Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ།next

བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ།


TNT07_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ་བཞུགས།


TNT07_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེ་ལ་གུས་བཏུད་ནས། །སྐལ་ལྡན་ཁོ་ནའི་སྤྱོད་ཡུལ་དུ། །རབ་ཟབ་ལུས་ཀྱི་དཀྱིལ་འཁོར་ཏེ། །དེ་ཡི་དབང་བསྐུར་ཆོ་ག་བཤད། །འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། སྔོན་འགྲོ་གཏོར་མ། སུམྦྷས་བསངས། སྭ་བྷས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་རླབས། ཕཻཾ་ཞེས་མགྲོན་རྣམས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནས་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷ་ཡི་ཚོགས་རྣམས་ནས་འདོད་པ་ཀུན་འགྲུབ་ཤོག །འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། དཀར་


TNT07_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་བལྟ་བར་མི་དབང་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག ཅེས་དང༌། སུམྦྷ་བཟླས་དྲག་རོལ་བྱ་གཏོར་མ་ཕྱིར་དོར་རོ། །དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་ནི། སུམྦྷས་བསངས། སྭ བྷཱས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ་


TNT07_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྱུར་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དང་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨ་ལོ་ཀེ གནྡྷེ། ནཻ་བི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎཱི་ཁཾ། ཨོཾ་བཛྲ་གྟཎྜེ་ར་ཎི་ཏི། པྲ་ར་ཎི་ཧ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ་ན་ད་སམྦྷ་ཝེ་ཏ་བཛྲ་དྷརྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ། ཞེས་པས་རོལ་མོ་བྱིན་དབབ་བོ། །དེ་ནས་ཆོ་ག་དངོས་ལ་འཇུག་པར་བྱ་སྟེ། འདི་ལ་ལྔ། དཀྱིལ་འཁོར་སྒྲུབ་པ་བདག་བསྐྱེད་དང༌། དབང་རྫས་སྒྲུབ་པ་བུམ་བསྐྱེད་དང༌། དབང་གི་གཞི་དཀྱིལ་འཁོར་ཁྱད་པར་དུ་བྱ་བ་དང༌། དབང་བསྐུར་ལེན་ཞིང་སྦྱིན་པ་དང༌། རྗེས་ཆོག་ལྷ་མཉེས་པར་བྱེད་པའོ། །དང་པོ་ནི་སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་མཐར་ཐུག་པར་སྒྲུབ་ཐབས་བཞིན་དུ་ཉམས་སུ་ལེན་པ་ལས། མཆོད་པའི་སྐབས་སུ། ཆུ་གཉིས་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་གི་ཚིག་བཅད་སོགས་ནག་པོ་ལུགས་ཀྱི་དཀྱིལ་ཆོག་ཏུ་བཤད་པ་ལྟར་ཅི་རིགས་པ་བླང་ཞིང༌།


TNT07_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་བསྟོད་པ་ཡང༌། རྐང་བརྒྱད་གཉིས་ཀྱི་གཞུག་ཏུ་བསྐལ་པའི་མེ་འབར་མ་སོགས་ཅི་རིགས་པ་སྦྱར་རོ། །བཟླས་པ་གྲུབ་མ་ཐག་ཏུ་སྒྲུབ་ཐབས་ནས་འབྱུང་བ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཡང་འབུལ་ལོ། །གཉིས་པ་ནི། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ་ཨཱཿལས་ཟླ་བའི་གདན། དེའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ་མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཨིནྡྲ་ནཱི་ལ་ལྟར་འབར་བའི་ནས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཐུགས་ཀའི་དབུས་སུ་ཧཱུཾ་ལས་དཔལ་ཧེ་རུ་ཀ་སྟེ་ནས། རྒྱན་དང་བཅས་ཐུགས་ཀའི་ཕྱོགས་ཀྱི་འདབ་མ་བཞི་ལས་ཤར་དུ་མཾ་ལས་ནས། མེ་རི་འབར་བའི་དབུས་ན་བཞུགས་པའོ། །མཚམས་བཞི་བུམ་པ་བཞི་ནས། གང་བ་དང་བཅས་པར་གྱུར། སྤྱི་བོ་པུལླི་རཱ་ན་ལ་ཡར་ནས། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ། །ཐུགས་ཀའི་ཕྱི་སྐོར་གྱི་འདབ་མ་བརྒྱད་ལ། ཤར་དུ་ཁྭ་གདོང་མ་ནས། བཞུགས་པའོ། །རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་ནས། དབང་གི་ལྷ་ཐམས་ཅད་ཀྱང་རང་ལ་ཐིམ་གྱི་བར་ཡེ་ཤེས་སྤྱན་འདྲེན་


TNT07_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབང་བསྐུར་རྒྱས་གདབ་བྱས། ཆུ་གཉིས་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་རྣམས་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་ནས། གཟུངས་ཐག་ནས་བཟུང་སྟེ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་གཉིས་ཅི་འགྲུབ་ཏུ་བཟླས་པའི་མཐར། ཨོཾ་སུམྦྷ་སོགས་ཉེར་གཅིག་ཙམ་བཟླས། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ་ནས། བདག་ཅག་སློབ་མར་བཅས་པ་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཨོཾ་ཨཱཿཧཱུཾ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་ཞེས་བརྗོད། གསུམ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་རྣམས་ཞེས་པ་ནས། ཤཔྟའི་བར་དང༌། རྐང་བརྒྱད་གཉིས་ཀྱིས་བསྟོད་དེ་ཚོགས་ཞིང་གི་སྐབས་བཞིན་ནོ། །བདག་ཉིད་འཁོར་ལོ་སྡོམ་པར་གསལ་བ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ། སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་འདྲེས་ཏེ། རྡོ་རྗེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བྱུང་ནས་ཕྱི་རོལ་ཏུ་འདུག་པར་མོས་ལ་དབང་བླང་བར་བྱའོ། །འདི་ནི་བླ་མའི་མན་ངག་སྟེ། གཞུང་གི་དངོས་བསྟན་ལ་མི་གསལ་མོད། དངོས་གྲུབ་འབྱུང་བའི་དགོས་པ་ཆེན་པོ་དང་ལྡན་ཞིང༌། གཞུང་གི་དགོངས་པ་ལ་ཡང་གནས་པར་ངེས་སོ། །བཞི་པ་ལ་གཉིས་ཀྱི་དང་པོ་བདག་འཇུག་སྟེ། དེ་ཡང་དབང་གི་ཆོ་ག་ནི། གྲུབ་ཆེན་ཉིད་ཀྱི་གཞུང་སྒྲ་ཇི་བཞིན་པ་ལས། གཞན་གྱི་ཁ་སྐོངས་ཡེ་མེད་ཀྱང༌།


TNT07_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་དབང་བསྐུར་གཉིས་ཀ་ལ་ཤིན་ཏུ་གོ་ཆོད་པ་སྐྱོན་བྲལ་ཡོན་ཏན་ཐམས་ཅད་ལྡན་པ་ཡིན་ནོ། །འོན་ཀྱང་ཅུང་ཟད་སྤྲོས་པ་ལ་མོས་པ་རྣམས་ལ། རང་ལུགས་དང་མི་འགལ་ཞིང་སྐབས་སུ་བབ་ངེས་པའི་སྒོ་ནས་གཞན་གྱི་ཁ་འགེངས་བྱེད་ན། ལུགས་གཉིས་ཏེ། ཁ་འགེངས་པ་སྡུས་པ་ཙམ་བྱེད་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་དང༌། ཁ་འགེངས་རྒྱས་པར་བྱེད་པ་ལོ་པཎ་གཞན་གྱི་ལུགས་གཉིས་ལས། སྤྲོས་པ། ཉུང་ངུའི་ཆོ་ག་འདིའི་རིགས་ལ་སྔ་མ་ལེགས་ཚབས་ཆེ་བས་ཕལ་ཆེར་དེའི་ལུགས་དང་མཐུན་པར་བྱའོ། །དེ་ཡང་འཇུག་པའི་དབང་གི་དོན་དུ་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །དེ་བཞིན་ཕག་མོ་ཧེ་རུ་ཀ །གསང་བའི་གནས་དང་ཉེ་གནས་སོགས། །ལུས་ལ་རྣམ་གནས་བཤད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གོང་ནས་གོང་མའི་སྡོམ་པ་ནི། བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སྡོམ་པ་བསྒྲགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་ཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་


TNT07_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་སོགས་ཀྱི་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས་ཉི་ཤུ་རྩ་གཉིས་ལེགས་པ་བསྲུང་གི་བར་གྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་ངོ༌། །ཕྱི་མ་འདི་ཕམ་ཐིང་བ་དང༌། སུ་མ་ཏིའི་རྗེས་འབྲང་རྣམས་མཛད་ཀྱི། ཤཱཀྱ་ཤྲཱིའི་ལུགས་ལ་མི་མཛད་དོ། །གང་ལྟར་ཡང་མི་འགལ་བས་ལག་ལེན་འདམ་ཁ་ཡིན་མོད་བྱེད་པ་ལེགས་སོ། །ཨོཾ་ཙཀྵུར་བནྡྷ་བ་རཱ་ཡ་ན་ཡ་ཧཱུཾ། གིས་མིག་དར་བཅིངས། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་བཟུང༌། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། སྙིང་གར་རྡོ་རྗེ་བཏད་ལ། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཧཱུཾ་ཛཿཧཱུཾ། ཞེས་ལུས་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པར་མོས། དེ་ཡན་ཆད་ནི་ཁ་སྐོང་ངོ༌། །དེ་ནས་དམ་བཞག་ནི། བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ། འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པས་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔའི་ཆུས་འགྲུབ་བོ། ཨོཾ་པཉྩ་ཨ་མྲི་ཏ་ཨུད་ད་ཀ་


TNT07_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཋཿཋཿཋཿཧཱུཾ། རྡོ་རྗེ་སྤྱི་བོར་བཞག་ལ། ཁྱོད་ཀྱི་ཧེ་རུ་ཀ་དཔལ་ང༌། ཁྱོད་ཀྱིས་བརྙེས་པར་མི་བྱ་ཞིང༌། །དམ་ཚིག་དང་འགལ་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །ཞེས་དམ་ལ་བཞག་སྟེ། ཚིག་རྐང་ཕྱི་མ་ནི། དང་པོར་དམྱལ་བར་འགྲོ་བར་འགྱུར། ཞེས་བཅོས་ན་བདེའོ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར། སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དཔལ་ཧེ་རུ་ཀ་རིག་མའི་ཚོགས་དང་བཅས་པ་དང༌། འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ། ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་པ་རྣམས་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་གི་འཁོར་ལོ་པ་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་པ་རྣམས་དཀར་པོའི་རྣམ་པ་འཇུག་ཅིང༌། གཙོ་བོའི་རིག་མ་བཅས་པ་དང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང་བ་སྦུའི་བུ་ག་ནས་ཞུགས་ཤིང་སྙིང་གར་ཐིམ་པར་གྱུར། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་


TNT07_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བིད་མ་ཧེ་བི་བྱ་རཱ་ཛཱ་ཡ། དྷཱི་མ་ཧེ་སྭཱཧཱ། ཞེས་བཟླ་སྟེ། རོལ་མོའི་སྒྲ་དང་བཅས་ནས་དབབ་བོ། །སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ་ཞེས་བརྟན་པར་བྱ། ཨོཾ་པྲ་ཏིཙྪ་བཛྲ་ཧོ་ཞེས་ལུས་དཀྱིལ་གྱི་གཙོ་བོ་མེ་ཏོག་ཕུལ། ཨོཾ་ཏྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་རང་གི་སྤྱི་བོར་བཅིངས། ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། ཞེས་མིག་དར་བསལ་ཏེ། མེ་ཏོག་འབུལ་བ་དང་མིག་དར་དཀྲོལ་བ་ཡང་ཁ་སྐོང་ཡིན་ནོ། །དེ་ནས་བལྟ་བར་བསྐུལ་བ་ནི། རང་བཞིན་གྱིས་ནི་དག་པའི་བདག །ལུས་འདི་རང་བཞིན་དྲི་མ་མེད། །དཔའ་བོ་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །ཞེས་སོ། །དེ་ནས་ལྷ་ངོ་བསྟན་པ་ནི། སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། འདི་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དོ། །ཞེས་པའམ། ཅུང་ཟད་རྒྱས་པ་ལ་མོས་ན། ལུས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ནི་ནས། གཤིན་རྗེ་འཇོམས་མའོ་ཞེས་པའི་བར་བརྗོད་དོ། །དེ་དག་ནི་འཇུག་པའི་བྱ་བའོ། །དབང་དངོས་ལ། བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་ཁོ་ན་ཉིད་ཀྱི་དབང་སྟེ་བཞི་ལས། དང་པོ་ལ། ཆུ་ཅོད་པན་རྡོ་རྗེ་བདག་པོ། མིང་དབང༌། སྔགས་དབང༌། རྡོ་རྗེའི་བརྟུལ་ཞུགས། སྤྱོད་པའི་བརྟུལ་ཞུགས། དབུགས་དབྱུང་བ། ཕྱིར་མི་ལྡོག་


TNT07_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་སྟེ་བཅུ་ལས། དང་པོ་དགུ་པོ་སྡོམས་ནས་ཐུན་མོང་གི་དབང་ཞེས་བྱ་སྟེ། དེ་ལྟར་ན་ཐུན་མོང་གི་དབང་དགུ་ཞུ་བའི་དོན་དུ་མཎྜལ་ཕུལ་ལ། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཞེས་ལན་གསུམ་མོ། །བདག་དང་དབང་རྫས་སུམྦྷས་བསངས་ཤིང༌། ཡུངས་ཀར་དང་བུམ་ཆུ་སོགས་ཀྱིས་གཏོར་རོ། །བདག་ཉིད་སྐད་ཅིག་གིས་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཀུན་གྱི་རིགས་གཅིག་པུ་པ། རྡོ་རྗེ་མཁའ་འགྲོ་ཐུགས་རྡོ་རྗེ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་དང་འདྲ་བའི་ཡུམ་གྱིས་འཁྱུད་ཅིང༌། པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པའི་སྐུར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་རྣམ་པར་ཕཻཾ། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཞེས་བརྗོད་དོ། །འདིར་ཐུན་མོང་གི་དབང་ཐམས་ཅད་ལ། རང་ཉིད་རྡོ་རྗེ་མཁའ་འགྲོའི་རྣམ་པ་འདི་ཁོ་ན་ལ་གནས་ཤིང༌། དབང་རྫས་ལྷ་སོ་སོའི་རྣམ་པར་འཕོ་བ་ཡིན་ལ། དབང་དྲུག་པོ་ཐམས་ཅད་ལ། དབང་རྫས་ལྷར་བསྐྱེད་ཡེ་ཤེས་པ་སྟིམ། ལྷ་བཞུ་དབང་བསྐུར་བརྟན་བྱེད་པ། །བདེ་གཤེགས་བསྟིམས་ནས་མཆོད་པ་འབུལ། །སོ་སོའི་དག་པ་བརྗོད་པའོ། །ཆུ་དབང་ལ་བརྟན་བྱེད་ལོགས་པ་མི་དགོས་ཤིང༌། དབང་རྫས་ཀྱི་ལྷ་བཞུགས་པའི་རྗེས་སུ་དབང་ལྷ་སྤྱན་འདྲེན། མཆོད་པ་གསོལ་གདབ་རྣམས་ལྷག་པོ་ཡིན་ལ། བརྟུལ་ཞུགས་ལ་བརྟན་བྱེད་མན་ཆད་མི་དགོས་སོ། །


TNT07_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆུ་དབང་ནི། རྣམ་རྒྱལ་བུམ་པའི་ཆུའམ། ལྷ་བུམ་མང་དུ་ཡོད་ན་ཐམས་ཅད་ཀྱི་བུམ་ཆུ་ཐོད་པར་བསྡུས། སྭ་བྷཱ་ཝས་སྦྱངས། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བའི་ཅོད་པན་ཅན། རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་མི་བསྐྱོད་པ་སྤྱན་དྲངས། ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་སྟེ་བདུད་རྩིའི་ཆུར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ་ཞེས་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་བ་རྣམས་དང༌། དབང་གི་ལྷའི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། རྡོ་རྗེ་ཕག་མོ་སྙིང་པོའི་རྣལ་འབྱོར་


TNT07_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞི་དང་བཅས་པས་ཌཱ་མ་རུ་དང་བདུད་རྩིས་གང་བའི་བུམ་པ་ཐོགས། འཁོར་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས། མེ་ཏོག་གི་ཆར་ཕབ་སྟེ་ཤིས་པ་བརྗོད་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་སོགས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་བཅད་གསུམ་དང༌། ཉིན་མོ་བདེ་ལེགས༴ སོགས་བརྗོད། རོལ་ཆེན་བྱ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཏྲི་ཙཀྲ་བཱི་ར་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུ་རྒྱན། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མི་བསྐྱོད་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། བ་སྤུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུའི་དབང་ཐོབ། ཞེ་སྡང་དག་རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། །མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་སྒྲིགས་པ་ཡིན་ནོ། །དེས་རིགས་འགྲེས་ཏེ་ཅོད་པན་སོགས་བཞི་དང༌། རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་ཤེས་པར་བྱ་བ་ལས། འདི་མན་ཆད་ལ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཞེས་པ་ནས་རོལ་ཆེན་བྱ། ཞེས་


TNT07_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དབང་ལྷ་སྤྱན་འདྲེན་དང༌། ཤིས་བརྗོད་མི་དགོས་སོ། །འདོན་པ་བསྒྱུར་ཏེ་ཅོད་པན་གྱི་དབང་ནི། སྭ་བྷ་ཝ། དབང་རྫས་རིན་པོ་ཆེའི་དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཾ་ལས་རིན་པོ་ཆེ་ཨཾ་གིས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་༴ ཡེ་ཤེས་སེམས་དཔའ་རིན་ཆེན་འབྱུང་ལྡན༴ ཡབ་ཡུམ་རྗེས་ཆགས་ཀྱི༴ རིན་པོ་ཆེའི་དབུ་རྒྱན་དུ་གྱུར། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། སོགས་ཀྱི་མཐར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དབུ་རྒྱན་དར་དཔྱངས་དང་བཅས་པ་སྐོན་སྤྲོ་ཞིང་ནུས་ན་འཁོར་ལོ་ལྔའི་ལྷ་ཐམས་ཅད་ཀྱི་སྔགས་ཀྱང་བརྗོད་དོ། །ཨོཾ་ཏྲི་ཙཀྲ་བཱི་ར་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན། དེ་ལྟར་ན་དབུ་རྒྱན་གྱི་ང་རྒྱལ་དང་སེར་སྣ་ཚོར་བ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་འགྱུར་བའི་སོགས་སོ། །རྡོ་རྗེའི་དབང་ནི། དབང་རྫས་རྡོ་རྗེ་ཛྲི་ལས་པདྨ་ཛྲིཾ། འོད་དཔག་མེད་དམར་པོ་པདྨ་དང་ཡེ་ཤེས་སེམས་དཔའ་འོད་དཔག་མེད་རྡོ་རྗེ་གྱུར། ཧེ་རུ་ཀ་དཔལ་སོགས་ཀྱིས། དེང་ཁྱོད་བདག་པོར་དབང་བསྐུར་ལྟར། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །རྡོ་རྗེ་ལག་པ་གཡས་པས་བཟུང་ནས་སྙིང་གར་བཏོད། ཏྲི་ཙཀྲ་སོགས་སྔར་བཞིན། ཆུ་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་རྒྱན། རྡོ་རྗེ་འདོད་ཆགས་འདུ་ཤེས་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པའི་སོགས་འདོན་པ་སྤོ།


TNT07_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུའི་དབང་ནི། དབང་རྫས་ཀྱི་དྲིལ་བུ་ཁཾ་ལས་རལ་གྲི་ཁཾ། དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་ཡེ་ཤེས་སེམས་དཔའ་དོན་ཡོད་གྲུབ་པ་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་བཛྲ༌། ཎྜེ་ཨཱཿཨཱཿ རྡོ་རྗེ་དྲིལ་བུ་སྙིང་གར་འཁྱུད་ལ། ཐབས་དང་ཤེས་རབ་ཀྱི་རིགས་མཐའ་དག་གི་བདག་པོ་ཟུང་དུ་འཇུག་པའི་རང་བཞིན་རྡོ་རྗེ་མཁའ་འགྲོ་རང་སྣང་གི་ཡུམ་དང་བཅས་པ་ལྷ་སྐུ་བདེ་བ་ཆེན་པོར་མོས་ལ། འཁོར་ལོ་གསུམ་བདག་དཔའ་བོ་ཡི། །ལག་ཏུ་རྡོ་རྗེ་དྲིལ་བུ་བཟུང༌། །རང་བཞིན་གྱིས་མཛེས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་རླབས། །བརྟན་བྱེད་ཆུ་དབང་དོན་ཡོད་གྲུབ་པས་དབུ་རྒྱན། དྲིལ་བུའི་དབང༌། ཕྲག་དོག་འདུ་བྱེད། བྱ་བ་སྒྲུབ་པའི་དོན་ཡོད་གྲུབ་པའི་ཞེས་འདོན་པ་སྤོའོ། །མིང་གི་དབང་ནི། གཞུང་ལས། སློབ་མའི་སྤྱི་བོར་ལག་པ་སྦྱིན་ཞེས་པ་ཙམ་ལས་མ་གསུངས་ཤིང༌། ནག་པོའི་དཀྱིལ་ཆོག་ལ་ཇོ་བོ་རྗེའི་མན་ངག་སྦྱར་བ་ལས་ཀྱང༌། སློབ་མའི་སྤྱི་བོར་སློབ་དཔོན་གྱི་ལག་པ་བཞག་ལ། སྤྱྀ་བོར་རྣམ་སྣང་བསྐྱེད་པ་ཙམ་མ་གཏོགས་དབང་རྫས་མ་མཛད། ཁ་ཆེ་ལུགས་ལ་དབང་རྫས་མེ་ཏོག་འཕྲེང་བ་ལ་བྱེད། གཞན་ཕལ་ཆེར་གྱི་ལུགས་ལ་རྡོ་རྗེའི་དྲིལ་བུ་བསྣོལ་བ་དབང་རྫས་སུ་མཛད་པ། དེ་དག་གང་ལྟར་བྱས་ཀྱང་འདྲ་མོད། འདིར་ཁ་ཆེ་ལུགས་ལྟར་བྱ་སྟེ། དབང་རྫས་མེ་ཏོག་འཕྲེང་བ། པདྨ་དང་ཟླ་བའི་སྟེང་དུ་བྷཱུཾ་ལས་འཁོར་ལོ་བྷྲུཾ། རྣམ་


TNT07_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་མཛད་དཀར་པོ་འཁོར་ལོ་དང་ཡེ་ཤེས་སེམས་དཔའ་རྣམ་པར་སྣང་མཛད་མེ་ཏོག་འཕྲེང་བར་གྱུར། ཨོཾ་ཏྲི་ཙཀྲ་ཨ་དྷཱི་པ་ཏི་ཤྲཱི་ཧེ་རུ་ཀ་བཱི་ར་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་ན་མཿཨ་བྷི་ཥེ་ཀ་ཏ། ཀྱེ། དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱའོ། །རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན། བརྟན་བྱེད་ཆུ་དབང༌། མིང་གི་དབང༌། གཏི་མུགགཟུགས་ཕུང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ཞེས་འདོན་པ་སྤོའོ། །སྔགས་ཀྱི་དབང་ནི། མེ་ཏོག་གཏོར་ཞིང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང༌། བདག་གི་སྙིང་གར་ཐིམ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཚར་གསུམ་རྗེས་བཟློས་བྱས་པར་མོས། མེ་ཏོག་སྤྱི་བོར་གཏོར་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །རྡོ་རྗེ་བརྟུལ་ཞུགས་ནི། དབང་རྫས་རྡོ་རྗེ་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྡོ་རྗེ་སེམས་དཔའ། དཀར་པོ་རྡོ་རྗེ་དང༌། ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའ། དང་པོར་རྡོ་རྗེ་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཞེས་ལག་པ་གཡས་པས་བཟུང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་བཛྲ་སཏྭ་ཧྲཱིཿ ཧི་ཧི་ཧི་ཧི་ཧཱུཾ། ཞེས་སྙིང་གར་བཟུང༌། དེ་ཁོ་ནས་འགྲུབ་


TNT07_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །སྤྱོད་པའི་བརྟུལ་ཞུགས་ནི། ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཐོད་པ། ཁ་ཊྭཾ་གཚངས་སྐུད་རྣམས་གཙོ་བོ་ཡབ་ཡུམ་གྱི་ངོ་བོར་གྱུར། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཾ་ཅང་ཏེའུ་ལྷུང་བཟེད་སྦྱིན། །དཔའ་བོ་ཆེན་བོ་བླང་བར་གྱིས། །དབུགས་དབྱུང་ཞིང་ལུང་བསྟན་པ་ནི། གཙོ་བོས་ཕྱག་གཡས་པ་སྐྱབས་སྦྱིན་དང༌། གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་བཟུང་སྟེ་ལུང་བསྟན་པར་མོས། འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནི་ནཱ་མཿ སརྦ་ཏ་ཐཱ་ག་ཏཱ་སིདྷྱ་ས་མ་ཡ་བྷུར་བྷུ་ཝ་སྭཱཿ ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། ཞེས་པའོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་གི་དོན་དུ་མཎྜལ་ཕུལ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། དབང་སྟེགས་རིན་པོ་ཆེའི་ཁྲིའི་གདན་གྱི་སྟེངས་སུ། པདྨ་དང་ཟླ་བའི་གདན་ལ་རང་ཉིད་གནས་པར་གྱུར། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན་མཐའ་སྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་


TNT07_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པས་ཡོངས་སུ་བསྐོར་བར་གྱུར། རང་གི་གདོད་མའི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་དེ་ཉིད་ལ་གསལ་བར་གྱུར་པ་ནི། ཞེས་པ་ནས། རྣམས་ཀྱི་བདག་ཉིད་དོ། །དེ་ལྟར་གྱུར་པའི་བདག་ཉིད་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར། ཞེས་པའམ། དེ་ཙམ་བསྒོམ་པ་མི་བདེ་ན་ཕྱག་གཉིས་པས་རུང་ངོ༌། །རྩ་ལ་ལ་ན་དང༌། ར་ས་ནའི་འཁོར་དང་བཅས་ཤིང༌། ཞེས་པ་ནས། རྡོ་རྗེའི་ཕྲེང་བས་མཚན་པའི་བར་ལུས་དཀྱིལ་རྫོགས་པས་གསལ་བཏབ་སྟེ། རྡོ་རྗེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་གྱི་གཙོ་བོ་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་ཞེས་པ་ནས། ཡོ་ག་ཤུདྡྷོ྅་ཧཾ། གི་བར་མངོན་རྟོགས་བཞིན། དཀྱིལ་འཁོར་པ་རྣམས་དང༌། དབང་གི་ལྷ་ནས་བྱུང་བ་སྦྱིན་པར་བྱ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་མང་དུ་བརྗོད། ཨོཾ་ཏྲྀ་ཙཀྲ་ནས་ཆུ་ལྷག་མ་ཡར་ལུད་དེ་ཕྱི་ནང་ལྷ་སོ་སོའི་སྤྱི་བོར་འཁྱིལ་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་རྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང༌། ཕྱོགས་བཅུས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རང་ཉིད་ལ་གཉིས་སུ་མེད་པར་ཐིམ། སྤྱི་བོར་མེ་ཏོག་དོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་རབ་གནས་བྱ། དེ་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་བདག་ཉིད་ལ་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། གཞན་ཡང་བཟའ་བཅའ་དང་ན་བཟའ་ལ་སོགས་པ་མཆོད་པ་སྣ་ཚོགས་པས་མཆོད་པར་གསུངས་པ་ལྟར་ཡིད་ཀྱིས་མོས། དེ་ནས་འདི་ལྟར། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་


TNT07_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་རང་བཞིན། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །རྟེན་ཞིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བཀའི་གནང་བ་སྦྱིན་ནོ། །དེ་ལྟར་ན་རྡོ་རྗེ་སློབ་དཔོན་མཆོག་གི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་པས། ལུས་ཀྱི་དྲི་མ་དག་ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོ་བདག་ཀྱང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང་བ་བདག་ལ་སྐྱབས་མཛོད་ཅིག །མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། དཀྱིལ་འཁོར་གྱི་བདག་མོའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བའི་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་ཁུ་རྣམས་སུ་གྱུར། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་


TNT07_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། ཡབ་ཡུམ་གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི་ཐབས་ཀྱི་བྱང་ཆུབ་ཀྱི་སེམས་བདག་གི་ལྕེ་ཐོག་ཏུ་བཞག །འདི་སྟེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལྡན་པར་རོས་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་བྱོས། །ཨོཾ་ཨཱཿཧཱུཾ། བདུད་རྩི་མྱང༌། ཨ་ཧོ་མ་ཧཱ་སུ་ཁཾ། སླར་ཡང་ཡུམ་གྱི་བྱང་ཆུབ་ཀྱི་སེམས་བདག་གི་ཁར་ཕབ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། ཞེས་སླར་ཡང་བདུད་རྩི་མྱང༌། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ་པས་ངག་གི་དྲི་མ་དག ལམ་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བའི་སོགས་བརྗོད། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསང་དབང་ལྟར་གསོལ་བ་བཏབ། མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། མཚན་ཉིད་དང་ལྡན་པའི་རིག་མ་དངོས་གྲུབ་ཀྱི་དོན་དུ་ཕྱག་རྒྱར་བཏད། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡིས་བླ་མེད་མཆོད་པར་གྱིས། །རིག་མ་དེས་ཀྱང་འདི་སྐད་དུ། །དཔའ་བོ་བྱང་ཆུབ་སེམས་བཟའ་བར། ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་བྱུང་བ་ཡི། །རིག་མ་མཆོད་པར་རྟག་གུས་སམ། །


TNT07_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་དགའ་བར་སྨྲོས་ཤིག་བུ། །ཞེས་དྲིས་པ་ལ། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱེད། །པདྨར་མཆོད་པ་ཅིས་མི་བགྱི། །ཞེས་ལན་བཏབ། དེས་ཀྱང་སྐྱེ་གནས་མཆོག་གི་རྩ་གསལ་བར་བྱས་ནས། པདྨ་བྷཉྫ་ཧོ། ཞེས་པང་དུ་བྱོན། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་དང་རིག་རྡོ་རྗེ་ཕག་མོར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་དཀར་པོ་ནས། རྒྱས་ཤིང་བརྟན་པར་གྱུར་གྱི་བར་སྒྲུབ་ཐབས་བཞིན། ཨོཾ་ཨཱཿཧཱུཾ། གིས་གདོང་གཡོགས་དཀྲོལ། གཙོ་བོའི་ཕྱག་གཡོན་རང་གི་སྤྱི་བོར་བཞགསློབ་དཔོན་དང་ཤེས་རབ་མས་གསུངས་པར་བསམ་ཏེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་འདྲ་བར་སེམས་ཅན་གྱི། །དོན་ཀུན་བདག་ཉིད་ཀུན་གྱིས་ཀྱེ། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག །ལམ་དངོས་དང་ཡེ་ཤེས་ཀྱི་རིག་མ་བསྟེན་པ་ལ་དབང༌། འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའི་སོགས་བརྗོད། དབང་བཞི་པའི་དོན་དུ་མཎྜལ་ཕུལ། གོང་བཞིན་གསོལ་བ་འདེབས་པའམ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་


TNT07_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །བདག་ལ་བཀའ་དྲིན་སྐྱབས་ཏུ་གསོལ། །འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ནི། འདི་སྐད་ཅེས། འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །རིག་འདི་བོར་ནས་འདི་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་ཀུན་གྱི་བླ་མའི་བླ། །ཞེས་དོན་དམ་པའི་རིག་མའི་བརྟུལ་ཞུགས་སྦྱིན་ནོ། །གཉིས་པ་ནི། བཞི་པ་དངོས་ཏེ། ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་སོགས། །དེ་ནི་བརྟན་འགྲོ་གཡོ་བདག་ཉིད། །བདག་མེད་ཉིད་ཀྱི་བདག་ཏུ་གནས། །ཞེས་པའི་དོན་ལ་མཉམ་པར་བཞག་ན། དཔའ་བོས་བདེ་བ་ཆེན་པོ་རྟོགས་ཞེས་པའི་དོན་ཡང་གྲུབ་པ་ཡིན་ནོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དགལམ་བསམ་གྱི་མི་ཁྱབ་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཙོ་བོས་ཇི་ལྟར། སོགས་ལན་གསུམ། བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས་ལན་གསུམ་དང་དགེ་བ་བསྔོ། གཉིས་པ་སློབ་མ་ལ་དབང་བསྐུར་བ་ནི། སློབ་མ་ཁྲུས་བྱས་གྲལ་དུ་འཁོད་པ་ལ། ཐོག་མར་བགེགས་དང་སྡིག་པ་སྦྱང་བ་བྱ་སྟེ། གཏོར་མའམ་མཐེབ་ཀྱུ་གསུམ་དང༌། ཏིང་ལོ་ཆང་བུ་རྣམས་ཀྱང་གསུམ་གསུམ་འདུས་བྱས་ལ། བགེགས་


TNT07_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བསངས་སྦྱངས། འབྲུ་གསུམ་བྱིན་གྱིས་རླབས། གཏོར་མའམ་མཐེབ་ཀྱུ་གསུམ་པོ་བསྐོར་ལ། ཨོཾ་སརྦ་བིགྷྣཾ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག །ཞི་བས་སྦྱང་བའོ། །ཨོཾ་སུམྦྷ་སོགས་ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོ་དང་ཆང་བུ་བསྐོར། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིགཅེས་པས་ནི་ཞི་དྲག་ཕྱེད་མས་སྦྱང་བའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ལ་བདེན་སྟོབས་བརྗོད་ཏེ། མཐར་དྲག་པོའི་མཚམ་རྔམ་རོལ་ཆེན་དང་བཅས་པས་བསྐྲད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱིས་བཀའ་བདེན་དང༌། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་འདིར་དབང་གི་ལས་ལ་འཇུག་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་


TNT07_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་དེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་པར་མྱུར་བ་ཉིད་དུ་སོང་ཤིགགང་དག་མི་འགྲོ་བ་དེ་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་དང༌། རྡོ་རྗེ་ཁ་ཊྭཾ་ག་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་བགས་པར་བྱའོ། །ཞེས་བགེགས་བསྐྲད་ཅིང་གཏོར་མ་ཕྱི་རོལ་དུ་དོར། དྲག་པོ་སྦྱང་བའོ། །སྡིག་པ་སྦྱང་བ་ནི། ཏིལ་དང་མེ་དང་ཆུ་རྣམས་འདུས་བྱས་ལ། བདག་གཞན་སེམས་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་བཾ་གྱི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེད་ཏེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། བསངས་སྦྱངས། འབར་བའི་མེའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་གྲོ་རྡོ་རྗེ་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད། ལས་ཀྱི་རྡོ་རྗེས་ཏིལ་གཡས་གཡོན་དུ་བསྐོར་ནས། གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོར་སྒྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་ལུགས་སོ། །དེ་ནས་མེ་ཏོག་བཀྱེ་བསྡུ་དང༌། སེམས་བསྐྱེད་གསལ་འདེབས་སོགས་བྱས་ནས། གོང་དུ་ཇི་སྐད་བསྟན་པའི་བདག་འཇུག་ལས། རང་ཉིད་


TNT07_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་རྣམས་ཁྱེད་རང་གི་ཞེས་འདོན་པ་སྤོས་པས་ཕལ་ཆེར་འགྲུབ་ལ། ལྷ་ངོ་བསྟན་པའི་སྐབས། སློབ་དཔོན་གྱི་གདོད་མའི་ལུས་ཀྱི་དཀྱིལ་འཁོར་སྐད་ཅིག་དེ་ཉིད་ལ་ཞེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །རྩ་ལ་ལ་ན་དང༌། ར་ས་ན། ཞེས་པ་ནས། རྡོ་རྗེ་འཕྲེང་བས་མཚན་པའོ་ཡི་བར་རྣམས་མངོན་རྟོགས་བཞིན་སྒོམ་དུ་འཇུག་དགོས་པ་ལས། འཁོར་གྱིས་ས་བོན་རྣམས་དོར་རོ། །དེ་རྗེས་སྤྲོ་ཞིང་ནུས་ན། བྱང་ཕྱོགས་སོ་བདུན་གྱི་དག་པ་རྒྱས་པ་ཞིག་བརྗོད་ན་ལེགས་སོ། །གཞན་ཁྱད་པར་ཕྲ་མོ་རྣམས་ནི་སློབ་དཔོན་གྱི་གསུང་ལས་རྟོགས་པར་བྱའོ། །ལྔ་པ་རྗེས་ཀྱི་ཆོ་ག་ལྷ་མཉེས་པར་བྱེད་པ་ནི། ངེས་པར་ཚོགས་ཀྱི་འཁོར་ལོས་བསྒྲུབ་པར་བྱ་བ་ཡིན་ལ། རིགས་ལྡན་མ་མཆོད་པའི་ཆོ་ག་དང༌། ཞིང་སྐྱོང་ལ་གཏོར་མ་སྦྱིན་པ་སོགས་འགྲུབ་ནའང་ལེགས་སོ། །བླ་མ་གོང་མ་འགའ་ཞིག་ནི། དབང་བསྐུར་བའི་མདུན་བསྐྱེད་ཀྱི་ཐ་སྙད་མཛད་ནས། བུམ་བསྐྱེད་ཀྱི་སྔོན་དུ་མཎྜལ་སྒྲུབ་མཆོད་རེ་མཛད་པས་འདུག་ནའང༌། ལུས་དཀྱིལ་འཁོར་གྱི་དབང་གི་དོན་དུ་དེ་འདྲ་དགོས་པ་ནི་མ་ཡིན་ཞིང༌། སྐབས་འདི་དག་སོགས་སུ་ཡང་ངེས་པར་དགོས་པ་མིན་ཀྱང༌། མཆོད་པ་དང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་འགྱུར་བས་བྱས་ཀྱང་འགལ་བ་ནི་མེད་དོ། །དེ་བཞིན་དུ་སྦྱིན་བསྲེགས་ལ་སོགས་པ་ཡང་སྟེ། དབང་པོ་དམན་པའི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་ཤེས་པར་བྱའོ། །དབང་པོ་མཆོག་ལ་ནི་འདིར་མི་བཞེད་དེ། དབང་བསྐུར་བའི་དོན་དུ་ཡང་ཕྱི་རོལ་གྱི་དཀྱིལ་འཁོར་མི་འབྲི་ན། ཕྱི་རོལ་མཆོད་པ་དང༌། མེ་མཆོད་ཙམ་གྱི་དོན་ལ་ལྟ་སྨོས་ཀྱང་མི་དགོས་སོ། །དེ་ལ་བྱ་བའི་མཐར་མཆོད་པ་བཤམས་ཤིང་བྱིན་གྱིས་རླབས། བདག་བསྐྱེད་དང་བུམ་བསྐྱེད་


TNT07_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་ལ་དམིགས་ནས། ཕྱི་མཆོད་ནང་མཆོད་གསང་མཆོད་བསྟོད་པ་རྣམས་བྱ། ཡིག་བརྒྱ་དང་བཟོད་གསོལ་རྣམས་ཀྱང་བྱས་ནས། མགྲོན་རྣམས་ཨོཾ་བཛྲ་མུཿ ཞེས་གཤེགས། བུམ་པའི་ལྷ་ཡོ་ག་ཤུདྡྷོའི་སྔགས་ཀྱིས་རང་ལ་བསྟིམ། དེ་ནས་ཉེར་བསྡུའྀ་རྣལ་འབྱོར་དང༌། བསྲུང་བའི་རྣལ་འབྱོར་སྒྲུབ་ཐབས་བཞིན་བསྒོམ། དེ་རྗེས་སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱ་སྟེ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །འདི་ལ་དང་པོར་ཤོམས་ནི། བྲིས་སྐུ་ལ་སོགས་པ་རྟེན་གྱི་མདུན་དུ་བུམ་གདན་ལ་བུམ་པ་མགུལ་བཅིངས་ཁ་རྒྱན་མཆོད་ཡོན་གྱི་སྣོད་གཟུངས་ཐག་རྡོ་རྗེ་དང་བཅས་པ་སྤྱི་དང་འདྲ་བར་བཤམས། འདི་ལ་ལས་བུམ་ནི་མི་དགོས་ལ། ལྷ་བུམ་དྲུག་གམ་བདུན་ནམ་ལྔའམ་དགུའམ་རྣམ་རྒྱལ་བུམ་པ་གཅིག་པུར་བསྡུ་བ་གང་ལྟར་བྱས་ཀྱང་རུང་ཞིང༌། བུམ་པ་མང་དུ་བྱུང་ནའང་རྣམ་པ་གཅིག་ཏུ་བཟང་མོད་ཀྱི། དེང་སང་གཅིག་ལ་བསྡུ་བ་ལ་ལག་ལེན་གཙོ་བོར་བྱེད་དོ། །བུམ་པ་མང་བའི་ཕྱོགས་ལ་འཁོར་ལོ་སོ་སོའི་ལྷའི་སྙིང་པོ་ཡང་བཟླ་དགོས་སོ། །དེའི་མདུན་དུ་བུམ་པའི་སྒོས་མཆོད་དང༌། གཏོར་མཆོག་གི་སྒོས་མཆོད་གཉིས། དེའི་མདུན་དུ་སྤྱིའི་མཆོད་པ་ཆེན་མོ་བཤམས། དེ་ཙམ་མ་འགྲུབ་ན་མཆོད་པ་གཅིག་བཤམས་ཏེ་ཡང་ཡང་ཁ་གསོ། དེའི་མདུན་དུ་སྟེགས་བུ་ལ་གཏོར་མ་བཤམས་ཏེ། རྟེན་གྱི་གཡོན་དུ་འཇིག་རྟེན་འདས་གཏོར་དང༌། གཡས་སུ་འཇིག་རྟེན་པའི་གཏོར་མའོ། །སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ཀྱི་སྣོད་ཇི་ལྟར་འོས་པའི་སར་མིག་དར་མེ་ཏོར་དབུ་རྒྱན་རྡོ་རྗེ་དྲིལ་བུ་མེ་ཏོག་འཕྲེང་བ་ཁྭ་ཊྭཾ་ག་གསང་དབང་ལ་དགོས་པའི་དམ་རྫས་ཀྱི་སྣོད་གཉིས་རྣམས་ཅུང་ཟད་ཁེབས་ཀྱི་བཀབ་ནས་བཞག་གོ །གཞན་ཡང་རོལ་མོ་སྣ་ཚོགས་པ་དག་


TNT07_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྟ་གོན་བྱ། སྔོན་འགྲོ་གཏོར་མ་ཡང་འདུས་བྱས་ཏེ་བཞག་གོ །ཀུན་ལས་རབ་ཏུ་ཟབ་པ་ཡི། །དགའ་ཆེན་ཁྲག་འཐུང་དཀྱིལ་འཁོར་གྱི། །དབང་ཆོག་སྙིང་པོ་ཙམ་བྲིས་པས། །འགྲོ་ཀུན་བདེ་ཆེན་གནས་ཐོབ་ཤོག །ཅེས་པ་དཔལ་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ་ཞེས་བྱ་བ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།མངྒ་ལཾ།། །།


TNT07_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་བདེ་ཆེན་སྙིང་པོ།next