གཉིས། དེ་ནས་ཡང་དེ་བཞིན་དུ་བསྒོམས་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ལག་ལེན་བཞིན་ཧཱུཾ་གསུམ་གྱིས་སྟོད་ཀྱི་རླུང་རོ་བསལ། ཧ་གསུམ་གྱིས་སྨད་ཀྱི་རླུང་རོ་བསལ། བགང་བ་ནི། རླུང་སྒྲ་མེད་དུ་བརྔུབས་པས། རླུང་འོད་ཟེར་སྣ་ལྔ་པའི་རྣམ་པས། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཁྲིག་མེར་གྱིས་གང་བར་བསམས་ལ། མི་བདེ་བ་མེད་ཀྱི་བར་དུ་བཟུང༌། མི་བདེ་བ་སྐྱེས་ན་ཕྱིར་གསེང་བ་སྟེ་དམིགས་སྐོར་གསུམ། དེ་ནས་ཞི་བའི་སྦྱོར་བ་ལ་བསླབ་པར་བྱ་སྟེ། གཞན་རྣམས་ཐམས་ཅད་གོང་བཞིན་ལས། རླུང་བཟུང་བས་ཅུང་ཟད་མི་བདེ་བ་སྐྱེས་པ་ན། བཟུང་བ་དེ་ཉིད་མ་ཤོར་བའི་ངང་ནས། སླར་དྲག་ཏུ་རྔུབ་མཐེན་དཀྲུག་བྱ་དམིགས་སྐོར་བཞིའོ། །དེ་ནས་རླུང་སྦྱོར་དེ་ཀའི་ངང་ནས་འཁྲུལ་འཁོར་བཞི་པོ་འདི་ཅི་རིགས་ཞིག་བྱ་སྟེ། དེ་ལ་དང་པོ་སྲུབས་ཤིང་བསྲུབ་པ་ནི། ལག་མཐིལ་གཉིས་པུས་མོ་ལ་བཀབ། ལུས་གཡས་གྱེན་དུ་བཏེག་ལ་ལག་པ་བརླ་སྟེང་ལ་བཤུད་ཅིང་གསང་གནས་སུ་བསྲུབ། རྩ་གཡས་ཀྱི་རླུང་དབུ་མར་སིབ་ཀྱིས་སོང་བར་བསམ། རང་ལུས་གཡོན་གྱེན་དུ་བཏེག་ལ་གསང་གནས་སུ་སྲུབ། རྩ་གཡོན་གྱི་རླུང་དབུ་མར་སིབ་ཀྱིས་སོང་བར་བསམ་པའོ། །དེ་ཡང་དང་པོ་དལ་བུས་བྱ། དེ་ནས་དྲག་ཏུ་བྱེད་པ་ལན་གསུམ་


TNT06_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ་སྟེ། དམིགས་སྐོར་ལྔའོ། །གཉིས་པ་རྒྱ་མཚོ་བསྐྱོད་པ་ནི། བགང་གཞིལ་སྔ་མ་ལྟར་བྱས་ལ། ལག་མཐིལ་གཉིས་པུས་མོ་སོ་སོ་ལ་བཀབ་ལ། འོག་རླུང་བསྐུམ་ལ་གསུས་པ་ཟླུམ་པོ་ལྡིར་གྱིས་བྱས་ཏེ། གཡས་སུ་ལན་གསུམ་འཁོར་ལོ་ལྟར་བསྐོར་ཞིང༌། གཡས་སུ་སྤྲུག དེ་བཞིན་དུ་གཡོན་དུ་བསྐོར་ཞིང༌། གཡོན་དུ་སྤྲུག མ་ཐུབ་ན་དལ་གྱིས་གཏོང་བ་ལན་གསུམ་བྱའོ། །གསུམ་པ་བསད་པ་ནོར་ལྷ་གཉིས་ནི། ཙོག་པུར་བསྡད་ལ། ལག་པ་གཡས་ཀྱིས་གཡོན་པའི་འཁྲིག་མ་ལ་བཟུང་ཙོག་པུའི་པུས་མོ་ལ་འཁྱུད་ལ། རང་བྱུང་གི་སྒོམ་ཐག་བཅིངས་ཏེ། བགང་གཞིལ་སྔར་ལྟར་བྱས་ལ། སྟེང་འོག་གི་རླུང་བཅིངས་ཏེ། དང་པོ་གཡས་སུ་གཅུ་བ་གཉིས། དེ་ནས་གཡོན་དུ་གཅུ་བ་གཉིས་ཏེ་བཞི། གདན་དང་མ་བྲལ་བར་ལུས་ཐམས་ཅད་གཡས་སུ་བསྐོར་བ་གཉིས། གཡོན་དུ་བསྐོར་བ་གཉིས་ཏེ་བརྒྱད་པུས་མོས་ཕར་ཕུལ་རྒུར་ནས་ལྟོ་བ་ནང་དུ་འཐེན་པ་གཉིས། རྐེད་པ་བཀན་པ་ཕྱིར་འཕུལ་བ་གཉིས་ཏེ། བཅུ་གཉིས་གྱེན་དུ་མཐེན་ནས་འཕར་བ་གཉིས། འོག་ཏུ་བརྡབ་པ་གཉིས་ཏེ་བཅུ་དྲུག་གོ །མཐར་རླུང་དལ་བུས་གཏོང་བ་ལན་གསུམ་བྱའོ། །བཞི་པ་ཡན་ལག་བརྐྱང་བསྐུམ་ནི། སྐྱིལ་ཀྲུང་བགང་གཞིལ་སྔར་ལྟར་བྱས་ལ། ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། རོ་སྟོད་ཕྱི་ལ་བཀན། མིག་བགྲད་ལ། ཀོས་ཀོ་བྲང་དང་རྣ་བ་ཕྲག་པ་གཡས་གཡོན་གྱི་སྟེང་དང༌། ལྟག་པ་རོ་སྟོད་ལ་རེག་པའི་མགོ་བོ་གཡས་སུ་ལན་གསུམ་བསྐོར། དེ་ནས་ལག་པ་རྡོ་རྗེ་ཁུ་ཚུར་སོ་སོར་བཅིངས་པ་གཉའ་གོང་དུ་བསྣོལ་བའི་སྟེང་ནས། གཡས་གཡོན་དུ་བསྐོར་ཞིང་ཐད་ཀར་རྒྱང་རྒྱང་འཕང༌། སླར་བསྐུམ་པ་གཉའ་གོང་དུ་བསྣོལ་ནས་ཡང་བརྐྱང་བ་ལན་གསུམ་བྱ་སྟེ། ལག་པ་བརྐྱང་བའི་དུས་སུ་སོར་མོ་ཕྲལ་ལ་བརྐྱང༌། བསྐུམ་པའི་


TNT06_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཁུ་ཚུར་བཅིང་ངོ༌། །དེ་ནས་ལངས་ལ་རྐང་པ་གཉིས་གཤིབས། ལག་གཉིས་རྐེད་པར་བཞག རླུང་བཟུང་ལ་རྐང་པ་གཡས་མདུན་དུ་ལན་གསུམ་བརྐྱང་བསྐུམ་སྤྲུག གཡོན་རྒྱབ་ཏུ་ལན་གསུམ་བརྐྱང་བསྐུམ་སྤྲུག ཡང་གཡས་རྒྱབ་ཏུ་ལན་གསུམ་བརྐྱང་བསྐུམ་སྤྲུག གཡོན་མདུན་དུ་ལན་གསུམ་བརྐྱང་བསྐུམ་སྤྲུག རླུང་དལ་གྱྀས་བཏང་བ་ལན་གཅིག་བྱའོ། །དེ་ཡང་རྐང་པ་བརྐྱངས་དུས་སོར་མོ་རྣམས་བསྐུམ། བསྐུམ་དུ་སོར་མོ་རྣམས་བརྐྱང་ངོ༌། །དེ་ལྟར་སྲུབས་ཤིང་བསྲུབ་པ་ནས་བརྩམས་ཏེ་ལན་བཅུ་ལ་སོགས་པ་བྱ། དེ་ཡང་དང་པོ་ཤུགས་ཆུང་ལ་གྲངས་ཉུང་ལ་དལ་བར་བྱ། གོམས་ནས་གྲངས་མང་ཞིང༌། འཆུན་དང་རྩལ་བསྐྱེད་ལ་གཅིག་རྗེས་ལ་གཅིག་དྲག་ཏུ་བྱ། ཐམས་ཅད་ལ་རླུང་མ་ཐུབ་ན་དལ་གྱིས་བཏང༌། རླུང་རོ་བསལ་ལ་ཤེས་པ་ཀློད་དེ་སྤྲོས་མེད་ཀྱི་སྟེང་དུ་བཞག་གོ །འོན་ཀྱང་འདིར་མན་ངག་ཕྱག་བཞེས་ནི་འདི་བཞི་པོ་ལ་རླུང་ཕྱིར་འཛིན་རེ་དང་ནང་འཛིན་རེ་ཏེ་འཁྲུལ་འཁོར་བརྒྱད་དུ་མཛད་དེ་གནད་ཆེན་པོ་དང་ལྡན་པའོ། །དེ་རྣམས་ཀྱིས་ནི་རླུང་སེམས་དབུ་མར་འཇུག་པ་དང༌། རྩ་མདུད་གྲོལ་བས་དུ་བ་ལ་སོགས་པའི་རྟགས་འབྱུང་ཞིང༌། རིམ་གྱིས་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་རོ། །ལྔ་པ་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་ནི། སློབ་དཔོན་ཉིད་ཀྱིས་གཞུང་ལས། དག་པའི་བཞི་མཉམ་བླངས་བྱས་ཏེ། །གླ་བ་ཡིས་ནི་དུག་མེད་འགྱུར། །གན་ཛི་དང་ནི་ཨ་རུ་ར། །ལྒ་སྐྱ་མར་དང་ལྷན་ཅིག་སྦྱར། །གསང་སྔགས་བཟླ་ཞིང་ཞག་བདུན་སྒྲུབ། །ཅེས་གསུངས་ཏེ། དེ་ཡང་མར་སྲང་བདུན། བུ་རམ་སྲང་བདུན། ལྒ་སྐྱ་ཇི་ལྟར་འོས་པ། སྦྲང་སྲང་གསུམ། ལུག་ཁུར་མ། བ་རུ་ར། ཨ་རུ་ར་གསེར་མདོག མུ་ཟི་སྲང་གང༌། ཤ་དང་སྔོ་རྔད་ལ་སོགས་པ་མ་ཟོས་པའི་བཞི་མཉམ་བསགས་པ་ལན་གསུམ་དུ་བཏོན་ནས་རྡོ་ལེབ་གཙང་མའི་ཁར་


TNT06_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བརྡལ་ལ། བསྐམས་པ་དང་ཞིབ་ཏུ་བཏགས་པ། སྦྲང་བུ་རམ་སོགས་མངར་གསུམ་གྱིས་མགོ་བསྡུས་ནས། རིལ་བུ་ཤ་བའི་རིལ་མ་ཙམ་བྱས་ལ། རྐྱལ་པ་སྲུབ་མེད་པར་བླུགས་ཏེ། ས་ལ་མ་རེག་པར་མདུན་གྱི་ནམ་མཁའ་ལ་དཔྱངས་ཏེ་བཞག རང་སྨྲ་བ་བཅད་ལ་ཡི་གེ་འབྲུ་གསུམ་གྱི་སྒྲུབ་པ་ཞག་བདུན་བྱའོ། །སྔ་དྲོའི་ཆ་ལ་བདུན་བདུན་བསྟེན། བཅུད་ལེན་གྱི་བསླབ་བྱ་ལ་གནས་པས་དམིགས་པ་གསལ་ཁམས་རྒྱས་སྤྲོས་མེད་ཀྱི་ཏིང་ངེ་འཛིན་སྐྱེའོ། །དུག་འདོན་པ་ནི། རྫའམ་རྡོའི་སྣོད་གཙང་མར་བཞི་མཉམ་གྱི་ཕྱེ་མ་ལ་དྲི་ཆུ་དྲོན་མོ་བླུག་ནས་ལེགས་པར་བསྣུར་བ་དྭངས་སུ་གཞུག དེ་ནས་ཁུ་བ་བཞུར་ལ་དབོ། ཡང་དྲི་ཆུ་བར་བ་བླུག་ཅིང་དྭངས་པ་དབོ། དེ་འདྲ་བ་ལན་གསུམ་བྱས་པས་དུག་བཏོན་ལ། དེ་ནས་བསྐམ་མོ་གསུང༌། དྲུག་པ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ནི། རྣམ་པ་གཉིས་ཏེ་རང་ལུས་ཐབས་ལྡན་དང༌། གཞན་ལུས་ཤེས་རབ་བོ། །དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་ཡང་གཏུམ་མོའི་རྣལ་འབྱོར་དང༌། ཐིག་ལེའི་རྣལ་འབྱོར་རོ། །དང་པོ་ནི། སྔོན་འགྲོ་རྣམས་གོང་བཞིན་བྱས་ལ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན། ཡར་སྣ་སྤྱི་བོ་དང༌། མར་སྣ་ལྟེ་བར་ཟུག་པ། མས་སྣར་གཏུམ་མོའི་མེ་འབར་བ། མེ་ལྕེ་རྩེ་མོ་སོར་བཞི་ཚུན་ཆད་དབུ་མའི་ནང་དུ་འབར་ཞིང༌། མེ་ལྕེའི་ལག་རྣམས་ཕྱི་ལ་ཡང་ལྷག་ལྷག་ཡོད་པ། སྙུག་འདོམ་གྱི་བཅད་ཁ་ལ་མེ་སྦར་ནས་ཁ་ཐུར་དུ་བསྟན་པ་ལྟ་བུ་ཞིག་བསྒོམས་ལ། རླུང་བུམ་པ་ཅན་གྱི་སྦྱོར་བ་ལྟེ་བར་ཁ་སྦྱོར་དུ་བཟུང་བས། རླུང་རྣམས་ལྟེ་བའི་མེ་ལ་ཐིམ་པར་བསམ། དམིགས་པ་མེ་ལྕེ་ལ་རྩེ་གཅིག་ཏུ་གཏད་ན་མེ་ལྕེ་ཅུང་ཟད་གཡོ་བའི་རྐྱེན་གྱིས་བདེ་བ་སྐྱེས་པར་བསམ། དབང་གི་ཡེ་ཤེས་ཀྱི་ཉམས་མྱོང་ཡོད་ན་དྲན་པར་བྱས་ལ་མཉམ་པར་བཞག དེ་ལྟར་རླུང་


TNT06_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཐེངས་འགའི་བར་དུ་དམིགས་པ་ཤིན་ཏུ་འཇུར་བར་བྱས་ཏེ། དེའི་ཉམས་མྱོང་དང་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་བསྲེས་ལ་མཉམ་པར་བཞག དེ་ལྟར་ཡང་ཡང་བསྒོམ། གཉིས་པ་ནི། སྔོོན་འགྲོ་སོགས་འདྲ་བ་ལ། དབུ་མའི་ཡས་སྣ་སྤྱི་བོས་སླར་མདུན་ཕྱོགས་ན་ཕར་འཁྱོགས་ཏེ་སྨིན་མཚམས་སུ་ཟུག་པ། མས་སྣ་གསང་གནས་སུ་སླེབ་ཅིང་ནོར་བུའི་རྩེ་མོའི་བར་འཁྱོགས་པ་ཞིག་གསལ་བཏབ་ནས། སྔར་བཞིན་རླུང་རོ་བསལ་ལ། རླུང་ནང་དུ་རྔུབས་ཏེ། གསང་བའི་བར་དུ་རླུང་དམག་དྲག་ཏུ་མནན། ཡང་ཡར་འཐེན་ཏེ། སྟོད་དུ་དྲངས། སླར་ལྟེ་བ་ཁ་སྦྱོར་ཕྱིར་དྲག་ཏུ་བསྐྱེད་པ་ལ་རིང་དུ་བསླབ། ཡང་དེ་གོ་ཟློག་ཕྱིར་བཟུང་བ་ལ་ཡང་བསླབ་བོ། །དམིགས་པ་ནི། རླུང་འོད་ཟེར་སྣ་ལྔའི་རྣམ་པར་སྣ་སྒོ་ནས་ཡར་སོང༌། སྨིན་མཚམས་ནས་དབུ་མའི་ནང་དུ་ཞུགས། སྤྱི་བོ་ནས་ལིང་གའི་རྩེ་མོའི་བར་དུ་འོད་ཟེར་སྣ་ལྔ་དུ་བ་ལྟར་ཁྱུ་ལུ་ལུ་དབུ་མའི་ནང་ནས་འགྲོ་བ་དང༌། ནོར་བུ་འཁྱིལ་བ་འཇའ་འོད་ཀྱི་ཐིག་ལེ་ལྟ་བུ་ལ་སེམས་གཏད། ཡང་སྟེང་དུ་སྤོས་དུད་ལྟར་འགྲོ་བར་བསམ་མོ། །གཉིས་པ་དངོས་གཞི་ནི་ལོགས་སུ་གསལ་ལ་བླ་མའི་ཞལ་ལས་ཀྱང་བླང་བར་བྱའོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ཚིག་འབྱེད་ནས་ཁ་འགེངས་པ་ནི་རང་ལུགས་སུ་མི་འགྲོ་ལ། ཤར་བའི་རྨི་ལམ་མ་ཡིན་ཟེར་བ་དེ་ལ་ནི་སྙིང་པོ་ཅི་ཡང་མི་སྣང་ངོ༌།། །།གཉིས་པ་གཞན་ལུས་ཤེས་རབ་ནི་རྣལ་འབྱོར་བཞི་རིམ་དང་འདྲའོ། །གཉིས་པ་བར་ཆད་བསལ་བའི་ཆོས་ལ། བར་ཆད་ཀྱི་རྒྱུ་ནི་བདག་འཛིན་ཉོན་མོངས་ལས་དང་བཅས་པའོ། །རྐྱེན་ནི་གནས་དང་གྲོགས་ངན་པ་དང༌། ཚེ་འདིའི་བྱ་བ་སྣ་ཚོགས་པ་ལ་ཞེན་པ་དང༌། ཆོས་བརྒྱད་ཀྱི་རྣམ་པར་རྟོགས་པས་ཁྱེར་བ་དང༌། བག་མེད་པའི་སྤྱོད་པ་སོགས་སྣ་ཚོགས་ཀྱིས་བར་ཆད་སྔོན་དུ་འགྱུར་བའོ། །ངོ་བོ་ནི་ན་ཚ་སྡུག་བསྔལ་དང་ཆོས་མིན་གྱི་རྣམ་པར་རྟོག་པ་


TNT06_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྷོངས་སྣ་ཚོགས་དང་བཅས་པ་འབྱུང་བའོ། །སེལ་བའི་ཐབས་ནི། ནད་གདོན་སྡུག་བསྔལ་ཉོན་མོངས་ཐམས་ཅད་རང་སེམས་སུ་ཤེས་ནས་བླ་མའི་མན་ངག་གིས་བློ་ཐག་བཅད་པའོ། །སེལ་བའི་ཚད་བར་ཆད་དེ་དག་རྩ་བ་ནས་བཟློག་ཅིང་ཞི་བའམ། འཕྲལ་ཉིད་དུ་མ་ཞི་ཡང༌། དེ་རྣམས་ཏིང་ངེ་འཛིན་གྲོགས་སུ་འགྲོ་ཞིང༌། གནས་ལ་བག་ཕེབས་པ་དང༌། ཁོང་བློ་བདེ་བར་འགྱུར་བའོ། །བར་ཆད་བསལ་བའི་མན་ངག་ལ་མོས་གུས་ལ་བརྟེན་པ་དང༌། རང་ལུས་སྦྱིན་པ་དང༌། སྤྲོས་མེད་ཉིད་ལ་བརྟེན་པ་དང༌། རྟེན་བརྟེན་པ་སོ་སོར་འབྱེད་པ་དང༌། རྣམ་རྟོག་དབྱིངས་སུ་གཅོད་པ་ལ་བརྟེན་ནས་བར་ཆད་བསལ་བ་སྟེ་ལྔ་དང༌། བརྟན་པ་ཅུང་ཟད་ཐོབ་པའི་བསྒོམ་པ་སྟེ་དྲུག་ལས། དང་པོ་ནི་སྐྱབས་སེམས་སྔོན་དུ་བཏང་ལ། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་གནོད་བྱེད་ཡོད་ན། དེ་ཉིད་ལ་སྒོས་སུ་སྙིང་རྗེ་དྲག་ཏུ་བསྒོམ། འདི་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པ་དང༌། འདི་ཀུན་འཁོར་བ་ལས་ཐར་བ་གཅིག་བླ་མ་དཀོན་མཆོག་མཁྱེན་ཞེས་བློས་ལིང་གིས་བཀལ་ལ་བཞག རང་གི་སྤྱི་བོར་རྩ་བའི་བླ་མ་སྐུ་དངོས་ཀྱི་རྣམ་པ་ཉིད་དམ། རྡོ་རྗེ་འཆང་ངམ། གཤིན་རྗེ་གཤེད་དམར་གྱི་རྣམ་པ་གང་དུ་བསྒོམ་ཀྱང་རུང༌། དེ་ལ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་བསྟིམ། མོས་གུས་དྲག་པོས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་བར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་སྐྱབས་སུ་མཆིའོ། །བར་ཆད་འདི་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཅི་ནུས་བཏབ། བླ་མ་རང་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་


TNT06_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྲོས་མེད་ཀྱི་ངང་བསྐྱངས་ཤིང་མཉམ་པར་བཞག གཉིས་པ་ནི། གདོན་ལ་སོགས་པའི་རྣམ་རྟོག་གི་སྤུན་ལངས་པའི་ཚེ། རྟོག་པ་གཞན་གྱིས་བར་མ་ཆོད་པར་ལག་པ་གཡས་སུ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་བྱུང་སྟེ། རང་གི་ལུས་ལ་གཅེས་པར་འཛིན་པ་སྙེམས་འཁྲིགས་རྡུལ་ཙམ་ཡང་མེད་པར་དུམ་བུར་གཏུབས། ཤ་ཁྲག་གི་ཚོགས་ནམ་མཁའ་ཁེངས་པ་ཙམ་དུ་གྱུར། ནམ་མཁར་བླ་མ་དང་ཡི་དམ་གྱི་ཚོགས་སྤྱན་དྲངས། རང་ལུས་ཀྱི་ཤ་ཁྲག་གི་ཕུད་བདུད་རྩིར་བསྒྱུར་ནས་ཕུལ་བར་བསམ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། གནོད་བྱེད་རྣམས་ཀྱིས་གཙོ་བྱས་པའི་སྣང་སྲིད་ལྷ་འདྲེ་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ལ་སོགས་པའི་སྲིད་པ་གསུམ་གྱི་མགྲོན་ཐམས་ཅད་སྤྱན་དྲངས། ཇི་ལྟར་འདོད་པ་བཞིན་དུ་ཤ་ཁྲག་གི་ཚོགས་རྣམས་ཟོས་འཐུངས་པས། ཟག་མེད་ཀྱི་བདེ་བས་ཚིམ་ཞིང་དགྱེས་པར་བསམ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། བདག་དང་གནོད་བྱེད་དང་སྟོན་མོ་ཐམས་ཅད་མི་དམིགས་པར་དབྱིངས་སུ་མཉམ་པར་བཞག གསུམ་པ་ནི། སྔོན་འགྲོ་སྔ་མ་ལྟར་བྱས་ལ། ལྷའི་ང་རྒྱལ་ལ་གནས་པས་ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱས་ཤིང༌། བར་ཆད་རྣམས་སྔར་གྱི་ཐབས་དྲུག་སོགས་ཀྱིས་བསལ་བར་བྱ་སྟེ། རྣམ་རྟོག་ཤས་ཆེ་ན་རྣམ་རྟོག་འོད་གསལ། མོས་གུས་ཆུང་ན་བྱིན་རླབས་བླ་མའི་རྣལ་འབྱོར། ཞེ་སྡང་ཆེས་ན་མཉམ་མེད་སྙིང་རྗེའི་རྣལ་འབྱོར། བདག་འཛིན་ཆེས་ན་རྩ་བ་རྒྱུའི་རྣལ་འབྱོར། འབྱུང་བ་འཁྲུགས་ན་སྲོག་རྩོལ་རླུང་གི་རྣལ་འབྱོར། ལུས་ཟུངས་ངན་ན་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར། འདོད་ཆགས་ཤས་ཆེ་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་རྣམས་གཉེན་པོར་བཏང་ཞིང༌། མཐར་སྤྲོས་མེད་ཉིད་ཀྱི་དབྱིངས་སུ་


TNT06_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ་བར་བྱའོ། །དེ་རྣམས་ཀྱིས་ཀྱང་མ་སེལ་ན། རིག་པ་ཧུར་ཕྱུང་ཞིང༌། དཔངས་བཏོད་ལ་ངར་བཏོན། ནད་གདོན་ཉོན་མོངས་རྣམ་རྟོག་ལ་སོགས་གང་མ་སེལ་བ་དེའི་སྟེང་དུ་དབྱིངས་རིག་བསྲེས་ནས་གང་ཤར་དེ་ལ་གཅེར་ཕོག་ཏུ་ངོ་བཟུང་ལ་སྤྲོས་མེད་ཀྱི་ཡེ་ཤེས་ཀྱི་ངང་དུ་ཡང་དང་ཡང་དུ་མཉམ་པར་བཞག་གོ །བཞི་པ་ནི། སྔོོན་འགྲོ་སྔར་ལྟར་ལས། གང་བར་ཆད་དུ་སྣང་བའི་རྣམ་རྟོག་དེ་བུ་ག་དགུ་ནས་སུར་གྱིས་བཅུག་པར་བསམ་པ་སོགས་རྣམ་རྟོག་འོད་གསལ་ལྟར་བསྒོམ་ནས་དབྱིངས་སུ་བསྐྱངས། འཇིགས་པ་དང་ཞུམ་པ་དང༌། སྐྱུག་བྲོ་བ་ལ་སོགས་པ་རྣམ་རྟོག་གི་ཡུལ་གང་ཡིན་པ་དེ་ཐམས་ཅད་རང་སེམས་སུ་ཐག་བཅད་ལ་མཉམ་པར་བཞག ཡང་གནོད་བྱེད་སེམས་ཅན་ཡོད་ན་སྐྱབས་སེམས་སྔོན་དུ་བཏང་ལ། རང་སེམས་སྙིང་གི་དཀྱིལ་འཁོར་དུ་འོད་མར་མེའི་རྩེ་མོ་ལྟར་ཡོད་པ་དེ་སྙིང་གི་ཐད་ནས་བུ་ག་ཕྱེ་ནས་དགྲའམ་བགེགས་ལ་སོགས་པ་གང་ཡིན་དེའི་སྙིང་གི་དཀྱིལ་འཁོར་དུ་སྔར་མདའ་འཕངས་པ་ལྟར་སོང་ནས། དེ་དང་རང་སེམས་དབྱེར་མེད་དུ་བསྲེས། དེ་ཡང་ནམ་མཁའ་ལ་ཡལ་ཏེ་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག ལྔ་པ་ནི། སྔོན་འགྲོ་སྔར་ལྟར་ལས་སེམས་སྐད་ཅིག་ཀྱང་མ་གཡེངས་པར་བྱས་ལ་བར་ཆད་དུ་སྣང་བའི་རྣམ་རྟོག་དེ་ཉིད་ལ་སེམས་གཏད་པས་དེར་འཛིན་གཏད་ཡལ་དུ་སོང་བའི་ངང་ལ་སྤྲོས་མེད་ཀྱི་ཡེ་ཤེས་སྔར་བཞིན་བསྐྱངས། གཞན་ཡང་རྣམ་རྟོག་གང་ཤར་དེ་ཉིད་ལ་སོར་འཇོག་ཏུ་བསྐྱངས་པས། རྣམ་རྟོག་དེ་ཉིད་ཡེ་ཤེས་སུ་གནས་འགྱུར་ཏེ། ང་ཉིད་གཉིས་མེད་ཀྱི་ཡེ་ཤེས་ཡིན་ན་ཁྱོད་སྐྱོན་དུ་ལྟའམ་ཞེས་རྣམ་རྟོག་དེ་ཉིད་ཀྱི་རང་ལ་ངོ་སྤྲད་པ་ལྟར་འགྱུར་རོ། །ཡང་ཁ་ཅིག་གོང་དུ་བསྟན་པའི་གནོད་བྱེད་ལ་སོགས་པ་སེམས་ཅན་ལ་སྙིང་རྗེ་སྒོམ་


TNT06_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་དམིགས་ཐུན་ལོགས་སུ་བསྐྱངས་ནས་སྐབས་འདིར་ལས་དང་པོ་པའི་སྐབས་ཉིད་ལ་ཆོས་ཚན་དྲུག་ཏུ་འཆད་པའི་ལུགས་ཀྱང་ཡོད་མོད་ཀྱི། བླ་མ་དམ་པའི་མན་ངག་གིས་སྙིང་རྗེ་བསྒོམ་པ་དེ་གཞན་ལྔ་ཅར་གྱི་སྔོན་འགྲོར་གཏོང་བ་འདི། གློ་བོ་ལོ་ཙཱ་བ་ཆེན་པོའི་གཏོང་ཐུན་གྱི་དགོངས་པ་ཡང་ཐུན་མོང་མ་ཡིན་པའོ། །དྲུག་པ་ནི། དེ་རྣམས་ལ་མྱོང་བ་ཐོན་ཅིང་ཅུང་ཟད་བརྟན་པ་ཐོབ་ནས། འཇིག་རྟེན་དང་མཐུན་པའི་རྣམ་གཞག་ལེགས་ཉེས་སྣ་ཚོགས་སུ་འཛིན་པ་སྐད་སྐད་པོ་འདི་ཧྲུལ་པོར་བཤིག་ནས་སྨྱོན་པའི་སྤྱོད་པས། འདྲེ་དང་གནོད་སྦྱིན་དང་སྲིན་པོ་གནས་པའི་ས་ལ་སོགས་པ། གནས་ངེས་མེད་དུ་དུས་ཀྱང་ངེས་པ་མེད་པར་སྤྱོད་ལམ་སྣ་ཚོགས་པས་རྒྱུས་པ་ན། བདེ་སྡུག་ཉམས་མཐོ་དམན་སྣ་ཚོགས་དང༌། ལུས་ངག་སེམས་ཀྱི་འགྱུར་བ་ཅི་ཡང་ཞིག་འབྱུང་སྟེ། དེ་ཐམས་ཅད་སྔར་གྱི་ཐབས་དེ་དག་ལ་བརྟེན་ནས་དབྱིངས་སུ་བཅད་ཅིང་བསྐྲལ་བས། སྤྲོས་མེད་ཀྱི་ཡེ་ཤེས་མཐར་ཕྱིན་པར་འགྱུར་རོ། །ལར་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་བཤིག་ཅིང་བདག་འཛིན་རྩ་བ་ནས་ཆོད་པ་ཞིག་དགོས་སོ། །དེ་ཐམས་ཅད་བློ་ཡུལ་དུ་གོ་བ་གཅིག་པུས་མི་ཕན་པས། རྩེ་གཅིག་ཏུ་འབད་པ་ཆེན་པོས་རྒྱུད་ཐོག་ཏུ་སྦྱར་ནས་ཉམས་སུ་ལེན་པ་ལ་ཐུན་དང་ཐུན་མཚམས་མེད་ཅིང་སྣང་བ་ཐམས་ཅད་ལ་བསྲེ་ཞིང་བསྒོམས་ན། འཕྲལ་དུ་མངོན་དུ་བྱེད་པ་ཡིན་ནོ། །རྡོ་རྗེའི་ཚིག་རྐང་ལས། ཤིན་དུ་སྤྲོས་མེད་བླ་མའི་གསུང༌། །བློ་ཡི་ཡུལ་དུ་གོ་ན་ཡང༌། །སྤྲོས་བཅས་རྩུབ་མོས་བསྐྱོད་པའི་ཚེ། །བློ་ལ་སྤྲོས་མེད་ཀྱིས་མ་རེག །བློ་ནི་ཕལ་པར་བརྟན་པར་གནས། །དེ་ཚེ་སྤྲོས་པ་སྤྲོད་མེད་དུ། །རོ་གཅིག་མཉམ་པ་ཉིད་དུ་ཐིམ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དམིགས་པ་སྒོམ་ཚུལ་དམིགས་ཕྱེད་པར་བྱས་


TNT06_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ལ། ཉམས་ལེན་ཕྱག་བཞེས་གོ་རྒྱུ་རྣམས་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གཏོང་ཐུན་དུ་ཤེས་པར་བྱའོ།། །།འདིར་སྨྲས་པ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །ཟབ་མོའི་མཐར་ཐུག་སྤྲོས་པ་མེད་པའི་ལམ། །གྲུབ་པའི་མཐར་ཐུག་བིར་ཝ་པ་ཡི་གཞུང༌། །མན་ངག་མཐར་ཐུག་བླ་མའི་གསུངས་བཞིན་བཀོད། །ཀུན་རྫོབ་གཞན་འཁྲུལ་དཔུང་བཅས་རྣམ་པར་བཅོམ། །བདག་འཛིན་གཤིན་རྗེའི་གཤེད་གྱུར་བགེགས་ཀྱི་དགྲ། །འཁོར་ལོའི་དབང་ཕྱུག་གང་དེའི་རྒྱལ་སྲིད་ལ། །མངོན་འདོད་ལྡན་པ་གང་དག་འདིར་ཞུགས་ཤིག །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ལ་དགེ་བའི་བཤེས་གཉེན་མཁྱེན་རབ་པ་དང༌། གཞན་ཡང་རྣལ་འབྱོར་ལྷུར་བྱེད་པ་མང་པོས་ཉེ་བར་བསྐུལ་ནས་རང་ལོ་ཉེར་བདུན་པ་མཆུའི་ཟླ་བ་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའོ།། །།དགེ་ལེགས་འཕེལ།