Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
དཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས།next

དཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས།


TNT07_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས་བཞུགས།


TNT07_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ་བཛྲ་ཨཱ་ཙརྱ་ཙ་ར་ཎ་ན་མོ་ན་མ། རྩ་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ། བླ་མའི་ཡོན་ཏན་དྲན་པའི་གསོལ་འདེབས་ཅེས་བྱ་བ། བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ལྷ་དང་བཅས་པའི་འབྱུང་པོ་ཀུན་གྱིས་རབ་ཏུ་གུས་པས་བཏུད་ནས་གང་གི་ཞབས་སེན་སྤྱི་བོས་བསྟེན། །ཡེ་ཤེས་སྣང་བས་ཁམས་གསུམ་ཐམས་ཅད་དུས་རྣམས་ཀུན་ཏུ་ཕྱོགས་ཀྱི་འཁོར་ལོ་གསལ་བར་མཛད་པའི་མགོན། །གཉིས་བྲལ་རིས་མེད་མི་འགྱུར་བདེ་བས་ཐུགས་རྒྱུད་གཏམས་ཤིང་བརྟན་གཡོ་སྲིད་ཞི་ཀུན་གྱི་རང་བཞིན་མཁྱེན། །རྡོ་རྗེ་སློབ་དཔོན་སྟོབས་བཅུ་མངའ་བ་ཡོན་ཏན་རྒྱ་མཚོ་རིགས་ཀྱི་བདག་པོར་གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །རྡོ་རྗེ་རྣམ་གསུམ་དབྱེར་མེད་བདེ་ཆེན་སྐུ། །ཀུན་ཏུ་ཆད་མེད་ལེགས་སྦྱར་གཞོམ་མེད་གསུང༌། །གཡོ་མེད་ལྷུན་འགྲུབ་ཟུང་འཇུག་རྡོ་རྗེའི་ཐུགས། །རྒྱལ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཟག་མེད་བདེ་བསྐྱེད་མ། །སྤྲོས་བྲལ་མཁའ་ལ་ཡེ་ཤེས་འོད་སྟོང་ཤར། །མཚན་


TNT07_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས་རབ་སྤྲས་དཔག་ཡས་དཀྱིལ་འཁོར་ཅན། །རྡོ་རྗེ་རྣལ་འབྱོར་མ་ལ༴ རྒྱལ་བ་སྲས་བཅས་ཀུན་གྱི་སྒྲ་འཛིན་དངོས། །རྒྱུད་དང་མདོ་སྡེ་མཐའ་དག་སྡུད་པའོ། །ས་བཅུའི་དབང་ཕྱུག་རྗེ་བཙུན་གསང་བའི་བདག།ཕྱག་ན་རྡོ་རྗེའི་འཛིན་ལ༴ འདོད་པའི་ལྷ་དང་གྲུབ་པས་རྗེས་བཟུང་བས། །སྙིང་པོའི་དོན་གཟིགས་གདོད་མའི་མགོན་པོར་གྱུར། །གྲུབ་བརྙེས་ཀུན་གྱི་གཙོ་བོ་ཟླ་མེད་པ། །ས་ར་ཧ་པའི་ཞབས་ལ༴ སྤྲོས་བྲལ་རིག་པའི་རྡོ་རྗེས་མཐའ་གཉིས་བཅོམ། །རབ་དགའ་ལེགས་གྲུབ་བདེ་བ་ཅན་དུ་གཤེགས། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཆོག་བརྙེས་པ། །འཕགས་པ་ཀླུ་སྒྲུབ་ཞབས་ལ༴ དེ་ཡིས་རྗེས་བཟུང་བློ་གྲོས་རིན་ཆེན་གྱིས། །ལུང་བསྟན་རྔོན་པའི་སྤྱོད་པས་འགྲོ་བ་འདུལ། །སྐྱེ་འཇིག་བྲལ་བས་ཁྱབ་བདག་གོ་འཕང་བརྙེས། །རི་ཁྲོད་དབང་ཕྱུག་ཞབས་ལ༴ མཁའ་འགྲོས་དངོས་སུ་བྱིན་རླབས་དཀའ་བ་སྤྱད། །སྤྲོས་མེད་སྤྱོད་པས་མཆོག་གི་དངོས་གྲུབ་ཐོབ། །རིག་འཛིན་ཀུན་གྱི་གཙོ་བོ་ལཱུ་ཡི་པ། །ཀུན་ཏུ་


TNT07_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཞབས་ལ༴ འཁོར་བའི་གནས་ཚུལ་མཁྱེན་ནས་རྒྱལ་སྲིད་སྤངས། །ཨ་ཝ་དྷུ་ཏཱའི་སྤྱོད་པས་དོན་མཆོག་གྲུབ། ཁྲི་དང་དྲུག་སྟོང་འཁོར་བཅས་མཁའ་ལ་གཤེགས། །དཱ་རི་ཀ་པའི་ཞབས་ལ༴ གནས་ལྔ་རིག་པའི་མཐར་ཐུག་རྒོལ་བ་འཇོམས། །རིམ་ལྔའི་ལམ་ལས་མགོན་ཁྱོད་མངོན་བྱང་ཆུབ། །ངོ་མཚར་ཆོ་འཕྲུལ་བསྟན་པས་འགྲོ་ཀུན་ཏུ། །རྡོ་རྗེ་དྲིལ་བུ་པ་ལ༴ ཨིནྡྲ་བྷུ་ཏི་ལཀྵིཾ་ལ་སོགས་པས། །རྗེས་སུ་བཟུང་ནས་ཚེ་གཅིག་གྲུབ་པ་བརྙེས། །བརྟུལ་ཞུགས་སྤྱོད་པའི་རོལ་པ་མཐའ་ཡས་སྟོན། །ཀཙྪ་ལི་པའི་ཞབས་ལ༴ ངེས་མེད་སྤྱོད་པས་ཟུང་འཇུག་ཆེན་པོ་བརྙེས། །དཔག་ཡས་གྲུབ་པའི་དབང་པོས་ཁྱོད་ཞབས་བསྟེན། །དཔའ་བོ་རྣལ་འབྱོར་མ་ཡིས་ཚོགས་ཀྱིས་མགོན། །ཛ་ལན་དཱ་རའི་ཞབས༴ ཏིང་འཛིན་བརྟན་པས་གཟུང་འཛིན་སྤྲོས་པ་བཅད། །སྤྲོས་བཅས་སྤྱོད་པས་བདུད་དང་མུ་སྟེགས་བཏུལ། །རྒྱལ་བའི་ལུང་བསྟན་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པའི་ཞབས་ལ༴ རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས། །རིམ་གཉིས་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ། །མི་སྲུན་གདུག་པའི་མཁའ་འགྲོ་མ་ཡང་བཏུལ། །གྲུབ་ཆེན་གུ་ཧྱ་པ་ལ༴ དེ་ཡིས་ཞབས་བསྟེན་རྒྱུད་སྡེ་བཞི་ལ་མཁས། །རིམ་བཞིན་མཐར་ཕྱིན་སྤྱོད་པ་གསུམ་ལ་སློབ། །སྡིག་སྤྱོད་རྒྱལ་པོ་འདུལ་མཛད་རྣམ་རྒྱལ་ཞབས། །བར་མའི་སློབ་དཔོན་མཆོག་ལ༴ གཉིས་སྣང་སྤྲིན་ཚོགས་འོད་གསལ་ནམ་མཁར་ཐིམ། །རྣམ་དག་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །


TNT07_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གཉིས་ཀུན་སྤང་རིག་ངན་ཚུལ་འཛིན་པ། །རྗེ་བཙུན་ཏིལླི་པ་ལ༴ སྨྲ་བའི་དབང་ཕྱུག་རིག་པའི་གནས་ཀུན་མཁྱེན། །བླ་མ་དགེས་ཕྱིར་དཀའ་བ་དཔག་མེད་སྤྱད། །ལས་འཕྲོ་སད་པས་ལྷན་སྐྱེས་ཡེ་ཤེས་བརྙེས། །ན་རོ་ཏ་པའི་ཞབས་ལ༴ སྲོག་རླུང་དབུ་མར་ཐིམ་ཞིང་རྫུ་འཕྲུལ་དང༌། །ལྟ་སྟངས་ཐོགས་མེད་གྲུབ་པས་གཞན་དོན་མཛོད། །གསང་སྔགས་འཛིན་པའི་གཙོ་བོར་ཀུན་གྱིས་བཀུར། །ཕ་ན་ཐིང་གུ་པ་ལ༴ ཧེ་རུ་ཀ་དཔལ་མཆོག་གིས་རྗེས་སུ་གཟུང༌། །མཁས་པའི་ཕུལ་ཕྱིན་བདེ་མཆོག་སྨྲ་བ་ཡིས། །ཕྱོགས་ཀུན་ཁྱབ་མཛད་ཇོ་བོ་སུ་མཱ་ཏི། །བྷ་རནྟ་པའི་ཞབས་ལ༴ བླ་མ་གུས་པར་བསྟེན་པས་གདམས་ངག་ཐོབ། །བརྩོན་པར་བསྒྲུབ་པས་ནུས་མཐུ་མངོན་དུ་གྱུར། །ལྷག་བསམ་རིན་ཆེན་མཆོག་ལྡན་ཤེས་རབ་བརྩེགས། །ཀློག་སྐྱ་ལོ་ཙཱའི་ཞབས་ལ༴ བསོད་ནམས་མཐུ་ཡིས་བླ་མ་དམ་པ་མཇལ། །མོས་གུས་དབང་གིས་ཆོས་ཀུན་ཇི་བཞིན་མཁྱེན། །སྐད་གཉིས་སྨྲ་བ་མལ་གྱོ་ལོ་ཙཱ་བ། །བློ་གྲོས་གྲགས་པའི་ཞབས་ལ༴ མཁྱེན་རབ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ། །འཇམ་པའི་དབྱངས་ཀྱི་དངོས་སུ་བྱིན་གྱིས་རློབས། །བསམ་ཡས་ཏིང་འཛིན་བརྙེས་པའི་ས་སྐྱ་བ། །ཀུན་དགའ་སྙིང་པོའི་ཞབས་ལ༴ སྔོན་བསགས་བསོད་ནམས་ཡེ་ཤེས་རྒྱ་ཆེ་བས། །རྡོ་རྗེ་འཛིན་པ་ཀུན་གྱི་རྩེ་མོར་སོན། །བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་ཡི། །བསོད་ནམས་རྩེ་མོའི་ཞབས་ལ༴ ཕྱོགས་འདིར་སྔགས་པར་གྲགས་པ་


TNT07_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཆོག །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་པར་འཛིན། །མངོན་ཤེས་མཐུ་སྟོབས་ཟད་པ་མི་མངའ་བའི། །རྗེ་བཙུན་ཆེན་པོའི་ཞབས་ལ༴ གཞོན་ནུའི་དུས་ནས་འཇམ་དཔལ་གཉིས་པར་གྲགས། །ལྷ་དང་བླ་མས་བྱིན་རླབས་ལུང་བསྟན་ཐོབ། །རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་ཞབས་ལ༴ གསུང་རབ་ཐམས་ཅད་གཟིགས་པ་ཙམ་གྱིས་མཁྱེན། །སྨོན་ལམ་མཐུ་ཆེན་རྒྱལ་བའི་སྲས་པོ་ནི། །འགྲོ་ལ་སྙིང་ནས་བརྩེ་བས་གཞན་དོན་མཛད། །ཆོས་རྒྱལ་འཕགས་པའི་ཞབས་ལ༴ གཞུང་ལུགས་དཔག་མེད་མཁྱེན་པའི་རིན་པོ་ཆེ། །འགྲོ་ཀུན་ཕན་བདེ་མཛད་པའི་ཐུགས་རྗེ་ཅན། །བསྟན་པ་རིན་ཆེན་སྒྲོན་མེ་ཕྱོགས་བཅུར་སྦར། །མང་མཁར་ལོ་ཙཱའི་ཞབས་ལ༴ སྐྱེས་བུ་དམ་པ་དུ་མའི་ཞབས་བསྟེན་པས། །དབང་ལུང་མན་ངག་ཐམས་ཅད་ཐུགས་སུ་ཆུད། །དམ་ཆོས་གསལ་མཛད་བཤེས་གཉེན་དམ་པ་སྟེ། །དཔལ་ལྡན་སེང་གེའི་ཞབས་ལ༴ ཤེས་བྱ་ཀུན་ལ་མི་མཁྱེན་གང་ཡང་མེད། །གངས་ཅན་བསྟན་འཛིན་དུས་གསུམ་བྱུང་རྣམས་ཀྱིས། །རབ་མཆོག་གཙོ་བོ་སྐལ་བཟང་སེམས་དཔའ་མཆོག །བུ་སྟོན་ཆོས་རྗེས་ཞབས་ལ༴ སྐྱེ་རྒུའི་གཙུག་རྒྱན་བསམ་པ་ཡེ་ཤེས་ཆེ། །མ་ལུས་ཆོས་རྣམས་ཐམས་ཅད་མཁྱེན་པར་ཆུད། །བསླབ་གསུམ་དྲི་མེད་ཡེ་ཤེས་མུ་མཐའ་ཡས། །བསོད་ནམས་རྒྱལ་མཚན་ཞབས་ལ༴ རྣམ་ཐར་གསུམ་ལ་ཉེས་སྐྱོན་ཐམས་ཅད་སྤངས། །དད་དང་བརྩོན་


TNT07_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཤེས་རབ་ཐོས་པ་སོགས། །གང་གི་ཐུགས་ལ་འགྲན་པ་བཞིན་དུ་གནས། །བྱང་ཆུབ་སེང་གེའི་ཞབས་ལ༴ རིགས་རུས་ཆོ་འབྲང་སྐྱོན་མེད་རིགས་སུ་འཁྲུངས། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན་ནས་ཀྱང༌། །བརྩེ་བའི་ཕྱག་གིས་འགྲོ་རྣམས་སྐྱོང་མཛད་པ། །ཡེ་ཤེས་རྒྱལ་མཚན་ཞབས་ལ༴ རྡོ་རྗེ་ཐེག་པའི་ཆོས་ཀུན་གསན་ཞིང་མཁྱེན། །ལྷག་པའི་ཚུལ་ཁྲིམས་གསང་གསུམ་ཉེས་ཀུན་བྲལ། །བྱིན་རླབས་སྟོབས་ཀྱིས་རྒྱ་ཆེན་འཕྲིན་ལས་ཅན། །ཀུན་དགའ་བཟང་པོའི་ཞབས་ལ༴ རྩོད་དུས་ཀུན་མཁྱེན་རིན་ཆེན་གྲུབ་ཀྱི་གསུང༌། །དྲི་མེད་ཆོས་ལ་ཐོས་བསམ་རྒྱུད་སྦྱངས་ཤིང༌། །རྡོ་རྗེ་སློབ་དཔོན་གནས་ཐོབ་དུས་འཁོར་བ། །རིན་ཆེན་བཀྲ་ཤིས་ཞབས་ལ༴ བདེན་གཉིས་རྣམ་པར་དབྱེ་བ་འགྲན་ཟླ་བྲལ། །སོ་སོ་ཡང་དག་རིག་པ་བཞི་རྣམས་ཀྱིས། །འགྲོ་ཕན་བསམ་གྱི་མི་ཁྱབ་སྤྱོད་ཡུལ་ཅན། །ཤཱཀྱ་མཆོག་ལྡན་ཞབས་ལ༴ ཐོགས་མེད་དུས་ནས་ཚོགས་གཉིས་བསགས་པའི་མཐུས། །ཐུགས་རྗེའི་དྲི་བསུང་ཕྱོགས་བཅུ་མ་ལུས་ཁྱབ། །ང་རྒྱལ་མི་མངའ་མཁྱེན་པའི་གཏེར་ཆེན་པོ། །བྲག་དཀར་སེམས་དཔའི་ཞབས་ལ༴ རང་བྱུང་ལྷན་སྐྱེས་འོད་གསལ་མངོན་དུ་གྱུར། །གནས་ལུགས་མཁྱེན་པས་སྣང་གྲགས་སྒྱུ་མར་གཟིགས། །རླབས་ཆེན་སྤྱོད་པས་རང་གཞན་ཕན་བདེ་བསྒྲུབས། །བཀྲ་ཤིས་རྣམ་རྒྱལ་ཞབས་ལ༴ །བླ་མ་ལྷག་པའི་ལྷ་ཡིས་བྱིན་གྱིས་རླབས། །བརྟུལ་བཞུགས་དབང་


TNT07_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ངུར་སྨྲིག་འཛིན་པའི་མཆོག །ཡེ་ཤེས་ཐུགས་རྗེས་ཟོལ་མེད་མངའ་བ་ཡིས། །ཀུན་དགའ་གྲོལ་མཆོག་ཞབས་ལ༴ གང་སྣང་ཐམས་ཅད་བདེ་ཆེན་རོལ་པར་གཟིགས། །མཐའ་བྲལ་རྟོགས་པས་སྒྲིབ་གཉིས་རང་སར་གྲོལ། །རྒྱལ་བ་རྒྱལ་སྲས་ཐམས་ཅད་འདུས་པའི་དངོས། །ལྷ་དབང་གྲགས་པའི་ཞབས༴ ཡང་ན། བགྲང་ཡས་མདོ་རྒྱུད་ཀུན་ལ་མཁྱེན་པ་རྒྱས། །ལྷན་སྐྱེས་དགའ་བའི་རོལ་པ་དམ་ཆོས་ཀྱི། །རྒྱལ་མཚན་སྒྲེང་མཛད་རྗེ་བཙུན་རྡོ་རྗེ་འཆང༌། །ཀུན་དགའ་རྒྱལ་མཚན་ཞབས་ལ༴ ཕྱིན་ཆད་བརྒྱུད་པའི་བླ་མ་འདིར་འཇུག།འོག་མ་རྣམས་ཕྱིན་ཆད་ཀྱང་རྩ་བའི་བླ་མའི་གསོལ་འདེབས་སུ་བྱའོ། །རིགས་ཀུན་བདག་པོ་མ་ལུས་འཁོར་ལོའི་མགོན། །གསང་གསུམ་ཟུང་འཇུག་བདེ་ཆེན་རྡོ་རྗེའི་དངོས། །སྐྱབས་གནས་ཐམས་ཅད་གཅིག་ཏུ་འདུས་པའི་རྗེ། །རྩ་བའི་བླ་མའི་ཞབས་ལ༴ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུམ་དངོས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་མཛོད། །རིག་གྲོལ་གཉིས་ལྡན་འདུས་པ་ཀུན་གྱི་རྗེ། །སྐྱབས་གནས་ཀུན་འདུས་ཁྱེད་ལ༴ སྲིད་དང་ཞི་བའི་ཕུན་སུམ་ཚོགས་པ་ཀུན། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་སྟོབས་ལས་བྱུང༌། །མཐོ་རིས་ཐར་པའི་ལམ་སྟོན་མཁྱེན་བརྩེའི་གཏེར། །ཆོས་རྗེ་བླ་མའི་ཞབས་ལ༴ སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་དང༌། །ལྷ་དང་རབ་བྱུང་ཁྱིམ་པ་མུ་སྟེགས་བྱེད། །བརྟན་གཡོའི་དངོས་པོ་ཀུན་གྱི་ཚུལ་བཟུང་ནས། །གང་འདུལ་འགྲོ་དོན་མཛད་ལ༴ འདུས་


TNT07_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཐམས་ཅད་གློག་ལྟར་མི་རྟག་ཅིང༌། །སྲིད་པ་མཐའ་དག་སྡུག་བསྔལ་གསུམ་རང་བཞིན། །དལ་འབྱོར་ཤིན་ཏུ་རྙེད་དཀའ་བསྟན་པ་ཡིས། །དང་པོར་འདྲེན་མཛད་ཁྱོད་ལ༴ བདེ་སྡུག་ཀུན་གྱི་རྒྱུར་གྱུར་དགེ་སྡིག་གི །བླང་དོར་འཁྲུལ་པ་མེད་པར་སྟོན་པ་པོ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ལམ་མཁན་གྱིས། །ཐར་པར་འཁྲིད་མཁས་ཁྱོད་ལ༴ རིན་ཆེན་བྱང་ཆུབ་སེམས་ཀྱི་ནོར་སྦྱིན་ནས། །ཐེག་མཆོག་རབ་ཏུ་ཡངས་པའི་གྲོང་ཁྱེར་དུ། །སྟོང་ཉིད་སྙིང་རྗེའི་དགའ་སྟོན་སྩོལ་མཛད་པ། །རྒྱལ་བའི་ལམ་སྟོན་ཁྱོད་ལ༴ །དྲི་མེད་དབང་སྐུར་རྣམས་ཀྱིས་བྱིན་རླབས་ཤིང༌། །བསྐྱེད་པའི་རིམ་པས་སྐྱེ་འཆི་བར་དོ་ཡི། །བག་ཆགས་སྦྱོང་ཞིང་ཐ་མལ་སྣང་ཞེན་ཟློག །སྨིན་བྱེད་ལམ་སྟོན་ཆོས་རྗེར༴ །ཨ་ཝ་དྷཱུ་ཏཱིར་གནད་དུ་བསྣུན་པ་ལས། །རླུང་དང་ཁམས་ཀྱི་བགྲོད་པ་ཀུན་ཐིམ་པས། །གཏུམ་མོ་རྣམ་གསུམ་འབར་བས་ཞུ་བདེ་ཐོབ། །བདེ་སྟོང་སྟོན་མཛད་ཁྱོད་ལ༴ །བདེ་བའི་རང་བཞིན་མཐའ་བཞི་སྤྲོས་དང་བྲལ། །སེམས་ཉིད་བདེ་བའི་ངོ་བོར་རྣམ་གནས་པ། །རིས་མེད་ངོ་བོར་སྣང་གསུམ་རང་བཞིན་ཐིམ། །བདེ་ཆེན་ལམ་བཟང་གསལ་ལ༴ ཐོག་མཐའ་མེད་པའི་སེམས་ཉིད་བདེ་བའི་དངོས། །ཞུ་བདེའི་རྐྱེན་གྱིས་དྲི་མ་སྦྱངས་པ་ལས། །ཟུང་འཇུག་དཀྱིལ་འཁོར་ཡན་ལག་བདུན་ལྡན་པ། །རྫོགས་རིམ་མཐར་ཐུག་སྟོན་ལ༴ གདོད་ནས་མཐའ་བྲལ་བདེ་ཆེན་མཚན་དཔེས་སྤྲས། །ཐུགས་རྗེ་ཆེན་པོས་འཁོར་བ་མ་སྟོང་


TNT07_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པར། །འགྲོ་ལ་ཕན་བདེའི་མཐར་ཐུག་འབྲས་རབ་སྩོལ། །སྐུ་གསུམ་མངོན་གྱུར་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ཚེ་འདིར་བླ་མེད་བྱང་ཆུབ་ཐོབ་པ་དང༌། །འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པར་ཤོག། །། འདི་ལ་གཞི་བྱས་ལ་གང་མོས་ཀྱི་སྒོ་ནས་བརྒྱུད་པ་གཞན་ཡང་འདོར་ལེན་ཤེས་པར་བྱའོ། །ཞེས་པའང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་སྣྲོན་གྱི་ཚེས་ལྔ་ལ་བསམ་གཏན་སྡིངས་སུ་སྦྱར་བའོ། །མངྒ་ལཾ། །


previousདཔལ་འཁོར་ལོ་སྡོམ་པའི་བརྒྱུད་འདེབས།next