Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས། next

བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས།


TNT06_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས་ཞེས་བྱ་བ་བཞུགས།


TNT06_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རང་བཞིན་འོད་གསལ་ཆོས་དབྱིངས་སྤྲོས་བྲལ་ལས། །དཀྱིལ་འཁོར་ལྷན་ཅིག་སྐྱེས་པ་བདེ་ཆེན་སྐུ། །གང་ལ་གང་འདུལ་ཐབས་ཀྱི་འཕྲིན་ལ་ཅན། །བླ་མ་སངས་རྒྱས་སྲས་བཅས་ཀུན་ལ་འདུད། །ལག་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང༌། །བདུད་བཞིའི་སྟོབས་འཕྲོག་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཤེས་རབ་རང་བཞིན་རྡོ་རྗེ་མཁའ་འགྲོ་མར། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ལ་ལི་ཏ། །འཇའ་ལུས་རྡོ་རྗེའི་སྐུར་གཤེགས་ཨ་མོ་གྷ། །དངོས་གྲུབ་བརྒྱུད་བརྙེས་ཡེ་ཤེས་འབྱུང་གནས་ཞབས། །ཕྱག་འཚལ་སོགས་གོང་བཞིན། འཇིགས་མཛད་ཞལ་གཟིགས་པདྨ་བཛྲ་དང༌། །མཐུ་སྟོབས་ཐོགས་མེད་མེ་ཙ་ལིང་བའི་ཞབས། །འཇམ་དཔལ་ཁྲོ་བོ་དངོས་བྱོན་རྡོ་རྗེ་གྲགས། །ཕྱག་འཚལ༴ སྒྲ་བསྒྱུར་མཁས་པའི་དབང་ཕྱུག་ཆོས་རབ་དང༌། །གསང་སྔགས་རྒྱུད་སྡེའི་བདག་པོ་ཡེ་ཤེས་སེང༌། །འཕྲིན་ལས་གཟི་འོད་རྒྱས་པའི་འབུམ་སེང་ལ། །ཕྱག་འཚལ༴ རྣམ་པར་རྒྱལ་བའི་


TNT06_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གྲུབ་པའི་ཕུལ། །སྔགས་རིག་རིན་ཆེན་རྒྱལ་མཚན་མཁར་སྔོན་པ། །སྤྲོས་བྲལ་དོན་གཟིགས་རྭ་བན་ཆོས་དབྱིངས་ཞབས། །ཕྱག་འཚལ༴ ཟབ་དོན་རྒྱུད་འཛིན་བརྩོན་འགྲུས་སེང་གེའི་མཚན། །ཆོས་ཀྱི་བཀྲ་ཤིས་ནུས་མཐུ་མངོན་གྱུར་ཅན། །སྙན་བརྒྱུད་གདམས་པའི་མངའ་བདག་ཤེར་སེང་བ། །ཕྱག་འཚལ༴ ཀུན་དགའ་སེང་གེ་མཁྱེན་རྟོགས་བྱིན་རླབས་གཏེར། །ཆོས་ཀྱི་སེང་གེ་མངོན་སྤྱོད་ནུས་མཐུའི་བདག །དམ་པའི་རྗེས་བཟུང་འཇམ་དབྱངས་བློ་གྲོས་ཞབས། །ཕྱག་འཚལ༴ བྱིན་རླབས་བརྒྱུད་ལྡན་བློ་གྲོས་རྒྱ་མཚོ་དང༌། །སྦས་པའི་རྣལ་འབྱོར་ཚུལ་ཁྲིམས་རྣམ་རྒྱལ་ཞབས། །གཟུང་འཛིན་འཁྲུལ་བ་ལས་གྲོལ་དོན་གྲུབ་ལེགས། །ཕྱག་འཚལ༴ དུས་གསུམ་སངས་རྒྱས་སློབ་དཔོན་ཚུལ་སྟོན་པ། །སྐྱབས་གནས་མ་ལུས་འདུས་པ་རྡོ་རྗེ་འཆང༌། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད་པ་ཡི། །གཤིན་རྗེ་གཤེད་དངོས་རྩ་བའི་བླ་མ་ལ། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདི་ནི་ཐུན་མོང་མ་ཡིན་པའི་དབང་དང་མན་ངག་གི་བརྒྱུད་པའོ། །ཡང་འབུམ་སེང་གི་རྗེས་ལ། ཀློག་སྐྱའི་རིགས་འཁྲུངས་མཁས་པ་དབང་ཕྱུག་གྲགས། །རྡོ་རྗེ་འཛིན་དབང་ལྡོངས་སྟོན་ཤེས་རབ་དཔལ། །འཕགས་པའི་མཚན་འཆང་ཆོས་ཀྱི་རྒྱལ་པོ་ལ། །ཕྱག་འཚལ༴ མཁས་བཙུན་དམ་པར་གྲགས་པའི་རིན་རྒྱལ་བ། །ལྷག་པའི་ལྷ་ཡིས་རྗེས་བཟུང་དཀོན་རྒྱལ་བ། །མང་


TNT06_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་མཐར་གསོན་བག་སྟོན་གཞོན་ནུ་བ། །ཕྱག་འཚལ༴ སྡོམ་བརྩོན་སྔགས་རིག་ཚུལ་ཁྲིམས་རྒྱལ་མཚན་དང༌། །བློ་གྲོས་མཆོག་གྱུར་འཇམ་དབྱངས་རལ་གྲིའི་མཚན། །འཛམ་གླིང་ཉི་མ་མ་གཤིན་ལས་ལ་འཁོལ། །ཕྱག་འཚལ༴ རིག་གནས་ཀུན་བྱང་བློ་བརྟན་བཞི་པ་དང༌། །མཁྱེན་པའི་དབང་ཕྱུག་ཤཱཀྱ་མཆོག་ལྡན་ཞབས། །བྱམས་གླིང་མཁས་པ་དཔལ་ལྡན་ཚུལ་ཁྲིམས་ལ། །ཕྱག་འཚལ༴ བློ་གསལ་རྒྱ་མཚོའི་གཙུག་རྒྱན་གྲོལ་མཆོག་རྗེ། །རྣམ་དག་ཡེ་ཤེས་ཐུགས་མངའ་རྡོ་རིང་དབོན། །གདམས་པས་རྒྱུད་གྲོལ་ལུང་རིགས་རྒྱ་མཚོའི་ཞབས། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་སོགས་གོང་བཞིན་བྱ། ཀུན་རྟོག་གཟུང་འཛིན་བདུད་དཔུང་གཤིན་རྗེའི་ཚོགས། །དོན་དམ་དབྱིངས་སུ་གདོད་ནས་རྟག་བཅོམ་པ། །ཆོས་ཀུན་རང་བཞིན་ལྷན་སྐྱེས་ཡེ་ཤེས་མཆོག །རྒྱུ་རྒྱུད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དཀྱིལ་འཁོར་མཆོག་ཏུ་ཟབ་མོའི་དབང་བཞི་བསྐུར། །རྡོ་རྗེ་བཞི་བདག་སྐུ་བཞིའི་ས་བོན་ཐེབས། །དྲི་མ་རྣམ་བཞི་སྦྱོང་བའི་ཐབས་མཁས་ཀྱིས། །དབང་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས། །རྣམ་པ་ལམ་བྱེད་ཞི་ཁྲོ་སྦགས་སྒྲུབ་ཚུལ། །རྣམ་གསུམ་ཞིང་སྦྱོང་བསྙེན་སྒྲུབ་རྣམ་བཞི་དང༌། །རྣལ་འབྱོར་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ཤོག །ནང་གི་རྣལ་འབྱོར་རྫོགས་པའི་རིམ་པ་ལས། །རླུང་སེམས་དྷཱུ་ཏཱིར་


TNT06_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པའི་མི་འགྱུར་བདེ། །སྤྲོས་བྲལ་རྣལ་འབྱོར་གསུམ་གྱི་རིམ་པ་ལས། །ཟུང་འཇུག་རྡོ་རྗེའི་སྐུ་མཆོག་ཐོབ་པར་ཤོག །དེ་ལྟར་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །བར་ཆད་མི་མཐུན་ཕྱོགས་རྣམས་ཀུན་ཞི་ཞིང༌། །མཐུན་རྐྱེན་དམ་ཆོས་བསྟན་པ་རྒྱས་པ་དང༌། །ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །ཅེས་གསོལ་བ་འདེབས་ཤིང༌། ནང་མཆོད་འབུལ་བ་སོགས་ལ། ཀུན་ལ་འདུད་ཅེས་པ་ཀུན་ལ་མཆོད་ཅེས་དང༌། གཞ་ན་་རྣམས་ལ། ཕྱག་འཚལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ། ཞེས་འདོན་པ་བསྒྱུར་ནས། ཀུན་རྟོག་བཟུང་འཛིན་ཅེས་པ་མན་ཆད་མི་དགོས་སོ། །བརྒྱུད་པའི་གཙོ་བོ་གོང་དུ་སྨོས་པ་གཉིས་པོ་ཡིན་ལ། དབང་བཀའ་ཙམ་གྱི་བརྒྱུད་པ་ལ། འཇམ་རལ་གྱི་རྗེས་ལ། བློ་བརྟན་གྱིས་ཐུག་པར་བྱས་ཀྱང་ཆོག་ཟེར། རོང་པ་རྒ་ལོ། རོང་བ་ཤེར་སེང༌། འཇམ་དབྱངས་ཉག་གཅིག སློབ་དཔོན་དཀོན་བཟང༌། འཇམ་རལ་བར་ཞེས་དེད་ཀྱང་ཆོག་ལ། རྒ་ལོ་ལོ་མཆོག་པ། དཔལ་ལྡན་སེང་གེ སེང་གེ་རྒྱལ་མཚན་པ། ཞང་སྟོན་བསོད་ནམས་གྲགས། འབྲི་ཁུང་དཔལ་འཛིན། གཉའ་སྟོན་རྡོར་གྲགས། བླ་མ་ཀུན་དགའ་སེང་གེ་མན་ཆད་གོང་བཞིན་དེད་ཀྱང་ཆོག ཡང་ཁྲོམ་ཡོན་པ་ནས་བརྒྱུད་པའང་ཡོད། ཡང་རྭ་ལོ་ཡབ་སྲས་ཀྱི་རྗེས་སུ། རྡོ་རྗེ་སྐྱབས། རྡོ་རྗེ་སྲ་བརྟན། མཁན་པོ་ཤེར་གཞོན། དཀོན་མཁར་བ། ཆོས་མགོན་པ་སྟེ་རོང་རི་ལུང་ཕུག་པའི་བླ་མ་ལྔ། གཡག་སྡེ་ཟེ་དམར་སངས་རྒྱས་ཡེ་ཤེས་དང༌། ཡེ་ཤེས་རིན་ཆེན་གཉིས། ཇོ་གདན་མཁན་ཆེན་གྲགས་ཚུལ་བ་དང༌། རྒྱལ་བཟང་བ་གཉིས། བླ་མ་རྒྱལ་བ་


TNT06_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ། ཀུན་དགའ་སེང་གེ་བ་མན་ཆད་སྔར་བཞིན་དེད་ཀྱང་ཆོགགཞན་ཡང་སྔགས་འཆང་གཟུངས་པ་ནས་བརྒྱུད་པ་དང༌། ཞང་པ། བྲག་ཕུག་པ། ཆོས་རྗེ་བླ་མ། བྱང་སེང་བ། ཤར་ཆེན། ངོར་ཆེན། ཁ་ཆར་བ། པཎ་ཆེན་ཆོས་རྗེ་མན་ཆད་སྔར་བཞིན་བྱས་ཀྱང་ཆོག་པ་ཡོད། གཞན་ཡང་བརྒྱུད་པ་མི་འདྲ་བ་འགའ་རེ་ཡོད་དེ། གོང་དཀྱུས་སུ་བསྒྲིགས་པ་གཉིས་པོ་དམ་སེལ་སོགས་སྐྱོན་དང་བྲལ་ཞིང༌། དབང་རྒྱུད་བཤད་མན་ངག་གསུམ་ཀ་འཇོམས་པ། བྱིན་རླབས་ཀྱི་རྒྱུན་དང་བཅས་པ་ཡིན་པ་ལས། སྔ་མ་ནི་ཐུན་མོང་མ་ཡིན་པའི་མན་ངག་གི་བརྒྱུད་པ་ཡིན་ནོ། །འདིའི་ཨ་མོ་གྷ་ནི། ཨ་མོ་གྷ་བཛྲ་ཆེ་བ་ཡིན་ལ། མེ་ཙ་ལིང་པ་ནི་བལ་བོ་ཐུགས་རྗེ་ཆེན་པོ་སྟེ། མཚན་དངོས་དཱི་པཾ་ཀ་ར་རཀྵི་ཏའོ། །རྣམ་པར་རྒྱལ་བའི་རྡོ་རྗེ་ནི། རོང་པ་རྒ་ལོ་ཡིན་ལ། རིན་ཆེན་རྒྱལ་མཚན་སྔ་མ་དེ་ནི། གྲུ་གུ་མཁར་སྔོན་པ་ཟེར་རོ། །ཕྱི་མ་བཞི་ཐོག་པ་ཡིན། དཀོན་རྒྱལ་བ་རྒུ་རུམ་པ་དང༌། བག་སྟོན་གཞོན་ཚུལ་དང༌། ཚུལ་རྒྱལ་བ་གཉིས་སྣང་ཐར་པ་ཡིན། ཆོས་དབྱིངས་པ་ཆོས་བཀྲ་ཤིས་ཀུན་དགའ་སེང་གེ ཆོས་ཀྱི་སེང་གེ འཇམ་དབྱངས་བློ་གྲོས། བློ་རྒྱལ་བ། ཚུལ་ཁྲིམས་རྣམ་རྒྱལ། དོན་གྲུབ་པ་རྣམས་ཀྱང་རྭ་བན་ཁོ་ནའོ། །དེ་ལྟར་ན་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་ཡིག་འདི་ཡང་འགའ་ཞིག་གིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ། །བཀྲ་ཤིས། འདིར་འབད་དགེ་བ་རྣམ་པར་དཀར་པའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ། །


TNT06_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་འདུལ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཀུན་ཐར་པའི་ལམ་དུ་འདྲེན། །འཇམ་པའི་རྡོ་རྗེ་གཤིན་རྗེ་ཚུལ་འཛིན་པ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རྩོམ་ཆེན་དབུས་སུ་སྣ་ཚོགས་པད་ཉིའི་སྟེང༌། ཁྲོ་བརྗིད་དཔའ་བོའི་གར་གྱིས་དགེ་གུར་རོལ། །སྒྲུབ་ལ་མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །རྩོལ་མཛད་འཁོར་ལོའི་མགོན་པོའི༴ འབར་བའི་སྐུ་ལ་གཟི་བརྗིད་མཐའ་ཡས་འཆང༌། །སྣ་ཚོགས་མཚོན་ཆའི་རླབས་འཕྲེང་འཁྲིགས་པའི་ཕྱག །ནད་གདོན་བགེགས་རྣམས་ཞབས་ཀྱིས་འོག་ཏུ་གནོད། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི༴ ལྷ་དགུའི་རང་བཞིན་རྣམ་པར་འགྱུར་བའི་ཞལ། །འཕོ་མེད་ལྷན་སྐྱེས་བདེ་ཆེན་རྟགས་ཀྱིས་མཚན། །འོད་གསལ་རྣམ་པ་ཀུན་ལྡན་དཀྱིལ་འཁོར་གཙོ། །བཅོམ་ལྡན་འཇིགས་མཛད་ཆེན་པོའི༴ དཀྱིལ་འཁོར་ཆེན་པོའི་ཕྱི་ནང་ཕྱོགས་མཚམས་སུ། །སྲིད་གསུམ་དྲེགས་པ་མ་ལུས་འདུལ་བྱེད་སྐུ། །སྣ་ཚོགས་དབྱིངས་དང་མཚན་མའི་དཀྱིལ་འཁོར་པ། །ལས་ཀུན་ཐོགས་མེད་འགྲུབ་པའི༴


TNT06_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་གཤིན་རྗེ་སྲིན་པོ་འདུལ་བའི་སྐུ། །བདུད་ཀྱི་དཀྱིལ་འཁོར་འཇོམས་མཛད་རོ་ལངས་བརྒྱད། །ཕྱོགས་བཅུའི་ཞིང་དུ་ཐོགས་མེད་རྫུ་འཕྲུལ་འགྱེད། །འཇིགས་བྱེད་ཆེན་པོ་རྣམས་ཀྱི༴ རིན་ཆེན་ལས་གྲུབ་ཡེ་ཤེས་ལྔ་ཡི་དངོས། །གཞལ་མེད་ཁང་བཟང་སྣ་ཚོགས་རྒྱན་གྱིས་སྤྲས། །རྒྱལ་བའི་ཡོན་ཏན་མཐའ་དག་རྒྱས་པའི་ཞིང༌། །ཡེ་ཤེས་དཀྱིལ་འཁོར་ཆེན་པོའི༴ སྡང་དང་གདུག་ཅན་མ་ལུས་འདུལ་བའི་ཞིང༌། །བྲན་དང་ཕོ་ཉ་མཁའ་འགྲོ་ཚོགས་ཀྱི་བསྟེན། །སྲིད་པའི་སྡུག་བསྔལ་རྒྱུ་བཅས་སྤངས་པའི་དངོས། །འཇིགས་རུང་དུར་ཁྲོད་བརྒྱད་ཀྱི༴ ལྟ་ངན་འཇོམ་བྱེད་སྣ་ཚོགས་རྡོ་རྗེ་དང༌། །དོན་དམ་མཁྱེན་པའི་ཉིན་ཕྱེད་འོད་བརྒྱ་འབར། །སྐྱོན་བྲལ་འདབ་མ་འབུམ་ལྡན་པད་མའི་གདན། །དཀྱིལ་འཁོར་བཞི་ཡི་དགེ་ལེགས༴ མི་ཕྱེད་རྡོ་རྗེ་ས་གཞི་རྭ་བ་གུར། །བར་ཆད་བདུད་སྡེ་གཡུལ་ལས་རྣམ་རྒྱལ་བ། རབ་འབར་མེ་དཔུང་འཕྲོ་བའི་གཟི་འོད་ཅན། །སྲུང་བྱེད་བཀའ་ཡི་འཁོར་ལོའི༴ དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་ཀུན། །གཅིག་བསྡུས་འཇམ་དཔལ་འཁྲོས་པའི་དཀྱིལ་འཁོར་དུ། །རྒྱལ་བའི་འཕྲིན་ལས་ཀུན་འདུས་དམ་ཚིག་ཅན། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀྲ་ཤིས་ཤོག །རྡོ་རྗེ་ཐེག་པའི་ལམ་བཟང་དར་བ་དང༌། །བར་ཆད་བགེགས་ཀྱི་མཚན་མ་ཀུན་ཞི་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཞིང༌། །འགྲོ་དོན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཏཱ་ར་ནཱ་ཐས་སྨྲས་པའོ།། །།


previousབཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་ཆེན་པོའི་བརྒྱུད་འདེབས། next