Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ།next

དཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ།


TNT07_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས།


TNT07_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདེ་ཆེན་སྙིང་པོ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་དཔའ་བོ་ཆེ། །གདུལ་དཀའ་འདུལ་ལ་ཕྱག་འཚལ་ནས། །རབ་ཟབ་ལུས་དཀྱིལ་སྒྲུབ་ཐབས་ནི། །མཆོག་ཏུ་གསལ་བ་སྤྲོ་བར་བྱ། །འདིར་གྲུབ་པའི་འཁོར་ལོས་བསྒྱུར་བ་སློབ་དཔོན་རྡོ་རྗེ་དྲིལ་བུའི་མན་ངག་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་སྒོམ་པའི་ཐབས་ནི། འོད་གསལ་ལམ་ཁྱེར་དང་འབྲེལ་བའི་གཉིད་ལས་ཡང་དག་པར་ལྡང་བ་ན། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཅང་ཏེའུའི་སྒྲ་རྩ་སྔགས་ཀྱི་དབྱངས་དང་བཅས་ཏེ་བསྐུལ་བས། འོད་གསལ་ལས་ཡང་དག་པར་སད་དེ་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་ལངས་པར་བསམ་མོ། །དེ་ནས་དབང་བསྐུར་བའི་དམིགས་པས་ཁྲུས་ཀྱང་བྱ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཀྱང་ཇི་ལྟར་རིགས་པར་བྱའོ། །དེ་ནས་ཉམས་སུ་


TNT07_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བའི་རྣལ་འབྱོར་དངོས་ལ། སྔོན་འགྲོའི་རྣལ་འབྱོར་དངོས་གཞིའི་རྣལ་འབྱོར་རྗེས་སྤྱོད་ཀྱི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། རྫས་བྱིན་གྱིས་བརླབ་པ། རྟེན་བྱིན་གྱིས་བརླབ་པ། ལས་བྱིན་གྱིས་བརླབས་པའོ། །དང་པོ་ནི་དམ་རྫས་ཀྱི་རིལ་བུ་ཟ་བའམ། དམ་རྫས་བཏབ་པའི་ཆང་ལ་འོག་ནས་འབྱུང་བ་ལྟར་ནང་མཆོད་བྱིན་རླབས་བྱ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས་མྱང༌། རྒྱུན་གྱི་རྣལ་འབྱོར་ལ་ནང་མཆོད་དངོས་སུ་བཤམ་པ་མེད་ན་བྱིན་རླབས་ཀྱི་ཆོ་ག་ནི་བརྗོད་མི་དགོས་ལ། འབྲུ་གསུམ་བརྗོད་པས་བདུད་རྩི་མྱངས་བར་བསམ་མོ། །གཉིས་པ་ནི། ཤྲཱི་ཧེ་རུ་ཀོ྅་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཚོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །རང་གི་སྙིང་གར་ཟླ་བ་ལ་གནས་པའི་དཔལ་མཆོག་དང་པོའི་ཡི་གེ་ཧཱུཾ་སྔོ་སྐྱ། ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་སྣ་ལྔ་འཕྲོ་བ། དེ་ལས་འོད་ཟེར་


TNT07_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ལུས་ནང་ཐམས་ཅད་གང༌། ལུས་ངག་ཡིད་གསུམ་དབྱིངས་སུ་སྦྱངས་ཏེ། འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར། འདི་ལ་ལཱུ་ནག་སོགས་དང་མཐུན་པར་དག་པ་གསུམ་ཡང་དོན་ཚང་མོད། གཞུང་ལས་དེས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་ངོ་ཞེས་གསུངས་པས་ན། འགའ་ཞིག་སོ་སོར་ཕྲལ་ནས་དག་པ་གསུམ་དང་སྦྱོར་བར་མཛད་པ་ལས། ལོ་ཆུང་སོགས་རང་བཞིན་བྱིན་གྱིས་རླབས་པ་དང༌། སྒོ་གསུམ་བྱིན་གྱིས་རླབས་པ་ཞེས་གཉིས་སུ་བསྡུས་ཏེ་འཆད་པ་ལེགས་པར་སྣང་ངོ༌། །གསུམ་པ་ནི། ཧཱུཾ་ལས་འཕྲོས་པའི་འོད་ཟེར་རྣམས་བ་སྦུའི་བུ་ག་ནས་ཕྱིར་སོང་སྟེ། རང་བཞིན་གྱི་གནས་ནས་བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་དབྱེར་མ་མཆིས་པ་ལུས་དཀྱིལ་དང་བཅས་ཤིང༌། དཔའ་བོ་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་ཏེ་འོད་ཟེར་རྣམས་རང་གི་སྙིང་གར་ཐིམ། གང་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་


TNT07_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱིས། །རྡོ་རྗེ་ཕག་མོ་ལ་འདུད་དོ། །སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་དྱཾ། ཤཔྟ་ཞེས་སྦྱར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་རྒྱུན་བཤགས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གི་ལུས་འབུལ་བར་བགྱིའོ། །ཞེས་བདག་ཉིད་ཕུལ། འོག་ནས་འབྱུང་བ་ལྟར་རྐང་བརྒྱད་གཉིས་ཀྱིས་བསྟོད་དོ། །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གསུམ་སྟེ། སྐུ་རྡོ་རྗེ་བསྐྱེད་རིམ་གྱི་རྣལ་འབྱོར། གསུང་རྡོ་རྗེ་བཟླས་པའི་རྣལ་འབྱོར། ཐུགས་རྡོ་རྗེ་རྫོགས་རིམ་གྱི་རྣལ་འབྱོར་རོ། །དང་པོ་ལ། ཡོངས་སུ་རྫོགས་པའི་རྣལ་འབྱོར། བྱིན་གྱིས་རླབས་པའི་རྣལ་འབྱོར། དབང་བསྐུར་བའི་རྣལ་འབྱོར་རོ། །དེའི་དང་པོ་ལ་ཡང་གསུམ་སྟེ། རགས་པ་ཡོངས་རྫོགས་དང༌། ཕྲ་བ་ཡོངས་རྫོགས་དང༌། ཡེ་ཤེས་ཡོངས་རྫོགས་སོ། །དང་པོ་ལ། ཐུན་མོང་དུ་སྦྱོང་བ། སྣོད་སྦྱོང་བ། བཅུད་སྦྱོང་བ་སྟེ་གསུམ་མོ། །དང་བོ་ནི། ཚོགས་ཞིང་འཁོར་དང་བཅས་པ་ཐམས་ཅད་འོད་དུ་ཞུ། རང་གི་སྨིན་མཚམས་ནས་ཞུགས་ཏེ་བདག་ཉིད་ལ་ཐིམ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྒྱུད་གང་བར་གྱུར། འདི་ཆོས་སྐུ་ལམ་བྱེད་ཐུན་མོང་བ་སྟེ་འཆི་སྲིད་སྦྱོང་བྱེད་དོ། །གཉིས་པ་ནི།


TNT07_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་དེ་ཉིད་ལ་གསལ་བར་གྱུར་པ་ནི། རྐང་པ་གཉིས་བགྲད་པ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། སྐྲ་སེན་པགས་པ་རུས་པའི་ཚིགས་རྣམས་བསྲུང་བའི་འཁོར་ལོ། བུ་ག་བརྒྱད་ནི་དུར་ཁྲོད་བརྒྱད། ལུས་འདོམས་གང་གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི། ལུས་ངག་ཡིད་གསུམ་འཁོར་ལོ་གསུམ། སྙིང་ག་ཆོས་ཀྱི་འཁོར་ལོ་ནི་བདེ་བ་ཆེན་པོ། འབྱུང་བཞིའི་རླུང་རྒྱུ་བའི་རྩ་ནི་སྒོ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། དབང་པོ་རྣམས་ནི་མེ་ལོང་ལ་སོགས་བརྒྱན་རྣམས་ཀྱི་བདག་ཉིད་དོ། །གསུམ་པ་ནི། དེ་ལྟར་གྱུར་པའི་བདག་ཉིད་འཁོར་ལོ་བདེ་མཆོག་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཨིནྡྲ་ནཱི་ལ་ལྟར་འབར་བའི་འོད་ཟེར་ཅན་གྱི་སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྐུ་ལུས་དང་མཚུངས་པར་ཆར་སྤྲིན་གསར་པའི་མདོག་ཅན་ཆེར་ཁྲོས་ཤིང་འཇིགས་སུ་རུང་བ། གཡོན་ཞལ་ལྗང་ཁུ་དཔའ་བའི་ཉམས་ཅན། རྒྱབ་ཞལ་དམར་པོ་འཛུམ་ཞིང་ཆགས་པ། གཡས་ཞལ་སེར་པོ་སྒེག་ཅིང་བཞད་པ། ཞལ་རེ་རེ་ལ་དམར་ཞིང་བཀྲ་ལ་རབ་ཏུ་འཁྲུགས་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཞལ་ཐམས་ཅད་ཀྱང་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་ཁྲག་དང་བཅས་


TNT07_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱངས་ཏེ་འཛིན་པའི་ཚུལ་གྱིས་སྟོད་གཡོགས་སུ་བསྣམས་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུགདྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ན། རྡོ་རྗེས་མཚན་པའི་ཁ་ཊྭཾ་ག་བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོ་གན་རྐྱལ་དུ་གནས་པའི་ནུ་མའི་སྟེང་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་གནས་པའི་རྣ་བ་གཡོན་པའི་སྟེང་ནས་བརྫིས་པ། སྟག་གི་པགས་པའི་སྨད་དཀྲིས་གྲོལ་བ། རལ་པའི་ཅོད་པན་ཐོར་ཚུགས་བཅིངས་པའི་རྩེ་མོར་འཁོར་ལོ་དང་བཅས་པའི་ནོར་བུ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པ་དང༌། རལ་པའི་མདུན་ངོས་ལ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་ལ་རྒྱུས་པའི་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། དཔའ་བོའི་དར་དཔྱངས་བཅིངས་པ། མིའི་རྒྱུ་མ་ལ་རྒྱུས་པའི་མི་མགོ་ཁྲག་འཛག་ལྔ་བཅུའི་དོ་ཤལ་ཅན། སྤྱི་བོར་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ཕྱག་གདུབ་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། ཞབས་གདུབ་དང༌། དཔུང་གདུབ་དང༌། འོག་པག་ལས་དཔྱངས་པ་དྲ་བ་དང་དྲ་བ་ཕྱེད་པ། དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པའི་


TNT07_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྐ་རགས་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེས་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པ་ཉིད། །དེའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡོན་པས་བདུད་སོགས་གདུག་པ་ཅན་གྱི་ཁྲག་དང༌། མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་ཞིང༌། ཡབ་ཀྱི་མགུལ་ནས་འཁྱུད་པས། རྒྱབ་ཞལ་དུ་སྟོབ་པ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་འཛིན་པའི་སྡིགས་འཛུབ་ཀྱིས་ཕྱོགས་ཀུན་རྣམ་པར་གནོན་ཞིང་སྡང་བ་དང་གདུག་པའི་སེམས་ཅན་ཐམས་ཅད་བསྡིགས་པར་མཛད་པ། གཅེར་བུ་བ་སྤུ་ལངས་ཤིང༌། དབུ་སྐྲ་སིལ་བུར་གྲོལ་བ། ནུ་མ་མཁྲང་ཞིང་རྒྱས་ལ་ལང་ཚོ་ལ་བབ་པ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ཡབ་ཡུམ་འཁྱུད་པ། ཕྱག་རྒྱ་ལྔ་དང་ཐོད་པའི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔ་བཅུ་འཕྲེང་བ་དང་ལྡན་པ། གཉིས་ཀའང་བདེ་བ་ཆེན་པོ་དང་ཐུགས་རྗེའི་བདག་ཉིད་ཅན་དུས་མཐའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །འདི་ནི་ལོངས་སྐུ་ལམ་བྱེད་ཐུན་མོང་བ་དང་བར་དོ་སྦྱོར་བྱེད་དེ། དེ་ཡན་ཆོད་ཐུན་མོང་མ་ཡིན་པའི་སྤྲུལ་སྐུ་ལམ་བྱེད་ཡིན་ནོ། །ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་དཀར་པོ་ལས་རྡོ་རྗེ་ནག་པོ་


TNT07_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ་པ། བྱཱཾ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོར་བྱཱཾ་སེར་པོས་མཚན་པ། ཡུམ་གྱི་མཁའ་ཁམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿདམར་པོས་ལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱཾ་ལས་བྱུང་བའི་ཟེའུ་འབྲུ་དཀར་པོ་རྩེ་མོར་དྱཱཾ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བ་དང་ཡུམ་གྱི་མགྲིན་པར་ཟླ་བ་ལ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་ཐུགས་ཀ་དང་ཡུམ་གྱི་དཔྲལ་པར་ཟླ་གདན་ལ་ཨོཾ་སརྦ་བུདྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་མགྲིན་པ་དང་ཡུམ་གྱི་ལྟེ་བར་ཉི་མ་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱཧཱ། ཡབ་ཀྱི་དཔྲལ་པ་དང་ཡུམ་གྱི་ཐུགས་ཀར་ཉི་གདན་ལ། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྔགས་རྣམས་ཁ་དོག་དམར་པོ་གཡོན་སྐོར་དུ་གནས་ཤིང་འོད་ཟེར་འཕྲོ་བ། ཡབ་ཡུམ་ཕན་ཚུན་ཞལ་སྦྱོར་བ་ན་སྔགས་དང་འོད་ཟེར་སྦྱོར་བས་ཀྱང་འཁྱུད་ཨོཾ་ཨཱཿཧཱུཾ་སྙོམས་པར་བཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱས་ཤིང་བརྟན་པར་གྱུར། དེ་དག་ནི་བདེ་བ་ཆེན་པོའི་སྐུ་ལམ་དུ་བྱེད་པ་དང༌། བར་སྲིད་ཆགས་སྡང་དང་སྲིད་པས་སྐྱེ་སྲིད་ལ་ཕྱོགས་པ་སྦྱོང་བྱེད་དོ། །འདི་ནི་གཞུང་ལས། ཁ་སྦྱོར་ཕྱི་ཉིད་ལེགས་ཤེས་པས། །ཞེས་གསུངས་པའི་དོན། ཕྱི་དཀྱིལ་གྱི་མངོན་བྱང་ལྔའི་དོད་ཡིན་ལ། ལོ་ཙཱ་བ་གཞན་གྱི་མན་ངག་ལ་ཞལ་ཤེས་སུ་བཞུགས་ཤིང༌། བོད་ཀྱི་གྲུབ་ཐོབ་པུ་རངས་ལོ་ཆུང་དང༌། རྒྱ་གར་གྱི་མཁས་གྲུབ་ཆེན་པོ་ཁ་ཆེན་ཤཱཀྱ་ཤྲཱིའི་ལུགས་ལས་ཤིན་ཏུ་གསལ་བར་འབྱུང་བ་ཡིན་ཏེ། མ་ཆད་པ་གལ་ཆེའོ། །གཉིས་པ་ཕྲ་བ་ཡོངས་རྫོགས་


TNT07_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པས་རྐྱེན་དུ་གྱུར་ཏེ། ལུས་ཀྱི་དཀྱིལ་འཁོར་གཉུག་མའི་ལྷ་ཚོགས་མངོན་དུ་གྱུར་པར་བཞེངས་པ་ནི། རྩ་ལ་ལ་ན་དང༌། རཱ་ས་ནའི་འཁོར་དང་བཅས་ཤིང༌། ལྟེ་བའི་ཨཾ་གི་ཡི་གེ་བཅུད་དང་ལྡན་པའི་རྩ་ཨ་ཝ་དྷུ་ཏཱི་ནི་རྡོ་རྗེ་ཕག་མོ་དང༌། སྙིང་གའི་དབུས་ཀྱི་གཞོམ་དུ་མེད་པའི་ཐིག་ལེ་ཧཱུཾ་གི་རྣམ་པ་ཡུངས་ཀར་སྦོམ་པོའི་ཚད་ཙམ་ཁ་བ་འཛག་པ་ལྟ་བུར་གནས་པ་ནི། དཔལ་ཧེ་རུ་ཀ་སྟེ། སྐུ་མདོག་མཐིང་ནག་སྔོ་ལྗང་དམར་སེར་ཞལ། །རྡོ་རྗེ་དྲིལ་བུ་གླང་ལྤགས་ཌཱ་མ་རུ། །དགྲ་སྟ་གྲི་གུག་རྩེ་གསུམ་ཁ་ཊྭཱཾ་ག །ཐོད་ཁྲག་ཞགས་པ་ཚངས་མགོ་གདོང་བཞི་འཛིན། །གཡས་བརྐྱང་པད་ཉེར་འཇིགས་བྱེད་དུས་མཚན་བརྫིས། །དེ་ལ་འཁྱུད་པའི་ཡུམ་མཆོག་རྣལ་འབྱོར་མ། །དམར་མོ་གྲི་གུག་ཐོད་པ་ཁྲག་བཀང་འཛིན། །གཉིས་ཀའང་མེ་དཔུང་དབུས་ན་རྒྱན་དང་བཅས། སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་སྐོར་རྩ་འདབ་བརྒྱད་ལས། ཕྱོགས་ཀྱི་འདབ་མ་བཞི་འབྱུང་བ་བཞིའི་རླུང་རྒྱུ་བ་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་མཱཾ་ལས་མཁའ་འགྲོ་མ་ནག་མོ། བྱང་དུ་ཏཱཾ་ལས་ལཱ་མ་ལྗང་ཁུ། ནུབ་ཏུ་པཱཾ་ལས་དུམ་སྐྱེས་མ་དམར་མོ། ལྷོར་ལཾ་ལས་གཟུགས་ཅན་མ་སེར་མོ་སྟེ་བཞི་ཆར་ཡང་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་སྐྲ་གྲོལ་བ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། མཆན་ཁུང་གཡོན་པར་རྡོ་རྗེ་ཁ་ཊྭཱཾ་ག་དང་བཅས་ཤིང༌།


TNT07_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐམ་གྱི་དབུ་རྒྱན་དང༌། མི་མགོའི་དོ་ཤལ་དང༌། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་མོ་ལང་ཚོ་ལ་བབ་ཅིང་བྷ་ག་དང་ནུ་འབུར་མཐོ་ལ་བདེ་བ་རྒྱས་པའི་ཉམས་ཅན། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་པའོ། །མཚམས་བཞིར་གནས་ཤིང་བདུད་རྩི་འབབ་པ་མཆོད་པའི་རྩ་བཞི་ནི་བུམ་པ་བཞི་བདུད་རྩི་ལྔས་གང་བའི་སྟེང་ཀ་པཱ་ལ་བྱང་ཆུབ་སེམས་ཀྱིས་གང་བ་དང་བཅས་པར་གྱུར། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི། པུ་ཛ་ཨོ་ཨ་གོ་ར་དེ་མ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་པྲེ་གྲྀ་སཽ་སུ་ན་སུ་མ་ཀུ་སྟེ་ཡུལ་ཉི་ཤུ་རྩ་བཞི། རྩ་ཉི་ཤུ་རྩ་བཞི་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི། ཁམས་ཉི་ཤུ་རྩ་བཞི་ནི་དཔའ་བོ་ཉི་ཤུ་རྩ་བཞིར་གྱུར། སྤྱི་བོ་པུལླི་རཱ་མ་ལ་ཡ་ར་ཁནྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། །སྤྱི་གཙུག་ཛ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང༌། གཏུམ་པའི་མིག་ཅན་མ། རྣ་གཡས་པ་ཨོ་ཊི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། ལྟག་མ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། རྣ་བ་གཡོན་པ་གོ་དྷ་ཝ་རར་སུ་ར་བཱི་རི་དང་དཔའ་བོའི་བློ་ཅན་མ། སྨིན་མའི་དབུས་རསྨི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝི་ཀོ་ཊར་རྡོ་རྗེའི་འོད་དང་ལིང་གའི་དབང་ཕྱུག་མ། ཕྲག་པ་གཉིས་མ་ལ་བར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོ་སྟེ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨཾ་ཀ་རི་དང་ཨེ་ར་པ་ཏཱི་ནུ་


TNT07_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ཨོ་ཏྲེར་རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང༌། ཆང་འཐུང་མ། ཁ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་ཤྱ་མ་དེ་ཝཱི། མགྲིན་པ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང༌། ཤིན་ཏུ་བཟང་མོ། སྙིང་ག་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། འདོམ་པར་ཧི་མ་ལ་ཡར་མིག་མི་བཟང་ཁ་གཱ་ན་ན་ཏེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོ་སྟེ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། བརླ་གཉིས་སོ་སོ་རཥྟར་རྟ་མགྲིན་དང་ཤཽཎྜི་ནི། བྱིན་པ་གཉིས་སུ་ཝརྞྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་ཆོ་ག་མ། རྐང་སོར་བརྒྱད་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རྐང་པའི་མཐེ་བོང་གཉིས་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང༌། བརྩོན་འགྲུས་ཆེན་མོ་སྟེ། སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དཀར་པོ་སྟེ་ས་འོག་ཏུ་སྤྱོད་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་ཧེ་རུ་ཀ་དང་མཚུངས་པ་སྟེ། རལ་བའི་ཐོར་ཚུགས་དང་ཐོད་པའི་ཅོད་པན་དང་མགོ་བོའི་ཕྲེང་བ་དང༌། ཕྱག་རྒྱ་དྲུག་དང༌། སྟག་


TNT07_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་གསར་པའི་སྨད་དཀྲིས་ཅན། ཞབས་གཡས་བརྐྱང་གི་སྟབས་ཀྱིས་གནས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའོ། །རྣལ་འབྱོར་མ་ཉེར་བཞི་པོ་ཐམས་ཅད་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བ། རྡོ་རྗེ་ཕག་མོ་དང་མཚུངས་པ་སྟེ། གྲི་གུག་དང་ཐོད་པ་འཛིན་པ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་དོ་ཤལ་དང་ལྡན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ། །སྙིང་གའི་ཕྱི་སྐོར་གྱི་རྩ་བརྒྱད་ཀྱི་རང་བཞིན་ཧཱུཾ་བརྒྱད་སྒོ་མཚམས་གནས་པའི་མ་མོ་བརྒྱད་དུ་གྱུར་པ་ནི། ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། བརྒྱད་ཀ་ཡང་དྲག་མོ་ཆེན་མོ་ཆེར་ཁྲོས་པ། རོའི་གདན་ལ་གནས་པ། ཕྱོགས་བཅུའི་བགེགས་རྣམས་འཇོམས་པར་མཛད་པ་མོ་ཞལ་གཅིག་ཕྱག་གཉིས་ནས་བཞུགས་པའོའི་བར་སྙིང་པོའི་རྣལ་འབྱོར་མའི་སྐབས་བཞིན་ལས། དཔའ་བོ་རྣལ་འབྱོར་མ་ཐམས་ཅད་དཔྲལ་པར་རྡོ་རྗེའི་འཕྲེང་བས་མཚན་པའོ། །དེ་དག་ནི་ཐུན་མོང་མ་ཡིན་པའི་ལོངས་སྐུ་ལམ་བྱེད་དང༌། ཐུན་མོང་པའི་སྤྲུལ་སྐུ་ལམ་བྱེད་དང་སྐྱེ་བ་དངོས་


TNT07_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་དོ། །གསུམ་པ་ཡེ་ཤེས་ཡོངས་རྫོགས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་དག་པ་དྲན་པ་ཡིན་ཏེ། དེ་ཡང༌། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷོ་སྦྱངས་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་གཞུང་དུ་སྤྱོད། །འདི་ནི་ནང་གི་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ཏེ། །རྣལ་འབྱོར་མ་ཡི་བརྡ་ཡི་སྐད། །བུ་ལ་སོགས་པ་ཅི་གསུངས་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །སེམས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་དཔའ་བོ་བློ་གྲོས་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་


TNT07_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་ས་བསྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་སུ་ར་བྷཀྵིའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་ལྷ་མོའོ། །ཤེས་རབ་ཀྱི་སྟོབས་ནི་རབ་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟའི་རྣ་བ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧིའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤོ་ཎྜི་ནིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རབ་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་བསྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡང་དེ་རྣམས་ཉིད་ཀྱི་རྣམ་པར་དག་པ་ཅན་ནོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁཱ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་


TNT07_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་ནི་གཤིན་རྗེ་འཇོམས་མའོ། །ཞེས་བརྗོད་ཅིང་བསམ་པ་ནི་ཐུན་མོང་མ་ཡིན་པའི་ཆོས་སྐུ་ལམ་དུ་བྱེད་པ་སྟེ། སེམས་ཀྱི་མཐུ་ཡོངས་སུ་རྫོགས་པ་སྦྱོང་ངོ༌། །མལ་ལོ་ནས་བརྒྱུད་པའི་མན་ངག་ལས། སྒོམ་མི་ནུས་པ་དང་བརྟན་པ་ཐོབ་པའི་གང་ཟག་ལ་ཡི་གེ་དང་རྩ་ཁམས་ཙམ་བསྒོམས་པས་ཆོག་པར་བཞེད་ཅིང༌། ལྷ་སོ་བདུན་བྱང་ཕྱོགས་སོ་བདུན་དུ་དག་གོ་ཞེས་པ་ཙམ་ལས་སོ་སོ་ནས་དག་དྲན་མི་དགོས་སོ་གསུང་མོད། འོན་ཀྱང་ལས་དང་པོ་པས་ནི་སྔར་བཤད་པ་ཁོ་ན་བྱ་བར་རིགས་སོ། །གཉིས་པ་བྱིན་གྱིས་རླབས་པའི་རྣལ་འབྱོར་ལ་གསུམ་སྟེ། སྐད་ཅིག་རྣམ་པའི་བྱིན་རླབས་དང༌། གོ་ཆ་དགོད་པ་དང༌། ཡེ་ཤེས་པ་བསྲེ་བའོ། །དང་པོ་ནི་ཕོ་ཉ་གསུམ་བསྲེ་བ་དྲན་པར་བྱས་ཏེ། ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། སྔགས་འདི་གཉིས་ཀ་ལན་གསུམ་གསུམ་བརྗོད་དོ། །གཉིས་པ་ནི། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ་མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད་དོ། །སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་པོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ།


TNT07_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་པ་ཧྲེཾ་ཧྲེཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙནྜི་ཀའི་ངོ་བོ་སྟེ། རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ལ་ཟླ་བའི་གདན་དང༌། གཞན་རྣམས་ལ་ཉི་མའི་གདན་དང་བཅས་པའོ། །དེ་ལྟར་གོ་ཆའི་ཡི་གེ་བཅུ་གཉིས་གྲུབ་པ་ན། ཡབ་ཀྱི་གནས་རྣམས་སུ་ཡུམ་དྲུག ཡུམ་གྱི་གནས་རྣམས་སུའང་ཡབ་དྲུག་གཟུགས་བརྙན་ཤར་བ་ལྟར་གྱུར། སྒྲུབ་ཐབས་འདི་ནི་སྤྲོས་པ་ལ་མངོན་པར་དགའ་བ་མ་ཡིན་པའི་དོན་དུ་གསུངས་པ་གཙོ་ཆེ་བས། གོ་ཆའི་ལྷ་རྣམས་ཡིག་འབྲུའི་རྣམ་པར་དགོད་པ་ཉིད་གཙོ་བོར་བཟུང་ངོ༌། །དེ་དག་ལས་སྐད་ཅིག་རྣམ་པས་ནི་མངལ་དུ་རྩ་ཁམས་རླུང་གསུམ་རྒྱས་པ་དང༌། འབྲས་བུའི་དུས་སུ་སྐུ་གསུང་ཐུགས་རྣམ་པར་དག་པའི་བདེ་བ་ཆེན་པོ་དང༌། གོ་ཆ་བཀོད་པས་ནི་ཕུང་ཁམས་སྐྱེ་མཆེད་རྣམས་འཕེལ་བ་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ་མཚོན་ལ། དེ་ལ་སྐད་ཅིག་རྣམ་པའི་སྔགས་ནི་གཞན་ནས་ཁ་བསྐང་བ་སྟེ། འདི་ཉིད་ཀྱི་སྒྲུབ་ཐབས་ན་མེད་པས་མདོར་བསྡུ་བའི་ཚེ་བོར་ཡང་རུང་བ་ལྟ་བུར་སྣང་མོད་ཀྱི། འདི་ཉིད་ཀྱི་སྲོལ་ཀ་ཐམས་ཅད་ལ་ཡོད་ཅིང༌། ཕམ་ཐིང་པའི་ལུགས་ཀྱི་མན་ངག་དང་བཅས་ན་འཁོར་ལོ་སྡོམ་པའི་ལམ་འདིའི་སྲོག་ལྟ་བུ་ཡིན་པས་མ་ཆད་པ་ངེས་པར་གལ་ཆེའོ། །གསུམ་པ་ནི། འབར་བའི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་


TNT07_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རེ་རེ་བཞིན་ཡང་ལུས་ཀྱི་དཀྱིལ་འཁོར་དང་བཅས་པའི་རྣམ་པར་སྤྱན་དྲངས་པར་གྱུར། ཕཻཾ་ཞེས་བརྗོད། ཚོགས་ཞིང་གི་སྐབས་ལྟར་མཆོད། ཛ་ཧཱུཾ་བཾ་ཧོ། ཞེས་དགུག་གཞུག་བཅིང་མཉེས་བྱ། ཨོཾ་ཡོག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་ང་རྒྱལ་བཟུང༌། རྣམ་ལྔ་འདོད་བསྐོར་དང་འཁྱུད་རྒྱ་བྱའོ། །དེས་ནི་བཙས་པ་ནས་ལོ་བཅུ་དྲུག་ལོན་གྱི་བར་སྦྱོང་ཞིང་ཡེ་ཤེས་ཀུན་ཏུ་ཁྱབ་པ་མངོན་དུ་བྱེད་པའོ། །གསུམ་པ་དབང་བསྐུར་བའི་རྣལ་འབྱོར་ལ་ཡང་གསུམ་སྟེ། དབང་བསྐུར་བ་དང༌། མཆོད་པ་དང༌། བསྟོད་པའོ། །དང་པོ་ནི། སླར་ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཕྱི་དང་ནང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་བཅས་པ་ཕཻཾ། ཚོགས་ཞིང་གི་སྐབས་བཞིན་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། རྡོ་རྗེ་ཕག་མོ་སྙིང་པོ་རྣལ་འབྱོར་མ་བཞི་དང་བཅས་པས། ཌཱ་མ་རུ་དང་བདུད་རྩིས་གང་བའི་ཐོད་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་


TNT07_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དགབདེ་བ་ཆེན་པོའི་རང་བཞིན་དུ་བྱས། ཆུ་ལྷག་མ་ཡར་ལུད་དེ་སོ་སོའི་སྤྱི་བོར་འཁྱིལ་བ་ཡོངས་སུ་གྱུར་པ་ལས་གཙོ་བོ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་སྣང༌། བདེ་ཆེན་འཁོར་ལོ་པ་རྣམས་ལ་རིན་ཆེན་འབྱུང་ལྡན། ཐུགས་ཀྱི་འཁོར་ལོ་པ་རྣམས་ལ་མི་བསྐྱོད་པ། གསུང་གི་འཁོར་ལོ་པ་རྣམས་ལ་འོད་དཔག་མེད། སྐུའི་འཁོར་ལོ་པ་རྣམས་ལ་རྣམ་པར་སྣང་མཛད། དམ་ཚིག་འཁོར་ལོ་པ་རྣམས་ལ་དོན་ཡོད་གྲུབ་པས་དབུ་རྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། འདིས་ནི་རང་རིགས་ཀྱི་བྱ་བ་ལ་གནས་པ་སྦྱོང་ཞིང༌།སངས་རྒྱས་ནས་ཁམས་གསུམ་གྱི་དབང་ཕྱུག་ཏུ་སྟོན་པ་ལམ་དུ་བྱེད་དོ།། གཉིས་པ་ལ་ཕྱི་ནང་གསང་བའི་མཆོད་པ་གསུམ་ལས། དང་པོ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་དང༌། གློ་བུར་དུ་ལྷགས་པའི་མཆོད་པ་དཔག་ཏུ་མེད་པ་བྱུང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་པཱ་དྱཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སོགས་དང༌། ཨོཾ་བཛྲ་གྷནྜེ་ར་ཎི་སོགས་ཀྱིས་བྱིན་ཕབ། ཚོགས་ཞིང་གི་སྐབས་ལྟར་མཆོད་པ་འབུལ་ལོ། །སྔ་ཕྱིའི་མཆོད་པ་འདི་རྣམས་ལ་རྒྱས་པར་ན་རིག་མ་བཅུ་དྲུག་གམ། ཉེར་སྤྱོད་འདོད་ཡོན་སོགས་ཀྱིས་མཆོད་པ་ཅི་


TNT07_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མཛད་པའང་ཡོད་ཅིང་མི་འཐད་པའང་མ་ཡིན་མོད། སྤྲོས་པ་ཆུང་ངུར་མཛད་པའི་སྒྲུབ་ཐབས་འདི་རྣམས་ལ་སྒྲུབ་ཐབས་ཀྱི་ཡན་ལག་རྣམས་ཀྱང་མདོར་བསྡུས་སུ་སྦྱར་བ་ཉིད་འཚམ་ཞིང༌། གཞུང་དང་རྒྱ་བོད་སྔ་མ་རྣམས་ཀྱིས་དགོངས་པའང་ཡིན་ནོ། །གཉིས་པ་ནི་ནང་མཆོད། འོག་ནས་འབྱུང་བའི་གཏོར་མ་ལྟར་བྱིན་གྱིས་རླབས། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང༌། །དྲིལ་བུ་པ་དང་དགའ་བའི་རྡོ་རྗེ་དང༌། །ལུས་མེད་རྡོ་རྗེ་སཽ་རི་པ་དང་ནི། །འཇིགས་མེད་འབྱུང་གནས་ཞལ་དུ་མཆོད་པ་འབུལ། །དེ་བ་པུརྞ་ཤཱཀྱ་ཤྲཱི་དང༌། །སྤྱི་ལྷས་སེང་གེ་དཔལ་དང་བྱ་རུ་བ། །བྱང་སེམས་འབྲི་ལུང་པ་དང་ཡང་རྩེ་བ། །བུ་སྟོན་ཆོས་རྗེ་རྣམས་ལ༴ ཁྱུང་ལྷས་པ་དང་ནོར་བཟང་རིན་ཆེན་དང༌། །བཀའ་བཞི་རིན་རྒྱལ་མཁྱེན་རབ་མཆོག་གྲུབ་དང༌། །བཀྲ་ཤིས་དཔལ་འབྱོར་བསོད་ནམས་དཔལ་འབྱོར་དང༌། །བཀྲ་ཤིས་རྒྱལ་མཚན་རྩ་བའི་བླ་མ་སྟེ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཞེས་བརྒྱུད་པའི་གཙོ་བོ་ཁ་ཆེ་ལུགས་ལྟར་རོ། །ས་ལུགས་ནི་ནག་པོ་པའི་ལུགས་བཞིན་ལས། ངོར་ཆེན་མུས་ཆེན་པཎ་ཆེན་ཆོས་རྗེས་བྲག་དམར་བ་ཆེན་པོ། རབ་གསལ་ཟླ་མགོན། རྗེ་གྲོལ་མཆོག་རྡོ་རིང་པ་རྣམས་ཁྱད་པར་རོ། །འདི་ལ་བླ་མ་དམ་པ་མན་ཆད་བརྒྱུད་པ་སྣ་ཚོགས་དེད་པས་ཆོག་གོ །ལོ་ཆུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕག་མོ་དྲིལ་བུ་པ་ཛ་ལན་དྷ་རི་པ་ནག་པོ་སྤྱོད་པ་དགེ་བའི་མགོན་པོ་བྷུ་བ་པ་རྣམ་རྒྱལ་ཞབས་ཏེ་ལོ་པ་ནཱ་རོ་པ་མ་ན་ཀཱ་ཤྲཱི་ཀ་ན་ཀ་ཤྲཱི་བྷ་དནྟ་བ་ལོ་ཆུང་སྨར་ཆེན་པོ་ཀྱི་སྟོན་དཀོན་འབར་ཁམས་པ་ཤག་རྡོར་ལོ་ཙཱ་མཆོག་ལྡན་དཔལ་ལྡན་སེང་གེ་མཁན་ཆེན་ཤེས་རབ་རྡོ་རྗེ་འཛམ་གླིང་པཎ་ཆེན་ཨ་མོ་གྷ་པ་བླ་ཆེན་གྲགས་རིན་


TNT07_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཚུལ་ཁྲིམས་ཆོས་ཀྱི་སེང་གེ་ཀུན་དགའ་གཞོན་ནུ། འཇམ་དབྱངས་བློ་གྲོས་དོན་གྲུབ་ལེགས་པ་རྣམས་སོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་འབུལ་ལོ། །གསུམ་པ་ནི་མཁའ་གསང་བྱིན་རླབས་དང་སྔགས་བཞི་ཁ་སྦྱོར་སོགས་ཡིད་ཀྱིས་དྲན་པར་བྱས་ཏེ། ལྷ་རྣམས་རྗེས་ཆགས་ཀྱི་བདེ་བས་མཆོད་པར་མོས་ལ། རྣམ་ལྔ་འདོད་སྐོར་དང་བཅས་ཡི་གེ་བདུན་པ་ལན་ལྔ་བརྗོད། ཨ་ནུ་རཱ་གའི་སྔགས་ཀྱིས་ང་རྒྱལ་བཟུང་ཞིང༌། འཁྱུད་རྒྱ་བྱེད་པའོ། །གསུམ་པ་བསྟོད་པ་ནི། ཅང་ཏེའུའི་སྒྲ་དང་བཅས་པའམ་མེད་ཀྱང་རུང་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རི་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤགྣི་སནྣི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྟ་ཀཱ་ར་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པརྴུ་པཱ་ཤི་དྱ་ཁ་ཊྭཾ་ག་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱ་བྷྲ་ཛི་ནཾ་བ་ར་དྷ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མྤྲཱནྡྷཱ་ཀཱ་ར་ཝ་པཱུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་རྐང་བརྒྱ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏཱི་བཛྲ་ཝཱ་རཱ་ཧཱི་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱ་ཤྭ་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་བྷུ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནི་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཤཾ་ཀཱ་རེ་ན་ཏྲ་བྷྲ་མ་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀྲ་རཱ་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཏྲཱ་ས་ནི་མ་ར་ཎི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ཀཱ་མེ་


TNT07_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་རྐང་བརྒྱད་བརྗོད་པ་སྟེ། མཆོད་བསྟོད་དེ་དག་ནི་ཡུལ་ལ་ཉེ་བ་ལོངས་སྤྱོད་པ་སྦྱོང་ཞིང༌། ཡེ་ཤེས་ཀྱི་འབྱོར་པ་དཔག་ཏུ་མེད་པ་འཐོབ་པའི་རྒྱུའོ། །གཞི་འབྲས་ཀྱི་དག་སྦྱོར་འདི་དག་ནི་བསྐྱེད་པའི་རིམ་པ་ཁོ་ན་ལ་ཆ་ཚང་བ་གཅིག་གནས་དགོས་པའི་ཕྱིར། དེ་ཙམ་གྱིས་རྫོགས་པ་ནི་ལུགས་འདིའི་དགོངས་པའོ། །གཉིས་པ་གསུང་རྡོ་རྗེ་བཟླས་པའི་རྣལ་འབྱོར་ནི། ཁྱོགས་ཀྱི་བཟླས་པ་དང་སྤྲོ་བསྡུའི་བཟླས་པ་གང་རུང་གི་དམིགས་པ་གསལ་བཏབ་ལ། དུང་ཆེན་གྱི་འཕྲེང་བ་བླངས་ནས་བཟླས་པ་བྱེད་པ་ལས་སྤྲོ་ན་འཕྲེང་བའི་སྔགས་རྫོགས་པར་བཟླ་སྟེ། ལཱུ་ཡི་པ་དང་འདྲའོ། །འོན་ཀྱང་འདིར་ནི་དེ་གཙོ་མི་ཆེ་བས་སྙིང་པོ་དང་ཉེ་སྙིང་ཙམ་གྱིས་ཆོག་ཤེས་པར་བྱ་ལ། དེ་ཡང་ནཱ་རོ་པའི་མན་ངག་ལས། ཡབ་ཡུམ་གྱི་སྔགས་ཁ་སྦྱོར་ལུགས་སུ་བཟླ་བ་དང༌། གཞན་རྣམས་སོ་སོར་བཟླ་བ་སྟེ་ལུགས་གཉིས་ཡོད་པ་ལས་སྔ་མ་བཟང་ངོ༌། །དེ་ཡང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སམྦྷ་རཾ་སྭཱཧཱ། ཡབ་ཀྱི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡབ་ཀྱི་ཉེ་སྙིང་ངོ༌། །ཨོཾ་སརྦ་བུདྡྷ་ཊཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་ཉེ་བའི་སྙིང་པོའོ། །ལྟེ་བའི་ཐིག་ལེ་ལས་འོད་ཟེར་སྤྲོ་བ་དང༌། ཁམས་གསུམ་པོ་འཁོར་ལོ་ལྔའི་ལྷར་བྱས་ཏེ་སླར་བསྡུ་བ། དབུགས་འགྲོ་འོང་དེར་ལྷན་ཅིག་གི་དབུ་མའི་ལམ་དུ་འཇུག་པ་དང༌། འབྱུང་བ་བསྒོམས་ནས་བཟླ་བ་ནི་དམ་ཚིག་གི་བཟླས་པའོ། །གསུམ་པ་ཐུགས་རྡོ་རྗེ་རྫོགས་རིམ་ནི། རིམ་པ་ལྔ་ལས་གང་ཡང་རུང་བ་སྟེ། འོན་ཀྱང་


TNT07_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། ས་བོན་དང་བཅས་པའི་བདག་བྱིན་རླབས་སྒོམ་པར་བསྔགས་སོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ལ། ཉེ་བར་བསྡུ་བ། བསྲུང་བ། མཆོད་པ། སྤྱོད་ལམ། ཁ་ཟས། རྗེས་ཆགས། གཏོར་མ་སྟེ་སྐབས་འདིར་བདུན་ལས། དང་པོ་ཉིད་བསྡུ་བའི་རྣལ་འབྱོར་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ཉིད་ལ་ཐིམ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་རང་གནས་སུ་འོད་དུ་ཞུ། ཕྱི་དབྱིབས་ཀྱི་སྐུ་ཡང་དེ་དག་དང་འདྲེས། བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར། དེ་ཉིད་ཀྱང་འོད་གསལ་གྱི་ངང་དུ་ཐིམ། དེ་ལ་ཅུང་ཟད་མཉམ་པར་བཞག།སླར་ཡང་རང་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཏུ་གྱུར། གཉིས་པ་བསྲུང་བའི་རྣལ་འབྱོར་ནི། ཡབ་ཀྱི་སྙིང་ཁར་ཨོཾ་ཧ་ནས་ཤར་བ་ལྟར་གྱུར་གྱི་བར་གོང་བཞིན་གོ་ཆ་གཉིས་བཀོད། སྤྱི་བོར་ལ་སོགས་པའི་གནས་ཞེས་པ་ནས། དཔའ་བོ་ཉི་ཤུ་རྩ་བཞིར་གྱུར། ཞེས་གོ་ཆ་ཆེན་པོས་བསྲུང༌། དགེ་བ་བྱང་ཆུབ་ཏུ་བསྔོའོ། །གསུམ་པ་མཆོད་པའི་རྣལ་འབྱོར་ནི། ཕྱི་རོལ་མཆོད་པ་དང༌། ལག་མཆོད་ལ་སོགས་པ་སྟེ། ཚེས་བཅུའི་མཆོད་ཆོག་ཁུངས་མ་རྣམས་སུ་བལྟ་བར་བྱའོ། །བཞི་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། སྣང་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་བལྟ་བའོ། །ལྔ་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། བྱིན་གྱིས་རླབས་ཏེ་ལུས་དཀྱིལ་ལ་མཆོད་པའི་ཚུལ་དུ་ནང་གི་སྦྱིན་བསྲེག་བྱའོ། །དྲུག་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི། རིག་མ་དང་མཉམ་པར་སྒྱུར་བའི་བདེ་སྟོང་སྒོམ་པའོ། །བདུན་པ་གཏོར་མའི་ཆོ་


TNT07_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ག་ནི། ཐུན་ཐ་མ་ལའམ། ཐུན་རེ་རེ་ཞིང་ངམ། ནམ་ཕྱེད་ཀྱིས་དུས་ན་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཤ་ཆང་སོགས་དང་ལྡན་པར་བཤམས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བསངས། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝཱ་ཤུདྡྷོ྅་ཧཾ། ཞེས་པས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པ་དུམ་བུ་གསུམ་པ། ཕྱི་དཀར་ལ་ནང་དམར་བ། དེའི་ནང་གི་ཤར་དུ་ཨོཾ་དཀར་པོ་ལས་དྲི་ཆེན་ཨོཾ་གྱིས་མཚན་པ། བྱང་དུ་ཁཾ་ལྗང་ཁུ་ལས་ཤ་ཆེན་གྱི་དྭངས་མ་ཁཾ་གིས་མཚན་པ། ནུབ་ཏུ་ཨཾ་དམར་པོ་ལས་བྱང་ཆུབ་ཀྱི་སེམས་ཨཾ་གིས་མཚན་པ། ལྷོར་ཏྲཾ་སེར་པོ་ལས་རཀྟ་ཏྲཱཾ་གིས་མཚན་པ། དབུས་སུ་ཧཱུཾ་སྔོན་པོ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། མེར་ལཾ་དཀར་པོ་ལས་བ་ལང་གི་ཤ་ལཾ་གྱིས་མཚན་པ། བདེན་བྲལ་དུ་མཱཾ་སྔོན་པོ་ལས་ཁྱིའི་ཤ་མཾ་གྱིས་མཚན་ལ། རླུང་དུ་པཱཾ་དམར་པོ་ལས་གླང་པོའི་ཤ་པཾ་གིས་མཚན་པ། དབང་ལྡན་དུ་ཏཱཾ་ལྗང་ཁུ་ལས་རྟའི་ཤ་ཏཱཾ་གིས་མཚན་པ། དབུས་སུ་བཾ་དམར་པོ་ལས་ཤ་ཆེན་བཾ་གྱིས་མཚན་པ། འོག་གི་


TNT07_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གཡོས་མེ་འབར་བས་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བ། ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་གསལ་ལ་དྭངས་པར་གྱུར་པའི་སྟེང་ཐད་དུ་ཧཱུཾ་ཡིག་ལས་བྱུང་བའི་ཁ་ཊྭཾ་ག་དཀར་པོ་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་ཅན། མགོ་བོ་འཐུར་དུ་ལྟ་བ། དེ་ལས་བདུད་རྩི་དཀར་པོ་བབས་ཏེ། དེར་ལྷུང་པ་གཡོན་སྐོར་དུ་ལན་གསུམ་དཀྲུགས་ཤིང་ཞུ་བས། དངུལ་ཆུའི་མདོག་ཅན་ཤིན་ཏུ་བསིལ་བའི་བདུད་རྩིར་གྱུར། དེའི་སྟེང་གི་ནམ་མཁའ་ལ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨཻ་ཨཽ་ཨཱཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་པ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། རྣམས་ཁ་དོག་སྣ་ཚོགས་པ་ཡོངས་སུ་གྱུར་པ་ལས། ཨོཾ་དཀར་པོ། ཨཱཿདམར་པོ། །ཧཱུཾ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེ་ལས་འཁོར་ལོ་གསུམ་གྱི་ལྷ་དང་བཅས་པའི་འོད་ཟེར་ལྔ་འཕྲོས། རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་ཅིང༌། འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷར་བྱས་པ་རྣམས་སྤྱན་དྲངས། སྙོམས་འཇུག་གི་བདེ་བས་ཞུ། དེ་ཐམས་ཅད་ཡི་གེ་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུཾ་ཡང་རིམ་པ་ལྟར་བདུད་རྩིར་ཞུ་བ་གཏོར་མ་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་སྟེ་བྱིན་གྱིས་རླབས་པའོ། །རང་གི་


TNT07_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་ཧཱུཾ་ཡོངས་སུ་གྱུར་པ་ལས་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་དུར་ཁྲོད་བརྒྱད་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། དེ་ནས་རྐང་པ་མནན་ཞིང་གྱེན་དུ་བལྟ། ཞེས་པའི་འདུག་ཚུལ་དང༌། འབར་བའི་ཕྱག་རྒྱ་བཅས་ཏེ། ཕཻཾ་ཅེས་བརྗོད། འདི་ལ་ཕེཾ་དང་ཕཻཾ་དང་ཕྲཻཾ་དང་ཕེཊ་རྣམས་གདམ་ང་ཡིན་ནོ། །རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕྱི་རོལ་ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་སོགས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཡོ་ག་ཤུདྡྷ་ལན་གཅིགས་མ་ཡ་སྟྭཾ། ས་མ་ཡ་ཧོ། ལན་གསུམ། མཆོད་ཡོན་དང་ཞབས་བསིལ་ཕུལ། ལག་པ་གཡོན་དུ་ཨཱ་ལི་ལས་ཟླ་བ། གཡས་སུ་ཀཱ་ལི་ལས་ཉི་མ། དབུས་སུ་ཧཱུཾ། ཟླ་ཉི་ཧཱུཾ་དང་བཅས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐལ་མོར་གྱུར། གཏོར་སྣོད་ལགས་ཀྱིས་བླངས་པར་མོས་ལ། ལྷ་མོ་ཚད་མ་དམ་ཚིག་མ་དང༌། དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ལྷ་རྣམས་གཏོར་མ་གསོལ་བ་ལ་ཐུགས་དགེས་པ་དང་ལྡན་པ་ལས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། ཨོཾ་བཛྲ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲི་ཤྱ་ཧོཿ ཨོཾ་ཨཱཿཧཱུཾ། ཞེས་ལན་ལྔའམ་བདུན་གྱིས་


TNT07_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། གོང་བཞིན། ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། ཁྱོད་ཀྱིས་དངོས་ཀུན་རང་བཞིན་ནམ་མཁའ་དང་ནི་འདྲར་གཟིགས་ཀྱང༌། །མགོན་པོ་ཤིན་ཏུ་ལྕི་བའི་ཐུགས་རྗེའི་ཆུས་རྒྱས་སེམས་ལ་ནི། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་རྗེས་བརྩེར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །འཇིག་རྟེན་པ་རྣམས་ལ་ཕུལ་བར་མོས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་བི་ཤཱ་ཙ་ཨུནྨ་ད་ཨ་པསྨར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡཿ ཨི་མཾ་བ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྷི་མེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ། ཡ་ཐཻཥྟཾ། བྷུ་ཛ་ཐ་པི་ཝ་ཐ། ཛི་གྷ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ། སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཀླུ་ཡི༴ གནོད་སྦྱིན༴ སྲིད་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི༴ མ་ལུས་པ་ནི་ཐམས་ཅད་དག ། འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་མཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཚོགས་རྣམས་འཇོམས། །


TNT07_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པ། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོགས་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །སྲུངས་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྟོད་ཅིང་འདོད་དོན་ཞུ། ཡིག་བརྒྱ་བཟླ། མ་འབྱོར་པ་དང་ཉམས་པ༴ སོགས་ཀྱིས་བཟོད་པར་གསོལ། ཡོ་ག་ཤུདྡྷའི་སྔགས་རྒྱ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། དཀྱིལ་འཁོར་དང་དཀྱིལ་འཁོར་པ་རང་ཉིད་ལ་ཐིམ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། དེ་ལྟར་སྐབས་འདིར་རྣལ་འབྱོར་བདུན་དང༌། གོང་དུ་བསྟན་པའི་ཉལ་ལྡང་གཉིས་ཏེ། ཐུན་མཚམས་ཀྱི་རྣལ་འབྱོར་དགུ་ཡིན་ལ། མཉམ་


TNT07_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་རྣལ་འབྱོར་གསུམ་སྟེ་ཡོངས་གྲིལ་བཅུ་གཉིས་སོ། །དེ་དག་ལས་མངོན་རྟོགས་ཀྱི་རིམ་པ་རྐང་གྲངས་སུ་བརྗོད་ན། དང་པོ་རྟེན་སྦྱང་བ། གཉིས་པ་ཚོགས་ཞིང་མཆོད་པ། གསུམ་པ་བདག་ལ་བསྡུ་བ། བཞི་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ། ལྔ་པ་ཕྱིའི་ཡབ་ཡུམ་གསལ་འདེབས་པ། དྲུག་པ་རྗེས་སུ་ཆགས་པ། བདུན་པ་བརྟེན་པའི་ལྷ་ཚོགས་སྒོམ་པ། བརྒྱད་པ་དག་པ་དྲན་པ། དགུ་པ་སྐད་ཅིག་རྣམ་པ། བཅུ་པ་གོ་ཆ་རྣམ་གཉིས། བཅུ་གཅིག་པ་ཡེ་ཤེས་སྤྱན་འདྲེན། བཅུ་གཉིས་པ་དབང་བསྐུར་རྒྱས་གདབ། བཅུ་གསུམ་པ་མཆོད་ཅིང་བསྟོད་པ། བཅུ་བཞི་པ་ཉེ་བར་བསྡུ་བ་སྟེ་བསྐྱེད་རིམ་དངོས་ལ་རིམ་པ་བཅུ་བཞི། བཟླས་པ་དང་རྫོགས་རིམ་དང༌། སྔོན་འགྲོ་རྣམ་པ་གསུམ་དང༌། ཐུན་མཚམས་རྗེས་སྤྱོད་ལྷག་མ་དགུ་སྟེ། ཡོངས་སུ་གྲིལ་བས་དོན་ཚན་ཉེར་བརྒྱད་ཡིན་ནོ། །འདི་ནི་རྒྱུད་ཀྱི་རྒྱལ་པོ་ལས། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །ཞེས་གསུངས་པས། རྟེན་གྱི་དཀྱིལ་འཁོར་དང༌། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག།འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་པས། ཕྱི་ནང་གི་གཙོ་བོ་ཡབ་ཡུམ་དང༌། མཁའ་འགྲོ་དྲ་བའི་སྡོམ་པའི་ཡིན་ཞེས་པས་ལུགས་ཀྱི་ལྷ་ཚོགས་མདོར་བསྟན་པ་དང༌། རྩ་བཤད་ཀྱི་རྒྱུད་མང་པོར་ལུས་དཀྱིལ་རྒྱས་བཤད་མཛད་པ་རྣམས་ལ་བརྟེན་ཏེ། གྲུབ་ཆེན་གྱི་ཡང་དག་པར་བསྡུས་པ་སྟེ། བསྐྱེད་རིམ་སྒྲུབ་ཐབས་སུ་གཏོགས་སོ་ཅོག་ལ་འདི་བས་ཟབ་པ་མེད་པར་གྲགས་ལ་ཆེས་ཟབ་པའང་ཡིན་ནོ། །དེ་ལྟར་ན་འདི་ནི་ཁ་ཆེ་ལུགས་སུ་གྲགས་པའི་སྒྲུབ་ཐབས་ལ་རྩ་བར་བྱས། ནཱ་རོ་ཏ་པའི་


TNT07_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལུགས་གཉིས་ཀྱི་ལེགས་ཆ་མཐའ་དག་ཚང་བར་བྱས་པ་སྟེ། ཚིག་དོན་དགོས་ངེས་རྣམས་ཡེ་ནས་མ་ཆད་པ་དང༌། མི་དགོས་པ་ཅུང་ཟད་ཀྱང་མ་ལྷག་པ་དང༌། གཞུང་གི་དགོངས་པ་ལས་མ་འཁྱོགས་པ་དང༌། ངག་འདོན་བདེ་ཞིང་འཚམ་པ་དང༌། ཚིག་ཉུང་ངུས་ངག་སྦྱོར་གསལ་པོར་བསྟན་པས། གོ་དོན་བཤད་པ་གཞན་ལ་མི་ལྟོས་པ་སྟེ་ཡོན་ཏན་ལྔ་དང་ལྡན་པའོ། །ཚུལ་འདི་གསལ་བྱེད་མང་ན་ཡང༌། །ཡོན་ཏན་ལྔ་ལྡན་གཞན་མེད་པས། །འདིར་འབད་དོན་མེད་མ་ཡིན་ཏེ། །དགེ་དེས་ཧེ་རུ་ཀར་གྱུར་ཅིག།དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས་བདེ་ཆེན་སྙིང་པོ་ཞེས་བྱ་བ། འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་དྲུག་པ་ལ་སྦྱར་བའོ། །།མངྒ་ལཾ།། །།


previousདཔལ་འཁོར་ལོ་སྡོམ་པའི་[དྲིལ་བུ་ལུགས་ཀྱི་]སྒྲུབ་ཐབས་བདེ་ཆེན་སྙིང་པོ།next