Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས།
   
   
   
   
   
   


 
previousགཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས། next

གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས།


TNT06_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་བཞུགས།


TNT06_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་པོའི་བསྙེན་པ་སོང་ཞིང༌། མགོན་ནག་གི་སྙིང་པོ་འབུམ་ཕྲག་བཞི་བཟླས་པ་ཅིག་གིས་འདི་བྱའོ། །དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ཆེན་པོའི་ཕྱོགས་གང་ཡང་རུང་བ་ཅིག་ཏུ། ཆོས་འབྱུང་གྲུ་གསུམ་མཐའ་མེ་རིས་བསྐོར་ཞིང༌། མཆུ་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ་ཡོད་པ་ཅིག་བྱ། དབུས་སུ་ཉི་གདན་ལ་གྲི་གུག་འབྲི་བའམ། ནས་ནག་གི་ཚོམ་བུ་འགོད། ནས་ནག་རྗེན་བཏགས་ལ། སྲན་ནག །བྲ་བོ། རྡོ་ཕྱེ། ལྕགས་ཕྱེ། རཀྟ་དང་ཆང་སོགས་བསྲེས་པའི་གཏོར་མ་གྲུ་གསུམ་རྩ་བའི་ཕྱོགས་ཀྱི་ཟུར་གསུམ་དུ་མི་མགོས་མཚན་པ་ལ། དུག་ཁྲག་རོ་སོལ་བསྲེས་པས་བྱུགས། ལྕགས་སྣོད་དུ་བཀོད་ལ། ཡུངས་ཀར་དང༌། སྔོན་ཚེའི་གང་བུ། དུག་ཤིང་གི་ཚེར་མ་དུག་ཁྲག་གིས་བསྐུས་པ་ཅུང་ཟད་བཙུགས། མཐའ་ལ་དྲག་པོའི་མཆོད་གཏོར་གྱིས་གྲུ་གསུམ་དུ་བསྐོར། འཇིག་རྟེན་འདས་གཏོར་ལྔ་ཚར་གྱི་མདུན་དུ་མགོན་པོའི་བསྐང་


TNT06_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ནི་དཔལ་གཏོར་མདའ་དང་དར་ནག་བཙུགས་པ་ཅིག་ཀྱང་བཤམས། མཆོད་གཏོར་རྣམས་བྱིན་རླབས་མ་མོའི་སྡེབས་ལ། དམིགས་པ་བྱས་པས་ཆོག་གོ །རྩ་བའི་གཏོར་ཆོག་གི་ཆོས་རྒྱལ་ལས་གཤིན་གྱི་གཏོར་བསྔོ་སོང་མཚམས། ཨོཾ་ཨཱཿཧཱུཾ། ལན་བདུན་ཙམ་གྱིས་མཧཱ་ཀཱ་ལའི་གཏོར་མ་བྱིན་རླབས་ཁ་གསོ་ཞིང༌། མཆོད་པ་བྱིན་རླབས་བསྡུས་པ་ཅིག་ཀྱང་བྱ། དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། བསྲུང་འཁོར་གྱི་ནང་དུ་དུར་ཁྲོད་ཆེན་པོའི་ས་གཞི་ལ། རྡོ་རྗེའི་བྲག་རི་གྲུ་གསུམ་གྱི་དཀྱིལ་འཁོར། དེའི་སྟེང་དུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་གདན་ལ། ནྲྀ་ལས་དགྲ་བགེགས་བསྒྲལ་བའི་བམ་ཆེན་གྱི་སྟེང་དུ་གཙོ་བོའི་ཐུགས་ཀ་ནས་ཧཱུཾ་ཡིག་ནག་པོ་མེ་འབར་བ་སྤྲོས་ཏེ་འཁོད། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་ནུས་མཐུ་རྣམས་ཚུར་འདུས་ཧཱུཾ་ལ་ཐིམ། ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ། སྐུ་མདོག་


TNT06_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་མུན་པ་ལྟར་ཆེས་གནག་པ། སྦོམ་ཞིང་ཐུང་བ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། གཏུམ་ཞིང་ཁྲོས་པ། འཚམ་པ་ལས་འདས་པའི་ཁྲོ་གཏུམ་དྲག་ཤུལ་ཅན། ཞལ་གཅིག །ཕྱག་གཉིས། གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། སྤྱན་གསུམ་མཆེ་བ་གཙིགས་ཤིང་དྲག་ཏུ་བཞད་པ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་འབར་ཞིང་འཛིངས་པ། སྟག་ལྤགས་དང༌། སྦྲུལ་དང་མི་མགོས་བརྒྱན་པ། མེ་རླུང་འཚུབས་མའི་དབུས་ན། པད་ཉི་མི་རོའི་གདན་ལ་བཞེངས་པའི་སྟབས་ཀྱིས་གནས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མགོན་པོ་མཧཱ་ཀཱ་ལ་འཁོར་དང་བཅས་པ། ཨོཾ་བཛྲ་ས་མཱ་ཛཿ ལན་གསུམ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གྱི། །གཉིས་སུ་མེད་པར་གཤེགས་སུ་གསོལ། ཨེ་ཧྱ་ཧི། མཧཱ་ཀཱ་ལ་ཡེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དམ་ཚིག་ཉེར་འོངས་པ། །བསྐྱེད་པའི་དམ་ཚིག་བྱིན་རླབས་ཕྱིར། །ཐུགས་རྗེས་བྱོན་ལ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ། ཛཿཧཱུཾ་བཾ་ཧོཿ རང་ངམ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་དབང་གི་ལྷ་རྣམས་སྤྲོས། དམ་རྫས་དང༌། མཆོད་པའི་སྤྲིན་ཕུང་སྟིབས་ཏེ། ཆ་བྱད་སྣ་ཚོགས་དང་བཅས་པས། བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། གཤིན་རྗེ་གཤེད་པོས་དབུ་རྒྱན།


TNT06_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མཧཱ་ཀཱ་ལ་ཡ། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། ཤཱ་ས་ན་ལན་གསུམ་གྱིས་འདོད་ཡོན་ལྔ་ལྡན་གྱི་གཏོར་མ་ཕུལ། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨཱཿཧཱུཾ། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ལན་གསུམ་དང༌། ཤཱ་ས་ན་ཚར་གཅིག་གིས་བདུད་རྩི་འབུལ། ནང་མཆོད་གཏོར་མ་ལ་བྲན། ཨོཾ་མཧཱ་ཀཱ་ལ་ཡ། སརྦ་དུཥྟཱན་མཱ་ར་ཡ་མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ལན་གསུམ། ཤཱ་ས་ན་ཚར་གཅིག་བརྗོད་པས་རཀྟ་འབུལ། གཏོར་མ་ལ་ཁྲག་གིས་བྲན་ནོ། །ཧ་ཧ་ཧོ་ཧཽ་ཧཱུཾ་ཧཱུཾ་ཞེས་གསུངས་པར་གྱུར། དེ་ནས་ཐོད་པའི་ཕྱག་རྒྱ་བཅས་ལ། ཤཱ་ས་ནའི་མཐར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་སྦྱར་བ་ལན་གསུམ་གྱིས་དམ་ལ་བཞག །དཔལ་ནག་པོ་ཆེན་པོ་ཁྱོད་ཀྱིས། སྔོོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཇི་ལྟས་ཁས་བླངས་དམ་བཅས་པ་བཞིན། རྣལ་འབྱོར་པ་བདག་གིས་ཇི་ལྟར་བཅོལ་བའི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད་ཅིག །ཅེས་བརྗོད། བདུད་རྩི་དང་རཀྟ་བསྲེས་པ་གཏོར་མ་ལ་བྲན། ཧཱུཾ་རིང་པོ་བདུན། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ་ཧཱུཾ། ལན་གསུམ། གཤིན་རྗེ་གཤེད་པོ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །བདག་ཀྱང་དམ་ལས་མི་འདའ་ཡི། ཁྱོད་ཀྱང་དམ་ལས་མ་འདའ་ཅིག །དེ་རྗེས། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཞེས་པ་ནས། དམ་ཚིག་ཅན་ལ་བདག་བསྟོད་དོ། །དཔལ་འབར་ནག་པོ་ཆེན་པོ་ཡིས། །བདག་ལ་དགོས་པའི་དོན་ཐམས་ཅད། །བསམ་པ་བཞིན་དུ་སྒྲུབ་པ་དང༌། །སངས་རྒྱས་བསྟན་པ་བསྲུང་བར་མཛོད། །ཅེས་བརྗོད། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་


TNT06_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཞེས་བརྒྱ་རྩ་སོགས་ཇི་ལྟར་འོས་པ་བཟླས་སོ། །དེ་ནས་ཡེ་ཤེས་མགོན་པོ་ཉིད་ལས་མགོན་དུ་བསྒྱུར་ནས། ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཛཿཛཿ ཞེས་པའང་ཇི་ལྟར་འོས་པ་བཟླ། ཨོཾ་མཧཱ་ཀཱ་ལ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་དང༌། ཤཱ་ས་ན་དང༌། དེ་གཉིས་ལ་དྲག་པོ་སྤུ་གྲི་བཏགས་པ་རྣམས་ཀྱང་ཅུང་ཟད་བཟླའོ། །སྤུ་གྲིའི་སྔགས་ནི། ཨོཾ་མཧཱ་ཀཱ་ལ་ཡཀྵ། མཧཱ་ཀཱ་ལ་ཧུར་ཐུམ་ཛཿ དགྲ་བོ་དམ་ཉམས་ཀྱི་མགོ་ལུས་པྲིཾ་པྲིཾ་ཕྲོལ་ཕྲོལ། ཏྲཀ་རཀྵས་ཕྱེ་ཕྱེ། དུཾ་བུ་དུཾ་བུ། ཧེ་ལཾ་ཁཱ་ཧི། ཞེས་པའོ། །དེ་རྗེས་ཡིག་བརྒྱ་ལན་གསུམ་ལྔ་བདུན་གྱི་བར་བཟླས་ནས། སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། གསུང་གི༴ ཐུགས་ཀྱི༴ རྩ་བའི༴ ཡན་ལག་གི༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི་དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། མཐོལ་བཤགས་ཕུལ་ནས་ཚངས་པ་མཛད་དུ་གསོལ། དཔལ་ཡེ་ཤེས་མགོན་པོ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་ལ་དངོས་གྲུབ་ཀྱི་གཏོང་གྲོགས་དང༌། མཐུ་སྟོབས་ཐོགས་པ་མེད་པ་བསྩལ་བ་དང༌། ཕྱི་ནང་གསང་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བསྲུང་བ་དང༌། བཟློག་པ་མཛད་དུ་གསོལ། སྔོན་གྱི་ལས་ལས་བྱུང་བ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་བྱུར་ཆགས་ལ་སོགས་པ་རྐྱེན་ངན་ཐམས་ཅད་དབྱིངས་སུ་ཞི་ཞིང༌། ཕྱི་ལ་བཟློག་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་ངེས་དོན་བསྟན་པའི་བདག་པོ་དཔལ་ཇོ་ནང་པའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་བསྒྲིགས་ནས་ཁམས་


TNT06_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐམས་ཅད་དབང་དུ་འདུ་བ་དང༌། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་ཤིང་འཕེལ་བར་མཛད་གསོལ། བདག་ཅག་རྣམས་དང་བསྟན་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་འདྲེན་བྱད་མ་བསམ་སྦྱོར་ངན་པ་ཅན་ཐམས་ཅད་སྐད་ཅིག་ཉིད་ལ་རྡུལ་དུ་བརླག་པར་མཛད་དུ་གསོལ། སརྦ་ཨུ་པ་དྲ་བ་ནི་བ་རཱ་ཡ་ཕཊ། ཅེས་ལས་བཅོལ་གྱི་དོན་དུ་གསོལ་བ་གདབ་བོ། །མགོན་ནག་སྒོས་ཀྱི་ལས་ཚོགས་བྱེད་ན། སྐབས་འདིར་བསྐང་བ་དང༌། འདས་དང་མ་བྱོན་མས་བསྐུལ་བ་སྔོན་དུ་འགྲོ་བས་ལིང་ག་སྒྲོལ་བ་ཡང་བྱེད་མོད་ཀྱི། དྲུག་ཅུ་པའི་ཆ་ལག་ཏུ་སྦྱོར་བའི་སྐབས་འདིར་ནི་བསྐང་བ་མི་དགོས་ལ་ལིང་ག་ལོག་པའང་མི་དགོས་ཀྱི། དཀྱུས་ཀྱི་ལིང་ག་སྒྲོལ་བ་དང༌། ཕྱོགས་སྐྱོང་ལ་བསྔོ་བའི་སྐབས་དེར་དམིགས་པས་ནན་ཏན་དུ་བྱས་པ་ཙམ་གྱིས་ཆོག །དེ་སྐབས་གཏོར་མ་ལ་ལིང་དུམ་སྦྲོན། རཀྟ་གསར་བ་རེ་བླུགས་ཀྱིན་འདུག །དེ་རྗེས་ཤཱ་ས་ན་བདུན་ཙམ་བཟླ། ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དང༌། ཨོཾ་བཛྲ་ཀྲོ་དྷ་མཧཱ་ཀཱ་ལ་ཡ། ཤ་ཏྲུན་ཙིཏྟ་ཀྲོ་ཏིང་དུན་ཛཿ ཞེས་པ་དང༌། སྤུ་གྲིའི་སྔགས་ཇི་ལྟར་འོས་པ་སྟེ་དྲག་ཏུ་བཟླའོ། །དེ་རྗེས། ཨོཾ་མཧཱ་ཀཱ་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། དཔལ་ལྡན་ནག་པོ་ནག་པོ་ཆེན་པོ་ནི། །བསྐལ་པའི་མེ་དཔུང་དབུས་ན་བཞུགས། །མི་རོའི་སྟེང་ནས་སྐུ་བྱུང་བ། །མདོག་ནག་ཐུང་ལ་གསུས་པ་ཆེ། །ཡོན་ཏན་རྫོགས་པའི་ལྷ་ཁྱོད་ཀྱི། །དགྲ་བགེགས་གདུག་པ་མྱུར་དུ་སྒྲོལ། །གཡས་ཀྱི་ཕྱག་གི་གྲི་གུག་གིས། །བསྟན་ལ་གནོད་པའི་སྙིང་རྩ་གཅོད། །གཡོན་པའི་ཕྱག་གི་ཐོད་པ་ཡིས། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་


TNT06_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མཆེ་བའི་ཟླ་ཚེས་རབ་གཙིགས་པས། །འཇིག་རྟེན་མ་ལུས་ཟ་བར་བྱེད། །སྤྱན་གསུམ་མེ་ཡི་ཚ་ཚ་འཕྲོ། །གདུག་པ་ཅན་རྣམས་བསྲེག་པར་བྱེད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཁྱོད། །བདུད་ཀུན་འདུལ་བའི་དམག་དཔོན་ཡིན། །དམ་ཉམས་རྣམས་ཀྱི་གཤེད་མ་མཛད། །མནའ་ཟན་རྣམས་ཀྱི་སྲོག་དབུགས་ལེན། །ཆོས་འཁོར་ཡོངས་ཀྱི་བསྲུང་མ་སྟེ། །ནག་པོ་གཏུམ་པོ་ལས་ལ་བྱོན། །བླ་མ་ལ་མཁུ་སེམས་ཅན་འཚེ། །ཆོས་འཁོར་འདི་ལ་སྡང་བ་རྣམས། །མ་ལུས་སྐད་ཅིག་ཙམ་གྱིས་ཀྱང༌། །ད་ལྟ་ཉིད་དུ་རིངས་པར་ཁུག །ཤ་ཁྲག་ནང་ཁྲོལ་མ་ལུས་པ། །དཔའ་བོ་ཆེན་པོས་མྱུར་དུ་ཟོ། །དེ་ལུས་ཏིལ་ཙམ་བཏུབས་ནས་ཀྱང༌། ཁྱོད་ཀྱི་ཞལ་དུ་གསོལ་བར་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། ཁྱོད་ཉིད་དམ་ཚིག་ཉམས་འགྱུར་ཏེ། །རྡོ་རྗེ་འཆང་གི་བཀའ་འདས་པས། །སྙིང་ཁྲག་ས་ལ་ལྟུང་བར་འགྱུར། །དེ་བས་དམ་ཚིག་མ་འདའ་བར། །གདུག་པའི་དགྲ་འདི་མྱུར་དུ་སྒྲོལ། །མཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་བྲེང་བྲེང༌། རྒྱུག་རྒྱུག་ཡ་ཡ། ཞེས་བསྟོད་བསྐུལ་འདི་ལན་གསུམ་བྱེད། སླར་ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། ལྷ་ཡི་དམག་དཔོན་ཚོགས་ཀྱི་བདག །གདུག་ཅན་མ་ལུས་འཇོམས་མཛད་པ། །གཏུམ་པོ་དྲག་པོ་མཐུ་རྩལ་ཆེ། །ནག་པོ་དམ་ཚིག་ཅན་ལ་བསྟོད། །དུས་ལ་བབ་པའི་ཚེ་བཅོལ་པའི་འཕྲིན་ལས་ཐོགས་པ་མེད་པ་མཛོད་ཅིག །ཅེས་བྱ། ཟོར་འཕེན་པའི་གནས་སུ་ཟོར་ལམ་དབྱེ་བ་དང༌། གཏོར་བསྐུལ་སོང་


TNT06_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྗེས་ལ། ཧཱུཾ། འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །འོག་གི་ཀླུ་དང་ལྷ་མིན་འཇོམས། །རལ་པ་ཁམ་ནག་གྱེན་དུ་གཡེངས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འགྲིལ་བར་གྱི་ལྷ་གདོན་སྡིགས། །གཡས་ཀྱི་གྲི་གུག་དགྲ་བགེགས་བདུད་ལ་རྡེག །གཡོན་པ་གདུག་པའི་ཁྲག་བཀང་ཞལ་དུ་གསོལ། །ཞབས་རྡབས་གནོད་སེམས་ཅན་གྱི་ལུས་ལ་ཉེད། །གང་ཞིག་དཀོན་མཆོག་གསུམ་སྨོད་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིང་ག་འདི་ལ་མྱུར་དུ་ཆུག །དེ་ཡི་ཤ་ཟོ་ཁྲག་ལ་འཐུང༌། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བ་ཀུན་དང་ཁྲོལ་ལས་ཤོག །ཡང་ན་འདི་ཡི་ཕྱིར་འབྲངས་ནས། །ཏིལ་འབྲུ་ཙམ་དུ་བརླག་པར་མཛོད། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །དེ་བས་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་པས་བསྐུལ་བ་ཡིན་པ་ལས། ལིང་ག་འདི་ལ་མྱུར་དུ་ཆུག །ཅེས་པ་ལིང་ག་འགུགས་འདྲེན་གྱི་སྐབས་ཡིན། སྐབས་འདིར། ཟུངས་ཤིང་ཆིངས་ཤིག་ལྷ་དང་ཕྲོལ། །ཞེས་འདོན་པ་བསྒྱུར་རོ། །ཆོས་རྒྱལ་གྱི་གཏོར་མའི་སྔོན་དུ་འདིའི་གཏོར་མ་འདི་འཕེན་ཏེ། འདི་སྐབས་ཤཱ་ས་ན་དྲག་ཏུ་བཟླ་བ་ལས། དགྲ་བགེགས་བྱད་མ་ཁ་ཁ། དགྲ་བགེགས་བྱད་མ་ཁཱ་ཧི་ཁཱ་ཧི། ཞེས་སོགས་


TNT06_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མིང་སྤེལ་བཅུག་ནས། རྗེས་ཚོགས་མཆོད་ཀྱི་སྐབས་དང༌། རྗེས་ཆོག་གི་སྐབས་དམིགས་པ་ནན་ཏན་གལ་ཆེ་ཞིང༌། ཚོགས་ཕུད་ཤཱ་ས་ནའི་སྔགས་ཀྱིས་འབུལ་བསྐང་གཏོར་གསོས་ལ། མཆོད་པའི་སྐབས། མཧཱ་ཀཱ་ལ་ཨརྒྷཾ་སོགས་དགོས་སོ། །མགོན་ནག་དང༌། དྲུག་ཅུ་རྩ་བཞིའི་གཏོར་བཟློག་སྦྲེལ་ནས་སྒྲུབ་ཚུལ་བཤད་ཟིན་ཏོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་བྷཻ་ར་བའི་བསྙེན་པ་སྔོན་དུ་སོང༌། ལེགས་ལྡན་དྲག་པོ་ལྷའི་མགོན་པོའི་རྩ་སྔགས་དྲག་སྔགས་གཤམ་བུ་དང་བཅས་པ། ཞག་ཉེར་གཅིག་ཙམ་བཟླས་པ་དང༌། ཏེ་ལོའི་རྟོག་པ་ཆེ་ཆུང་གི་སྙིང་པོ་ཡང་ཁྲི་ཕྲག་ཙམ་རེ་མ་མཐའ་ཡང་སོང་བ་དགོས་སོ། །དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་གྱི་ཕྱོགས་གང་ཡང་རུང་བར་དཀྱིལ་འཁོར་ཟླ་གམ་མཐིང་ཁ་རླུང་རིས་མཚོན་བྱེད་པ་ཊས་བསྐོར་བའི་དཀྱིལ་དུ་ཆོས་འབྱུང་གྲུ་གསུམ་དམར་ནག་མེ་རིས་བསྐོར་བ། དེའི་དབུས་སུ་རོ་གདན་ལ་དབྱུག་ཐོ་གཅིག་འབྲི། ཆོས་འབྱུང་གི་རྩེ་མོའི་ཕྱོགས་སམ་གཏོར་གྲལ་ལ་གཏོར་མ་ནོར་བུ་མིག་གསུམ་གྱི་གཟུགས་ཅན་ཅིག་དང༌། ཆོས་འབྱུང་གི་མདུན་དུ་འཕེན་གཏོར་ཟན་ལེབ་གྲུ་གསུམ་གྱི་སྟེང་དུ་མདུན་དུ་འུག་པའི་གདོང༌། ཟུར་གཉིས་སུ་གླང་གི་གདོང༌། དེའི་སྟེང་དུ་གཏོར་མ་གྲུ་གསུམ་བཀོད། ཟུར་མདུན་ལ་བཏོད་པ་ཡིན་དེ་ལ་རྩེ་གསུམ་དར་ནག་ཅན་བཙུགས། ཡང་ན་གྲུ་གསུམ་གསུམ་སྒྲིགས་བྱེད་པའང་ཡོད་དེ་ཏྲི་ཤཱུ་ལ་མཚོན་ཟེར། དེ་དུག་ཁྲག་གིས་བྱུགས། དྲག་པོའི་མཆོད་གཏོར་གྱིས་གཡོན་སྐོར་དུ་བསྐོར་རོ། །དྲུག་ཅུ་རྩ་བཞིའི་ཆོ་གར་བཤད་པའི་ཆོས་རྒྱལ་གྱི་གཏོར་བསྔོ་གྲུབ་མཚམས་སུ་འབྲུ་གསུམ་མང་དུ་བརྗོད་པས་མཆོད་གཏོར་བྱིན་རླབས་ཁ་གསོས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་


TNT06_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་གི་ཐུགས་ཀ་ནས་ཧཱུཾ་གཅིག་སྤྲོས་པ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་དབུས་སུ་ལེགས་ལྡན་ལྷའི་མགོན་པོ་དྲག་པོ་དབང་ཕྱུག་ཐལ་བས་བྱུགས་པ། སྐུ་མདོག་དང༌། རྩ་ཞལ་སྔོ་སྐྱ། གཡས་དཀར་རྒྱབ་སེར་གཡོན་དམར། སྟེང་ཞལ་དུད་ཁ་སྟེ་ཞལ་ལྔ་པོ་ཐམས་ཅད་སྤྱན་གསུམ་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྩེ་གསུམ་དང༌། ཁ་ཊྭཱཾ་ག །འོག་མ་གཉིས་ཀྱིས་ཌ་མ་རུ་དང་བཤོར་ཐོད་ཆང་གིས་གང་བ་འཛིན་པ། སྟག་ལྤགས། མི་ལྤགས། གླང་ལྤགས། སྦྲུལ་དང༌། མགོ་ཕྲེང་དང༌། ཐལ་བས་བརྒྱན་པ། རལ་བའི་ཐོར་ཚུགས་ལ་གངྒ་དང་ཟླ་བས་མཛེས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཁྱུ་མཆོག་དཀར་པོའི་གདན་ལ་གནས་པ། གཡོན་གྱི་ཕྱོགས་ནས་ལྷ་མོ་ཨུ་མ་དཀར་མོའམ། སེར་མོས་འཁྱུད་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ལེགས་ལྡན་ལྷའི་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཀ་པཱ་ལ་མཱ་ལ་ཨ་ལང་ཀྲྀ་ཏེ་ཤཱི་ར་ཧཱུཾ་ཧཱུཾ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། རུ་ཏྲ་ཨ་སྭཱཧཱ། ཞེས་སྤྱན་དྲངས། ཨ་མྲྀ་ཏས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ ཨོཾ་ཨཱཿརུ་ཏྲ་ཧཱུཾ་ཧཱུཾ་སྭཱཧཱ། ས་མ་ཡ་སྟྭཾ། ལན་གསུམ། ཨོཾ་མ་ཧེ་ཤྭ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ཡི་རྒྱལ་པོ་མཐུ་བོ་ཆེ། །འཇིག་རྟེན་གསུམ་ལ་དབང་བསྒྱུར་བ། །དྲག་པོ་མིག་གསུམ་བདེ་བྱེད་དེ། །ཨུ་མའི་བདག་པོ་ཁྱོད་ལ་བསྟོད། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀ་ནས་དབང་གི་ལྷ་སྤྲོས་ཏེ།


TNT06_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། རྡོ་རྗེ་རྩེ་ལྔ་པས་དབུ་རྒྱན། ཀ་པཱ་ལ་མཱ་ལ། ཞེས་པ་ནས། རུ་ཏྲ་ཨ་སྭཱཧཱ། ཨོཾ་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་ཨཱཿརུ་ཏྲ་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་ཨ་ནྲྀ་ཛཿ ས་མ་ཡ་སྲོག་བྲེང་བྲེང་ཛ་ཛཿ ཞེས་པ་བརྒྱ་རྩ་སོགས་ཇི་ལྟར་འོས་པ་དང༌། ཨོཾ་རུ་ཏྲ་མ་ཧེ་ཤྭ་ར་ཡོ་ག་པྲ་ཤ་མ་མ་ཡོ་ག་སིདྡྷི་ད་ད་ཧི་མེ་སྭཱཧཱ། ཞེས་པའང་ཅི་རིགས་བཟླས་ཤིང༌། མཧཱ་དེ་བ་ཨེ་ཛ། ཨུ་མ་དེ་བི་ཨེ་ཛ། དྷུ་པྲ་མ་དྷུ་ཁྲག་ཛ། དུནྟི་མ་དུ་ཛ། ཞེས་དྲག་སྔགས་ཀྱང་བསྙེན་སྔགས་ལ་བཏགས་པ་ཅུང་ཟད་བཟླ། སྤྲོ་ན་བསད་ཐུན་གྱི་སྔགས་ཀྱང་ཅི་རིགས་པ་བཟླ། དེ་རྗེས་གོང་བཞིན་མཆོད་བསྟོད་བྱ། མགོན་ནག་གི་སྐབས་ལྟར་བཤགས་པ་དང༌། འདོད་གསོལ་ལ་འདོན་པ་སྤོ། དེ་རྗེས། སྡང་དགྲ་གདུག་པ་ཅན་མ་ལུས་པ་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག །ཧཱུཾ་ཧཱུཾ་ཞེས་བསྐུལ་བས། ལེགས་ལྡན་ལྷའི་མགོན་པོ་དེ་ཉིད་སྲིན་པོའི་གཟུགས་མི་བཟད་པར་གྱུར་ཏེ། དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་མི་མགོ་རློན་པས་མཚན་པའི་དབྱུག་ཐོ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཤིན་ཏུ་ཁྲོས་པ་རབ་ཏུ་འཇིགས་ཤིང༌། དབུ་སྐྲ་སྟེང་འོག་བར་གསུམ་དུ་འཇིངས་པ། ཁྲག་ཆེན་དང༌། ཐལ་ཆེན་དང༌། སྦྲུལ་དང༌། མི་གདུག་པས་བརྒྱན་པ། ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། གཡོན་བརྐྱང་གི་སྟབས་ཀྱིས་མི་རོའི་གདན་ལ་བཞུགས་པ། འཁོར་སྲིན་པོ་དང༌། སྲིན་མོ་དང༌། བྱ་དང༌། གཅན་གཟན་དུ་གདུག་པའི་ཚོགས་ཀྱིས་སྐོར་བའོ། །མཧཱ་དེ་བ་ད་ཥ་ར་ར། དགྲ་བོ་མཱ་ར་ཡ། ཙིཏྟ་ཧུར་ཐུམ། ན་མ་མཧཱ་བྷཱུ་ཏ། དགྲ་བོ་མཱ་ར་


TNT06_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊ། ཅེས་པ་ཅི་ནུས་སུ་བཟླས། འདིའི་བསྒོས་ཀྱི་གཏོར་བཟློག་ལ་ལིང་སྒྲོལ་བྱེད་ན་འདིར་བྱ། དེ་ནས་དྲག་པོའི་གཏོར་མ་ལ་དགྲ་བགེགས་དགུག་གཞུག་གི་དམིགས་པ་ཡང་ཡང་བྱས་ཏེ། མཧཱ་དེ་བ་ད་ཥ་ར་ར། ཨི་དམ་བ་ལིང་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤཱ་ཏྲུན་ད་ཧ་ད་ཧ། པ་ཙ་པ་ཙ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལན་ཉེར་གཅིག་གིས་བསྔོས། ཡང་གོང་བཞིན་མཆོད་བསྟོད་བྱ། ཨཻ་ལྷ་ཡི་རྒྱལ་པོ་རྫུ་འཕྲུལ་ཅན། །སྲིད་པ་གསུམ་གྱི་བྱེད་པོ་སྟེ། །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་ལགས། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །ལྷ་མིན་གྲོང་ཁྱེར་གསུམ་བརྩེགས་བཅོམ། །མདུང་རྩེ་གསུམ་པ་གཅིག་བསྐྱོད་པས། །ས་གཞི་ཆེན་པོ་རིང་དུ་འཕངས། །གདུག་པ་ཅན་ཀུན་འཇོམས་པ་པོ། །སྒྲུབ་པོ་རྣལ་འབྱོར་ཅན་རྣམས་ལ། །ཚེ་དང་བློ་གྲོས་དབང་ཕྱུག་སྟེར། །དམ་ཉམས་ཀུན་གྱི་གཤེད་མ་མཛད། ཁྱུ་མཆོག་རྒྱལ་མཚན་ལས་ལ་ཡ། །དགྲ་བོའི་དབུགས་ལ་ཐུམ་རི་ལི་ལི། །དགྲ་བོའི་སྲོག་ལ་ཧུར་ཐུམ་ཛ། །དགྲ་བོའི་མགོ་ལ་བཾ་རིལ་ལི་ལི། །དགྲ་བོའི་སྙིང་ལ་བྲེང་ཤག་བྷྱོཿ ། དམ་ཉམས་དགྲ་བོའི་ཕུང་བར་མཛོད། །ལྷ་སྔགས་ཐམས་ཅད་གཤེད་དུ་ཕོབ། །བསྲུང་བཟློག་རང་གཤེད་རང་ལ་ཕོབ། །དགྲ་བགེགས་འཁོར་བཅས་ཐལ་བར་རློག །ཁྱོད་ཀྱི་འཁོར་ནི་མི་སྲུན་ཏེ། །ལོག་འདྲེན་བགེགས་བྱེད་བསམ་མི་ཁྱབ། །དགྲ་ལ་ལྟས་ངན་ཆོ་འཕྲུལ་ཕོབ། །གོད་ཁ་སྣ་དགུ་ཐོངས་ལ་ཤོག །མདངས་དང་བླ་ཚེ་ཕྲོགས་ལ་ཤོག །མངའ་ཐང་ལོངས་སྤྱོད་ཆོམ་ལ་ཤོག །ལོང་བར་གྱིས་ཤིག་ལྐུགས་


TNT06_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས། །ཉེ་ཚན་ནང་འཁྲུགས་དགྲ་ལ་ཐོང༌། །མཛའ་གྲོགས་ཀུན་དང་འཁོན་དུ་ཆུག །གཙོ་འཁོར་དཔོན་གཡོག་འཐབ་ཏུ་ཆུག །རྒྱ་མཚོའི་ཕ་མཐར་སྐྲོད་ལ་ཤོག །གླིང་བར་མུན་ནག་ཆེན་པོར་སྐྱུར། །ལྷ་དང་གནོད་སྦྱིན་ཡི་དྭགས་དང༌། །ཀླུ་དང་སྲིན་པོ་མི་བཟད་པ། །མ་མོ་མཁའ་འགྲོ་དྲག་ཤུལ་ཅན། །སྡེ་བརྒྱད་འགོང་པོ་ཐེར་འབུམ་རྣམས། །ད་ལྟར་ཉིད་དུ་ལས་ལ་བསྐུལ། །དགྲ་བོའི་ཡུལ་མཁར་རྨངས་ནས་སྒྱེལ། །ཞིང་དང་ལོ་ཐོག་སྣར་མ་ཆོམ། །མི་ནད་ཕྱུགས་ནད་ཆར་ལྟར་ཕོབ། །བདུད་གཡོས་རི་ལྟར་ཉིལ་དུ་ཆུག །སྲི་ལངས་རླུང་ལྟར་འཚུབ་ཏུ་ཆུག །མཚོན་གྱི་བསྐལ་པ་དེར་ཐོང་ཞིག །ནད་དང་མུ་གེའི་དུས་ལ་ཕོབ། །བསད་བསྐྲད་དབྱེ་དང་རེངས་པར་མཛོད། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ། ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ། བསམ་ངན་བྱད་ཁའི་སྟེང་དུ་བྷྱོཿ ། བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །ཞེས་བསྐུལ་ནས་ཡང་མཆོད་བསྟོད་ཅིག་བྱས་ནས་བཞག་གོ །དེ་ནས་གཏོར་ཟོར་འཕེན་པའི་སྐབས། ལས་གཤིན་གྱི་གཏོར་མའི་སྔོན་ལ་འདི་འཕེན་དགོས་ཏེ། ཐུགས་སྔགས་ཉིད་དམ། ད་ཥ་ར་ར་ནི་དྲག་ཏུ་བཟླ། ནང་དུ་འཁོར་ནས་ནོར་བུའི་དབྱིབས་ཀྱི་གཏོར་མ་དེ། མཐེབ་ཀླུ་གཅིག་གིས་གསོས། སྤྱན་འདྲེན་གྱི་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་ཕུལ། མཆོད་བསྟོད་རྣམས་དམིགས་པ་ཙམ་གྱིས་བྱའོ། །དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཐུན་མོང་མ་ཡིན་པའི་ལས་བྱེད། ལེགས་ལྡན་ལྷའི་རྒྱལ་པོའི་དྲག་གཏོར་དང༌། དྲུག་ཅུ་རྩ་བཞིའི་གཏོར་བཟློག་སྦྲེལ་ནས་སྒྲུབ་ཚུལ་བཤད་ཟིན་ཏོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔལ་གཤིན་རྗེ་གཤེད་ཀྱི་དྲུག་ཅུ་རྩ་བཞིའི་


TNT06_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའི་ཡན་ལག་ཏུ། དཔལ་ལྷ་མོ་རེ་མ་ཏཱིའི་གཏོར་ཟོར་འཕེན་པར་འདོད་ན། ཡི་དམ་གྱི་བསྙེན་པ་སྔོན་དུ་སོང་བ་དང༌། མ་མོའི་བསྙེན་པ་མདོར་བསྡུས་ཙམ་ཞིག་ངེས་པར་སོང་བ་དགོས། དྲུག་ཅུ་པའི་དཀྱིལ་འཁོར་གྱི་མདུན་ནམ་གཡོན་ཕྱོགས་གང་ཡང་རུང་བར། ཆོས་འབྱུང་གྲུ་གསུམ་སྨུག་ནག་མེ་རི་འབར་བ། དབུས་སུ་ཉི་གདན་ལ་མི་རོ་དང་རལ་གྲི་འབྲི། བསྐང་གཏོར་ནི་དམར་པོ་སྙིང་གཟུགས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱས་ལ། གཏོར་གྲལ་དཀྱུས་ལ་འཇུག །འཕེན་གཏོར་ནི་ཟུར་གསུམ་རྩེ་མོ་རྣོ་བ། དུག་ཁྲག་གིས་བྱུགས་ཤིང་ཁ་དོག་ནག་པ། རྩེ་མོ་ལ་ཤིང་གི་རལ་གྲི་དང༌། ལོགས་ལ་ཟན་ནམ་འཇིམ་པའི་ཀོང་བུ་གྲུ་གསུམ་དགུའམ་བདུན་དུག་ཁྲག་གིས་བཀང་བ། སྨྱུག་རྩངས་ལ་བསྐྱོན་ཏེ་གཏོར་མ་ལ་ལག་ལེན་ལྟར་བཙུགས། དྲག་པོའི་མཆོད་པས་བསྐོར། མདུན་དུ་རཀྟའི་ཨརྒྷཾ་སྟེགས་བུ་མཐོ་བ་ལ་བཞག །མཐའ་མཆོད་པས་བསྐོར། སྒྲིག་ལུགས་ལ་ཁྱད་མེད། ཆོས་འབྱུང་གི་རྩེ་མོའི་ཐད་དེར། ཕུར་པ་ཁྲོ་མོའི་ཞལ་ཅན་ནམ། རྡོ་རྗེའི་རྩེ་མོའམ། རྒྱ་མདུད་མ་ཞིག་ཕུར་གདན་ལ་བཀོད། གཏོར་མ་དེ་ལ་ནམ་མཁའ་དང་དར་ནག་གི་བ་དན་བཙུགས་ནའང་ལེགས། དཔལ་ལྷ་མོའི་མངོན་རྟོགས་རྒྱས་པ་འགྲུབ་ན་ལོགས་སུ་ཡོད། མདོར་བསྡུས་ལ་དགའ་ན་འདི་ཙམ་གྱིས་ཀྱང་འགྲུབ་སྟེ། རྩ་བའི་གཏོར་བསྔོའི་ཆོས་རྒྱལ་གྱི་གཏོར་བསྔོ་སོང་བའི་མཚམས་སུ་འདི་བྱ་སྟེ། དཀྱིལ་འཁོར་བསངས་སྦྱངས། ཧཱུཾ་ལས་བྱུང་བའི་བསྲུང་བའི་འཁོར་ལོའི་དབུས། །རླུང་དང་མེ་སྟེང་རཀྟའི་རྒྱ་མཚོའི་ནང༌། །བྷྲུཾ་ལས་ཐོད་པ་དགུ་བརྩེགས་གཞལ་ཡས་ཁང༌། །རྒྱ་མཚོའི་མཐའ་བསྐོར་དམར་ནག་བྲག་རིའོ། །


TNT06_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཨེ་ལས་གྲུ་གསུམ་སྨུག་ནག་འབར། །ཕྱི་ནང་ཀུན་ཏུ་འཇིགས་པའི་རྒྱན་གྱིས་བརྒྱན། །དེ་དབུས་སྲིན་པོའི་བོང་བུ་རླུང་གི་ཤུགས། །དགྲ་བགེགས་བསྒྲལ་བའི་བཾ་ཆེན་བསྣོལ་མར་བཅས། །གརྡ་བ་ཧཱུཾ། ཏི་ར་བཾ། མ་སཱུརྱ་མཎྜལ་ཨ། དེའི་སྟེང་དུ་བྷྱོཿཡིག་ནག་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་ནུས་མཐུ་ཐམས་ཅད་ཚུར་འདུས། བྷྱོཿཡིག་ལ་ཐིམ། ཨོཾ་དེ་བཱི་མཧཱ་ཀཱ་ལི་ཧཱུཾ། གཙོ་མོའི་ཕྱག་རྒྱ་བྱ། དཔལ་ལྡན་ལྷ་མོ་ནག་མོ་ཆེན་མོ་རྗེ་མོ་རེ་མ་ཏཱི། གཙོ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་མཐིང་ནག་རལ་པ་མུན་ལྟར་གཏིབས་པ་ལ་རྨ་བྱའི་མདོངས་ཀྱིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་པ། མི་བཟད་པའི་མཆེ་བ་རྣོན་པོ་གཙིགས་ཤིང༌། འཇིགས་སུ་རུང་བའི་སྒྲ་སྒྲོག་པ། ཕྱག་གཡས་པས་རལ་གྲི་མེ་འབར་བ་འཕྱར་བས། བསྟན་པ་བསྲུང་ཞིང་དགྲ་བགེགས་ཐམས་ཅད་ཚར་གཅོད་པ། གཡོན་པས་ཀ་པཱ་ལ་གདུག་པའི་སྙིང་ཁྲག་དང་བདུད་རྩིས་གང་བ་འཛིན་པས། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། སྦྲུལ་རིགས་བཞིའི་སྐེ་རགས་དང༌། དབུའི་སྟེང་དུ་སྦྲུལ་མགོའི་གདེངས་ཀ་ཅན། སྙན་གཡས་པ་ལ་སེང་གེ ། གཡོན་པ་ལ་དྲིལ་བུ། ཞབས་ལ་དབང་གི་ལྕགས་སྒྲོག་འཁྲོལ་བ། ཁྲག་ཞག་གི་ཐིག་ལེ་དང༌། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་སྐམ་གྱི་དབུ་བརྒྱན་དང༌། མི་


TNT06_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་རློན་པའི་དོ་ཤལ་ཅན། ལྟེ་བ་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་བ་འཆར་བ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེའི་སྐུ་མདུན་དུ་དྲེའུ་སེར་སྐྱ་རླུང་གི་གཤོག་པ་ཅན། བསེའི་སྒ་གདན་དང་བཅས་པ། དེའི་སྟེང་དུ་མ་ཡིག་ནག་པོ། དེ་ལས་འོད་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཏེ་མ་ཡིག་ལ་ཐིམ། རཀྵ་མ་ནི་ཧཱུཾ། ཁོལ་མོ་བདུད་ཀྱི་བུ་མོ་རེ་མ་ཏཱི་ནག་མོ་རལ་པ་ཁམ་སེར་མ། རིན་པོ་ཆེའི་རྒྱན་ཅན་མེ་སྟག་འཕྲོ་བ། རེ་ལྡེ་དང༌། གོས་ནག་དང༌། མི་ལྤགས་གྱོན་པ། ཕྱག་གཡས་པས་བདུད་ཀྱི་ཁྲམ་ཤིང་དང༌། གཡོན་པས་ཤོ་རྡེ་དཀར་ནག་འཛིན་པ། ཉི་ཟླའི་ཐོད་གདེངས་ཅན། ནད་ཀྱི་ཁ་རླངས་འཐུལ་བ། ལྕགས་ཀྱི་དྲ་བ་མིག་དགུ་རྒྱབ་ཏུ་ཐོགས་ཤིང༌། མཚོན་གྱི་གྲུ་གུ་དང༌། བྱང་དམར་ཁྲེས་པོ་དང༌། ནད་ཀྱི་རྐྱལ་བ་འཆང་བའོ། །རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས། དཔལ་གྱི་ལྷ་མོ་རེ་མ་ཏཱི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ བྷྱོཿ དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས། །དཔལ་ལྡན་ནག་མོ་རེ་མ་ཏཱི། །ལྷ་མོ་ནག་མོ་མཐུ་མོ་ཆེ། །དད་པ་དང་ནི་དམ་ཚིག་གིས། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །མཆི་མ་ཐུལ་ཐུལ་མྱུར་དུ་བྱོན། །མ་ཅིག་དཔལ་ལྡན་རེ་མ་ཏཱི། །སྒྲུབ་མཆོག་བསྐྱང་ཕྱིར་གཤེགས་སུ་གསོལ། །ལྷ་མོ་དཔལ་ལྡན་ནག་མོ་ཁྱོད། །མ་མོའི་ཚོགས་ཀྱི་ནང་ན་དཔལ་འབར་མ། ཁྱོད་ནི་མ་མོ་སྟོང་གི་དབུས་ན་བཞུགས། །དབང་ཕྱུག་ཆེན་པོ་རྣམས་ལ་སྲིང་མོ་སྟེ། །ཉེ་བར་


TNT06_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལས་རྣམས་སྒྲུབ་པའི་ཕྱིར། །དངོས་གྲུབ་སྩོལ་ཞིང་བཞུགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལི་ཧཱུཾ་ཕཊ། རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ། ཏིཥྟ་ཏིཥྛ། ཛཿཧཱུཾ་བཾ་ཧོཿ ཨོཾ་མཧཱ་ཀཱ་ལི་ཨ་བྷི་ཥིཉྩ། ཀ་པཱ་ལ་ཏྲི་ནི་མཧཱ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུཾ། ཞེས་དབང་བསྐུར། རཀ་མོ་རཀ་མོ་དུན་ཏིང་ན་མཿ ཨ་ཏི་བྷུ་ཧོ། པྲ་ཏི་བྷུ་ཧོ། ཨོཾ་མཧཱ་ཀཱ་ལི་རེ་མ་ཏཱི། ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟ འི་བར་གྱིས་མཆོད། བྷྱོཿ དཔལ་ལྡན་ནག་མོ་རེ་མ་ཏཱི། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །དགྲ་འདུལ་ཆེན་མོ་ཁྱོད་ལ་འདུད། །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ མ་མ་དེ་བཱི་མཧཱ་ཀཱ་ལི་རེ་མ་ཏཱི། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཁ་ཁ་ལེ་ལེ། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཌཱི་ཀི་ནཱི་མཧཱ་ཀཱ་ལི། ཡཀ་ཤ་རེ་མ་ཏཱི། མ་མ་ཤཱ་ཏྲུན། ཨ་མུ་ཀཱ་མེ་ཙ་མེ་ད་བྷ་སཾ་མཾ་ས་རུ་དྷི་ཛི་བཾ་པྲི་ཡམ་བཀ་ཏྲི་ནི། ཨི་དམ་བ་ལིང་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་རཀྟ་འབུལ། དྲག་པོའི་གཏོར་སྔགས་ཀྱང་འདི་ཀ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་གིས་དམ་རྫས་གཏོར་མ་ལ་སྦྲན། རང་གི་ལྕེ་ལའང་བཞག །རྡོ་རྗེ་གསོར་ཞིང་དམ་རྒྱ་བསྟན་ལ། མ་མ་ས་མ་ཡ། མཧཱ་ཀ་པཱ་ལ་ས་མ་ཡ། མཧཱ་ཀཱ་ལི་ཀཱ་ཡ་ས་མ་ཡ། མཧཱ་ཀཱ་ལི་ཝཱཀ་ས་མ་ཡ། མཧཱ་ཀཱ་ལི་ཙིཏྟ་ས་མ་ཡ། མཧཱ་མུ་དྲ་ས་མ་ཡ་ཧཱུཾ། ཅེས་དམ་ལ་བཞག་གོ །ཨོཾ་རོ་རུ་བི་ཏིཥྛ། བ་ཏྭ་སི། རོ་རུ་རོ་རུ་བི་ཏིཥྛ། བ་ཏྭ་སི། ཙ་པ་ལ་ཨ་ཤུག་མེ། ཧཱུཾ་བྷྱོཿཛཿཛཿ རྗེ་མོའི་སྙིང་པོ་གཙོ་བོར་བཟླའོ། །ཨོཾ་རུ་རུ་བེ། རོ་རུ་ནུ། ཏིཥྛ་བ་ཏོ་སི། རག་མོ་ཙི་ཏ་ཁ་རག་མ་ཧཱུཾ་བྷྱོཿ མ་མ་ཏྲག་རག་ཤ་ཁ་མུན་ཏྲ་བ་ཏྲ་བ་ཏྲག་རག་ཤ་ཙི་ཏ་


TNT06_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རག་མ། རེ་མ་ཏཱི་ས་མ་ཡ། པྲ་མ་མ་ཧསྟཾ། པྲ་དུན་བྷྱོཿ རུ་ལུ་རུ་ལུ་བྷྱོ་ཛཿཛཿ ཁོལ་མོའི་བོད་རྦད་གཅིག་ཏུ་དྲིལ་བ་འདི་ཡང་ཅི་རིགས་བཟླའོ། །མཚམས་འདིར་ཡི་གེ་བརྒྱ་པ་ཅི་རིགས་བཟླས། སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་སོགས་བཤགས་པ་བསྡུས་པ་བྱ། འདོད་དོན་གསོལ་གདབ་གོང་ལྟར་འདོན་པ་སྤོའོ། །མཆོད་འཕྲེང་བསྡུས་པ་ནི། ཧཱུཾ་བྷྱོཿ མ་ཅིག་འདོད་ཁམས་དབང་ཕྱུག་མ། ཁྱེད་ལ་བདག་གིས་གུས་པས་མཆོད། །བསད་པའི་ཤ་དང་ཁུ་བའི་ཁྲག །མྱོས་པའི་ཆང་དང་མངར་བའི་རོ། །ཟླ་རྒྱས་ཟླ་ཁྲོམ་ལ་སོགས་པ། །མ་ལ་འབུལ་ལོ་བཞེས་སུ་གསོལ། །མ་ཅིག་ཐུགས་དམ་སྐོངས་གྱུར་ནས། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཙིཏྟ་རྩ་ལགས་མ་ཉམས་དང༌། །འཆི་ཁའི་ཚལ་ཐིག་དམར་པོ་དང༌། །མི་དབང་འབྲས་བུ་སྨིན་པ་དང༌། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང༌། །སྙིང་དང་རཀྟ་སྨན་ལྔ་སོགས། །མ་ལ་འབུལ་ལོ༴ མ་ཅིག་ཐུགས་དམ༴ དངོས་གྲུབ༴ མུ་ལ་རཀྟ་རྩ་བའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག །མཧཱ་རཀྟ་ཁྲག་ཆེན་པོ། །ཙིཏྟ་བསྡུས་པ་བཾ་གྱི་ཁྲག །ཁྲག་སྣ་སྟོང་ལ་སྦྱར་བ་འདི། །མ་ལ་འབུལ་ལོ༴ མ་ཅིག༴ དངོས་གྲུབ༴ འབྲས་བུ་ལྔ་ལྡན་བདུད་རྩི་དང༌། །གཽ་རོ་ཙ་ན་སྤྲིན་ཆེན་དང༌། །མཧཱ་མཾ་ས་ཐལ་ཆེན་དང༌། །རཀྟའི་ཚོགས་དང་ཙིཏྟ་སྤུངས། །སྣ་ཚོགས་དཀྱིལ་འཁོར་མཆོད་པའི་རྫས། །མ་ལ༴ མ་ཅིག༴ དངོས་གྲུབ༴ གཞན་ཡང་མཆོད་པ་མ་ལུས་པ། །ཕྱི་དང་ནང་དང་གསང་བའི་རྟེན། །དམ་རྫས་ཉི་ཤུ་རྩ་ལྔ་སོགས། །དངོས་སུ་འབྱོར་


TNT06_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསམ་པ་དང༌། །སེམས་ཀྱིས་དམིགས་ནས་འབུལ་ལགས་ཀྱི། །མ་ཅིག༴ དངོས་གྲུབ་དམ་པ་སྩལ་དུ་གསོལ། །མ་མོ་ནག་མོ་ས་ཏ་ཀུ་ལུ་ཀུ་ལུ་ཧ་ཧ་ཧ། མཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། ཅེས་པས་མཆོད། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །སོགས་རིགས་བཞི་ལྷ་མོ་བསྟོད་པས་བསྟོད་དོ། །དྲུག་ཅུ་པའི་ཆ་ལག་ལ་ཡང་ལྷ་མོའི་འདི་ལ་བར་འདིར་ལིང་ག་སྒྲོལ་ཆོག་ལྷག་པོ་ཞིག་ངེས་པར་དགོས་ཏེ། སོལ་བས་བྲིས་པའི་འབྲུབ་ཁུང་ཞིག་ཏུ་ལིང་ག་ཅིག་བཅས་ལ། འབྲུབ་ཁུང་བསྐྱེད་པ་དང༌། ལིང་ག་དགུག་གཞུག །སྭཱ་བྷཱ་ཝ་ནས། ཨཱ་བེ་ཤའི་བར་དཀྱུས་དང་འདྲ་བ་ལས། བཀའ་སྡོད་ཕྱག་བརྙན་དམ་ཅན་བསྲུང་མའི་ཚོགས་ཀྱི། ཞེས་པའི་ཚབ་ཏུ། དཔལ་ལྡན་གཉན་གྱི་རེ་མ་ཏཱི་འཁོར་མ་མོ་མཁའ་འགྲོ་སྡེ་བརྒྱད་དང་བཅས་པའི། ཞེས་འདོན་པ་སྤོ། ཀཱ་ལ་རཱུ་པའི་ཚབ་ཏུ། ཨོཾ་མཧཱ་ཀཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་འཇུག །ཧཱུཾ། རྣམ་པར་མི་རྟོག་ཐུགས་རྗེའི་བདག །ཅེས་སོགས་དང༌། སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཕཊ། །ཡོངས་སུ་གྱུར་ལས་ཕུར་བུའི་ལྷ། །གནམ་ལྕགས་འབར་བའི་མེ་ལྕེ་འཁྲིགས། །རྩེ་མོ་གྲུ་གསུམ་དབལ་གྱི་དབྱིབས། །ཐོར་ཏོར་འཇམ་དཔལ་གཤིན་རྗེ་གཤེད། །དྲེགས་པ་མ་ལུས་འདུལ་མཛད་པ། །{ེད་པ་ཆུ་སྲིན་ཁ་ཡི་སྟེང༌། །གཙོ་མོ་འདོད་ཁམས་དབང་པོ་ནི། །གདུག་ཅན་མ་ལུས་ཐལ་བར་བརློག །དྲག་ཤུལ་ཐོགས་མེད་དབལ་གྱི་རྩེར། །འཇོམས་བྱེད་བདུད་མོ་རེ་མ་ཏཱི། །ལོགས་ལ་ནག་མོ་འབུམ་དང་བཅས། །གནག་པའི་དགྲ་བོ་བརླག་པར་བྱེད། །ད་ལྟ་དགྲ་ལ་ཕུར་བུས་འདེབས། །སྙིང་གི་གནས་སུ་ཀཱི་ལ་ཡ། །ལུས་ངག་སེམས་ལ་ཀཱི་ལ་ཡ། །དབང་པོ་དྲུག་ལ་ཀཱི་ལ་


TNT06_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། །ཡན་ལག་དྲུག་ལ་ཀཱི་ལ་ཡ། །རྣམ་ཤེས་དབུགས་ལ་ཀཱི་ལ་ཡ། །ཚེ་སྲོག་མདངས་ལ་ཀཱི་ལ་ཡ། །ཞེས་བརྗོད་ནས། རོལ་མོའི་སྒྲ་དང་བཅས། དང་པོར་ཕུར་བུ་ལ་སྔགས་བཟླས་ལ་དྲོད་ཕྱིན་པར་སྒྲིལ། དེ་ནས་ལིང་གའི་གནས་ཐམས་ཅད་དུ་ཕུར་བུ་སྒྲིལ་བ་དང༌། ཧྲཱྀཿཥྚཱིཿས་མགོ་དྲངས། ཨོཾ་རོ་རུ་སོགས་དང༌། རེ་མ་ཏཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཧཱུཾ་དགྲ་བོ་མཱ་ར་ཡ་ཕཊ། མ་མ་རཀྟ་རཀྴ་ཁ་མུ་དྲ། རུ་ལུ་རུ་ལུ་ཧཱུཾ་བྷྱོཿ བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཧཱུཾ་དགྲ་བོ་མཱ་ར་ཡ་ཕཊ། ཅེས་བཟླ་བཞིན་དུ། ཕུར་བུས་བཏབ། རལ་གྲིས་བཏུབས་ཏེ། གཏོར་མ་ལ་བསྟབས། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་འབུལ། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་ཞལ་དུ་བསྟབས། །དཔལ་ལྡན་རེ་མ་ཏཱི་ཡི་ཞལ་དུ་བསྟབས། །མ་མོ་མཁའ་འགྲོ་སྟོང་གི་ཞལ་དུ་བསྟབས། །གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ལྟ་བུའི་ཚེམས་གཙིགས་ནས། །གློག་དམར་ལྟ་བུའི་ལྗགས་སྐྱོང་ཞིང༌། །ཤ་ཁྲག་རྒྱ་མཚོ་ཞལ་དུ་བསྟབས། །ཤ་ཆེན་རི་ལྟར་རྩིགས་པ་ཁ་རཾ་ཁཱ་ཧི། །རཀྟའི་ཆུ་བོ་སྟོང་ཕྲག་ཁ་རཾ་ཁཱ་ཧི། །དོན་སྙིང་དབང་པོ་གཽ་རོ་ཙ་ན་སོགས། །སྣ་ཚོགས་ཕུང་པོར་སྤུངས་པ་ཁ་རཾ་ཁཱ་ཧི། །ཞེས་གྱེར་ལ་དྲག་པོའི་གཏོར་སྔགས་བཟླ་བཞིན་དུ་རོལ་ཆེན་རིང་དུ་བསྐུལ་ལོ། །ལས་ལ་གཏད་བསྐུལ་ཚར་གཅིག་ཁོ་ན་བྱེད་ན། གཏོར་མ་འཕེན་ཁར་བྱེད་པ་ཡིན། ལན་གཉིས་བྱེད་ན་སྐབས་འདིར་ཡང་བསྐུལ་ཏེ། གང་ལྟར་ནའང་མདོར་བསྡུས་འདི་ཙམ་བྱ་སྟེ། ཧཱུཾ་བྷྱོཿ རྡོ་རྗེ་འཛིན་པ་བདག་ཅག་གིས། །ལྷ་རུ་དཀོན་མཆོག་གསུམ་པོ་བསྟེན། །སྲིད་ཕུགས་དམ་པའི་ཆོས་ལ་གཏད། །ལས་སུ་དམ་ཚིག་གཉན་པོ་བསྲུང༌། །རྟག་ཏུ་གསང་


TNT06_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྔ་ཆུང་བརྡུངས། །གྲོགས་སུ་ལྷ་མོ་ཁྱེད་སྒྲུབས་སོ། །དཀའ་བ་དང་དུ་བླངས་ནས་ཁྱེད་སྒྲུབས་སོ། །ལུས་སེམས་རྡུལ་དུ་བརླགས་ནས་ཁྱེད་སྒྲུབས་སོ། །དབེན་གནས་ཞྭ་ལྟར་གོན་ནས་ཁྱེད་སྒྲུབས་སོ། །བསྟེན་ཅིང་སྒྲུབས་སོ་དམ་ཅན་ཚོགས། །བོས་པའི་དུས་སུ་སྙན་མ་སྲ། །གཡབས་པའི་དུས་སུ་སྤྱན་མ་གཏུལ། །རྦད་པའི་དུས་སུ་བང་མ་བུལ། །བཅོལ་བའི་དུས་སུ་མཐུ་མ་ཆུང༌། །དམ་ཉམས་དགྲ་བགེགས་སྡིག་ཅན་འདི། །ད་ལྟ་ཉིད་དུ་མྱུར་དུ་ཁུག །ལས་ཀྱི་ཕོ་ཉ་དུས་ལ་ཁྱེ། །དམ་ཅན་ཚོགས་ནི་སྤྲིན་ལྟར་གཏིབས། །བཀའ་སྡོད་ཚོགས་ནི་གློག་ལྟར་འཁྱུག །རྨུ་ཁབས་དགྲ་དང་བགེགས་ལ་ཐོད། །དལ་ཡམས༴ གཟེར་ཐབས༴ མཛེ་ནད་སྨྱོ་འབོག་དགྲ་ལ་ཐོང༌། །དམ་ཚིག་ཉམས་པའི་དགྲ་བགེགས་འདིའི། །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་ལྟེ་ཕུར་ནག་པོ་ཐོན། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་བསུས། ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ཁོང་པའི་ནང་ནས་སྙིང་ཕྱུང་ཞིག །དཔྲལ་བའི་དབྱིངས་ནས་མིག་ཕྱུང་ཞིག །ལྟག་པའི་ཕྱོགས་ནས་བདུད་ཆོད་ཅིག །དགྲ་བགེགས་སྲོག་རྩ་མྱུར་དུ་ཆོད། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ། ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ། མ་མོ་འཁོར་བཅས་དགྲ་ལ་བྷྱོཿ ། མ་མོ་འཁོར་བཅས་བགེགས་ལ་བྷྱོཿ ། སྡེ་བརྒྱད་ཐམས་ཅད་དགྲ་ལ་བྷྱོཿ ། དགྲ་བོའི་བླ་ཚེ་ཐུམ་ཧྲིལ་བྷྱོཿ ། དགྲ་བོའི་ཚེ་སྲོག་ཐུམ་ཧྲིལ་བྷྱོཿ ། དགྲ་བོའི་དབུགས་རྔུབ་ཐུམ་ཧྲིལ་བྷྱོཿ ། དགྲ་བགེགས་སྲོག་ལ་བྲེང་བྲེང་རྒྱུག །དགྲ་བགེགས་སྙིང་ལ་རྦད་ཤག་བྷྱོཿ ། ཞེས་པའོ། །ཆོས་རྒྱལ་གྱི་གཏོར་མའི་


TNT06_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འདིའི་གཏོར་ཟོང་འཕང་ངོ༌། །རྗེས་ཆོག་གི་སྐབས། བསྐང་གཏོར་ལ་མཐེབ་ཀྱུ་གཅིག་གསོས། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་གཏོར་སྔགས་སྔ་མ་དེས་འབུལ། མཆོད་པ་ལོགས་སུ་མི་དགོས་ཞོར་གྱིས་ཆོག །བསྟོད་པ་ནི་ཡི་དམ་གྱི་རྗེས་སུ། བསྟོད་ཐུང་ཤོ་ལོ་ཀ་གཅིག་ཙམ་ལོགས་སུ་འགྲུབ་ནའང་ལེགས་སོ། །དཔལ་གཤིན་རྗེ་གཤེད་པོའི་ལས་བྱེད་གྱི་གཙོ་མོ་དྲག་ཤུལ་ཅན། དཔལ་ལྷ་མོ་རེ་མ་ཏཱིའི་དྲག་གཏོར་དང༌། དྲུག་ཅུ་རྩ་བཞིའི་གཏོར་བཟློག་སྦྲེལ་ནས་སྒྲུབ་ཚུལ་བཤད་ཟིན་ཏོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་སྒོམ་པ་པོ་ལ་བཀའ་སྡོད་ཕྱོགས་སྐྱོང་གི་གཏོར་ཆོག་ནི། མཆོག་སྒྲུབ་པའི་སྐབས་དང༌། འཕྲིན་ལས་རྣམ་བཞི་གང་སྒྲུབ་ཀྱང་དགོས་པ་ཡིན་ལ། དེ་ལ་ཡང་རྒྱས་པ་དྲུག་ཅུ་རྩ་བཞི་དང༌། བསྡུས་པ་རྩ་བའི་གཏོར་ཆོག་གཉིས་ཡོད། ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་གཏོར་མའི་སྐོར་རྣམས་གཤིན་རྗེ་ཉིད་ཀྱི་སྒོས་སྒྲུབ་ཡིན་པའི་ཕྱིར། སྤྱི་བབས་ཀྱི་གོ་བ་ལ། དྲུག་ཅུ་རྩ་བཞི་དང་འབྲལ་མེད་དུ་དགོས་པའི་ཆོ་ག་མིན་ཡང༌། དྲག་པོ་གཙོ་ཆེ་བའི་སྐབས་སུ། གཤིན་རྗེ་ལས་ལ་གཏད་བྱེད་པ་ཤིན་ཏུ་གལ་ཆེ་བའི་ཕྱིར། མན་ངག་ལག་ལེན་གྱི་རྒྱུན་དུ། དྲུག་ཅུ་བཞིའི་དྲག་གཏོར་མཛད་ཕྱིན། ལས་གཤིན་གྱི་གཏོར་བསྔོ་དང་ལས་གཏད་ངེས་པར་མཛད་པ་ཡིན། དེ་ལའང་ལས་གཤིན་གཙོ་རྐྱང༌། ལྕམ་དྲལ། བཅུ་གསུམ་མ་སོགས་གང་བྱས་ཀྱང་རུང་མོད། བཅུ་གསུམ་མ་ལྟ་བུར་འཁོར་མང་སྟོབས་ཆེ་བར་བཞེད་དོ། །ཡང་མགོན་ནག་རེ་མ་ཏཱི། དབང་ཕྱུག་ཆེན་པོ་སྟེ་གསུམ་པོ་འདི་ས་སྐྱ་ངོར་རྫོང་གཉིས། ཞལ་དགེ་བོ་གསུམ་སོགས་ཕྱིས་བྱུང་བོད་ཀྱི་དམར་ནག་འཇིགས་གསུམ་པར་གྲགས་པ་གཞན་རྣམས་ལ་གྲགས་ཤིན་ཏུ་ཆུང་ཞིང༌། དེང་སང་མན་ངག་ཕྱིན་ཅི་མ་ལོག་པའི་


TNT06_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་ཀྱང་ཡེ་མི་འདུག །གཏོར་བཟློག་བྱེད་པའི་སྲོལ་ཡང་མི་སྣང་ངོ༌། །ངེད་ཀྱི་བླ་མ་དམ་པ་རིགས་སྔགས་འཆང་བའི་དབང་ཕྱུག་ཤཱི་ལ་སཱ་ག་ར་དང༌། དེ་ཉིད་ཀྱི་ཐུགས་སྲས་གཅུང་དོན་གྲུབ་ལེགས་པའི་ཞལ་སྔ་ནས་ལ། འདི་དག་གི་མན་ངག་ཕྱིན་ཅི་མ་ལོག་པ་མངའ་ཞིང༌། བཟླས་བརྗོད་ཀྱི་ནུས་པ་ཡང་ཐོན་ལ། འདི་རྣམས་ཀྱི་གཏོར་བཟློག་ཀྱང་སྐབས་འགའ་རེར་ཕྱག་ལེན་དུ་མཛད་པའི་རྒྱུན་ཡོད་པས། བདག་གིས་ཅུང་ཟད་འཁུམས་པ་ལགས་སོ། །དེས་ན་དྲུག་ཅུ་པའི་དྲག་པོའི་གཏོར་བཟློག་གི་སྐབས་སུ། ཟུར་བཀའ་ལྡེ་ཐུང་བཞི་ལས། སྐབས་འདིར་ལས་གཤིན་འཆག་ཐེབས་མེད། སྤྲོ་ན་གཞན་གསུམ་པོ་ཇི་ལྟར་འོས་པ་རེ་སྦྱོར་ཏེ། གལ་ཆེན་ལས་སྟོབས་ཆེན་པོ་དགོས་པའི་སྐབས་བཞི་ཀར་འགྲུབ་ན་ཤིན་ཏུ་ལེགས། བཤོམས་ནི་དྲུག་ཅུ་པའི་མདུན་དུ་ཆོས་རྒྱལ། གཡས་སུ་མགོན་ནག །གཡོན་དུ་ལྷ་མོ། རྒྱབ་ཏུ་དབང་ཕྱུག་བཤམ་པའམ། ཡང་ན་མདུན་དུ་བཞི་ཅར་སྒྲིག །ཡང་ན་གཡས་སུ་གཤིན་རྗེ་དང་མགོན་པོ། གཡོན་དུ་ལྷ་མོ་དང་དབང་ཕྱུག་སྒྲིག་ཀྱང་རུང་ངོ༌། །དེ་ཡང་ཆོ་ག་གྲྭ་བ་ཐམས་ཅད་ཀྱིས། ཤེས་ཤིང་སྤྲོ་ལོང་ཡོད་ན། ཐམས་ཅད་ཀྱི་བཞི་ཅེར་འདོན། དེ་བཞིན་མ་ཡིན་ན་ལྡེ་ཐུང་ཚོ་བཞི་ཀར་སོ་སོར་སྒྲུབ་ཀྱང་རུང་མོད། ད་ལྟ་ལག་ལེན་དུ་འདེབས་རྒྱུ་ལ་ཐམས་ཅད་ཀྱིས་བཞི་ཀར་ཡོད་ན་ལེགས། དེ་མིན་ན་ལས་གཤིན་གྱི་སྐོར་རྣམས་ཀུན་གྱི་ཕྱོགས་གཅིག་ཏུ་བྱས། གཞན་གསུམ་པོ་ལ་སོ་སོའི་བསྙེན་པ་སོང་བ་རེས་འགོ་བྱས་ནས། སོ་སོར་བགོས་ཏེ་སྒྲུབས་ཀྱང་མི་ལེགས་པ་མི་ཡོང་ངོ༌། །བཞི་ཅར་རིམ་ཅན་དུ་སྒྲུབ་པ་ལ་ཡང་རྩ་བའི་གཏོར་བསྔོའི་སྐབས། སོ་སོའི་རྩ་བའི་གཏོར་མ་དང༌། དྲག་པོ་མཆོད་པའི་སྐབས། སོ་སོའི་དྲག་གཏོར་བྱེད་པ་སོགས་སྤེལ་ན་ཡང་ལེགས་མོད། ལག་ལེན་


TNT06_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འཛིངས་ཤིང་མི་བདེ་བའི་ཉེན་ཡོད་པས། རྩ་བའི་གཏོར་ཆོག་གི་སྐབས་འདི་ཀར། ལྡེ་ཐུང་ཕྱི་མ་གསུམ་པོའི་ཆོ་ག་གཞན་རྣམས་རྫོགས་པར་བྱས། གཏོར་འཕེན་གྱི་དུས། སོ་སོའི་བསྐུལ་བ་རྣམས་ཀྱི་མཐར་གཏོར་མ་རེ་རེ་ནས་འཕེན་པའམ། བསྐུལ་བ་རིམ་ཅན་དུ་བར་མ་ཆད་པར་བྱས་ནས། དེ་རྗེས་གཏོར་མ་དུས་གཅིག་ཏུ་འཕེན་པ་གཉིས་ལག་ལེན་གང་བདེ་བྱ། ཟུར་བཀའ་བཞི་པོ་སྔ་ཕྱིའི་གོ་རིམ་ལ། ལྷ་གཙོ་ཆེ་ཆུང་གི་དབང་དུ་བྱས་ནས། དང་པོར་དཔལ་མགོན་ནག་དང༌། དེ་རྗེས་དཔལ་ལྷ་མོ། དེ་ནས་ལྷ་ཆེན། དེ་རྗེས་གཤིན་རྗེས་རྣམས་ཡིན་ལ། རང་གཅིག་པུ་སྒྲུབ་པའི་ཚེ། རང་ཉིད་གང་ལ་གཙོ་བོར་བྱེད་པ་དེ་ཐོག་མར་བྱས་པས་ཆོག །དེ་ལྟ་ན་ཡང་དེང་སང་ཆོག་གྲྭའི་རིགས་ལ། ཡི་དམ་ཕྱོགས་སྐྱོང་ཆོས་རྒྱལ་གསུམ་པོ་ཆོ་ག་འདྲེས་མར་འབྱུང་བས། འབྲལ་མི་རུང་གི་དབང་དུ་བྱས། ཆོས་རྒྱལ་གྱི་ཆོ་གས་གཞུང་སྲོང་སྟེ། མིའི་གཙོ་བོའི་རྒྱལ་པོ་ཡིན་ཡང་ཡི་གེ་འབྲི་བ་ལ་ཡིག་མཁན་གཙོ་ཟེར་བའི་དཔེ། ཕྱོགས་སྐྱོང་གི་དེ་མ་ཐག་ཏུ་ཐོག་མར་ཆོས་རྒྱལ་གྱི་གཏོར་བསྔོ་བྱ། དེ་སོང་བའི་རྗེས་སུ་གཞན་ལྡེ་ཐུང་གསུམ་པོ་གང་ཡང་རུང་བ་གཅིག་གམ། གཉིས་སམ། གསུམ་ཀའི་ཆོ་ག་རྣམས་རྫོགས་པར་བྱའོ། །དེ་ཡང་ཆོས་རྒྱལ་ཡན་ཆོད་ཟིན་ལྷག་མ་རྩ་བའི་གཏོར་ཆོག་གི་སྐབས་ལྷ་ཆེ་རིམ་ནས་འབུལ་དགོས་པས། མགོན་ནག །ལྷ་མོ། ལྷ་ཆེན་ཞེས་པའི་རིམ་པས་འབུལ། གཉིས་སུ་བྱེད་ན་མགོན་ནག་དང་དབང་ཕྱུག་གམ། ལྷ་མོ་དང་དབང་ཕྱུག་གམ། མགོན་ནག་དང་ལྷ་མོ་ཞེས་པའི་རིམ་པའི་འབུལ་ལོ། །བཞི་ཀ་ལ་ལས་བཅོལ་གཏོད་དགོས་པས་ན་ལས་གཤིན་གྱི་སྟོང་གསུམ་མའི་སྐབས། ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །སངས་རྒྱས་ཕྱག་བརྙན་ནག་པོ་ཆེ། །འདོད་ཁམས་བདག་


TNT06_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རེ་མ་ཏཱི། །བྱེད་པོ་མཐུ་ཆེན་དབང་ཕྱུག་དྲག །མ་མོ་གཤིན་རྗེ་སོགས་ཏེ་གང་བྱེད་པ་དེ་དང་དེའི་འདོན་པ་བསྒྱུར་དགོས། གཏོར་མ་འཕེན་པའི་སྐབས་ལྷ་ཆེ་རིམ་ནས་འཕེན་པ་དང༌། ཆུང་རིམ་ནས་འཕེན་པ་དང༌། རང་གང་ལ་གཙོ་བོར་བྱེད་པ་དེ་ཐོག་མར་འཕེན་པ་དང༌། དེ་འདྲ་དེ་འཇུག་ཏུ་འཕེན་པ་སོགས་ལག་ལེན་མི་འདྲ་བ་དུ་མ་ཡོད་ཀྱང༌། འདིར་མན་ངག་ནི། ལས་སྣ་མ་མོས་འདྲེན་པའི་ཕྱིར། ཐོག་མར་ལྷ་མོའི་གཏོར་མ་འཕངས། དེ་རྗེས་ཐུན་མོང་མ་ཡིན་པའི་ཕྱིར། མགོན་ནག་དང་ལྷ་མགོན་གཉིས་འཕེན་དགོས་པ་ལས། ཐོག་མར་མགོན་ནག་འཕེན་པ་གནད་ཆེ། དེ་རྗེས་གཤིན་རྗེའི་གཏོར་མ་འཕེན་ཏེ། དེ་དང་དྲུག་ཅུ་རྩ་བཞི་པར་མཆོད་པར་བྱེད་པ་ལག་ལེན་གྱི་རྒྱུན་ཡིན་ཞིང་དྲུག་ཅུ་རྗེས་ལ་འཕེན་དགོས་པས་སོ། །དེ་ཡང་གཏོར་བསྐུལ་གྱི་སྐབས། ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ལྷ་ཆེན་དཔལ་འབར་ནག་པོ་ཡིས། །དོ་ནུབ༴ ལྷ་མོ་ནག་མོ་སྲིད་གསུམ་བདག །དོ་ནུབ༴ ལེགས་ལྡན་དྲག་པོ་ལྷ་ཆེན་ཡང༌། །དོ་ནུབ༴ ཅེས་གང་གང་བྱེད་པ་དེ་དེའི་འདོན་པ་བསྒྱུར་རོ། །ཡང༌། གནོད་པའི་བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པ་ཡན་ཆད་ཐུན་མོང་བ་ཡིན་ལ། ངན་པ་བཟློག་ལ་ཞེས་པ་ནས། ཆོས་དབྱིངས་ངང་དུ་དག་པར་མཛོད། །ཅེས་པའི་བར་བརྗོད་པ་ནི་བཟློག་པ་ཙམ་གྱི་སྐབས་ཡིན། བཟློག་པ་ཙམ་ལ་ལྡེ་ཐུང་གསུམ་པོ་སོ་སོའི་བསྐུལ་བ་ཡང་མ་བྱས་པར་གཏོར་མ་འཕངས་པས་ཆོག །བསད་ལས་ཡིན་ན། བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པའི་རྗེས་ལ། ལྡེ་ཐུང་གསུམ་པོའི་བསྐུལ་རྣམས་རིམ་ཅན་དུ་སོང་ནས། མ་རུངས་གཏུམ་པོ་སྡིག་པ་ཅན། །ཞེས་སོགས་བྱ་སྟེ། དམོད་ཚིག་ཕྱི་མ་འདི་གཤིན་རྗེ་ཕྱོགས་སྐྱོང་དང་བཅས་པའི་ལས་བསྐུལ་


TNT06_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། །གོ་བབབས་ལ་དེ་ལྟར་ཡིན་ཡང༌། བསྟན་པ་ལ་གནོད་བྱེད་ཀྱི་སྟེང་དུ་འཕང་དགོས་ན། བཟློག་པ་ཙམ་ལས་བཟློག་བསད་སྦྲགས་པ་རང་གནད་དུ་ཆེ་བས། བགེགས་ཀྱི་སྟེང་དུ་བྷྱོཿ ། ཞེས་པའི་རྗེས་ལ། ངན་པ་བཟློག་ལ་ནས། དག་པར་མཛོད། ཀྱི་བར། བཟློག་པའི་ཚིག་རྣམས་རྫོགས་པ་དང༌། ལྡེ་ཐུང་གསུམ་པོ་སོ་སོའི་བསྐུལ་དང༌། མ་རུང་གཏུམ་པོ་ཞེས་སོགས་ལས་གཤིན་རྗེ་ཕྱོགས་སྐྱོང་སྦྲགས་པ་བསྐུལ་ནས། འཕེན་པ་ཉིད་ཡིན་ནོ། །དེང་སང་གི་སྡེ་དཔོན་སོགས་སྐྱེ་བོ་མི་ནག་པ། ཡིད་བརྟན་མེད་པ་རྣམས་ཀྱི་རིམ་གྲོ་ལ་བྱེད་དགོས་བྱུང་ན། བཤོམས་ཀྱི་སྤྲོས་པ་དང༌། ལུས་ཀྱི་རྣམ་འགྱུར་དང༌། གྲེ་བའི་སྐད་རྒྱངས་ཆས་གོས་རོལ་མོ་སོགས་ཁྲོམ་ཤོགས་ལ་གཟབ་དགོས་ཀྱི། མན་ངག་གི་གནད་དང་ལག་ལེན་མ་འཁྲུལ་བ་དགོས་ཀྱང་མི་དགོས་ལ། བྱས་ཀྱང་སྒྲུབ་པ་པོ་རང་ལ་འཁུ་ཟློག་ཆེ། སྡིག་ཅན་དར་ན་བསྟན་པ་དང་སེམས་ཅན་ལ་གནོད་པ་ལས་མེད། ཡོན་བདག་གི་མིང་ཅན་ཚོས་ཀྱང་ཟོག་གིས་ཁོ་རང་ཚོ་མགོ་སྐོར་བ་དང༌། ལག་ལེན་རྣམ་དག་བྱས་པའི་དབྱེ་བ་མི་ཤེས་པས། སྲུང་བཟློག་ཚུལ་བཞིན་བྱས་པའི་དྲིན་དྲན་པ་ཡང་མི་ཡོང༌། ཨ་ཡུ་ཏ་རའི་རྒྱལ་ཁམས་སུ། །མཁས་པ་ལས་ཀྱང་སྨྱོན་པ་བྲིན། །བྱ་བ་ཡིན། མི་དེ་ཚོས་རིགས་ལ་ཕྱི་ནང་བར་གསུམ་ཐམས་ཅད་ནས། རྒྱུན་དུ་མགོ་གཡོགས་གཏོང་མཁན་ཞིག་ཀ་ཡོང་ཡང་ཡོང་གི་འདུག་སྟེ། དེ་ཀ་འཁོ་ཡང་འཁོ་བ་འདུག་གོ །འདིར་ལག་ལེན་རྣམ་གྲངས་ཅིག་ལ། ཟོར་འཕེན་མཁར་དཀྱིལ་འཁོར་བསྡུ་བའི་སྲོལ་འདུག་པ། དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ནི། རྗེས་ཆོག་གི་སྐབས་སུ་བསྡུ་བ་མ་གཏོགས། འདིར་མི་བསྡུ་བར་རང་ལེགས་ཤིང༌། གཞན་རྣམས་ཀྱང་སྤྱིར་དེ་དང་འདྲ་མོད། གོ་སྐབས་ཡངས་དོག་སོགས་དགག་དགོས་ཀྱིས་


TNT06_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བར་སྤྲོ་ན། ལས་མཁན་ཙམ་དང༌། སྒོས་སྒྲུབ་ཀྱི་ཟུར་འདེབས་ཙམ་ལེན་པས། སྐབས་འདིར་བསྡུས་ཀྱང་འགལ་བ་ཆེན་པོའང་མེད། དེ་ལྟ་ན་དང་པོ་བཤོམས་ཀྱི་དུས་བསྐངས་གཏོར་རྣམས་གཏོར་མའི་དཀྱུས་ལ་བཤོམས་པ་ཁོ་ན་དགོས། རྗེས་ལ་དྲག་གཏོར་རྣམས་ཕྱི་རོལ་ཏུ་འདོན་ཁར། མཆོད་བསྟོད་ཡིག་བརྒྱ་བཟོད་གསོལ་བྱས་ཏེ། བྲིས་སྐུ་ཡོད་ན་དཀྱིལ་འཁོར་སོ་སོའི་གཙོ་བོ་རྣམས་བྲིས་སྐུའི་ཐུགས་ཀར་སྟིམ། གཞན་རྣམས་ནམ་མཁའ་སྤར། དཀྱིལ་འཁོར་དང་མཆོད་པ་རྣམས་བསྡུས་ཏེ། སོ་སོའི་གཏོར་མ་ལ་བསྟབས། གཏོར་མའི་ལྷ་ཞལ་བསྒྱུར་དགོས་པ་སྐབས་འདིར་ཞལ་བསྒྱུར་རམ། འཕེན་ཁར་ཞལ་བསྒྱུར་གང་བདེ་ཡིན་ནོ།། །།ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་བསྐྱེད་སྔོན་དུ་སོང་ཞིང༌། མདུན་བསྐྱེད་ཡི་དམ་སྐོར་ཀྱི་ཆོ་ག་རྣམས་བཏང་ནས། ཕྱོགས་སྐྱོང་གི་རྩ་བའི་གཏོར་བསྔོ་ནི་ངེས་པར་བྱེད་དགོས། དྲུག་ཅུ་རྩ་བཞིའི་སྐོར་རྣམས་དང༌། ཤར་ཕྱོགས་རབ་འཇིགས་སོགས། ཕྱོགས་སྐྱོང་གི་ཐུགས་དམ་བསྐུལ་བ་བོར། ཕྱོགས་སྐྱོང་བཅུ་ཡི་སྣ་དྲངས་ཏེ། །ཞེས་པ། སྡེ་བརྒྱད་གཙོ་བོའི་སྣ་དྲངས་ཏེ། །ཞེས་པར་འདོན་པ་བསྒྱུར་བ་ལྟ་བུ་རིག་པས་དཔྱད། ཕོ་ཉ་སྤྲོ་བ་ཡང་བཞག་ན། དྲུག་ཅུ་པ་མ་ཡིན་པའི་ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་གཏོར་བཟློག་ཁོ་ནར་འགྱུར་ཞིང༌། དེ་བཞིན་དུ་ཡི་དམ་གྱི་སྐོར་དང་ཕྱོགས་སྐྱོང་གི་རྩ་གཏོར་རྣམས་སོང་བའི་རྗེས་སུ། ལས་གཤིན་གྱི་སྐོར་རྣམས་སྤངས་ཏེ། ཡི་གེ་འདི་ནང་བཞིན་དུ་མགོན་ནག་ཁོ་ནའི་གཏོར་ཟོར་འཕང་པ་དང༌། དེ་བཞིན་དུ་ལྷ་མགོན་དང༌། དཔལ་ལྷ་མོ་རེ་རེའི་སྐོར་རྣམས་ལག་ཏུ་བླངས་ན་ཡང༌། དེ་དང་དེའི་གཏོར་བཟློག་གམ། བསད་ལས་སུ་འགྱུར་བས་ཇི་ལྟར་མོས་པ་དེ་བཞིན་དུ་སྒྲུབ་ན། དོན་དང་ལྡན་པར་འགྱུར་རོ། །


TNT06_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་རྐྱང་བ་བྱེད་པའི་སྐབས་འདིར་ཡང་གཏོར་མ་རྐྱང་བ་འཕངས་ཀྱང་ཆོག །བཞི་ཀ་ལ་ཟོར་སྣ་ཐམས་ཅད་འགྲུབ་ན་རབ། མ་འགྲུབ་ན་མགོན་པོ་ལ་ཕུར་ཟོར། ལྷ་མོ་ལ་ཁྲག་ཟོར། དབང་ཕྱུག་ལ་མདའ་ཟོར་དང་རྭ་ཟོར། ཆོས་རྒྱལ་ལ་ཐོད་ཟོར་རྣམས་བསྔགས་པ་ཡིན། མཆོད་འཕྲེང་སྟོང་གསུམ་མ་འོག་མ་ལ་འདོན་པ་བསྒྱུར་བ་གོང་དུ་བཤད་པ་དེ་ལ་དཔགས་ནས་རིག་པས་དཔྱད། མགོན་པོ་དང་ལྷ་མོ་ལ་བསྐང་གསོ་རེ་གྲུབ་ན་ཤིན་ཏུ་ལེགས། ཆོས་རྒྱལ་དང་ལྷ་མགོན་ལ་བསྐང་གསོའམ་མཆོད་འཕྲེང་རྒྱས་པའི་ཡིག་རྙིང་མེད་ཅིང༌། གསར་པ་ཡང་ལྷ་མགོན་ལ་མ་མཐོང༌། ཆོས་རྒྱལ་ལ་ནི་འདུག་མོད་ཀྱང༌། འདི་གཉིས་ལ་མགོན་པོའི་འདི་འདོན་པ་བསྒྱུར་ན་རུང་ངོ༌། །དེ་ཡང་འདི་ལྟ་སྟེ། ཧཱུཾ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ཁམས། །སྣོད་བཅུད་བདེ་བ་ཆེན་པོར་སྤྲུལ། །རིགས་སུ་ཆད་པ་མེད་པ་ཡི། །ཡིད་འོང་བཀོད་པ་ཐམས་ཅད་དང༌། །མཎྜལ་མེ་ཏོག་སྣ་ཚོགས་བཀྲམ། །རི་མོ་སྣ་ཚོགས་འབར་བ་འདིས། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༌། །དགྱེས་ཤིང་མཐུ་དང་ལྡན་གྱུར་པས། །བར་ཆད་ཐམས་ཅད་སེལ་བ་དང༌། །འདོད་པའི་དོན་ཀུན་སྒྲུབ་མཛད་ཅིང༌། །ཆོས་འཁོར་སྐྱོང་བའི་འཕྲིན་ལས་མཛོད། །རཀྟའི་ཨརྒྷཾ་ཞབས་བསིལ་དང༌། །དབང་ལྔའི་མེ་ཏོག་ཚིལ་ཆེན་སྤོས། །མདངས་ཆེན་སྣང་གསལ་མཁྲིས་པའི་དྲི། །ཤ་རུས་བཤོས་གཙང་མཆོད་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ རྟ་ལུག་གཡག་ཁྱི་ནག་པོ་སོགས། །སེང་གེ་


TNT06_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་སོགས་གཅན་གཟན་དང༌། །འདབ་ཆགས་སྣ་ཚོགས་ཕྱུགས་ལ་སོགས། །རྐང་འགྲོ་སྣ་ཚོགས་མཆོད་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ ཞྭ་ནག་གོས་ནག་སྟན་ནག་དང༌། །མདའ་དར་གྲི་སྙིང་སྲོག་འཁོར་བཅས། །གྲི་གུག་ལ་སོགས་ཕྱག་མཚན་དང༌། །སྣ་ཚོགས་མཚོན་ཆས་ཐུགས་དམ་བསྐངས། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ ཁ་ཟས་བཟང་རྒུ་སྣ་ཚོགས་ཀྱི། །ཟས་མཆོག་གཏོར་མ་རྒྱ་ཆེན་དང༌། །མཾ་ས་མྱོས་བྱེད་ཤིང་ཐོག་སོགས། །ཚོགས་ཀྱི་མཆོད་པ་རྒྱ་ཆེར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ གསར་རྙིང་ཤ་སྣ་སྙིང་སྣའི་ཚོགས། །བསྲེགས་བཙོས་བརྗེས་སོགས་རི་ལྟར་བརྩིགས། ཁྲག་སྣ་སྣ་ཚོགས་རྒྱ་མཚོར་བསྐྱིལ། །རུས་པའི་ཕུང་པོ་མཆོད་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ དམ་རྫས་བདུད་རྩི་ཨ་མྲྀ་ཏ། །ནུས་མཐུའི་ཁྱད་པར་སྨན་གྱི་ཚོགས། །འབྲས་ཆང་རྒུན་ཆང་བཙོས་པའི་ཆང༌། །བཏུང་བ་རྒྱ་མཚོ་མཆོད་པ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ མི་ལྤགས་གླང་ལྤགས་སྟག་ལྤགས་སོགས། །ན་བཟའི་ཁྱད་པར་མཐའ་ཡས་དང༌། །སྦྲུལ་དང་རུས་རྒྱན་མགོ་ཕྲེང་སོགས། །རྒྱན་རྣམས་ཐམས་ཅད་སྐུ་ལ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ ཁྲག་ཞག་རྒྱ་མཚོ་རྡོ་རྗེའི་རི། །དུར་ཁྲོད་འབར་བ་འཇིགས་པའི་གནས། ཁང་


TNT06_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གཞལ་མེད་གཙུག་ལག་ཁང༌། །ཇི་སྙེད་བཞུགས་པའི་གནས་སུ་འབུལ། །དགྱེས་ཤིང་༴ འདོད་པའི༴ ཆོས་འཁོར༴ བྲན་པ་ཕོ་མོ་ཕོ་ཉ་གྱད། །བུད་མེད་སྣ་ཚོགས་རྒྱན་གྱིས་བརྒྱན། །དམག་དཔུང་གོ་མཚོན་གྲངས་ལས་འདས། །བང་མཛོད་སྣ་ཚོགས་མགོན་ལ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ བདུད་རྣམས་ཐམས་ཅད་དཔའ་སྐོང་ཞིང༌། །དགེ་རྣམས་སྤྲོ་བ་བསྐྱེད་པ་དང༌། །ལེགས་ལྡན་མཐུ་སྟོབས་བསྐྱེད་པའི་ཕྱིར། །རོལ་མོ་སྒྲ་དབྱངས་སྙན་ལ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ གླུད་དང་གཟུགས་བརྙན་ཇི་སྙེད་དང༌། །ཡས་སྟགས་མདོས་ཀྱི་ཁྱད་པར་དང༌། །སྤྱན་གཟིགས་རྣམ་པ་དུ་མ་ཡིས། །ས་དང་བར་སྣང་ཁྱབ་པར་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ རྟེན་གཏོར་ཆེན་པོ་ཐུགས་ཀྱི་རྟེན། །ཉེ་བར་བསྙེན་པའི་རྒྱུན་གཏོར་དང༌། །རྟགས་ཀྱི་གཏོར་མས་ལས་ལ་བསྐུལ། །དམ་རྫས་གཏོར་མས་ཐུགས་དམ་བསྐངས། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ གཞན་ཡང་མཆོད་པའི་ཡོ་བྱད་ཀུན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱག་རྒྱ་སྔགས་དང་བཅས་ཏེ་འབུལ། །དགྱེས་ཤིང་༴ བར་ཆད༴ འདོད་པའི༴ ཆོས་འཁོར༴ བཟླས་བརྗོད་ཏིང་འཛིན་ཚོགས་རྣམས་དང༌། །སྔགས་ཀྱི་ནོར་བུ་ཁྱེད་ལ་འབུལ། །རྣམ་དག་རང་


TNT06_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྟ་བའི་མཆོག །རབ་ཏུ་ཡངས་པའི་ཀློང་དུ་གནས། །དགྱེས་ཤིང་མཐུ་དང་ལྡན་གྱུར་པས། །བར་ཆད་ཐམས་ཅད་སེལ་བ་དང༌། །འདོད་པའི་དོན་ཀུན་སྒྲུབ་མཛད་ཅིང༌། །ཆོས་འཁོར་སྐྱོང་བའི་འཕྲིན་ལས་མཛོད། །དཔལ་ལྡན་ཡེ་ཤེས་མགོན་པོ་མཆོད་པ་ཡིས། །ཉམས་ཆགས་འཁུ་ལྡོག་མ་ལུས་བྱང་བ་དང༌། །ཚེ་དང་བསོད་ནམས་ཡེ་ཤེས་ལོངས་སྤྱོད་སོགས། །ཡང་ངོའི་ཟླ་བ་ལྟ་བུར་རྒྱས་པར་མཛོད། །ཅེས་པ་བསྐང་བ་མདོར་བསྡུས་པའོ། །སྤྱིར་ཟུར་བཀའ་བཞི་པོ་འདི་སྒོས་སུ་སྒྲུབ་པ་ལ། ཡི་དམ་ཚད་ལྡན་གང་གིས་བཅུན་ཀྱང་རུང་མོད། ཁྲོ་བོ་ཆེན་པོ་རེ་ལྷག་པར་བསྔགས། དེའི་ནང་ནས་ཀྱང་སྐབས་འདིར་ཁྲོ་རྒྱལ་གཤིན་རྗེ་གཤེད་བསྔགས། དེ་ལ་ཡང་ལས་ཀྱི་གཤིན་རྗེ་དང༌། མ་མོ་ནི་གཤིན་རྗེ་གཤེད་པོ་ཡོངས་ཀྱི་བཀའ་ཉན་ཡིན་ལ། མགོན་ནག་དང༌། ལྷ་མགོན་ནི། གཙོ་བོའི་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཉིད་ཀྱི་སྒོས་ཀྱི་ལས་མཁན་ལྟ་བུ་ཡིན་ཏེ། ལྷ་མགོན་ནི་དཀྱིལ་འཁོར་སྤྲུལ་དགོས་པའི་གདུལ་བྱའི་གཙོ་བོ་ཡིན། མགོན་པོ་ནི་འདུལ་བྱེད་དཀྱིལ་འཁོར་གྱི་ལས་མཁན། རོ་ལངས་བརྒྱད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །


TNT06_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡང་མགོན་པོ་ནི་ཡེ་ཤེས་མགོན་པོ་གང་གིས་ཀྱང་རུང་མོད་ཀྱི། བརྒྱུད་པ་དང༌། བྱིན་རླབས་དང༌། ཕྱག་ལེན་རྒྱུན་གཅིག་པ་ནི། རྭ་བའི་མགོན་ནག་འདིའོ། །ལས་གཤིན་ནི་འཇམ་དཔལ་གཤིན་རྗེ་གཤེད་གང་ལ་ཡང་འབྲལ་བ་མེད་པའི་ལས་མཁན་ཡིན་ལ། དཔལ་ལྷ་མོ་ཡང་ཤྲཱི་ཡ་མཱནྟ་ཀའི་ཤེས་རབ་མའི་རྣམ་གྲངས་སུ་རིག་པར་བྱ། མ་མོ་རྩ་བའི་ལུགས་འདི་རྭ་བའི་བཀའ་བསྲུངས་ཀྱི་གཙོ་བོ་ཡིན་ནོ། །ཞེས་པ་འདི་གསར་མའི་གཤིན་རྗེ་བ་རྣམས་ཀྱིས་ནན་ཏན་དུ་གོ་དགོས་པ་ཡོད་དོ། །དེ་ལྟར་ན་གཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང༌། གཞན་ལ་མེད་པའི་ཁྱད་ཆོས། དགྲ་བགེགས་ཀུན་འཇོམས་འདི་ཡང༌། རྭའི་རིགས་སུ་སྐྱེས་ཤིང༌། འཇམ་དཔལ་རྡོ་རྗེ་གྲགས་པའི་བཀའ་བརྒྱུད་འཛིན་པ། རྭ་ལོ་གསུམ་པ་ཨཱ་ནནྡ་གརྦྷས་སྦྱར་བའོ།། །།[ཨ་ནནྡ་གརྦྷ་ནི་ཀུན་དགའ་སྙིང་པོ་མཚན་གཞན་ཏཱ་ར་ནཱ་ཐའོ།། །།མངྒ་ལཾ།


TNT06_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཏོར་ཆོག་ཁམས་གསུམ་ཟིལ་གནོན་གྱི་ལྷན་ཐབས་ལྡེའུ་ཐུང་གཞན་ལ་མེད་པའི་ཁྱད་ཆོས་དགྲ་བགེགས་ཀུན་འཇོམས། next