བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཚོགས་མཆོད་ཆེན་པོའི་བདུད་རྩིའི་ཐིག་པ།


TNT06_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཚོགས་མཆོད་ཆེན་པོའི་བདུད་རྩིའི་ཐིག་པ་ཞེས་བྱ་བ་བཞུགས་སོ།


TNT06_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཚོགས་མཆོད་ནི། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་བར་རང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ། ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨ་ལི་ཀཱའི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ན་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མོ་ཐབས་དང་སོགས་གོང་བཞིན་སྦྱར། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་ཎ་སོགས། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་བསྲུང་མ་སོགས། དམ་ཚིག་


TNT06_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་སོགས། མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་འདྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀཱི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ། །སྟུག་པོ་ཞིང་ཁམས་འཇིགས་བྱེད་པ། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྡོ་རྗེ་འཇིགས་བྱེད་བཅོམ་ལྡན་འདས། །ཞེ་སྡང་རྡོ་རྗེ་མི་བསྐྱོད་པ། །རྣམ་འཕྲུལ་མཁའ་ལ་སོགས། མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པའི་བདེ་སྟོང་མཁའ་སྤྱོད་གནས། །འཇམ་པའི་རྡོ་རྗེའི་བདེ་བསྐྱེད་ཡུམ། །རྡོ་རྗེ་རོ་ལངས་མཁའ་འགྲོའི་གཙོ། །རྣམ་འཕྲུལ་༴ འཕྲིན་ལས་རྣམ་བཞི་སྒྲུབ་པའི་གནས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ནས། །གཤིན་རྗེ་གཤེད་པོའི་བཀའ་ཉན་མཆོག །ཕྱོགས་སྐྱོང་གཤིན་རྗེ་མ་མོ་བཅས། །རྣམ་འཕྲུལ་༴ བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །ཆོས་སྐྱོང་བསྲུང་མ་འཁོར་བཅས་ཀྱི། །རྣམ་འཕྲུལ་༴ ཇབླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུར་རུ་རུ། །རྒྱན་ཆ་མང་པོ་ཁྲལ་ལ་ལ། །རོལ་མོ་


TNT06_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོའི་ཁྲིལ་ལི་ལི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་བ་ཌཱ་ཀཱི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ། འདིར་ནི་ཆོས་རྣམས་བཟང་པོར་བལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མཧཱ་སུ་ཁཾ། བདེར་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མཧཱ་སུ་ཁཾ། དེ་ནས་ཚོགས་ཕུད་བཅད་ལ། ཞལ་ཟས་རོ་བརྒྱ་སོགས་དང༌། སྔགས་གསུམ་ཀའམ་སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཕཊ་སྭཱཧཱ། ཞེས་པ་ལན་ལྔ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་སོགས་ལན་གསུམ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿཕེཾ་སོགས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ། ཨོཾ་མཆོད་དོ། དམན་པའི་གཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་གསལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས


TNT06_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

་གྱུར་ཅིག །ཅེས་ཚོགས་ཕུད་ཕུལ། [རང་བཞིན་འོད་གསལ་སོགས། ]དེ་ནས་ཚོགས་ལ་རོལ། མཐར་ཚོགས་ལྷག་བསྡུས་ཏེ། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨ་ཀཱ་རོ་སོགས་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་བོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལྟ་བ་ལ་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་ཨུ་ཙི་ཊ་བ་ལིང་ཏ་བྷཀྵ་སི་སྭཱཧཱ། ཞེས་རོལ་མོའི་སྒྲ་དང་བཅས་པ་གཏོར་མ་ཕྱིར་དོར་རོ། །དེ་ནས་སྨོན་ལམ་དང་བཀྲ་ཤིས་པའོ། །ཞེས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ། །སརྦ་མངྒ་ལཾ། །བཀྲ་ཤིས། །ལུས་འདི་ཀ་ལ་པ་རུ་མ་སླེབ་ཀྱང༌། །དད་པའི་སེམས་ལ་རིགས་ལྡན་ཞུགས་སམ་ཅི། །ཤེས་རབ་གསུམ་ལ་བློ་གྲོས་སྦྱང་མིན་ཡང༌། །ལྷུན་པོ་བཞེངས་ལས་རྒྱ་མཚོ་རྡོལ་བ་སྙམ། །ཞེས་གསུངས་སོ། །འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ།། །།


TNT06_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།