Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ། next

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ།


TNT06_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ་བཞུགས།


TNT06_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་བཛྲེ་བྷྱཿ བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབས་ཐབས། བླ་མ་དང་འཇམ་པའི་རྡོ་རྗེ་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ། །འདིར་འཇམ་པའི་རྡོ་རྗེ་དཔལ་འཇིགས་མཛད་ཆེན་པོ་སྒྲུབ་པར་འདོད་པས། དུར་ཁྲོད་ལ་སོགས་པར་དབུགས་བྲལ་གྱི་གདན་ལ་འདུག་སྟེ། འདི་སྐད་དོ། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་


TNT06_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅད་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་དེ་དག་ནི་མང་ཉུང་ཇི་ལྟར་རིགས་པར་བྱ་ཞིང༌། དེ་རྗེས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱིས་རྒྱུད་སྦྱང་བ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་རང་དང་མཚུངས་པས་འཁྱུད་པ། དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པའི་ངོ་བོ་མི་བསྐྱོད་པའི་དབུ་རྒྱན་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་སྔགས་འཕྲེང་དང་བཅས་པའོ། །བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆགས་


TNT06_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་བཛྲ་སཏྭ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲིར་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨ། ཞེས་པ་ཅི་ནུས་བཟླས་མཐར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་འཚལ་འདུད། །གུས་པས་ཁྱོད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབ་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས། སྐད་ཅིག་གིས་རང་རྡོ་རྗེ་འཇིགས་བྱེད་དུ་གྱུར་པའི་སྙིང་ཁར་པད་ཉི་ལ་ཧཱུཾ་ནག་པོ་མཆོག་ཏུ་འབར་བའི་འོད་ཀྱིས། བླ་མ་མི་བསྐྱོད་པས་གཙོ་བོའི་དབུ་རྒྱན་དུ་བྱས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ། ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བཛྲ་བྷཻ་ར་ཝ་མཎྜལ་བྷྱཿ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །


TNT06_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བའི་འདམ་རྫབ་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་དྲངས་མཛད་ནས། །ཡེཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨོར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་འདུད། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། །ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གིརྟི་ཧྲིཿ ཨོཾ་བཛྲ་ནྲྀ་ཏི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཿ ཞེས་ཕྱག་དང་བཅས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཡན་ལག་བདུན་པ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་རིགས་ལྔའི་སྡོམ་བཟུང་དང༌། ཚད་མེད་བཞི་ཡང་སྤྱི་དང་མཐུན་པར་བརྗོད་ཅིང་སྒོམ། དེ་ཉིད་བྱང་ཆུབ་ཀྱི་སེམས་དང་འགྲེལ་བ་ཡང་སྒོམ་པར་བཤད་ལ། བསྡུ་ན་རིགས་ལྔའི་སྡོམ་བཟུང་མ་བྱས་ཀྱང་ཆོག་གོ །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་གྱེན་དུ་ཕྱོགས་པའི་ནང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་རྭ་གུར་བླ་རེ་དང་བཅས་པ། ཕྱི་རོལ་རྡོ་རྗེའི་མེས་གཏམས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་མི་མགོ་སྐམ་པོའི་རྭ་བ་ཟླུམ་པོ་སྒོ་གཅིག་པ། ཕྱི་ནང་གི་


TNT06_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་ཐམས་ཅད་ཁྲག་ཞག་འཁྲུགས་པ། སྟེང་ཀེང་རུས་ཀྱི་ཀ་གདུང་གིས་ཕུབ་པ། གཡང་གཞིའི་བླ་རེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་ཞིང་ཀྱི་གཡའ་བ་བརྒྱད་ཀྱིས་བསྐོར་བ་སྟེ། དེ་དག་ཏུ་ན་ག་གེ་སར་ལ་སོགས་པ་ཤིང་ཆེན་པོ་བརྒྱད་དང༌། བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བརྒྱད་དང༌། གཞན་ཡང་ཞིང་སྐྱོང་བ་བརྒྱད་དང༌། ཆུ་དང༌། མེ་དང༌། ཀླུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་རྣམས་ཀྱང་བརྒྱད་བརྒྱད་དང་བཅས་པ། མ་མོ་དང༌། སྲིན་པོ་དང༌། ཤ་ཟ་དང༌། གཤིན་རྗེ་དང༌། རོ་ལངས་ལ་སོགས་པ་འབྱུང་པོའི་ཚོགས་ལང་ལོང་དུ་རྒྱུ་ཞིང༌། ཧ་ཧའི་སྒྲ་དང༌། ཀུ་ཅོ་བྲག་ཆ་དང་བཅས་ལྷང་ལྷང་བོར་འབོད་པ། མདུང་ལ་བསྐྱོན་པ་དང༌། ཤིང་ལ་དཔྱངས་པ་དང༌། མེས་ཚིག་པ་ལ་སོགས་པའི་རོ་སྣ་ཚོགས་དང༌། ཀེང་རུས་དང༌། རོ་མགོ་མེད་གར་བྱེད་ཅིང༌། རུས་པ་དང༌། ཁྲག་དང༌། ཤ་དང༌། ཀླད་པ་འཐོར་བ་དང༌། དུམ་བུས་ཁེབས་པ་དང༌། བྱ་དང་གཅན་གཟན་སྣ་ཚོགས་འཐབ་པ་དང་འཁྲུག་པ་དང་ང་རོ་འདོན་པ། འབྱུང་པོ་རྣམས་ཀྱི་སྤྱོད་པ་སྣ་ཚོགས་པས་ཡིད་བསྒྱུར་བར་བྱེད་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་དང་སྒྲུབ་པ་པོ་དང་གྲུབ་པའི་རིག་འཛིན་རྣམས་དམ་ཚིག་གིས་སྤྱོད་པ་དང༌། འཇིགས་པ་མེད་པར་ཐོད་རྔའི་སྒྲ་དང་བཅས་ཏེ་གར་བྱེད་པ་དང༌། གྲུབ་པའི་རྫས་


TNT06_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོ་བྱད་དང༌། མཆོད་རྫས་སྣ་ཚོགས་པས་གང་བའོ། །གཞལ་མེད་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ཅན་གྱི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཟླ་བ་ལ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། འཇམ་དཔལ་གཞོན་ནུར་གུར་གུམ་གཞོན་ནུའི་མེ་ཏོག་རྒྱས་པ་ལྟར་དམར་སེར། ཕྱག་གཡས་རལ་གྲི་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ཐུགས་ཁར་ཨུཏྤལ་སྔོན་པོ་ཁ་བྱེ་བ་ལ་གནས་པའི་པོ་ཏི་བསྣམས་པ། ཞི་ཞིང་སྒེག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དཔེ་རྫོགས་པ། བརྒྱད་གཉིས་ལོན་པའི་ན་ཚོད་ཅན། བུང་བ་ལྟར་གནག་པའི་དབུ་སྐྲའི་ཐོར་ཚུགས་ཟུར་ཕུད་ལྔ་དང་བཅས་པས་མཛེས་པ། རྡོ་རྗེའི་གདན་གྱིས་བཞུགས་པའི་ཐུགས་ཀར་ཨ་ལས་བདུན་པའི་བདག་པོ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་རིག་མ་ཁྲོ་བོ་ལ་སོགས་པ་སྤྱན་དྲངས། འཇམ་དཔལ་ཟླ་བ་དང་བཅས་པ་དེ་ཐམས་ཅད་ཉི་མ་ལ་ཐིམ་པས། ཚ་ཟེར་འབར་བ་དཔག་ཚད་འབུམ་དུ་ཁྱབ་པར་གྱུར། ཡང་དེའི་འོད་ཟེར་གྱིས། ཨཱ་ལི་ཀཱ་ལི་དང༌། སྔགས་འཕྲེང་རྣམས་སྤྱན་དྲངས་ཏེ་བསྟིམས་པས། ཧཱུཾ་ནག་པོ་འོད་ཟེར་ལྔ་ལྡན་དུ་གྱུར། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་ཐུགས་ཡེ་ཤེས་ཆེན་པོ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས། ཧཱུཾ་དེ་ཉིད་རྡོ་རྗེ་ཆེན་པོ་མཐིང་ནག་རྩེ་


TNT06_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བ་རྭ་གདེངས་པ་འོད་འབར་བར་གྱུར། དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། རྡོ་རྗེ་ཕྲ་མོ་མཐའ་ཡས་པ་སྤྲོས། སྡང་བ་དང་གདུག་པ་རྣམས་ཚར་བཅད། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། ཞིང་ཁམས་དག་པར་བྱས། དེ་རྣམས་དང་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཚད་མེད་པ་སྤྱན་དྲངས་ཏེ། དེ་དག་ཐམས་ཅད་གཅིག་ཏུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དུས་མཐའི་སྤྲིན་དང་མུན་པ་ལྟར་གནག་ཅིང་ངམ་ཟ་བ། ཞལ་དགུའི་རྩ་ཞལ་མཐིང་ནག་མ་ཧེ་ནག་པོ་རབ་ཏུ་ཁྲོས་པའི་གདོང༌། རྭ་སྔོ་སངས་ཤིན་ཏུ་རྣོ་ཞིང༌། རྡོ་རྗེའི་མེ་ལྕེ་ལྷབ་ལྷབ་འབར་བས་ཕྱོགས་ཐམས་ཅད་གནོན་པ། རྭའི་གཡས་ཕྱོགས་ཀྱི་ཞལ་གསུམ་སྔོན་པོ། དམར་པོ། སེར་པོ་སྟེ་ཤིན་ཏུ་ཁྲོས་པ། རྭའི་གཡོན་ཕྱོགས་གྱི་ཞལ་གསུམ་དཀར་པོ། དུད་ཁ། ནག་པོ་སྟེ། མཆེ་བ་གཙིགས་པ། རྭ་གཉིས་ཀྱི་དབུས་སུ་སྟེང་ཞལ་དམར་པོ། ཞལ་ནས་ཁྲག་འཛག་པ། སྲིན་པོ་ལྟར་ཆེས་འཇིགས་ཤིང་ཧ་ཧ་ཕཻཾ་ཞེས་དྲག་ཏུ་བཞད་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་གསེར་མདོག་ཡིད་ཙམ་ཁྲོ་ཞིང་འཛུམ་པ། ཟུར་ཕུད་ལྔ་ལྡན་བྱིས་པའི་རྒྱན་བཟང་པོས་སྤྲས་པ། ཞི་བའི་སྤྱན་གསུམ་པ། ཁྲོ་ཞལ་ཐམས་ཅད་རྡོ་རྗེ་གད་མོ་དྲག་ཏུ་རྒོད་ཅིང༌། ཧཱུཾ་ཕཊ་གྱི་སྒྲ་གནམ་དུ་འབོད་པ། དགྲ་བགེགས་ཀྱི་ཤ་དང་རྐང་དང་ཚིལ་ཟ་བ། རྣམ་པར་འགྱུར་བའི་ཞལ། ཁྲོ་གཉེར་བསྡུས་པའི་འགྲམ་


TNT06_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབར་བའི་སྨིན་མ་འཁྱོག་པོར་བཅུས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་བལྟ་ཞིང་བཟློག་པ། སྐྲ་སེར་པོ་གྱེན་དུ་འབར་བ། མེ་སྟག་ལྟ་བུའི་སྨིན་རྫི་དང༌། སྨ་ར་དང༌། བ་སྤུ་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་སྡིགས་མཛུབ་ཀྱིས་བསྡིགས་པ། མི་བཟད་པའི་ཞལ་རྣམས་མཆེ་བ་རྣོན་པོ་བཞི་བཞི་དང་བཅས་པ། ལྗགས་འགྲིལ་བ། འཇིགས་པ་ཆེན་པོ་དུས་ཀྱི་རླུང་དང་འབྲུག་སྟོང་ལྡིར་བ་ལྟ་བུའི་མཚམ་རྔམ་ཀྱི་སྒྲའི་གད་རྒྱངས་ཀྱིས་བདུད་སྡེའི་སྙིང་འགས་པ། ལང་ཚོ་ལ་བབ་པ། སྐུ་ལུས་ཆེ་ཞིང་རགས་པའི་ཡན་ལག་དང་ཉིང་ལག་སྦོམ་ཐུང་ཧྲགས་ཤིང་འཁྲང་བག་ཅན། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། རབ་ཏུ་རྒྱས་པའི་ལིངྒ་གྱེན་དུ་སྒྲེང་བ། ཕྱག་སུམ་ཅུ་རྩ་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང༌། ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གཡས་ལྷག་མ་རྣམས་ཀྱིས། འཕང་མདུང༌། གཏུན་ཤིང༌། ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། སྟ་རེ། མདུང་རིང༌། མདའ། ལྕགས་ཀྱུ། དབྱུག་པ། ཁ་ཊྭཱཾ་ག འཁོར་ལོ། རྡོ་རྗེ་རྩེ་ལྔ་པ། ཐོ་བ། རལ་གྲི། རྔེའུ་ཆུང་རྣམས་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས། མགོ ཕུབ། རྐང་པ། ཞགས་པ། གཞུ། རྒྱུ་མ། དྲིལ་བུ། ལག་པ། རོ་རས། སྐྱེས་བུ་གསལ་ཤིང་ལ་བཙུགས་པ། མེ་ཐབ། ཐོད་ཚལ་གྱི་ཁ་ཕོར་བདུད་རྩིས་གང་བ། སྡིགས་མཛུབ། བ་དན་རྩེ་གསུམ་པ། རླུང་གིས་བསྐྱོད་པའི་རས་རྣམས་འཛིན་པ།


TNT06_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་གཉིས་ཀྱིས་གླང་པོ་ཆེའི་པགས་རློན་ཁྲག་འཛག་པ་སྟོད་གཡོགས་སུ་བྱས་པའོ། །ཞབས་བཅུ་དྲུག་གཡས་བསྐུམ་གཡོན་བརྐྱང་བ། གྱད་ཆེན་པོའི་སྟོབས་ཀྱིས་སྲིད་པ་གསུམ་བསྐྱོད་ཅིང་འདར་བར་བྱེད་པས་ལྷག་པར་བརྗིད་པའི་སྟབས་ཀྱིས་བཞུགས་པའི་གཡས་བརྒྱད་ཀྱིས། མི། མ་ཧེ། གླང༌། བོང་བུ། རྔ་མོང༌། ཁྱི། ལུགཝ་རྣམས་དང༌། གཡོན་བརྒྱད་ཀྱིས། བྱ་རྒོད། འུག་པ། བྱ་རོགནེ་ཙོ། བོང་ཁྲ། བྱ་ཆེན་པོ། རི་སྐེག བཞད་རྣམས་གནོན་པ། དེ་རྣམས་ཀྱི་འོག་ཏུ། ཚངས་པ། དབང་པོ། ཁྱབ་འཇུག དྲག་པོ་སྡེ་བདུད་བཞི་དང༌། གཞོན་ནུ་གདོང་དྲུག་ལ་སོགས་པ་རྣམས་ཁ་བུབ་ཏུ་བསྒྱེལ་ནས་མནན་པ། གཅེར་བུ་ཤིན་ཏུ་གཏུམ་པ། འཇིགས་སུ་རུང་བའི་ཐོད་སྐམ་ལྔ་ལྔས་དབུ་བརྒྱན་པ། མི་མགོ་ཁྲག་འཛག་པ་བརྒྱ་ཕྱེད་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་དང༌། གདུག་པའི་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང༌། རུས་པའི་རྒྱན་དྲུག་དང༌། ཁྲག་དང་ཞག་དང༌། ཐལ་ཆེན་གྱིས་སྤྲས་པ། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོ་བ། འཇིག་དུས་ཀྱི་མེ་ལྟར་དྲག་ཏུ་འབར་ཞིང་འཁྲུག་པའི་མེ་དཔུང་གི་ཀློང་ན་བཞུགས་པ། འཇིག་རྟེན་གསུམ་པོས་ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོ། མིག་ཏུ་ཀྵིཾདཀར་པོ་སའི་སྙིང་པོ། རྣ་བར་ཛྲིཾ་སྔོན་པོ་ཕྱག་ན་རྡོ་རྗེ། སྣ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་པོ། ལྕེ་ལ་གཾ་དམར་པོ་འཇིག་རྟེན་


TNT06_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག དཔྲལ་བར་སྐཾ་ལྗང་ཁུ་སྒྲིབ་པ་རྣམ་སེལ། ལྟེ་བར་སཾ་དཀར་པོ་ཀུན་ཏུ་བཟང་པོ། སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེ། མགྲིན་པར་ཨཱཿདམར་པོ་གསུང་རྡོ་རྗེ། ཐུགས་ཀར་ཧཱུཾ་སྔོན་པོ་ཐུགས་རྡོ་རྗེ་རྣམས་སུ་གྱུར། དེ་ལས་འཕྲོས་པའི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན་པས། རང་བཞིན་གྱི་གནས་ནས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མ་ཛཿ ཞེས་སྤྱན་དྲངས། ཨོཾབཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱེ། ཞེས་སྦྱར་བས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཞེས་གསུང་ཞིང་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེ་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་ལ་དབང་བར་བྱས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པས་དབུ་བརྒྱན། ཨོཾ་བཛྲ་ཨངྒུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གནས་གསུམ་ཏུ་གཏུགས་ལ། ཧྲཱིཿཥྚཱིཿལན་གསུམ་


TNT06_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། ཨོཾ་བཛྲ་བྷཻ་ར་ཝ་རཱུ་པ་བཛྲ་ཨཱཿཧཱུཾ། དེ་བཞིན་དུ། ཤཔྟ། གནྡྷེ། ར་ས། སྤརྴེ། ཨོཾ་བཛྲ་བྷཻ་ར་ཝ་དྷརྨ་དྷ་ཏུ་བཛྲི་ཨཱཿཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། སོགས་གོང་བཞིན་དང༌། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགེས་པའི་གར་གྱིས་རོལ་བར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་ཏུ་གསོལ། །ཧོཿཆགས་པ་མེད་ཅིང་ཆགས་པ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུཾ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁྱུད་རྒྱ་དང་བཅས་པས་བདེ་བ་སྒོམ་པར་མོས་ལ། ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ནང་མཆོད་འདུས་བྱས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུཾ་ཕཊ། ཞེས་པས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་


TNT06_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་དབུས་སུ་ན་ལས་མིའི་ཤ་ཡ་ཡིག་གིས་མཚན་པ། ཤར་དུ་གོ་ལས་བ་ལང་གི་ཤ་ཀྵེས་མཚན་པ། ལྷོར་ཀུ་ལས་ཁྱིའི་ཤ་མས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་མེས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་དས་མཚན་པ། དབུས་གྱི་སྟེང་དུ་ཤུ་ལས་བྱང་སེམས་ཧཱུཾ་གིས་མཚན་པ། ཤར་ལྷོར་བི་ལས་དྲི་ཆེན་ཛས་མཚན་པ། ལྷོ་ནུབ་ཏུ་མུ་ལས་དྲི་ཆུ་སས་མཚན་པ། ནུབ་བྱང་དུ་མཾ་ལས་ཀླད་པ་དོས་མཚན་པ། བྱང་ཤར་དུ་ར་ལས་རཀྟ་རུས་མཚན་པ། རང་གི་སྙིང་ག་ནས་འོད་འཕྲོས། རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡི་གེ་བཅུ་དང་བཅས་པ་ཞུ། སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་ཆགས་པའི་ལྟེ་བར་ཞེ་སྡང་གཤིན་རྗེ་གཤེད། ཤར་དུ་གཏི་མུག་གཤིན་རྗེ་གཤེད། ལྷོར་སེར་སྣ་གཤིན་རྗེ་གཤེད། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་རྣམས་རང་རང་གི་ཡུམ་དང་བཅས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེ་ལམ་ནས་ཡུམ་རྣམས་ཀྱི་པདྨར་བབས་པས། ཡབ་ཡུམ་བཅུ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས། རྫས་རྣམས་ལ་ཐིམ་པས། ཁ་དོག་དང༌། དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། བདུད་


TNT06_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་ལྕེ་ཐོག་ཏུ་བཞག་ལ་འབྲུ་གསུམ་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་མན་ངག་ལྟར་བཟླས་པའི་དམིགས་པ་གསལ་བཏབ་ལ། སྔགས་བཟླས་པར་བྱ་སྟེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་རཱ་མ་ཡ་ཧཱུཾ་ཕཊ། རྩ་སྔགས་སོ། །ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ། བསྲུང་བའི་འཁོར་ལོ་ལ་ཐིམ། དེ་འོད་དུ་ཞུ། གཞལ་ཡས་ཁང་ལ་ཐིམ། དེ་འོད་དུ་ཞུ། རང་ཉིད་ལ་ཐིམ། རང་གི་ཞལ་ཕྱག་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ། དེ་ཡང་འོད་གསལ་དུ་ཞུགས། སླར་ཡང་རང་ཉིད་ཕྱག་གཉིས་པར་འགྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་ལ་སྐཾ། ལྟེ་བར་སཾ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་འབུལ་བར་འདོད་ན། ལག་ལེན་ལྟར་གཏོར་མ་བཤམས་ལ། ནང་མཆོད་བྱིན་བརླབས་ཀྱི་སྐབས་ལྟར་བྱིན་གྱིས་བརླབས། མདོར་བསྡུ་ན། མདུན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་གསལ་བཏབ་ཅིང་གཏོར་མ་ཕུལ་བས་ཆོག་ལ། རྒྱས་པ་ལ་སྤྲོ་ན། སྭ་བྷཱ་


TNT06_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁར་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། མཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དུས་མཐའི་སྤྲིན་དང༌། ཞེས་པ་ནས། བདག་ཉིད་དུ་གྱུར། མིག་ཏུ་ཀྵིཾ་དཀར་པོ། ཞེས་པ་ནས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན། ཞེས་པའི་བར་གོང་བཞིན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་སྤུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་ཀའམ་སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ལན་བདུན་གྱིས་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་ཕུལ། གཟུགས་ལ་སྒྲ་སོགས་དྲུག་པོ་ནི། །ཞེས་པ་ནས། དུད་ཁ་མུན་ཆེན་ཁྱོད་ལ་འདུད། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་པའི་བར་གྱིས་འདོད་དོན་གསོལ་བ་བཏབ། གཏོར་མ་གཉིས་པ་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་འབུལ། གསུམ་པ་ཕྱོགས་སྐྱོང་རྣམས་ལ་འབུལ་ཏེ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས། ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱོགས་སྐྱོང་ཐམས་ཅད་


TNT06_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པར་གྱུར། ཡི་གེ་བཅུ་པའི་མཐར། ཧཱུཾ་ཨིནྡྲ་ཨ་དཱི་ནཾ་སརྦ་དུཥྟཾ་ཨཱ་ཀརྵ་ཡ་ཛཿ ཕྱོགས་བཅུར་འཁོད་པ་ནི། ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། དབུས་ཀྱི་གཡས་སུ་ཚངས་པ། གཡོན་དུ་སའི་ལྷ་མོ་རྣམས་རང་རང་གི་འཁོར་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བར་གྱུར། རྒྱས་པ་ལ་སྤྲོ་ན། ཞལ་ཕྱག་སོགས་རྫོགས་པར་བསྐྱེད་དོ། །སླར་ཡང་རང་གི་སྙིང་ག་ནས། ཁྲོ་བོ་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཡི་གེ་བཅུ་པའི་མཐར། ཨོཾ་ཨིནྡྲ་ཨ་དཱི་ནཾ་སརྦ་དུཥྟཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། གྲུབ་པའི་དངུལ་ཆུའི་བཅུད་ཀྱིས་རེག་པ་ན། ཁམས་རྣམས་གསེར་དུ་འགྱུར་བ་ཇི་ལྟར་བར། །རྡོ་རྗེ་ཕུར་བུས་རེག་པ་ཙམ་གྱིས་ཀྱང༌། །ཕྱོགས་སྐྱོང་འཁོར་བཅས་གཤིན་རྗེ་གཤེད་དུ་གྱུར། །ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ། མ་ཧེའི་གདོང་བ་ཅན། གཅེར་བུ་ལིངྒ་གྱེན་དུ་བསྒྲེང་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་རང་གི་བཞོན་པའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། ནས། རྒྱས་བཏབ་པར་གྱུར། གྱི་བར་གོང་ལྟར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པ་ནས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས་མི་


TNT06_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚཱིཿ ཝ་རུ་ཎ་ཡ་ཝི། ཀུ་བེ་ར་ཡ་ཀྲི། ཨཱི་ཤཱ་ན་ཡ་ཏ། ཨགྣེ་ཡེ་ཨ། ནི་རི་ཏྱེ་ན། ཝ་ཡ་ཝེ་ན། པྲཧྨ་ཡེ་ཧཱུཾ། བ་སུནྡྷ་ར་ཎ་ཡེ་ཕཊ། སརྦ་བྷུ་ཏེ་བྷྱོཿ ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་མམ་བཞི་ལ་སོགས་པ་གང་རིགས་ཀྱིས་ཕུལ་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་བྷྱཿ ཞེས་སྦྱར་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚཱིཿའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་ཕུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འཕྲིན་ལས་བཅོལ། གཏོར་མ་བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འབུལ་ཏེ། གཞན་དུ་ཤེས་པར་བྱའོ། །སླར་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་དམིགས་ལ། མཆོད་པ་བསྡུས་པ་ཞིག་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་རྣམས་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཅན་བསྲུང་མའི་ཚོགས་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང༌། དེའི་གཏོང་གྲོགས་མཛད་ཅིང༌། བར་ཆད་ཐམས་ཅད་བསྲུང་བ་དང༌། ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་དངོས་གྲུབ་བླང༌། ཡིག་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་


TNT06_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་དང༌། ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གསོལ་བ་བཏབ། ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་བཛྲ་མུཿ ཨོཾ་ཀཱ་ལ་རཱུ་པ་ས་པཱ་རི་ཝཱ་ར་གཙྪ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །བགེགས་དང་ལོག་པར་འདྲེན་པ་རྣམས། །གདུག་པ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་དུ་བརྗོད་དོ། །ཅེས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དགུ་པ་ལ་ཉེ་བར་སྦྱར་བའོ།། །།དགེ་ལེགས་སུ་གྱུར་ཅིག །༄། མཚན་བརྗོད་བསྡུས་པ་ནི། གཤེགས་སྙིང་རིགས་འདུས་སྒྱུ་འཕྲུལ་དྲྭ་བ་ཆེ། །རྡོར་དབྱིངས་གནས་ལུགས་ཡེ་ཤེས་རྣམ་ལྔའི་བདག །དགོངས་ཡིད་རོ་མཉམ་ངང་ནས་སྐྱབས་སུ་བསྟེན། །གློ་བུར་སྒྲིབ་ཀུན་མྱུར་ནས་དག་གྱུར་ཅིག །འདི་འབུམ་ཕྲག་དད་མོས་ཀྱིས་བཏོན་ན་གནས་ལུགས་ལ་རང་འཚམ་གྱི་བག་ཆགས་ཉམས་མྱོང་རེ་ཡོད་སྣང་བས། མ་ཏིས་སོ། །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ།། །།


previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སྙིང་པོ། next