Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག next

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག


TNT06_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག་བཞུགས།


TNT06_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འཇམ་པའི་རྡོ་རྗེ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཚོགས་བཅས་ཀུན། །གཅིག་བསྡུས་བླ་མ་དམ་པ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །གང་ཁྱོད་སྐུ་བཞིའི་རྒྱལ་སྲིད་ལ་གནས་ཏེ། །ཡིད་ཅན་མཐའ་དག་གདོད་མའི་རང་རྩལ་ལས། །དབང་བཞིའི་རྒྱལ་ཐབས་བྱེ་བའི་རང་གནས་སུ། །མངོན་པར་དབང་བསྐུར་བྱེད་པོས་སྐྱོང་གྱུར་ཅིག །ཕྱི་ནང་གསང་བ་དེ་ཉིད་དོན་དམ་པའི། །གཏོར་ཞིང་བླུགས་པའི་ངེས་གསང་རིན་པོ་ཆེ། །ཐབས་མཆོག་བྱིས་པའི་འཇུག་པ་དང་སྦྱར་བས། །སྐལ་བཟང་འདོད་འཇོའི་ངོ་མཚར་རྨད་བྱུང་སྤེལ། །འདི་ལ་སྔོན་དུ་འགྲོ་བ་བསྙེན་པའི་ཆོ་གདངོས་གཞི་དཀྱིལ་འཁོར་གྱི་ལས་རིམ། རྗེས་དམ་ཚིག་གི་ཚོགས་པ་སྟེ་གསུམ་ལས། དང་པོ་ནི་སྒྲུབ་ཐབས་ལས་འབྱུང་བ་བཞིན་ནོ། །གཉིས་པ་ལ། སའི་ཆོ་ག ལྷག་པར་གནས་པ། དཀྱིལ་འཁོར་ཞག་གི་ཆོ་ག དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་བ། དཀྱིལ་འཁོར་ཉེར་བསྡུའི་བྱ་བ་རྣམས་སོ། །དང་པོ་ལ་ས་བརྟག་པ་སོགས་སྤྱི་དང་མཐུན་ལ། འདིར་ངག་འདོན་དང་འབྲེལ་


TNT06_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་བརྗོད་ན། གཏོར་མ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ནས། ཡི་གེ་བཅུ་པ་ཚར་གསུམ་བརྗོད། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུར་གྱུར། གཏོར་མ། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཞེས་པ་ནས་ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱའི་བར། ལན་གསུམ་ཀྱིས་ཕྱོགས་སྐྱོང་དང་འབྱུང་པོ་སྤྱི་ལ་ཕུལ། ཨ་ཀཱ་རོ་ལན་གསུམ་མམ་བདུན་གྱིས་གཞི་བདག་སོགས་ལ་ཕུལ་ནས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། རོལ་མོའི་སྒྲ་དང་བཅས་ཕྱིར་དོར། ཡང་དཀྱིལ་འཁོར་འདྲི་བར་འགྱུར་བའི་ས་གཞིར་དྲི་བཟང་གི་ཐིག་ལེའམ་ཚོམ་བུ་བཀོད། མདུན་དུ་མཆོད་གཏོར་བཤམས། ལག་པ་གཡས་པའི་སོར་མོ་གསུམ་བརྐྱང་བ་ས་ལ་རེག་སྟེ། ཚོམ་བུ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡས་དཔང་


TNT06_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ནས་འཐོན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། མཆོད་པ་བྱིན་རླབས་བསྡུས་པ་འོག་ཏུ་འཆད་འགྱུར་ལྟར་དང༌། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་གཏོར་མ་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་འདྲི། །ཞེས་པ་ལན་གསུམ་གྱིས་གནང་བ་ཞུས་པས་གནང་བ་བྱིན་པར་མོས། སླར་ཡང་གོང་བཞིན་མཆོད་ལ། ཨོཾ་པྲི་ཐི་ཝཱི་བཛྲ་མུཿ ཞེས་ཚོམ་བུ་ནས་གཤེགས་སུ་གསོལ་ལ། ནམ་མཁའི་ཁམས་སུ་བཞུགས་པར་མོས། ཨོཾ་བྷུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ།


TNT06_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ལན་མང་དུ་བརྗོད་ཅིང་ཡུངས་ཀར་བརྡེག དེ་ནས་སློབ་དཔོན་གྱིས་ས་གཞིར་འདུག་སྟེ། སྐྱབས་འགྲོ་ནས་བརྩམས་བཟླས་པའི་བར་དུ་སྒྲུབ་ཐབས་བཞིན་སྒོམ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ། དེ་ནས་མཆོད་པ་བཤམས་ཏེ་བྱིན་གྱིས་བརླབས། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོས་དཀྱིལ་འཁོར་འདྲི་བར་མཛོད། །ཅེས་བརྗོད། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ཧཱུཾ་བཛྲ་ཨུ་ཏིཥྛ། ཞེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁར་བཏེག རང་གི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་བསྐལ་པའི་མེ་ལྟར་འབར་བ། རྡོ་རྗེའི་ལྟ་བས་གཡས་བསྐོར་དང་གཡོན་བསྐོར་དུ་བལྟས་པས་བགེགས་རྣམས་བསྲེགས་པར་གྱུར། རྐང་མཐིལ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འབར་བ་ཧཱུཾ་གིས་མཚན་པ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་པས། རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་ལ་བསྐོར་བ་བྱས་ཤིང་ཧྲཱིཿཥྚཱིཿབཟླས། དབུས་སུ་གཙོ་བོའི་ང་རྒྱལ་གྱིས། ཧཱུཾ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་


TNT06_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་ཉོན། །ང་ནི་་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་འགེས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །རོལ་མོ་དང་བཅས་པའི་ཧྲཱིཿཥྚཱིཿསོགས་དྲག་ཏུ་བཟླས་ལ་བགེགས་བསྐྲད་དོ། །ཕུར་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཁྲོ་བོ་བགེགས་མཐར་བྱེད་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ཨོཾ་གྷ་གྷ། གྷ་ཏ་ཡ་་གྷ་ཏ་ཡ། སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། བཛྲ་དྷ་རོ་ཨཛྙཱ་པཱ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་དབུས་སུ་བགེགས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཐོ་བས་བརྡུང༌། ཕུར་བུའི་ཁྲོ་བོ་ལས་འོད་ཟེར་འཕྲོས་ཏེ། བགེགས་ཀྱི་ལྷག་མ་ཐམས་ཅད་ཚར་བཅད། རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་རེ། མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཅེས་སྲུང་སྟེ་ནུབ་དང་པོ་སའི་ཆོ་གའོ། །གཉིས་པ་ལ་ལྷག་གནས་ཀྱི་སྔོོན་འགྲོ་དང༌། ལྷག་གནས་དངོས་སོ། །དང་པོ་ནི་སྔོན་འགྲོ་གཏོར་མ་དང༌། སའི་ལྷ་མོའི་མཆོད་གཏོར་དང༌། གཞན་དཔལ་གཏོར་ལྔ་དང༌། བུམ་པའི་གཏོར་མ་དང༌། མཆོད་པའི་ཡོ་བྱད་རྣམས་དང༌། དྲི་བཟང་དང་ཚོམ་བུའི་རྒྱུ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཚང་བར་བྱས། སྔོོན་འགྲོ་གཏོར་མ། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་


TNT06_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཨིནྡྲ་ཡ་སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དགོངས་པ་བསྐང་བ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་མཐའ་དག་མཉེས་པར་བྱ་བ་དང༌། མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་ཐེག་པ་མཆོག་གི་བདེ་བ་ལ་འཇོག་པའི་དོན་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། བསྒྲུབ་ཅིང་མཆོད་པ་དང༌། ཇབདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་བཞུག་ཅིང་དབང་བསྐུར་བར་འཚལ་ན། ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་དཀར་པོའི་ཕྱོགས་ལ་མངོན་པར་་དགའ་བའི་ཚོགས་རྣམས་ཀྱིས་བར་ཆད་སྲུང་བ་དང༌། འཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་དངོས་འགྲུབ་ཀྱི་སྟོངས་གྲོགས་དམ་པ་མཛད་དུ་གསོལ། ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་བོའི་ཚོགས་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་རོལ་མོའི་སྒྲ་དང་བཅས་ཕྱིར་དོར། ཧྲཱིཿཥྚཱི༔དང་བགེགས་མཐར་བྱེད་ཀྱི་གཟུངས་བཟླས་ལ་བགེགས་བསྐྲད། ཡང་གནས་དང་ཡོ་བྱད་བསངས་སྦྱངས། གནས་ཁང་སྟོང་པའི་ངང་ལས་


TNT06_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲུཾ་ལས་བྱུང་བའི་དུར་ཁྲོད་འབར་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པ། ཕྱི་རོལ་བསྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས་ཤིན་ཏུ་རྣམ་པར་དག་པ་དབང་སྒྱུར་བའི་རྣམ་རིག་གི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་དང༌། སྨོན་ལམ་རྒྱ་མཚོའི་མཐུ་ལས་གྲུབ་པ། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་གཏོས་ཐམས་ཅད་ཡོངས་སུ་གང་བ། སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་འཇུག་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་ཏྱེ། ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་གྷཎྚེར་ཎི་སོགས་ལན་གསུམ་གྱིས་རོལ་མོ་བྱིན་དབབ། བར་འདིར་ཞུ་འབུལ་སོགས་བྱེད་ན་སྤྱི་དང་འདྲ། སྐྱབས་འགྲོ་ནས་དཀྱིལ་འཁོར་བསྡུ་བའི་བར་བདག་བསྐྱེད་རྫོགས་པར་བསྒོམ་མོ། །གཉིས་པ་ལ། ས་ལྷ་སྟ་གོན་དང༌། དཀྱིལ་འཁོར་སྟ་གོན་དང༌། བུམ་པ་སྟ་གོན་དང༌། སློབ་མ་སྟ་གོན་ཏེ་བཞི་ལས། དང་པོ་ནི། གོང་དུ་བསྟན་པའི་སའི་ལྷ་མོ་ལས་བསླང་བ་དེ་ཉིད་དང་འདྲ་བ་ལས། ས་ལྷ་ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས། ནམ་མཁའ་ནས་སའི་ལྷ་མོ་འཁོར་དང་བཅས་


TNT06_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞེས་འདོན་པ་སྤོ། མཇུག་ཏུ་མཆོད་པའི་མཐར། སའི་ལྷ་མོ་སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལ་ཐིམ། ཞེས་བརྗོད། ཨོཾ་བཛྲི་བྷ་ཝ་ཧཱུཾ། ཨོཾ་བཛྲ་ཌི་ཌྷ་ཏིཥྛ། ཞེས་བརྗོད། གཉིས་པ་ནི། དཀྱིལ་འཁོར་གྱིས་ས་གཞི་དྲི་བཟང་གིས་བྱུགས། གཙོ་བོའི་གནས་སུ་དྲི་བཟང་གི་ཐིག་ལེ་གྲུ་བཞི་དང༌། གཞན་ཕྱག་མཚན་གྱི་གནས་དང༌། གྲྭ་བཞིར་ཟླུམ་པོ་ཆུང་བ་རེ་བྱ། དེ་རྣམས་ཀྱི་སྟེང་དུ་མེ་ཏོག་གི་ཚོམ་བུ་རེ་བཀོད་ལ། མཐར་མཆོད་གཏོར་གྱིས་བསྐོར། དེ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ། ཞེས་པ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ྄་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ནང་ནས་རིམ་པ་བཞིན་དུ། ནག་ལྗང་དམར་སེར་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་ཕ་གུ་སེར་པོ་ལ་དྲ་བ་དང༌། དྲ་ཕྱེད་འཕྱང་བ་སྟེང་ལ་མདའ་ཡབ་མཆོད་རྟེན་གྱི་རྣམ་པས་མཛེས་པ། པུ་ཤུའི་ཁོར་ཡུག་ལ་གདུགས་དང༌། རྒྱལ་མཚན་དང་བ་དན་སྒྲེང་བ། ནང་གི་ལྷ་རྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་པ། དབུས་སུ་དཀྱིལ་འཁོར་ཟླུམ་པོ། དེའི་ནང་རེའུ་མིག་དགུར་གྱུར་པའི་དབུས་སུ།


TNT06_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོ་སྐམ་པོའི་རྭ་བ་ཟླུམ་པོ་སྒོ་གཅིག་པ། ཕྱི་ནང་གི་ས་གཞི་ཐམས་ཅད་ཁྲག་ཞག་འཁྲུག་པ། སྟེང་ཀེང་རུས་ཀྱི་ཀ་གདུང་གིས་ཕུབ་པ། གཡང་གཞིའི་བླ་བྲེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་གཟུངས་མ་རྣམས་དང༌། སྒོ་བཞིའི་ཐད་ཀ་ནས་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་རྣམས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་ཀྱིས་མཚན་པ། འཁྱམས་ལ་མཆོད་པའི་ཚོགས་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་ནས། སྣ་ཚོགས་པས་གང་བའོ། །གཞལ་མེད་ཁང་གི་དབུས་སུ། མི་རོ་མགོ་དང་རྐང་ལག་བྲལ་བའི་སྟེང་དུ། ཡཾ་ལས་རླུང་གི་ནས། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དུས་མཐའི་སྤྲིན། ཞེས་པ་ནས། བལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། རེའུ་མིག་བརྒྱད་ལ། ཤར་དུ་མགོ་བོ། ལྷོར་རུ་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་བ། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པའོ། །ཤར་གྱི་ལྷ་སྣམ་ལ་གཡས་སུ་གྲི་གུག་དང༌། འཕང་མདུང་དང༌། གཏུན་ཤིང༌། གཡོན་དུ་ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ།


TNT06_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་རྣམས་སོ། །ལྷོའི་ལྷ་སྣམ་ལ་གཡས་སུ་དགྲ་སྟ་དང༌། མདའ་དང༌། ཁ་ཊྭཱཾ་ག །གཡོན་དུ་དབྱུག་ཏོ་དང༌། འཁོར་ལོ་དང༌། ཞགས་པ་རྣམས་སོ། །ནུབ་ཀྱི་ལྷ་སྣམ་ལ་གཡས་སུ་རྡོ་རྗེ་དང༌། རྔེའུ་ཆུང་དང༌། ཕུབ། གཡོན་དུ་གཞུ་དང༌། དྲིལ་བུ་དང༌། རླུང་རས་རྣམས་སོ། །བྱང་གི་ལྷ་སྣམ་ལ་གཡས་སུ་སྡིགས་མཛུབ་དང༌། བ་དན་རྩེ་གསུམ་པ་དང༌། གླང་ལྤགས། གཡོན་དུ་ཐོ་བ་དང༌། མདུང་དང༌། མེ་ཐབས་རྣམས་སོ། །སྒོ་བཞི་དང་གྲྭ་བཞིར་ཉི་མའི་གདན་ལ་བྷཻཾ་ཡིག་ནག་པོ་བརྒྱད་ཡོངས་སུ་གྱུར་པ་ལས། རོ་ལངས་ནག་པོ་གཤིན་རྗེའི་ལུས་ཅན་གྲི་གུག་དང༌། ཐོད་པ་འཛིན་པ། སྤྱན་གསུམ་པ། གཅེར་བུ་རྒྱན་སྤངས་ཤིང་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྗེས་པ། ཀ་ཧ་ཀ་ཧ། ཧ་ལ་ཧ་ལ་ཞེས་ལྗགས་བརྐྱངས་ཤིང་བཞད་པ། མེ་དཔུང་འབར་བའི་དབུས་སུ་བཞུགས་པ་རྣམས་སུ་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ ཧྲཱིཿཥྚཱིཿས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ས་ཆོག་བྱས་ན། ནམ་མཁར་བཞུགས་པའི་ལྷ་ཡང་སྐབས་འདིར་བསྟིམ་པར་བྱའོ། །དེ་ནས་མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ།


TNT06_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྟའི་བར་བྱིན་གྱིས་བརླབས། བསྡུ་ན་སྔགས་ཙམ་གྱི་མཆོད་པས་ཀྱང་ཆོག་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན་འདི་སྐད་ཅེས་སྦྱར་ཏེ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་དུ། །མི་ཟད་ཨརྒྷའི་རྒྱུན་ཆེན་པོ། །ཕྱི་ནང་གསང་བ་རབ་སྦྱར་བ། །འབུལ་གྱིས་འདོད་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། མི་ཟད་ཨརྒྷའི་རྒྱུན་ཆེན་པོ་ཞེས་པའི་དོད་དུ། རྡོ་རྗེ་ཆུ་གཙང་ཁྲུས་ཀྱི་རྒྱུན། །ཞེས་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ་ཞེས་འདོད་པ་སྤོས། དེ་བཞིན་དུ། རྡོ་རྗེ་མེ་ཏོག་ཁང་པར་བརྩེགས། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ། རྡོ་རྗེ་བདུག་སྤོས་སྤྲིན་ཚོགས་འཁྲིགས། །དྷུ་པེ། རྡོ་རྗེ་འབར་བའི་སྣང་གསལ་གཏམས། །ཨཱ་ལོ་ཀེ རྡོ་རྗེ་གདུང་སེལ་དྲི་ཞིམ་ཚོགས། །གནྡྷེ། རྡོ་རྗེ་བཟའ་བཅའ་རྒྱ་མཚོར་འཁྱིལ། །ནཻ་ཝི་ཏྱེ། རྡོ་རྗེ་རོལ་མོའི་སྒྲ་བརྒྱ་པ། །ཤཔྟ། བཛྲ་གྷནྚེ་ར་ཎི་ཏ། ཞེས་རོལ་ཆེན་བྱ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ཟག་མེད་བདེ་བའི་རེག་བྱ་དང་ལྡན་པ་མཁའ་དབྱིངས་ཐམས་ཅད་གང་བར་གྱུར། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློས་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་


TNT06_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་བྷཻ་ར་ཝ༴ བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་སྭཱཧཱ། འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། ནོར་བུ་རིན་ཆེན། མ་ཎི་རཏྣ། བཙུན་མོ་རིན་ཆེན། བསྟཱི་རཏྣ། ཁྱིམ་བདག་རིན་ཆེན། མཧཱ་ཏ་རཏྣ། གླང་པོ་རིན་ཆེན། ཧསྟི་རཏྣ། རྟ་མཆོག་རིན་ཆེན། ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན། ཁཊྒ་རཏྣ། གཟུགས་མཛེས་ཀྱིས་ནི་རབ་བཀང་སྟེ། །རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། སྒྲ་སྙན། ཤཔྟ། དྲི་ཞིམ། གནྡྷེ། རོ་མཆོག ར་ས། རེག་བདེ། སྤརྴེ། ཆོས་ཁམས་བདེ་བས། དྷརྨ་དྷཱ་ཏུ་པཱུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་ལྔ་དག་ཐོད་པའི་ཅོད་པཎ་དང༌། །རིགས་དྲུག་རང་བཞིན་རུས་པའི་ཕྱག་རྒྱ་དྲུག །བྱང་ཕྱོགས་རྣམ་དག་ཕྱག་མཚན་ཚོགས་རྣམས་ཀྱིས། །ཡེ་ཤེས་ཀུན་ལ་མཆོད་ཅིང་བརྒྱན་པར་བགྱི། །སརྦ་ཨ་ལངྐ་ར། སྦྲུལ་ཆུན་ཚངས་པ་ཆེན་པོའི་མཆོད་ཕྱིར་ཐོགས། །ཨཱ་ལི་ཀཱ་ལི་རྣམ་དག་མགོ་བོའི་འཕྲེང༌། །གཏི་མུག་ཆེན་པོ་གླང་ཆེན་ལྤགས་པའི་གོས། །རྡོ་རྗེ་གསུམ་དངོས་ཕྱག་རྒྱས་མཉེས་གྱུར་ཅིག །ཏྲི་བཛྲ་མུ་དྲ། དངོས་གྲུབ་ཆེན་པོ་བརྒྱད་དང་དབང་ཕྱུག་བརྒྱད། །ཉེར་སྤྱད་གྱུར་ལས་སྲིད་ཞི་གནོན་ཕྱིར་་དང༌། །ཞེ་སྡང་གཤིན་རྗེ་བསྒྲལ་བའི་


TNT06_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཆེ། །བཅུ་དྲུག་ཆ་རྣམས་དག་པས་མཉེས་གྱུར་ཅིག །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཡིག་གེ་བཅུ་པའི་མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་གཙོ་བོ་དང༌། ལན་གཅིག་གིས་རེའུ་མིག་བརྒྱད་ན་གནས་པའི་མཚན་མའི་ལྷ་དང༌། རྩ་སྔགས་ཚར་གཅིག་གིས་ལྷ་རྣམས་ཀྱི་མཚན་མ་རྣམས་དང༌། ཡ་མཱནྟ་ཀ་ལན་བརྒྱད་ཀྱིས་རོ་ལངས་བརྒྱད་ལ་འབུལ། ཡ་མ་རཱ་ཛ་དང༌། ཡ་མཱནྟ་ཀའི་མཐར་འབྲུ་གསུམ་སྦྱར་བས་མཚན་མའི་ལྷ་རྣམས་ལ་ཡང་འབུལ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། དམ་ཅན་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཞལ་དུ། ཨོཾ་ཧྲཱྀཿཙ་མུཎྜི་ཧཱུཾ་ཕཊ། དུས་ཀྱི་མཚན་མོ་ཙ་མུཎྜའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཨོཾ་ཨིནྟྲེ་ཡེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། ཡ་མ་ཡ་ཝཱ་རུ་ཎ་ཡ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ཨགྣ་ཡེ། ནེ་རི་ཏྱ། ཝ་ཡ་ཝེ། པྲཧྨ་ཎ་ཡ། ཨོཾ་བཱ་སུ་དྷ་རི་ཎེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བདུན། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང༌། གནོད་སྦྱིན་སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། རྗོད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག


TNT06_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བསྟོད་པ་ནི། ཧཱུཾ། མིའུ་ཐུང་སྒེག་པོ་སྤྲིན་གྱི་མདོག །འོད་ཟེར་བྱེ་བ་འཕྲོ་བ་བཞེངས། །མཚན་མ་བསྒྲེང་བ་མ་ཧེའི་ཞལ། །གཉིས་མེད་སྦྱོར་བ་ཁྱོད་ཕྱག་འཚལ། །མི་འགྱུར་རྡོ་རྗེའི་དབྱིངས་ཆེན་པོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། ཁྲོས་ཤིང་རབ་ཁྲོས་ཆེར་འཁྲུགས་པ། །འཇིགས་བྱེད་འཇིགས་པར་བྱེད་ལ་འདུད། །ཡན་ལག་དགུ་ཡི་ཆོས་སྟོན་ཞལ། །སྟོང་ཉིད་བཅུ་དྲུག་ཞབས་ཀྱིས་རོལ། །བྱང་ཆུབ་ཕྱོགས་ཆོས་སོ་བཞིའི་ཕྱག །སྒྲིབ་བྲལ་གཅེར་བུ་ཁྱོད་ཕྱག་འཚལ། ཁམས་གསུམ་དབང་ཕྱུག་མ་ཧེའི་ཞལ། །བདེན་གཉིས་རྭ་ཡི་ཕྱོགས་ཀུན་གནོན། ཁྲོ་ཆགས་ཁྲག་འཛག་སྲིན་པོའི་ཞལ། །རབ་ཞི་གཞོན་ནུའི་ཞལ་ལ་འདུད། །འགྱུར་མེད་གཟིགས་ཕྱིར་བྱིས་པའི་བརྒྱན། །མངོན་བྱང་ཟུར་ཕུད་ལྔ་ཡི་ཐོད། །ཀུན་ཏུ་དུས་གསུམ་གཟིགས་པའི་ཞལ། །ལྗགས་བསྐྱོད་རྡོ་རྗེའི་ངག་ལ་འདུད། །སྲིད་པ་གསུམ་འཇོམས་གར་གྱིས་རོལ། །ཞི་བའི་མཐའ་གནོན་དབུས་སྐྱེས་འབར། །ཧཱུཾ་ཕཊ་སྒྲ་ཡིས་མ་རུངས་སྐྲག །གསུས་་འཕྱང་གཏུམ་པོའི་སྐུ་ལ་འདུད། །ཐོད་པའི་ཅོད་པཎ་ཡེ་ཤེས་ལྔ། །མགོ་འཕྲེང་རྡོ་རྗེ་ཡི་གེའི་དངོས། །རྣམ་ལྔའི་རིགས་ཀྱི་ཕྱག་རྒྱ་ཅན། །སྦྲུལ་ཆུན་ཚངས་ཕྱིར་ཐོགས་ལ་འདུད། །མ་རིག་གཅོད་ཕྱིར་གྲི་གུག་སྟེ། །བི་དྷ་པ་ལས་རྣམ་རྟོག་གཅོད། །དྲན་པ་ཉམས་འཇོམས་གཏུན་ཤིང་འཕྱར། །ཆུ་གྲིས་སྲིད་པ་གཅོད་ལ་འདུད། །སྒོ་གསུམ་ཉེས་སེལ་ཀ་ན་ཡ། །


TNT06_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་རིས་བག་ཆགས་སྲ་བ་གཅོད། །ལྟ་ངན་འབིགས་པའི་མདུང་རང་པོ། །མདའ་ཆེན་རྨོངས་མཐར་བྱེད་ལ་འདུད། །དབང་གི་ལྕགས་ཀྱུ་ཆེར་འབར་ཞིང༌། །དབྱུག་ཏོས་ལས་ཀྱི་སྒྲིབ་པ་འཇོམས། ཁ་ཊྭཱཾ་བྱང་ཆུབ་སེམས་རང་བཞིན། །འཁོར་ལོ་ཤེས་སྒྲིབ་གཅོད་ལ་འདུད། །རོ་མཉམ་ཡེ་ཤེས་རྡོ་རྗེ་གསོར། །ཐོ་བས་སེར་སྣ་ཕྱེ་མར་བརླག །དངོས་གྲུབ་བརྒྱད་སྟེར་རལ་གྲི་ཕྱར། །ཅང་ཏེའུ་མཆོག་སྒྲ་སྒྲོག་ལ་འདུད། ཁྲག་ཆེན་ཐོད་པའི་དམ་ཚིག་སྐྱོང༌། །སྒྲིབ་ཀུན་བཅད་པའི་རབ་བྱུང་མགོ །བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཕུབ། །རྐང་པའི་མཆོག་གནས་སྩཽལ་ལ་འདུད། །དངོས་ཀུན་ཡེ་ཤེས་ཞགས་པས་འཆིང༌། །འཇིག་རྟེན་གསུམ་རྒྱལ་གཞུ་ཐབས་ཅན། །སྟོང་ཉིད་སོར་རྟོག་རྒྱུ་མ་སྟེ། །ཤེས་རབ་དྲིལ་བུ་འཁྲོལ་ལ་འདུད། །འཕྲིན་ལས་ཀུན་འགྲུབ་ལག་པ་གདེངས། །བདག་མེད་དུར་ཁྲོད་བོར་བའི་རས། །སྟོང་ཉིད་རྟོགས་པའི་གསལ་ཤིང་དང༌། །འོད་གསལ་མེ་ཐབ་འབར་ལ་འདུད། །ཐོད་ཚལ་སྙིང་བརྩེ་བདུད་རྩིས་བརླན། །བདུད་ལ་ཆེར་སྡིགས་འཛུབ་མོ་བསྒྲེང༌། །སྐུ་གསུམ་རོ་གཅིག་རྩེ་གསུམ་འཕང༌། །སྒྱུ་འཕྲུལ་རླུང་རས་འཕྱར་ལ་འདུད། །བདེ་ཆེན་ལིང་ག་རྒྱས་པའི་ཚུལ། །གཏི་མུག་གླང་ཆེན་ལྤགས་རློན་གྱོན། །བརྐྱང་བསྐུམ་གར་གྱི་གར་ཆེན་པོས། །ལྷ་ཆེན་བགེགས་བཅས་གནོན་ལ་འདུད། །སྤྱན་ནི་ཉི་ཤུ་རྩ་བདུན་དམར། །ལྗགས་འདྲིལ་ཞལ་ནས་ཧ་ཧ་བཞད། །མཚན་དང་


TNT06_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བྱད་ཡང་དག་ལྡན། །འཇིགས་མཛད་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བརྒྱད་པོ་སྩོལ་བ་དང༌། །གདོན་དང་ནད་ཀུན་འཇོམས་མཛད་ཅིང༌། །སྡང་བ་ཐམས་ཅད་འདུལ་པ་པོ། །རོ་ལངས་བརྒྱད་ལ་ཕྱག་འཚལ་བསྟོད། །ཡི་གེ་རྣམས་ལ་ཡང་དག་བྱུང༌། །སྣ་ཚོགས་མཚོན་ཆའི་དྲ་བ་དཀྲིགས། །མཚན་མའི་ལྷ་རྣམས་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་བསྟོད། །འཁོར་བ་རྣམ་ཤེས་བརྒྱད་དག་པ། །དུར་ཁྲོད་གནས་པའི་སྐུར་སྟོན་ཅིང༌། །སྒྲུབ་ལ་དངོས་གྲུབ་ཀུན་སྩོལ་བ། །འཁོར་བཅས་དེ་ལའང་ཕྱག་འཚལ་བསྟོད། །བྱང་ཆུབ་ཕྱོགས་ཆོས་གཞལ་མེད་ཁང༌། །བཀའ་ཡི་འཁོར་ལོས་བདུད་བཞི་འཇོམས། །རྣམ་དག་རྟེན་གྱི་དཀྱིལ་འཁོར་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །ནམ་མཁའ་དང་མཉམ་འགྲོ་བ་རྣམས། །འཇམ་པའི་རྡོ་རྗེ་གོ་འཕང་ལ། །བདེ་བའི་ལམ་གྱིས་འགོད་པར་ཤོག །ཅེས་པའོ། །གཏོར་མ་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། གཏོར་མ་དང་པོ་དཀྱིལ་འཁོར་ལ་འབུལ་ཏེ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་སྒྲུབ་ཐབས་ལྟར་བྱ། གཏོར་མ་གཉིས་པ་དཔལ་ནག་པོ་ཆེན་པོ་ལྕམ་དྲལ་སོགས་ཡེ་ཤེས་ཀྱིས་སྤྱན་དང་ལྡན་པའི་ཆོས་སྐྱོང་རྣམས་ལ་གཏོར་ཆོག་ལྟར་ཕུལ། གསུམ་པ་ཕྱོགས་སྐྱོང་རྣམས་ལ་འབུལ་བ་དང༌། བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འབུལ་བ་ནི། སྒྲུབ་ཐབས་སུ་བཤད་པ་བཞིན་ཡིན་པ་ལས་


TNT06_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཅན་བསྲུང་མའི་ཚོགས་རྣམས་ཀྱི། ཞེས་པ་ནས། ཨོཾ་ཁྱོད་ཀྱིས་སེམས་ཅན། ཞེས་སོགས་ཀྱི་མཐར། ཨོཾ་ཛ་ཡ་ཛ་ཡ། སོགས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ། སྤོས་དང་བཅས་པས་རྡོར་དྲིལ་འཛིན་པས། སྙན་གསན་དབབ་པར་བྱ་སྟེ། བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །རིགས་སྔགས་རྒྱལ་པོར་ཕྱག་འཚལ་བསྟོད། །སྙིང་རྗེའི་ཡིད་ཀྱི་དཀྱིལ་འཁོར་འདྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང༌། །ལྷ་རྣམས་བསྟན་ལ་མངོན་དགའ་བ། །དཀྱིལ་འཁོར་འདི་ལ་བྱིན་རླབས་དང༌། །དངོས་གྲུབ་དམ་པ་རྩོལ་བར་མཛོད། །ཅེས་དང་ལན་གསུམ། ཨརྒྷཾ། ལ་སོགས་པས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་སོགས་དང༌། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་དང༌། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས་ནམ་མཁར་བཏེག སླར་ཡང་མཆོད་བསྟོད་སྔ་མ་བཞི་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་སྟེང་གི་ནམ་མཁར་བཞུགས་ལ་བསྲུང་བ་ཆེན་པོ་མཛད་པ་དང༌། ནངས་པར་དཀྱིལ་འཁོར་བྱིན་གྱིས་རློབ་པ་དང༌། བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་སྩོལ་དུ་གསོལ། ཧྲཱིཿཥྚཱིཿལན་གསུམ་གྱིས་བསྲུང་ལ་བྱས་བཞག་གོ །གསུམ་པ་ནི། བུམ་པ་མཚན་


TNT06_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ལྡན་པར་མཚན་མ་བཏབ། སྙིང་པོ་ལྔ་སོགས་བུམ་རྫས་རྣམས་བཅུག དེ་ཡང་ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན་ལེགས་ཀྱང་བསྡུ་ན་རྣམ་རྒྱལ་དང༌། ལས་བུམ་ཀྱིས་ཆོ་ག བུམ་པ་བཅའ་ལུགས་སྤྱི་དང་འདྲ། བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། ཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཤི་ཥ་ལེ་རུ་ཊ་མ་ཊ། ཨོཾ་ཏཔྟེ་པཔྟེ་མཧཱ་ཏཔྷེ་སྭཱཧཱ། ཨོཾ་བཛྲ་ས་མཱ་ཡ་ཧཱུཾ། །ཨོཾ་ཀལྤ་པྲཀྵི་ཧཱུཾ། ཞེས་པ་རྣམས་ཚར་གསུམ་གསུམ་བརྗོད་དོ། མགུལ་ཆིངས་དང༌། ཆུ་དང༌། བུམ་རྫས་དང༌། ཁ་བརྒྱན་རྣམས་ཀྱི་སྔགས་སོ། །རྣམ་རྒྱལ་བུམ་པའི་ནང་གི་དབུས་ཀྱི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པ། ཞེས་པ་ནས། བལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཕྱོགས་མཚམས་བརྒྱད་དུ་བྷཻཾ་ཡོངས་སུ་གྱུར་པ་ལས། ནས། བཞུགས་པ་རྣམས་སུ་གྱུར། གྱི་བར་ལྷ་སྟ་གོན་བཞིན་ནོ། །ལས་བུམ་གྱི་ནང་དུ། པདྨ་དང་ཉི་མའི་གདན་ལ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་ལྡན་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་བ་ཅན། ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ།


TNT06_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་སྐུར་གྱུར། དེ་ཐམས་ཅད་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མིག་ཏུ་ཀྵིཾ། ཞེས་པ་ནས། ལྟེ་བར་སཾ་དཀར་པོ། སྤྱི་བོར་ཨོཾ། ཞེས་པ་ནས། སྤྱི་བོར་འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པ་དང༌། རོ་ལངས་བརྒྱད་ལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་རེས་དབུ་བརྒྱན། ཨོཾ་བཛྲ། ནས། གཎྜེ་ཧོ། ཞེས་པའི་བར་བྱ། བར་འདིར་རྩ་སྔགས་དང༌། ཉེ་སྙིང་ཅི་རིགས་དང༌། ཧྲཱིཿཥྚཱིཿ བརྒྱ་རྩ་བརྒྱད་ལས་མི་ཉུང་བ། ལས་བུམ་པ་ལ་དམིགས་ནས་ཉེ་སྙིང་བརྒྱ་རྩ་བརྒྱད་དུ་བཟླའོ། །མཇུག་ཏུ་ཐམས་ཅད་ལ་ཐུན་མོང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའང་ཅི་རིགས་པ་བཟླ། སླར་ཡང༌། ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚཱིཿའི་མཐར་འབྲུ་གསུམ་གྱིས་ནང་མཆོད་འབུལ། གཟུགས་སྒྲ་ལ་སོགས་དང༌། དུར་ཁྲོད་རྒྱན་གྱིས། སོགས་དང༌། ཕུང་པོ་འབྱུང་བ་རྣམ་དག་ཅིང༌། །བསྡུ་བ་ཞི་དང་བདེ་ཆེན་དངོས། །ལས་ཀུན་སྒྲུབ་པའི་ལྷ་རྣམས་ཏེ། །དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་བསྟོད། །ཅེས་པས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་བ། སོགས་བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ། ཞེས་དུང་གི་ཆུ་ཕུལ། རྣམ་རྒྱལ་བུམ་པའི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུར་གྱུར། ལས་ཐམས་ཅད་པའི་ལྷ་ལ་བར་ཆད་བསྲུང་བར་གསོལ་བ་བཏབ། ལས་བུམ་གྱི་ཆུས་བུམ་པ་ལ་བསྐོར་བར་བྱ། ལས་བུམ་གྱི་ལྷ་མི་བཞུ་བར་བཞུགས་པ་དོན་ཡོད་རྡོ་རྗེས་བཤད་པ་ལྟར་བྱའོ། །བཞི་པ་ནི།


TNT06_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་ཀྱིས་མཎྜལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་པ་ལ་སློབ་དཔོན་གྱིས། རྗེས་སུ་གནང་བའི་འཁོར་བཞི་པོ། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་པ་ཆེན་པོའི་བློ་ཆེན་ལ། །བདེ་གཤེགས་ཡང་དག་ཆོ་ག་གསུངས། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་་འདིའི་འབྲས་བུ་འདོད་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང༌། །འཇིག་རྟེན་ཕ་རོལ་དོར་གཉེར་ན། །འཇིག་རྟེན་འདི་ཡི་འབྲས་བུ་འབྱུང༌། །དེ་བས་འཇིག་རྟེན་འདས་སྒྲུབ་ཕྱིར། ཁྱོད་ཀྱིས་བརྟན་པའི་ཡིད་བགྱིས་ཤིག །ཅེས་བརྗོད་ལ་དོན་བཤད། འདིར་སྔགས་ཀྱི་ལམ་གྱི་སངས་རྒྱས་སྒྲུབས་པ་ལ། ཆོས་བཞི་ཚང་དགོས་པ་ཡིན་ཏེ། གཽ་ཏྲ་སྟེ་བླ་མ་རྡོ་རྗེ་འཆང་གི་རིགས་བརྒྱུད་མ་ཉམས་པ་དང་ལྡན་པ་དགོས། ཀྵེ་ཊཱ་སྟེ་སློབ་མ་རྡོ་རྗེ་ཐེག་པའི་ཞིང་དུ་བྱས་པ་་དགོས། ཤུདྡྷ་སྟེ་སྔགས་ཀྱི་ཐེག་པ་ལ་དད་པ་ཆེ་བ་དགོས། པྲཛྙཱ་སྟེ་ཟབ་མོ་གོ་བའི་ཤེས་རབ་ཆེ་བ་དགོས་སོ། །ཞེས་གོ་བར་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་གིས་འོད་ཟེར་གྱིས་སློབ་མ་དྲངས་ནས། ཁར་ཞུགས་ཤིང་གསང་གནས་སུ་གཏི་མུག་གཤིན་རྗེ་གཤེད་ཕྱག་གཉིས་པར་གྱུར་པ་ལ།


TNT06_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་སྤྱན་དྲངས་ཏེ། ཁ་ནས་ཞུགས་ཤིང་སློབ་མ་ལ་ཐིམ་པར་བསམ་ལ། ལྟེ་བ་ནས་འཐོན་པ་དེ། མདུན་དུ་འདུག་ནས་གསོལ་བ་གདབ་པར་བྱའོ། །གུས་པས་ཐལ་མོ་སྦྱར་ལ། སྟོན་པ་ཁྱོད་ལ་བདག་དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་རིམ་པ་དང༌། །བྱང་ཆུབ་སེམས་ཀྱང་བདག་ལ་སྩཽལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་མཛོད། །ལན་གསུམ་རྗེས་ཟློས་བྱའོ། །དེ་ནས་སློབ་མའི་རྒྱུད་བཟང་པོར་བྱ་བའི་ཕྱིར། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་པ་མེད་པ་བརྙེས། །ཤཱཀྱ་སེང་གེས་སོགས་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གི་སྟོབས་ཀྱིས་བདུད་ཀྱི་སྡེ། །ཤིན་ཏུ་མི་བཟད་ཆེར་བཅོམ་ནས། །འཇིག་རྟེན་རྗེས་འཇུག་བརྟགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། དེ་ནས་སེམས་བསྐྱེད་དང་སྡོམ་པ་སྦྱིན་པའི་རྗེས་ཟློས་བྱ་ཞིང༌། དཀོན་མཆོག་གསུམ་ལ་


TNT06_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག །གི་བར་དུ་ལན་གསུམ་བརྗོད། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དཔང་པོར་བྱས་ལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ནས། མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བཟླས་སོ། །སློབ་དཔོན་གྱི་དབང་མི་བསྐུར་ན། རིགས་ལྔའི་སྡོམ་པ་མི་སྦྱིན་ནོ། །རྡོ་རྗེ་དང་བཅས་པའི་དྲིའི་ཆུས་གནས་གསུམ་དུ་རེག་ཅིང༌། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་ལས་འཁོར་ལོ་པདྨ་རྡོ་རྗེ་ཡི་གེ་གསུམ་དང་བཅས་དམིགས་ལ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་ཀྱིས་མཆོད་པར་བྱའོ། །སོ་ཤིང་སྦྱིན་པ་ནི། བ་བྱུང་དྲི་བཟང་དང་བཅས་པས་གྲུ་བཞིར་བྱུགས་པའི་སྟེང་དུ། སོ་ཤིང་སོར་བཅུ་གཉིས་པ་མ་གས་ཤིང་སྲོག་ཆགས་ཀྱིས་མ་ཟོས་པའི་རྩེ་མོར་མེ་ཏོག་དང་བཅས་པ། ཧཱུཾ་ལས་བྱུང་ཞིང༌། ལན་བདུན་བཟླས་པ། སློབ་མ་ཐལ་མོ་སྦྱར་བའི་ལག་ཏུ་སྦྱིན་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཨ་མྲྀ་ཏ་ཧཱུཾ་ཕཊ། ཞེས་པ་བགེགས་སྦྱངས་ལ། རྩེ་མོས་སོ་དྲུད་ནས་ཁ་ཤར་དུ་ཕྱོགས་པས། བཛྲ་ཧ་ས་ཧ། ཞེས་བརྗོད་ཅིང་དོར། རྩེ་མོ་ཤར་ལྷོ་ནུབ་བྱང་འོག་ཏུ་བསྟན་ན། ཞི་རྒྱས་དབང་དྲག་མཁའ་སྤྱོད་ས་འོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་ཏོ། །བཾ་ལས་བྱུང་ཞིང༌། ལན་བདུན་བཟླས་པའི་དྲི་ཆུ། ཨོཾ་ཧྲཱིཿབི་ཤུདྷ་དྷརྨ་སརྦ་


TNT06_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་པཾ་ནི་ཤྩ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་པའི་ཁྱོར་ཆུ་བྱིན་ལ་ལན་གསུམ་མཐུང་དུ་གཞུག་གོ །དེ་ནས། ཧཱུཾ་ལས་ཀུ་ཤ་ཆེ་ཆུང་གཉིས་ཧཱུཾ། ལན་བདུན་བཟླས་ཏེ་སྟན་དང་སྔས་ཀྱི་དོད་དུ། ཨོཾ་བཛྲ་ཏིཀྵ་ཎཾ། ཞེས་བཟླས་ཤིང་སྦྱིན་པར་བྱའོ། །བསྲུང་སྐུད་དམར་པོ་ལུས་ཚད་དང་མཉམ་པ་གསུམ་སྒྲིལ་ལ། ཧཱུཾ་ལས་བྱུང་བའི་མདུད་པ་གསུམ་ལྡན། ཧྲཱིཿཥྚཱིཿལན་བདུན་བཟླས་པ་དཔུང་པར་བཅིང་ལ། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦན་སྭཱཧཱ། ཞེས་བརྗོད་དོ། །ཆོས་བཤད་པ་ནི། འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་ངམ་ཡང་ན་འབྱུང་མི་འགྱུར། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལེགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོང་འཕང་བླ་ན་མེད་པར་འགྱུར། །གང་ཞིག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་དུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་


TNT06_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འགྲོ་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བརྗོད་ཅིང་དོན་བཤད་དོ། །རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། བུ་ཀྱེ་སང་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨྲཽས། །ཞེས་གདམས་ལ་རྨི་ལམ་བཟང་ངན་གྱི་ཁྱད་པར་ཅུང་ཟད་བཤད་དོ། །དེ་ནས་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །འདི་ལ་སྙན་གསན་དབབ་པ་ཡན་ཆད་སྔོན་ལ་བྱས་ཏེ། དེ་རྗེས་བུམ་པ་དང་སློབ་མའི་སྟ་གོན་བྱས། མཆོད་བསྟོད་ནམ་མཁར་འདེགས་པ་རྣམས་སྐབས་འདིར་བྱས་ཀྱང་རུང་བས་གང་བདེ་བྱའོ། །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ནངས་པར་སྔ་བར་ལངས་ནས། ཚོན་སྣ་ལྔའི་སྟེང་དུ་སྲད་བུ་ཁ་དོག་སྣ་ལྔ་བཞག གཏོར་མ་དང་མཆོད་པ་ཆ་ཚང་བཤམས། ཐིག་ཚོན་སྣ་ལྔ་གྲལ་སྒྲིགས་སུ་བཤམས་ཀྱང་རུང༌། དབུས་དང་ཕྱོགས་བཞིར་བཀོད་ཀྱང་རུང་སྟེ། བསངས་སྦྱངས། སྟོང་པའི་ངང་ལས། ཐིག་ཚོན་སྔོན་པོའི་གནས་སུ། ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་སྔོན་པོ། དཀར་པོའི་གནས་སུ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ། ཐིག་ཚོན་སེར་པོའི་གནས་སུ་མ་ལས་སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་་སེར་པོ། ཐིག་ཚོན་དམར་པོའི་གནས་སུ་མེ་ལས་འདོད་ཆགས་གཤིན་རྗེ་


TNT06_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་སྐུ་མདོག་དམར་པོ། ཐིག་ཚོན་ལྗང་ཁུའི་གནས་སུ་ད་ལས་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་ཁུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་བ་ཅན། གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་ཤིང༌། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་གར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། མཆོད་པ་བྱིན་རླབས་བསྡུས་པ་གོང་གཞིན་བྱ། གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཛི་ན་ཛིཀ་ཧཱུཾ་ཕཊ། ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཨ་རོ་ལྀཀ་ཧཱུཾ་ཕཊ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཅེས་པའི་སྔགས་ཚན་ལྔ་རེ་རེ་བཞིན། ཨ་ཀཱ་རོ། བཏགས་པས་གཏོར་མ་


TNT06_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་མཆོག །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་པའི་མཆོག །ཞེ་སྡང་རྡོ་རྗེ་ཁྱོད་ཕྱག་འཚལ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ༴ ཐུགས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི༴ ཁྱབ་བདག་ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི༴ གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། སྔགས་ཚན་ལྔ་པོ་དེ་དག་བདུན་ནམ་ཉེར་ཅིག་ཙམ་གང་འོས་བཟླ། ཁྲོ་བོ་རིགས་ལྔ་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་གྱུར། ཨོཾ་དིཔྟ་དྲྀཥྟ་ཨཾ་ཀུ་ཤ་ཛཿཛཿ ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་ཐིག་སྐུད་དང་རྡུལ་ཚོན་བྱུང་བ་ཐིག་ཚོན་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཐིག་སྐུད་བརྐྱངས་ཤིང་སྒྲིམ་སྟེ། ཨོཾ་ཨཱཿནྱོ་ནྱ་ཨ་ནུཏྒ་ཏ་སརྦ་དྷརྨ་པ་ར་སྥ་ར་ཨ་ནུ་པྲ་བྀཥྟཿསརྦ་དྷརྨ་ཨ་དྱནྟ་ཨ་ནུ་པྲ་བིཥྟཿསརྦ་དྷརྨ་ཧཱུཾ། ཞེས་བཟླ། ཛྫ་ཞེས་སློབ་མ་ལ་གཏད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་བཞིན་དུ་དང་པོར་ནམ་མཁའ་དང༌། དེ་ནས་ས་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་ཐིག་


TNT06_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད་གདབ་སྟེ། གཡས་བསྐོར་དུ་བྱེད་པ་སོགས་སྤྱི་དང་འདྲའོ། །དེའི་རྗེས་སུ་ལས་ཐིག་ཀྱང་ཞིབ་མོར་གདབ་པར་བྱ་སྟེ། རྩ་ཐིག་ནང་དུ་ལྷ་རྣམས་ཆ་ཆེན་གཅིག་བཞག་ལ། དེ་ནང་ཟླུམ་ཐིག་རིམ་པ་གསུམ། ནང་ལེ་ཚེ་དགུ་དང་བཅས་པ་གདབ། རྟ་བབས་སྒོ་ཚད་གསུམ་པ་དང༌། གཅིག་པ་ཇི་ལྟར་བདེ་བར་བྱ་སྟེ། མེ་རིའི་ཕྱི་རོལ་ཏུ་དུར་ཁྲོད་འདྲི་བའམ་རྡོ་རྗེའི་རྭ་བའི་ནང་དུ་བྲིས་ཀྱང་རུང་བས། དེའི་ཐིག་ཀྱང་གདབ་པར་བྱའོ། །དེ་ནས་རྡུལ་ཚོན་རྣམས་ཧི་ཧི་ཞེས་པ་དང༌། རྡོ་རྗེ་མེའི་ཕྱག་རྒྱས་ཆེར་སྦར་ལ། ཨོཾ་བཛྲ་ཙིཏྟྲ་ས་མ་ཡ་ཧཱུཾ། ཞེས་རྡུལ་ཚོན་མཉེ་བར་བྱའོ། །སློབ་དཔོན་གྱི་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧོ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་པ་ལ། ཧིཿཧིཿཞེས་སྒོའི་རྩ་ཐིག་ཕྱི། ཆོས་དབྱིངས་ཡེ་ཤེས་དག་པའི་གནས། །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གནས་པའོ། །ཞེས་བརྗོད་དེ་དབང་ལྡན་གྱི་རྩིག་པ་ན་འདྲི། ཚོན་འགྱེད་པ་རྫོགས་ནས། ཐིག་ཚོན་གྱི་ལྷག་མ་ལ་མཆོད་བསྟོད་བསྡུས་པ་རེ་བྱས་ནས། ཨོཾ་ཨཱཿཧཱུཾ་མུཿ ཞེས་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ ཡིས་དམ་ཚིག་པ་རང་ལ་ཐིམ། ལྷག་ཆད་ཀྱི་ཉེས་པ་སྤང་བའི་དོན་དུ། དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་རྡོ་རྗེ་གསོར་ཞིང་ཡིག་བརྒྱ་མང་དུ་བཟླ། བུམ་པ་འབུལ་ཚུལ་སྤྱི་དང་མཐུན་ནོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི། མཆོད་པ་དང་ས་རྒྱན་གནམ་བརྒྱན་སོགས་ཚང་བར་བཤམས། འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཀྱང་འཛོམ་པར་བྱས་ལ། ཆོག་ལ་འཇུག་སྟེ། སྔོན་འགྲོ་གཏོར་


TNT06_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མ། གནས་ཡོ་བྱིན་བརླབས། ཞུ་འབུལ། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། ནང་མཆོད་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། ཚོགས་ཞིང་ནས་བརྩམས་བཟླས་པའི་མཐར། རང་གི་ཐུགས་ཀར་བསྡུ། ཞེས་པའི་བར་བདག་བསྐྱེད་མངོན་རྟོགས་རྫོགས་པར་སྒོམ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཆོས་འབྱུང་གྲུ་གསུམ། ཞེས་པ་ནས། མེ་དཔུང་འབར་བའི་དབུས་སུ་བཞུགས་པ་རྣམས་སུ་གྱུར། ཞེས་པའི་བར་དམ་ཚིག་པ་བསྐྱེད་པ་ལྷ་སྟ་གོན་གྱི་སྐབས་དང་འདྲ། གཙོ་འཁོར་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། ཞེས་པ་ནས། ཕྱག་གཉིས་པ་རེས་དབུ་བརྒྱན། གྱི་བར་ཡང་བུམ་བསྐྱེད་ཀྱི་སྐབས་དང་འདྲའོ། །ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའ་ནས་སྟ་གོན་གྱི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཧྲཱིཿཥྚཱིཿལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། སླར་ཡང་ཧྲཱིཿཥྚཱིཿལན་གསུམ་གྱིས་གུར་གྱི་སྒོ་ཕྱེ་ལ་ནང་དུ་སྤྱན་དྲངས། ཡང་གསུམ་གྱིས་མཚམས་བཅིང་བའོ། །ཨོཾབཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད། ཨོཾ་ཀུ་ཤ་སོགས་ཀྱིས། དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྟིམ། དཀྱིལ་འཁོར་བྱིན་གྱིས་བརླབས་པའི་དོན་དུ་སྔགས་གསུམ་ཅི་རིགས་པ་དང༌། ཡིག་བརྒྱ་ལན་དགུ་བཟླའོ། །དེ་ནས་སླར་ཡང་མཆོད་པ་རྒྱ་ཆེར་བཤམས། མཆོད་པ་བྱིན་རླབས་


TNT06_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་བྱེད་པ་ནས་བརྩམས། གཏོར་ཆོག་རྫོགས་ཀྱི་བར་སྟ་གོན་དང་འདྲ། ཕྱི་རོལ་གཏོར་མ་གཏོར་བར་སྤྲོ་ན། ལག་ལེན་ནི་སྤྱི་དང་མཐུན་ལ། སྒྲུབ་ཐབས་བཞིན་གཏོར་མ་བྱིན་རླབས་རྒྱས་པར་བྱ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས། ཞེས་པ་ནས། བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། ནས་འཕྲིན་བཅོལ་གྱི་བར་ཕྱོགས་སྐྱོང་གི་གཏོར་ཆོག་སྒྲུབ་ཐབས་སུ་བཤད་པ་དང་འདྲ་བ་ལས། ཕུན་སུམ་ཚོགས་པ་མངའ་བ། སོགས་ཀྱི་བཀྲ་ཤིས་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས་སྨོན་ལམ་བཏབ། ཨོཾ་ཧྲཱིཿབི་ཤུདྡྷ། སོགས་ཀྱིས་མཆོད་ཡོན་འགྲོ་ཕྱོགས་སུ་སྒྲེངས། ཡིག་བརྒྱ་དང་བཟོད་གསོལ། གཤེགས་གསོལ་རྣམས་བྱས་ལ་གཏོར་མ་བཞི་མདོ་སོགས་་སུ་བསྐྱལ། རྩ་སྔགས་དང་བདུད་རྩི་འཁྱིལ་བའི་སྣགས་ཀྱིས་མཚམས་བཅད་ནང་དུ་འཇུག་གོ །འདི་ལ་དཀྱིལ་ཆོག་རྙིང་པར་བཤད་ཅིང་དེང་སང་ཕལ་ཆེར་ལག་ལེན་ལ་བྱེད་པ་ལྟར། དྲུག་ཅུ་རྩ་བཞི་ནང་གཏོར་གྱི་ལུགས་བཞིན་དུ་བྱེད་པ་ཡང་སྤྱིར་མི་ལེགས་པ་མ་ཡིན་ཡང་ཕྱི་རོལ་གཏོར་མ་ལ་འདི་ཙམ་གྱིས་ཆོག་ཅིང༌། ནང་གི་གཏོར་མའི་སྐབས། ཕྱོགས་སྐྱོང་གི་གཏོར་ཆོག་ཐུན་མོང་མ་ཡིན་པ་དེ་ཡང་བྱེད་དགོས་པས། ལག་ལེན་ཕྲ་མོ་འདིའི་རིགས་ཀྱང་མ་འཁྲུགས་པར་བྱའོ། །བར་འདིར་འགྲུབ་ན། སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོས་དཀྱིལ་འཁོར་མཆོད་པ་ཡང་གལ་ཆེའོ། །ལྔ་པ་ནི། ཕྱི་རོལ་གཏོར་མའི་རྗེས་ཐོགས་ཉིད་ལ། སྒོ་དབྱེ་བ་དང་མེ་ཏོག་འབུལ་བ་བྱས་ནས་དབང་ལེན་པའང་ཡོད་ལ་མཐའ་གཅིག་ཏུ་དགོས་པའང་མ་ཡིན་པས་


TNT06_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བདེར་བྱའོ། །དེ་ཡང་འཇུག་པའི་དོན་དུ་མཎྜལ་ཕུལ་ལ། རོ་ལངས་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ནས། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །གཤིན་རྗེ་སྒྲོལ་བའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ཨཱ་ཁཾ་ཝཱི་ར་ཧཱུཾ། གདོང་གཡོགས་བཅིང་ལ། ཨུ་དུམ་ཝ་ར་མནྜ་ར། །ཡོངས་འདུའི་ཤིང་དང་མ་ལི་ཀ ། ཀརྣྀ་ཀ་ཡི་འཕྲེང་བ་འདི། །ལེགས་པར་མནོས་ལ་བུས་བཟུང་ཞིག །ཅེས་མེ་ཏོག་བཟུང༌། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཀྱིས་བུམ་ཆུས་བསངས། ཨོཾ་ཨཱཿཧཱུཾ། གིས་བདུད་རྩི་མྱངས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེས་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་དྲི་ལན་བྱ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གནས་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡཱ་མི། སྙིང་གར་རྡོ་རྗེ་བཞག་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡཱ་ཐ་སུ་ཁཾ། རྡོ་རྗེ་སྤྱི་བོར་གཏུགས་ལ། དུས་འདི་ནས་ནི་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ང་ཡིས་རྡོ་རྗེ་ཡེ་ཤེས་བྱིན། །དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར། །གང་ཞིག་འདི་ནི་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲ་ན་ཉམས་པར་འགྱུར། །


TNT06_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ནན་ཏན་གསང་བར་བྱོས། །ཤར་སྒོ་ནས་ཕྱག་འཚལ་བར་བསམ། ཨོཾ་ན་མཿཏེ་ཧཱུཾ། ན་མོ་མི་ཧཱུཾ། ན་མོ་ན་མ་ཧཱུཾ། ཞེས་གནས་གསུམ་དུ་ཐལ་མོ་སྦྱར་རོ། །ཨོཾ་བཛྲ་ཨུཏ་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་སྒོ་ཕྱེ། རྒྱས་པར་སྤྲོ་ན་ཕྱོགས་བཞི་ནས་ཕྱག་ལྔ་འཚལ་བའང་བྱའོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་དང༌། རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན་པར་བྱ། རྡོ་རྗེ་སྤྱི་བོར་བཞག་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡི། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། །སྙིང་གར་གཏུགས་ཏེ། གཤིན་རྗེ་གཤེད་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུག་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་སྤྱི་བོར་བཞག་ལ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགེམས་བར་འགྱུར་རོ། །དུང་གི་ཆུའམ། རྣམ་རྒྱལ་བུམ་པའི་ཆུ་ནས་ཅུང་ཟད་འཐུང་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །འཐུང་ཞིག་རྡོ་རྗེ་བདུད་རྩིའི་ཆུ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ཋཿཋཿཋཿ ཡང་སྤྱི་བོར་རྡོ་རྗེ་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི། །གཤིན་རྗེ་གཤེད་


TNT06_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་པ། ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་བརྙས་པར་མིན། །དེ་བཞིན་མོས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་གཤིན་རྗེ་གཤེད་བདག་ལ་དབབ་ཏུ་གསོལ། །ཅེས་ལན་གསུམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པའོ། །རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པར་གསལ་བའི་རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་བ་དན་གྱིས་མཚན་པ། རྐང་མཐིལ་གཉིས་སུ་མེ་རླུང་གི་རང་བཞིན་ཡི་གེ་ཛྷཻཿལྗང་ཁུ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། སྙིང་ཁར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པ། མགོ་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པཽ་ཧ་ཡིག་གིས་མཚན་པ། སྙིང་གའི་དབུས་སུ་འཇམ་དཔལ་གཞོན་ནུ་སྐུ་མདོག་གསེར་བཙོ་མ་ལྟ་བུར་རལ་གྲི་དང་པོ་ཏི་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་གྱུར། རྐང་འོག་གི་རླུང་གིས་བ་དན་བསྐྱོད། ཛྷཻཾཿབསྐུལ་ཏེ་མེ་འོད་འབར་བ། སུམ་མདོའི་མེ་དང་་འདྲེས། སྙིང་གའི་ས་བསྲེགས།


TNT06_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ཆུ་བསྐོལ་ཞིང་ལུད་པ་སྙིང་གའི་ས་ལ་ཐིམ། འཇམ་དཔལ་གཞོན་ནུའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ལུས་ཐམས་ཅད་གང༌། ལུས་སེམས་ཐམས་ཅད་བདེ་བས་ཁྱབ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐིམ། ཧྲཱིཿཥྚཱིཿའི་མཐར། ཨ་བྷེ་ཤ་ཡ། སྟཾ་བྷཱ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཱཿཧ་ཛྷཻཾཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཡེ་ཤེས་ཕབ། ཏིཥྛ་བཛྲ། གྱིས་བརྟན་པར་བྱས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །གཤིན་རྗེ་གཤེད་པོའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་གསོལ་བ་བཏབ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་མེ་ཏོག་དོར། པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། མིག་གཉིས་སུ་འབར་བ་དང་བཅས་པའི་ཨོཾ། དཔྲལ་བར་རཾ། སྙིང་ཁར་ཧཱུཾ། གཤིན་རྗེ་གཤེད་པོ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་མཧཱ་མཎྜལ་པྲ་བྷེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བཀྲོལ། ཧེ་བཛྲ་པཱ་ཤྱ།


TNT06_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་བལྟ་བར་བསྐུལ། དཀྱིལ་འཁོར་དམ་པ་་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཡང་མཎྜལ་ཕུལ། ཇི་ལྟར་རྡོ་རྗེ་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་བསྐུར་ཞིང༌། །བདག་ལ་དོན་མཆོག་སྩལ་དུ་གསོལ། །ཅེས་ལན་གསུམ། དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ། རིན་པོ་ཆེའི་ཁྲི་དང༌། པདྨ་དང་ཉི་མའི་སྟེང་དུ་རང་ཉིད་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་རྣམ་པས་གནས་པར་གྱུར། ཧྲཱིཿཥྚཱིཿ ལན་གསུམ་གྱིས་བགེགས་བསྐྲད། དཀྱིལ་་འཁོར་གྱིས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་བཅོམ་ལྡན་འདས་གཤིན་རྗེ་གཤེད་རིགས་ལྔ་ཡུམ་བཞི། སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་ཀྱི་ལྷ་ཚོགས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་སེམས་མ་


TNT06_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཤིས་པ་བརྗོད་ཅིང་མཆོད་པར་བྱས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། ཙརྩི་ཀ་ལ་སོགས་པ་ཡུམ་བཞི་པོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ཐོགས་ཏེ། ཡལ་འདབ་ཀྱིས་བདུད་རྩིའི་ཆུ་རྒྱུན་བླངས་ཏེ། དབང་བསྐུར་ཚུལ་དུ་མཛད། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བའི་སངས་རྒྱས་བྱང་ཆུབ་་སེམས་དཔའ་ཐམས་ཅད་ཀྱིས་རོལ་མོའི་སྒྲ་བསྒྲགས། བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས། མེ་ཏོག་གི་ཆར་འབེབས་བཞིན་དུ་ཤིས་པ་བརྗོད་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨོ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེས་ནས་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེང་བདག་གི་སློབ་མ་འདི་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས། ཤིན་ཏུ་བཀྲ་ཤིས་


TNT06_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །ཡ་མནྟ་ཀ་བཟླ་བཞིན་ལས་བུམ་གྱི་ཆུས་དབང་རྫས་དང༌། སློབ་མ་རྣམས་ལ་བསངས་གཏོར་བྱ། ཆུ་དབང་གི་དོན་དུ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གར་དྷཱིཿལས་འཇམ་དཔལ་གཞོན་ནུ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རལ་གྲི་དང་པོ་ཏི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་མུཏྒ་ར་ཛཿ སོགས། གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་


TNT06_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། དབང་གི་ལྷ་རྣམས་ལ་རང་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་སོ། །དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཨ་ཧཾ། ཞེས་གསུང་བཞིན་དུ་བདག་ཉིད་ལ་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཆུའི་དབང་ལ་ཕྱི་ནང་གཉིས་ཡོད་པ་ལས་ཕྱིའི་དབང་ངོ༌། །དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང༌། བདག་ཉིད་ཞལ་དུ་བཅུག །ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པ་ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་པ་ཅན་ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་སྐུར་གྱུར།


TNT06_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡང་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་བབས་ཏེ། བདག་ཉིད་ལ་དབང་བསྐུར་ཞིང་གཉིས་སུ་མེད་པར་ཐིམ། མཁའ་ནང་ནས་ཕྱིར་སྤྲོས་ཏེ། ཕྱི་རོལ་ཏུ་རང་གི་སྟན་ལ་་འཁོད། དེ་ནི་ནང་དབང་ངོ༌། །པུཥྤེ་ནས། ནཻ་ཝི་ཏྱེའི་བར་གྱིས་མཆོད། དེ་ལྟར་ན་ཆུའི་དབང་བསྐུར་བ་ཐོབ། ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་གྱུར། ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་ངོ༌། །དེ་ཁོ་ནས་རིག་པའི་དབང་གཞན་རྣམས་ལའང་རིགས་འགྲེ་སྟེ། དེ་ལ་ཅོད་པན་གྱི་དབང་ནི། བདག་དང་དབང་རྫས་རིན་པོ་ཆེའི་དབུ་བརྒྱན་གཉིས་ཀ་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དྲིལ་བུ་འཛིན་པས། ཞེས་དང༌། ཡུམ་རིན་ཆེན་སྒྲོལ་མ་སེར་མོ། ཞེས་དང༌། ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་དང༌། ཞུ་བ་ལས་བྱུང་བའི་ཅོད་པན་དུ། ཞེས་དང༌། སངས་རྒྱས་ཀུན་གྱི་ཅོད་པན་དབང༌། །རྫོགས་སངས་རྒྱས་ཉིད་རབ་སྒྲུབ་ཕྱིར། །ཅོད་པན་


TNT06_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དབང་བསྐུར་བས། །འཁོར་ལོས་བསྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་ལཾ་མཾ་པཾ་ཏཾ་ཧཱུཾ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དང༌། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་དང༌། དཔལ་ལྡན་ཡོན་ཏན་རྡོ་རྗེ་འཛིན། །མི་ཕྱེད༴ དེང་བདག༴ ཡོན་ཏན་རྡོ་རྗེར༴ ཞེས་དང༌། ཡུམ་གྱི་མཁར་བབས་པ། མ་ལས་རིན་པོ་ཆེ་མས་མཚན་པ་ཡོངས་སུ་གྱུར་པ་ལས། སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ། ཞེས་དང༌། དེ་ལྟར་ན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུས་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་གྱུར། སེར་སྣ་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །རྡོ་རྗེའི་དབང་ལ། དབང་རྫས་རྡོ་རྗེ་གཉིས་ཀ ཛིཾ་ལས་པདྨ་ཛིཾ་གིས༴ འོད་དཔག་མེད་་དམར་པོ་པདྨ་དང༌། ཡུམ་གོས་དཀར་མོ་དམར་མོ༴ འོད་དཔག་མེད་ཀྱིས་དབུ་བརྒྱན། ཞུ་བ་ལས་བྱུང་བའི་རྡོ་རྗེར༴ རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་མཆོག་གི་དབང་བསྐུར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤཱུ་ནྱཱ་ཏ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། འོད་དཔག་མེད་ཀྱིས་དབུ་བརྒྱན། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །མི་ཕྱེད༴ དེང་བདག༴ གསུང་གི་རྡོ་རྗེར༴ མེ་ལས་པདྨ་མེས་མཚན་པ་ཡོངས་སུ་གྱུར་པ་ལས། འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ༴ དེ་


TNT06_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་ཀྱི་ཕུང་པོ༴ སོ་སོར་རྟོག་པའི་ཡེ་ཤེས༴ འོད་དཔག་མེད་ཀྱི༴ འདོད་ཆགས་གཤིན་རྗེ་གཤེད་ཀྱི། ཞེས་འདོན་པ་སྤོ། དྲིལ་བུའི་དབང་ནི། བདག་དང་དབང་རྫས་དྲིལ་བུ། ཁཾ་ལས་རལ་གྲི་ཁཾ་གིས༴ དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ། རལ་གྲི་དང༌། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ དོན་ཡོད་གྲུབ་པས་དབུ་བརྒྱན། ཞུ་བ་ལས་བྱུང་བའི་དྲིལ་བུ། ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོག་པ། །ཐམས་ཅད་སྟོང་ཉིད་དོན་སྟོན་པའི། །དྲིལ་བུའི་དབང་ནི་བླ་ན་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པ་ད་ལྱཱ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུཾ། དཔལ་ལྡན་འཕྲིན་ལས་རྡོ་རྗེ་འཛིན། །མི་ཕྱེད༴ དེང་བདག༴ འཕྲིན་ལས་རྡོ་རྗེར༴ མཁར་བབས་པ། ད་ལས་རལ་གྲི་དས་མཚན་པ་ཡོངས༴ ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་ཁུ༴ དེ་ལྟར་ན་དྲིལ་བུའི་དབང༌། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ༴ བྱ་བ་སྒྲུབ་པའི་ཡེ་ཤེས༴ དོན་ཡོད་གྲུབ་པའི༴ ཕྲག་དོག་གཤིན་རྗེ་གཤེད་ཀྱི་སྒོ་ནས༴ ཞེས་འདོན་པ་སྤཽ། མིང་གི་དབང་ནི། བདག་དང་དབང་རྫས་རྡོ་རྗེ་དང་བཅས་པའི་དྲིལ་བུ། བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ༴ རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་༴ ཡུམ་སངས་རྒྱས་སྤྱན་མ་དཀར་མོ༴ རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཞུ་བ་ལས་རྡོ་རྗེ་དང་དྲིལ་བུར་གྱུར། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བ། །རྡོ་རྗེའི་མིང་དུ་


TNT06_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྒྲགས། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཀྱཻ་དཔལ་འདི་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །མི་ཕྱེད༴ དེང་བདག༴ སྐུ་ཡི་རྡོ་རྗེར༴ ཡུམ་གྱི་མཁར་བབས་པ་ལས། གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ། དེ་ལྟར་ན་མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་གྱུར། གཏི་མུག་གཤིན་རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ༴ ཡུམ་རྡོ་རྗེ་སྙེམས་མ་དཀར་མོ༴ ཐམས་ཅད་ཀྱི་བརྒྱན་པ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔའི་ངོ་བོ། ལག་པ་དང་སྙིང་གར་གཏད་པས། རང་གི་སྙིང་གར་ཡང་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཞུགས་པར་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུགཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། དེ་ལྟར་ན་བརྟུལ་བཞུགས་ཀྱི་དབང་བསྐུར་བ་ཐོས་པས། ཉོན་མོངས་པ་ལྔའི་རང་


TNT06_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང༌། ཕུང་པོ་ལྔའི་ཆོས་ཉིད་དང༌། རིགས་ལྔ་དང་ཡེ་ཤེས་ལྔ་མཐའ་དག་དོན་དམ་མཉམ་ཉིད་ཆེན་པོ་གཅིག་གི་ངོ་བོར་མངོན་དུ་བྱས་སོ། །རྡོ་རྗེ་སློབ་མའི་དབང་གི་ཆོ་གའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། ཀྱེ་ཧོ་ཁྱོད་ཀྱི་འཕྲིན་ལས་ནི། །བདག་ལ་རང་དང་གཞན་གྱི་དོན། །རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༌། །སྙིང་རྗེའི་གཏེར་གྱིས་སྩལ་དུ་གསོལ། །ལན་གསུམ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་ཁྲུས་སྟེགས་རིན་པོ་ཆེའི་ཁྲིའི་སྟེང་དུ། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་གནས་པར་གྱུར། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། མཐའ་{ོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྐོར་བར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་ཉིད་ཞལ་དུ་བཅུག ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡང་གཙོ་བོའི་ཐུགས་་ཀ་ནས་འོད་ཟེར་འཕྲོས།


TNT06_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་བབས་ཏེ། བདག་ཉིད་ལ་དབང་བསྐུར་ཞིང་གཉིས་སུ་མེད་པར་ཐིམ། མཁའ་ནང་ནས་ཕྱིར་སྤྲོས་ཏེ། ཕྱི་རོལ་ཏུ་རང་གི་སྟན་ལ་འཁོད། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔའི་ངོ་བོ། འདི་སྟེ་སངས་རྒྱས་ཐམས་ཅན་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུག ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཅེས་ལག་ཏུ་གཏད་པར་བསམ། དེ་ཉིད་ལན་གསུམ་དུ་གསོལ་ཞིང་སྙིང་གར་གཏད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །ཨོཾ་མཧཱ་བཛྲ་ཧཱུཾ། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ལན་གསུམ་གྱིས་དཀྲོལ་ཏེ། ཁ་ནང་དུ་ཕྱོགས་པས་དཀུ་གཡོན་པ་བསྟེན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲེད་འགལ་བྱས། །རང་བཞིན་དག་པའི་་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྚེ་ཨཱཿ ཤེས་རབ་ཐབས་ཀྱི་རང་བཞིན་བདག །རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཕྱིར། །བུ་ཡི་ཡང་དག་གུས་པར་བཟུང༌། །དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་


TNT06_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ལ་སྙིང་པོ་བཟླ། །རང་ཉིད་རྡོ་རྗེ་འཆང་ཆེར་པོར་གསལ་བའི་པང་དུ། ཡུམ་རྡོ་རྗེ་བསྙེམས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ། ལོ་བཅུ་དྲུག་ལོན་པ་ལྟ་བུས་ཡང་དག་པར་འཁྱུད་པ། ཐུགས་རྒྱུད་བདེ་བས་ཡོངས་སུ་ཁྱབ་པར་གྱུར། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱི་ལོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བས། །བདག་དང་གཞན་ལ་མཆོད་པ་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་དམ་ཚིག་གསུམ་བཟུང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾབཛྲ་ཨུ་ད་ཀ སོགས་ཀྱིས་ཆུ་དབང་བསྐུར། དེ་ལྟར་ན། ཡེ་ཤེས་ཀྱི་བདུད་རྩིའི་བུམ་པའི་ཆུའི་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་དགཆུའི་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན་པར་གྱུར། ནམ་མཁའ་བཞུགས་པའི་དབང་གི་ལྷ་ཐམས་ཅད་ཀྱང་བདག་ཉིད་ལ་ཐིམ། པུཥྤེ་སོགས་ཀྱིས་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ།


TNT06_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། དེ་ཉིད་གསུམ་བརྗོད་པ་ནི། སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞི་པའོ། །དྲན་པ་ཉེ་བར་བཞག་པ་བཞི་དག་པ་ནི། ཤར་གྱི་སྒོ་དང༌། ཡང་་དག་སྤོང་བ་བཞི་དག་པ་ནི་ལྷོའི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དག་པ་ནི་ནུབ་ཀྱི་དང༌། དད་པ་ལ་སོགས་པར་དབང་པོ་ལྔ་དག་པ་ནི་བྱང་གི་སྒོའོ། །རྡོ་རྗེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ཕྱིར་རྡོ་རྗེའི་འཕྲེང་བའོ། །འཇིགས་ཚོགས་ལ་ལྟ་བའི་རི་རྩེ་མོ་མཐོན་པོ་ཉི་ཤུ་འཇོམས་པ་ནི། སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི། ཟུར་བཞི་དང་ལོགས་བཞིའོ། །ལྷ་རྣམས་ནི་ཕུང་པོ་ལྔ་དང༌། འབྱུང་བ་བཞི་རྣམ་པར་དག་པའི་བདག་ཉིད་དང༌། དངོས་གྲུབ་བརྒྱད་དང༌། ཡོན་ཏན་བརྒྱད་དང༌། དབང་ཕྱུག་བརྒྱད་དང༌། ལམ་ཡན་ལག་བརྒྱད་རྣམ་པར་དག་པའི་བདག་ཉིད་རྣམས་དང༌། བསྡུ་བའི་དངོས་པོ་བཞི་དང༌། ཚད་མེད་པ་བཞིའི་བདག་ཉིད་དོ། །བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། གཏོར་མའི་ཆོ་ག་དང༌། བསྲུང་བ་དང༌། ཕྱིར་བཟློག་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། སློབ་མ་གཞུག་པ་དང༌། རབ་ཏུ་གནས་པ་ལ་སོགས་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་བྱ་བའི་རིམ་པ་ཡིན་ནོ། །གཞན་ཡང་གཙོ་བོ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསུང་རབ་ཡན་ལག་དགུ་རྣམ་པར་དག་པའི་ཞལ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་


TNT06_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག །སྟོང་པ་ཉིད་བཅུ་དྲུག་དག་པའི་ཞབས། ཞེ་སྡང་རྣམ་པར་དག་པ་ཁྲོ་བོའི་སྐུ། གཏི་མུག་རྣམ་པར་དག་པ་མ་ཧེའི་ཞལ། འདོད་ཆགས་རྣམ་པར་དག་པ་ལིངྒ་རྒྱས། ང་རྒྱལ་རྣམ་པར་དག་པ་ལྷ་རྣམས་ཞབས་ཀྱིས་མནན་པ། ཕྲག་དོག་རྣམ་པར་དག་པ་མཚོན་ཆ་སྣ་ཚོགས་པ་འཛིན་པའོ། །ཞེས་སློབ་དཔོན་གྱི་དབང་ངོ༌། །མཐའ་རྟེན་རྣམས་ལས་དང་པོར་རྗེས་གནང་གི་རིམ་པ་རྣམས་ནི་ལུགས་མའམ། ཙ་ཀ་ལི་ལ་སོགས་པའི་སྐུ་གཟུགས་སམ་མེ་ཏོག་སྤྱི་བོར་བཞག་ལ། ཉིན་རེ་བཞིན་ཡང་ཐུན་བཞི་རུ། །འདོད་པའི་ལྷའི་རྣལ་འབྱོར་དང༌། །ལྡན་པས་མཆོག་དང་ཐུན་མོང་གི ། དངོས་གྲུབ་འདོད་ཕྱིར་ཡིད་མ་སྒྲུབས། །སྐུའི་རྗེས་གནང་ངོ༌། །དཀྱིལ་འཁོར་གྱི་གཙོ་བོར་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང༌། ཞལ་ནས་འཐོན། རང་གི་ཁ་སྒོ་ནས་ཞུགས། སྙིང་གར་ཧཱུཾ་གི་མཐར་འཁོད་པར་གྱུར། སྔགས་གསུམ་པོ་ལན་གསུམ་གསུམ་བཟླ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། འཕྲེང་བའམ། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །གསུང་གི་རྗེས་གནང་ངོ༌། །སངས་རྒྱས་ཀུན་གྱི་གྲི་གུག་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་གྲི་གུག་དམ་པ་ནི། །རྨོངས་པའི་མགོ་བོ་བཅད་ཕྱིར་བཟུང༌། །ཞེས་གྲི་གུག་བཟུང༌། དངོས་དང་དངོས་མེད་རྣམས་རྟོག་གི ། མགོ་བོའི་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །


TNT06_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །ཐོད་པ་བཟུང་སྟེ་ཐུགས་ཀྱིས་རྗེས་གནང་ངོ༌། །རྡོ་རྗེ་ཐོད་དབྱུག་དབྱུག་པའི་སྒྲས། །བདུད་རྣམས་གཤིན་རྗེ་འདར་ཞིང་བསྒྱེལ། ཁམས་གསུམ་མ་ལུས་འཇོམས་བྱེད་པ། །དཔའ་བོའི་མཚན་མ་འདི་བཟུང་ཞིག །དབྱུག་པ་བཟུང་སྟེ། གཤིན་རྗེ་དམ་ལ་འདོགས་པའི་རྗེས་གནང་ངོ༌། །སྡུག་པའི་གདོང་དུ་བལྟས་ན་ནི། །བལྟས་པར་འགྱུར་བའི་བདེ་བ་དེ། །སངས་རྒྱས་ཀུན་ལ་ཕུལ་ན་ནི། །སྐད་ཅིག་གིས་ནི་གཟི་བྱིན་འགྱུར། །བུད་མེད་ཀུན་གྱིས་ཡོངས་བསྐོར་ཏེ། །ཀུན་ནས་བརྩེ་བའི་བདེ་བ་དེ། །སངས་རྒྱས་ཀུན༴ སྐད་ཅིག༴ དགེ་བའམ་ཡང་ན་མི་དགེ་བའི། །ལས་རྣམས་བྱེད་པ་གང་ཡིན་དེ། །སངས་རྒྱས༴ སྐད་ཅིག༴ ལྷ་མཆོད་པའི་རྗེས་གནང་ངོ༌། །མཆོག་གི་དངོས་གྲུབ་ཐམས་ཅད་ནི། །བརྟུལ་ཞུགས་མཆོག་གིས་བསྒྲུབ་པར་བྱ། །དེ་ཕྱིར་གཤིན་རྫེ་འཇོམས་པ་ཡི། །བརྟུལ་ཞུགས་རྣམ་པ་ཀུན་ཏུ་སྤྱོད། །ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི། །བརྟུལ་ཞུགས་མེད་ན་མི་འགྲུབ་པས། །གཤིན་རྗེ་འཛོམས་པའི་བརྟུལ་ཞུགས་ནི། །ལེགས་སྤྱོད་མཆོག་གི་དངོས་གྲུབ་སྒྲུབས། །བརྟུལ་ཞུགས་ཀྱི་རྗེས་གནང་ངོ༌། །པྲཾ་ལས་བྱུང་བའི་མིག་ཐུར་གྱིས་མ་རིག་པའི་ལིང་ཐོག་བསལ་བར་གྱུར། ཇི་ལྟར་མིག་མཁན་རྒྱལ་བོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཾ། མིག་ཐུར་གྱི་རྗེས་གནང་ངོ༌། །


TNT06_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །འདིར་ནི་གསལ་དག་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །མེ་ལོང་གི་རྗེས་གནང་ངོ༌། །ཨོཾ་བཛྲ་ཧེ་ཏུ་མུཾ། ཨོཾ་བཛྲ་བྷ་ཥ་རཾ། ཨོཾ་བཛྲ་གྷནྚེ་ཨཱཿ ཨོཾ་བཛྲ་དྷརྨཱ་ཧྲཱིཿ རྣམས་ཀྱིས། འཁོར་ལོ། དུང༌། དྲིལ་བུ། པོ་ཏི་རྣམས་གཏད་པར་མོས། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་གང་བར་གྱིས། །ཆོས་བཤད་པའི་རྗེས་གནང་ངོ༌། །འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །སྤྲུལ་བཤད་གྱི་རྗེས་གནང་ངོ༌། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་སྒྲུབ་པར་བགྱི། །དངོས་གྲུབ་ཀྱི་རྗེས་གནང་ངོ༌། །སྣ་ཚོགས་རྡོ་རྗེ་སྦྱིན་པར་མོས་ལ། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ནད་ལ་


TNT06_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཞི་བར་བྱེད། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྤྲིན་རབ་བསྐོར་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །དབང་གི་ལས་ནི་ཡང་དག་བརྩམས། །བསད་པའི་སེམས་ཀྱིས་དྲག་པོ་སྟེ། །མེ་ཡི་ཆར་སྤྲིན་དབབ་པར་བྱ། །ལས་བཞིའི་རྗེས་གནང་ངོ༌། ཁཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་རལ་གྲི་ཁྲོ་བོ་བགེགས་མཐར་བྱེད་ཀྱི་རང་བཞིན་དུ་གྱུར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་གཅིག་པུ་མཆོག །བདུད་ལས་རྒྱལ་བར་བྱ་ཕྱིར་བཟུང༌། །ཨོཾ་བཛྲ་ཁཊྒ་ཧཱུཾ། རལ་གྲིའི་རྗེས་གནང་ངོ༌། །ཧོཿལས་བྱུང་བའི་མདའ་གཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། མདའ་གཞུའི་རྗེས་གནང་ངོ༌། །བསྒྲལ་བར་བྱ་བའི་ཡུལ་ལྔ་ནི། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་ཐབས་རྣམས་སྣ་ཚོགས་ཀྱིས། །བསད་བསྐྲད་དབྱེ་མནན་རེངས་རྨུགས་དང༌། །ཚར་གཅོད་རྗེས་གཟུང་ལས་མཛོད་ཅིག །དྲག་པོའི་རྗེས་གནང་ངོ༌། །དེ་ནས་ལུང་བསྟན་ནི། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །གཤིན་རྗེ་གཤེད་པོ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་དཔལ་ཆྒཻེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ས་འོག་ས་སྟེང་ས་བླ་རྣམས་སུ་བྷུར་བྷུཿཝ་སྭ། གང་ལ་ངས་ལུང་བསྟན་པ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་


TNT06_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །དབུགས་དབྱུང་བ་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཨོཾ་མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་བསྔགས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་་དེ་ཀུན་ཀྱང༌། ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །གཟེངས་བསྟོད་པ་ནི། དེ་རིང་ཁྱོད་བདག་ལེགས་པར་བརྙེད། །མི་ཡི་སྲིད་པ་དོན་དང་བཅས། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། གསང་སྔགས་མཉམ་མེད་སེམས་ལས་བྱུང༌། །སེམས་ཉིད་རིན་ཆེན་འབྱུང་བའི་གཏེར། །ཕུན་སུམ་ཚོགས་པ་ཉེ་བར་གནས། །ཟག་མེད་བདེ་བའི་དཀྱིལ་འཁོར་ཆེ། །མཐོང་བ་ཡི་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་མཆོག་རྨད་བྱུང་བརྙེད། །འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག །བདུད་བཞི་འཇོམས་ཤིང་སྡུག་བསྔལ་གྱི། །སྐྱེ་རྒ་ན་འཆི་འཇིག་པར་བྱེད། །སྲིད་པ་ངོ་བོ་ཉིད་དག་


TNT06_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཕྱག་ན་རྡོ་རྗེར་ད་གྱུར་ཏོ། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་མངོན་དུ་བྱས། གསང་དབང་གི་དོན་་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །འབྲུ་གསུམ་གྱིས་གདོང་གཡོགས་བཅིང༌། ཡང་འབྲུ་གསུམ་གྱིས་ནང་མཆོད་གཏོར་ལ་བསྲུང༌། དཀྱིལ་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཡབ་ཡུམ་སྙོམས་པར་ཞུགས་པའི། དགའ་བའི་སྒྲས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། རྡོ་རྗེའི་ལམ་ནས་བྱུང་པའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ནི་རབ་སྒྲུབ་ཕྱིར། །བུ་ཁྱོད་དེ་ལྟར་ཤེས་ཀྱིས་ཀྱེ། །ཡིད་ལ་བྱུང་བའི་ཆུ་འཐུང་ཞིགཧྲཱིཿཥྚཱིཿའི་མཐར་་འབྲུ་གསུམ་བཏགས་ལ་ནང་མཆོད་མྱང༌། ཨཱ་ཧོ་མཧཱ་སུ་ཁཾ། བྱང་ཆུབ་ཀྱི་སེམས་ཀྱིས་ལུས་གང༌། རང་བཞིན་བརྒྱད་བཅུའི་རྣམ་པར་རྟོག་པ་ནུབ་སྟེ། ཡང་དག་པའི་ཡེ་ཤེས་མངོན་དུ་བྱས། འབྲུ་གསུམ་གྱིས་གདོང་གཡོག་ཕྱེ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་དབང་ཐོབ། ངག་གི་དྲི་མ་དག །སྔགས་བཟླས་པ་དང་རླུང་སྒོམ་པ་ལ་


TNT06_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དབང༌། ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར་བའིརྟེན་འབྲེལ་བསྒྲིགས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། གོང་བཞིན་གསོལ་བ་བཏབ། གདོང་གཡོགས་བཅིང༌། འབྲུ་གསུམ་གྱིས་བསྲུང༌། བདག་ཉིད་རྡོ་རྗེ་འཇིགས་བྱེད་ཆེན་པོར་གྱུར་པ་ལ། རིག་མ་རྡོ་རྗེ་རོ་ལངས་མར་བྱིན་གྱིས་བརླབས་ཏེ་གཏད། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་སྦྱོར་བྲལ་མི་བྱའོ། །འདི་སྟེ་སངས་རྒྱས་ཐམས་ཅད་གྱི། །རིགས་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེས་ཀྱང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གསལ་བར་བྱས་ཏེ། རང་བྱུང་ང་ཡི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །གལ་ཏེ་ཆོ་ག་བསྟན་ན་ནི། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་པད་མར་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། ཡུམ་གྱི་མཁར་ཨཱཿལས་པདྨ་དམར་པོ་ཟེའུ་འབྲུ་ལ་ཨཾ་གིས་མཚན་པ། གཉིས་


TNT06_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་བུ་ག་ཕཊ་ཀྱིས་བཀག་པའོ། །ཡབ་ཡུམ་སྙོམས་པར་ཞུགས། ལུགས་འབྱུང་དང་ལུགས་བཟློག་གི་དགའ་བ་བཞི་མངོན་དུ་གྱུར། འབྲུ་གསུམ་གྱིས་གདོང་གཡོགས་ཕྱེ། རྣལ་འབྱོར་པ་ཡིས་བྱང་ཆུབ་སེམས། །ཇི་སྲིད་འབྱིན་པར་མི་བྱེད་པར། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེའི་ཀུན་སྤྱོད་དང༌། །རེག་བཅས་ཀྱི་ནི་རྨད་བྱུང་ཆེ། །དགའ་བ་སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པའོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པད་མའི་ནམ་མཁར་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་་དག་གིས་སེམས། །ནོར་བུའི་ནང་དུ་གནས་ལྟ་བས། །ཡེ་ཤེས་སྐྱེ་བ་གང་་ཡིན་ཏེ། །ཡེ་ཤེས་ངོ་བོ་ཞེས་བྱ་སྟེ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །དེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་གཅིག་ཟླ་བ་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་བརྗོད་ཅིང་དོན་བསམ། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། ཡིད་ཀྱི་དྲི་མ་དག །


TNT06_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉའི་ལམ་སྒོམ་པ་ལ་དབང༌། ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །དབང་བཞི་པའི་དོན་ཏུ་མཎྜལ་ཕུལ། གོང་བཞིན་གསོལ་བ་བཏབ། དེ་ལྟར་ཡང༌། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ཁམས་མེད་རྣམ་པར་ཤེས་པ་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། །ནམ་མཁའ་དང་ནི་མཉམ་ཉིད་གནས། །ནམ་མཁའ་ལྟ་བུར་བདག་མེད་པས། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ། གདོད་ནས་གྲུབ་པའི་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སོ་སོར་རང་གིས་རིག་པར་བྱས་པ་ནི། བཞི་པ་དོན་དམ་པའི་དབང་ངོ༌། །བརྟན་གཡོའི་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་དུས་ཉིད་ན། །བློས་ནི་ཡོངས་སུ་མི་སྒོམ་སྟེ། །ཀུན་གྱི་མཚན་ཉིད་མི་ཤེས་ན། །དེ་ཁོ་ན་ཉིད་སྒོམ་པ་མིན། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་སྒོམ་པར་རབ་ཏུ་བསྒྲགས། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་སྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། གཏང་རང་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན།


TNT06_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ལན་གསུམ། དེ་ནས་སློབ་མ་གཞུག་པའི་དོན་ནམ་མ་ཡིན་ཡང་རུང་སྟེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་སྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱིས་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་ཀྱིས་ནི་བདག་སྒྲུབ་མཛོད། །ཤིནཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་སྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གི ། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པ། །བདེན་པ་གང་གི་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡི་མགོན་བདག་ལ། ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་


TNT06_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་དམ་ཚིག་གསུམ་གྱི་གླུ་བླངས། བདེན་སྟོབས་བརྗོད་དོ། །དྲུག་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། ཆོ་ག་ཕལ་ཆེར་བདག་འཇུག་གི་སྐབས་དང་འདོན་པ་སྤོས་པས་ཆོག་ལ། ལག་ལེན་ཕལ་ཆེར་ནི་མཐོང་བས་ཤེས་པར་འགྱུར་ཞིང༌། སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་པའི་རྗེས་སུ། མངོན་རྟོགས་བཞིན་ལྷ་ངོ་སྟོན་དགོས་པ་ལས། གཞལ་ཡས་ཁང་དང་ལྷ་རྣམས་ཀྱི་བསྐྱེད་ཆོག་རྣམས་དོར་ལ། རྣམ་པར་རྒྱས་པར་བཤད་དོ། །དེ་བཞིན་དུ། སློབ་མའི་དབང་གི་གསོལ་བཏབ་སོང་མ་ཐག་གི་བགེགས་བསྐྲད་ལ་ཅུང་ཟད་སྤྲོས་པ་ལ་དགའ་ན། ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོས་སྦྱང་བ་རྣམས་སྤྱི་དང་མཐུན་པར་བྱེད། དེ་རྗེས་ཏིལ་གྱིས་སྦྱང་བ་དང༌། ལས་བུམ་གྱི་ཆུས་དྲི་མ་སྦྱང་བ་སོགས་ཀྱང་བྱེད། ལག་ལེན་བསྡུས་པ་ལ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་གཤིན་རྗེ་གཤེད། །བསྲུང་བའི་འཁོར་ལོ་སྦྱོར་བ་སྟེ། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅི་སྟེ་བཀའ་ལས་འདས་གྱུར་ན། །མཚོན་ཆ་སྣ་ཚོགས་འབར་བ་ཡིས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །ཞེས་པའི་མཐར་དྲག་རོལ་བྱ་ཞིང་ཡུངས་དཀར་གཏོར་བས་བགེགས་བསྐྲད་


TNT06_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། ཞེས་པ་ཕལ་ཆེར། སློབ་དཔོན་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ ཞེས་འདོན་པ་སྤོ། དབང་བཞི་པ་ལ་མིག་དར་བཅིང་བཀྲོལ་བྱེད་པ་ཕྱིས་ཀྱི་ལག་ལེན་ཙམ་ཡིན་མོད་ཀྱང་ཇི་ལྟར་བདེ་བར་བྱའོ། །བདུན་པ་དཀྱིལ་འཁོར་ཉེར་བསྡུའི་བྱ་བ་ལ། སྒྲུབ་མཆོད་ཞག་སྦྲེལ་མ་བྱེད་པ་སོགས་ཀྱིས་ཉི་མ་སྔ་མ་རྣམས་ལ་མཆོད་བསྟོད་གསོལ་གདབ། བཟོད་གསོལ། མཆོད་མགྲོན་འགའ་ཞིག་གཤེགས་སུ་གསོལ་བ་དང༌། དཀྱིལ་འཁོར་དང་རྟེན་ལ་བརྟན་བཞུགས་བྱ་བ་དང༌། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །དཀྱིལ་འཁོར་གཤེགས་གསོལ་དང་འབྲེལ་བའི་ཉེར་བསྡུ་ལ་ནི། དཀྱིལ་འཁོར་ལ་བརྟན་བཞུགས་བོར་ཏེ། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པའི་ཆོ་ག་རྣམས་བསྣན་དགོས་སོ། །དེ་ཡང་མཆོད་པ་བཤམས་ཤིང༌། རྙིང་པ་རྣམས་ཁ་གསོ། བྱིན་རླབས་བསྡུས་པ་གོང་བཞིན་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་ཕྱི་མཆོད། ནང་མཆོད། བསྟོད་པ་མདོར་བསྡུས་རྣམས་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གདོན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་བ་ཐམས་ཅད་གོང་ནས་གོང་དུ་་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ།


TNT06_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་ཡང་དག་པར་གཞུག་པ་དང༌། སྡང་བ་དང་གདུག་པའི་སེམས་ཅན་ཞི་བས་མི་འདུལ་བ་རྣམས། དྲག་པོའི་འཕྲིན་ལས་ཀྱིས་འདུལ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་མ་ལུས་པ་སྩལ་དུ་གསོལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྣམ་པར་དཀར་བའི་ལམ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་རྩ་བ་དང་དྲི་མར་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཞོམ་པར་མཛད་དུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བས་ཐོབ་པ་མཛད་དུ་གསོལ། ཇི་སྲིད་གོ་འཕང་མཆོག་དེ་ཉིད་མ་ཐོབ་པའི་བར་དུ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་མཛད་དུ་གསོལ། ཅེས་པ་ལ་སོགས་པས་གསོལ་བ་ཡང་ནས་ཡང་དུ་གདབ་པར་བྱའོ། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་


TNT06_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པ་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛོད་རིགས། །ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས། མཛད་་དུ་གསོལ། །ཅེས་པའམ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཞེས་གཏོར་མགྲོན་ནམ་ཡེ་ཤེས་པ་གཤེགས། ཨ་ཀཱ་རོའི་སྔགས་བཟླ་ཞིང༌། ཆོས་ཉིད་ཀྱི་དོན་བསམ་ཞིང༌། རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས། སྨོན་ལམ་དང༌། བཀྲ་ཤིས་ཀྱི་མཐའ་རྟེན་ནོ། །རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་དང༌། ཕུར་བུ་དབྱུང་བ་དང༌། ཁུང་བུ་འགེངས་པ་སོགས་སྤྱི་དང་མཐུན་ནོ། །འདིར་སྨྲས་པ། ཟབ་ཡངས་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཐ་སྙད་སྤྲོས་པའི་ཡུལ་ལས་འདས་མོད་ཀྱང༌། །ཆོ་གའི་སྦྱོར་བ་བརྡའ་ཐབས་སྣ་ཚོགས་ཀྱིས། །རང་བཞིན་ལྷན་སྐྱེས་མཚོན་འདི་ངོ་མཚར་རྨད། །རྡོ་རྗེ་རྣམ་བཞིའི་རང་བཞིན་འགྱུར་མེད་ལ། །མཐའ་ཡས་འགྲོ་འདི་རྟག་ཏུ་གནས་མོད་ཀྱང༌། །ཇི་སྲིད་ཚོགས་གཉིས་སྦྱོར་བས་མ་སྦྱངས་པ། །དེ་སྲིད་མངོན་དུ་འགྱུར་བ་མེད་འདི་ཅི། །དེ་ལྟ་མོད་ཀྱི་སངས་རྒྱས་ཡེ་ཤེས་ནི། །གདོད་ནས་རྣམ་དག་ཡོན་ཏན་ཀུན་ལྡན་པ། །དབང་བཞིའི་རྒྱུད་ཀྱིས་དྲི་མ་རབ་སྦྱངས་ཏེ། །འཕྲིན་ལས་འོད་བརྒྱ་ཕྱོགས་མཐར་འཕྲོ་གྱུར་ཅིག །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་


TNT06_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལངས་བརྒྱད་སྐོར་གྱི་དཀྱིལ་འཁོར་གྱི་ཆོ་ག་རྭ་བའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་བཞེད་པ་དང་མཐུན་པ་ནི། དོན་གཉེར་དུ་མས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དགུ་ཉེ་བ་ལ། ནགས་རྒྱལ་གྱི་དབེན་ནས་དཔལ་ཇོ་མོ་ནང་དུ་སྦྱར་བའོ། །དགེ་ལེགས་འཕེལ། འདི་བཞེངས་དགེ་བས་རྒྱལ་བསྟན་ཕྱོགས་མཐར་རྒྱས། །བསྟན་འཛིན་ཞབས་བརྟན་སྦྱིན་བདག་ཉེར་འཚེ་ཞི། །བདག་གཞན་འགྲོ་ཀུན་ངན་འགྲོའི་འཇིགས་དང་བྲལ། །འཇིགས་བྱེད་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། །བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི ། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ། །བཀྲ་ཤིས།


TNT06_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་གྱི་ཆོ་ག next