Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ་སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ།
   
   
   
   
   


 
previousབཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ་སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ། next

བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ་སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ།


TNT06_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ། སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ། །འཇིགས་མཛད་སྐོར་གྱི་ཡིག་ཆར་བརྫུ་བ་ཕྱིས་ཀྱི་བསྲེ་ལྷད་ཅན་རྟ་ཁལ་གཅིག་ལས་དགའ་བ་ལགས། འདི་ལ་དཀྱིལ་ཆོག་བློ་ལ་བྱང་བ་གཅིག་གིས་འཇུག་དགོས་ཏེ་བླ་མ་ལ་མ་ཞུས་པར་དཔེ་ཀློགས་ཙམ་གྱིས་མི་རུང་ངོ༌། །དགེ་ལེགས་འཕེལ།


TNT06_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འདིར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་པ་སྔོན་དུ་སོང་ནས་སྒྲུབ་པའི་རིགས་རྣམས་ཉམས་སུ་བླང་བའི་མན་ངག་ལ། [ས་བསླང་བ། ] སའི་ཆོ་ག་ལྷག་པར་གནས་པ། དཀྱིལ་འཁོར་ཞག་གི་ཆོ་ག །དཀྱིལ་འཁོར་སྒྲུབ་པ། མཆོད་བསྟོད་འབུལ་བ། བཟླས་པའི་རྣལ་འབྱོར། རྗེས་ཀྱི་བྱ་བ་སྟེ་རྣམ་པ་བདུན་ལས། དང་པོ་ལ་ས་བསླང་བ་ནི། གཏོར་མ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་བདུད་རྩི་འཁྱིལ་བ་ལྗང་ཁུ། གཡས་རྡོ་རྗེ་རྒྱ་གྲམ་དང༌། གཡོན་ཞགས་པ་དང་བཅས་པའི་སྡིགས་འཛུབ་ཅན། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །ཞེས་པའམ། ཡང་ན། བདག་ཉིད་འཇིགས་མཛད་ཉིད་དུ་བསྐྱེད་ཀྱང་ཆོག །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་


TNT06_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པའམ། ཧྲཱིཿ ཚར་གསུམ་བརྗོད། གཏོར་མ་ཡ་མཱནྟ་ཀའམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། ཨོཾ་ཨིནྡྲ་ཡ་ཧྲཱིཿཞེས་པ་ནས། ཕཻཾ་ཕཻཾ་ཕཊ་ཕཊ་སྭཱཧཱའི་བར་ལན་གསུམ་དང༌། ཨ་ཀཱ་རོ་ལན་བདུན་དང༌། ཁ་འབར་མའི་སྔགས་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། གི་བར་གྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། རོལ་མོའི་སྒྲ་དང་བཅས་པས་ཕྱིར་དོར་རོ། །འདི་ལ་གཏོར་མ་དང་ལྷན་ཅིག་མཆོད་པའང་བཤམས་ཤིང་དོར་དགོས་ལ། མཆོད་གཏོར་བྱིན་རླབས་ཀྱང་ལྷན་ཅིག་ཡིན་ཞིང༌། བཟའ་བཅའ་འབྲུ་སྣ་གོས་སྣ་གླུད་གཟུགས་སོགས་ཀྱང་གཏོར་


TNT06_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གསུང༌། དེ་ནས་དཀྱིལ་འཁོར་གྱི་ས་གཞིར་མཎྜལ་བྱས་ཏེ་དྲི་བཟང་གིས་ཐིག་ལེ་ལ་ཚོམ་བུ་གཅིག་བཀོད། མདུན་དུ་མཆོད་གཏོར་བཤམས། བསྡུ་ན་སའི་ལྷ་མོ་དམ་ཚིག་པ་བསྐྱེད་མི་དགོས་གསུང་ནའང་ལག་ལེན་མཛད་པ་ཀ་ཤས་ཆེ་སྟེ། ཚོམ་བུ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་སའི་ལྷ་མོ། གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས། གཡས་དཔང་པོར་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ནས་འཐོན་པ། རང་གི་སོར་མོ་གསུམ་ལ་ཨོཾ་ཨཱཿཧཱུཾ། རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་ས་ལ་བརྡབས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། བསྡུས་པའི་སྐབས། དབང་བསྐུར་རྒྱས་བཏབ་མེད་ཀྱང་ཆོག །མཆོད་པ་རྣམས་བསངས་སྦྱངས་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཨོཾ་པྲི་ཐི་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར། ཨོཾ་མཧཱ་པྲི་ཐི་ཝཱི་དེ་ཝཱི། ལོ་ཀ་མཱ་ཏ་རེ་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་སོགས་ཀྱིས་གཏོར་མ་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་


TNT06_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་འབྲི། །ལན་གསུམ། གོང་བཞིན་ཨརྒྷཾ་སོགས་ཀྱིས་མཆོད། རིག་པ་འཛིན་པ་ཁྱོད་ཀྱིས་སའི་ཕྱོགས་འདིར་དཀྱིལ་འཁོར་གྱི་ལས་དང་སྔགས་ཀྱི་སྤྱོད་པ་ཅི་དགའ་བར་གྱིས་ཤིག་ཅེས་གསུངས་པར་གྱུར། སླར་ཡང་གོང་བཞིན་མཆོད། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཏིཥྛ་ཏིཥྛ། ཞེས་ལན་མང་དུ་བརྗོད། ས་སྦྱང་བ་ནི། ཨོཾ་བྷུ་ཁཾ། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་སོགས་བརྗོད་ཅིང༌། ཡུངས་ཀར་ཆུ་ཤིང་ཐ་ལ་རྣམས་ཀྱིས་གཏོར་རོ། །དེ་ནས་ས་བཟུང་བ་ནི། དེ་རྣམས་ཕྱགས་མས་བཏབ་སྟེ་དེར་རང་ཉིད་འདུག་ལ། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་དུ་གཙོ་རྐྱང་ངམ་བཅུ་གསུམ་མའི་སྒྲུབ་ཐབས་བཞིན་སྒོམས། བདུག་སྤོས་བཏུལ་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆྒཻེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཅེས་ལན་གསུམ་གྱིས་སྙན་མནན། མཆོད་པ་བཤམས་ཤིང་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞེས་པ་ནས། རོལ་མོ་རྣམས་


TNT06_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐས་ཀླས་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་བརྒྱད་སོགས་བརྗོད། བཅུ་གསུམ་མའི་སྒྲུབ་པ་བྱེད་ན། ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་བཞི་ཐུགས་ཀ་ནས་སྤྲོས། ལྷ་དགུ་རོ་ལངས་བརྒྱད་བསྐོར་ལྟར་སྒྲུབ་ན། ཡུམ་རྡོ་རྗེ་རོ་ལངས་མ་གཅིག་ཐུགས་ཀ་ནས་སྤྲུལ་ཏེ། གང་ལྟར་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར་བ་ཕུལ་ཏེ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོས་དཀྱིལ་འཁོར་བྲི་བར་མཛོད། །ཅེས་གསོལ་བ་འདེབས་ཏེ། མཆོད་བསྟོད་གསོལ་འདེབས་སྦྲགས་པ་ཚར་གསུམ་མམ། རེ་རེ་ནས་ཚར་གསུམ་གསུམ་གང་བདེ་བྱ། བཅུ་གསུམ་མའི་སྒྲུབ་པ་བྱེད་ན། ཐོ་བ་རྡོ་རྗེ་སོགས་ཀྱིས་ཕྱོགས་བཞི་ནས་བྱེད་པར་བསམས་ཏེ། མཆོད་བསྟོད་གསོལ་འདེབས་སྦྲགས་པ་ཚར་བཞི་བྱེད་པ་ཡིན་མོད་ཀྱི། བསྟོད་པ་ནི། དགྲ་ནག་ལེའུ་གཉིས་པ་བཞིན་སོ་སོ་དང༌། ཕྱོགས་བཞིའི་གསོལ་འདེབས་ཀྱང་གསང་འདུས་བཞིན་བྱས་ནས་འཇུག་ཏུ་གཤིན་རྗེ་འཇོམས་པ་སོགས་བྱེད་དེ། འདིར་ནི་རྡོ་རྗེ་རོ་ལངས་མས་འཇིག་རྟེན་པའི་ལྷོ་ཕྱོགས་ཁོ་ན་ནས་དེ་དག་བྱེད་དེ། དམིགས་པ་ལ་ཐོད་མཁར་གྱི་སྒོ་འམ་དུར་ཁྲོད་ནས་སོ། །དེ་ཡང་ཕྱོགས་བཞི་ནས་མི་དགོས་ཀྱི། འཇིག་རྟེན་ལྷོའམ་དཀྱིལ་འཁོར་གྱི་ཤར་ཁོ་ན་ནས་སོ། །འདིར་རྒྱུད་ལས། བདག་དང་ཤིན་ཏུ་མཐུན་པ་བཞི། །ཞེས་འབྱུང་བས་ཐོབ་ཐང་སློབ་མའམ། སྒྲུབ་གྲོགས་སམ། སྒྲུབ་གཡོག་གིས་གསོལ་བ་འདེབས་པ་ཡིན་ཡང༌། དེ་དག་བསམ་པ་མ་དག་ན་སྒྲུབ་


TNT06_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་ཆད་དུ་འགྱུར་ཞིང༌། དུས་དེང་སང་བསམ་པ་དག་ལ་དམ་ཚིག་གཙང་བ་དཀོན་པས། དམིགས་པ་གོང་བཞིན་བྱས་ནས། དངོས་སུ་རང་གིས་བརྗོད་དོ། །ཨོཾ་བཛྲ་ཨུ་ཏིཥྛ། རང་གི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་བསྐལ་པའི་མེ་ལྟར་འབར་བ། རྡོ་རྗེའི་ལྟ་བས་གཡས་སྐོར་དང༌། གཡོན་སྐོར་དུ་ལྟས་ནས། བགེགས་རྣམས་བསྲེགས་པར་གྱུར། ཨོཾ་བཛྲ་དྲྀཥྟྲི་མ་ཊ། ཀྲོ་དྷ་དྲྀཥྟྲི་ཧྲཱིཿ ཀྲོ་དྷ་དྲྀཥྟྲི་ཨཿ རྐང་མཐིལ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འབར་བ་ཧཱུཾ་གིས་མཚན་པར་གྱུར། རྡོ་རྗེ་གསོར། དྲིལ་བུ་བཀྲོལ། ཧྲཱིཿཥྚཱིཿ བཟླ་བཞིན་དུ་གཡས་སྐོར་དུ་སྐོར་བ་བྱས་ནས། སླར་ཡང་དབུས་སུ་འགྱིང་བ་དང་བཅས་པས། ཧཱུཾ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་འགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིག་པར་འགྱུར་གྱི་གཞན་དུ་མིན། །དྲག་རོལ་དང་བཅས་ཏེ་ཧྲཱིཿ བཟླས། རྡོ་རྗེ་འཆང་ཞེས་པའི་ཐད་དུ། འཁོར་ལོ་འཆང༌། ཞེས་སོགས་རིན་ཆེན། པདྨ། རལ་གྲི་ལ་ཡང་འདོན་པ་སྤོའོ། །དེ་ནས་སྲུང་བ་ནི། ཕུར་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་པའི། ཁྲོ་བོ་བགེགས་མཐར་བྱེད། རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་གྱུར། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཾ། ཨོཾ་ཊཀྐི་ཧཱུཾ་ཛཿ བགེགས་ཐམས་ཅད་བཀུག་སྟེ་འབྲུབ་ཁུང་གི་དབུས་སུ་བཅུག་པར་


TNT06_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཨོཾ་གྷ་གྷ་ནས་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ། བགེགས་ལ་ཕུར་བུས་བཏབ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་གསུམ་ཐོ་བས་བརྡུངས། ཕུར་བུའི་ཁྲོ་བོ་ལས་འོད་ཟེར་འཕྲོས། བགེགས་ལྷག་མ་ཐམས་ཅད་ཚར་བཅད། རྡོ་རྗེའི་རྭ་བ། དྲ་བ། གུར། བླ་རེ། མེ་དཔུང་འབར་བ་དང་བཅས་པ་གྲུབ་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་བྷ་ཝ་ཧཱུཾ། ལན་གསུམ་བརྗོད། སྤྲོས་པ་ལ་དགའ་ན་ཕུར་བུ་བཅུ་འདེབས། ལག་ལེན་རྣམ་གྲངས་ལ་ཕུར་བུ་སྟོང་པར་སྦྱོང་བའི་སྔགས་ཨ་ཀཱ་རོས་བྱེད་པ་ཡང་ཡོད་དོ། །ས་ཆོག་དངོས་དེ་ཙམ་གྱིས་ཆོག་ཀྱང༌། སླར་ཡང་གནས་དེར་འགྲུབ་ན་སྦྱིན་སྲེག་བྱེད་པ་དང༌། དེ་མ་འགྲུབ་ན་ཚོགས་འཁོར་དང༌། དེ་ཡང་མ་གྲུབ་ན་གཏོར་ཆོག་རྒྱས་པ་རེ་མཛད་པ་ཕྱག་ལེན་ངེས་ཅན་ཡིན་ནོ། །གཉིས་པ་ལྷག་གནས་ནི། སྔོན་འགྲོ་གཏོར་མ་དང༌། དཔལ་གཏོར་ལྔ་དང༌། ཚོམ་བུའི་རྒྱུ་དང༌། མཆོད་པའི་ཡོ་བྱད་རྣམས་ཚང་བར་བསགས་ལ། སྔོན་འགྲོ་གཏོར་མ། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱ་ཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་སམ། ཨོཾ་ཨིནྡྲ་ཡ་སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དགོངས་པ་བསྐངས་པ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་མཐའ་དག་མཉེས་པར་བྱ་བ་དང༌། མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་ཐེག་པ་


TNT06_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་བདེ་བ་ལ་འཇོག་པའི་དོན་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། ཡང་དག་པར་སྒྲུབ་པའི་ཆོ་ག་ལ་འཇུག་པར་འཚལ་ན། ཕྱོགས་སྐྱོང་བ་བཅུ་ལ་སོགས་པའི་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཚོགས་རྣམས་ཀྱིས་བར་ཆད་སྲུང་བ་དང༌། འཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་དངོས་གྲུབ་ཀྱི་གཏོང་གྲོགས་དམ་པ་མཛད་དུ་གསོལ། ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོའི་ཚོགས་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་དོར། ཧྲཱིཿཥྚཱིཿདང་བགེགས་མཐར་བྱེད་ཀྱི་གཟུངས་བཟླས་ལ་བགེགས་བསྐྲད། ཡང་གནས་དང་ཡོ་བྱད་བསངས་སྦྱངས། གནས་ཁང་སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་པའི་དུར་ཁྲོད་འབར་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཕྱི་རོལ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་རྣམས་ཤིན་ཏུ་རྣམ་པར་དག་པ་དབང་སྒྱུར་བའི་རྣམ་རིག་གི་རང་


TNT06_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཟག་པ་མེད་པའི་ཡེ་ཤེས་དང༌། སྨོན་ལམ་རྒྱ་མཚོའི་མཐུ་ལས་གྲུབ་པ། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་གཏོས་ཐམས་ཅད་ཡོངས་སུ་གང་བ། སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པ་འཇུག་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་ཨཱཿ་རཱུ་པ་བཛྲཱ་ཧཱུཾ། དེ་བཞིན་དུ། ཤཔྟ། གནྡྷེ། རཱ་ས། སྤརྴེ། ཨོཾ་ཨཿདྷརྨ་དྷ་ཏུ་བཛྲ་ཧཱུཾ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་ལན་གསུམ་གྱིས་རོལ་མོའི་བྱིན་དབབ་བོ། །དཀྱིལ་འཁོར་གྱི་ས་གཞི་ལ་བ་བྱུང་ལྔ་དང༌། བདུད་རྩི་ལྔ་དང༌། ཁྲག་ཆེན་བསྲེས་པས་བྱུགས། ལྷ་དགུའམ། བཅུ་གསུམ་གང་ཡིན་ཡང༌། ལྷའི་བཞུགས་གནས་དང་མཐུན་པར་དྲི་བཟང་གིས་ཚོམ་བུ་བཀོད། གཞན་ཕྱག་མཚན་གྱི་གནས་ཐམས་ཅད་དུ་ཐིག་ལེ་རེ་ཙམ་བྱ། ཐམས་ཅད་ལ་ཡི་གེ་འབྲུ་གསུམ་བརྗོད། སྐྱབས་འགྲོ་ནས་བརྩམས་ཏེ། དཀྱིལ་འཁོར་ཉེར་བསྡུའི་བར་བདག་བསྐྱེད་རྫོགས་པར་བསྒོམ། འདིར་ས་ཆོག་མ་གཏོགས་གཞན་རྣམས་ཀྱི་སྐབས་སུ་མདུན་བསྐྱེད་བཅུ་གསུམ་མ་བྱེད་པ་ལ་བདག་བསྐྱེད་གཙོ་རྐྱང་གིས་བྱས་ཀྱང་རུང་སྟེ་གཙོ་རྐྱང་དང་ལྷ་བཅུ་གསུམ་འདམ་ག་ཡིན། བཅུ་གསུམ་མ་སྒོམས་ཀྱང་གཙོ་རྐྱང་ལ་བསྡུས་ནས་མདུན་བསྐྱེད་སྒྲུབ་དགོས་སོ། །བཟླས་པ་ཡང་མང་དུ་བྱ། དེ་ནས་མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་བྷྲུཾ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཞིང་ཁམས་རྣམ་པར་དག་པ། ཕྱོགས་ཐམས་ཅད་དུར་ཁྲོད་ཆེན་པོས་ཡོངས་སུ་ཁྱབ་པའི་དབུས་


TNT06_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ལྟ་བུའི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད། སྐུ་མདོག་དུས་མཐའི་སྤྲིན་ཞེས་པ་ནས། ལྟ་བ་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། དེ་ནས་སྐུ་ལས་སྤྲོས་པའི་ཕྱག་མཚན་གྱི་ཚོགས་ཕྱི་རོལ་ཏུ་འཁོད་པ་ནི། ནང་གི་རིམ་པ་ལ། ཤར་དུ་མགོ་བོ་ནས། གསལ་ཤིང་གིས་ཕུག་པའོ། །ཕྱིའི་རིམ་པ་ལ་ཤར་གྱི་གཡས་སུ་གྲི་གུག་དང༌། འཕང་མདུང་དང༌། གཏུན་ཤིང༌། གཡོན་དུ་ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། ལྕགས་ཀྱུ་རྣམས་སོ། །ལྷོའི་གཡས་སུ་དགྲ་སྟ་དང༌། མདའ་དང༌། ཁ་ཊྭཱཾ་ག །གཡོན་དུ་དབྱུག་ཐོ་དང༌། འཁོར་ལོ་དང༌། ཞགས་པ་རྣམས་སོ། །ནུབ་ཀྱི་གཡས་སུ་རྡོ་རྗེ་དང༌། ཅང་ཏེའུ་དང༌། ཕུབ། གཡོན་དུ་གཞུ་དང༌། དྲིལ་བུ་དང༌། རླུང་རས་རྣམས་སོ། །བྱང་གི་གཡས་སུ་སྡིགས་འཛུབ་དང༌། བ་དན་རྩེ་གསུམ་པ་དང༌། གླང་པོ་ཆེའི་པགས་པ། གཡོན་པ་ཐོ་བ་དང༌། མདུང་དང༌། མེ་ཐབ་རྣམས་སོ། །དེའི་ཕྱི་རིམ་ལ་ཕྱོགས་བཞི་དང༌། མཚམས་བཞིར་རབ་སོང་ཆེན་པོ་བརྒྱད་ཀྱི་གདན་ལ། ཉི་མའི་དཀྱིལ་འཁོར་བྷེཾ་ཡིག་ནག་པོ་དང་བཅས་པ་བརྒྱད་ཡོངས་སུ་གྱུར་པ་ལས། རོ་ལངས་འཇིགས་བྱེད་ཆེན་པོ་བརྒྱད་སྐུ་མདོག་ནག་པོ། རབ་ཏུ་ཁྲོས་ཤིང་སྤྱན་གསུམ་པ། ཕྱག་ན་གྲི་གུག་དང༌། ཐོད་པའམ། རལ་གྲི་དང༌། ཐོད་པ་འཛིན་པ། གཅེར་


TNT06_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱན་སྤངས་ཤིང་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཀ་ཧ་ཀ་ཧ་ཧ་ལ་ཧ་ལ་ཞེས་ལྗགས་བརྐྱང་ཞིང་དྲག་ཏུ་བཞད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ་རྣམས་སུ་གྱུར། ཡང་ན་རོ་ལངས་རྣམས། སྟག་ལྤགས། སྦྲུལ་རྒྱན། མགོ་འཕྲེང་སོགས་ཁྲོ་བོ་སྤྱི་དང་མཚུངས་པར་བྱས་ཀྱང་རུང་ངོ༌། །ལྷ་བཅུ་གསུམ་མ་ལྟར་ན་གཞལ་ཡས་ཁང་བསྐྱེད། ནང་གི་རེ་མིག་ལ་ཕྱག་མཚན་གྱི་སྟེང་དུ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་སོགས། སྒོ་བཞིར་ཡ་ལས་ཐོ་བ་གཤིན་རྗེ་གཤེད་སོགས་བསྐྱེད། གྲྭ་ནང་མའི་ཐོད་པ་དང༌། ཕྱིའི་རོ་ལངས་བཞི། ཕྱག་མཚན་གྱི་སྡེབས་ལ་བསྐྱེད་དོ། །འཕྲོས་དོན་ནོ། །དེ་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་གདོད་ནས་གྲུབ་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེས་པས་བསྐོར་བ། བཛྲ་ས་མཱ་ཛཿ ཧྲཱིཿས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་སྙིང་ག་ནས་འོད་ཟེར་འཕྲོས། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཧྲཱིཿཥྚཱིཿས་བསངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ཨང་ཀུ་ཤ་ཛཿ ནས། གྷཎྜེ་ཧོཿའི་བར་གྱིས་དགུག་གཞུག་བྱ། མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཞེས་པ་ནས། དྷརྨཱ་དྷཱ་ཏུ་པཱུ་ཛི་ཏེ། ཞེས་པའི་བར་དངོས་གཞིའི་སྐབས་སུ་འཆད་པར་འགྱུར་བ་ལྟར་མཆོད་པ་བྱིན་གྱིས་བརླབས་ཕྱི་མཆོད་ཕུལ། སྔགས་གསུམ་གྱི་མཐར་འབྲུ་གསུམ་


TNT06_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ལན་གསུམ་གསུམ་མམ་བདུན་བདུན་གྱིས་ནང་མཆོད་ཕུལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་པ་ནས། མུན་ཆེན་ཁྱོད་ལ་འདུད། །ཅེས་པའི་བར་དང༌། འཇམ་དཔལ་མཁའ་ལས་འབྱུང་བའི་གསེར་མདོག་ཅན། །ཞེས་སོགས་ཀྱིས་བསྟོད་དོ། །འདིར་ཆོ་གའི་ཡན་ལག་ཏུ་ནི་བུམ་སྒྲུབ་མི་དགོས་ཀྱང༌། སྦྱིན་སྲེག་དང་གསང་བྱེད་སོགས་ལ་མཁོ་ཆེ་བའི་ཕྱིར་བུམ་པ་སྟ་གོན་བཞིན་དུ་བུམ་སྒྲུབ་བྱེད་གསུང་ཞིང་ལག་ལེན་དུ་ཡང་མཛད་པའི་སྲོལ་གདའ་སྟེ། སྤྲོ་ན་དཀྱིལ་ཆོག་ཏུ་ཤེས་པར་བྱའོ། །དེ་ནས་གཏོར་མ་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། གཏོར་མ་དང་པོ་དཀྱིལ་འཁོར་ལ་འབུལ་ཏེ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་སྒྲུབ་ཐབས་ལྟར་བྱ། གཏོར་མ་གཉིས་པ་དཔལ་ནག་པོ་ཆེན་པོ་ལྕམ་དྲལ་སོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་རྣམས་ལ་གཏོར་ཆོག་ལྟར་ཕུལ། གསུམ་པ་ཕྱོགས་སྐྱོང་རྣམས་ལ་འབུལ་བ་དང༌། བཞི་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འབུལ་བ་ནི། སྒྲུབ་ཐབས་སུ་བཤད་པ་བཞིན་ཡིན་པ་ལས། མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱི་ཞེས་པ་ནས། ཨོཾ་ཁྱོད་ཀྱིས་སེམས་ཅན་ཞེས་སོགས་ཀྱི་མཐར། ཨོཾ་ཛ་ཡ་ཛ་ཡ་སོགས་གཤེགས་གསོལ་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས་སྙན་གསན་དབབ་པར་བྱ་སྟེ། བཅོམ་ལྡན་འཇམ་པའི་རྡོ་རྗེ་ནི། །རིགས་སྔགས་རྒྱལ་པོར་ཕྱག་འཚལ་བསྟོད། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་འབྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་


TNT06_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང༌། །ལྷ་རྣམས་བསྟན་ལ་མངོན་དགའ་བ། །དཀྱིལ་འཁོར་འདི་ལ་བྱིན་རླབས་དང༌། །དངོས་གྲུབ་དམ་པ་སྩོལ་བར་མཛོད། །ཅེས་ལན་གསུམ། ཨརྒྷཾ་ལ་སོགས་པས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་སོགས་དང༌། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་དང༌། རྡོ་རྗེ་གཙུག་གཏོར་གྱི་ཕྱག་རྒྱས་ནམ་མཁར་བཏེག །སླར་ཡང་མཆོད་བསྟོད་སྔ་མ་བཞིན་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་སྟེང་གི་ནམ་མཁའ་ལ་བཞུགས་ནས་བསྲུང་བ་ཆེན་པོ་མཛད་པ་དང༌། ནང་པར་དཀྱིལ་འཁོར་བྱིན་གྱིས་རློབ་པ་དང༌། བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཧྲཱིཿལན་གསུམ་དང༌། བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་གྱིས་བསྲུང་བ་བྱས་ལ་བཞག་གོ །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ནངས་པར་སྔ་བར་ལངས་ནས་ཐིག་ཚོན་རྣམས་མཁོས་སུ་ཕེབས་པར་བྱ་སྟེ། དེ་ཡང་སྒྲུབ་པའི་འདྲ་འབག་ཞག་བདུན་སོགས་དུས་ཡུན་ཐུང་ངུ་ཙམ་ཡིན་ན། རྡུལ་ཚོན་གྱི་དཀྱིལ་འཁོར་བསྔགས་པར་འདོད། ཟླ་བ་ཕྱེད་དང་གཉིས་ནས་ཟླ་དྲུག་གི་བར་དུ་བྱེད་པ་རྣམས་ལ་ནི། ཆུ་ཚོན་ཁོ་ན་བསྔགས་ཤིང༌། སྒྲུབ་པ་ལན་གསུམ་དུ་རྩོམ་པ་ཟླ་བ་བཅོ་བརྒྱད་ལ་སོགས་པ་བྱེད་པ་ལ་ནི། ཟླ་བ་དྲུག་དྲུག་ནས་དཀྱིལ་འཁོར་གསར་དུ་འབྲི་དགོས་ཏེ། སྒྲུབ་པའི་དཀྱིལ་འཁོར་གཅིག་ཟླ་བ་དྲུག་ལས་ལྷག་པར་འཇོག་པ་མ་བཤད་ཅིང་དེ་དག་སོ་སོར་མ་བྱས་ན་ལན་གསུམ་དུ་མི་འགྲོ་


TNT06_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བས་སོ། །འདི་ལ་རྡུལ་ཚོན་གྱི་དོད་དུ་ཆུ་ཚོན་བྱེད་པ་མ་གཏོགས། ཐིག་ཚོན་གྱི་ཆོ་ག་དབང་ཆོག་བཞིན་བྱས་ཀྱང་ལེགས་ཤིང༌། རྟོག་བདུན་གྱི་རྐང་འགྲེལ་ལ་སོགས་པ་རྭ་ལུགས་དང༌། སྐྱོ་ལུགས་ཀྱི་ཡིག་རྙིང་མང་པོའི་དངོས་བསྟན་གྱི་དགོངས་པའང་ཡིན་ནོ། །འོན་ཀྱང་མན་ངག་གི་ཡི་གེ་ལྟར་ལག་ལེན་འདི་བཞིན་མཛད་དེ། ལས་ཐིག་ཡེ་ཐིག་སོ་སོར་བྱེད་ན། ལས་ཐིག་བསངས་སྦྱངས། ཧཱུཾ་ལས་བྱུང་བའི་ལས་ཐིག་ཏུ་མོས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བརྒྱ་རྩ་དང་ཉེ་སྙིང་ཅི་འོས་བཟླས་ནས། བགེགས་མཐར་བྱེད་ཀྱི་ངོ་བོར་གྱུར་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད། ཉེ་སྙིང་བཟླ་བཞིན་དུ་ཐིག་གདབ། ཡང་བླ་མའི་གསུང་སྒྲོས་ལས་སྒྲུབ་པའི་དཀྱིལ་འཁོར་བསྡུས་པ་ལ་ནི་རྩིག་པ་ཚུན་ཆད་འབྲི་བ་ཡིན་ཞེས་ཀྱང་གསུང་གིན་འདུག །ཕྱག་ལེན་ཡང་ཅི་རིགས་མཛད་ཅིང་རུང་ཙམ་མ་ཡིན་མོད་ཀྱི། རྒྱུད་ལས་གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཞེས་པ་དང༌། སྒོ་བསྲུང་གྱི་ནི་མཚམས་རྣམས་སུ། །ཞེས་སོགས། རྩིག་པའི་ཕྱི་རོལ་རྣམས་རྒྱས་པར་གསུངས་པས། འགྲུབ་ན་དཀྱིལ་འཁོར་རྫོགས་པར་འབྲི་བ་ཉིད་གལ་ཆེ་ལ། རྡོ་རྭའི་ནང་ངམ་མེ་རིའི་ཕྱི་གང་དུ་འབྲི་ཡང་རུང་སྟེ། དུར་ཁྲོད་བརྒྱད་ཀྱང་རྒྱས་པར་འབྲི་དགོས་སོ། །དེའི་ཕྱིར་དེ་དང་མཚུངས་པའི་ལས་ཐིག་བཏབ་ཟིན་པ་ན། ཡངས་སྐུད་པ་ཁ་དོག་སྣ་ལྔ་སོ་སོར་བརྐྱང་སྟེ། ཁྲག་ཆེན་དང་བདུད་རྩི་ལྔ་ཅུང་ཟད་བྱུགས། བསངས་སྦྱངས། ཨོཾ་ལས་བྱུང་བའི་ཐིག་སྐུད་དཀར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ། ཧཱུཾ་ལས་བྱུང་བའི་ཐིག་སྐུད་ནག་པོ་མི་བསྐྱོད་པའི་ངོ་བོ། ཨཾ་ལས་བྱུང་བའི་ཐིག་སྐུད་སེར་པོ་རིན་ཆེན་


TNT06_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྡན་གྱི་ངོ་བོ། ཧྲཱིཿལས་བྱུང་བའི་ཐིག་སྐུད་དམར་པོ་འོད་དཔག་མེད་ཀྱི་ངོ་བོ། ཨ་ལས་བྱུང་བའི་ཐིག་སྐུད་ལྗང་ཁུ་དོན་ཡོད་གྲུབ་པའི་ངོ་བོ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨོཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཏྲཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧྲཱི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང༌། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་མོས་ནས། ཧྲཱིཿཥྚཱིཿབརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས། ཨརྒྷཾ་ལ་སོགས་པས་མཆོད། སངས་རྒྱས་ཀུན་གྱི་རང་བཞིན་མཆོག །སོགས་ཀྱིས་བསྟོད་པའམ། དེ་ཉིད་ལྔ་པས་བསྟོད་ཀྱང་རུང༌། དེ་ནས་ཐིག་སྐུད་བསྒྲིལ་བའི་སྔགས། ཨོཾ་ཨ་ནོ་ནྱ། ཨ་ནུ་ག་ཏ། སརྦ་དྷརྨ་པ་ར་སྤ་ར། ཨ་ནུ་ག་ཏ་སརྦ་དྷརྨྨཿཨརྱནྟ་ཨ་ནུ་པྲ་བྲྀཥྟཿསརྦ་དྷརྨྨཿཧཱུཾ། ཞེས་པས་བསྒྲིལ་ཞིང༌། ཛྫ་ཛྫ་ཛྫ། ཞེས་ཐིག་སྣ་གཏད། ཨོཾ་ཨཱཿབཛྲ་ས་མ་ཡ་སུ་ཏྲ་མ་ཏི་གྲ་མ་ཧཱུཾ། ཞེས་བརྗོད་ཅིང༌། ཐིག་ཆེ་བརྒྱད་ནས་བརྩམས་ཏེ། ལས་ཐིག་ཐམས་ཅད་ཀྱི་སྟེང་དུ་འདེབས་ཚུལ་བྱ། ནམ་མཁང་གང་བའི་བཅོམ་ལྡན་འདས། ཁྱོད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཞེས་ཡང་ཡང་བརྗོད། འདི་སྒྲུབ་པ་པོ་གཅིག་པུས་བྱེད་པའམ། གྲོགས་དང་བཅས་ཀྱང་སློབ་མའི་དོན་དུ་མ་ཡིན་པས། ཕྱོགས་འཁྲུལ་གྱི་ཉེས་པ་རྩི་བ་དང༌། ཐིག་སྐོར་སོགས་མི་དགོས་གསུངས་སོ། །གལ་ཏེ་ཡེ་ཐིག་དང་ལས་ཐིག་གཅིག་གིས་བྱེད་ན། ཐོག་མར་ཡེ་ཐིག་གི་ཆོ་གས་ཐིག་ཆེན་བརྒྱད་སོགས་ཇི་ལྟར་འོས་པ་བཏབ་ནས། ཐིག་དེ་ཉིད་ལ། བིགྷྣཱན་ཏ་ཀྲིཏ་དང༌། ཡ་མནྟ་བཟླས་ནས། ཡེ་ཐིག་ཉིད་ལས་ཐིག་ཏུ་བསྒྱུར་ཏེ་འདེབས་པ་ཡིན་ནོ། །དཀྱིལ་


TNT06_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྤྱིའི་ལུགས་ལ། ལས་ཐིག་ལ་བྱིན་རླབས་ལོགས་པ་མི་དགོས་པ་ཤས་ཆེ་ཡང༌། འདིར་ནི་བླ་མའི་མན་ངག་གིས་ངེས་པར་བྱེད་དོ། །དེ་ནས་ཆུ་ཚོན་ནམ་རྡུལ་ཚོན་རྣམ་པ་ལྔ་ལ་དམིགས་ནས། བསངས་སྦྱངས་སྟོང་པའི་ངང་ལས། ཚོན་རྩི་ནག་པོ་བཾ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ། ཚོན་རྩི་དཀར་པོ་ལཾ་ལས་སངས་རྒྱས་སྤྱན་མའི་ངོ་བོ། ཚོན་རྩི་སེར་པོ་མཾ་ལས་མཱ་མ་ཀཱིའི་ངོ་བོ། ཚོན་རྩི་དམར་པོ་པཾ་ལས་གོས་དཀར་མོའི་ངོ་བོ། ཚོན་རྩི་ལྗང་ཁུ་ཏཱཾ་ལས་སྒྲོལ་མའི་ངོ་བོ་རྣམས་སུ་གྱུར། ཨོཾ་ཨཱཿབཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿལཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿམཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཔཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཏཱཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྣམས་བརྒྱ་རྩ་རེ་བཟླ་ཞིང༌། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྱུང་བ་ལྔ་ནི་རྣམ་དག་ལྷ། །ཚད་མེད་ལྔ་ཡི་ངོ་བོ་ཉིད། །དེ་བཞིན་གཤེགས་མ་ལྔ་ཡི་དངོས། །དེ་དག་རྣམས་ལ་ཕྱག་འཚལ་བསྟོད། །སླར་ཡང་རྩ་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། མང་དུ་བརྗོད། ཨོཾ་བཛྲ་བཻ་ག་ཨ་ཀྲ་མ་ཧཱུཾ། ཞེས་ཐིག་གི་ནང་དུ་ཞུགས་ལ། ཧི་ཧི་ཞེས་སྒོའི་རྩ་ཐིག་གྱིས། ཆོས་དབྱིངས་ཡེ་ཤེས་དག་པའི་གནས། །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གནས་པའོ། །ཞེས་བརྗོད་ཅིང༌། ལྷ་མཚན་དགོད་པ་ནི། རྒྱུད་ལས། དེ་དབུས་མི་རོ་བྲི་བར་བྱ། །ཞེས་དང༌། སྒོ་བཞི་དང་གྲྭ་བཞིར། རོ་ལངས་ཆེན་པོ་བརྒྱད་བྲིའོ། །ཞེས་འབྱུང་བ་རྣམས་འདིར་རོ་ལངས་བརྒྱད་སྐོར་ལྟར་ན། བླ་མའི་མན་ངག་གིས་གདན་དགོད་པ་ཡིན་ནོ། །བཅུ་གསུམ་མ་ལྟར་ན། རེ་མིག་


TNT06_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་མགོ་བོ་སོགས་ཀྱང་གདན་དུ་འགྱུར་ཞིང་ཡང་དབུས་སུ་མི་རོ་མགོ་དང་རྐང་ལག་བྲལ་བ། ཞེས་གོང་མ་རྣམས་ཀྱིས་བཤད་པ་ནི། རེ་ཞིག་ཟབ་དོན་སྦས་པའི་ཕྱི་རྒྱ་ཙམ་ཡིན་ལ། རོ་ལངས་མགོ་གསུམ་པ་སོགས་ཀྱང་མཆོག་སྒྲུབ་ལ་མ་ཡིན། དགྲ་བོ་རིམས་ཀྱིས་འདེབས་པ་སོགས་དྲག་ལས་སམ། རོ་ལངས་སྒྲུབ་པའི་དབང་དུ་བྱས་པར་འདོད་དོ། །བཅུ་གསུམ་མ་ལྟ་བུ་ནག་པོའི་ཁ་སྐོང་ཅན་ཡིན་ལ། བྱིན་རླབས་ནུས་མཐུ་ཆེ་ཞིང་དགེ་ལ་བཀྲ་ཤིས་པ་ནི་ཡིན་ནོ། །འོན་ཀྱང་ནག་པོ་སོགས་རྒྱུད་གཞན་གྱི་ཁ་སྐོང་མེད་པར་རྟོག་པ་བདུན་པའི་བསྟན་ཚོད་ཀྱི་དགོངས་དོན་རྒྱུད་རྐྱང་མན་ངག་སྙིང་གི་ཐིག་ལེ་ནི། རོ་ལངས་བརྒྱད་བསྐོར་ཉིད་ལ་བརྟེན་དགོས་ལ། དེ་ཡང་སློབ་དཔོན་མི་བསྐྱོད་པ་དང༌། ལི་ལ་བཛྲ་དང༌། མལ་ལུགས་སོགས་ཅི་ཐོད་ཐོད་ཀྱིས་ཁ་བསྐང་བ་མ་ཡིན་པར། རྗེ་བཙུན་རྡོ་རྗེ་གྲགས་པའི་མན་ངག་ལག་ལེན་ཁྲིགས་བཀོད་དང་སྙིང་ལ་གབ་པའི་ཡིག་ཆུང་བདུན་གྱི་དགོངས་པ་ལྟར་ལག་ལེན་མཛད་པའི་རྒྱུན་ནི། དབུས་ཀྱི་མི་རོ་ལྷ་མ་ཡིན་གདན་ཡིན་པ་ལྟར་སྒོ་མཚམས་ཀྱི་མི་རོའམ་རོ་ལངས་ཀྱང་དཀྱིལ་འཁོར་གྱི་ལྷ་རོ་ལངས་བརྒྱད་པོ་རང་ཨེན་ཅིག་མིན། གདན་ཡིན་ནོ་ཞེས་པས་ངེས་པ་ལས་སོ། །དེས་ནས་རྒྱུད་ཀྱི་དངོས་བསྟན་གྱི་ཚིག་ལྟར་དབུས་སམ་སྒོ་མཚམས་བརྒྱད་དུ་མི་རོ་རི་མོ་བྲི་བའམ། རྣམ་པ་གཅིག་ཏུ་ན་བྲི་པའི་དོན་ལེགས་པར་འདུ་བྱེད་པ་ལའང་འཇུག་པས། སྔོན་ཨོ་རྒྱན་ཁ་ཆེ་ཉི་འོག་སོགས་ཀྱི་དུར་ཁྲོད་ཆེན་པོར་དཀྱིལ་འཁོར་འབྲི་བ་ན། བཾ་ཆེན་དངོས་སུ་འཇོག་པ་ཡིན་འདུག །བོད་དུ་ད་ལྟ་དེ་ལྟར་མི་འགྲུབ་ལ། འོན་ཀྱང་ཤ་ཆེན་ཁྲག་ཆེན་བསྲེས་པའི་བག་ཟན་བཙོས་པ་ལ། མི་གཟུགས་བྱས་ཏེ་ཙན་དན་དམར་པོས་བྱུགས་པའམ། འཇིམ་པ་ལ་བཅོས་པ་སོགས་ཀྱང་རུང་ཞིང༌། དེ་ཡང་རྩིག་པའི་ནང་ཕན་ཆད་བྲིས་ཟིན་པ་ན། དབུས་སུ་པད་ཉིའི་སྟེང་དུ། ཨོཾ་ཧཱུཾ་ཧཱ། ཞེས་ལན་ཉེར་བརྒྱད་བཟླས་པས་མི་རོ་ཡོངས་རྫོགས་ཀྱི་གཟུགས་


TNT06_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་དགོད། སྔགས་བདུན་ནི་གདན་སྤྱི་ལ་དགོས། སྔགས་ཉེར་གཅིག་ནི་བྱོལ་སོང་བཅུ་དྲུག་དང་ལྷ་ཆེན་ལྔའི་དོན་ཡིན། སྒོ་བཞི་གྲྭ་བཞིར་པད་ཉའི་གདན་མེད་ཀྱང་ཆོག །ཐིག་ལེ་དམར་པོ་རེ་བྱས་པའི་སྟེང་དུ། ཨོཾ་པྲེ་ཏཱ་ཨུཀླཱ་ཡ་ཧཱུཾ་ཕཊ། ལན་བདུན་བཟླས་པས་ཤར་སྒོར་རོ་ལངས་ཀྱི་གཟུགས་གཅིག་གདན་གྱི་ཚུལ་དུ་དགོད། དེ་བཞིན་དུ་ལྷོར། ཨོཾ་པྲེ་ཏ་བི་མཱནྟ་ཀ་ཧཱུཾ་ཕཊ། ནུབ་ཏུ། ཨོཾ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། བྱང་དུ། ཀྵི་པྲ་པྲེ་ཏ་ཨུཏྐ་ཊ་ཧཱུཾ་ཕཊ། ཉེར་གཅིག་བཟླས། མཚམས་བཞིར། ཨོཾ་ཧཱུཾ་ལཾ་ཧཱ། ཞེས་པ་ཁོ་ན་ལན་བདུན་རེས་དགོད། གྲངས་བདུན་ལ་དག་པ་མི་གསུང༌། མི་རོའི་གཟུགས་རྣམས་ཁ་བུབ་ཡིན། དབུས་ཀྱི་མི་རོའི་སྟེང་དུ་རལ་གྲི་ལ་ཉེ་སྙིང་བརྒྱ་རྩ། ཧྲཱིཿཥྚཱིཿ དྲུག་ཅུ་ཙམ། ཡ་མ་རཱ་ཛ། ཉེར་གཅིག་བཟླས་ཏེ། རྩེ་མོ་གྱེན་དུ་བརྟད་པས་བཀོད་དོ། །སྒོ་མཚམས་བརྒྱད་ལས་སྒོ་བཞིར་མི་རོའི་སྟེང་དུ། ཧྲྀཾ་ཧྲྀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་ཉེར་གཅིག་རེ་དང༌། མཚམས་བཞིར། ཨོཾ་ཨཱཿཧཱུཾ་ཕཊ་ཧྲཱིཿཧ། ཞེས་པ་ཉེར་གཅིག་རེས་ཕྱག་མཚན་རལ་གྲིའམ་གྲི་གུག་གང་རུང་རེ་འགོད་དོ། །ཕྱག་མཚན་གཞན་རྣམས་ནི་རབ་ཏུ་འབུར་མ་དང༌། འབྲིང་དུ་ཙ་ཀ་ལི་འགོད། ཐ་མ་རྡུལ་ཚོན་ནམ་ཆུ་ཚོན་གྱིས་འབྲི་བ་ཡིན་གསུངས་ཀྱང་འབུར་མ་ཡོད་ན་ལེགས་མེད་ན་ཕྱི་མ་གཉིས་པོ་འབྲིང་ཐའི་དབྱེ་བ་མི་ཡོང་འདྲ་བར་མངོན་ཅིང༌། གང་ལྟར་ནའང༌། ཉེ་སྙིང་བདུན་བདུན་བཟླ་བཞིན་འགོད་དོ། །དེར་མཚན་མ་ལྷའི་རང་བཞིན་དུ་མོས་པ་ལས། དངོས་སམ་ཡིད་ཀྱིས་མཆོད་པ་འབུལ། དུར་ཁྲོད་རྒྱན་གྱིས་སོགས་ཀྱིས་བསྟོད། ཉེ་སྙིང་གི་མཐར་རཀྵ་རཀྵ་བཏགས་བསྲུང་བ་བྱ། བདུག་སྤོས་དང་མར་མེ་རྒྱུན་དུ་འབུལ། དེ་ནས་དཀྱིལ་འཁོར་ལྷག་མ་རྣམས་བྲིས་ལ། ལྷག་ཆད་ཀྱི་ཉེས་པ་སྤང་བའི་དོན་དུ། དཀྱིལ་འཁོར་གྱི་ཤར་


TNT06_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། ཡིག་བརྒྱ་མང་དུ་བཟླས། མཆོད་པའི་བུམ་པ་བརྒྱད་ཀྱང་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་ཕུལ། མཆོད་བུམ་དངོས་སུ་མེད་ན་ཙ་ཀ་ལིའམ་ཡིད་ཀྱིས་ཕུལ། ས་རྒྱན་གནམ་རྒྱན་སོགས་བཀྲམ། མཆོད་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱའོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས། སྐྱབས་སེམས་རྡོར་སེམས། ནང་མཆོད་བྱིན་རླབས་རྣམས་སྔོན་དུ་འགྲོ་བའི་ཚོགས་ཞིང་ནས་བརྩམས་དཀྱིལ་འཁོར་བསྡུ་བའི་བར་བདག་བསྐྱེད་རྫོགས་པར་བསྒོམས། བུམ་པ་གཅིག་ལ། བིགྷྣཱན་ཏ་ཀྲྀ་ཏ་དང༌། ཉེ་སྙིང་དང༌། ཨ་བྷི་ཥེ་ཀའི་སྔགས་རྣམས་བརྒྱ་རྩ་རེ་བཟླས་ལ་ཁྲུས་བུམ་བྱ། སྔར་བུམ་སྒྲུབ་བྱས་ན་འདིའི་དོད་ལས་བུམ་གྱིས་ཆོག་པས་འདི་མི་དགོས་སོ། །ཉི་མ་ཐོག་མའི་ཐུན་དང་པོ་ཡིན་ན། ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོའི་སྒོ་ནས། བགེགས་སྦྱང་བ་བོད་ཀྱི་ལག་ལེན་སྤྱི་དང་འདྲ་བར་བྱ། བར་སྐབས་སུ་ལྟས་འཚུབ་པ་བྱུང་ནའང་འདི་བྱེད་དགོས། དེ་མིན་ཐུན་ཕྱི་མ་དང་ཉི་མ་གཉིས་པ་ཕན་ལ་མི་དགོས་ཏེ། བདུད་རྩི་འཁྱིལ་བའི་སྔགས་བཟླ་བཞིན་རྡོ་རྗེ་གསོར་བས་བགེགས་བསྐྲད་པ་ཙམ་གྱིས་ཆོག །དེ་རྗེས་ཏིལ་སྦྱངས་ནི་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ལུགས་བཞིན་གྱིས་བྱུར་བསལ། དེ་རྗེས་ཁྲུས་བུམ་བླངས་ནས་ཁྲུས་གསོལ་བྱ་སྟེ། དེ་དག་གི་ལག་ལེན་སྤྱི་དང་འདྲའོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། ཕཊ་སྭཱཧཱ། དེའི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས། རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རིན་


TNT06_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྣ་ལྔ་ལས་གྲུབ་པ། ནང་ནས་རིམ་པ་བཞིན་དུ། ནག་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་ཕ་གུ་སེར་པོ་ལ། དྲ་བ་དང༌། དྲ་ཕྱེད་འཕྱང་བ། སྟེང་མདའ་ཡབ་མཆོད་རྟེན་གྱི་རྣམ་པས་མཛེས་པ། པུ་ཤའི་ཁོར་ཡུག་ལ་གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པ། དབུས་སུ་དཀྱིལ་འཁོར་ཟླུམ་པོ། མི་མགོ་སྐམ་པོའི་ར་བ་ཟླུམ་པོ་འཛུལ་སྒོ་བཞི་ལས་སྒོ་གཅིག་ཕྱེ་བ། དེའི་ནང་རེའུ་མིག་དགུར་གྱུར་པ། དབུས་ཀྱི་གཞི་ནག་པོའི་སྟེང༌། ཕྱི་ནང་གི་ས་གཞི་ཐམས་ཅད་ཁྲག་ཞག་འཁྲུག་པ། སྟེང་ཀེ་རུས་ཀྱི་ཀ་གདུང་གིས་ཕུབ་པ། གཡང་གཞིའི་བླ་བྲེ་དང༌། རྒྱུ་རློན་གྱི་ལྡ་ལྡི་ལ་སོགས་པས་བརྒྱན་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང༌། རིན་པོ་ཆེའི་ཏོག་གིས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ། མཆོད་པའི་གཟུངས་མ་རྣམས་དང༌། སྒོ་བཞིའི་ཐད་ཀ་ནས། ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་རྣམས་ཀྱི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་ཀྱིས་མཚན་པ། འཁྱམས་ལ་མཆོད་པའི་ཚོགས་རྣམས་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པ་ནས། སྣ་ཚོགས་པས་གང་བའོའི་བར་བདག་བསྐྱེད་བཞིན། དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་རེ་མིག་གཙོ་བོའི་གནས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་


TNT06_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ཅེས་པ་ནས། བཞུགས་པ་རྣམས་སུ་གྱུར། གྱི་བར་སྟ་གོན་གྱི་སྐབས་དང་འདྲ། དེ་ནས་གཙོ་བོ་ལ། ཉེ་སྙིང་དང༌། སྙིང་པོ་དང༌། རྩ་སྔགས་རྣམས་ལན་བདུན་བདུན་བཟླས། རོ་ལངས་བརྒྱད་ལ། ཡ་མཱནྟ་ཀ་དང༌། ཨོཾ་ཧཱུཾ་ཧྲཱིཿཥྚཱིཿ ལན་བདུན་བདུན་ནམ་གསུམ་ཙམ་བཟླས། གདན་གྱི་རོ་ལངས་བརྒྱད་ལ། ཨོཾ་པྲེ་ཏ་ཨུ་ལ་ཀ ། སོགས་ལྔའམ་གསུམ་གསུམ་བཟླས་པས། དེ་རྣམས་རོ་ལངས་བུད་མེད་ཀྱི་ལུས་ཅན། གཞོན་ཅིང་སྒེག་ཉམས་དང་ལྡན་པ་བརྒྱད། རོ་ལངས་འཇིགས་བྱེད་ཆེན་པོ་རྣམས་ཀྱི་བཞོན་པའི་ཚུལ་དུ་གྱུར། ཕྱག་མཚན་གཞན་རྣམས་ལའང༌། ཉེ་སྙིང་ལན་བདུན་བདུན་བཟླས། དམ་ཚིག་གི་དཀྱིལ་འཁོར་དུ་སྒྲུབ་པའོ། །བཅུ་གསུམ་མ་ལྟར་སྒྲུབ་ན་སྟ་གོན་གྱི་རིགས་འགྲེ་བ་ལས་ལྷ་བཅུ་གཉིས་ལ་རང་སྔགས་བདུན་བདུན་བཟླ། ཕྱག་མཚན་རོ་ལངས་རྣམས་ལ་ཉེ་སྙིང་དང༌། ཐོད་པ་ལ་འབྲུ་གསུམ་བདུན་བདུན་བཟླ་བ་ནི་ཁྱད་པར་རོ་ཅེས་གོ་བར་བྱའོ། །ཐམས་ཅད་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མིག་ཏུ་ཀྵིཾ་ནས་སཾ་དཀར་པོ། སྤྱི་བོར་ཨོཾ་ནས་འཁྱིལ་བ་ལས་གཙོ་བོ་ལ་མི་བསྐྱོད་པ་དང༌། རོ་ལངས་འཇིགས་བྱེད་ཆེན་པོ་བརྒྱད་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་རེས་དབུ་བརྒྱན། ཨོཾ་བཛྲ་ནས། གྷཎྜེ་ཧོཿ དེ་ནས་ཉི་མ་ཐོག་མའི་ཐུན་དང་པོ་ལ་སྟ་གོན་གྱི་ལྷ་དང་སྲེ་དགོས་ཏེ། དེ་ཡང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའ་ནས་སྟ་གོན་གྱི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ


TNT06_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཥྚཱིཿ ལན་གསུམ་གྱིས་ཕྱི་འབྲང་གི་བགེགས་བསྐྲད། སླར་ཡང༌། ཧྲཱིཿཥྟྲིཿ ལན་གསུམ་གྱིས་གུར་གྱི་སྒོ་ཕྱེ་ལ་ནང་དུ་སྤྱན་དྲངས། ཡང་གསུམ་གྱིས་མཚམས་བཅིང་ངོ༌། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། སོགས་ཀྱིས་མཆོད། ཨཾ་ཀུ་ཤ་སོགས་ཀྱིས་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྟིམ། དཀྱིལ་འཁོར་བྱིན་གྱིས་བརླབ་པའི་དོན་དུ་སྔགས་གསུམ་ཅི་རིགས་པ་དང༌། ཡིག་བརྒྱ་ལན་དགུ་བཟླའོ། །ལྔ་པ་མཆོད་བསྟོད་འབུལ་བ་ནི། དེ་ནས་སླར་ཡང་མཆོད་པ་རྒྱ་ཆེར་བཤམ། བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟའི་བར་གྱིས་བྱིན་གྱིས་བརླབས། བསྡུ་ན་སྔགས་ཙམ་གྱིས་མཆོད་པས་ཀྱང་ཆོག་ལ། ཅུང་ཟད་སྤྲོས་པ་ལ་དགའ་ན་འདི་སྐད་ཅེས་སྦྱར་ཏེ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་དུ། །མི་ཟད་ཨརྒྷའི་རྒྱུན་ཆེན་པོ། །ཕྱི་ནང་གསང་བ་རབ་སྦྱར་བ། །འབུལ་གྱིས་འདོད་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷཻ་ར་ཝ་མཎྜལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། མི་ཟད་ཨརྒྷའི་རྒྱུན་ཆེན་པོ། །ཞེས་པའི་དོད་དུ། རྡོ་རྗེ་ཆུ་གཙང་ཁྲུས་ཀྱི་རྒྱུན། །ཞེས་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ་ཞེས་འདོན་པ་སྤོ། དེ་བཞིན་དུ། རྡོ་རྗེ་མེ་ཏོག་ཁང་པར་བརྩེགས། །ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ། རྡོ་རྗེ་བདུག་སྤོས་སྤྲིན་ཚོགས་


TNT06_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིགས། །དྷུ་པེ། རྡོ་རྗེ་འབར་བའི་སྣང་གསལ་གཏམས། །ཨཱ་ལོ་ཀེ ། རྡོ་རྗེ་གདུང་སེལ་དྲི་ཞིམ་ཚོགས། །གནྡྷེ། རྡོ་རྗེ་བཟའ་བཅའ་རྒྱ་མཚོར་འཁྱིལ། །ནཻ་ཝི་ཏྱེ། རྡོ་རྗེ་རོལ་མོའི་སྒྲ་བརྒྱ་པ། །ཤཔྟ། བཛྲ་གྷཎྜེ་ར་ཎི་ཏ་ཞེས་རོལ་ཆེན་བྱ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ཟག་མེད་བདེ་བའི་རེག་བྱ་དང་ལྡན་པ་མཁའ་དབྱིངས་ཐམས་ཅད་གང་བར་གྱུར། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་བཛྲ་བསྟྲ་ཡེ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་ནས། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཨོཾ་བཛྲ་བྷཻ་ར་ཝ་ས་པཱ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། ནོར་བུ་རིན་ཆེན། མ་ཎི། བཙུན་མོ་རིན་ཆེན། ཝསྟྲཱི། ཁྱིམ་བདག་རིན་ཆེན། མཧཱ་ཏཱ། གླང་པོ་རིན་ཆེན། ཧསྟཱི། རྟ་མཆོག་རིན་ཆེན། ཨ་ཤྭ། དམག་དཔོན་རིན་ཆེན། ཁཏྒ། གཟུགས་མཛེས་ཀྱིས་ནི་རབ་བཀང་སྟེ། །རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། སྒྲ་སྙན། ཤཔྟ། དྲི་ཞིམ། གནྡྷེ། རོ་མཆོག །ར་ས། རེག་བདེ། སྤར་ཤེ ། ཆོས་ཁམས་བདེ་བས། དྷརྨ་དྷཱ་ཏུ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་ལྔ་དག་ཐོད་པའི་ཅོད་


TNT06_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པན་དང༌། །རིགས་དྲུག་རང་བཞིན་རུས་པའི་ཕྱག་རྒྱ་དྲུག །བྱང་ཕྱོགས་རྣམ་དག་ཕྱག་མཚན་ཚོགས་རྣམས་ཀྱིས། །ཡེ་ཤེས་སྐུ་ལ་མཆོད་ཅིང་བརྒྱན་པར་བགྱི། །སརྦ་ཨ་ལང་ཀ་ར། སྦྲུལ་ཆུན་ཚངས་པ་ཆེན་པོའི་མཆོད་ཕྱིར་ཐོགས། །ཨཱ་ལི་ཀཱ་ལི་རྣམ་དག་མགོ་བོའི་འཕྲེང༌། །གཏི་མུག་ཆེན་པོ་གླང་ཆེན་ལྤགས་པའི་གོས། །རྡོ་རྗེ་གསུམ་དངོས་ཕྱག་རྒྱས་མཉེས་གྱུར་ཅིག །ཏྲི་བཛྲ་མུ་དྲ། དངོས་གྲུབ་ཆེན་པོ་བརྒྱད་དང་དབང་ཕྱུག་བརྒྱད། །ཉེར་སྤྱད་གྱུར་ལས་སྲིད་ཞི་གནོན་ཕྱིར་དང༌། །ཞེ་སྡང་གཤིན་རྗེ་བསྒྲལ་བའི་དམ་ཚིག་ཆེ། །བཅུ་དྲུག་ཆ་རྣམས་དག་པས་མཉེས་གྱུར་ཅིག །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཡི་གེ་བཅུ་པའི་མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་གཙོ་བོ་དང༌། ལན་གཅིག་གིས་རེའུ་མིག་བརྒྱད་ན་གནས་པའི་མཚན་མའི་ལྷ་དང༌། ཡ་མཱནྟ་ཀ ། ལན་བརྒྱད་ཀྱིས་རོ་ལངས་བརྒྱད་ལ་འབུལ། ཡ་མ་རཱ་ཛ་དང༌། ཡ་མཱནྟ་ཀའི་མཐར་འབྲུ་གསུམ་སྦྱར་བས་རྣམ་བུ་ལ་གནས་པའི་མཚན་མའི་ལྷ་རྣམས་ལ་ཡང་འབུལ། བར་འདིར་ཆོས་སྐྱོང་འཇིག་རྟེན་འདས་པ་རྣམས་ལའང་འབུལ། ཨོཾ་ཀཱ་ལ་རུ་པ་ཧཱུཾ་ཕཊ། དམ་ཅན་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཞལ་དུ། ཨོཾ་ཧྲཱིཿཙ་མུཎྜཱི་ཧཱུཾ་ཕཊ། སྲིན་མོ་ཆེན་མོ་ཙ་མུཎྜཱིའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱཿཧཱུཾ༌། ཨོཾ་ཨིནྡྲ་ཡ་སྭཱཧཱ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། ཡ་མཱ་ཡ། ཝཱ་རུ་ཎཱ་ཡ། ཀུ་བེ་རཱ་ཡ། ཨི་ཤཱ་ནཱ་ཡ། ཨིགྣ་


TNT06_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ། ནེ་རི་ཏྱེ། ཝ་ཡ་ཝེ། པྲཧྨ་ཎཱ་ཡ། ཨོཾ་བ་སུ་དྷ་རི་ཎེ་སྭཱཧཱ། ཨོཾ་ཨཱཿཧཱུཾ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བདུན། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བའི་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། དེ་ནས་བསྟོད་པ་ནི། ཧཱུཾ། མི་ཐུང་སྒེག་པོ་སྤྲིན་ལྟའི་མདོག །འོད་ཟེར་བྱེ་བ་འཕྲོ་བ་བཞེངས། །མཚན་མ་བསྒྲེང་བ་མ་ཧེའི་ཞལ། །གཉིས་མེད་སྦྱོར་བ་ཁྱོད་ཕྱག་འཚལ། །མི་འགྱུར་རྡོ་རྗེའི་དབྱིངས་ཆེན་པོ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། ཁྲོས་ཤིང་རབ་ཁྲོས་ཆེར་འཁྲུགས་པ། །འཇིགས་བྱེད་འཇིགས་པར་བྱེད་ལ་འདུད། །ཡན་ལག་དགུ་ཡིས་ཆོས་སྟོན་ཞལ། །སྟོང་ཉིད་བཅུ་དྲུག་ཞབས་ཀྱིས་རོལ། །བྱང་ཆུབ་ཕྱོགས་ཆོས་སོ་བཞིའི་ཕྱག །སྒྲིབ་བྲལ་གཅེར་བུ་ཁྱོད་ཕྱག་འཚལ། ཁམས་གསུམ་དབང་ཕྱུག་མ་ཧེའི་ཞལ། །བདེན་གཉིས་རྭ་ཡིས་ཕྱོགས་ཀུན་གནོན། ཁྲོ་ཆགས་ཁྲག་འཛག་སྲིན་པོའི་ཞལ། །རབ་ཞི་གཞོན་ནུའི་ཞལ་ལ་འདུད། །འགྱུར་མེད་གཟིགས་ཕྱིར་བྱིས་པའི་རྒྱན། །མངོན་བྱང་ཟུར་ཕུད་ལྔ་ཡི་ཐོད། །ཀུན་ཏུ་དུས་གསུམ་གཟིགས་པའི་ཞལ། །ལྗགས་


TNT06_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེའི་དག་ལ་འདུད། །སྲིད་པ་གསུམ་འཇོམས་གར་གྱིས་རོལ། །ཞི་བའི་མཐའ་གནོན་དབུ་སྐྱེས་འབར། །ཧཱུཾ་ཕཊ་སྒྲ་ཡིས་མ་རུངས་སྐྲག །གསུས་འཕྱང་གཏུམ་པོའི་སྐུ་ལ་འདུད། །ཐོད་པའི་ཅོད་པན་ཡེ་ཤེས་ལྔ། །མགོ་འཕྲེང་རྡོ་རྗེ་ཡི་གེའི་དངོས། །རྣམ་ལྔའི་རིགས་ཀྱི་ཕྱག་རྒྱ་ཅན། །སྦྲུལ་རྒྱན་ཚངས་ཕྱིར་ཐོགས་ལ་འདུད། །མ་རིག་གཅོད་ཕྱིར་གྲི་གུག་སྟེ། །བི་དྷི་པ་ལས་རྣམ་རྟོག་གཅོད། །དྲན་པ་ཉམས་འཇོམས་གཏུན་ཤིང་འཕྱར། །ཆུ་གྲིས་སྲིད་པ་གཅོད་ལ་འདུད། །སྒོ་གསུམ་མཉེས་སེལ་ཀ་ན་ཡ། །སྟ་རེ་བག་ཆགས་སྲ་བ་གཅོད། །ལྟ་ངན་འབིགས་པའི་མདུང་རིང་པོ། །མདའ་ཆེན་རྨོངས་མཐར་བྱེད་ལ་འདུད། །དབང་གི་ལྕགས་ཀྱུ་ཆེར་འབར་ཞིང༌། །དབྱུག་ཏོས་ལས་ཀྱི་སྒྲིབ་པ་འཇོམས། ཁ་ཊྭཱཾ་བྱང་ཆུབ་སེམས་རང་བཞིན། །འཁོར་ལོས་ཤེས་སྒྲིབ་གཅོད་ལ་འདུད། །རོ་མཉམ་ཡེ་ཤེས་རྡོ་རྗེ་གསོར། །ཐོ་བས་སེར་སྣ་ཕྱེ་མར་བརླག །དངོས་གྲུབ་བརྒྱད་སྟེར་རལ་གྲི་འཕྱར། །ཅང་ཏེའུ་མཆོག་སྒྲ་སྒྲོག་ལ་འདུད། ཁྲག་ཆེན་ཐོད་པ་དམ་ཚིག་སྐྱོང༌། །སྒྲིབ་ཀུན་བཅད་པའི་རང་བྱུང་མགོ །བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཕུབ། །རྐང་བས་མཆོག་གནས་སྲོལ་ལ་འདུད། །དངོས་ཀུན་ཡེ་ཤེས་ཞགས་པས་འཆིང༌། །འཇིག་རྟེན་གསུམ་རྒྱལ་གཞུ་ཐབས་ཅན། །སྟོང་ཉིད་སོར་རྟོག་རྒྱུ་མ་སྟེ། །ཤེས་རབ་དྲིལ་བུ་འཁྲོལ་ལ་འདུད། །འཕྲིན་ལས་ཀུན་འགྲུབ་ལག་པ་གདངས། །བདག་མེད་དུར་ཁྲོད་བོར་བའི་རས། །སྟོང་ཉིད་རྟོགས་པའི་གསལ་ཤིང་དང༌། །འོད་གསལ་མེ་ཐབ་འབར་ལ་འདུད། །


TNT06_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཚལ་སྙིང་བརྩེ་བདུད་རྩིས་བརླན། །བདུད་ལ་ཆེར་སྡིགས་འཛུབ་མོ་བསྒྲེངས། །སྐུ་གསུམ་རོ་གཅིག་རྩེ་གསུམ་འཕེན། །སྒྱུ་འཕྲུལ་རླུང་རས་འཕྱར་ལ་འདུད། །བདེ་ཆེན་ལིང་ག་རྒྱས་པའི་ཚུལ། །གཏི་མུག་གླང་ཆེན་ལྤགས་རློན་གྱོན། །བརྐྱང་བསྐུམ་གར་གྱི་ཞང་ཆེན་པོས། །ལྷ་ཆེན་བགེགས་བཅས་གནོན་ལ་འདུད། །སྤྱན་ནི་ཉི་ཤུ་རྩ་བདུན་དམར། །ལྗགས་འགྲིལ་ཞལ་ནས་ཧ་ཧར་བཞད། །མཚན་དང་དཔེ་བྱད་ཡང་དག་ལྡན། །འཇིགས་མཛད་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བརྒྱད་པོ་སྩོལ་བ་དང༌། །གདོན་དང་ནད་ཀུན་འཇོམས་མཛད་ཅིང༌། །སྡང་བ་ཐམས་ཅད་འདུལ་བ་པོ། །རོ་ལངས་བརྒྱད་ལ་ཕྱག་འཚལ་བསྟོད། །ཡི་གེ་རྣམས་ལས་ཡང་དག་བྱུང༌། །སྣ་ཚོགས་མཚོན་ཆའི་དྲ་བ་དཀྲིགས། །མཚན་མའི་ལྷ་རྣམས་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་བསྟོད། །འཁོར་བ་རྣམ་ཤེས་བརྒྱད་དག་པ། །དུར་ཁྲོད་གནས་པའི་སྐུར་སྟོན་ཅིང༌། །སྒྲུབ་ལ་དངོས་གྲུབ་ཀུན་སྩོལ་བ། །འཁོར་བཅས་དེ་ལའང་ཕྱག་འཚལ་བསྟོད། །བྱང་ཆུབ་ཕྱོགས་ཆོས་གཞལ་མེད་ཁང༌། །བཀའ་ཡི་འཁོར་ལོས་བདུད་བཞི་འཇོམས། །རྣམ་དག་རྟེན་གྱི་དཀྱིལ་འཁོར་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །ནམ་མཁའ་དང་མཉམ་འགྲོ་བ་རྣམས། །འཇམ་པའི་རྡོ་རྗེའི་གོ་འཕང་ལ། །བདེ་བའི་ལམ་གྱིས་འགོད་པར་ཤོག །དེ་ལྟར་བསྟོད་པས་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཧེ་ཧེ་ཞེས་བཞད་པ་བརྒྱད་ཀྱི་གར་མཛད་པར་མོས།


TNT06_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དཀྱིལ་འཁོར་གྱི་སྒོ་ནས་ཡོངས་སུ་ཞུགས་ཏེ། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་གཙོ་བོར་ཞལ་དུ་ཞལ་བསྟན་པའི་མདུན་གྱི་རེ་མིག་གི་གནས་ལ་འཁོད་པར་གྱུར། ཅེས་པའམ། ཡང་ན། དབུས་ཀྱི་རེ་མིག་གི་གནས་ལ། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་མདུན་དུ་འཁོད་པར་སྒོམས། ཀྱང་རུང་བ་ལས་ཕྱི་མ་པོས་ལེགས་སོ། །འདི་ལ་འགྲེལ་པ་སྐོར་གསུམ་སོགས་རྭ་ལུགས་དང་སྐྱོ་ལུགས་ཀྱི་ཡི་གེ་སྤྱི་ཁྱབ་རྣམས་ལས། ལྷོའི་རེ་མིག་གི་ལག་པའི་སྟེང་དུ་བསྒོམ་ཞེས་འཆད་ཅིང༌། འཇིག་རྟེན་གྱི་ཕྱོགས་དང་དཀྱིལ་འཁོར་གྱི་ཕྱོགས་མཐུན་པར་མཛད་ནས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཀྱང་བཅུ་གསུམ་པ་ལྟར་ན། ཕྲ་མ་གཤིན་རྗེ་གཤེད་བཞུགས་ཕྱོགས་སམ། གཞན་ལ་ལྷོའི་རེ་མིག་ཕྱག་མཚན་ལག་པ་ཡོད་པའི་ཕྱོགས་སུ། །གཙོ་བོའི་ཞལ་གཟིགས་པར་བཤད་དེ་མན་ངག་གབ་པའམ། སྙིང་གི་སློབ་མ་མ་ཡིན་པ་ལ་འདྲ་མིན་མགོ་སྐོར་གྱི་བཤད་པ་ཡམ་ཙམ་ཡིན། དེས་ན་དོན་ངེས་པ་ཅན་ནི་ལས་དང་དངོས་གྲུབ་གང་ཡང་གཙོ་བོ་ཉིད་ཀྱི་སྟོབས་ལས་འགྲུབ་པའི་ཕྱིར། གཙོ་བོ་ཞལ་གཟིགས་ཕྱོགས་དང༌། ཕྱི་འཇིག་རྟེན་གྱི་ཕྱོགས་བསྟུན་པས་ཆོག་གི ། གཞལ་ཡས་ཁང་གི་ཕྱོགས་ངེས་པ་དང་བསྟུན་མི་དགོས་པས། འདིར་གཙོ་བོ་འཇིག་རྟེན་ལྷོ་ཕྱོགས་ལ་མངོན་དུ་ཕྱོགས་པའི་ཕྱིར། དཀྱིལ་འཁོར་གྱི་ཤར་ཕྱོགས་འཇིག་རྟེན་པའི་ལྷོ་ལ་སྟོན་ཏོ། །དེས་ན་གཞལ་ཡས་ཁང་ནི་གཙོ་བོའི་རྗེས་སུ་འབྲང་གི ། གཙོ་བོ་ནི་གཞལ་ཡས་ཁང་གི་རྗེས་སུ་མི་འབྲང་ངོ༌། །འདིར་དྲག་པོའི་ལས་ལ་འཇིག་རྟེན་ལྷོ་ཕྱོགས་སུ་ལྟ་བ་བཞིན་དུ། རྩ་བའི་སྒྲུབ་པ་ལ་ཡང་ལྷོར་བལྟ་བ་ཡིན་པས་རྒྱུད་འདིར་ཕྱོགས་ཀྱི་གཙོ་བོ་ལྷོ་ཕྱོགས་ཡིན་པར་ཤེས་པར་བྱའོ། །དེས་ན་འཇིག་རྟེན་ལྷོ་


TNT06_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀྱིལ་འཁོར་གྱི་ཤར་བསྟན་པས་གཙོ་བོའི་ཞལ་ཤར་གྱི་མགོ་བོ་ལ་བསྟན་པའོ། །ལས་སོ་སོའི་དོན་དུ་ནི་ཤར་དཀར། ལྷོ་ནག །ནུབ་དམར༌། བྱང་སེར་དུ་བྱས་ནས། ཞི་བ་ལ་ཤར་དང༌། རྒྱས་པ་ལ་བྱང་དང༌། དབང་ལ་ནུབ་སྟེ་འཇིག་རྟེན་གྱི་ཕྱོགས་དེ་དང་དེ་ལ་གཙོ་བོའི་ཞལ་བསྟན་ཀྱང་ལེགས་ལ། ཡང་རྩ་བའི་སྒྲུབ་པ་དང༌། མཆོག་སྒྲུབ་ལ་ལྷོར་བསྟན་པས་འགྲུབ་པ་བཞིན་དུ། ལས་དེ་དག་ཀྱང་ལྷོ་ཕྱོགས་སུ་བལྟ་བས་མི་འགྲུབ་པ་མ་ཡིན་ནོ། །དྲུག་པ་བཟླས་པའི་རྣལ་འབྱོར་ལ། དངོས་དང་རྗེས་ཀྱི་བྱ་བ་གཉིས་ལས་དང་པོ་ནི། མདུན་བསྐྱེད་གཙོ་བོའི་ཐུགས་ཀར་སྒོམ། སྟབས་བདེ་ན། རྒྱུའི་འཇམ་དཔལ་བསྒོམས་ནས། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་ཚུལ་དུ་སྔགས་འཁོར་བསྒོམས། དེ་ལྟ་བུ་དམིགས་པ་མི་གསལ་ན། འཇམ་དཔལ་ཞུ་བ་ལས་སྔགས་འཁོར་དུ་བསྒོམས་ཏེ། དེ་ལ་སྔགས་འཁོར་ནི། རྡོ་རྗེ་ནག་པོ་རྩེ་དགུ་པའམ། རྩེ་ལྔ་པ་རྭ་གདེངས་པ། ཁོང་སྟོང་དུ་གནས་པ། ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧཱུཾ། མཐའ་སྐོར་དུ་དང་པོར་ཡ་མཱནྟ་ཀ་དང༌། དེའི་ཕྱི་སྐོར་ལ་སྙིང་པོ་དང༌། དེའི་ཕྱི་སྐོར་ལ་རྩ་སྔགས་རྣམས་སྤྱི་དང་མཚུངས་པ་བསྐོར་ཞིང་འོད་འབར་བ་ཞིག་གསལ་བཏབ། རང་གི་སྙིང་གར་ཡང་དེ་འདྲ་བ་བསྒོམ། དེ་ལ་སྒྲུབ་པའི་སྐབས་འདི་དག་ཏུ་ཐོག་མར་ཉེ་སྙིང་དང༌། བར་དུ་སྙིང་པོ་དང༌། མཐར་རྩ་སྔགས་བཟླ། བཟླས་པའི་གཙོ་བོ་སྙིང་པོ་ཡི་གེ་བཅུ་པ་ཡིན། རྒྱུད་ཀྱི་རྒྱལ་པོ་ཉིད་ལས་ཀྱང༌། མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་བཟླ་བར་བྱའོ། །ཞེས་གསུངས་པས་ཀྱང་མཚོན་ནོ། །མོས་པའི་དབང་གིས་ཉེ་སྙིང་གཙོ་


TNT06_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བཟླས་ཀྱང་རུང་བ་ཙམ་ཡིན་ཏེ། འཇིག་རྟེན་འདས་པ་ཁོ་ན་གཙོ་བོར་གྱུར་པའི་ཕྱིར་རོ། །དྲག་ལས་སྒོས་ཀྱིས་སྒྲུབ་པ་ཡིན་ན། རྩ་སྔགས་བཟླས་པའང་གཙོ་བོར་བྱེད་དགོས་ལ། མཆོག་སྒྲུབ་པའམ་རྩ་བའི་སྒྲུབ་པའི་སྐབས་འདིར། ཐུན་གྱི་འཇུག་ཏུ་ཞོར་བཟླས་ཀྱི་ཚུལ་ཇི་ལྟར་འོས་པ་རེ་བཟླའོ། །གང་ལྟར་ཡང་དང་པོར་ཉེ་སྙིང་བཟླ་བ་ན། གཞན་གཉིས་པོ་བློས་དོར་ཏེ། ཉེ་སྙིང་ལས་ཚ་ཟེར་འཕྲོས། རྡོ་རྗེའི་རྭ་གསེབ་ནས་ཡར་མེ་ལྕེ་ལྟར་འུར་གྱིས་འབར། རྩ་ཞལ་ནས་འཐོན་པ་ན། འོད་ཟེར་གྱི་ཐག་པ་ཟིང་ཟིང་བ་མང་པོའི་གསེབ་ན། སྔགས་འབྲུ་སྒྲ་དང་བཅས་ཤིང་མེ་སྟག་འབར་བས་ཁེངས་པ་ཕར་སྤྲོས་ཏེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀའི་རྡོ་རྗེའི་རྭ་ནང་ནས་ཞུགས། ཧཱུཾ་ཡིག་ཉེ་སྙིང་གི་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས་སྔགས་འབྲུ་རྣམས་འོད་དུ་འབར་ཞིང༌། གཙོ་བོའི་སྐུ་ལ་སྟོབས་དང་བདེ་བ་རྒྱས། ཐུགས་མཆོག་ཏུ་མཉེས་པར་གྱུར། ཡང་གཙོ་བོའི་ཐུགས་ཀའི་ས་བོན་ཉེ་སྙིང་དང་བཅས་པ་ལས། ཕར་སྤྲོས་པ་ཁོ་ན་འདྲ་བའི་འོད་ཟེར་སྔགས་འབྲུ་དང་བཅས་པ་རྣམས་བྱུང༌། བདག་ཉིད་ཀྱི་མ་ཧེའི་ཞལ་ནས་ཞུགས་ཏེ། སྙིང་གའི་ས་བོན་ཉེ་སྙིང་དང་བཅས་པ་ལ་ཐིམ་པས། ཡིག་འབྲུ་འོད་དུ་འབར། བདག་བསྐྱེད་ཀྱི་ལྷ་སྟོབས་དང་བདེ་བ་དང་དགའ་བ་རྒྱས་པར་བསམ། དམིགས་པ་མྱུར་བུལ་གྱི་དབྱེ་བས། དེ་ལྟ་བུ་ལན་གསུམ་དང་ལྔ་སོགས་ཇི་ལྟར་འོས་པ་སོང་བ་ན། རང་གི་ཞལ་ནས་སྤྲོས་ཏེ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པ་ཡང་རྒྱུན་མི་འཆད་པར་འཇུག་ཅིང༌། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དང༌།


TNT06_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཕྲེང་འོག་ཏུ་འཕྲོས། ལྟེ་བ་ནས་འཐོན། རང་གི་ལྟེ་བ་ནས་ཞུགས། རང་གི་སྙིང་གའི་རྡོ་རྗེའི་འོག་རྭ་ནས་བརྒྱུད་དེ་སྔགས་འཁོར་ལ་ཐིམ་པར་མོས་ལ། སྔགས་བརྒྱའམ་སྟོང་སོགས་བཟླས། ཡང་དེ་གོ་སྤོས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་དང་སྔགས་འཕྲེང་འོག་ཏུ་འཕྲོས་ལྟེ་བ་ནས་འཐོན། མདུན་བསྐྱེད་ཀྱི་ལྟེ་བར་ཞུགས། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པ་རྒྱུན་མི་འཆད་པ་དང༌། ཡང་མདུན་གྱི་སྔགས་འཁོར་ལས་འོད་དང་སྔགས་འཕྲེང་བྱུང༌། མདུན་བསྐྱེད་ཀྱི་མ་ཧེའི་ཞལ་ནས་འཐོན། རང་གི་རྩ་ཞལ་དུ་ཞུགས་ནས་སྙིང་གའི་སྔགས་འཁོར་ལ་ཐིམ་པའང་རྒྱུན་མི་འཆད་པར་བསམས་ཤིང༌། སྔགས་བརྒྱའམ་སྟོང་སོགས་བཟླའོ། །འདིར་སྔགས་ཀྱི་ཐག་པ་བཞི་སྦྲག་ཅེས་ཟེར་ཞིང༌། ཕར་འཁོར་ཚུར་འཁོར་གཉིས་ཀར་དུས་མཉམ་དུ་བྱེད་པར་འདོད་པ་ཞིག་ཡོད་དེ། སྒོམ་ཚུལ་མི་བདེ་བས་ལག་ལེན་དུ་མི་མཛད་དོ། །བསྙེན་པ་དང་སྒྲུབ་པ་མཆོག་སྒྲུབ་ཏུ་བྱས་པས་ཕྱིས་ལས་ཚོགས་ཐོགས་མེད་དུ་འགྲུབ་པ་ཡིན། བསྙེན་པའི་དུས་ནས་དགྲ་བསད་ཀྱི་དམིགས་པ་ག་བྱེད་པ་ནི་རང་བསམ་པ་ངན་པ་ཁོ་ནར་ཟད་དོ། །དེ་ནས་སྙིང་པོ་བཟླ་བར་འདོད་ན། དམིགས་པ་གཞན་རྣམས་དེ་ཁོ་ན་དང་འདྲ་བ་ལས། སྔར་ཉེ་སྙིང་གི་སྔགས་འཕྲེང་དེ་སྙིང་པོ་ལ་ཐིམ། རྣམ་པ་སྙིང་པོ་ཁོ་ན་ལ། ངོ་བོ་སྙིང་པོ་དང་ཉེ་སྙིང་གཉིས་ཀ་ཡིན་པར་མོས་དགོས་པ་ནི་ཁྱད་པར་རོ། །རྩ་སྔགས་བཟླ་ཚུལ་ཡང་ཕལ་ཆེར་དེ་དང་འདྲ་སྟེ། དང་པོར་སྙིང་པོའི་སྔགས་འཕྲེང་རྣམས་ཡི་གེ་སོ་གཉིས་པ་ལ་ཐིམ། རྣམ་པ་རྩ་སྔགས་ལ་རང་བཞིན་སྔགས་གསུམ་ཆར་གྱི་གཞི་མཐུན་པར་མོས་ནས་བཟླས་པ་བྱེད་དགོས་པ་ལས། རྩ་སྔགས་འདི་འཇིག་རྟེན་ལས་འདས་པའི་སྔགས་ལྟར་བཟླ་ན། དེ་ཕྱིན་ཆད་ཀྱི་དམིགས་


TNT06_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྔ་མ་རྣམས་དང་འདྲ། འཇིག་རྟེན་པ་ལྟར་བཟླ་ན། བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱི་སྙིང་ག་ནས། ཡིག་འབྲུ་སོ་གཉིས་བཀུག །བདག་མདུན་གྱི་ཐུགས་ཀའི་སྔགས་འབྲུ་རྣམས་ཀྱི་ཞབས་ནས་ཐིམ། འོ་མ་རྣམ་པར་འགྱུར་བ་ཞོར་སོང་བ་བཞིན་དུ་སྔར་སངས་རྒྱས་ཀྱི་གསུང་གི་སྙིང་པོ་ཁོ་ན་ཡིན་པ་དེ། ད་ནི་འཇིག་རྟེན་དྲེགས་པ་རྣམས་ཀྱི་སྲོག་གི་སྙིང་པོར་ཡང་སོང་བའོ། །སྙམ་དུ་མོས། ཐུགས་ཀའི་ཧཱུཾ་ལས་ཐིག་ལེ་དམར་ཚེར་པ་རེ་སྤྲོས་ཏེ། ཡི་གེ་རྣམས་ཀྱི་མགོ་ལ་ཐིམ་པས། དྲེགས་པ་ཐམས་ཅད་ཀྱི་སྲོག་དབང་དུ་འདུས་པར་བསམ། དེ་ནས་དམིགས་པ་གཞན་ཐམས་ཅད་འདྲ་བ་ལས། རྩ་ཞལ་ནས་འགྲོ་འོང་མི་བྱེད། རང་ཉིད་ཀྱི་སྟེང་ཞལ་དམར་པོའི་ཞལ་གྱི་སྒོ་ནས་འཐོན། མདུན་བསྐྱེད་ཀྱི་སྟེང་ཞལ་དུ་འཇུག་པ་དང༌། ཚུར་འོང་བའི་ཚེ་ཡང་དེ་དང་འདྲ་སྟེ། འདི་ཙམ་ཁྱད་པར་རོ། །དེ་ཡང་ཉེ་སྙིང་སྟོང་ཙམ་སོང་ན། ཧྲཱིཿ ལྔ་སྟོང་ཙམ། ཡ་མ་རཱ་ཛ། འཇིག་རྟེན་འདས་པའི་ཚུལ་བརྒྱ་དང་འཇིག་རྟེན་པའི་ལུགས་བརྒྱ། ཡོངས་དྲིལ་ཉིས་བརྒྱ་བཟླ་བ་ལྟ་བུས་མཚོན་ཏེ། མང་ཉུང་དེའི་རིག་པས་དཔྱད། སྤྱིར་ནི་སྔགས་གསུམ་པོ་གང་རུང་གཅིག་ཁོ་ནས་ཀྱང་འགྲུབ་པ་ཡིན་མོད། ལག་ལེན་གྱི་རྒྱུན་ལ་གསུམ་ཀར་བཟླ་བ་ཡིན། སྙིང་པོ་ལ་ཡང་འཇིག་རྟེན་འདས་མ་འདས་ཀྱི་ལུགས་གཉིས་ཀ་སྦྱོར་དུ་རུང་བ་ཅིག་དང་ཉེ་སྙིང་ལ་ཡང་དེ་འདྲ་གཅིག་གོ་བབས་ལ་ཡོད་མོད་ཀྱང༌། ཕྱག་ལེན་ལ་ནི་མི་མཛད་དེ། ཉེ་སྙིང་དང་ཡི་གེ་བཅུ་པ་འདི་དག་འཇིག་རྟེན་འདས་པ་ཁོ་ན་བྱས་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་བཀྲ་ཤིས་ལ། རྩ་སྔགས་ལ་གཉིས་ཀར་བྱས་པས་ལས་མྱུར་བ་


TNT06_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྔགས་གསུམ་ཀར་ལ་འདས་མ་འདས་གཉིས་ཀའི་བཟླས་པ་བྱས་ན། འཇིག་རྟེན་པས་ཤེད་ཁྱེར་བའི་རྣམ་པར་སོང་ནས་རྩུབ་ཅིང་བཀྲ་མི་ཤིས་པར་འགྲོ་ཉེན་ཡོད་གསུངས། ཡང་དེ་དག་ལ་མན་ངག་གི་གནད་གལ་ཆེན་གཅིག་ནི། འཇིག་རྟེན་འདས་པའི་སྔགས་བཟླ་ལུགས་ཀུན་ལ། སྔགས་དང་འོད་ཟེར་ལས་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ཏེ། བདག་མདུན་གྱི་ལྷ་དང༌། ཐུགས་ཀའི་སྔགས་འབྲུ་ལ་མཆོད་པར་བསམ། སྔགས་རྣམས་ཞལ་དང་ལྟེ་བ་ནས་འཁོར་བའི་སྐབས། འོད་ཟེར་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་མཆོད་སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པར་བསམ་དགོས། འཇིག་རྟེན་པའི་སྐབས། འོད་ཟེར་གྱི་རྩེ་མོ་ལས་བདུད་རྩིའི་བུམ་པ་སྤྲོས་ཏེ། དྲེགས་པ་རྣམས་ཀྱི་སྤྱོ་བོ་ནས་དབང་བསྐུར་བས། གནོད་སེམས་ཞི། བདེ་བ་དང་ལྡན་པར་བྱས། དེ་རྗེས་སྲོག་སྔགས་བསྡུ་བ་སོགས་བྱེད་པ་གནད་ཡིན། ཁྱད་པར་སྔགས་ཞལ་དང་ལྟེ་བ་ནས་འཁོར་བའི་སྐབས། འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་སྤྲོས། འཁོར་གྱི་ལྷ་ཚོགས་དང་ཕྱི་རོལ་དྲེགས་པ་རྣམས་ལ་ཕོག་པས། བདེ་བ་ཐོབ་ཅིང་དབང་དུ་བསྡུས། འོད་ཟེར་ཚུར་བསྡུ་བའི་དམིགས་པ་བྱེད་པའང་གནད་གཅིག་གོ །མཆོག་སྒྲུབ་ལ་འཁོར་གྱི་བཟླས་པ་མེད་ཀྱང་ཆོག་མོད་དེ། ཕྲ་མོ་ལས་ཚོགས་སྒྲུབ་པ་ལ་འཁོར་གྱི་སྔགས་ཀྱང་བཟླས་ན་བཟང་བས། ཨོཾ་ཨཱཿབྷ་ཧཱུཾ་ཕཊ། ཨོཾ་ཧྲྀཾ་ཧྲྀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་ཤར་གྱི་རོ་ལངས་དང༌། དེ་བཞིན་དུ། ཨོཾ་ཨཱཿབྷི་ཧཱུཾ་ཕཊ། ཨོཾ་ཧྲྀཾ་ཧྲྀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལྷོ་ཕྱོགས་དང༌། བྷུ་ནུབ་ཕྱོགས་དང༌། བྷཻ་བྱང་ཕྱོགས་དང༌། ཨོཾ་ཨཱཿབྷོ་ཧཱུཾ་ཕཊ་ཧྲཱྀཿཧཱ། ཤར་ལྷོ་དང༌། ཡང་དེ་བཞིན་དུ། བྷཽ་ལྷོ་ནུབ་དང༌། བྷཾ་ནུབ་བྱང་དང༌། ཨོཾ་ཨཱཿ


TNT06_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བྷཿཧཱུཾ་ཕཊ་ཧྲཱྀཿཧཱ། བྱང་ཤར་གྱི་རོ་ལངས་ཀྱི་སྔགས་སོ། །དེ་བཞིན་དུ། གདན་རོ་ལངས་མ་རྣམས་ཀྱི་སྔགས་ནི། ཨོཾ་ཧྲཱྀཿཧཱ་ཧཱུཾ་ཤྲཱི་ཕཊ་སྭཱཧཱ། ཞེས་པ་ཁོ་ན་བཟླ་སྟེ། དེ་རྣམས་ཐམས་ཅད་ལ་བདག་བསྐྱེད་དང༌། གཙོ་བོ་གཉིས་ཀྱི་ཐུགས་ཀའི་སྔགས་འཕྲེང་རྣམས་ཞུ་བ་ལས། འཁོར་དེ་དང་དེ་དག་གི་སྔགས་སུ་གྱུར། གང་ལ་བཟླ་བའི་འཁོར་དེ་ཉིད་ཀྱི་ཐུགས་ཀར་ཡང་ཉི་མ་ལ་བྷཻཾ། དེའི་མཐའ་སྐོར་དུ་རང་སྔགས་ཀྱི་བསྐོར་བ་བསྒོམས་ནས། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ། བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་བྱུང༌། རོ་ལངས་ཀྱི་ཐུགས་ཀར་ཞུགས། སྔགས་རྣམས་ལ་ཕོག་པས་བདེ་བ་ཐོབ་ཅིང་དགྱེས་པར་བསམ། ཡང་དེའི་ཐུགས་ཀ་ནས་སྔགས་འཕྲེང་བྱུང༌། རང་ཉིད་ཀྱི་ལྟེ་བ་ནས་ཞུགས། སྙིང་གའི་སྔགས་འཕྲེང་ལ་ཐིམ། དཀྱུས་སུ་བཤད་པ་འདི་རོ་ལངས་བརྒྱད་ཀར་ལས་ཀྱི་འཇིགས་བྱེད་ཕོ་བརྒྱད་མོ་བརྒྱད་དུ་སྒྲུབ་པའི་ལུགས་ཡིན། གཞན་གཤིན་རྗེ་ཕོ་མོར་སྒྲུབ་པ་དང༌། སྲིན་པོ་ཕོ་མོར་སྒྲུབ་པ་དང༌། དབང་ཕྱུག་ཕོ་མོར་སྒྲུབ་པ་དང༌། སྲིན་པོ་དང་ལས་ཀྱི་འཇིགས་བྱེད་འདུས་པ་མགོན་པོ་ནག་པོར་སྒྲུབ་པའི་ལུགས་ཀྱང་ཡོད་དེ། སྒྲུབ་པ་གཅིག་གི་དུས་སུ་སྒྲུབ་ལུགས་སོ་སོའི་བཟླས་པ་གཉིས་བྱེད་དུ་མི་རུང་ལ། དུས་སྐབས་སོ་སོར་དཀྱིལ་འཁོར་ལོགས་པ་རེ་བཞེངས་ན། སྒྲུབ་ཚུལ་མི་འདྲ་བ་སོ་སོ་ཐམས་ཅད་ཀྱང་གང་ཟག་གཅིག་གིས་སྒྲུབ་ཏུ་ནི་རུང་ངོ༌། །དེ་ལྟར་ན་ཡང༌། རང་གི་སྐལ་བ་དང་གང་འཚམ་པ་གཅིག་ཁོ་ན་བླ་མའམ་ལྷག་པའི་ལྷ་ལ་ལུང་བསྟན་ཞུས་ཏེ་བསྒྲུབས་ན་ལེགས་སོ། །འཁོར་སྒྲུབ་ཚུལ་མི་འདྲ་བ་དེ་རྣམས་ལས་དོན་གྱི་གཙོ་བོ་ནི་ལས་ཀྱི་འཇིགས་བྱེད་ཕོ་མོར་སྒྲུབ་པ་ཡིན་ནོ། །


TNT06_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུགས་ཀྱི་སྔགས་པ་གོང་མ་མང་པོ་ཡང་སྒྲུབ་ཚུལ་ཐ་དད་དེ་དག་ཕལ་ཆེར། ཚར་རེ་མཛད་པའི་སྲོལ་ཡོད་དེ། བློ་སྣ་མངས་ལ་ཁད་དོ་སྙམ་མོད་ལག་ལེན་མི་ནུབ་པའི་དགོས་པ་ནི་ཡོད་དོ། །ཡང་གཤིན་རྗེར་སྒྲུབ་པ་དང༌། སྲིན་པོ་དང༌། དབང་ཕྱུག་དང༌། མགོར་པོར་སྒྲུབ་པ་རྣམས་ལས་རང་རང་གི་སྒོས་བསྙེན་རེ་སྔོན་དུ་བཏང་ན་ལེགས། ལས་ཀྱི་འཇིགས་བྱེད་བརྒྱད་སྒྲུབ་པ་ལ་ནི། གཙོ་བོ་ཁོ་ནའི་བསྙེན་པ་སོང་བས་ཆོག་གོ་གསུངས། ཡང་དེ་རྗེས་སྐབས་འདིའི་ཆོ་ག་ཡན་ལག་ཏུ་དགོས་པ་མ་ཡིན་ཡང༌། ཡིག་ཆུང་ཟུར་ན་ཡོད་པ་ལྟར༌། མགོན་ནག་དང༌། དབང་ཕྱུག་ཆེན་པོ་དང༌། ལས་ཀྱི་གཤིན་རྗེ་ཧ་ལ་ནག་པོ་དང༌། ལྷ་མོ་རེ་མ་ཏཱི་དང༌། སྲིན་པོ་ཕོ་མོ་རྣམས་ཀྱི་བཟླས་པ་ཡང་ཅུད་ཟད་རེ་བྱེད་པའི་སྲོལ་ཡོད་ལ། མཐར་སུམྦྷའི་སྔགས་ཀྱིས་བགེགས་བསྐྲད་དེ། གཙོ་བོ་ལ་ཡི་གེ་བརྒྱ་པ་བདུན་དང༌། འཁོར་རྣམས་ལ་ལན་རེ་ཙམ་བཟླས་པས་བརྟན་པར་བྱའོ། །གཉིས་པ་བཟླས་པའི་རྗེས་ཀྱི་བྱ་བ་ནི་མཆོད་གཏོར་ཏེ། དེ་ཡང་ཨརྒྷཾ་སོགས་ཕྱི་མཆོད་དང༌། འབྲུ་གསུམ་གྱི་ནང་མཆོད་དང༌། ཧཱུཾ། དུར་ཁྲོད་རྒྱན་སོགས་ཀྱིས་བསྟོད་ནས། གཏོར་ཆོག་དཀྱུས་ཀྱི་སྔོན་དུ་འཇམ་དཔལ་རྡོ་རྗེའི་འཇིགས་བྱེད་ཀྱི་སྒོས་ཆོས་ལྷ་བཤོས་ཀྱི་གཏོར་མ་ཆེན་པོ་འབུར་བར་བྱ་སྟེ། དེ་ཡང་རྒྱུད་ལས། མི་ལ་སོགས་པ་བཅུ་གཅིག་དང༌། བྱ་རྒོད་སོགས་ལ་བཅུ་གཅིག་ཡོད་མོད་ཀྱི། ལག་ལེན་དུ་ཞབས་འོག་གི་སྲོག་གཟུགས་དངོས་དང་མཐུན་པར། བརྒྱད་ཚན་གཉིས་ཁོ་ན་མཛད་དོ། །སྲོག་ཆགས་རྣམས་ཀྱི་ཤ་ཁྲག་རུས་པ་བསྲེས་པའི་གཟུགས་བརྙན་བྱ་བར་བཞེད་ན་བྱ་ཆེན་པོ་ལ་སྲིན་བྱའམ་འོལ་བའོ། །དེ་དག་མ་རྙེད་ན་བག་ཟན་བཙོས་པ་དང་ཤ་ཁྲག་བསྲེག་ཤིང་སྲོག་ཆགས་དེ་དང་དེའི་ངོ་བོར་མོས། འཇིག་རྟེན་གྱི་ཕྱོགས་དང་བསྟུན་ནས། ཤར་དུ་ཅེ་སྤྱང་ལྷོར་མ་ཧེ། །


TNT06_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཁྱི་སྟེ་བོང་བུ་བྱང༌། །ཤར་ལྷོར་ལུག་དང་སྲིན་པོར་མི། །རླུང་དུ་རྔ་མོ་བྱང་ཤར་གླང༌། །དེ་དག་རེ་རེ་ཡི་གཡོན་དུ། །བྱ་རྒོད་ཤར་དང་འུག་པ་ལྷོ། །བྱ་རོག་ནུབ་དང་ཁྲ་ནི་བྱང༌། །ནེ་ཙོ་དབང་ལྡན་འོལ་བ་མེ། །ལྷོ་ནུབ་རི་སྐེག་བཞད་དཀར་རླུང༌། །ཞེས་པ་ལྟར། ཐམས་ཅད་ཁ་ནང་དུ་བལྟས་ཏེ་འགོད་པ་བྱ་ལ། ཉིན་རེ་བཞིན་ནམ། ཐུན་རེ་བཞིན་གཟུགས་བརྙན་གསར་པ་ཚར་རེ་འབུལ་བ་ཡིན་ན། དེ་དག་ཁོ་ནས་ཆོག་གཞན་ལིང་ག་མི་དགོས་ལ། སྒྲུབ་པའི་དང་པོར་ལན་ཅིག་བཤམས་པ་དེ་ཉིད་ཐུན་རེའམ། ཉིན་རེར་མཐེབ་ཀྱུ་ཕྲ་མོས་ཁ་གསོ་བ་ཙམ་ལས་མི་བྱེད་ན། འབྲུབ་ཁུང་གཅིག་ཏུ་ལིང་ག་ཆུང་ངུ་གཅིག་ཀྱང་བཤམ་མོ། །དེ་ཐམས་ཅད་གུ་གུལ་གྱིས་བདུགས། ནང་མཆོད་དང་རཀྟས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཡིག་རྣམས་ལས་བྱུང་པའི་སྲོག་གཟུགས་རྣམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ། དམ་ཚིག་གི་ཉེར་སྤྱོད་མ་ཚང་བ་མེད་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་སོགས་ཀྱི་བྱིན་གྱིས་བརླབས། རེ་རེ་ལ་དམིགས་ན་ཁ་འབར་བའི་སྔགས་ལན་གསུམ་གསུམ་མཛད་པའི་སྲོལ་ཡང་ཡོད། རྐང་བཞི་བརྒྱད་པོ་རྣམས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བརྒྱད་དང༌། འདབས་ཆགས་བརྒྱད་པོ་རྣམས་སྡིག་པའི་ལས་བརྒྱད་དུ་མོས། དེ་ལ་ཉོན་མོངས་པ་བརྒྱད་ནི། དུག་ལྔ་ལྟ་བ་ཐེ་ཚོམ་གཡོ་སྒྱུའོ། །མི་དགེ་བ་བརྒྱད་ནི། མི་དགེ་བཅུ་ལས། ལོག་ལྟ་ཉོན་མོངས་ཀྱི་སྡེབས་ལ་སོངས། བརྣབ་སེམས་གནོད་སེམས་གཅིག་ཏུ་སྡོམས་པའོ། །དེ་ལྟར་མོས་ནས། ཨོཾ་ཨཱཿཧཱུཾ་ལན་


TNT06_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་རེ་བརྗོད། དེ་ནས་དགུག་གཞུག་བྱ་སྟེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། ལུང་དང་རྟོགས་པས་བསྡུས་པ་དམ་པའི་ཆོས་རྣམས་ཀྱི༴ ཐེག་པ་གསུམ་ལ་གནས་པའི་འཕགས་པའི་དགེ་འདུན་རྣམས་ཀྱི༴ ཡི་དམ་དཀྱིལ་འཁོར་ཀྱི་ལྷ་རྣམས་ཀྱི༴ དེ་བཞིན་བཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པའི་ལྷ་ཚོགས་རྣམས་ཀྱི༴ སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང། རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི༴ དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་ཁྲོ་རྒྱལ་ཆེན་པོ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས་ཀྱི༴ བཀའ་སྡོད་ཕྱག་བརྙན་དམ་ཅན་བསྲུང་མའི་ཚོགས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི༴ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི༴ རྣལ་འབྱོར་པ་བདག་ཅག་གི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་ཀྱིས༴ སྤྱིར་སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བ། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པའི་ལས་ལ་རྟག་ཏུ་སྤྱོད་པ། དཀོན་མཆོག་གསུམ་ལ་བརྙས་ཤིང་མཐོ་འཚམ་པ་མ་རུངས་པ་ཐམས་ཅད་དང༌། ཁྱད་པར་རྣལ་འབྱོར་སྒྲུབ་པ་པོ་བདག་ལ་ཞེས་པ་ལྟ་བུ་སྐབས་སུ་གང་བབས་ཀྱིས་མཚམས་སྦྱར་ནས། དངོས་དང་བརྒྱུད་པའི་སྒོ་


TNT06_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནོད་པར་བྱེད་པའི་སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་ལྟ་མངོན་དུ་གྱུར་པའི་ལས་ངན་གྱི་དགྲ་བགེགས། དངོས་གྲུབ་དང༌། ཏིང་ངེ་འཛིན་དང༌། བསམ་པ་ལ་བར་དུ་གཅོད་པར་བྱེད་པ་དང༌། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལ་ལོག་པར་སྒྲུབ་པར་བྱེད་པ་དང༌། ཚེ་དང༌། འབྱོར་པ་དང༌། དབང་ཕྱུག་དང༌། བདེ་བ་དམ་པ་ལ་མི་མཐུན་པར་རྩོམ་པ། མདོར་ན་ཆོས་དང༌། འབྱོར་པའམ། ཕན་པ་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་དང༌། གཞན་ཡང་ཕྱོགས་བཅུ་རབ་འབྱམས་ན་གནས་པ། འགྲོ་བ་དྲུག་ན་གནས་པའི་སེམས་ཅན་མ་ལུས་པའི་ལས་ངན་པ་དང༌། ཉོན་མོངས་པ་ཐམས་ཅད་གནོད་བྱེད་གདུག་པ་ཅན་གྱི་གཟུགས་སུ་བསྒྱུར་ཏེ། དེ་དག་ཐམས་ཅད་ཞགས་པས་བཅིངས། ལྕགས་ཀྱུས་དྲངས། ཐབས་སྣ་ཚོགས་པས་རབ་ཏུ་བསྡིགས་ཏེ་སྐད་ཅིག །ཐང་ཅིག །ཡུད་ཙམ་འདི་ཉིད་ལ་གཟུགས་བརྙན་འདི་རྣམས་ལ་མི་འཚོར་བར་ཕོབ་ཅིག །ཧྲཱིཿཥྚཱིཿའི་མཐར། སརྦ་པཱ་པཾ་བིགྷྣཱན་ཤཱ་ཏྲུན་ཨ་ཀརྵ་ཡ་ཛཿཛཿ ཎྀ་ཡཾ་ཛཿ ཏྲི་ཡཾ་ཛཿ ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨ། ཞེས་པ་ལན་གསུམ་དང༌། ཧྲཱིཿཥྚཱིཿའི་མཐར། སྡང་བ་དང་གདུག་པ་ཐམས་ཅད་ཨ་ཀརྵ་ཡ་ཛཿ ཞེས་སྤེལ་བ་ཉེར་གཅིག་ནས། བརྒྱའི་བར་ཇི་ལྟར་འོས་པ་བཟླས་པས་དགུག་གཞུག་བྱའོ། །དེ་འདྲ་ལན་གསུམ་བྱེད། ཁམས་གསུམ་གྱི་ཉོན་མོངས་པ་དང་སྡིག་པ་རྣམས་དགྲ་བགེགས་ཀྱི་རྣམ་པར་བཀུག་ནས། བྱོལ་སོང་བཅུ་དྲུག་ལ་


TNT06_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་པའི་དམིགས་པ་བྱ། དེ་རྗེས་ཐུན་རེའམ་ཞག་རེར་སྲོག་གཟུགས་རྣམས་བརྗེ་ཞིང་འབུལ་ན། སྲོག་གཟུགས་བཅུ་དྲུག་པོ་སྒྲོལ། སྒྲུབ་པའི་འགོ་གཞུག་ལ། ཁ་གསོ་བ་མ་གཏོགས་སྲོག་གཟུགས་ཚར་གཅིག་པོ་དེས་སྐྱོང་ན། ཕུར་བུ་དང༌། རལ་གྲི་ཐོགས་ནས། སྲོག་གཟུགས་རྣམས་ལ་བརྡེག་པའི་ཚུལ་ཙམ་བྱས་ནས། ལུང་ཆུང་དེ་ལ་དངོས་སུ་བཏབ་སྟེ་བསྒྲལ་ལོ། །སྤྲོས་པ་བྱེད་ན་ཕྱག་མཚན་ཚོ་ཡང་འདེབས་ཏེ་བཟླས་པ་ལ་གཡེལ་བར་འགྲོ་བས་མི་བྱ་ལ། ཕུར་བུ་ནི་སྤྱི་མཐུན་ཡོངས་སུ་གྲགས་པ་ལྟར་ཡོད་ན་ལེགས་མོད་ཀྱང༌། མ་འབྱོར་ན་ལྕགས་སམ། རུས་པའམ། ཚེར་མ་ཅན་གྱི་ཤིང་ལ་མགོ་བོར་འཛིན་ཡོད་པ། གཟེར་བུའི་རྣམ་པས་ཀྱང་རུང་ཞིང༌། ཁབ་ལོང་བས་ཀྱང་རུང་གསུངས། གང་ལྟར་ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཕཊ་ཡིག་ལས་བྱུང་བའི་ཕུར་བུ་དང༌། ཧཱུཾ་ཡིག་ལས་བྱུང་བའི་རལ་གྲིར་གྱུར། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་སརྦ་པཱ་པཾ་ཤཱ་ཏྲུན་བིགྷྣཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་བདུན་བཟླས་ཏེ་ཕུར་བུས་སྙིང་གར་བཏབ། ཡང་ཨོཾ་ཧྲཱྀཿཥྚཱིཿབི་ཀྲི་ཏཱ་ན་ན་སརྦ་པཱ་པཾ། སརྦ་ཤཱ་ཏྲུན་བྀགྷྣཱན་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ལན་བདུན་བཟླས་པའི་མཐར། སྔགས་དེ་ཉིད་བཟླ་བཞིན་དུ་ཐོག་མར་གཟུགས་བརྙན་གྱི་མགྲིན་པ་ནས་བཅད་དེ། མཐར་དུམ་བུ་མང་པོར་གཏུབས། དེ་རྣམས་སྣོད་གཅིག་ཏུ་སྤུངས་ལ། རཀྟས་ཅུང་ཟད་བྲན་ཏེ། སྟེགས་བུའི་སྟེང་དུ་བཞག །སྤྲོས་པ་ལ་མོས་ན། ལྷ་ཐམས་ཅད་ཀྱི་ཞལ་དུ་འདེབས་པའི་ཚིག་བྱང་ཡང་བརྗོད། བསྡུ་ན་ཡི་གེ་བཅུ་པའི་མཐར། བཛྲ་བྷཻ་ར་བ་ཨ་ཏི་པ་ཏི་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་དཀྱུས་ལ་བརྒྱ་རྩ་སོགས་དང་ལས་ཡིན་ན་ལས་ཀྱི་གྲངས་དང་མཐུན་པར་ཕུལ།


TNT06_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རྗེས་སུ་སྒྲུབ་ཐབས་ནས་འབྱུང་བ་ལྟར། གཏོར་མ་བྱིན་རླབས་ནས་བརྩམས་ཏེ། གཏོར་འབུལ་རྒྱས་པར་བྱའོ། །བདུན་པ་རྗེས་ཀྱི་བྱ་བ་ལ། ཐུན་གྱི་རྗེས་ཆོག་དང༌། དཀྱིལ་འཁོར་ཉེར་བསྡུ་གཉིས་ལས། དང་པོ་ནི། མཆོད་པ་གསར་བ་བཤམས་ཤིང༌། རྙིང་པ་རྣམས་ཁ་གསོ། བྱིན་རླབས་བསྡུས་པ་གོང་བཞིན་བྱ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད། ནང་མཆོད། བསྟོད་པ་མདོར་བསྡུས་རྣམས་བྱས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གདོན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་ཡང་དག་པར་གཞུག་པ་དང༌། སྡང་བ་དང་གདུག་པའི་སེམས་ཅན་ཞི་བས་མི་འདུལ་བ་རྣམས་དྲག་པོའི་འཕྲིན་ལས་ཀྱིས་འདུལ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་མ་ལུས་པ་སྩལ་དུ་གསོལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྣམ་པར་དཀར་བའི་ལམ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་བདུད་དང་ཉོན་མོངས་རྩ་བ་དང་དྲི་མར་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཞོམ་


TNT06_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བས་ཐོབ་པར་མཛད་དུ་གསོལ། ཇི་སྲིད་གོ་འཕང་མཆོག་དེ་ཉིད་མ་ཐོབ་པའི་བར་དུ་ཡང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པས་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིས་སྩལ་བ། །དེ་ཡང་མགོན་པས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱ་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །དཀྱིལ་འཁོར་དང་རྟེན་ལ་སྒྲུབ་པ་མ་ཐོན་བར་དང་རྟག་པའི་བརྟན་བཞུགས་བྱ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཅེས་པའམ། བདག་ལ་དངོས་གྲུབ་མཆོག་བསྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་བསྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཞེས་གཏོར་མགྲོན་རྣམས་གཤེགས། ཡང་གོང་མ་འགའ་ཞིག་ནི་དམ་ཅན་རྣམས་གཤེགས་སུ་མ་གསོལ།


TNT06_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བར་དཔང་བོར་བཞག་ཀྱང་ལེགས་ཟེར་བའང་སྣང་ངོ༌། །དེ་རྗེས་བདག་དང་དཀྱིལ་འཁོར་ལ་སྲུང་བ་དང༌། སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྟེན་ནོ། །གཉིས་པ་དཀྱིལ་འཁོར་ཉེར་བསྡུ་ནི། སྒྲུབ་པ་ཐོན་པའི་སྐབས་དགོས་པ་ཡིན་ཏེ་ཕལ་ཆེར་བཤད་མ་ཐག་པའི་རྗེས་ཆོག་དང་འདྲ་ཡང་ཁྱད་པར་ཕྲ་མོ་རྣམས་དབང་ཆོག་ཏུ་བཤད་པ་བཞིན་ཏེ། འོན་ཀྱང་རྡུལ་ཚོན་ཆུ་བོར་སྤྱན་འདྲེན་མི་མཛད་དོ། །དེ་ལྟར་ན་སྐབས་འདིར་བཀྲ་ཤིས་ཡན་ཆད་བྱ་སྟེ། ཐུན་དང་པོའི་ཆོ་གའོ། །ཐུན་ཕྱི་མ་རྣམས་ལ། བདག་བསྐྱེད་རྒྱས་པར་མ་འགྲུབ་ཀྱང་རུང་སྟེ། རང་སྐད་ཅིག་གིས་འཇིགས་མཛད་ཆེན་པོའི་སྐུར་གསལ་བཏབ། སྔགས་གསུམ་པོ་གང་འོས་རེ་བཟླས་ནས་མདུན་བསྐྱེད་ཀྱི་ཆོ་ག་ལ་འཇུག་པ་སོགས་གཞན་རྣམས་འདྲའོ། །ཉེར་སྒྲུབ་ཀྱི་སྐབས་འདིར། སྦྱིན་སྲེག་ཇི་ལྟར་འོས་པ་བསྒྲུབས་ཏེ། རབ་ཏུ་ཉིན་རེ་བཞིན་སྦྱིན་སྲེག་ལན་རེ་བྱ་ན། ཐུན་དང་པོའམ། གཉིས་པ་གསུམ་པའི་འཇུག་གི་ཐུན་མཚམས་གཅིག་ལ་བྱ། ཐུན་ཐ་མའི་འཇུག་ལ་ཕྱི་རོལ་གཏོར་མའི་ཚུལ་དུ་སྒྲུབ་ཁང་གི་སྒོ་ཕྱིར་དྲུག་ཅུ་རྩ་བཞི་རེ་འབུལ། ཅང་ཏེའུ་འཁྲོལ་ཞིང་ནང་དུ་འོངས་ནས། སྔགས་གསུམ་གྱི་མཐར། ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཞེས་བཞད་པ་བརྒྱད་ཀྱི་ང་རོ་དང་བཅས་ནས་སྐོར་བ་བྱེད་ཅིང་དཀྱིལ་འཁོར་དུ་ཞུགས་པར་མོས་ཏེ། དེ་ནས་རྗེས་ཆོག་རྣམས་བྱའོ། །འབྲིང་དུ་ན། ཟླ་བ་དྲུག་ལྟ་བུ་ལ་ཡར་ངོ་མར་ངོ་གཉིས་ཀའི་བརྒྱད་དང་བཅུ་དང་བཅོ་ལྔ་ལ་སོགས་པར་སྦྱིན་སྲེག་རེ་བྱ་ལ། ཐ་མས་ཀྱང་ཐོག་མཐའ་བར་གསུམ་དུ་སྦྱིན་སྲེག་བྱའོ། །གཏོར་མ་ནི་རབ་ཐུན་བཞི། འབྲིང་ཐུན་གཉིས། ཐ་མ་སྲོད་དམ་ནམ་ཕྱེད་ལ་རེ་རེའོ་གསུང་སྟེ་ལྷ་བཤོས་ཀྱི་དབང་དུ་བྱས་པ་ཡིན་གཏོར་ཆོག་དཀྱུས་དེ་ཐུན་རེ་བཞིན་


TNT06_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །དེ་ལྟར་ན་བླ་མ་གོང་མ་རྣམས་ཚུལ་འདི་ལ་བསྙེན་སྒྲུབ་སྒྲགས་མ་ཞེས་ཐ་སྙད་སྦྱོར་ལ། སྤྱིར་འདི་ལ་ཉེ་བསྙེན་དང༌། ཉེ་སྒྲུབ་ཅེས་བསྙེན་པ་ཆེ་ཤོས་དང༌། སྒྲུབ་པ་ཆུང་བའི་དོན་ཡིན་པས། བསྙེན་པ་དང༌། སྒྲུབ་པ་གཉིས་ཀའི་ཆ་འཛིན་པ་ཡིན་ནོ། །འགའ་ཞིག་སྒྲུབ་བསྙེན་ཞེས་པའི་ཐ་སྙད་བྱེད་པ་ཡོད་པའང་འདི་ལ་ཟེར་ན་ནི་འགལ་བ་མེད་ཀྱི། ཕྱིས་བྱུང་གི་སྒྲུབ་ཐབས་བཞད་སྒྲ་ཟེར་བ་གཅིག་ན། རྩ་བའི་བསྙེན་པའི་སྐབས། མདུན་ན་རྟེན་གང་ཡང་མེད་པ་ལ། སྐད་ཅིག་གིས་ལྷ་མདུན་དུ་སྤྱན་དྲངས་ནས། དགྲ་བསད་ཀྱི་དམིགས་པར་རློམ་པ་འདྲ་བྱེད་པ་དེ་ལ་སྒྲུབ་བསྙེན་ཟེར་ཞིང༌། རྩུབ་པོ་ཡོད་དོ་དྲག་ལ་མྱུར་བ་ཡིན་ནོ། །ཞེས་སྨྲ་བ་ནི་མན་ངག་མེད་ཀྱང༌། མན་ངག་ཡོད་པར་རྫུ་བ་སྟེ་སྐྱོ་ལུགས་ཀྱི་སྒྲུབ་ཐབས་ཅིག་མིག་ཟུར་ལ་ཐོགས་པས། དེ་དང་འདྲ་མིན་བྱས་པར་སྣང་མོད། རྩུབ་ཅིང་མྱུར་ལ་རེ་ཡང༌། ངལ་བ་འབྲས་བུ་མེད་པར་ཟད་དོ། །ལར་ཡང་ཡོན་ཏན་གཞན་མེད་ན་རྩུབ་པ་ཁོ་ན་དགོས་པ་ཅིག་ཡོད། དེང་སང་གི་སྔགས་པ་ཕལ་ཆེ་བས། སྒྲུབ་པའི་འདྲ་འབག་ཙམ་མ་གཏོགས། སྒྲུབ་པ་དངོས་ལག་ལེན་དུ་ཐེབས་པར་དཀའ་བའི་ཕྱིར། དེང་སང་གི་སྒྲུབ་པ་ལག་ལེན་དུ་འདེབས་རྒྱུ་ལ་བསྙེན་སྒྲུབ་མ་འདི་ལ་གལ་ཆེ་ཤོས་ཡིན་ནོ། །དེ་ནས་སྒྲུབ་པ་དངོས་ཀྱང་ཕལ་ཆེར་དེ་དང་འདྲ་བ་ལས། འདྲ་འབག་ལམ་དུ་བྱེད་ན། དམིགས་པའི་ཁྱད་པར་མདུན་བསྐྱེད་ཀྱི་བཟླས་པའི་གོང་དུ་བདག་མདུན་བསྲེས་ཏེ། བཟླས་པའི་སྐབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་སངས་རྒྱས་ཐམས་ཅད་མཆོད་དེ་བྱིན་རླབས་བསྡུ་བ་ཉིད་གཙོ་བོ་ཡིན་ལ། ཡང་རང་ཉིད་ཐུགས་ཀ་ནས་ཕྱིར་བྱུང༌། ཁྱད་པར་གྱི་བཤོས་གཙང་འབུལ་བ་ཞེས་པ་ལྷ་བཤོས་ཀྱི་གཏོར་མ་མན་ཆད་བྱའོ། །རབ་ཏུ་ཐུན་བཞིའི་ཐུན་མཚམས་ཐམས་ཅད་ལ་སྦྱིན་སྲེག་དང་ཕྱི་རོལ་གཏོར་མ་གཉིས་ཀ་


TNT06_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འཆག་མེད་དུ་བྱ། རང་གིས་མ་ལྕོགས་ཤིང་གྲོགས་རྣམ་དག་ཅིག་ཡོད་ན་གྲོགས་ཀྱིས་བྱས་ཀྱང་རུང༌། མ་ཐ་ཡང་ཞག་རེའི་ཐུན་མཚམས་གང་ཡང་རུང་བ་ཅིག་ལ། སྦྱིན་སྲེག་ལན་རེ་ནི་འཆག་མེད་དུ་དགོས། ཡོ་བྱད་ཡེ་མ་འཛོམ་ཞིང་དམིགས་པ་གསལ་ན། རྫས་ཀྱི་སྦྱིན་སྲེག་ཇི་ལྟར་འོས་པ་བྱེད་ཅིང༌། ཏིང་ངེ་འཛིན་གྱི་སྦྱིན་སྲེག་ཐུན་བཞིར་བྱའོ་གསུངས་ཏེ་དམིགས་པ་གསལ་བོ་དཀོན། འདི་ཟླ་ཕྱཻད་སོགས་བྱེད་ན་སྒྲུབ་པ་དངོས་ལ་གཉིད་སྤོང་དགོས་པའི་ཚབ། མཚན་མོའི་དུས་གྲོགས་ཀྱིས་སྔགས་ཐུན་བཟུང་བས་ཆོག་གོ །སྒྲུབ་ཆེན་གྱི་འདྲ་འབག་ནི། ཐོད་པའམ། སྣོད་དགེ་ཞིང་ཤིས་པ་གཅིག་ཏུ་ཤ་ཆེན་ལ་སོགས་པ་དམ་རྫས་ཇི་ལྟར་འོས་པ་བཞག་པའམ་ཡང་ཞུན་མར་རམ། གི་ཧཾ་ལ་སོགས་པ་བཞག་ཀྱང་རུང༌། དེ་དཀྱིལ་འཁོར་གྱི་རེ་མིག་དབུས་མའམ་མདུན་མར་བཀོད། གཞན་སྒྲུབ་པའི་སྐབས་དང་འདྲ། སྒྲུབ་རྫས་དེ་བསངས་སྦྱངས་སྔགས་གསུམ་ཀའམ། གང་རུང་ཅིག་གི་ཡིག་འབྲུའི་ཕུང་པོར་མོས། བཟླས་པའི་སྐབས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྔགས་འབྲུ་རྒྱུན་མི་འཆད་པར་སྤྱན་དྲངས། རྫས་ལ་བསྟིམ་ཞིང༌། ཐུན་འཇོག་པའི་ཚེ་བསྲུང་བ་བྱ། ནུབ་སྔ་མ་རྣམས་ལ་རྗེས་ཆོག་གི་སྐབས་གསོལ་བ་དྲག་ཏུ་འདེབས་ཤིང༌། ཞལ་གྱིས་བཞེས་པར་བསམ་པ་ལྷག་པོ་ཡིན་གཞན་འདྲའོ། །ནུབ་ཐ་མ་ནམ་ཕྱེད་དམ། ཐོ་རངས་ཀྱི་དུས་སུ། ཐུན་གྲོལ་མཚམས་ཀྱི་ཕྱི་རོལ་གཏོར་མ་སོང་ནས། ནང་དུ་འོངས་ཏེ་དངོས་གྲུབ་སྩོལ་བར་གསོལ་བ་དྲག་ཏུ་བཏབ་པ་ན། ཁྱོད་དངོས་གྲུབ་ཅི་འདོད་ཅེས་གསུང་བར་བསམས། འཆི་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པར་འགྱུར་བ། རྡོ་རྗེ་ཚེའི་དངོས་གྲུབ་བཅུད་ལེན་གྱི་མཆོག་སྩལ་དུ་གསོལ་


TNT06_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟ་བུས་གསོལ་བ་བཏབ་པས། སྔར་གྱི་སྒྲུབ་རྫས་དེ་ཉིད་དེར་བྱིན་གྱིས་བརླབས་ཏེ། གཙོ་བོའི་ཕྱག་གཡོན་པས་རང་ཉིད་ལ་བསྩལ་བར་བསམ། སྒྲུབ་རྫས་ལག་གཉིས་ཀྱིས་བླངས་ཏེ། ཡི་གེ་འབྲུ་གསུམ་བརྗོད་བཞིན་དུ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ཕུད་སངས་རྒྱས་བྱང་སེམས་རྣམས་ལ་ཡིད་ཀྱིས་ཕུལ། སེམས་ཅན་ཐམས་ཅད་ཀྱི་དངོས་གྲུབ་འདི་ཐོབ་པར་གྱུར་ཅིག་སྙམ་དུ་རང་གིས་ཟོས་ཤིང་འཐུངས་པ། དངོས་གྲུབ་དེ་ཐོབ་པར་མོས་པ་བྱ། དེ་རྗེས་སླར་ཡང་སྦྱིན་སྲེག་དང༌། ནང་གཏོར་བསྡུས་ཙམ་རེ་བྱ། ཡང་ན་སྒྲུབ་རྫས་ལོགས་པ་མི་བྱེད་པར་དེའི་དོན་དུ་དཀྱིལ་ཆོག་ལས་འབྱུང་བ་ལྟར་གྱི་བུམ་སྒྲུབ་བྱས་ནས་སྒྲུབ་རྫས་འཇོག་སར་བུམ་པ་བཀོད། དངོས་གཞིའི་སྐབས་དམིགས་པ་སོགས་འདྲ། སྐབས་འདིར་རྫས་ཀྱི་དངོས་གྲུབ་ལེན་པའི་ཚབ་ཏུ། བདག་འཇུག་གི་སྒོ་ནས་བུམ་དབང་ཡོངས་རྫོགས་སམ། ཆུ་དབང་ཙམ་བླངས་པས་ཀྱང༌། དགོས་དོན་སྔ་མ་དང་འདྲ་བ་ལས་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན། འོན་ཀྱང་རྫས་ཀྱི་སྒྲུབ་པའི་ལག་ལེན་མི་ནུབ་པའི་ཕྱིར། ལག་ལེན་སྔ་མ་དེ་ཡང་ངེས་པར་མཛད་དོ། །དེ་རྗེས་སྔོན་བཞིན་རྗེས་ཆོག་དང༌། དཀྱིལ་འཁོར་གཤེགས་གསོལ་བྱ། སླར་ཡང་ཉི་མ་གཞན་ལ་དཀྱིལ་འཁོར་གྱི་ཤུལ་དེར། སྦྱིན་སྲེག་དང་གཏོར་མ་དང་ཚོགས་འཁོར་ལ་སོགས་པ་བྱའོ། །སྒྲུབ་པ་སྒྲུབ་ཆེན་འདི་དག་འདྲ་འབག་ཙམ་ཡིན་ཡང༌། མཐུ་སྟོབས་ནུས་པ་དང༌། ཚེ་དང་ལོངས་སྤྱོད་འཕེལ་བ་སོགས་བྱིན་རླབས་ཀྱི་ཚན་ཀ་ཆེན་པོ་འབྱུང་ངོ༌། །གལ་ཏེ་བསྙེན་སྒྲུབ་བསྒྲགས་མ་ལ། ཡོ་བྱད་སོགས་ཡེ་མ་འབྱོར་ན། དམིགས་པས་དཀྱིལ་འཁོར་བསྒོམས། དངོས་སུ་བྲིས་སྐུ་ཙམ་ལ་བརྟེན་ཀྱང་ཆོག་གོ །


TNT06_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །དེ་ལྟར་ན་ཚུལ་འདི་ནི། ལས་མཐའ་དག་ལ་ཐུན་མོང་དུ་འཇུག་པ་དང༌། མཆོག་སྒྲུབ་བམ་དངོས་གྲུབ་སྒྲུབ་པའི་དོན་ཡིན། འདིའི་སྟེང་དུ་དྲག་ལས་ཀྱི་ཁྱད་ཆོས་འགའ་ཞིག་བསྣན་ཏེ། བསྙེན་སྒྲུབ་སྦྲགས་མ་དང་སྒྲུབ་པ་ལས་སྦྱོར་སོགས་བྱེད་ཚུལ་ནི། འགྲེལ་པ་སྐོར་གསུམ་དང༌། ལག་ལེན་ཁྲིགས་བཀོད་སོགས་ན་གསལ་བ་ལྟར་ཤེས་དགོས་མོད་ཀྱི། དགྲ་བསད་ཙམ་ལ་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ། བསྙེན་སྒྲུབ་སྦྲགས་མ་ཟླ་དྲུག་སོགས་ཕྱེད་རིན་མི་ཆོག་གོ །བསྙེན་སྒྲུབ་སྦྲགས་མ་དང༌། སྒྲུབ་པ་སྒྲུབ་ཆེན་གྱི་སྐབས་འདི་དག་ལག་ལེན་སྟོན་བྱེད་དམ། འདྲ་འབག་ཙམ་གྱི་སྐབས་ཡིན་ཡང་རུང༌། ཉེར་སྒྲུབ་དང་སྒྲུབ་པ་དང་སྒྲུབ་ཆེན་གསུམ་དཀྱིལ་འཁོར་བཞེངས་ཐེང་གཅིག་གི་སྟེང་ནས་བྱེད་དུ་མི་རུང་སྟེ། ཆོ་ག་ཐ་དད་ཡིན་པའི་ཕྱིར་རོ། །དེ་ནས་རེ་རེ་བཞིན་དཀྱིལ་འཁོར་སྔ་མ་སྔ་མ་གཤེགས་སུ་གསོལ་ནས། ཕྱི་མ་ཕྱི་མའི་དཀྱིལ་འཁོར་གསར་དུ་བཞེངས་དགོས་པ་ཡིན་ནོ། །དཀྱུས་ཐོག་ཅིག་ལ་དཀྱིལ་འཁོར་བཞེངས་ས་ཁང་པ་གཅིག་ཏུ་བྱེད་པ་ཡིན་ན། ས་ཆོག་གཅིག་གི་ས་རུང་བར་ཁ་ཅིག་འདོད་ལ། ལག་ལེན་དུ་ནི་རང་གི་སེམས་ཀྱི་དྲི་མ་སྦྱོང་བའི་གནད་དང༌། དགོས་དོན་ཐ་དད་ཡིན་པའི་ཕྱིར། རེ་རེ་བཞིན་ས་ཆོག་བྱེད་དགོས་ཞེས་གསུང་བ་ལྟར་མཛད་དོ། །འདིར་དངོས་སུ་བཤད་པའི་སྒྲུབ་པའི་རིམ་པ་འདི་རྣམས་མཆོག་སྒྲུབ་ཅེས་བྱ་བ་ཡིན་ཏེ། དེ་ཡང་རྒྱུད་འདིའི་ལུགས་ལ་མཆོག་ཅེས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཁོ་ན་ལ་གོ་དགོས་པ་མ་ཡིན། དངོས་གྲུབ་སྤྱི་ལ་ཟེར་བ་ཡིན། རྟོག་བདུན་གྱི་རྟོག་པ་དང་པོའི་མཆོག་ཅེས་པའི་དགོངས་པའང་འདི་ཁོ་ན་ཡིན་ནོ། །ཐོག་མ་དགྲ་བསད་ལྟ་བུའི་ལས་ཉེ་ཚེ་བ་རེ་ལ་ཡིད་དགའ་དྲངས་ཏེ་བསྙེན་སྒྲུབ་རྣམས་བྱས་སུ་ཟིན་ཀྱང༌། སྐབས་དེར་ལས་ཏེ་ཅུང་ཟད་འགྲུབ་སྲིད་མོད། ཇི་སྐད་དུ།


TNT06_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་པ་ལྟར་ཡུལ་ཆུང་ཞིང་བཀྲ་མི་ཤིས་ལ། དངོས་གྲུབ་ཀྱི་རྟེན་འབྲེལ་འགྲིག་པར་མི་འགྱུར་རོ། །མཆོག་སྒྲུབ་ཀྱི་དོན་དུ། རྩ་བའི་བསྙེན་སྒྲུབ་འདི་མཆོད་པ་ལ་བརྩོན་པ་དང་བཅས་པས་སྒྲུབས་ན། གཞི་ནས་ལྷ་མཉེས་པའི་རྟེན་འབྲེལ་གྱིས། ཕྱིས་ལས་གང་ལ་སྦྱར་ཡང་འགྲུལ་སླ་ཞིང༌། ལས་སྟོབས་ཆེ་འཁུ་ལྡོག་སོགས་བཀྲ་མི་ཤིས་པ་མི་འབྱུང་ལ། སྒྲུབ་པ་དངོས་མ་ཡིན་སྒྲུབ་པའི་འདྲ་འབག་ཙམ་ཡིན་དུ་ཆུག་ཀྱང༌། ཕྱིས་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་འགྲིག་ཅིང༌། ད་ལྟ་འཕྲལ་དུའང་ལས་ཐམས་ཅད་པའི་ཆོ་ག་བཟང་པོར་འགྱུར་རོ། །རྩ་བའི་སྒྲུབ་པ་འདི་རྣམས་འཐེམས་པར་སོང་ན། ཕྱིས་ལས་སྒྲུབ་པའི་ཚེ། སྔོན་གྱི་ཡིག་རྙིང་རྣམས་ལས་གསལ་བ་ལྟར། རྡུལ་ཚོན་གྱི་དཀྱིལ་འཁོར་རམ། དེ་ཡང་མ་འགྲུབ་ན། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། ཉེ་བསྙེན་དང༌། སྒྲུབ་པ་ལས་སྦྱོར་རྣམས། ཞག་བདུན་ཕྲག་སོགས་ཇི་ལྟར་འོས་པར་ཀྱང་ལེགས་པར་འགྲུབ་ལ། དཀྱིལ་འཁོར་རྒྱས་པ་འཆའ་མི་འཐུབ་ན། མཎྜལ་ཆོས་འབྱུང་ངམ། ཐང་གའི་དྲུང་དུ་སྦྱིན་སྲེག །གཏོར་མ། འཁྲུལ་འཁོར་རྣམས་བསྒྲུབས་པས་ཀྱང་ལེགས་པར་འབྱུང་ངོ༌། །སྒྲུབ་པའི་སྐབས་འདིར་གོང་མ་རྣམས་ཀྱི་ཡི་གེ་ན། རྩ་བ་དང་ཡན་ལག་གི་སྒྲུབ་པའམ། དངོས་གྲུབ་དང་ལས་ཕྱོགས་རེའི་སྒྲུབ་པ་ཞེས་སོ་སོར་ཕྱེ་བ་གསལ་པོ་མི་འདུག་པས། དབྱེ་བ་འདི་ལྟར་བྱེད་པ་མི་རུང་ངོ་སྙམ་པའི་ལོག་རྟོག་གམ། ཡང་ན་དབྱེ་བ་འདི་དགོས་ཕྱིན་སྔ་མ་རྣམས་ཀྱིས་མ་གོ་ཞིང་ནོར་བའོ་སྙམ་པའི་ལོག་རྟོག་འབྱུང་སྲིད་ན། དེ་ནི་གཉིས་ཀ་མ་ཡིན་ཏེ། དབྱེ་བ་བྱེད་པ་ནི། གཙོ་བོར་རྟོག་བདུན་ཉིད་དང༌། གཞན་ཡང་བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་རྣམས་ཀྱི་སྤྱིའི་དགོངས་པ་ཡིན་ཞིང༌། ཡང་སྒོས་སུ་བླ་མ་དམ་པའི་མན་


TNT06_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཞལ་རྒྱུན་རྒྱུད་དང་འགྲེལ་པ་ལ་འཛུག་ཚུགས་སུ་ངོ་སྤྲོད་པའི་སྲོལ་ཀ་མ་ཉམས་པ་ཡིན་པའི་ཕྱིར། འཁྲུལ་པ་དང་འཛོལ་སོ་ཡེ་མེད་པ་ལ། བྱིན་རླབས་དང༌། ནུས་པ་ཡོང་འཕྲོ་རྒྱུན་མ་ཆད་པའི་ཉམས་མྱོང་གིས་གྲུབ་པ་ཡིན་ནོ། །ཡིག་རྙིང་བྱེད་པ་པོ་རྣམས་ཀྱིས་ཀྱང་མ་གོ་བ་ཏ་མ་ཡིན། སྐྱེ་བོ་བློ་དམན་པ་དྲག་ལས་ཁོ་ན་ལ་སེམས་ཤོར་བ་རྣམས་ཀྱི་ངོར། དགྲ་བསད་འབའ་ཞིག་ལ་སྦྱར་བ་ལྟར་བྱས་ནས་དེའི་ཁོག་ནས་མཆོག་སྒྲུབ་འདོན་རྒྱུ་ཡིན་ཞིང༌། དེ་བླ་མའི་ཞལ་འཁྲིད་ལ་བརྟེན་ནས་སྒྲུབ་དགོས་པ་ཡིན་ཡང༌། བར་སྐབས་ནས་གཟུང་བའི་དགེ་བཤེས་ཀྱི་མིང་ཅན་དང༌། སྔགས་ཆོས་ཤེས་འདོད་ཆོས་ཐོབ་ལ་བརྩོན་པའི་འདུན་པ་ཆེ་ཆུང་སུ་འདྲ་བ་ཅིག་ཡིན་ཡང༌། ཕལ་མོ་ཆེ་ཞིག་བླ་མ་ཡུན་རིང་དུ་བསྟེན་པའི་སྒོ་ནས། མཉེས་པའི་ཐབས་ཡེ་མི་བྱེད་པས་གསེར་དང་འདྲ་བའི་འདྲ་མེན་གྱི་དཔེར་སོང༌། ཞལ་ཤེས་ལག་ལེན་གྱི་གནད་རྣམས་རིམ་པས་རྩ་བས་ཆད་པ་ལྟར་སོང་བ་ཡིན། སྔོན་གྱི་རིག་སྔགས་འཆང་རྣམས་ཀྱིས། ཞལ་ཤེས་དང་ཐུགས་བཅུད་ཐམས་ཅད་ཡི་གེ་འགོད་པ་ག་ལ་ཞིག །འཕྲལ་གྱི་ལག་ལེན་ཕྲ་མོ་རྣམས་ཀྱང༌། ངག་རྒྱུད་དང་མཐོང་བ་རྒྱུད་པ་ཁོ་ན་ལ་གནས་པ་མང༌། དེས་ན་གསང་སྔགས་ཀྱི་མན་ངག་ཟབ་མོ་དེ་ལྟར་གབ་པའི་ཚུལ་གྱིས་གནས་པ་ནི། དགོས་ངེས་ཤེས་པའི་ཕྱག་སྲོལ་ཡིན་པས། གསལ་བོར་ཡི་གེ་ལ་མི་འགོད་པ་དང༌། འདྲ་མིད་མགོ་སྐོར་ཞལ་རྒྱུན་དང་འཛུག་འཁྲིད་ཀྱི་ཁུངས་ཚོལ་ཡང་འབྱུང་བ་དེ། སྔོན་གྱི་རྩོམ་པ་པོ་རྣམས་མི་མཁས་པ་ཡང་མིན། མཁས་ཀྱང་བསམ་པ་ངན་པའང་མིན། ཡིག་རིགས་དེ་དག་ངན་པར་ཡང་མི་འགྱུར་མོད། སློབ་མ་ཚོགས་རྫོགས་པའི་ཕྱིར། བླ་མ་ལ་བསྙེན་བཀུར་བྱེད་པའི་ཐབས་ཡིན་ནོ། །ཡང་ཕྱིས་འགའ་ཞིག་ལྟར་རྩོམ་པ་པོས་ཐོག་མ་ཉིད་ནས་བླ་མའི་ཞལ་ལུང་མ་ཐོབ་པར་རིག་པ་གླེགས་བམ་ལས་བཀླགས་པ་


TNT06_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། རང་བཟོའི་ཡི་གེ་བཀོད་པ་དག་ལ། སླད་ནས་གསེར་ཆོས་དང་སྙན་བརྒྱུད་དང༌། ཞལ་ཤེས་དང༌། འཛུག་འཁྲིད་ཀྱིས་མིང་བཏགས་པས་མི་ཕན་གྱི། སྔོན་ནས་ད་ལྟའི་བར་རྒྱུན་མ་ཆད་པའི་ཞལ་ལུང་མན་ངག་དགོས་སོ། །རྡོ་རྗེ་འཇིགས་མཛད་ཆེན་པོའི་ལག་ལེན་ལ། གཅིག་ཏུ་རང་གལ་ཆེ་བ་སྒྲུབ་པའི་སྐོར་གྱི་ལག་ལེན་འདི་དག་ཡིན་ཡང༌། སྒྲུབ་དཀྱིལ་གྱི་ཡིག་ཆ་གསར་པ་རེ་ཐམས་ཅད་ཀྱིས་བརྩམས་པས་མང་གྲགས་པའི་སྐྱོན་དང༌། མངོན་རྟོགས་ཀྱི་བཤད་པ་ཡམ་མེ་བ་ཡང་མང་པོ་བརྩམས་འདུག་ཀྱང༌། སྒྲུབ་པ་བྱེད་ཚུལ་གྱི་ལག་ལེན་ངག་འདོན་བྲིས་པ་ཡེ་མ་མཐོང་ཞིང༌། ཕལ་ཆེར་ལ་དེ་ལྟར་དགོས་པའི་གོ་བ་ཙམ་ཡང་མི་སྣང་བས། འདིར་ཕྱོགས་ཙམ་བརྗོད་པ་ཡིན་ནོ། །ཞེས་པའང་འཇམ་དཔལ་ཁྲོ་བོ་དང་གཉིས་སུ་མེད་པ་རྩ་བའི་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་དང༌། དེའི་ཐུགས་སྲས་དོན་གྲུབ་ལེགས་པའི་བཀའ་དྲིན་ལས་གསུང་ངག་དང་ཕྱག་ལེན་གྱི་རིམ་པ་ལེགས་པར་ཐོབ་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།།མངྒ་ལཾ། །


previousབཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ཆོས་སྐོར་ལ་མེད་མི་རུང་གི་གལ་པོ་ཆེ་སྒྲུབ་པའི་ལག་ལེན་གྱི་ཡི་གེ་ཡང་དག་པའོ། next