Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ།
   
   
   


 
previousརྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ། next

རྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ།


TNT06_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ་སོགས་བཞུགས།


TNT06_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་བཟུང་ཞིང་སྔོན་འགྲོ་གཏོར་མ་བཏང༌། །ས་སྦྱང་བ་དང་ཐབ་ནི་ཡོངས་སུ་འཆའ། །མཆོད་གཏོར་བསྲེག་རྫས་བཤམས་ཤིང་བསང་ཆུ་སྒྲུབ། །ཐབས་བསྐྱེད་མེ་སྦར་མེ་ལྷ་སྤྱན་འདྲེན་མཆོད། །མདུན་བསྐྱེད་མཆོད་བསྟོད་བསྲེག་རྫས་འབུལ་བ་དང༌། །གཏོར་འབུལ་ཡིག་བརྒྱ་བཟོད་གསོལ་གཤེགས་སུ་གསོལ། །དྲག་པོ་ལ་ནི་མཆོད་བསྟོད་སོང་རྗེས་སུ། །ཕོ་ཉ་སྤྲོ་དང་ལིང་ག་བསྐྱེད་དགུག་སྒྲོལ། །གཏོར་མའི་འཇུག་ཏུ་དྲག་པའི་བསྐུལ་ཡང་བྱ། །སྦྱིན་སྲེག་འདི་ནི་བསྡུ་པ་ཁོ་ནའི་ལུགས། །དང་པོ་དམིགས་པས་ས་བཟུང་བ་ནི། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་གྱུར། ཉེ་སྙིང་ལན་བདུན་བཟླས། གཉིས་པ་སྔོན་འགྲོ་གཏོར་མ་ནི། དཀྱིལ་ཆོག་དང་གཏོར་ཆོག་བཞིན། གསུམ་པ་ས་སྦྱང་བ་ནི། ཨོཾ་ཨཱཿཧཱུཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བཟླ། བཞི་པ་ཐབ་འཆའ་བ་ནི། རྩིགས་པའི་ཐབ་བཾ་བྲིས་པའི་ཐབ་གང་བྱེད་ཀྱང་འདྲ་སྟེ། ཞི་པ་ལ། ཆེ་ན་ཁྲུ་གང་དང་ཆུང་ན་སོར་བཅུ་གཅིག་གི་བར། དྲག་པོ་ལ་ཆེ་ན་སོར་ཉི་ཤུ་ནས་ཆུང་ན་སོར་བརྒྱད་ཀྱི་བར་བཤད། ཐབ་ཀྱི་ཡོན་ཚུལ་སྤྱི་དང་འདྲ། ལྔ་པ་མཆོད་གཏོར་བསྲེག་རྫས་བཤམ་པ་ནི། རང་གི་གཡས་ཕྱོགས་


TNT06_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྲེག་རྫས་རྣམས་སྒྲིགས་པའམ། ཡང་ན་མར་ཁུ་དང་ཡམ་ཤིང་མ་གཏོགས་སྣོད་གཅིག་ཏུ་བསྲེས། རང་གི་གཡོན་དུ་མཆོད་ཡོན་གྱི་སྣོད་དང་བསང་ཆུའི་སྣོད་བཞག །དེའི་འཕྲོ་ལ་མཆོད་པ་རྣམས་བཤམས། གཏོར་མ་གཅིག་གམ་གཉིས་ཇི་ལྟར་བདེ་བར་བཞག །མར་ཁུ་དང་ཡམ་ཤིང་ཡང་སྟབས་བདེ་སར་བཞག །དྲུག་པ་བསང་ཆུ་ལ་སོགས་པ་བསྒྲུབ་པ་ནི། ཀུ་ཤ་གཅིག་བཟུང་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས། མངོན་རྟོགས་བཞིན་ནང་མཆོད་བྱིན་རླབས་བྱ། ཨ་མྲྀ་ཏ་བཟླ་ཞིང་བསང་ཆུ་གཏོར། དཀྱིལ་ཆོག་གམ་གཏོར་ཆོག་བཞིན་གནས་ཡོ་བྱིན་རླབས་བྱ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བསྲེག་རྫས་རྣམས་ལ་བསྟན་ལ། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱ་སྭཱཧཱ། ཨོཾ་ཤྲཱི་སྭཱཧཱ། ཨོཾ་ཛྲིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་རྫས་རྣམས་བྱིན་གྱིས་བརླབས། བདུན་པ་མེ་སྦར་པ་ནི། ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་གིས་མེ་བཅུག །བརྒྱད་པ་ཐབ་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། མུ་རན་ཁ་ཁྱེར་གྱིས་བསྐོར་ཞིང༌། སྟེགས་བུའི་གྲ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ། པདྨ་རྒྱས་པའི་དབྱིབས་ཅན། དྭངས་ཤིང་ཐོགས་པ་མེད་པར་གྱུར། དེའི་དབུས་སུ་རཾ་ལས་བྱུང་བའི་མེ་དཔུང༌། མེ་ལྷའི་ངོ་བོར་གྱུར། དགུ་པ་མེ་ལྷ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བྱོན་


TNT06_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། དབྱུག་གུ་རྩེ་གསུམ་གྱི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་བོ་ཆེ། །ལྷ་ཡི་དྲང་སྲོང་བྲཾ་ཟེ་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་སྙན་པར་མཛོད། །ཨོཾ་ཊཀྐི་ཧཱུཾ་ཛཿ ཨ་མྲྀ་ཏ་དང་བསངས་ཆུས་གཏོར། ཛཿཧཱུཾ་བཾ་ཧོཿ བཅུ་པ་མེ་ལྷ་མཆོད་པ་ནི། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ ། མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་བདག་གི་སྡིག་སྒྲིབ་བར་ཆད་ནད་གདོན་བཀྲ་མི་ཤིས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་བདུན་གྱིས་དགང་བླུགས་ཕུལ། སྔགས་དེ་ཀས་ཡམ་ཤིང་ཅི་རིགས་པ་ཕུལ། བཅུ་གཅིག་པ་མདུན་བསྐྱེད་ནི། ཡང་བསངས་སྦྱངས། འབར་བ་མེའི་དབུས་སུ། ཆོས་འབྱུང་གྲུ་གསུམ་ཞེས་པ་ནས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཅེས་པ་ནས། ཨོཾ་བཛྲ་གཎྜེ་ཧོཿའི་བར་སྒྲུབ་ཐབས་བཞིན་ནོ། །བཅུ་གཉིས་པ་མཆོད་བསྟོད་ནི། རྒྱས་པ་ལ་སྤྲོ་ན་དཀྱིལ་ཆོག་གི་མཆོད་འཕྲེང་བཞིན། བསྡུས་པ་ལ་དགའ་ན། ཨོཾ་ཧྲཱིཿཧ་སོགས་ཀྱི་ཕྱི་མཆོད་ཕུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་དང༌། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །སོགས་ཡིད་མཆོད་དང༌། དུར་ཁྲོད་རྒྱན་གྱིས་སོགས་ཀྱིས་བསྟོད། བཅུ་གསུམ་པ་བསྲེག་རྫས་འབུལ་བ་ནི། ཨོཾ་ཧྲཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ལན་གཅིག །ཨོཾ་ཨགྣ་ཡེ་སྭཱཧཱ། ལན་བདུན། བདག་


TNT06_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡིག་སྒྲིབ་ནད་གདོན་བཀྲ་མི་ཤིས་པ་མཐའ་དག་ཞི་བར་མཛོད་ཅིག་སྭཱཧཱ། ཞེས་པ་ཚར་གཅིག་སྤེལ་བས་མར་ཁུ་འབུལ། ཨོཾ་ཨགྣའི་ཚབ་ཏུ། ཨོཾ་བོ་དྷི་བྲི་ཀྵ་ཡ་སྭཱཧཱ། ཡམ་ཤིང་འབུལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཏིལ། ཨོཾ་བཛྲ་ཨཱ་ཡུར་ཥེ་སྭཱཧཱ། དུར་བ། ཨོཾ་བཛྲ་པུཥྟ་ཡ་སྭཱཧཱ། འབྲས་མ་བྲུགས་པ། ཨོཾ་སརྦ་སཾ་པ་ཏེ་སྭཱཧཱ། ཞོ་ཟན། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ ། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། འབྲས་སོ་བ། ཨོཾ་བཛྲ་བེ་ག་ཡ་སྭཱཧཱ། ནས། ཨོཾ་བཛྲ་མཧཱ་བ་ལ་ཡ་སྭཱཧཱ། སྲན་མ། ཨོཾ་བཛྲ་གྷསྨ་རི་སྭཱཧཱ། གྲོ། ཨོཾ་བཛྲ་ཨརྠ་སིདྡྷ་ཡེ་སྭཱཧཱ། ཡུངས་དཀར་གྱི་སྔགས་སོ། །དེ་རྣམས་ཚང་མ་འཛོམ་ན་རབ། མ་འཛོམ་ན་གང་འཛོམ་འཛོམ་ནས་ཇི་ལྟར་རིགས་པ་ཕུལ་བས་ཆོག་ཅིང༌། བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་པ་ཡིན་ན། སྔགས་དེ་དག་བཏུང་ལ་ཚར་གཅིག་བརྗོད་པས་འབུལ། དེ་ཡན་ཆད་ཐོག་མའི་བསྲེག་རྫས་འབུལ་ཚུལ་ཙམ་ཡིན་ཞིང༌། དེ་ནས་གྲངས་འཛིན་པ་ནི། སྙིང་པོ་ཁོ་ན་བཟླ་ཞིང་འབུལ་བ་སྟེ། བརྒྱ་བརྒྱའི་མཚམས་སུ། བདག་གི་སྡིག་སྒྲིབ་ཅེས་སོགས་ལས་སྔགས་དེ་ཡང་བརྗོད། དེ་ལ་གྲངས་འཛིན་པ་ཡིན། བསྲེག་རྫས་ཀྱང་གང་འབྱོར་ཡིན། བཅུ་བཞི་པ་གཏོར་མ་འབུལ་བ་ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་ཤེས་པར་བྱའོ། །བཅོ་ལྔ་པ་ནི། ཡིག་བརྒྱ་ཅི་རིགས་པ་བཟླའོ། བཅུ་དྲུག་པ་བཟོད་གསོལ་ནི། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །


TNT06_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བཅུ་བདུན་པ་གཤེགས་གསོལ་ནི། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་རིགས་པར། །དངོས་གྲུབ་བླ་ན་མེད་པའང་སྩལ། །སླར་ཡང་གཤེགས་པ་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། སོགས་ཀྱིས་གཤེགས་སུ་གསོལ། བསྡུས་པ་འདིའི་ལུགས་ལ། མེ་ཉིད་ལ་ཤར་ལྷོའི་མེ་ལྷ་སྤྱན་དྲངས་པས། དེ་ཉིད་འཇིག་རྟེན་པའི་མེ་ལྷ་དངོས་ཡིན་ཞིང༌། དེ་བསངས་སྦྱངས། གནས་གྱུར་པ་ལས་འཇིག་རྟེན་འདས་པའི་མེ་ལྷ་འཇིགས་བྱེད་ཆེན་པོའི་དམ་ཚིག་པར་བསྐྱེད་ནས། དེ་མན་ཆད་ཀྱི་ཆོ་གའི་འཕྲོས་དང༌། ཆོ་ག་བསྲེག་རྫས་གཏོར་མ་ཐམས་ཅད་མེ་ལྷ་ཡི་དམ་དབྱེར་མེད་པ་ལ་འབུལ་བ་ཡིན་པས། ཐོག་མའི་དགང་བླུགས་དང་བུད་ཤིང་ཙམ་མ་གཏོགས། འཇིག་རྟེན་པའི་མེ་ལྷ་ལ་མཆོད་གཏོར་གཤེགས་གསོལ་ཟུར་པ་མི་དགོས་པའི་ལུགས་སོ། །དང་པོ་དམིགས་པས་ས་བཟུང་བ། གསུམ་པ་ས་སྦྱང་བ། བཞི་བ་ཐབ་བཅའ་བ་རྣམས་ཀྱང་སྔར་གྲུབ་གྲུབ་པའི་རྒྱུན་ལ་མི་དགོས་སོ། །ཐོག་མར་འདི་ཤེས་ནས་དྲག་པོའི་སྦྱིན་སྲེག་ལ་འདོན་པ་བསྒྱུར་བས་ཆོག །ཕོ་ཉ་སྤྲོ་བ། ལིང་ག་སྒྲོལ་བ། བསྟོད་བསྐུལ་སོགས་དྲུག་ཅུ་པའི་ཆོ་ག་ནས་བླང་བར་བྱ།


TNT06_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་རྫས་ཀྱི་སྔགས་རྣམ་གྲང་སོ་སོ་བ་དེ་མི་དགོས་སོ། །ཆོ་གའི་འཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་བྱ། ཞེས་པའང་ཏཱ་ར་ནཱ་ཐས་སྨྲས། །དགེའོ།། །།༈ ན་མོ་བྷཻ་ར་ཝཱ་ཡ། སྔར་གྱི་དེ་རྣམས་ལ་ཟུར་འདེབས་ཅུང་ཟད་བརྗོད་ན། དྲག་པོ་ལ་ཐབ་ཁུང་གྲུ་གསུམ་རྩེ་མོ་ཕར་བསྟན་པ། ཁ་ཁྱེར་མུ་རན་ཡང་ཞེང་སོར་གསུམ། དབྱིབས་གྲུ་གསུམ། སྟེགས་བུ་གྲུ་བཞི། ཐམས་ཅད་ནག་པོ། བཅད་སྔོན་པོ། ལྗང་ཁུ། དམར་པོ། གསུམ་གང་རིགས་བྱ། དཀར་པོ་སེར་པོ་མི་རུང་ངོ༌། །ཞི་བའི་ཐབ་ལའང་བཅད་དམར་སེར་ལྗང་གསུམ་གང་རུང་བྱེད། ནག་པོ་མི་རུང༌། སྔོན་པོ་རུང་མི་རུང་གཉིས་ཡོད། རྒྱས་པ་ལས་ཐམས་ཅད་པ་ལ་པདྨ་རྒྱས་པ་ལྟ་བུའི་ཐབ་གྲུ་བཞི་རུང༌། ཐབ་ཀྱི་ནང་དུ་པདྨའི་ལྟེ་བར་ཞི་བ་ལ་འཁོར་ལོའམ་རྡོ་རྗེ་དཀར་པོ། ཡང་ན་ཞི་བའི་རྡོ་རྗེ་སྔོན་པོས་ཀྱང་རུང༌། དྲག་པོ་ལ་གྲི་གུག་རལ་གྲི་ཁྲོ་བོའི་རྡོ་རྗེ་གསུམ་འདམ་ཁ་ཡིན། ཞི་བ་ལས་ཐམས་ཅད་པ་ལ་ཟླུམ་པོ་པདྨ་རྒྱས་པ་ལྟ་བུ་དང༌། ཞི་རྐྱང་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་ཁ་ཁྱེར་མུ་རན་ལ་དགོས། མ་འགྲུབ་ན་ཚོམ་བུ་དང་ཡིད་ཀྱིས་བསམ་པ་སོགས་འདྲ། དབང་དྲག་གཉིས་ལ། མར་ཤིང་མ་གཏོགས་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ནས་འབུལ་བ་གཙོ་ཆེ། ཞི་རྒྱས་གཉིས་ལ་ཐོག་མར་ལན་གཅིག་སོ་སོར་འབུལ་བ་གཙོ་ཆེ། ལར་གང་མོས་ཡིན། དྲག་པོ་ལ་ལིང་ག་བསྒྲལ་བའི་ལིང་རོ་དང༌། ཤ་ཁྲག་ཆང་ཚེར་མ་ཅན་གྱི་ཤིང་དང་དུག་རིགས་སོགས་མི་དགོས་ཁ་མེད་ཡིན། བསྲེག་རྫས་གཡོན་དུ་བཤམས་ཤིང༌། ལག་པ་ཡང་གཡོན་པས་འབུལ་བ་གཙོ་


TNT06_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །བཀྲ་ཤིས།། །།༈ ན་མོ་གུ་རུ། རྒྱས་པའི་སྦྱིན་སྲེག་གི་ཁྱད་པར་ནི། ཐབ་ཆེ་ན་ཁྲུ་དོ་ནས། ཆུང་ན་སོར་བཅུ་དྲུག་གི་བར་བྱ། བསྲེག་རྫས་གཙོ་བོར། དུར་བ་དང༌། ཞོ་ཟན་ལྷག་པར་མང་བ་བྱ། ཐབ་ཀྱི་ཆུ་དང་མུ་རན་སོགས། ཐབ་ཁྲུ་དོ་ལ་སོར་བརྒྱད་དང༌། ཁྲུ་གང་ལ་སོར་བཞི་དང༌། སོར་བཅུ་དྲུག་པ་ལ་སོར་གསུམ་དུ་མ་ལོངས་ཙམ་དུ་བྱེད་པ་སོགས་རིགས་པས་བཅད། ཐམས་ཅད་དབྱིབས་གྲུ་བཞི་མདོག་སེར་པོ། ཐབ་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རིན་པོ་ཆེ་འབར་བ། མ་གྲུབ་ན་ཚོམ་བུ་སེར་པོ། ཁ་ཁྱེར་མུ་རན་ལའང་རིན་པོ་ཆེའི་འཕྲེང་བ། མ་གྲུབ་ན་ཡིད་ཀྱིས་བསམ། བཅད་རྣམས་དམར་པོའམ་དཀར་པོ་གང་རུང་གིས་བྱེད། ཐབ་བསྐྱེད་དུས། ཨོཾ་ལས་བྱུང་བའི་ཐབ་ཁུང་སེར་པོ་གྲུ་བཞི། ཞེས་འདོན་པ་སྤོ། ཐབ་ནང་གི་ཡེ་ཤེས་པ་ལ་མཆོད་པ་ཕུལ་བའི་རྗེས་སུ། སྐུ་མདོག་ཕྱག་མཚན་མ་འགྱུར་བ་ལ། འོད་ཟེར་སེར་པོ་འབར་བ། འཛུམ་ཞིང་བཞད་ལ་དགྱེས་པའི་ཉམས་ཅན་དུ་གྱུར་པར་སྒོམ། ལས་སྔགས་སྐབས་བདག་གིའམ་འདི་ཞེས་བྱ་བའི་འམ། བདག་ཅག་དཔོན་སློབ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་དང་འབྱོར་བ་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ཞེས་འདོན་པ་སྤོས་ནས། གཞན་ཐམས་ཅད་ཞི་བ་དང་འདྲ་བ་ལས། བསྲེག་རྫས་ཀྱང་སོ་སོར་འབུལ་བ་ཉིད་བཟང་ངོ༌། །ལོངས་སྤྱོད་རྒྱས་བྱེད་ཡིན་ན། ནོར་བུ་དང་ཟས་ནོར་ཕྱུགས་གསུམ་གྱི་ཆར་བབ་པ་དང༌། ཚེ་རྒྱས་བྱེད་ཡིན་ན་བདུད་རྩིའི་ཆར་བབ་པ་བསམ། མེ་ཏོག་སེར་པོ་དང༌། ཤིང་འབྲས་སྣ་


TNT06_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང༌། ཟས་སྣ་ནོར་སྣ་ནས་ཅི་རིགས་པ་ཡང་འབུལ་ལོ། །ཤིང་འབྲས་ལ། ཨོཾ་ཤྟི་ཕ་ལ་ཡེ་སྭཱཧཱ། གཞན་རྣམས་ལ། ཨོཾ་མཧཱ་ཤྲཱི་ཡེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་འབུལ་ལོ། །བཀྲ་ཤིས།། །།༈ ཨོཾ་སྭཱ་སྟི། དབང་གི་སྦྱིན་སྲེག་བྱེད་ན། ཞི་བ་དང་མི་འདྲ་བའི་ཁྱད་པར་ནི། སྟེགས་བུ་མཚོན་བྱེད་གྲུ་བཞིའི་དབུས་སུ། ཐབ་ཁུང་ཟླ་གམ་བཅད་ཁ་རང་ལ་བསྟན་ཅིང༌། དེའི་ཚད་ལ་སོར་ཉི་ཤུའམ། ཤིན་ཏུ་ཆུང་ན་སོར་བརྒྱད། ཐབ་ཀྱི་མཆུའམ་མུ་རན་སོར་གསུམ། སྟེགས་བུ་ཡང་སོར་གསུམ་པ་རྣམས་སྐོར། ཕྱི་ནང་ཐམས་ཅད་དམར་རྒྱང་ངམ། སྟེགས་བུ་སེར་པོ་ཁ་ཁྱེར་ཚུན་ཆད་དམར་པོ་བྱས་ཀྱང་རུང༌། བཅད་ཐམས་ཅད་དཀར་པོའམ་སེར་པོ་གང་མོས་བྱ། ཐབ་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར། ཕྱག་མཚན་པདྨའམ། མདའ་གཞུའམ་ལྕགས་ཀྱུ་གང་རིགས་ཅིག་འབྲི། དེ་ཡང་མ་འགྲུབ་ན་ཚོམ་བུ་དམར་པོ་བྱ། ཁ་ཁྱེར་མུ་རན་རྣམས་ལའང་འགྲུབ་ན་མདའི་གཟུགས་ཀྱི་ཕྲེང་བ་བྲི་བའམ། ལྕགས་ཀྱུའི་ཕྲེང་བ་འབྲི། བསྡུས་པ་ལ་ཡིད་ཀྱིས་བསམ་པ་ཁོ་ནས་ཆོག །མཆོད་རྫས་མེ་ཏོག་དང་ཞལ་ཟས་དང་གཏོར་མ་རྣམས་དམར་པོ་བྱ། བསྲེག་རྫས་རང་ངོས་ཀྱི་གཡོན་དང༌། མཆོད་རྫས་གཡས་སུ་བཞག །ཐབ་བསྐྱེད་དུས། ཧྲཱིཿལས་བྱུང་བའི་དབང་གི་ཐབ་ཁུང་ཟླ་གམ་དམར་པོ་ཞེས་འདོན་པ་སྤོ་ཞིང༌། པདྨ་རྒྱས་པའི་དབྱིབས་ཅན་ཞེས་པ་དོར། མདུན་བསྐྱེད་མཆོད་པ་ཕུལ་མཚམས་ནས། སྐུ་མདོག་སོགས་མ་འགྱུར་པ་ལ། འོད་ཟེར་དམར་པོ་འཕྲོ་ཞིང་ཆགས་པའི་ཉམས་ཅན་དུ་གྱུར་པར་བསམ། བསྲེག་


TNT06_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་སྐབས་སུ་གཞན་འདྲ་བ་ལ། ཏིལ་ནས། ཡུངས་ཀར་གྱི་བར་བསྲེག་རྫས་སོ་སོའི་སྔགས་མི་དགོས། བདག་གི་སྡིག་སྒྲིབ་སོགས་ཀྱི་དོད་ལ། ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་བདག་གིས་ཝ་ཤཾ་མ་ན་ཡ་ཧོ། ཞེས་པའམ་བདག་ཅག་དཔོན་སློབ་རྣམས་ཀྱི་ཞེས་པ་ལྟ་བུ་ཇི་ལྟར་འོས་པ་སྦྱར། མར་ཁུ་དང་བུད་ཤིང་ལ་སོ་སོར་བྱེད། གཞན་གང་འབུལ་ཡང་རྫས་སྔགས་མི་དགོས། ཁྱད་པར་གྱི་དམ་རྫས་མེ་ཏོག་དམར་པོ་ལ་ཆང་གི་ཁ་སྤྲུ་བཏབ་པ་འབུལ་བ་ནི་ཁྱད་པར་རོ། །བཀྲ་ཤིས།། །།༈ སྦྱིན་སྲེག་གི་རྫས་ལ། ཞི་བ་ལ་ཡམ་ཤིང༌། པ་ལ་ཤ ། ཨུ་དུམ་བ་ར། ཀུཤྨ་རི། ཀ་དམ་པ། པ་མཱི། པླག་ཤ ། པ་ཌ་ལ་སོགས་པའི་ཤིང་འོ་མ་ཅན་གྱི་རྩེ་མོའི་ཆ་ལ་བྱས་པ། ལོ་མ་གཉིས་པ། ཤུན་པ་དང༌། བརླན་དང་བཅས་པ། ཕྲ་སྦོམ་མཐེབ་ཆུང་ཙམ། རིང་ཐུང་སོར་བཅུ་གཉིས་པ་ཐམས་ཅད་མཉམ་པར་བཅད་པ། ཡས་མར་གྱི་རྩེ་མོ་གཉིས་ལ་སྦྲང་རྩི་དང་མར་དང་འོ་མས་བྱུགས། བདུད་རྩི་དང་དྲི་བཟང་བྲན། སྲིན་ལག་དང་མཐེ་བོང་གི་རྩ་བ་ནས་བཟུངས་ལ་འབུལ། ཤིང་རྙིང་པས་འཆི། སྐྱོག་པོས་སྐལ་བ་ངན་པ། ཐུང་ངུས་རིག་པ་ཕྲལ་དུ་ཉམས། ལོ་མ་མེད་ན་ཚ་བ་འབྱུང༌། སྦོམ་པོས་ཕུན་སུམ་ཚོགས་པ་ཉམས། སྐམ་པོས་གཞན་ཡང་མི་འདོད་པ་སོགས་འབྱུང་བས་སྤང་བ་ནི། རྙིང་ལྕི་ཕྲ་དང་སྐྱོག་པ་ནི། །རིང་ཐུང་ལོ་མ་མེད་པ་དང༌། །སྲོག་ཆགས་ཀྱིས་ཟོས་བྲུལ་བ་དང༌། །ཤུན་བྲལ་ཆག་དང་བུ་ག་ཅན། །རྩེ་མོ་གཉིས་ལྡན་སྦོམ་པ་སྤངས། །ཞེས་སོ། །རྒྱས་པ་ལ་ཡམ་ཤིང་ནི་རྒྱུ་ཞི་བ་དང་འདྲ། དེ་ཡང་དབུས་ཀྱི་ཆ་ལས་བྱས་པ་


TNT06_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་གང་བའོ། །དབང་ལ་ཞི་བ་ལྟར་རམ། ཡང་ན། པྲི་ཡང་ཀུ། ཙམ་པ་ཀ ། སུ་ནཱ་ག །ཀླུ་ཤིང་ལ། ལ་གུ་ཙ། ཨ་ཤོ་ཀ་རྣམས་དང༌། གཞན་ཡང་འབྲས་བུ་དང་མེ་ཏོག་རོ་སྐྱུར་བ་ཁ་དོག་དམར་པོ་རྣམས་ཀྱི་བར་གྱི་ཆ་ལས་བྱས་པ། སོར་བཅུ་པའོ། །མངོན་སྤྱོད་ལ། ནིམ་པ། སེང་ལྡེང༌། ཀོ་བི་དཱ་ར། བྷི་ལོ་ཌ་ཀ ། མྱོས་བྱེད་རྣམས་དང༌། གཞན་ཡང་ཚ་བ། ཚེར་མ་ཅན། རོ་ཁ་བའི་ཤིང་དང༌། རོ་བསྲེགས་པའི་འགལ་དུམ་རྣམས་ཀྱི་རྩ་བའི་ཆ་ལས་བྱུང་བ། བཀས་པ། སོར་བཅུ་པ། རྩེ་མོ་གཉིས་རྣོ་བ་ལ། དུག་དང་ཁྲག་དང་ཡུངས་དམར་གྱིས་བསྐུས་པའི་ཡམ་ཤིང་བྱའོ། ལས་ཐམས་ཅད་པ་ལ་ནི། བ་ལ་ཤ ། ཨུ་དུམ་བ་ར། པླག་ཤ ། སེང་ལྡེང༌། ཨརྐ་ནྱགྲོ་དྷ། བེའི་ཀཾ་ཀ ། ཨ་མྲ། ཤ་མཱི། ཀཱཤྨ་རི། ཨ་པཱ་མརྒ། ཨ་ཤ་ཏ་རྣམས་གསར་པ། འཛུབ་གང་པ། དྲང་པོ། བདུད་རྩི་དང་བཅས་པའི་དྲི་བཟང་གི་ཆུས་བྲན་པ། ལས་དང་རྗེས་སུ་མཐུན་པའི་སྣུམ་ལ་སོགས་པས་བྱུགས་པའི་ཡམ་ཤིང་ངོ༌། །ལས་ཐམས་ཅད་པ་ལ་བསྲེག་རྫས་ཞི་བ་དང༌། རྒྱས་པ་ལས་བཤད་པ་ཐམས་ཅད་དང༌། གུ་གུལ་དང༌། ས་ལའི་ཐང་ཆུ་སྟེ་སྤོས་དཀར་ཡང་བསྲེག་གོ །རྡོ་རྗེ་གུར་ལས། ཞི་ལ་མེ་ཏོག་དཀར་པོ་སྟེ། །སེར་པོ་རྒྱས་པ་རྡོ་རྗེ་ལ། ཁྲོས་ལ་མེ་ཏོག་ནག་པོ་སྟེ། །ཤིན་ཏུ་དམར་བ་དབང་དགུག་ལའོ། །ཞེས་སོ། །རྡོ་རྗེ་མཁའ་འགྲོ་ལས། བུད་ཤིང་ཐབ་ཀྱི་དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང༌། །སྲོག་ཆགས་ལྡན་པ་སྤང་བར་བྱ། །ཞེས་སོ། །འོད་ཀྱི་སྙེ་མ་ལས་བསྡུས་སོ། །བཀྲ་ཤིས།། །།༈ སྔ་དྲོའི་ཐུན་ལ་


TNT06_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་ཉི་ཤུ་རྩ་གཅིག་ཙམ་བྱེད། ཐུན་གཞན་ཚོ་ལ། དེ་ཚོ་ཚར་གསུམ་རེས་ཆོག །བཟླས་པའི་སྐབས་རང་གིས་བཟླས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ནམ་མཁའ་ཁེངས་པས་བཟླ་རོགས་མཛད་པར་མོས། ཡ་མཱནྟ་ཀ་ལ་འབུམ་ཕྲག་བདུན། ཧྲཱིཿཥྚཱི༔འབུམ་ཕྲག་བཅུ་བཟླ་དགོས། ཡ་མ་རཱ་ཛ་ལ་བཟླ་ན་འབུམ་ཕྲག་གསུམ། ཐུན་མཚམས་སུ་རང་ཕྱག་གཉིས་པ་གཙོ་བོའི་ཐུགས་ཀ་ནས་སྤྲོས་པར་བསམ། གཏོར་ཆོག་སྲོད་ཐུན་ཁོ་ན་ལ་བྱས་པས་ཆོག །རྨི་ལམ་བཟང་བཟང་འདྲ་བ་ལ་དགའ་བ་ཡང་མི་བྱ། འཚུབ་པ་བྱུང་ན་བླ་མའི་གསོལ་འདེབས་དང༌། སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པ་ལ་ནན་ཆགས་བྱ། །བཀྲ་ཤིས།། །།༈ རྒྱུད་འདི་དབང་ཕྱུག་ཆེན་པོ་འདུལ་བའི་ཕྱིར་གསུངས་ཏེ། དེའང་སྔོན་དབང་ཕྱུག་ཆེན་པོ་དང་ལྷ་མོ་དབུ་མ་གཉིས་སྙོམས་པར་ཞུགས་པའི་དུས་སུ། དྲང་སྲོང་གཅིག་སླེང་དུ་བྱུང་བ་ལ་དབུ་མ་ཁྲོས་ཏེ། ད་ལྟའི་གནས་སྐབས་འདིར་སློང་བ་འདི་དང་འབྲེལ་བ་མ་ཡིན་ནམ་ཟེར་ནས། རང་གི་ཆོས་འབྱུང་གི་ནང་ནས་ས་བོན་མེའི་དྲོད་དང་འདྲ་བ་ཡོད་པ་བྲུས་ནས། དེའི་ཁར་བླུག་པས། དྲང་སྲོང་གི་ཁ་ཚིག་སྟེ། རྒྱ་མཚོའི་འགྲམ་དུ་ཁ་བཀྲུས་པས། ས་བོན་ཡོད་པ་ལ་གཞོན་ནུ་དྲུག་ཁྲུས་བྱས་ནས་སྤྲོས་པ་ལས། ཡིད་ཀྱི་བུ་གཅིག་བྱུང་བ་ལ། གཅིག་ན་རེ་ཁའི་བུ་ཡིན་ཟེར་བ་ལ། དྲུག་ཀ་མགུ་བར་བྱ་བའི་ཕྱིར་གདོང་དྲུག་ཏུ་སྤྲུལ་པ་ལས་གཞོན་ནུ་གདོང་དྲུག་ཏུ་གྲགས་སོ། །དེ་དང་ཕྱིས་ལྷ་མ་ཡིན་གྱི་རྒྱལ་པོ་རུ་ཏྲ་པྲ་མ་གཉིས། འཛམ་བུ་གླིང་དུ་འཐབས་པ་ལ། རུ་ཏྲ་རྒྱལ་


TNT06_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དུས་སུ་རི་རབ་ཀྱི་ཁོང་སེང་ན་དབང་ཕྱུག་ཆེན་པོ་ཡོད་པས། འཛམ་བུ་གླིང་དུ་བུ་ཕམ་པར་ཤེས་ནས། དེ་འདོད་ཁམས་ན་དབང་ཆེ་བ་ཡིན་པས། སུམ་ཅུ་རྩ་གསུམ་པའི་དམག་དང༌། ལྷ་མིན་གྱི་རྟ་པའི་ཚོགས་དང༌། ས་སྟེང་གི་ནད་བརྒྱད་དང༌། གདོན་བརྒྱད་ཀྱི་དམག་དྲངས་ཏེ། རུ་ཏྲ་ཕམ་པར་བྱས་སོ། །དེར་རུ་ཏྲས་འཇམ་པའི་རྡོ་རྗེ་ལ་སྐྱབས་སུ་སོང་བས། འཇམ་པའི་རྡོ་རྗེས་སུམ་ཅུ་རྩ་གསུམ་པའི་གཉེར་བོར་ཕྱག་སུམ་ཅུ་རྩ་བཞིར་སྤྲུལ། ས་འོག་གི་ལྷ་མིན་གྱི་གཉེན་པོར་མ་ཧེའི་གདོང་པར་སྦྲུལ། ས་སྟེང་གི་ནད་བརྒྱད་གདོན་བརྒྱད་ཀྱི་གཉེན་པོར་ཞབས་བཅུ་དྲུག་སྤྲུལ། དབང་ཕྱུག་ཆེན་པོའི་གཉེན་པོར་ལིང་ག་གྱེན་དུ་འགྲེང་བ་བསྟན་ནས། འཇིག་བྱེད་ཀྱི་རྒྱུད་འབུམ་པ་གསུངས། རྒྱུད་སྡེ་རྩོད་ལྡན་གྱི་འཛམ་གླིང་གི་མི་ཡིས་མི་རྟོགས་པས། ཨུ་རྒྱན་གྱི་ཡུལ་དྷརྨ་བྷ་ཛ་ཆོས་ཀྱི་མཛོད་དུ་མཁའ་འགྲོ་མ་རྣམས་ཀྱིས་རྒྱས་བཏབ་ནས་ལོངས་སྤྱོད་པ་ལ། སློབ་དཔོན་ལཱ་ལི་ཏ་བཛྲས་ཨུ་རྒྱན་གྱི་དུར་ཁྲོད་དུ་རྡོ་རྗེ་འཇིགས་བྱེད་བསྒྲུབས་པས་ཞལ་གཟིགས་ནས། མཁའ་འགྲོའི་མའི་ཕྱག་ནས་རྟོག་བདུན་སྤྱན་དྲངས་པའི་ཚུལ་ནི་སྔར་ལྟར་རོ། །ཞལ་ཤེས་ལག་ལེན་རྣམས་དང༌། གང་དགོས་རྣམས་ཕྱོགས་གཅིག་ཏུ་ཏཱ་ར་ནཱ་ཐས་ལེགས་པར་བྲིས་པའོ། །དགེའོ། །ཞུས་དག །


TNT06_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པ། next