Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
གཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས།
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས། next

གཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས།


TNT06_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས་བཞུགས།


TNT06_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གཤིན་རྗེ་གཤེད་པོ་དང༌། །བླ་མ་མཆོག་ལ་གུས་བཏུད་ནས། །རྒྱུད་རྒྱལ་ལེའུ་བཅོ་བརྒྱད་པའི། །དགོངས་དོན་རྫོགས་རིམ་བྲི་བར་བྱ། །འདིར་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གཞོལ་བ། རྫོགས་རིམ་གྱི་སྐལ་བ་ཅན་དག་ཅིག་མཆོག་གི་བསྙེན་པ་ཉམས་སུ་ལེན་པར་འདོད་ན། སློབ་དཔོན་དེ་ཝཱ་ཀ་ར་ཙནྡྲས་མཛད་པའི་རྣལ་འབྱོར་བཞི་པ་བཞིན་ཤེས་དགོས་པ་ལས། འདི་ལ་འཁྲིད་ཚུལ་གྱི་ཡི་གེ་བོད་ཀྱིས་སྦྱར་བ་མེད་པའི་ཕྱིར། གྲགས་ཆུང་བས། བླ་མའི་མན་ངག་དང༌། གོང་མའི་མཆན་བུ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །འདི་ལ་སྒྲུབ་ཐབས་སུ་བཤད་པ་ལྟར་ཐིག་ལེའི་རྣལ་འབྱོར་རམ། དཀྱིལ་འཁོར་གྱི་ལྷ་རགས་པ་ལའང་རུང་སྟེ། ཆ་ཤས་ལ་སེམས་མ་ཡེངས་པར་འཇོག་པ་ནི། སོ་སོར་སྡུད་པའོ། །ཅུང་ཟད་སེམས་ཟིན་པ་ན། ལྷའི་གསལ་སྣང་རགས་པ་རྫོགས་པ་ལ་སེམས་འཛིན་པ་ནི། བསམ་


TNT06_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཡན་ལག་ལྔའི་དང་པོ་རྟོག་པའོ། །ལྷ་སྐུ་ཕྲ་མོ་ལ་ཞིབ་མོར་སེམས་འཛིན་པ་ནི། དཔྱོད་པའོ། །དེ་ལས་སེམས་དགའ་སྣང་སྐྱེ་བ་ནི། དགའ་བ་དང༌། ལུས་ལ་ཤིན་སྦྱངས་ཀྱི་བདེ་བ་སྐྱེ་བ་ནི། བདེ་བའོ། །ལྷ་སྐུའི་གསལ་སྣང་རང་ཤར་བ་ན། སེམས་རྟོག་མེད་དུ་གནས་པ་ནི། རྩེ་གཅིག་པའི་ཡན་ལག་གོ །དཀྱིལ་འཁོར་རྫོགས་པར་བསྒོམ་པ་མི་ལྕོགས་ན། རྣལ་འབྱོར་བཞི་པ་བསྡུས་པ་ལས་འབྱུང་བའི་རིམ་པ་དེ་ཉིད་ལ་སེམས་བཟུང་བས་ཆོག་གོ །དེ་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ། བྱང་ཆུབ་ཀྱི་སེམས་མུ་ཏིག་དམར་པོ་ལྟ་བུ་མཁའ་ནང་དུ་སྤྲོས་པ་ལ་སེམས་བཟུང༌། རླུང་ཡང་དྲག་ཏུ་དགག་གོ །ཡང་ནོར་བུའི་ནང་དུ་བྷྲུཾ་ཡིག་གསལ་བཏབ་ལ། ཐུར་སེལ་གྱེན་དུ་དྲངས་ཏེ། མཁའ་ནང་གི་ཐིག་ལེ་བྷྲུཾ་ཡིག་གི་སྟེང་དུ་ཟིལ་པ་བཞིན་ཆགས་པ་ལ་སེམས་བཟུང་སྲོག་རྩོལ་ལོ། །དེ་ལས་རྟགས་ལྔ་འཆར་བ་ནི་འཛིན་པའོ། །ཡང་བྱང་ཆུབ་ཀྱི་སེམས་ནོར་བུའི་བུ་ག་


TNT06_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱིར་སྤྲོས་ཏེ། རིན་པོ་ཆེ་ཟུར་བརྒྱད་པའི་རྣམ་པ་ཅན་དུ་གྱུར་ཏེ། ཡབ་ཡུམ་གྱི་རྩ་སྒོར་ཕྱེད་ཕྱེད་ཆུད་པ་ལ་སེམས་བཟུང༌། དེ་ལ་ཅུང་ཟད་བརྟན་ན། རིན་པོ་ཆེ་དེ་ཉིད་ཀྱི་ཕྱེད་ཕྱེད་ཀྱི་འོད་ཟེར་གྱིས་ཡབ་ཡུམ་སོ་སོའི་སྐུ་གང༌། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་ཏེ། འཁོར་ལོ་པདྨ་རྡོ་རྗེ་སོགས་ཕྱག་མཚན་དཔག་ཏུ་མེད་པ་སྤྲོ་ཞིང་ཡང་བསྡུ་བའོ། །དེ་བཞིན་དུ་རིན་པོ་ཆེའི་གནས་སུ། རིགས་ལྔའི་ཕྱག་མཚན་གཞན་རྣམས་བསྒོམས་པའི་དབྱེ་བས། དམིགས་པ་དེ་ཉིད་རྣམ་པ་མང་པོར་འགྱུར་རོ། །ཡང་སངས་རྒྱས་རྣམས་ཞལ་དུ་བཅུག་སྟེ། སྙིང་གར་བྱང་ཆུབ་ཀྱི་སེམས་སུ་གྱུར། སྦྱོར་མཚམས་ནས་འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་ཕྱིས་སྤྲོས་པ། ཡང་སླར་བསྡུས་ཏེ་སྦྱོར་མཚམས་སུ་གནས་པ་ལ་སེམས་བཟུང་ལ། འཁོར་ལོའི་སྤྲོ་བསྡུ་སྐུ་སངས་རྒྱས་རྗེས་དྲན་དང༌། པདྨའི་སྤྲོ་བསྡུ་གསུམ་ཆོས་རྗེས་དྲན་དང༌། རྡོ་རྗེའི་སྤྲོ་བསྡུ་ཐུགས་རྡོ་རྗེ་རྗེས་དྲན་དང༌། རལ་གྲི་ལ་སོགས་པའི་སྤྲོ་བསྡུ་རིགས་རྗེས་དྲན་དང༌། ལྷ་བཅུ་གསུམ་གྱི་རྣམ་པ་སྤྲོ་བ་ནི་ཁྲོ་བོ་རྗེས་དྲན་དང༌། བདེ་བ་བསྒོམ་པ་ནི་དམ་ཚིག་རྗེས་དྲན་ཏེ་དྲུག་གོ །རྗེས་དྲན་གྱི་ཡན་ལག་གོ །ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ཞལ་དུ་བཅུག སྙིང་གར་ཟླ་བའི་སྟེང་དུ་ཐིག་ལེར་གྱུར། སྦྱོར་མཚམས་ཀྱི་ཐིག་ལེ་ཡང་ཡར་དྲངས་ཏེ། སྙིང་གའི་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཉིད་སྤྲོ་བསྡུ་བྱ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་གོ །དེ་དག་ནི། དང་པོའི་རྣལ་འབྱོར་རོ། །དེ་ནས་དཀྱིལ་འཁོར་ཡོངས་རྫོགས་ཡིན་ན་བསྡུ་ཞིང༌། དེ་ལྟར་མིན་ན། གཞལ་ཡས་ཁང་དང༌། གཙོ་བོ་སྐད་ཅིག་གིས་རྫོགས་པར་བསྐྱེད་ལ། ཡན་ལག་ལྷག་མ་རྣམས་རྫོགས་པར་བྱ། སྙིང་གར་ཉི་དཀྱིལ་ལ་ཧཱུཾ་བསྒོམ་སྟེ། སོ་


TNT06_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་པའི་ཡན་ལག་གོ །དེ་ལས་འོད་སྤྲོས་ཏེ། སྣང་བ་ཐོབ་པའི་ཡན་ལག་གོ །དེ་ལས་སྲིད་པ་གསུམ་སྤྲོས་ཏེ་མཆེད་པའོ། །ཚུར་བསྡུས་ཏེ་སེམས་ཙམ་དུ་བསྒོམ་པ་ནི། དོན་གྱི་ཕྱོགས་གཅིག་པའོ། །དེ་བཞི་ནི་སྔགས་ལ་དམིགས་པའོ། །འོད་ཟེར་ཚུར་བསྡུས་པའི་ཧཱུཾ་ལ་གསལ་སྟོང་གཉིས་སུ་མེད་པར་འཇོག་པ་ནི། སེམས་ལ་དམིགས་པའོ། །སླར་ཡང་འོད་འཕྲོས་པ་ཐོབ་པ། དེ་ལས་དོན་བྱས་པ་མཆེད་པ། ཧཱུཾ་ལས་མི་བསྐྱོད་པར་གྱུར་པ་ནི་མཐོང་ལམ་གྱི་དོན་ནོ། །ལུས་རྡོ་རྗེ་སྐྱེ་མཆེད་ལ་དཔྱད་པའོ། །དངོས་པོ་འདི་དག་མ་སྐྱེས་པ། །ཞེས་སོགས་དང༌། ལུས་དང་ངག་དང་སེམས་དམིགས་ན། །སོགས་བརྗོད་ཅིང་སྟོང་ཉིད་བསྒོམ་པ་ནི། ངག་རྡོ་རྗེའི་སྐྱེ་མཆེད་ལ་དཔྱད་པའོ། །ཐུར་སེལ་གྱེན་དུ་བསྐྱོད་པས། སྦྱོར་མཚམས་ཀྱི་བྷྲུཾ་དབུ་མའི་ལམ་བརྒྱུད་སྣ་རྩེར་སླེབ། རྡོ་རྗེ་སྔོོན་པོ་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་མ་ལ་ཧཱུཾ་གིས་མཚན་པར་གྱུར་ཏེ། སྣ་བུག་གཡས་ཀྱི་ལམ་ནས་སྤྲོས་ཏེ། གཡོན་ནས་བསྡུས། སྙིང་གའི་ཧཱུཾ་ལ་ཐིམ་པ་ནི། སེམས་རྡོ་རྗེའི་སྐྱེ་མཆེད་ལ་དཔྱད་པའོ། །གནས་གསུམ་དུ་རྡོ་རྗེ་གསུམ་བཀོད་ནས། མངོན་རྟོགས་བཞིན་ང་རྒྱལ་བཟུང༌། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལྷ་མོ་བཞིའི་རྣམ་པར་བསྡུས་ཏེ། ཐིག་ལེ་དམར་པོའི་རྣམ་པར་གྱུར། སོ་སོར་ཞུ་སྟེ་ཡབ་ཀྱི་ནོར་བུར་དཀར་པོ། ཡུམ་གྱི་སྣ་རྩེར་དམར་པོ། སྦྱོར་མཚམས་སུ་དཀར་ལ་དམར་བའི་མདངས་ཆགས་པ་ལ་སེམས་དྲག་ཏུ་གཏད། སྒོ་གསུམ་ཅར་གྱི་སྐྱེ་མཆེད་ལ་དཔྱད་པའོ། །ཡང་རྗེས་ཆགས་ཀྱི་བདེ་བ་བསྒོམ་སྟེ། མངོན་རྟོགས་བཞིན་ང་རྒྱལ་བཟུང་ནས། མཁའ་ནང་ནས་མཆོད་པའི་ལྷ་མོ་སྤྲོ་བ་སོགས་མངོན་རྟོགས་བཞིན་བྱེད་པ་ནི་


TNT06_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཀྱི་བྱ་བའོ། །དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ལྟར་ལམ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས། སྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ། རིག་མ་དང་བཅས་པས་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པ་ནི། རིག་མའི་བརྟུལ་ཞུགས་སོ། །འདི་ལ་རྫོགས་པའི་རྣལ་འབྱོར་ཞེས་བྱའོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་ནས། ཕྱི་དཀྱིལ་ལ་སོགས་པ་སྤངས་ཏེ། འོད་གསལ་དུ་ལྡང་འཇུག་ཁོ་ན་སྦྱངས་ཏེ། ཕྱི་རོལ་ཀྱི་རྐྱེན་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱས་མཚམས་སྦྱར་ཏེ། མཉམ་བཞག་གི་ཚེ་ཆོས་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང༌། རྗེས་ཐོབ་ཀྱི་ཚེ། ཡེ་ཤེས་དེའི་སྣང་བ་མ་འགགས་པ་སྣང་གྲགས་ཐམས་ཅད་ལྷ་སྐུར་འཆར་བ་ལ་ཡང་ཡང་བསླབ། སྤྱོད་ལམ་ཐམས་ཅད་ཀྱང་དེ་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱེད་པ་ནི་མགོན་པོ་ཀུན་ཏུ་དཔྱོད་པའོ། །འདི་ནི་རྣལ་འབྱོར་ཆེན་པོའོ། །འདི་དག་ནི་འདུས་པ་ཡེ་ཤེས་ཞབས་ལུགས་སོགས་དང༌། ལམ་འགྲོས་ཤིན་ཏུ་མཐུན་ཞིང༌། རྒྱུད་གྱི་རྒྱལ་པོ་འདི་ཉིད་ལས། ལེའུ་ལྔ་པར་མཁའ་གསང་བྱིན་རླབས་གསུངས་པ་སོགས་དང༌། ལེའུ་བདུན་པར་ཁྲག་དགུག་པ་དང༌། ཁུ་བ་དགུག་པ་གསུངས་པ་སོགས་ཀྱི་ངེས་དོན་དང༌། གཞན་ཡང་ལེའུ་བདུན་པ་དང༌། བཅོ་ལྔ་པ་དང༌། བཅོ་བརྒྱད་པ་རྣམས་ཀྱི་རྡོ་རྗེའི་ཚིག་མང་པོ་ལ། ངེས་དོན་གྱི་བཤད་པ་སྣ་ཚོགས་པས་གྲུབ་པའི་དོན་དེ་ཝ་ཨཱ་ཀ་ར་ཙནྡྲའི་གཞུང་གིས་གསལ་བར་མཛད་པ་མཁས་གྲུབ་གོང་མ་རྣམས་ཀྱིས་ཐུགས་


TNT06_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བཞེས་པའོ། །སློབ་དཔོན་ལྷའི་འབྱུང་གནས་ཟླ་བ་དེ་ཉིད་དང༌། ཞང་ལོཙྪ་བ་ཤེས་རབ་བླ་མས་བསྒྱུར་བར་མཛད་པའི་བསྐྱེད་རྫོགས་ཀྱི་གཞུང་བཟང་པོ་འདི་དག་ལ། མཁས་པར་གྲགས་པ་ཁ་ཅིག་ཀྱང་རྒྱུ་མཚན་མེད་པར་མཐིང་སླད་བྱེད་མོད་ཀྱི་བྲག་ཆ་ལྟ་བུར་ཤེས་པར་བྱའོ། །འདིར་སྨྲས་པ། མཆོག་གྱུར་མན་ངག་དམ་པ་རྣལ་འབྱོར་བཞི་པའི་གཞུང་མཆོག་དང༌། །ལ་ལི་ཏས་མཛད་བྱུང་བའི་གཞུང་འདི་སྔོན་བྱོན་མཁས་དང་གྲུབ་ལ་ཚད་མར་གྲགས། །གཟིགས་རྒྱ་ཆེ་བའི་བར་སྐབས་མཁས་འགའ་དཔལ་འཛིན་གཞུང་དང་མི་མཐུན་པས་ན་ཐེ་ཚོམ་གནས་ཞེས་སྨྲ། །ད་ལྟ་ཀུན་གྱིས་ཤེས་པ་ལྟ་ཞོག་མིང་ཡང་མ་ཐོས་ཁོ་བོ་འབའ་ཞིག་ཆོས་འདི་ཐོས་པའི་སྐལ་བ་བཟང་པོར་གྱུར། །ལ་ལི་ཏའི་གཞུང་དང༌། དཔལ་འཛིན་གྱི་གཞུང་ལ། མི་འདྲ་བ་ཐན་ཐུན་ཡོད་དུ་ཆུག་ཀྱང༌། བདེ་མཆོག་ལཱུ་ནག་ལྟར་སྲོལ་ཀ་ཐ་དད་ཡིན་པས། བསྲེ་བ་དང་དགག་པ་གཉིས་ཀ་མི་བྱའོ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེའོ། །


TNT06_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཤིན་རྗེ་གཤེད་ནག་པོའི་ཁྲིད་ཡིག་ཞང་ལུགས། next