Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར།
   


 
previousཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར། next

ཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར།


TNT06_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར་བཞུགས།


TNT06_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འདིར་ཤིན་ཏུ་ཟབ་པའི་སྲུང་བཟློག་བཤད་པར་བྱ་ཏེ། སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་བཏང༌། ཨོཾ་ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང༌། །བྷྲུཾ་ལས་འཁོར་ལོ་རྩིབས་བཅུ་སེར། ཁོང་སྟོང་གཡས་སུ་དྲག་ཏུ་འཁོར། །རྩེ་མོ་རབ་རྣོ་ལྟེ་བ་དང༌། །རྩིབས་བཅུར་པདྨ་ཉི་མའི་གདན། །དབུས་སུ་བྷྲུཾ་ལས་རང་ཉིད་ནི། །རྡོ་རྗེ་གཙུག་ཏོར་འཁོར་ལོས་སྒྱུར། །སེར་པོ་ཚད་སྐྱོབ་དཀར་པོ་ཅན། །ཕྱག་གཡས་འཁོར་ལོ་གཡོན་སྦྲུལ་ཞགས། །ཐུགས་ལས་ཧཱུཾ་བཅུ་ཕྱོགས་བཅུར་སྤྲོས། །རྩིབས་བཅུའི་གདན་ལ་འཁོད་པར་གྱུར། །ཤར་དུ་གཤིན་རྗེ་མཐར་བྱེད་ནི། །ཕྱག་གཡས་རྡོ་རྗེ་ཐོ་བ་ཕྱར། །ལྷོ་ཕྱོགས་ཤེས་རབ་མཐར་བྱེད་དཀར། །གཡས་པ་རྡོ་རྗེ་བེ་ཅོན་བསྣམས། །ནུབ་ཏུ་རྟ་མགྲིན་དམར་པོ་ནི། །ཕྱག་གཡས་པད་དམར་འདབ་བརྒྱད་འབར། །བྱང་དུ་བགེགས་མཐར་བྱེད་པ་ནི། །རྡོ་རྗེ་རྩེ་ལྔ་གདེངས་པ་བསྣམས། །བྱང་ཤར་མི་གཡོ་རལ་གྲི་སྟེ། །ཤར་ལྷོ་འདོད་རྒྱལ་ལྕགས་ཀྱུའོ། །ལྷོ་ནུབ་དབྱུག་སྔོན་དབྱུག་


TNT06_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕྱར། །ནུབ་བྱང་སྟོབས་ཆེན་རྩེ་གསུམ་སྡིགས། །སྟེང་དུ་ཧཱུཾ་མཛད་རང་གི་རྒྱ། །འོག་ཏུ་གནོད་མཛེས་གཏུན་ཤིང་འཛིན། ཁྲོ་བོ་བརྒྱད་ནི་སྐུ་མདོག་ནག །ཐམས་ཅད་སྤྱན་གསུམ་མཆེ་བ་གཙིགས། །སྨ་ར་སྨིན་མ་སྐྲ་སེར་རྫཻས། །རབ་ཏུ་མི་སྡུག་རྔམ་ལ་འཇིགས། །སྟགས་ལྤགས་སྦྲུལ་དང་མི་མགོས་རྒྱན། །ཕྱག་གཡོན་གནོད་བྱེད་ཚོགས་ལ་སྡིགས། །གཡོན་རྐྱང་སྟབས་ཀྱིས་མེ་དཔུང་བཞུགས། །མིག་ཏུ་ཀྵིཾ་དཀར་ས་སྙིང་དངོས། །རྣ་བར་ཕྱག་རྡོར་ཛྲི༵ཾ་ནག་པོ། །སྣ་ལ་ཁཾ་སེར་ནམ་མཁའི་སྙིང༌། །ལྕེ་ལ་གཾ་དམར་འཇིག་རྟེན་དབང༌། །དཔྲལ་བར་སྒྲིབ་སེར་སྐཾ་ལྗང་ཁུ། །ལྟེ་བར་ཀུན་བཟང་སཾ་སྔོན་པོ། །ཨོཾ་སྤྱི་བོར་སྐུ་ཡི་རྡོ་རྗེ་དཀར། །ཨཱཿམགྲིན་པར་གསུང་གི་རྡོ་རྗེ་དམར། །ཧཱུཾ་ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་མཐིང༌། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །རང་དང་འདྲ་བའི་བསྲུང་འཁོར་ནི། ཁྲོ་བོའི་ཚོགས་བཅས་མདུན་དུ་བྱོན། །ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པུཥྤེ་ལ་སོགས་པ་ལྔས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་ནས། ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་ཏེ། གཤིན་རྗེ་མཐར་བྱེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུ་རྒྱན། ཡང༌། ཨརྒྷཾ་ལ་སོགས་པས་མཆོད། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་


TNT06_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོ་ག་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། བསྣམས་པར་མཛོད། །མི་འཛིན་སྒྱུ་མ་ལྟ་བུ་ལ། །དགྱེས་པའི་གར་གྱིས་རོལ་བར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་ཏུ་གསོལ། །ཧོཿ ཆགས་པ་མེད་བཞིན་ཆགས་པར་མཛོད། །ཧཱུཾ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་རྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་དམིགས་པ་ནི་འདི་ལྟ་སྟེ། གནོད་བྱེད་བདུད་བཞི་མི་གཟུགས་ཅན། །དཀར་སེར་དམར་ནག་བཞི་པོ་ལ། །དགྲ་དང་བྱད་མ་བགེགས་ཀུན་ཐིམ། །འཁོར་ལོའི་རྩེ་མོས་གཅོད་པར་གྱུར། །ཐུགས་ཀར་འཁོར་ལོ་རྩིབས་བཅུ་སེར། །ཧཱུཾ་ཡིག་བཅུ་གཅིག་རྣམས་ཀྱིས་བརྒྱན། །ཧཱུཾ་དབུས་ཉི་ཟླ་ཁ་སྦྱོར་ནང༌། །སྣ་ཚོགས་ཐིག་ལེ་ཨ་ཡིས་མཚན། །ཧཱུཾ་ལས་འོད་འཕྲོས་སྡིག་སྒྲིབ་རྣམས། །བྱད་མའི་སྒོ་དགུ་དག་ལ་ཐིམ། །བསྲུང་བྱ་ཧཱུཾ་གི་ནང་དུ་གཞུག །ཤར་དུ་མཾ་དཀར་ལྷོར་ཨཾ་སེར། །ནུབ་ཏུ་རཾ་དམར་བྱང་ཕྱོགས་སུ། །དཾ་ཡིག་ལྗང་ནག་དུག་བཞིའི་དངོས། །རང་དང་བསྲུང་བྱའི་དུག་ཀུན་ཐིམ། །རྩིབས་ཀྱི་བཏུབས་ནས་ཕྱེ་མར་ཀླགས། །ཧཱུཾ་གི་མཐའ་མར་སྔགས་ཀྱིས་བསྐོར། །ཞེས་བརྗོད་པའམ་དོན་བསམ་མོ། །དེ་ནས་སྔགས་འདི་བཟླ་ཏེ། ཨོཾ་ཨཱཿཨུཥྞི་ཥ་བཛྲ་ཙཀྲ་བརྟི་སརྦ་ལོ་ཀཱི་ཀ ། ལོ་ཀོཏྟ་ཡནྟྲ་མནྟྲ་ཏནྟྲ་པྲ་ཡོ་ག་དི་ནཱི་སརྦ་བི་ཥ་བི་ཙུརྞཱ་ཡ་བི་ཙུརྞཱ་ཡ།


TNT06_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏནྟ་ནི་ཀ་རི་ཏ་ནི་སརྦ་བིགྷྣཱན། ཚིནྡ་ཚིནྡ་བྷིནྡ་བྷིནྡ་ཀཾ་པ་ཡ་ཀཾ་པ་ཡ། ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བི་དྷྭནྶ་ཡ་བི་དྷྭནྶ། ཤ་ཏ་ས་ཧ་སྲ། སརྦ་བི་ཥ་བི་ཙུརྞཱ་ཡ་བི་ཙུརྞཱ་ཡ། ཨུཥྞི་ཥ་བཛྲ་ཙཀྲ་བརྟི་བྷྲུཾ་བྷྲུཾ་བྷྲུཾ་རཀྵ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ་ཏེ་སྲུང་བའོ། །ཁྲོ་བོ་ཐམས་ཅད་རབ་ཁྲོས་ཏེ། །ཞལ་ནི་ཕྱི་རོལ་བསྟན་པར་གྱུར། །འཁོར་ལོ་གཡོན་ཏུ་དྲག་ཏུ་འཁོར། །མེ་རླུང་ཞགས་པ་ལྕགས་ཀྱུ་ཡིས། །བྱད་མ་འཁྲུལ་འཁོར་ལྷ་སྔགས་བཅས། །ཐལ་བ་བཞིན་དུ་རླག་པར་གྱུར། །སྲོག་སྙིང་ཧཱུཾ་གི་རྣམ་པར་བཀུག །རང་སེམས་ཧཱུཾ་གི་འོག་ཏུ་མནན། །སྔགས་སྔ་མ་ཁོ་ནས་ཀྱང་རུང་ལ། ལྡེ་སྒྱུར་བར་འདོད་ན། བྷྲུཾ་བྷྲུཾ་བྷྲུཾ་ཧཱུཾ་ཧཱུཾ་ཧཱུཾ་སུ་ཨ་ཏྲ་ཡ་མ་བཟློག་བཟློག་ཕཊ་སྭཱཧཱ། ཞེས་པ་ཏེ་ཇི་ལྟར་འོས་པ་བཟླའོ། །རྒྱུན་གྱི་ཉམས་ལེན་སྲུང་བཟློག་ལ་དེ་ཙམ་གྱིས་ཆོག་ལ། ཧཱུཾ་ཧཱུཾ་ཧཱུཾ་གནོད་བྱེད་སྟཾ་བྷ་ཡ་ནཾ། ཞེས་པ་དང༌། ཧཱུཾ་ཧཱུཾ་ཧཱུཾ་གནོད་བྱེད་མཱ་ར་ཡ་ཕཊ་ཅེས་མཐའ་སྒྱུར་བ་ནི། མནན་པ་དང་བསད་པའི་སྐབས་སུ་དགོས་ཏེ། དེའི་མན་ངག་ནི་ཡིག་རྙིང་ལས་ཤེས་པར་བྱའོ། །མཐར་ཨརྒྷཾ་ལ་སོགས་པས་མཆོད་པ་དང༌། ཁྲོ་བོ་ཞེ་སྡང་སོགས་ཀྱིས་བསྟོད། དེ་ནས་འོད་གསལ་དུ་བསྡུའམ་མི་བསྡུ་སྐབས་དང་སྦྱར། བར་འདིར་བདེན་སྟོབས་བརྗོད་ཅིང༌། སྨོད་པ་བདབ་པར་འདོད་ན། རྩ་བ་དང་རྒྱུད་བར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌།


TNT06_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱི་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། གསང་སྔགས་དང༌། རིགས་སྔགས་དང༌། གཟུངས་སྔགས་ཆོ་ག་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱི། སུ་གང་དག་བདག་ཅག་དཔོན་སློབ་དགེ་འདུན་དང་བཅས་པ་དང༌། བསྟན་པ་སྤེལ་བར་བྱེད་པ་ལ་སྡང་བའི་སེམས་དང་ལྡན་པ་ཞེས་སོགས། སྐབས་སུ་བབ་པའི་ཚིག་འདོན་བསྒྱུར་ཞིང་འཚམས་སྦྱར་ཏེ། སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། བསམ་པ་དང་སྦྱོར་བ་ངན་པ་བྱེད་པའི་དགྲ་དང་བགེགས་དང་བྱད་མ་དང༌། དེ་དག་གི་རྒྱབ་བརྟེན་དང་ཕྱོགས་འཛིན་པ་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་རླག་པར་གྱུར་ཅིག །སྟོབས་རླག་པར་གྱུར་ཅིག །རྫུ་འཕྲུལ་རླག་པར་གྱུར་ཅིག །དེས་སྒྲུབས་པའི་སྔགས་ཀྱིས་དེ་ཉིད་རླག་པར་གྱུར་ཅིག །དེས་སྒྲུབས་པའི་རྫས་དང་འཁྲུལ་འཁོར་གྱིས་དེ་ཉིད་འཇོམས་པར་གྱུར་ཅིག །དེས་སྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ལ་ཟ་ཞིང་ཁྲག་ལ་འཐུང་བར་གྱུར་ཅིག །བདག་ཅག་ལ་གནོད་བྱེད་དགྲ་བགེགས་གདུག་པ་ཅན་འདི་དག་ལ། དེ་རྣམས་ཉིད་ཀྱི་བླ་མ་དང་ཡི་དམ་དང་སྲུང་མ་རྣམས་རང་གཤེད་དུ་འབབ་པར་གྱུར་ཅིག །དེ་རྣམས་ཉིད་ཀྱི་སྲུང་བ་དང་བཟློག་པ་དང༌། དྲག་པོའི་ལས་བྱས་པ་ཐམས་ཅད་རང་གཤེད་དུ་འབབ་པར་གྱུར་ཅིག །དེ་རྣམས་ཉིད་ཀྱི་ལྷ་དང་སྔགས་


TNT06_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིམ་གྲོ་དང་དགེ་བའི་ལས་བགྱིས་པ་ཐམས་ཅད་ཀྱང༌། དེ་རྣམས་ཉིད་ལ་རང་གཤེད་དུ་འབབ་པར་གྱུར་ཅིག །སྲིད་པ་གསུམ་གྱི་ནད་དང་དུག་དང་མཚོན་ཆ་དང༌། ཉོན་མོངས་པ་དང༌། ལས་ངན་པ་དང༌། སྡུག་བསྔལ་ཐམས་ཅད་དང༌། དགྲ་བགེགས་བྱད་མ་འདི་རྣམས་ལ་འབབ་པར་གྱུར་ཅིག །ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར། གྲྀཧྞ་གྲྀཧྞ་བནྡྷ་བནྡྷ། ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ། ཉི་མ་གཅིག་ལ་བསད་པར་མཛོད་ཅིག་ཧཱུཾ་ཕཊ། བྷསྨི་ཀུ་རུ་ཡེ་ཧཱུཾ་ཕཊ། སརྦ་ནི་ཝ་ར་ཎཱ་ཡ་ཧཱུཾ་ཕཊ། ཅེས་ཐལ་མོ་རྡབ་བོ། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་བསམ་སྦྱོར་དག་པ་རྣམས་ཀྱི་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ལོངས་སྤྱོད་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །བསམ་པའི་དོན་འགྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །དམ་པའི་ཆོས་བཞིན་སྤྱོད་པ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཆོས་དབྱིངས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག །དྲག་པོའི་སྐབས་ཞི་བར་གྱུར་ཅིག་ལ་བཟློག་པར་ཞེས་སྤོའོ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་


TNT06_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བགེགས་དང་ལོག་པར་འདྲེན་པ་རྣམས། །གདུལ་དཀའ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུང་པ་རྣམས་ཚར་གཅོད་ཤོག །གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །ཞེས་ཨུཥྞི་ཥ་རྭ་ལུགས་ཀྱི་གདམས་ངག་ཅེས་བྱ་བ། སྲུང་བཟློག་བསད་གསུམ་གྱི་མན་ངག །ཆེས་ཟབ་པ་ལས་ཀྱང་ཟབ་པར་ཡོད་པའི་ནང་ནས་ངག་འདོན་སྙིང་པོ་མདོ་ཙམ་བྱུང་བ་འདི་ཡང༌། རྒྱུན་གྱི་ཉམས་ལེན་དུ་མཁོ་བར་བསམས་ནས། ཏཱ་ར་ནཱ་ཐས་ཉེ་བར་བརྗོད་པའོ། །མངྒ་ལཾ། །རྩ་གསུམ་རྒྱ་མཚོའི་སྤྱི་རྗེ་པདྨ་འབྱུང༌། །གང་འདུལ་ཟློས་གར་རྟོན་པ་བཞི་ལྡན་མཆོག །ཤེས་རབ་རྒྱལ་མཚན་ཞབས་ལ་གུས་གསོལ་འདེབས། །བྱིན་བརླབས་སྙིང་ལ་ཞུགས་པར་ཐུགས་རྗེ་གཟིགས། །སྐྱེ་འདིར་བདག་གིས་ཟབ་མོ་གསང་ཆེན་ཐེག །ཀུན་བཟང་ཐུགས་ཀྱི་གསང་བཅུད་རྫོགས་པ་ཆེ། །མངོན་གྱུར་ཁྱད་པར་ངེས་དོན་དབུ་མའི་ལམ། །མཐའ་བྲལ་གནས་ལུགས་མྱུར་དུ་རྟོགས་པར་ཤོག །དེར་བརྟེན་ཕྱི་མར་ལས་འབྲེལ་གང་ཡོད་ཅིང༌། །པདྨ་འོད་དང་དཔལ་ལྡན་ཤམྦྷ་ལར། །ཟབ་དགོངས་སྔགས་རིགས་འཛིན་པར་ཡོངས་འཕོས་ནས། །ཚེ་དེར་གསང་ཆེན་ལེགས་མཐར་ཕྱིན་གྱུར་ཅིག །ཅེས་པར་བཞེངས་མཁན་ངག་དབང་ཡོན་ཏན་བཟང་པོའི་ཞེས་ངོར་མ་ཏིས་སྨྲས་པའོ། །བསོད་ནམས་སྟོབས་ཀྱིས་ལུས་འདི་བོར་མ་ཐག །པདྨ་འབྱུང་གནས་གང་འདུལ་རོལ་པའི་གར། །རྔ་ཡབ་གླིང་གི་མངའ་བདག་དགྱེས་བཞུགས་དྲུང༌། །ཐུགས་སྲས་དམ་པའི་དགོངས་ཆེན་སྤྱོད་གྱུར་ཅིག །ཅེས་པའང་མ་ཏིས་སོ།། །།


previousཨུཥྞི་ཥ་རྭ་ལུགས་ཀྱི་ངག་འདོན་རྒྱུན་ཁྱེར། next