Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས།
   
   
   
   
   
   
   
   
   
   


 
previousགཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས། next

གཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས།


TNT06_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས།


TNT06_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཆོས་དབྱིངས་ཡེ་ཤེས་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གཟུགས་ཕུང་རྣམ་དག་གཏི་མུག་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཕྲ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདོད་ཆགས་རྣམ་དག་འདོད་ཆགས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དབང་ཤེས་ལྔ་གནས་གྱུར་ཕྲག་དོག་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་འདི་བཤད་པར་བྱའོ། །འདིར་སློབ་དཔོན་དཔལ་འཛིན་གྱི་བཞེད་པ་རྫོགས་རིམ་རྣལ་འབྱོར་བཞི་རིམ་སྒོམ་པའི་ཚུལ་ནི། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་བསགས་སྦྱང་གཉིས་ནི། ཤིན་ཏུ་སྤྲོས་མེད་ཀྱི་འཁྲིད་ཡིག་ཁོ་བོས་སྦྱར་བར་ཤེས་པར་བྱའོ། །སློབ་དཔོན་དཔལ་འཛིན་གྱི་བཞེད་པས་རྟོགས་པའི་ལྟ་བ་ལ། བསྐྱེད་རིམ་ཀྱི་སྐབས་སུ་དཔྱད་པ་སྔོན་སོང་ཡང་བཤད་ལ། རྫོགས་རིམ་གྱི་ལྟ་བ་ནི་ནག་པོ་ལེའུ་ཐ་མའི་འགྲེལ་པར་དཔའ་བོ་ས་ར་ཧའི་དོ་ཧའི་


TNT06_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དྲངས་ཤིང་དེ་དང་མཐུན་པར་བཤད་པ་ལྟར་ཡིན་པས་རྒྱས་པར་དོ་ཧ་མཛོད་དུ་རྟོགས་པར་བྱ་དགོས་ལ། སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱི་བཞེད་པའང་དེ་ལྟར་ཡིན་ནོ། །རིམ་པ་གཉིས་ལ་སྟོང་ཉིད་སྒོམ་ཐབས་མི་འདྲ་བའི་ཚུལ་དངོས་གཞི་ལ། དབྱིབས་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་དང་པོ། སྔགས་ཀྱི་རྣལ་འབྱོར་ནི་རྗེས་སུ་རྣལ་འབྱོར། བྱིན་རླབས་ཀྱི་རྣལ་འབྱོར་ནི་ཤིན་ཏུ་རྣལ་འབྱོར། ཡེ་ཤེས་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་ཆེན་པོ་སྟེ་བཞི་ཡོད་པ་ལས། དང་པོ་ལ་གསུམ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། སྣང་བ་བྱིན་གྱིས་བརླབ་པའི་རིམ་པ་དང༌། ཟུང་འཇུག་བྱིན་གྱིས་བརླབ་པའི་རིམ་པའོ། །དང་པོ་ནི། གང་ཟག་དབང་པོ་འབྲིང་གིས་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་བསྒོམས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ཉིད་ལ་སེམས་འཛིན་པའམ། གང་ཟག་དང་པོ་རབ་དང་ཐ་མས་ནི་ལྷན་སྐྱེས་འབའ་ཞིག་ལ་


TNT06_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཛིན་ཏེ། དཀྱིལ་འཁོར་རྫོགས་པར་བསྒོམས་ཡོད་ནའང་མཐར་རྩ་བའི་གཅིག་པུ་ལ་བསྡུ། དེ་ནས་འདི་ལྟར་བདག་ཉིད་སྐད་ཅིག་ཙམ་གྱིས་གཤིན་རྗེ་གཤེད་དམར་པོའི་སྐུ་གདན་དང་བཅས་པ་མེ་རིའི་བར་དུ་གསལ་བར་བསྐྱེད་དེ། དེ་ཉིད་ལ་ཡུད་ཙམ་སེམས་གཏད། དེ་ནས་འཕྲོ་བཅད་ལ། ཡང་སྔར་བཞིན་བསྒོམ། དེ་ལྟར་ཡང་ནས་ཡང་དུ་སྐྱར་གྱིན་གསལ་བཏབ། དམིགས་སྐོར་གཅིག དེ་ལ་ཅུང་ཟད་སེམས་ཟིན་ནས་སྐུ་དེ་ཡང་ཤ་ཁྲག་གདོས་བཅས་མེད་པར། ཁ་དོག་གསལ་ཞིང་འཚེར་བ། འཇའ་ཚོན་ལྟར་ཡལ་ཡལ་བ། མེ་དཔུང་ལྟར་འོད་དུ་གསལ་གསལ་བ་བསྒོམ། དམིགས་སྐོར་གཉིས། དེ་ལ་ཅུང་ཟད་སེམས་ཟིན་ནས། འདི་ནི་ཐ་མལ་གཟུང་འཛིན་གྱི་སྣང་བ་མ་ཡིན་གྱི། རྫོགས་པའི་སངས་རྒྱས་གཤིན་རྗེ་གཤེད་ཀྱི་ངོ་བོ་རང་སེམས་གདོད་ནས་རྣམ་པར་དག་པའི་རང་བཞིན་ནོ། །ཞེས་ང་རྒྱལ་བརྟན་པོ་ཡང་ཡང་བསྐྱེད། དམིགས་སྐོོར་གསུམ་མོ། །གཉིས་པ་ནི། རང་ཉིད་བདག་བྱིན་གྱིས་བརླབ་པའི་རིམ་པ་ལ་གནས་པས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ལ་ཕོག་པས། སྣོད་བཅུད་ཐམས་ཅད་གདོད་མ་ནས་དཀྱིལ་འཁོར་གྱི་འཁོར་ལོར་གནས་པ་ལ་ད་ལྟའི་སྣང་བའི་སྒྲིབ་གཡོགས་འདི་སངས་ཤིང་དག་སྟེ། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དྭངས་ཤིང་ཐོགས་པ་མེད་པ་དང༌། བཅུད་ཐམས་ཅད་གཤིན་རྗེ་གཤེད་ཀྱི་སྐུར་གསལ་བཏབ། དེ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ངོ་བོ་ཡིན་སྙམ་མོས་པ་དྲག་ཏུ་བྱ། དམིགས་སྐོོར་བཞི་པའོ། །གསུམ་པ་ནི། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་བདག་དང་སྣང་བ་ཐམས་ཅད་ལྷ་སྐུར་ལམ་མེ་གསལ་བ་ལ་སེམས་གཏད། དེ་ལ་དེར་འཛིན་


TNT06_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཉམ་པར་བཞག དེ་ནས་འདི་རྣམས་ཀྱང་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུའོ། །ཞེས་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱངས། ཡང་དེ་ཁའི་ངང་ལ་ཆམ་མེ་མཉམ་པར་བཞག དམིགས་སྐོར་ལྔ་པའོ། །གཉིས་པ་སྔགས་ཀྱི་རིམ་པ་ལ། དངོས་དང་ཡན་ལག་གཉིས། དང་པོ་ལ་སྦྱོར་དངོས་རྗེས་གསུམ། དང་པོ་ལ་རླུང་སྦྱོར་བཞི་སྟེ། དང་པོ་བྱཱ་གྷྲ་ནི། སྐྱིལ་ཀྲུང་དང༌། ལག་པ་མཉམ་བཞག་བྱས་ལ། ཧ་ཞེས་རླུང་ཁ་ནས་དལ་བུས་ཕྱིར་བསལ་བ་ལན་གསུམ་བྱས་ལ། རྫོགས་པ་དང་ཕྱིར་མནན། ཡང་དལ་བུས་ནང་དུ་འདྲེན། རྔུབ་པ་རྫོགས་པ་དང༌། རྐང་པའི་པུས་མོ་གཉིས་དང་ལག་པ་ཁུ་ཚུར་གཉིས་ས་ལ་བཙུགས་ཏེ་ལུས་སྒུར་བའི་ངང་ནས་གྲེ་བའི་སྦུབས་ནས་བརྒྱུད་དེ་སྣ་ནས་ཧཱུཾ་ཞེས་སྒྲ་དང་བཅས་ཏེ་རླུང་བུས་ཤིང༌། སླར་ལུས་གནད་དཀྱུས་དང་མཐུན་པར་བཅས་ནས་རླུང་ནང་དུ་དྲངས་ཤིང་ཐུབ་ཚད་དུ་བཟུང་བའོ། །འདི་ལ་དམིགས་པ་དབུ་མ་ཁོ་ན་གསལ་བཏབ། དེའི་ནང་དུ་བཾ་དམར་པོ་དང་ཨ་དཀར་པོ་ཡར་འགྲོ་མར་འགྲོ་བྱེད་ཅིང་སྟེང་འོག་ཏུ་དབུ་མ་ཕུ་རྡུགས་ཀྱི་སྣེ་ལ་ཐུག་ཐུག་པ་དང་མཐར་དེ་གཉིས་འདྲེས་པའི་ཐིག་ལེ་ལ་སེམས་འཛིན་སྐད་དོ། །གཉིས་པ་བཱ་རཱ་ཧ་ནི། སྐྱིལ་ཀྲུང་གི་པུས་མོ་གཉིས་ལ་ལག་མཐིལ་གཉིས་བཀབ། ཐོག་མར་རླུང་ཅུང་ཟད་བཟུང་ལ། རླུང་ཕྱིར་གཏོར་བ་དང་ལྷན་ཅིག་སྔར་གྱི་ལུས་གནད་དེ་ཁའི་སྟེང་ནས། བར་ལྷུ་མཆན་ཁུང་དང་རྩིབ་ལོགས་ལ་བརྡེག་པ་དང༌། སྣ་ནས་ཕག་གི་སྐད་ལྟ་བུ། དབུགས་ཐེངས་རེ་ལན་མང་དུ་འདོན་པའོ། །འདི་ལ་ཡང་དམིགས་པ་རང་ལུས་ལྷ་སྐུ་རྩ་གསུམ་ལྟེ་བའི་ཨ་ལས་མེ་འབར། སྤྱི་བོའི་ཧཾ་ཞུ་བས་དབུ་མ་གང་བ་ལ་སེམས་གཏོད་ཅེས་


TNT06_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གླང་གསར་མའི་ངོ་སྤྲོད་ཟུར་འདེབས་ལས་བཤད། གསུམ་པ་མུ་ས་ལ་ནི། ལུས་གནད་དེ་དང་འདྲ་བ་ལ་སྟེང་རླུང་རྫོགས་པར་བརྔུབས་ཤིང་དྲག་ཏུ་བཟུང༌། རྒྱུ་ཞབས་ཀྱི་ཐད་ལ་དྲག་ཏུ་སྡིགས། ལྟོ་བ་དང་ལུས་གཡས་བཅུ་གཡོན་བཅུ། ལྟེ་འོག་གི་ཕྱོགས་བཞིར་ལག་ལེན་བཞིན་བརྡེག་གོ །འདི་ལ་ཡང་དམིགས་པ་ནི་སུམ་མདོར་མེའི་དཀྱིལ་འཁོར་ལ་རཾ་དམར་པོ། ལྟེ་བའི་དབུས་དང་རྩ་འདབ་བརྒྱད་ལ། ཡ་ཀྵེ་མ་མེ་ད་ཛ་ས་དོ་རུ། སྙིང་གའི་དབུས་དང་འདབ་བརྒྱད་ལ་ཧཱུཾ་ཡཙྩ་ནི་ར། ཎ་ཡོ་ན་རཱི། སྤྱི་བོའི་དབུས་དང་འདབ་མ་བཞི་ལ་ཧཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་རྣམས་སོ། །དབུ་མ་སྔོན་པོ་ཁོང་སྟོང༌། རོ་མ་རཀྟ་དང་རྐྱང་མ་ཐིག་ལེས་གང་བ་བསྒོམས་ནས་འབར་འཛག་གི་དམིགས་པ་སྤྱི་དང་མཐུན་པར་བྱེད་དོ། །ཞེས་འཆད་དོ། །བཞི་པ་ཨ་ཏྲའི་སྦྱོར་བ་ནི། རྐང་པ་གཡོན་པའི་རྟིང་པ་བཤང་ལམ་དུ་རེག་ཙམ་གྱིས་རྒྱབ་མདུན་བར་གྱི་འཕང་རྩ་སྡེམ། གཡས་པ་དེའི་མདུན་དུ་བཞག་གསུང་སྟེ། དེ་གོ་ཟློག་ལའང་སྦྱར། ལག་པ་གཉིས་ཀྱིས་བོལ་གོང་གཉིས་ལ་འཇུས། སྟོད་ཅུང་ཟད་སྒུར་ཞིང༌། {ེད་པ་ལྟོང་གི་བྱ། རླུང་རོ་བསལ་སྟེ། ཐོག་མར་སྣ་བུག་གཡས་ནས་རླུང་དྲག་ཏུ་རྔུབས་དེ་ནས་གཡོན་ནས་རྔུབས། གཉིས་ཀར་ནས་དུས་གཅིག་ཏུ་ཡང་རྔུབས་ཏེ། ཡང་དེ་གོ་ཟློག་པའང་བྱེད། དལ་བུས་གཡས་སུ་བསྐོར་ཞིང་གཡས་སུ་དྲག་ཏུ་སྡིག རོ་མའི་རླུང་རྣམས་དབུ་མར་སིབ་སིབ་འགྲོ་བར་བསམ། གཡོན་དུ་བསྐོར་ཞིང་གཡོན་དུ་དྲག་ཏུ་སྡིག རྐྱང་མའི་རླུང་རྣམས་དབུ་མར་སིབ་སིབ་འགྲོ་བར་བསམ། དེ་བཞིན་དུ་དབུས་སུ་གཡས་སྐོར་དུ་བསྐོར་ཏེ་མདུན་དུ་སྡིག ཡང་དབུས་སུ་གཡོན་སྐོར་དུ་བསྐོར་ཏེ་རྒྱབ་ཏུ་སྡིག དེ་ལྟ་བུ་ལན་མང་དུ་བྱ་སྟེ། རླུང་ཐུབ་ཚད་དུ་དྲག་


TNT06_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟུང་ངོ༌། །འདི་ལ་ཡང་དམིགས་པ་སྙིང་གའི་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ལས་དམིགས། ལུས་དང་ཐིག་ལེ་ཇེ་ཆེ་ཇེ་ཆུང་བྱེད་པ་ལ་སེམས་གཏོད་པ་ཡིན་ཞེས་འཆད་དོ། །དེ་ལྟར་རླུང་སྦྱོར་བཞི་པོའི་དམིགས་པ་དེ་རྣམས་རྩ་བའི་ཁྲིད་ཡིག་ན་མེད། ལམ་གྱི་རྐང་ལ་ངེས་པར་དགོས་པ་རང་མིན་ཡང་བོགས་འདོན་དུ་འགྱུར་བ་དང༌། མན་ངག་ཏུ་འདོད་པས་སྐབས་རེ་བསྒོམ་པར་བྱའོ། །རྒྱུན་གྱི་རྐང་ལ་མི་རྟོག་པ་ཉིད་བསྔགས་སོ། །དེ་ལྟར་བཞི་པོ་དེ་དག་དང་པོར་དལ་བའི་སྒོ་ནས་ཡང་ཡང་བསྐྱར་གྱིན་བྱ། ཅུང་ཟད་གོམས་ནས་ཤུགས་བསྐྱེད་དེ། གཅིག་རྟིང་ལ་གཅིག་བར་མ་ཆད་པ་འབད་རྩོལ་དྲག་པོས་རྟག་ཏུ་བྱ་སྟེ། ཉི་མ་གཅིག་ལ་དེ་ཉིད་ཚར་བཞི་བརྒྱ་ཙམ་སོང་ན། རབ་ཟླ་བ་ཕྱེད། འབྲིང་ཟླ་གཅིག ཐ་མ་ཟླ་བ་ཕྱེད་དང་གཉིས་ཀྱིས་རྩ་རླུང་རྣམས་ལེགས་པར་བྱང་བར་འགྱུར་རོ། །གཉིས་པ་དངོས་གཞི་ནི། འགའ་ཞིག་རླུང་ཐེངས་གཅིག་ལ་སྦྱོར་བ་བཞི་ཅར་ཚང་བར་བཞེད་པ་དང༌། ཁ་ཅིག་སོ་སོར་བཞེས་པ་སོགས། ལུགས་མི་གཅིག་ཙམ་འགའ་རེ་འདུག་ནའང༌། རླུང་ཐེངས་གཅིག་ལ་བཞི་ཅར་ཚང་བར་བྱེད་པ་དགོངས་པ་སྣང་སྟེ། ལུས་གནད་སྔ་མ་ལྟར་བཅས་ལ། བླ་མའི་རྣལ་འབྱོར་སོགས་སྔོན་དུ་འགྲོ་བས་ལྟ་སྟངས་སྨིན་མཚམས་སུ་གཏད། རང་ལུས་གཤིན་རྗེ་གཤེད་ཀྱི་སྐུ་དར་དམར་གྱི་རྐྱལ་བ་ལྟ་བུ་སྟོང་སང་ངེ་བ་ལ་སེམས་གཏད་དེ། རླུང་རྣམས་འོད་ཟེར་གྱི་རྣམ་པས་ཕྱིར་འགྲོ་བར་མོས་པས་རླུང་རོ་ལན་གསུམ་བསལ། དེ་ནས་འོད་ཀྱི་རྣམ་པས་ལུས་གང་བར་མོས་པ་དང༌། ནང་དུ་ཆུད་ཚད་དུ་རིང་དུ་རྔུབ་པ་ནི་དགང་བ། བརྔུབས་ཟིན་པ་ན་མི་རྟོག་པའི་ངང་ལ་ཅུང་ཟད་སྒྲིམ་པའི་ངོས་ནས་ལྟེ་བར་གནོན་པ་དང་མཆིལ་མ་ཅུང་ཟད་ཅིག་སྒྲ་མེད་དུ་མིད་པ་ནི་དགུག་པ། དེ་ཉིད་ལ་ཐུབ་ཚད་དུ་བཟུང་ཞིང་མི་ཐུབ་


TNT06_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙམ་པའི་ཟུག་རྔུ་བྱུང་བའི་ཚེ། ཡང་རྔུབ་ཆུང་བྱེད་ཅིང་གནོན་པ་ནི་ཞི་བ། དེ་ནས་དལ་བུས་རླུང་ཕྱིར་བསལ་ཏེ། ལྟ་སྟངས་གཙུག་ཏོར་གྱི་ཐད་ཀར་བལྟ་ཞིང༌། སེམས་རང་བབས་སུ་ལྷོད་ཀྱི་ཀློད་ནས་འཇོག་པ་ནི། རེངས་པ་སྟེ་འདི་ལ་རླུང་ཕྱིར་འཇོག་པ་ཡུན་ཇེ་རིང་དང༌། དེ་ཚེ་ལྟ་སྟངས་དང་རླུང་སྔར་བཞིན་བཅུན་པས། རླུང་གནས་པ་སོགས་གཞན་རྣམས་ཀྱི་བོགས་ཐོན་ཅིང་ཡོན་ཏན་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །གསུམ་པ་རྗེས་ནི། རླུང་སྦྱོར་ལ་དྲག་ཏུ་འབད་པའི་མཇུག་ཏུ་ཁ་སྣ་གཉིས་ཅར་ནས་རླུང་རོ་བསལ་བ་ལན་གསུམ་ཙམ་བྱས་ནས། དབུགས་ཐེངས་ཉི་ཤུ་རྩ་གཅིག་ཙམ་གྱིས་བར་དུ་ལུས་མི་སྒུལ། རླུང་རང་སོ། སེམས་རང་བབས་ཀྱི་ངང་ལ་བཞག་གོ །དེ་ལྟ་བུའི་རླུང་གི་རྣལ་འབྱོར་ལ་གནས་པའི་གང་ཟག་དེས། གཉིས་པ་ལམ་གྱི་ཡན་ལག་འཕོ་བ་སྦྱང་བ་ནི་གཉིས་ཏེ། གོང་དུ་འཕོ་བ་དང༌། བླ་མར་འཕོ་བའོ། །དང་པོ་ནི་སྟན་བདེ་བ་ལ་འཇུག་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས། ལུས་རྣམ་སྣང་གི་ཆོས་བདུན་བཅས། སྟོང་པའི་ངང་ལས་རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ལུས་ཀྱི་ནང་སྟོང་སང་ངེ་བ། ལུས་ཀྱི་ནང་དུ་རྩ་དབུ་མ་གྲོ་སོག་ཙམ། མདའ་སྨྱུག་ལྟར་དྲང་བ་ཕྱི་དཀར་ལ་ནང་དམར་བའི་མར་སྣ་ལྟེ་བ་དང་ཡར་སྣ་ཚངས་བུག་ཏུ་ཟུག་པ། སྤྱི་བོར་རྩ་བའི་བླ་མ་གསལ་བར་བསྒོམས་ལ། མོས་གུས་དྲག་པོའི་སྒོ་ནས་གསོལ་བ་ཡུན་རིང་དུ་བཏབ། དབུ་མའི་ནང་གི་སྙིང་གར་ཧཱུཾ་དམར་པོ། ལྟེ་བར་ཡཾ་ཡིག་བརྩེགས་མ་གཉིས་ཞབས་སྤྲད་ཅིང་མགོ་གྱེས་པ། ཁ་ཕྲག་དེར་ཧི་ཡིག་དེའི་སྟེང་དུ་རང་སེམས་ཧཱུཾ་དམར་པོ། དེའི་སྟེང་དུ་ཀ་དེ་ཡང་ཡཾ་རྣམས་སྔོན་པོ། ཧི་དམར་པོ། ཀ་དཀར་པོའོ། །དེ་ལྟར་གསལ་བཏབ་ཅིང༌། རླུང་


TNT06_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འགྲོ་བའི་ཚེ་ངག་ཏུ་ཧིཀ་ཅེས་བརྗོད་པས། ཡཾ་བཞིས་ཧི་ཕུལ། དེས་ཧཱུཾ་ཕུལ། ཀས་སྟེང་ནས་དྲངས་ཏེ། སྙིང་གར་སླེབ་པ་ན་ཧཱུཾ་དང་ཧིཀ སྙིང་གའི་ཧཱུཾ་ལ་ཐིམ། ཧཱུཾ་ཡིག་རླུང་དང་བཅས་པ་སྤྱི་བོའི་ཚངས་བུག་ལ་ཐུག་ཐུག་རེག་པར་བསམ། རླུང་ནང་དུ་འོང་བའི་ཚེ། སླར་མར་ལྡོག་སྟེ། སྙིང་གའི་ཐད་དུ་སླེབ་པ་དང་སྙིང་ཀའི་ཧཱུཾ་ལས་ཧཱུཾ་ཆད། སྔར་གྱི་སྙིང་གའི་ཧཱུཾ་དེ་སྙིང་ག་རང་དུ་ཆགས། གཞན་རྣམས་སྔར་བཞིན་ལྟེ་བར་འཁོད་པར་བསམ། དེ་འདྲ་ལན་ཉི་ཤུ་རྩ་གཅིག་ཙམ་རེ་བསྐྱར་ནས་བྱའོ། །དེ་ལྟ་བུ་ཐུན་བཞིར་སྦྱངས་པས། སྤྱི་གཙུག་ན་ཀར་ཀར་བ་དང༌། ཚ་ཐང་ཐང་བ་དང༌། འབུར་བ་དང་ཆུ་སེར་འཐོན་པ་དང༌། ཚངས་བུག་ཁ་ཕྱེ་བ་རྣམས་འབྱུང་ངོ༌། །རྟགས་དེ་དག་བྱུང་ནས། ཉིན་རེ་ལ་ཐུན་རེ་བསྒོམས་པས་ཆོག་ཅིང༌། ཐུན་གྱི་གཞུག་ཐམས་ཅད་དུ་སྙིང་ག་དང༌། ལྟེ་བའི་ཧཱུཾ་གཉིས་པོ་དྲག་ཏུ་གསལ་འདེབས་པ་གལ་ཆེ། གཉིས་པ་ལས་ལ་སྦྱར་བ་ནི། འཆི་ལྟས་བྱུང་ན་དང་པོར་ཕྱིའི་འཆི་བླུ་རྣམས་བྱ། དེས་མ་ལྡོག་ན་སྲོག་རྩོལ་རྡོ་རྗེ་བཟླས་པའམ། བུམ་པ་ཅན་གྱི་སྦྱོར་བ་འབུམ་ཕྲག་གཅིག་གིས་འཆི་བ་བླུ་བ་རྣམས་བྱ། དེའི་མན་ངག་ནི་སྙིང་གར་ཉི་མ་ལ་ཧཱུཾ་དམར་པོ་གཅིག་བསྒོམས་ཏེ། སྟེང་འོག་གི་རླུང་ཐམས་ཅད་དེ་ཉིད་ལ་སིབ་སིབ་ཐིམ་པར་བསམས་པའོ། །དེའི་ཀྱང་བླུ་བར་མ་ནུས་ན། སྔོོན་འགྲོ་རྣམས་སྦྱངས་ཤིང༌། སྤྱི་བོར་བླ་མ་ཡི་དམ་སངས་རྒྱས་རྣམས་ངོ་བོ་གཅིག་ཏུ་བསྒོམ། མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ཏེ་སྤྱི་བོའི་བླ་མ་ལ་བསྟིམ། མཆོད་པ་ཕུལ། གསོལ་བ་དྲག་ཏུ་བཏབ། གཞན་དམིགས་པ་རྣམས་སྔ་མ་དང་འདྲ་བ་ལས། སྙིང་གའི་ཧཱུཾ་ལས་ཧཱུཾ་མང་པོ་སྤྲོས། བུ་ག་དགུ། སྨིན་མཚམས། ལྟེ་བ། སྤྱི་གཙུག་


TNT06_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིའི་སྒོ་རྣམས་ཧཱུཾ་རེ་རེས་བཀག དེ་ནས་ཡར་འཕོ་བའི་དམིགས་པ་དང་རླུང་ཕྱི་རོལ་ཏུ་དྲག་ཏུ་དགག་པ་ཡང་ནས་ཡང་དུ་བྱ། མར་འབེབས་པའི་དམིགས་པ་མི་དགོས། འདི་ཉིད་ཀྱིས་དབྱིངས་སུ་འཕོ་བ་ཡིན་ནོ། །གཉིས་པ་ནི། འཕོ་དམིགས་རྒྱས་པ་མ་ལྕོགས་ན། དང་པོར་ལུས་གནད་ཅིང་བདེ་བར་བཅོས་ལ། བྱམས་སྙིང་རྗེ་དྲག་ཏུ་བསྒོམ། རང་གི་ལག་པ་གཡས་སུ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་བྱུང་སྟེ། རང་ལུས་ལ་གཅེས་འཛིན་དང༌། སྙེམས་འཁྲིགས་རྡུལ་ཙམ་ཡང་མེད་པར་དུམ་བུར་གཏུབས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་མོས། བླ་མ་ཡི་དམ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་སྦྱིན། རང་ལུས་དང་དགྲ་གཉེན། སྣང་བ་ཐམས་ཅད་ལ་ཞེན་པ་བཅད། སྤྱི་བོར་བླ་མ་དང་ཡི་དམ་དབྱེར་མེད་དུ་བཞུགས་པར་མོས། རང་ལུས་རྩ་དབུ་མ་དང་བཅས་པ་སྔར་བཞིན་གསལ་བཏབ། ལྟེ་བར་ཧཱུཾ་དམར་པོ་བསྒོམ་དེ་ཉིད་སྤྱི་བོར་ནས་ལྟེ་བའི་བར་དུ་ཡར་འགྲོ་མར་འགྲོ་ལན་འགའ་རེ་བྱས་ལ། ཚངས་བུག་ནས་རྒྱངས་ཏེ་སྤུར་ནས་བླ་མའི་ཐུགས་ཀར་ཐིམ། དེ་ལྟར་ཡང་ནས་ཡང་དུ་དྲག་ཏུ་བསྒོམ་པར་བྱའོ། །ཡང་འཕོ་བའི་གཞུང་ལས་འབྱུང་བ་ལ། ཕལ་ཆེར་དེ་དང་འདྲ་བ་ལས། སྣོད་གཞལ་ཡས་ཁང་བཅུད་ལྷར་བསྒོམ། རང་གི་སྤྱི་བོའི་བླ་མའི་རྩ་དབུ་མའི་མས་སྣར་རང་གི་དབུ་མའི་ཡས་སྣ་ཆུད་ཙམ་དང༌། ཧཱུཾ་གིས་སྒོ་དགུ་བཀག་པ་བྱེད་པ་ནི་ཁྱད་པར་དེ་དམིགས་པ་དང་པོའོ། །རྩ་རོ་མ་ཀཱ་ལི་དང་རྐྱང་མ་ཨཱ་ལིས་བཀག སྙིང་གར་རླུང་དཀྱིལ་ཟླ་གམ་ལ་ཧཱུཾ་སྔོན་པོ་བསྒོམས་ནས་ཧིཀ་དང་བཅས་ཏེ་དབྱིངས་སུ་འཕོ་བ་ནི་གཉིས་པའོ། །རྐང་པ་རླུང་དཀྱིལ་དུ་མོས་སྐྱིལ་ཀྲུང་ངང་ནས་པུས་བཙུགས་བྱ། ལྟེ་བ་ཟླ་བ་ལ་ཧཱུཾ་སྔོན་པོ། སྙིང་གར་ཧཱུཾ་དམར་པོ། དེའི་འོད་ཀྱིས་སྒོ་དགུ་བཀག སྟོབས་གྱི་ཧཱུཾ་དང་བཅས་ཏེ་ཡི་དམ་གྱི་ཐུགས་ཀར་འཕོ་བ་སྟེ་


TNT06_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ། །ཡང་སྟོང་གཟུགས་ལ་མཉམ་པར་བཞག་ནས་དབྱིངས་རིག་བསྲེ་བ་ནི་བཞི་པའོ། །ཡང་རང་ལྷར་གསལ་མདུན་དུ་ཤིང་སྡོང་རྩེ་མོ་རི་རབ་དང་མཉམ་པ་གཅིག་གི་རྩེར་བླ་མ་གཤིན་རྗེ་གཤེད་ཀྱི་རྣམ་པར་བཞུགས། སྙིང་གའི་བླ་མའི་ཐུགས་ཀར་བསྟིམ་པ་སོགས་གོང་དང་འདྲ་བ་ལ། བླ་མ་རང་སེམས་ནམ་མཁའ་གསུམ་དབྱེར་མེད་གཅིག་ཏུ་སྲེས་པ་ལ་སེམས་འཇོག་པ་ནི་བྱིན་རླབས་ཀྱི་གཞུང་བ་ལས་འབྱུང་བ་སྟེ་ལྔ་པའོ། །གསུམ་པ་བྱིན་རླབས་ཀྱི་རིམ་པ་ལ་རང་ལུས་ཐབས་ལྡན་སྤྲོས་མེད་དང་འདྲ། གཞན་ལུས་ཤེས་རབ་ལ་བསྙེན་སྒྲུབ་ལས་གསུམ་ལ་སྦྱོར་ལ་ཕྱག་རྒྱའི་མཚན་ཉིད། ཇི་ལྟར་སྦྱོང་ཚུལ། བསྙེན་པའི་ཐབས། མན་ངག་གི་གནད། ཡེ་ཤེས་བསྐྱང་བའི་ཐབས་རྣམས་ཡིན་ཏེ་དེ་དག་ནི་གཞན་དུ་ཤེས་སོ། །བཞི་པ་ཡེ་ཤེས་ཀྱི་རིམ་པ་ལ་སྦྱོར་བ་དང༌། དངོས་གཞི་དང༌། འཕྲོས་དོན་གསུམ་ལས། དང་པོ་ནི། སྔོན་འགྲོ་རྣམས་གོང་བཞིན་བྱས། ལུས་གནད་བཅས་ལ། རླུང་རང་བབས་སུ་བཞག སེམས་ཀྱང་རྣམ་རྟོག་གི་འཕྲོ་འདུ་སྤངས་ཏེ། རང་བབས་སུ་ལྷོད་དེ་ཀློད་ལ་མཉམ་པར་བཞག བྱིང་རྒོད་གཅོད་ཚུལ་སྤྱི་དང་འདྲ། དམིགས་སྐོར་གཅིག དེ་ནས་སེམས་ཀྱི་ངོ་བོ་ལ་ཆེར་ཏེ་བལྟས་པས་གསལ་སིང་ངེ་བ་ངོས་གཟུང་ཞིང་བསྒོམ། དམིགས་སྐོར་གཉིས། གསལ་བ་དེ་ཉིད་བཙལ་བས་གང་དུ་ཡང་མ་གྲུབ་པ་ལ་མཉམ་པར་བཞག དམིགས་བསྐོར་གསུམ། གང་ཡང་མ་གྲུབ་ཅིང་ཅི་ཡང་མ་ཡིན་པ་དེ་ཉིད་རྩལ་མ་འགགས་པ་ཐམས་ཅད་དུ་འཆར་དུ་བཏུབ་པ། ཤར་ཙམ་ན་བདག་གཞན་དང་སྐྱེ་འགག་གནས་གསུམ་གྱིས་སྟོངས་པ་དེ་ཁའི་ངང་དུ་མཉམ་པར་བཞག


TNT06_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྐོར་བཞིའོ། །དེ་དག་ལ་ལེགས་པར་འབྱོངས་ན། ནང་གི་ཁམས་ཕྲ་རགས་དབུ་མར་ཐིམ་ནས། སྐུ་དང་འོད་གསལ་ཟུང་འཇུག་ཏུ་བསྒྲུབ་པའི་ཕྱིར། དངོས་གཞི་ཟབ་གསལ་གཉིས་སུ་མེད་པར་བསྒོམ་པ་ནི། སྔོན་འགྲོ་གོང་ལྟར་ལས། རང་ཉིད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་སམ་ལྷན་སྐྱེས་སུ་བསྒོམ། སྔར་གྱི་ལྟ་བའི་ངང་དང་མ་བྲལ་བར། སྙིང་གར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར། ཟླ་བ་ལ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཐམས་ཅད་གཤིན་རྗེ་གཤེད་དམར་གྱི་སྐུར་གྱུར་པ་ལ་སེམས་བཟུང༌། དམིགས་སྐོོར་གཅིག ལྷ་སྐུར་སྣང་བ་མ་འགགས་པའི་སྟེང་དུ་སྔར་གྱི་ལྟ་བ་བསྐྱངས། དེ་ནས་དེ་ཐམས་ཅད་འོད་དུ་ཞུ། མེ་ལོང་ལ་ཧ་བཏབ་པ་ཡལ་བའི་ཚུལ་གྱིས་མཐའ་ནས་རིམ་གྱིས་སྦྱངས་ནས། བདག་ཉིད་གཤིན་རྗེ་གཤེད་ཡབ་ཡུམ་དུ་གསལ་པ་ལ་ཐིམ། ཡུམ་ཡབ་ལ་ཐིམ། དམིགས་བསྐོར་གཉིས། རང་ཡེ་ཤེས་སེམས་དཔལ་ལ་ཐིམ། དམིགས་སྐོར་གསུམ། ཡེ་ཤེས་སེམས་དཔའ་དེ་པདྨ་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་ཡང་ཨ་ལ་ཐིམ། དམིགས་སྐོར་བཞི། ཨ་ཡང་ནམ་མཁའ་ལ་སྤྲིན་དེངས་པའི་ཚུལ་གྱིས་ཐལ་བའི་ངང་དུ་སྔར་བཞིན་མཉམ་པར་བཞག་ལ་ལྟ་བ་བསྐྱངས། དམིགས་{ོར་ལྔ་སྟེ་འོད་གསལ་སྒོམ་པའོ། །ཡང་སྟོང་པའི་ངང་ལས། ཨ་ཡིག་དཀར་པོ་བྱུང༌། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་སོགས་སྐད་ཅིག་ཙམ་གྱིས་བྱུང་བ་ལ་སེམས་གཏད། དེ་ལྟར་ཡང་དང་ཡང་དུ་བསྒོམ་པ་ཡིན་ནོ། །དམིགས་སྐོར་དྲུག་པ་


TNT06_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཟུང་འཇུག་སྒོམ་པའོ། །འདི་སྐབས་རྣལ་འབྱོར་ལ་དབང་འབྱོར་བ་ཡིན་ན། ལྟ་བ་དང་རྣལ་འབྱོར་གོང་མ་རྣམས་ཀྱིས་ཐོབ་པའི་བདེ་ཆ་གསལ་ཆ་སྣང་ཆ་རྣམས་རོ་གཅིག་ཏུ་འདྲེས་པའི་ངང་ནས། བཅུ་གསུམ་གྱི་བདག་ཉིད་ཅན་མངོན་རྟོགས་ཡོངས་སུ་རྫོགས་པ་ཡུད་ཙམ་གྱིས་བསྒོམས་ཏེ། འོད་གསལ་ཏུ་བསྡུ་བ་ལ་སོགས་པ་གོང་བཞིན་བསྒོམས། བསྐྱེད་རྫོགས་ཕན་ཚུན་དུ་རྒྱས་འདེབས་པ་ཞེས་བྱ་བ་ཡིན་གསུང༌། གསུམ་པ་འཕྲོས་དོན་ནི། ཕྱིར་ཟློག་དྲུག་པའི་གཞུང་ལས་བྱུང་བ་སྟེ། དགྲ་གདོན་ནད་འཇིགས་པ་སེམས་ལྷོངས་སོགས་གང་བྱུང་ཡང་རང་སེམས་སུ་ཤེས་ནས་གང་སྒྱུར་སྒྱུར་ཡིན་སྙམ་པས་རེས་འགའ་རང་སེམས་ཕར་བསྲེས། རེས་འགའ་དེ་རང་ལ་ཐིམ། གང་ལྟར་ཡང་མཐར་དབྱིབས་སུ་ཡལ། དབྱིངས་རིག་སྲེས་ནས་བཞག་གོ །རེས་འགའ་གནོད་བྱེད་དང་གནོད་བྱེད་ཉིད་དུ་དམིགས་ནས་སྒྱུ་མ་ལྟ་བུར་བསམ། ཡང་བར་ཆད་ཀྱི་ཆོས་དེ་བླ་མའམ་ཡི་དམ་དུ་བསྒོམ། སྒྱུ་མ་ལྟ་བུ་དང་རང་སེམས་སུ་རོ་མཉམ་པར་ཤེས། གནོད་བྱ་གནོད་བྱེད་གདོད་ནས་ཡོད་མ་མྱོང་བ་ལ་མཉམ་པར་བཞག་གོ །ཡང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ། བདག་དང་གནོད་བྱེད་སོགས་ཐམས་ཅད་ལོགས་ལོགས་སུ་གྲུབ་པ་མེད། རང་སེམས་གཅིག་པུའི་ཆོ་འཕྲུལ་ཡིན་ཐམས་ཅད་ངོས་གཟུང་མེད་པས་སྟོང་པར་རོ་མཉམ། གདོད་ནས་ཡོད་མ་མྱོང༌། རང་བཞིན་ཆོས་ཉིད་ཡེ་ཤེས་ཀྱི་སྣང་ཆ་མ་འགགས་པ་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་ཆེན་རྣམ་པར་རིགས་ལྔ་ཡུམ་བཞི་སེམས་དཔའ་སེམས་མ་ཁྲོ་བོ་ཡབ་ཡུམ་ཀྱི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྲུབ་ཏུ་ཤེས་པས་སྤང་བླང་ལས་གྲོལ་བ་དེ་ཀ་ལ་མཉམ་པར་བཞག་གོ །ཡང་དེ་ལྟར་


TNT06_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་དུང་དུང་བ་བསྒོམ། སྙིང་རྗེ་དེ་ཡང་དབྱིངས་དང་བསྲེས་ཏེ་མཉམ་པར་བཞག་པས་བར་ཆད་དངོས་གྲུབ་ཏུ་ལོངས་པར་འགྱུར་རོ། །དེ་ལྟར་ན་འདིར་ནི་རྣལ་འབྱོར་བཞི་རིམ་གྱི་དམིགས་ཁྲིད་ལག་ལེན་གསལ་བར་བཀོད་དེ། གོ་དོན་རྣམ་བཞག་དང་མན་ངག་གི་གནད་མང་པོ། གློོ་བོ་ལོཙྪ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་འགྲེལ་པ་ན་ཤིན་ཏུ་གསལ་བས། དེ་ཉིད་བླ་མའི་ཞལ་ལུང་གིས་ལེགས་པར་བརྒྱན་ཏེ། ཞིབ་ཏུ་ཉན་ཅིང་ལག་ཁྲིད་དུ་ཐེབས་པར་བྱའོ། །འདི་ནི་སྤྱིར་བསྐྱེད་རིམ་གང་ལ་ཡང་སྦྱོར་དུ་རུང་མོད་གཙོ་བོར་གྲུབ་ཐོབ་དཔལ་འཛིན་ཉིད་ཀྱི་བཞེད་གཞུང་དམར་ནག་འཇིགས་གསུམ་དང་ཤིན་ཏུ་འབྲེལ་ཆེ་ལ། ཡང་སྒོས་སུ་གཤེད་དམར་བཅུ་གསུམ་མ་ཉིད་ལ་སྦྱོར་རོ། །འདི་ལྟར་བྲིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་དངོས་གྲུབ་མཆོག་ལ་རེག་པར་གྱུར་ཅིག ས་ཁམས་ཙརྩི་ཀཱ་ཡི་གཟུགས་ལ་བལྟ། །བྱམས་པ་ཕག་མོས་སྙན་འགྱུར་གླུ་ལེན་ཅིང༌། །སྨོན་ལམ་དབྱངས་ཅན་དྲི་ཡིས་ཡིད་ཚིམ་ནས། །འདུས་མ་བྱས་པ་གཽ་རཱིས་རོ་མཆོག་སྦྱོར། །ཀུན་ཁྱབ་རྡོ་རྗེ་རོ་ལངས་མས། །སྟོབས་བཅུ་མ་ཧེའི་གདན་ལ་བཀོད། །


TNT06_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་བདེ་ཆེན་རོལ་བ་ཡིས། །གཤིན་རྗེ་གཤེད་པོའི་སར་འགོད་ཤོག །ཐོ་བ་གཤིན་རྗེ་གཤེད་ལ་སོགས། །ལྟ་ངན་བཞི་དང་བདུད་བཞི་འཇོམས། །བསྡུ་དངོས་རྣམས་བཞིའི་དཔལ་འབྱོར་གྱིས། །གེགས་མེད་དངོས་གྲུབ་སྩོལ་བར་མཛོད། །ཆོས་འབྱུང་བདུད་རྩི་ཀ་པཱ་ལ། །གཟུགས་སོགས་འདོད་མའི་ལྷ་མོ་ཡིས། །ཟག་མེད་བདེ་ཆེན་ལོངས་སྤྱོད་རྒྱས། །སྲིད་ཞིའི་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་འདོལ་བྱུང་དུ་སྦྱར་བའོ།། །།གློ་བོ་ལོཙྪ་བའི་གཏོང་ཐུན་དེ་ངེས་པར་ལྟོས་ཤིག །མངྒ་ལཾ།


TNT06_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཤེད་དམར་རྣལ་འབྱོར་བཞི་རིམ་གྱི་ཁྲིད་ཡིག་མཆོག་ཏུ་གསང་བ་བཞུགས། next