Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ།
   
   
   
   
   
   
   
   
   
   
   


 
previousདཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ།next

དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ།


TNT07_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ་ཞེས་བྱ་བ་བཞུགས།


TNT07_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲི་ཧེ་རུ་ཀ་མཎྜལ་ལེ་བྷྱཿ དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྒྱལ་ཆེན་ཧེ་རུ་ཀའི། །ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །མཁའ་འགྲོ་རྒྱ་མཚོ་ལས་བྱུང་བའི། །དཀྱིལ་འཁོར་ཆོ་ག་མདོ་ཙམ་བྲི། །འདིར་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ཅན། དཔལ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་འཁྱེར་བདེ་བར་བརྗོད་ན། དཀྱིལ་འཁོར་གྱི་ས་གཞིའི་གནས་སུ་དྲིའི་མཎྜལ་གནས་འཛིན་གྱི་ཚོམ་བུ་དང་དང་བཅས་པ། མཆོད་ཡོན་ཆེན་པོ་སོགས་མཆོད་པ་རྣམས་ཀྱང་བཤམས། རྡོར་དྲིལ་ནང་མཆོད་སོགས་འདུས་བྱས་ཤྲཱི་ཧེ་རུ་ཀོ྅་ཧཾ་ཞེས། བདག་ཉིད་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོའི་དབང་ཕྱུག་ཏུ་གྱུར། སྐུའི་རྣམ་པ་དང་ང་རྒྱལ་བརྟན་པོ་བཟུང༌། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱས། ནང་མཆོད་ཡང་གཏོར་མ་ལྟར་བྱིན་གྱིས་རླབས། འདི་ཐོག་མར་བྱེད་པའང་མི་འགལ་མོད། སྔོན་འགྲོ་གཏོར་མ་དང༌། ཐོག་མའི་གནས་ཡོ་བྱིན་རླབས་ལ། ནང་མཆོད་ཀྱིས་གསང་བའང་ངེས་པར་དགོས་པ་མ་ཡིན་པས་སྐབས་འདིར་བྱེད་པ་


TNT07_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤས་ཆེའོ། མདུན་གྱི་མཎྜལ་གྱི་གཞི་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། གཞལ་མེད་ཁང་རིམ་པ་བཞི་འཁོར་ལོ་རིམ་པ་བཅུ་གཉིས། དབུས་སུ་སྣ་ཚོགས་ཐིག་ལེའི་འཁོར་ལོ་འདབ་མ་བཞི་བཅུ་རྩ་བརྒྱད་པ། ཕྱི་ནང་གི་ལྷའི་གདན་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས། དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་རྣམ་པར་ཕཻཾ། ཨོཾ་སུམྦྷ༴ སོགས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུཾ་སྭཱཧཱ། ལན་གསུམ་སོགས་བརྗོད། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། དེ་ཡང་དབུས་ཀྱི་པདྨའི་ལྟེ་བ་ལ་ཉི་མ་དང༌། དུས་མེ། ཞེས་པ་ནས། བཞུགས་ཚུལ་དང༌། ཕྱག་རྒྱ་མ་ངེས་པའོ། །ཞེས་པའི་བར། ལྷ་ཐམས་ཅད་ཀྱི་ཞལ་ཕྱག་རྣམས་གསལ་གདབ། དེ་ནས་སྤྲོ་ན་


TNT07_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས་སླར་ཡང་བྱིན་རླབས་ཁ་གསོས། མཆོད་འཕྲེང་དང་མཐུན་པར་ཆུ་གཉིས་ཉེར་སྤྱོད་རོལ་མོ་ན་བཟའ། རིག་མ་བཅུ་དྲུགརྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། ནང་མཆོད། གསང་མཆོད། རྐང་པ་བཞི་བཅུ་ཞེ་བརྒྱད་པའི་བསྟོད་པ་ཙམ་བྱས་ལ། གཏོར་མ་བཤམས་ཤིང་བྱིན་གྱིས་རླབས། སྒྲུབ་ཐབས་ལྟར་འབུལ། ཡིག་བརྒྱ་དང་བཟོད་གསོལ་བྱས་ནས། ཨོཾ་བཛྲ་ཨུདྷི་ཥྛས་ནམ་མཁར་བཏེགསླར་ཡང་འཇིག་རྟེན་པའི་གཏོར་མ་བཤམས་ཤིན་ཏུ་བསྡུ་ན། གནས་ཀྱི་བདག་པོ་ལ་དམིགས་ནས། །མཁའ་འགྲོ་སྤྱི་གཏོར་བསྡུས་པས་ཀྱང་རུང་ཙམ་ཡིན་མོད་ཀྱང༌། ངེས་པར་ན། མཁའ་འགྲོ་སྤྱི་གཏོར་ཆེན་མོ་དང༌། འབྱུང་པོ་སྤྱི་གཏོར་ཆེན་མོ་གཉིས་ཡོད་པ་གཉིས་ཀའམ་གང་རུང་ཅིག་གལ་ཆེའོ། །གཏོར་ཆོག་རྒྱས་བསྡུས་ཅི་ལྟར་ཡང༌། འདོད་གསོལ་གྱི་མཐར། གནས་ཀྱི་བདག་པོ་རྣམས་ལ་དམིགས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ། །ནོད་སྦྱིན་སྲིན་མོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ། གཏོར་མ་ཕྱི་རོལ་དུ་བཏང་ངོ༌། །བར་འདིར་ཕུར་བཏབ་སྦྱིན་སྲེག་སོགས་བཤད་ཀྱང༌། མདོར་བསྡུས་པའི་སྐབས་མི་དགོས་སོ། །ནམ་མཁར་བཞུགས་པའི་ལྷ་ལ་ཡིད་ཀྱིས་གསོལ་བ་འདེབས། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། དྲག་ཏུ་བཟླས་ཤིང་ཡུངས་ཀར་གྱིས་གཏོར། སྔར་གྱི་མཎྜལ་གྱི་ཤུལ་དུ་སའི་ལྷ་མོའི་ཚོམ་བུ་དང༌། མཆོད་གཏོར་བཤམས། ཊཀྐི་ནི་ཧཱུཾ་ཛཿ ཨོཾ་ཧཾ། ཞེས་པ་ནས། ཅི་བདེ་བར་མཛོད་ཅིག །ཅེས་པའི་བར་དཀྱིལ་མཆོག་བདེ་བ་ཆེན་མོའི་ཆར་ཡང་བཞིན་ནོ། །ཨོཾ་པྲི་ཐི་བཱི་དེ་བཱི་བྷྱཿ ཨརྒྷཾ་


TNT07_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏཱིཙྪ་སྭཱཧཱ། སའི་ལྷ་མོ་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཚོམ་བུ་དང་མཆོད་པ་བསྡུས། གཏོར་མ་ཕྱི་རོལ་དུ་དོར། བརྐོ་སྦྱངས་ཀྱི་དུས་ནི་འདི་ཡིན་ཀྱང་ད་ལྟ་མི་དགོས་པས། ཡུང་ཆུ་ཤིང་ཐལ་རྣམས་ཀྱིས་གཏོར། བ་བྱུང་དང༌། དྲི་བཟང་བསྲེས་པས་བྱུགས། ཨོཾ་བྷུཿལཾ། ཧཱུཾ་ལཾ་ཧཱུཾ། ཨོཾ་མེ་དྷི་ནི་བཛྲི་བྷ་བ་བནྡྷ་ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་ཚན་རྣམས་ཇི་ལྟར་འོས་པ་བཟླས་ཞིང༌། ལག་པ་ས་ལ་རེགསྟེགས་བུ་དང༌། གཏེར་འཇུག་པའི་དུས་དེ་འདི་ཡིན་ཀྱང་དེང་སང་མི་དགོས་སོ། །དེ་ནས་ལག་ལེན་འགའ་ཞིག་ལ། སྐབས་འདིར་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་བྱེད་ཅིང༌། གོང་དུ་མི་བྱེད་པར་དེ་དུས་གསང་ཆུས་གཏོར་བ་ཙམ་གྱིས་སྲོལ་ཡོད་ཀྱང༌། ལག་ལེན་དཀྱུས་ལྟར་ལ་ཐེ་ཚོམ་མི་བྱའོ། །དེ་ལྟར་ན་སློབ་དཔོན་བདག་ཉིད་དཀྱིལ་འཁོར་གྱི་ས་གཞིར་འདུག་ལ། ཨོཾ་ཧཱུཾ། ཨོཾ་ཧྲཱི་སྭཱཧཱ། ཞེས་པ་ནས་བརྩམས་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་པ་རྫོགས་པ་ཡན་ཆད་སྒྲུབ་ཐབས་བཞིན་དུ་གཞུང་བསྲང་བར་བྱ། དེ་ནས་མཆོད་ཡོན་ཉེར་སྤྱོད་རོལ་མོ་དང་རྐང་བརྒྱད་གཉིས་ཀྱིས་བསྟོད་པ་བྱ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདི་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་


TNT07_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སྩོལ། །ཞེས་གསོལ་བ་བཏབ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་སྟོབས་ཆེན་རྡོ་རྗེ་ཡི། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་པ་ང༌། །བདག་ནི་བདག་པོ་རྡོ་རྗེ་ཆེ། །བྱིན་གྱིས་རླབས་པ་མི་འདོར་རོ། །ཞེས་ང་རྒྱལ་བཟུང༌། འགྲུབ་ན་ཕྱོགས་བཞིའི་གསོལ་འདེབས་ཀྱང་བྱ། ཨོཾ་བཛྲ་ཨུ་ཏིཥྛ། དཀྱིལ་འཁོར་ནམ་མཁའ་ལ་བཏེག བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་གྱུར། མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བར་གྱུར། མིག་འབྲས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། ཨོཾ་ཀྲོ་དྷ་དྲྀཥྟི་ཧྲིཿ ཨོཾ་ཀྲོ་དྷ་དྲྀཥྟི་ཨ། རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེའི་འབར་བ་རེ་རེས་མཚན་པར་གྱུར། ཧཱུཾ་ཧཱུཾ་ཞེས་བསྐོར་བ་གཅིག་སྔོན་དུ་འགྲོ་བས་དབང་ལྡན་ནས། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །གེགས་ཀྱི་ཚོགས་རྣམས་ང་ལ་ཉོན། ཞེས་པ་ནས། འདིར་ནི་འཇིགས་འགྱུར་གཞན་དུ་མིན། ཞེས་པའི་བར་ལན་གསུམ་བརྗོད་ཅིང་རོལ་མོའི་སྒྲ་བྱ། ས་གཞི་ལ་ཡུངས་ཀར་གཏོར་རོ། །འགྲོས་དང་བཏང་སྙོམས་དགོས་པ་ཐམས་ཅད། བཀའ་བསྒོ་འདིའི་མགོ་གཞུག་ཏུ་ཡིན་མོད་ཀྱང༌། སྤྲོས་པ་ལ་མི་མོས་ན། དེ་དག་མེད་ཀྱང་ཆོ་ག་ཆད་པ་མིན་ནོ། །ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་དྲ་བ། གུར་བླ་རེ། མདའི་དྲ་བ། ཡེ་ཤེས་ཀྱི་མེ་དཔུང་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། ཨོཾ་མེ་དྷི་


TNT07_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཛྲ་བནྡྷ་ཧཱུཾ་སོགས། སྔགས་ཚུན་དྲུགསྡོམ་པའི་སྒྲུབ་ཐབས་སྤྱི་དང་མཐུན་པར་བརྗོད། ཨོཾ་ཤཱུ་ནྱ་ཏཱ༴ སྟོང་པའི་ངང་ལས། པཾ་ལས་པདྨ་རཾ་ལས་ཉི་མ། དེའི་སྟེང་དུ་བདག་ཉིད་ཁྲོ་བོ་ཆེན་པོ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ནག་སེལ་ལྗང་བའི་ཞལ་གསུམ་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་འཛིན་པ། ལྷག་མ་གཡས་གཉིས་ཀྱིས་ལྕགས་ཀྱུ་དང༌། ཞགས་པ། གཡོན་གཉིས་ན་ཐོད་ཁྲག་དང༌། ཁ་ཊཾ་ག་བསྣམས་པ། ཞབས་གཉིས་གཡས་བརྐྱང་བས་འཇིགས་བྱེད་དང༌། དུས་མཚན་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས། ཐོད་སྐམས་ཀྱི་དབུ་རྒྱན། མི་མགོའི་དོ་ཤལ། རུས་པའི་རྒྱན་དྲུག་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཧཱུཾ་གི་སྒྲ་དྲག་པོ་སྒྲོག་ཅིང༌། ཞལ་གདངས་པ། མཆེ་བ་གཙིགས་པ། ལྗགས་འགྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྨ་ར་སྨིན་མ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། འགྲོ་བ་ཐམས་ཅད་ཀྱི་བགེགས་ཐམས་ཅད་འཇོམས་ཤིང་ཟ་བར་བྱེད་པའོ། །ཕུར་བུ་བཅུ་བསངས་སྦྱངས། སྟོང་པའི་ངང་ལས། སྟེང་དང་ཤར་གྱི་ཕུར་བུ་ཁྭ་གདོང་མ་སྔོན་མོ། བྱང་གི་ཕུར་བུ་འུག་གདོང་མ་ལྗང་ཁུ། འོག་དང་ནུབ་ཀྱི་ཕུར་བུ་ཁྱི་གདོང་མ་དམར་མོ། ལྷོའི་ཕུར་བུ་ཕག་གདོང་མ་སེར་མོ། ཤར་


TNT07_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོའི་ཕུར་བུ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཀྱི་ཕུར་བུ་གཤིན་རྗེ་བརྟན་མ་གཡས་སེར་གཡོན་དམར་བ། ནུབ་བྱང་གི་ཕུར་བུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་གྱི་ཕུར་བུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོ་ཆེན་མོ་གྲི་གུག་དང་ཐོད་པ་འཛིན་པ། ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་ནོ། །རང་འདྲའི་ཡེ་ཤེས་སེམས་དཔའ་ཕཻཾ། ཛཿཧཱུཾ་བཾ་ཧོ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། སུམྦྷ༴ མང་དུ་བཟླ། ཡི་གེ་བརྒྱ་པ་དང༌། སུ་པྲ་ཏིཥྛཾ༴ བརྗོད། ཨོཾ་སུམྦྷ་སོགས་ཚར་གཅིག སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མཚམས་མ་བརྒྱད་སྤྲོས། ཡང་སུམྦྷ༴ ཚར་གཅིག ཕྱོགས་བཅུའི་བགེགས་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག ཕོ་ཉ་རྣམས་ཀྱི་བགེགས་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིགས་ཅན་ཁ་ཅིག་ནི་བསྒྲལ་ཏེ། བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་པ་ཕྱོགས་བཅུར་འཁོད། སྟེང་གི་བགེགས་རྣམས་ཁྭ་གདོང་མ་དང༌། འོག་གི་བགེགས་རྣམས་ཁྱི་གདོང་མས་ཚར་བཅད་ཧཱུཾ་བཅུ་ལས་བྱུང་བའི་ཁྲོན་པ་གྲུ་གསུམ་ཟབ་ཅིང་རྒྱ་ཆེ་བ་བཅུའི་ནང་དུ་བཅུགཡང་ཧཱུཾ་ལས་ཕུར་བུ་བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པར་གཏད། བགེགས་ཀྱི་སྤྱི་བོར་བཙུགས། ཨོཾ་


TNT07_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྟན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ཡ་ཡ། བཛྲ་དྷ་རོ་ཨ་ཛྙཱ་ཡ་ཏི། སརྦ་བིགྷཱཽན། ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཡང་ཧཱུཾ་ལས་ཐོ་བ་བཅུ་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པ་གཡས་པར་གཏད། ཕུར་བུས་སྤྱི་བོར་བརྡུངས། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལའི་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐལ་ཕྱུང་ནས། དེ་དག་གི་ལུས་གཡོ་བ་མེད། ངག་རླུང་རྒྱུ་བ་མེད། སེམས་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ནས། འོད་གསལ་གྱི་ངོ་བོར་གྱུར་ཞིང༌། སྨོན་ལམ་གྱི་སྟོབས་ལས་རྣམ་པར་ཤེས་པ་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་གྱུར། ཞེས་བརྗོད། དེ་ནས་ཡིག་བརྒྱ་མང་དུ་བཟླས། སྨོན་ལམ་དང༌། བཀྲ་ཤིས་ཅི་རིགས་པ་བརྗོད་དེ། སའི་ཆོ་ག་མདོ་ཙམ་མོ། །གཉིས་པ་སྟ་གོན་ལ། སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་གྱིས་རླབས། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཀྱང༌། སྒྲུབ་ཐབས་བདེ་བ་ཆེན་པོའི་ཆར་ཡང་ནས་བཤད་པ་ལྟར་བྱ། དེ་ནས་ཨོཾ་ཧཱུཾ་ཞེས་སྟན་བྱིན་གྱིས་རླབས་པ་ནས་བཟུང༌། སྐྱེ་དང་སྐྱེ་མིན་སྤངས་པའོ། །ཞེས་པའི་བར་དུ་བདག་བསྐྱེད་རྫོགས་པར་བསྒོམ། དེ་ནས་སའི་ལྷ་མོ་སྟ་གོན་བྱ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ཆོ་ག་བདེ་བ་ཆེན་པོའི་ཆར་ཡང་ཇི་ལྟ་བ་བཞིན་ནོ། །དེ་ནས་ལྷ་སྟ་གོན་ནི། །ལས་ཐིག་ཏུ་གྲགས་པ་དཀར་ཐིག་བཏབ།


TNT07_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གནས་ཐམས་ཅད་དུ་ཚོམ་བུ་བཀོད། མཆོད་པ་ལ་ལྷ་གྲངས་དང་མཉམ་པའི་མཆོད་པ་ནི་ངེས་པར་དགོས་པ་ཡིན་ཀྱང༌། དེ་སང་གི་བོད་པས་མི་འབྱོར་བས། ཇི་ལྟར་འོས་པ་ཕྱོགས་མཚམས་རྣམས་སུ་བཤམས། འགྲུབ་ན་གཙོ་བོ་ཡབ་ཡུམ་ལ་ཚར་མང་ཙམ་དང༌། འཁོར་ལོ་རིམ་པ་བཅུ་བདུན། དུར་ཁྲོད་རིམ་པ་བཞི་སྟེ། ཉི་ཤུ་རྩ་གཅིག་ལ་མཆོད་པ་ཚར་རེ་བྱ། དེ་ནས་གཏོར་མ་གཉིས་བཤམས། གཞན་ཡང་རོལ་མོ་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སུམྦྷ༴ ལན་མང་དུ་བརྗོད་པས་སྤྱི་ཁྱབ་ཏུ་བསངས། ལྷ་གནས་ཀྱི་གྲངས་དང་མཉམ་པར་ཡི་གེ་འབྲུ་གསུམ་བརྗོད། ཨོཾ་ན་མོ་ཤྲཱི་བཛྲ་ཌཱ་ཀ༴ ཞེས་པ་ནས། ཧཱུཾ་བཅུ་དྲུག་ཕཊ་སྭཱཧཱ་བར་དུ། ཡབ་ཀྱི་རྩ་སྔགས་ལན་གསུམ། ཨོཾ་ན་མོ་བྷ་ག་བ་ཏེ་ནས་ཡོ་གཱི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་ཡུམ་གྱི་རྩ་སྔགས་ལན་གསུམ། དེ་ནས་སྙིང་པོའི་རྣལ་འབྱོར་མ་ཉེར་བཞི་དང༌། སྒོ་མཚམས་མ་བརྒྱད་ཚན་བཞི་རྣམས་ལ། སརྦ་བུད་དྷའི་སྔགས་རེ་དང༌། གཞན་དཔའ་བོ་དཔའ་མོ་རྣམས་ལ། ཡབ་ཀྱི་ཉེ་སྙིང་ཡི་གེ་བདུན་པ་དང༌། ཡུམ་གྱི་སྙིང་པོ་བཻ་རོ་ཙ་ནའི་སྔགས་དང༌། སྐལ་བཟང་རྣམས་ལའང་ཡི་གེ་བདུན་པ་ཚར་རེ་བཟླ། དེ་རྗེས་སྟ་གོན་གྱི་དཀྱིལ་འཁོར་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། དབུས་ཀྱི་པདྨའི་ལྟེ་བ་ལ་ཟླ་བ་དང༌། ཉི་མ་དང་དུས་མེའི་སྟེང་དུ། འཇིགས་བྱེད་ཆེན་པོ་དང་དུས་ཀྱི་མཚན་མོའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ རྡོ་རྗེ་ཕག་མོས་ཡང་དག་པར་ཁྱུད་པའི་སྐུ་ཡོངས་སུ་རྫོགས་པ་གྲུབ་པར་གྱུར། ཡང་


TNT07_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་དཀྱིལ་འཁོར་གྱི་ཕྱོགས་ཀྱི་ཆར། ལཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ༴ ཞེས་པ་ནས། སྐལ་བཟང་གི་སྣམ་བུ་ལ་ཟླ་བའི་གདན་རྣམས་སོ། །དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་གཡས་ནགགཡོན་ལྗང་༴ ཞེས་པ་ནས། དབང་གི་ལྷ་རྣམས་རིགས་བདག་ལ་ཐིམ་ཞེས་པའི་བར་དུ་བདག་སྐྱེད་དང་འདྲ། དེ་ནས་མཆོད་པ་བྱིན་རླབས་བྱ་སྟེ། ནག་པོ་པའི་དཀྱིལ་ཆོག་གི་མདུན་བསྐྱེད་མཆོད་པ་བྱིན་རླབས་དང་འདྲ། དེ་རྗེས་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ། ནམ་བཟའ། རིག་མ་བཅུ་དྲུགརྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། ནང་མཆོད། གསང་མཆོད། བསྟོད་པ། ཡབ་ཡུམ་གྱི་རྐང་བརྒྱད། རྐང་པ་བཞི་བཅུ་ཞེ་བརྒྱད་པ། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་སོགས་མཚན་བརྒྱ་རྣམས་བྱ། སྐབས་འདིར་གཏོར་མའི་ཆོ་གས་གཏོར་མ་འབུལ་བར་བྱ་སྟེ། སྒྲུབ་ཐབས་སུ་བཤད་པ་ཁོ་ནའོ། །དེ་ནས་བར་འདིར་བུམ་པ་སྟ་གོན་དུ་གནས་པ་བྱེད་དེ། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ་ཨ་ཨ་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་བྷྲུཾ་ལས། རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ་མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། ཨོཾ་ཏ་པྟེ་ཏ་པྟེ། མ་ཧཱ་ཏ་པྟེ་སྭཱཧཱ། ལན་བདུན། ལྷའི་ཆུ་བོ་གང་


TNT07_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཱ་བཀུག་པར་གྱུར། ཨོཾ་བཛྲ་ཤི་ཥ་རེ་རུ་ཊ། མ་ཊ་སརྦ་དི་ཤི་ཧཱུཾ། ལན་གསུམ་གྱི་ཁ་རྒྱན་དུ་གྱུར། ཨོཾ་ཨཱཿཧཱུཾ། ལན་བདུན། མཆོད་ཡོན་བདུད་རྩིའི་རྒྱ་མཚོར་གྱུར། དབུས་ཀྱི་བུམ་པའི་ནང་དུ། པདྨའི་ལྟེ་བ་ལ། ཟླ་བ་དང༌། ཉི་མ་དང༌། དུས་མེ༴ ཞེས་པ་ནས་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་དུ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་སྟེ། ཞེས་པ་ནས། གཙོ་མོ་དང་མཚུངས་པའོ། །དེ་དག་གི་བར་བར་དུ། བདུད་རྩི་ལྔས་གང་༴ ཅེས་པ་ནས། ཉེར་བཞིའོ། །དེའི་ཕྱི་རོལ་དུ་ཤར་ནས་གཡོན་བསྐོར་གྱིས༴ ནས་སྔོ་ནག་ཕྱེད་པའི་གཟུགས་ཅན་ནོ། །དེ་བཞིན་དུ། དེའི་ཕྱི་རོལ་དུ། ཤར་ནས་གཡོན་སྐོར་གྱིས། རྡོ་རྗེ་འཆང་མ་མི་བསྐྱོད་མ༴ ནས་དམར་སེར་ཕྱེད་པའི་གཟུགས་ཅན་ནོ། །དེས་རིགས་འགྲེ་སྟེ། དེའི་ཕྱི་རོལ་གྱི་ཤར་ནས་གཡོན་སྐོར་དུ། བྲམ་ཟེ༴ ནས་དཀར་དམར་ཕྱེད་པའི་གཟུགས་ཅན་ནོ། །དེའི་ཕྱི་རོལ་དུ། བྱམས་པ༴ ནས་བརྩམས་ཏེ། གློག་གི་ཏོག་གི་བར་དུ། སངས་རྒྱས་ཉིས་བརྒྱ་དང་བཞི་བཅུ་རྩ་དགུའོ། །དེའི་ཕྱི་རོལ་དུ། ཁྭ་གདོང་མ༴ ཞེས་སོགས་འདོན་པ་སྤོ། བསྐྱེད་ཚུལ་དེ་ཁོ་ནས་འོག་མ་རྣམས་ལའང་འདོན་པ་སྤོ་སྟེ། དེའི་ཕྱི་རོལ་དུ་ཤར་ནས་གཡོན་སྐོར་གྱི། མི་འམ་ཅི་མོ༴ སོགས་ནས། སྐུ་མདོག་སེར་པོའོ། །དེའི་ཕྱི་རོལ་དུ་མཆོད་པ་དང༌། སོགས་ཤར་དུ་ཚངས་མ༴ སོགས་རིགས་འགྲེ། དེ་བཞིན་དུ་དཀྱིལ་འཁོར་གསུམ་པ་ལ༴ ནས་


TNT07_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་བཀྲ་བའོ། །དེའི་ཕྱི་རོལ་དུ་ཟླ་བའི་གདུགས༴ སོགས་དང༌། ཤར་དུ་གཽ་རཱི༴ སོགས་སོ། དེ་བཞིན་དུ་དཀྱིལ་འཁོར་བཞི་པ་ལ་ཡང་སྟེ། འཁོར་ལོ་ཐ་མའི་སྐབས་སུ། དེའི་ཕྱི་རོལ་དུ་ཤར་ནས་གཡོན་སྐོར་གྱིས་ནས། འཁོར་ལོས་བསྒྱུར་མ་རྣམས་ཏེ། ཞེས་པ་ནས། སྐུ་མདོག་དཀར་པོའོ། །དེའི་ཕྱི་རོལ་དུ་འཕགས་སྐྱེས༴ ནས་སོགས་དང་། ཤར་དུ་ཆུ་སྐྱེས་དཀར་མོ༴ སོགས་འདོན་པ་སྤོས་ནས། བཞུགས་ཚུལ་དང༌། ཕྱག་རྒྱ་མ་ངེས་པའོ། །ལས་བུམ་དུ། ཧཱུཾ་ལས་བྱུང་བའི་ཁཎྜ་རོ་ཧི། སྐུ་མདོག་གཡས་དམར་གཡོན་སེར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་མེ་རི་འབར་བའི་དབུས་ན་བཞུགས་པ། དུར་ཁྲོད་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་ནི་བུམ་པ་གཉིས་ཀྱི་དབང་དུ་བྱས་ལ། བུམ་པ་བཅུ་ལྟར་ན། རྣམ་རྒྱལ་བུམ་པ་དཀྱུས་བཞིན། ཕྱོགས་མཚམས་བརྒྱད་ཀྱིས་བུམ་པར་སྒོ་མཚམས་མ་བརྒྱད། །ལས་བུམ་དུ་ཁཎྜ་རོ་ཧི་བསྐྱེད། ཤར་སྟེང་གི་མཚན་མ་ཧཱུཾ་ལས་ཧེ་རུ་ཀ་ནག་པོ། དེའི་འོག་གི་མཚན་མ་མཾ་ལས་མཁའ་འགྲོ་མ་གཡས་ལྗང་གཡོན་སྔོ། བྱང་གི་མཚན་མ་ཏཱཾ་ལས་ལཱ་མ། གཡས་དམར་གཡོན་ལྗང༌། ནུབ་ཀྱི་མཚན་མར་པཱཾ་ལས་ཁཎྜ་རོ་ཧ་གཡས་སེར་གཡོན་དམར། ལྷོའི་མཚན་མ་ལཾ་ལས་གཟུགས་ཅན་མ་གཡོན་སེར་གཡས་སྔོ་བ། ལས་བུམ་གྱི་མཚན་མའི་གནས་


TNT07_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་ཁཎྜ་རོ་ཧིའོ། །ལྷ་ཡབ་ཡུམ་ཐམས་ཅད་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། །སྤྱི་གཙུག་ཏུ་སྭཱཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་མ་རྟ་མཆོག་གི་ངོ་བོ། ལྷ་མོ་རྣམས་ཀྱི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཨོཾསྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། དེ་ནས་ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་ནས། ཞེས་པ་ནས། རྐང་བརྒྱད་གཉིས་ཀྱི་བསྟོད་པའི་བར་བསྒྲུབས་ཐབས་བཞིན་བྱས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོའི་མཐར་ཨོཾ་ཨཱཿཧཱུཾ། སྦྱར་བ་ལན་གསུམ་གྱིས་ནང་མཆོད་ཕུལ། ཨོཾ་སརྦ་བཱི་ར་ཌཱ་ཀི་ནཱི་ཡེ་མཎྜལ་དེ་བ་ཏ་ས་པ་རི་ཝ་རེ་བྷྱཿ ཨ་མྲྀ་ཏ་པཱུ་ཙ་པྲ་ཏཱི་ཙྪ་ན་མཿལན་བཅུ་བདུན་ནམ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཕཊ། ལན་གསུམ་གྱིས་ནང་མཆོད་ཕུལ། བུམ་པ་བཅུའི་ཕྱོགས་ལ། བཀྲ་ཤིས་བུམ་པ་བརྒྱད་ལ་སྒོ་མཚམས་མ་བརྒྱད་ཀྱི་སྔགས་སོ། ཡབ་ཀྱི་རྐང་པ་ཞེ་བརྒྱད་པ་དང༌། ཡུམ་གྱི་རྐང་བརྒྱད་ཀྱིས་


TNT07_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། ཨོཾ་ཨཱཿཧཱུཾ། ལན་མང་དུ་བཟླ་བཞིན་པས་དུང་ཆོས་དང་ཐོད་པ་བླངས། ཨོཾ་སརྦ་བཱི་ར་ཌཱ་ཀི་ནི། མཎྜལ་ལ་དེ་བ་ཏ་ས་པ་རི་ཝ་ར་བྷྱཿ ཨརྒྷཾ་པཱུ་ཛ་པྲ་ཏཱིཙྪ་ན་མཿ ཞེས་མཆོད་ཡོན་བུམ་པར་བླུག རྣམ་རྒྱལ་བུམ་པའི་ལྷ་རྣམས་རྗེས་སུ་ཆགས་པའི་རྐྱེན་གྱིས། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་དུ་ཞུ་བར་གྱུར། བུམ་པ་བཅུ་ཡོད་ན། རྣམ་རྒྱལ་བུམ་པ་དང༌། བཀྲ་ཤིས་བུམ་པ་བརྒྱད་ཀྱི་ཞེས་འཇུག ལས་བུམ་ལ་ནི་མཆོད་ཡོན་འབུལ་མོད། ལྷ་མི་བཞུ་བར་བཞུགས་པ་ཉིད་ཡིན་ནོ། །སླར་ཡང༌། ཨོཾ་ཨཱཿཧཱུཾ། ལན་བདུན་བཟླས་པས། མེ་ཏོག་དཀར་པོ་བུམ་པར་བླུགདེ་རྗེས་གཟུངས་ཐག་ནས་བཟུང་སྟེ། ཡབ་ཡུམ་གྱི་རྩ་སྔགས་ཚར་རེ་ཙམ་བཟླ་བའི་སྲོལ་ཡང་ལ་ལར་འདུག་པ་ལྟར་ཡང་བྱ། དེ་ནས་གཙོ་བོའི་སྙིང་པོ་སྟོང་དང་བརྒྱད། ལས་བུམ་ལ་ཁཎྜ་རོ་ཧའི་སྔགས་ཐུང་བརྒྱ་རྩ་བརྒྱད། ཐུན་མོང་དུ་ཡུམ་གྱི་སྙིང་པོ་བརྒྱ་རྩ་དང༌། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། བརྒྱ་རྩ་བཟླས་ཡི་གེ་བརྒྱ་པ་དང་བཟོད་གསོལ་བྱས། ལས་བུམ་ལ་དམིགས་ཏེ། ཇི་སྲིད་དཀྱིལ་འཁོར་བྱས་པ་ཡི། །བྱ་བ་མ་རྫོགས་དེ་སྲིད་དུ། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །བདག་གི་གདུག་པ་བསྐྲད་པར་མཛོད། །ཅེས་གསོལ་བ་གདབ་བོ། །བར་འདིར་གཏོར་བསྔོའི་ཆོ་གས་དཀྱུས་ཀྱི་གཏོར་མ་དེ་ངེས་པར་འབུལ་དགོས། ཆད་དུ་མི་རུང་ངོ༌། །འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་མོ་དེ། སྟ་གོན་གྱི་སྐབས་ཀྱི་ཆོ་གའི་ཡན་ལག་རང་དུ་མེད་མི་རུང་


TNT07_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཀྱང༌། འདི་འདྲའི་རིགས་ཀྱི་མེད་མི་རུང་མིན་ཟེར་བ་མཐོང་ངམ་ཐོས་ན། བླ་ཆོས་འབའ་ཞིག་དོན་གཉེར་གྱིས་ཙམ་མེ་འཇོག་པ་དེ་ལྟ་བུ་མ་བྱེད་པར། ཆོ་ག་དེ་དག་ངེས་པར་བྱེད་པ་གལ་ཆེའོ། །དེ་ནས་སྙན་གསན་དབབ་སྟེ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་ཧཱུཾ་གིས་མཚན་པར་གྱུར། བཅོམ་ལྡན་ཧེ་རུ་ཀ་དཔལ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འབྲི་བ་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནས་པར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པའི་རིགས། །ཞེས་ལན་གསུམ་གསོལ་བ་གདབ། སླར་ཡང་མཆོད་པ་ཁ་གསོས་བྱིན་གྱིས་


TNT07_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། ཚོགས་ཞིང་གི་སྐབས་ལྟར། ཕྱི་མཆོད། ཆུ་གཉིས། ཉེར་སྤྱོད། རིག་མ་བཅུ་དྲུག་རྣམས་ཀྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་༴ སོགས་ཀྱིས་བཟོད་པར་གསོལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲ་ཨུ་ཏིཥྛ་ཞེས་དཀྱིལ་འཁོར་ནམ་མཁར་གཏེག །སླར་ཡང༌། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། རྐང་བཞི་བཅུ་ཞེ་བརྒྱད་པས་བསྟོད། སུམྦྷ༴ ལན་གསུམ་གྱིས་བསྲུང་བ་བྱ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད། ཇི་སྲིད་སྤྱན་མ་དྲངས་གྱི་བར་དུ། གནས་འདི་ཉིད་ཀྱི་ནམ་མཁར་བཞུགས་ལ། སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་སུ་བརྩེ་བའི་སྤྱན་རས་ཀྱིས་བཅའ་བ་དང༌། བདག་དང་སློབ་མར་བཅས་པའི་བགེགས་ཐམས་ཅད་ཞི་ཞིང༌། སླད་ཀྱིས་དཀྱིལ་འཁོར་བྱིན་གྱིས་རླབས་པར་དགོངས་པ་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ཐིག་སྐུད་ལྔ་ཚན་ལྔ་སྣོད་གཙང་མ་ལྔར་བཞག ཨོཾ་ཁཎྜ་རོ་ཧས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཨཱཿཨོཾ་ཧཱུཾ་ལས་ཤར་གྱི་ཐིག་སྐུད་དཀར་པོ་སངས་རྒྱས་རྣམ་པར་སྣང་མཛད་ཧེ་རུ་ཀ་དཀར་པོ། འཁོར་ལོ་དང་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་མཁའ་འགྲོ་མས་འཁྱུད་པ། ཨོཾ་ཨཱཿསྭ་ཧཱུཾ་ལས་ལྷོའི་ཐིག་སྐུད་སེར་པོ་རིན་ཆེན་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ལ། ཡུམ་རིན་ཆེན་


TNT07_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་སེར་མོས་འཁྱུད་པ། ཨོཾ་ཨཱཿཨཿཨཿཧཱུཾ་ལས་ནུབ་ཀྱི་ཐིག་སྐུད་དམར་པོ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ། པདྨ་དང་དྲིལ་བུ་འཛིན་པ་ལ། ཡུམ་པདྨ་མཁའ་འགྲོ་མ་དམར་མོས་འཁྱུད་པ། ཨོཾ་ཨཱཿཧཱ་ཧཱུཾ་ལས་བྱང་གི་ཐིག་སྐུད་ལྗང་ཁུ། སྣ་ཚོགས་ཧེ་རུ་ཀ་སྐུ་མདོག་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ་ལ། ཡུམ་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུས་འཁྱུད་པ། ཨོཾ་ཨཱཿཧཱུཾ་ཧཱུཾ་ལས་དབུས་ཀྱི་ཐིག་སྐུད་ནག་པོ། རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོས་འཁྱུད་པ། དེ་ལྟར་ན་དཔའ་བོ་རིགས་ལྔ་རྣམས་ནི། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བ་དང༌། ཕྱག་རྒྱ་དྲུག་དང༌། སྟག་ལྤགས་ཀྱི་ཤམ་ཐབས་དང༌། གཡས་བརྐྱང་གི་སྟབས་ཅན། ཡུམ་ལྔ་པོ་རྣམས་ནི། གྲི་གུག་དང༌། ཐོད་པ་འཛིན་པ། དབུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་ཞིང༌། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་རིགས་བདག་རང་རིགས་ཀྱིས་དབུ་རྒྱན་ཅན། སྤྱན་གསུམ་པ་ཡབ་ཡུམ་སྙོམས་པར་སྦྱོར་བའི་སྐུ་ཅན། རྣམ་སྣང་ཧེ་རུ་ཀ་ཟླ་བ་དང༌། གཞན་རྣམས་ཉི་མ་ལ་བཞུགས་པ། ཉི་ཟླའི་འོད་ཟེར་རབ་ཏུ་འཕྲོ་བའོ། །དེ་ནས། ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། སོགས་གོང་གི་བསྐྱེད་སྔགས་ལྔ་པོ་དེ་ལན་བདུན་སོགས་ཅི་རིགས་པ་བཟླས། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད།


TNT07_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ༴ སོགས་ཀྱིས་བསྟོད། ཞུ་བ་ལས་བྱུང་བའི་ཐིག་སྐུད་ལྔ་ཚན་ལྔར་གྱུར། རང་གི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོ། མིག་འབྲས་ཧཱུཾ་གི་མཚན་པ། ཨོཾ་དཱིཔྟ་དྲྀཥྟི་ཨང་ཀུ་ཤ་ཛཿ སྟ་གོན་གྱི་ལྷ་དང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀར་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔ་ཚན་ལྔའི་རྣམ་པ་བཞུགས་པར་གྱུར། འཁོར་ལོའི་ཐིག་སྐུད་རབ་ཏུ་སྩོལ། །བདག་གི་རྡོ་རྗེའི་སྲད་བུར་ཤོག །ལན་གསུམ། འབར་བའི་ལྟ་སྟངས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་སྟེ། དམ་ཚིག་གི་ཐིག་སྐུད་སོ་སོ་ལ་ཐིམ། བདག་ཉིད་དཔལ་ཧེ་རུ་ཀ་དང༌། སློབ་མ་རྡོ་རྗེ་ཕག་མོར་གྱུར། ཛྫཿཛྫཿཛྫཿ ཞེས་ཐིག་སྐུད་བརྐྱང་ལ་ཐིག་སྣ་གཏད། ཨོཾ་ཨ་ན་ནྱ་ཨ་ནུ་ག་ཏཱ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་པྲྀཥྟ་སརྦ་དྷརྨཱ་ཨཏྱན་ཏ། ཨ་ནུ་པྲ་པྲྀཥྟཿསརྦ་དྷརྨཱ་ཧཱུཾ། ཞེས་དང༌། ཡབ་ཡུམ་གྱི་ཉེ་སྙིང་བཟླ་ཞིང༌། ཐིག་སྐུད་བསྒྲིལ། ཐིག་སྐུད་ཀྱྀ་སྣེ་གཉིས་སུ་ཧཱུཾ་དང་ཨཾ་གིས་མཚན་པར་གྱུར། པུཥྤེ༴ སོགས་ཀྱིས་མཆོད། ཨོཾ་བཛྲ་ས་མ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས། ཨོཾ་ཨཱཿཧཱུཾ། ཡང་མང་དུ་བརྗོད། དེ་ནས་ས་གཞི་ལ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་བཟླས་ཏེ། ཡེ་ཐིག་འདེབས། འགྲུབ་ན་གཙོ་བོའི་ཞལ་འཇིག་རྟེན་ལྷོ་ལ་གཏོད། ཡེ་ཐིག་འདེབས་ལུགས་གཡོན་སྐོར་དུ་བྱེད་དེ། ནག་པོ་ལུགས་ཀྱི་དཀྱིལ་ཆོག་ཏུ་བཤད་པ་ལྟར་རོ། །བསྡུ་ན་ཐིག་སྐུད་ལྷའི་ངོ་བོར་བསྒོམ་པ་ཙམ་གྱིས་ཀྱང་ཆོག


TNT07_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱས་པར་ན་ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་གདབ་ཀྱང་རུང་ངོ༌། །རྡུལ་ཚོན་རྣམས་ཁཎྜ་རོ་ཧས་བསངས་བ་ནས་བཟུང། དམ་ཚིག་གི་རྡུལ་མཚོན་ལ་ཐིམ་ཞེས་པའི་བར། ཐིག་སྐུད་ཅེས་པ་རྣམས་རྡུལ་མཚོན་དུ་འདོན་པ་སྤོ། རྡུལ་མཚོན་མང་པོ་གང་གིས་ནི། །སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར། །སེམས་ཅན་རྗེས་སུ་ཆགས་པ་ཡི། །བདེན་འདིས་ཚོན་རྩི་འབར་བར་ཤོག །པུཥྤེ༴ སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྒྱ་རྩ་སོགས་བཟླ། འདི་ནི་ཆོས་ཉིད་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམས། ཞེས་བརྗོད། དེ་ནས་དཀྱིལ་འཁོར་འབྲི་བའི་སྐོར་ནི། སྤྱིའི་ཆོ་གས་རིགས་འགྲེའོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི་མཆོད་པ་བཤམས་ཤིང་ཡོ་བྱད་ཚང་བ་ན། ཐོག་མར་སྔོན་འགྲོ་གཏོར་མ་དང༌། སྐྱབས་སེམས་དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང༌། འདི་ཉིད་ཀྱི་གཏོར་མ་བྱིན་རླབས་ལྟར་ནང་མཆོད་བྱིན་རླབས་བྱ། དེ་ནས་རྩ་སྔགས་ཚར་གཅིག་བརྗོད། བདག་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་གྱུར། རྡུལ་ཚོན་དང༌། དཀྱིལ་འཁོར་ཡོ་བྱད་དང་བཅས་པ་དང༌། ནམ་མཁའི་དཀྱིལ་འཁོར་ལ་ཡང་དམིགས་ནས་སྦྱང་བ་དང༌། ཁྲུས་གསོལ་བྱ་སྟེ། དེ་ཡང་བགེགས་གཏོར་བསངས་སྦྱངས་ནས་བཟུང། སྐུ་ཕྱིས་འབུལ་བའི་བར། ནག་པོ་ལུགས་ཀྱི་དཀྱིལ་མཆོག་ཏུ་བཤད་པ་བཞིན་བྱ། སྤྲོས་པ་ལ་མོས་ན།


TNT07_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་སྦྱང་གི་རྗེས་སུ་དྲུག་བཞི་ལྡན་གྱི་སྦྱང་བ་ཡང་བྱེད་དེ། གཞན་དུ་ཤེས་སོ། །ཨོཾ་ཧཱུཾ། ཞེས་པ་ནས། སྤངས་པའོ་ཞེས་པའི་བར་བདག་བསྐྱེད་རྫོགས་པར་བསྒོམས། བཟླས་པ་ཡང་ཅི་རིགས་བྱའོ། །དེ་ནས་འདི་སྐད་ཅེས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ༴ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཨོཾ་བཛྲ་གྷཎྜེ་ར་ནཱི་ཏ༴ སོགས་ལན་གསུམ་རོལ་མོ་དང་བཅས་པར་བྱ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་དང༌། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། མཆོད་པ་ཐམས་ཅད་ཀྱི་མཆོད་པར་གྱུར། ཆུ་གཉིས་ཉེར་སྤྱོད་རིག་མ་བཅུ་དྲུག་དང་བཅས་པ་རྣམས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ༴ སོགས་ཀྱིས་བསྟོད། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡི། །འདིར་ནི་དཀྱིལ་འཁོར་བྲི་བ་ཉིད། །སངས་རྒྱས་ལ་སོགས་ཀུན་འབྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་ལན་གསུམ་གྱིས་སྙན་མནན། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བནྡྷ་ནཾ་ཀ་རོ་མི། ཕྱག་འཚལ། རང་གི་ཐུགས་ཀའི་ཡེ་ཤེས་རྡོ་རྗེ་ཧཱུཾ་ཡིག་ལས། འོད་ཟེར་མཐའ་ཡས་པ་སྤྲོས། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་རྒྱུད་བསྐུལ་ནས། ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཡབ་


TNT07_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྤྱན་དྲངས་ཏེ་རང་གི་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཁཎྜ་རོ་ཧས་བསངས། སྭ་བྷཱ་ཝས་སྦྱངས། སྟ་གོན་དུ་གནས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་བྲིས་པའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའི་ཕྱོགས་ཉེ་བ་ན་བཞུགས་པར་གྱུར། གཟུགས་བརྙན་གྱི་དཀྱིལ་འཁོར་མི་དམིགས་ཏེ། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར༴ ཞེས་པ་ནས། ཟླ་བའི་གདན་རྣམས་སོ། །དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཉེས་པར་བྱས། སེམས་ཅན་གྱི་ཁམས་ཐམས་ཅད་སྦྱངས། འཁོར་ལོ་བཅུ་གསུམ་གྱིས་ལྷ་ཚོགས་རྣམས་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པ་གྲུབ་པ་དང༌། ནམ་མཁར་བཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོག་ཏུ་གསལ་ཞིང་འབར་བར་བཞུགས་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ༴ ཞེས་པ་ནས། ཕྱག་རྒྱ་མ་ངེས་པའོ། །ཞེས་པའི་བར་སྒྲུབ་ཐབས་བཞིན་འདོན། རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་མཐའ་ཡས་པ་འཕྲོས། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་ཡེ་ཤེས་དཀྱིལ་འཁོར་གྱི་ལྷ་ཚོགས་ཕཻཾ། ཛཿཧཱུཾ་བཾ་ཧོཿ ཉི་ཤུ་རྩ་བདུན་སོགས་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷ༴ གཙོ་བོའི་ཐུགས་


TNT07_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མ་ལ་ཧཱུཾ་ལྗང་སྔོན༴ ནས་ཕྱི་རོལ་ཐམས་ཅད་གང་བར་གྱུར། གྱི་བར་གོ་ཆ་དགོད། ཧཱུཾ་ཞེས་ལན་གསུམ་བརྗོད་དཀྱིལ་འཁོར་པ་ཐམས་ཅད་གཙོ་བོའི་ཡེ་ཤེས་གཅིག་གི་ངོ་བོར་གྱུར། ཨོཾ་བཛྲ་བེ་ག་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། མདུན་བསྐྱེད་དཀྱིལ་འཁོར་ཆེན་པོའི་ནང་དུ་རང་ཉིད་ཞུགས་པར་གྱུར། མཆོད་པ་བྱིན་རླབས་སྤྱི་འགྲོ་ལྟར་བྱས་ནས། ཆུ་གཉིས་ཉེར་སྤྱོད། རོལ་མོ། རིག་མ་བཅུ་དྲུག་རྣམས་སྔགས་ཙམ་གྱིས་ཕུལ། རྐང་པ་བཞི་བཅུ་ཞེ་བརྒྱད་པས་བསྟོད། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་མེ་ཏོག་བཟུང་ལ། ཧཱུཾ་ཞེས་བརྗོད། བདག་ཉིད་ཧེ་རུ་ཀ་རྡོ་རྗེ་ཧཱུཾ་མཛད་ཀྱི་ངོ་བོར་གྱུར། ཨོཾ་མ་ཧཱ་ར་ཏ་སུ་ཌི་ཏ། སུ་ཏོ་ཥྱ། སུ་སུ་ཁོ། བཛྲ་སཏྭ། ཨདྱ་སིདྡྷྱ་མཾ། ཞཻས་པ་ལན་གསུམ་གྱིས། དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྐོར་བ་བྱས་པར་གྱུར། གོ་སྐབས་ཡངས་ན་དངོས་སུ་ཡང་སྐོར་བ་བྱའོ། །ཨཱ་ཁཾ་བཱི་ར་ཧཱུཾ། སླར་ཡང་དཀྱིལ་འཁོར་དུ་ཞུགས། ཨོཾ་པྲ་ཏིཙྪ་བཛྲ་ཧོཿཨོཾ་པྲ་ཏི་གྲིཧྞེ་སྟྭཾ། ཨི་མཾ་ས་ཏྭ་མཧཱ་བ་ལ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་དྲུང་དུ་གནས་ནས། ཁྲོ་བོའི་ལྟ་སྟངས་དང་བཅས་པས་སྒོ་ཕྱེ། ཨོཾ་བཛྲ་ཨུཏ་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ལན་བཞི་བདུད་རྩི་ལྔ་དང་དྲི་ཆབ་སྦྱར་བས་བཀང་བའི་དུང་ཕོར་རམ་ཐོད་པ་དཀྱིལ་འཁོར་གྱི་དྲུང་དུ་བཞག ཨོཾ་བཛྲ་ཨ་མྲྀ་ཏེ་ཨ་མྲྀ་ཏཾ་པྲ་བེ་ཤཱ་ཡ་ཧཱུཾ། ལན་གསུམ། ཨོཾ་བཛྲ་གཱ་མི་ནི། སརྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱཧཱ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་སྔགས་ཀྱི་དངོས་གྲུབ་དམ་པའི་བཀའི་གནང་བ་སྩལ་དུ་གསོལ། ལན་གསུམ་


TNT07_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །ཞེས་བཀའི་གནང་བ་སྩལ་བར་གྱུར། །བདག་མིང་འདི་ཞེས་བགྱི་བ། བླ་མ་དང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ། སླར་ཡང་རང་གི་སྙིང་གའི་ཧཱུཾ་ཡིག་ལས་འོད་ཟེར་མཐའ་ཡས་པ་འཕྲོས། རང་བཞིན་གྱི་གནས་ནས་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ། མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ཡེ་ཤེས་ཀྱི་འཁོར་ལོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་བཙུན་མོར་བཅས་པས་བསྐོར་བ་ཕེཾ། མ་ལུས་འགྲོ་བའི་རང་བཞིན་མངོན་སུམ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །སུམྦྷ༴ སོགས་ཀྱིས་བསངས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ལན་མང་དུ་བརྗོད། ཡེ་ཤེས་འཁོར་ལོ་མདུན་བསྐྱེད་དཀྱིལ་འཁོར་ཆེན་པོའི་སྟེང་གི་ནམ་མཁའ་ལ་རབ་ཏུ་དགེས་པས་བཞུགས་པར་གྱུར། མཆོད་ཡོན་དང༌། ཉེར་སྤྱོད་ཙམ་སྔགས་ཀྱིས་


TNT07_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལ། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ༴ ཞེས་སོགས་མཚན་བརྒྱས་བསྟོད། རོལ་མོའི་སྒྲ་སྒྲགས། ཛཿཧཱུཾ་བཾ་ཧོ། ལན་ཉེར་བདུན་ཙམ་དང༌། ཡོ་ག་ཤུདྡྷོ༴ ལན་གསུམ། དམ་ཚིག་གི་དཀྱིལ་འཁོར་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ་གཅིག་ཏུ་གྱུར། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས། དབང་གི་ལྷ༴ ཞེས་པ་ནས། དབང་གི་ལྷ་རྣམས་རིགས་བདག་ལ་ཐིམ། ཞེས་པའི་བར་སྒྲུབ་ཐབས་བཞིན་ནོ། །གང་འདིར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའོ། །རྗེས་ཆགས་ཀྱི་བདེ་བས་གང་བ་ནི། དམ་ཚིག་གི་ཕྱག་རྒྱའོ། །ཐུགས་ཀའི་ཧཱུཾ་ཡིག་ནི་སྟོང་ཉིད་སྙིང་རྗེར་གནས་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །ཐུགས་རྗེ་ཆེན་པོ་བསྐྱེད་དེ་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཞེས་བརྗོད་ཅིང་དོན་བསམ་ལ། སླར་ཡང་འདི་སྐད་ཅེས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རང་རང་ཁ་དོག་ཕྱག་མཚན་འཆང༌། །སྤྲུལ་པའི་སྐུ་ཡི་གཟུགས་ཀྱིས་ནི། །ཕྱག་རྒྱ་ཆེན་པོར་རབ་ཏུ་གྲགས། །དཔའ་བོ་གཉིས་ཀྱི་སྙོམས་འཇུག་པ། །བསྒོམས་པའི་བདག་ཉིད་དེ་དོན་དུ། །ཤེས་རབ་མི་མོའི་གཟུགས་འཛིན་པ། །དེ་ནི་དམ་ཚིག་ཏུ་ནི་བརྗོད། །བྱང་ཆུབ་ས་བོན་སྐྱེད་བྱེད་གང༌། །ཞིང་དུ་བྱེད་པའི་བདག་ཉིད་དེ། །ཡང་དག་མཐར་ནི་རྣམ་དག་པས། །ཆོས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །སེམས་ཅན་ཕུང་པོ་མ་ལུས་པའི། །རྫོགས་པའི་བྱང་ཆུབ་ཐོབ་བྱེད་དུ། །རྡོ་རྗེ་པདྨའི་ལྟེ་བ་ཡིས། །ལས་


TNT07_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱ་ཞེས་གྲགས་སོ། །འོན་ཀྱང་དེ་བཞིན་ལྷ་མོ་རྣམས། །དགའ་རོལ་དམ་ཚིག་ཏུ་ནི་དྲན། །རང་གི་འབད་རྩོལ་སྐད་ཅིག་པ། །ལས་ཀྱི་ཕྱག་རྒྱར་དེ་བཞིན་འགྱུར། །ཞེས་བརྗོད་ཅིང་མཉམ་པར་བཞག་གོ བར་འདིར་མདུན་བསྐྱེད་ཀྱི་བཟླས་པ་ཇི་ལྟར་འོས་པ་བྱ་སྟེ། གཙོ་བོ་ཡབ་ཡུམ་གྱི་རྩ་སྔགས་ཉི་ཤུ་རྩ་གཅིག་ཙམ་བཟླ། དེ་ཙམ་མི་ནུས་ན། རྩ་སྔགས་གཉིས་ཚར་གཅིག་གམ་གསུམ་གང་རིགས་བརྗོད་ནས། སྙིང་པོ་བརྒྱ་རྩ་སོགས་བཟླ། ལྷ་ཚོགས་ཐམས་ཅད་ཀྱི་མཚན་སྔགས་བཟླ་བར་འདོད་ནའང༌། ཚར་གཅིག་ཙམ་འདོན་པར་ཟད་དེ། འོན་ཀྱང་སྤྲོས་པར་དགོས་པ་ནི་མ་ཡིན་ནོ། །དེ་ནས་དཀྱིལ་འཁོར་དུ་བུམ་པ་འགོད་དེ། རྣམ་རྒྱལ་དཀྱིལ་འཁོར་གཙོ་བོའི་མདུན་ཐད་གཞལ་ཡས་ཁང་ཕྱི་མའི་ཤར་སྒོ་དང་ཉེ་བར་བཞགགཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཅི་རིགས་པ་བཟློས། དེའི་བྱང་དུ་ལས་བུམ་ཀྱང་བཞག་སྟེ། ཥཎྜ་རོ་ཧ་ཅུང་ཟད་བཟླས་སོ། །དྲུག་གི་ཕྱོགས་ལའང་གཉིས་པོ་དེ་དང་འདྲ། གཞན་བཞི་མཚམས་བཞིར་བཞག་གོ །བཅུའི་ཕྱོགས་ལའང་གཉིས་པོ་འདྲ། བཀྲ་ཤིས་ཀྱི་བུམ་པ་བརྒྱད་ནི། སྒོ་བཞི་དང་གྲྭ་བཞིའི་ཐད་ཀྱི་ཕྱི་རོལ་དུ་དགོད། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་དངོས་ནི། མཆོད་པ་བསངས་སྦྱངས་བྱིན་རླབས་སྤྱི་འགྲོ་ལྟར་བྱས་པའི་མཐར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བཟླ་ཞིང༌། ཨོཾ་སརྦ་བིད་པཱུ་ར་པཱུ༴ སོགས་དང༌། ཨོཾ་པུཥྤཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། དྷུ་པཾ་དཱི་པཾ་གནྡྷཾ་ནཻ་བི་ཏྱཾ་བྷྲི་ཀྵཾ་རྣམས་ལའང་སྦྱར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ༴ ལ་སྱ༴ ར་ཏི༴ པུཥྟ༴ ས་ཧཱུ་ཤྱ་ཡ༴ ཨ་ནུཏྟ་ར། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུཾ། ཞེས་དང༌། ཨོཾ་ཨ་ནུཏྟ་ར། སརྦ་པཱུ་ཛ་མེ་གྷ་ས་མུད་ག་ཏེ་སྥ་ར་ཎ་


TNT07_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ། སྔགས་ལན་གསུམ་གསུམ་མོ། །དེ་ནས་མཆོད་པ་འབུལ་བ་དངོས་ནི། དྭངས་ཤིང་དྲི་མེད་ཡིད་འོང་བའི༴ ཞེས་པ་ནས། སྤརྴ་ཀཱ་མ་གུ་ཎའི་བར་དུ་ནག་པོ་ལུགས་ཀྱི་དཀྱིལ་ཆོག་བཞིན་དུ་ཕུལ། ལྷ་མོ་བཅུ་དྲུག་ལ་ཚིགས་བཅད་གཞན་མང་པོ་ཡོད་པའང་བྱས་ན་ལེགས་པར་འོང༌། ནང་མཆོད་བླ་མ་རྒྱུད་པའི་སྐབས། རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །རྣལ་འབྱོར་མ་དཔལ་སྤྱན་རས་གཟིགས་དབང་དང༌། །བློ་གྲོས་རིན་ཆེན་ཤཱ་བཱ་རི་པ་ལ། །ཡེ་ཤེས་བདུད་རྩི་མཆོག་གི་མཆོད་པ་འབུལ། །མཻ་ཏྲི་གུ་པ་རྒྱ་གར་ཕྱག་ན་དང༌། །ཀ་མ་ལ་པ་ཛ་ཡ་སྱ་ན་དང༌། །སུམ་པ་ལོ་ཙཱ་རྗེ་བཙུན་གྲགས་རྒྱལ་ལ། །ཡེ་ཤེས་བདུད་རྩི་མཆོག་གི༴ ས་སྐྱ་པཎ་ཆེན་རིན་ཆེན་སྐྱོབ་པ་དཔལ། །རྒྱལ་ཚ་ཆོས་དབང་མང་མཁར་ལོ་ཙ་བ། །བློ་ཆེན་པ་དང་བླ་མ་ཡེ་ཤེས་དཔལ། །དར་མ་བཟང་པོ་གྲགས་ཆེན་སྤང་ཁང་པ། །སློབ་དཔོན་རིན་བརྩོན་མཁན་ཆེན་བྱང་སེང་པ། །ཐེག་ཆེན་ཆོས་རྗེ་བྲག་ཐོག་བསོད་བཟང་ལ། །ཡེ་ཤེས་བདུད་རྩི༴ ཀུན་དགའ་རྣམ་རྒྱལ་རྒྱ་སྟོན་བྱང་དབང་དང༌། །གྲོལ་མཆོག་ཞབས་དང་མཁས་མཆོག་བྱམས་པའི་མཚན། །འཁོར་ལོའི་དབང་ཕྱུག་རྩ་བའི་བླ་མ་ལ། ཡེ་ཤེས་བདུད་རྩི༴ ཡང་ན་རང་ཅག་ཆོས་ནན་ཏན་བྱ་བའི་འོས་སུ་བགྲང་བ་ནི། སུམ་པ་ལོ་ཙཱ་མཁས་པ་ས་མུ་དྲ། །སེང་གེ་རྒྱལ་མཚན་ཡང་ཀླུངས་ལོ་ཙཱ་བ། །རོང་པ་ཤེར་སེང་ཀྱི་སྟོན་འཇམ་དབྱངས་གྲགས། །ཀུན་མཁྱེན་ཆེན་པོ་དུས་གསུམ་སངས་རྒྱས་དང༌། །སློབ་དཔོན་


TNT07_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲགས་མཁན་ཆེན་བྱང་སེང་བ། །དེ་མན་ཆད་སྔར་བཞིན་བྱས་ན། བརྒྱུད་པ་ཤིན་ཏུ་བཟང་བ་ལ། རོང་པ་ཤེར་སེང་ཡན་ཆད་ཀྱི་བརྒྱུད་རིམ་ཤིན་ཏུ་རྙེད་དཀའ་བར་གྱུར་པ་ཡུན་རིང་ལོན་པ་ལས། ཕྱིས་མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་གསན་ཡིག་ལས་རྙེད་པའོ། །རྒྱུད་པའི་རྣམ་གྲངས་མི་འདྲ་བ་རྣམས་གཞན་དུ་བཤད་ཟིན་ཏོ། །ཤིན་ཏུ་ཉེ་བརྒྱུད་ནི། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང༌། །ཤཱ་བཱ་རི་དབང་རྗེ་བཙུན་གྲོལ་མཆོག་དང༌། །གདོད་མའི་མགོན་པོ་ལྷ་དབང་གྲགས་པ་ལ། །ཡེ་ཤེས་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །གཞན་ཡང་རྩ་བའི་བླ་མ། བརྒྱུད་པའི་བླ་མ༴ ཞེས་པ་ནས། ཨ་ནུ་རཱ་ག་ཎའི་བར་འདྲ་བ་ལས། འཁོར་ཚོགས་ཀྱི་སྐབས་རྣམས་མི་དགོས། ཅི་སྟེ་ཤིན་ཏུ་སྤྲོས་པ་ལ་དགའ་ན། དུས་འཁོར་གྱི་ཨརྐ་ཆེན་མོ་བཞིན་བྱས་ན་འོང༌། དེ་རྗེས་རོལ་མོའི་སྒྲ་དང་བཅས་ཏེ་རྐང་བརྒྱད་གཉིས་ཀྱིས་བསྟོད། དེ་ནས་རྐང་པ་བཞི་བཅུ་ཞེ་བརྒྱད་པ་དང༌། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ༴ སོགས་མཚན་བརྒྱ་དང༌། བསྐལ་པའི་མེ་ལྟར་འབར་བ་འཇིགས་པའི་གཟུགས་ལྡན་པ། སོགས་མཚན་བརྒྱ་གཉིས་པས་ཀྱང་བསྟོད། བར་འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བསྟོད་ཆེན་ཀྱང་འདོན། དེ་རྗེས། ཁྲུས་ཀྱི་རྫིང་བུ་དམ་པ་དང༌། ཞེས་པ་ནས་གཟིགས་ཤིང་ལས་ཀུན་མཛད་པ་ཡིན། ཞེས་པའི་བར་ཡང༌། ནག་པོ་དཀྱིལ་ཆོག་གི་མཆོད་འཕྲེང་བཞིན་ནོ། །བར་འདིར་ཕྱི་རོལ་གཏོར་མ་གཏོང་སྟེ། རྒྱས་པར་ན་འབྱུང་པོ་ཐམས་ཅད་པ་དང༌། ཞིང་སྐྱོང་གི་གཏོར་མ་གཉིས་ཀར་བྱེད། འབྲིང་དུ་གང་རུང་ཅིག་བྱ། བསྡུས་པར་ན་མཁའ་འགྲོ་སྤྱི་གཏོར་དཀྱུས་ཉིད་ཡིན་པ་ལས། དྲྀ་ཤྱ་ཧོ་ཞེས་པའི་རྗེས་སུ། གང་དུ་བཅོམ་ལྡན་འདས་ལྷན་


TNT07_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲང་ཞེས་འདིར། །གནས་པ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་བཟུང་བའི་ཕྱིར། །ཇི་ལྟར་ཡོད་པའི་དྲི་དང་ནི། །མེ་ཏོག་སོགས་དང་གཏོར་མ་ཡང༌། །སོ་སོར་བཞེས་ཏེ་སེམས་ཅན་ལ། །བྱམས་པའི་སེམས་དང་སློབ་མ་ལ། །གེགས་མེད་པར་ནི་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་མཆོད་ཡོན་ཕུལ། པུཥྤེ༴ ལ་སོགས་པ་ཉེར་སྤྱོད་ལྔས་མཆོད། ཨོཾ་ཁ་ཁ༴ མན་ཆད་དུ་སྤྱི་དང་འདྲ། མཆོད་པ་བསྡུ་བ། མཆོད་ཡོན་བསྒྲེང་བ། མཚམས་བཅད་པ་སོགས་ཀྱང་ཕྱི་རོལ་གཏོར་མ་སྤྱི་འགྲོའི་རིམ་པས་ཆོགའོན་ཀྱང་འདིར་སྐོར་བ་སྒོ་དབྱེ། མེ་ཏོག་འབུལ་བ་རྣམས་ནི་མི་དགོས་ཏེ། སྔར་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྤྲོས་པ་ལ་དགའ་བ་དང༌། ག་ཁྱེར་འདོད་པས་བྱེད་སྙམ་ན་མཛོད་ཅིག །དེ་ལ་བདག་གིས་ཅི་ཞིག་བྱ། དེ་ནས་བདག་འཇུག་གི་དོན་དུ་ཁྲུས་བྱས་ཏེ། འཇུག་པའི་མཎྜལ་ཕུལ་ནས། རྡོ་རྗེ་ཕག་མོ་རབ་སྦྱོར་བ། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །ཞཻས་པ་ནས། གཞུག་ཏུ་གསོལ། ལན་གསུམ། ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ། བདག་ཉིད་གཙོ་བོ་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨ་ལང་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཨུཥྞི་ཥ་ཧཱུཾ་ཕཊ། ཨོཾ་ཙཀྵུར་བནྡྷ་བ་ར་མ་ཎ་ཡ་ཧཱུཾ། ཨཱ་ཧཾ་བྷཱི་ར་ཧཱུཾ། ཨོཾ་དངོས་གྲུབ་


TNT07_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གྲོང་ཁྱེར་ཉམས་དགའ་བ། །ཐར་པའི་གྲོང་དུ་དཔལ་ལྡན་བདེ་ཆེན་འཇུག །མཆོག་གི་བདེ་བ་དམ་པའི་དངོས་གྲུབ་ཀྱི། །ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །བདག་ཉིད་དཀྱིལ་འཁོར་དུ་ཡོངས་སུ་ཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ། ཨསྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་པཱུ་ཛ་ཨུ་པསྠ་ནཱ་ཡ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་སྭ་མ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ། ཨཏྨ་ནཾ་ནིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་ཕྱོགས་བཞི་ཕྱག་འཚལ་བྱ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །རྡོ་རྗེའི་རིགས་ཀུན་བསྡུས་པ་ལ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །ཕྱིར་མི་ལྡོག་པའི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་པ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ། འདི་ཛ་ཡ་སྱ་ནའི་ལུགས་སོ། །ཚིག་འདིས་གསོལ་བ་འདེབས་


TNT07_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དུམ་བུ་ལ་བཅོས་ཀ་བྱེད་པ་བས། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཞེས་སོགས་རྒྱུད་ནས་འབྱུང་བ་དེ་རྫོགས་པར་བྱས་ན་ཀ་ལེགས་སོ། །བདག་མིང་འདི་ཞེས་བགྱི་བ་ཡི། །བྱང་ཆུབ་སེམས་ནི་ཡོངས་བཟུང་ལ། །གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང༌། །དམ་ཚིག་སྡོམ་པ་ནོང་པར་མཛོད། །ལན་གསུམ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །བདག་འདོད་དོ་ཞེས་དེ་ལ་འདོན་པ་སྤོ། དེ་ལྟར་ན་གསོལ་གདབ་དང་འདི་དག་ཀྱང༌། དཀྱིལ་ཆོག་གཉིས་ཀྱི་ལུགས་འདི་ཡང་འགལ་བ་ཆེར་མེད་དམ་སྙམ་ནས་བཀོད་པ་ཡིན། སྤྱིར་ནི་རྒྱུད་གཞུང་ཚད་ལྡན་ལྟར་བྱས་ན་ཀ་བརླིང་ངོ༌། །དེ་ནས་སྡོམ་པ་སྒྲག་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་


TNT07_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕཾ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བསླབ་པར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་ལ་ལོག་པར་མི་སྤྱད་ཅིང༌། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤངས་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པ་ནི་རྗེས་སུ་སྲུང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོད་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་ཡང་


TNT07_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཤད། །ཅེས་དམ་ཚིག་སྒྲགས། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་དུ་ནི་བདག་གིས་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས་ནས་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྡོམ་པ་བཟུང༌། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་གཉིས་སུ་མེད་པའོ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གི་ཀཱ་ཡ་ཝཱཀ་ཙིཏྟ་ཨུ་ཏ་པ་ཡ་མི། ཨ་ཤེ་ཤ་ཨ་ན་བ་ཤེ་ཥ། སཏྭ་དྷ་ཏུ་ཧི་ཏ། སུ་ཁོཏྟ་མ་སིདྡྷི་ཨཱ་དྱན་ཏ་བྷ་ཝ་སིདྡྷ་མ་ཧེ་ཤྭརྱ་དྷི་པ་ཏྱ་ཙ་ཡ། ཞེས་སེམས་བསྐྱེད་པ་ལ་ཆེད་དུ་བརྗོད་པ་བྱས། ས་མ་ཡ་སྟྭཾ་ཞེས་མེ་ཏོག་སླར་ཡང་བཟུང༌། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བྱ། །ཞེས་དཀྱིལ་འཁོར་ལ་གསོལ་བ་བཏབ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་ཡོལ་བ་བསལ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་


TNT07_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཧཱུཾ་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནྀ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ་ཧཱུཾ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཡང་དེ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ། དེ་དག་ནི་དམ་ལ་བཞག་པའོ། །ཡེ་ཤེས་དབབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ལན་གསུམ། རང་ཧེ་རུ་ཀ་ཕྱག་གཉིས་པ་ཞབས་གཡས་བརྐྱང་གི་སྟབས་བྱས་བཞུགས་པར་གྱུར། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བ་ལ། རྩ་ཨ་ཝ་དྷུཏཱི་ཆུ་ཤིང་གི་མེ་ཏོག་ལྟ་བུའི་ནང་ན། དཔྱིད་དང་ཐིག་ལེ་ཁ་སྦྱོར་བར་གནས་པ་ནི། དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ། བདེ་བ་ཆེན་པོ་རབ་ཏུ་འབར་བའི་འོད་ཟེར་དུ་མ་འཕྲོ་བ། ཕྱོགས་བཞིར་ལཱཾ་མཱཾ་པཱཾ་ཏཱཾ་ཡུམ་བཞི། མཚམས་བཞིར་ཨོཾ་ཡིག་བཞི་ཐོད་པ་བཞིའི་ངོ་བོ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ།


TNT07_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཛཿ ནས་མ་བུ་ཁམས་རྣམས་དཔའ་བོ་དང་རྩ་རྣམས་དཔའ་མོ། བུ་ག་བརྒྱད་ལ་ཧཱུཾ་རིང་པོ་བརྒྱད་སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དཔལ་ཧེ་རུ་ཀ་རིག་མའི་ཚོགས་དང་བཅས་པ་དང༌། འཁོར་ལོ་བཅུ་གཉིས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ། ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་རྣམས་ཁ་དོག་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུ་རྡོ་རྗེའི་རིགས་རྣམས་དཀར་པོའི་རྣམ་པས་འཇུག་ཅིང༌། གཙོ་བོ་རིག་མར་བཅས་པ་དང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང༌། བ་སྤུའི་བུ་ག་ནས་ཞུགས་ཏེ་སྙིང་གར་ཐིམ་པའི་རྐྱེན་གྱིས་སྙིང་གའི་དཔའ་བོ་ཡབ་ཡུམ་སྙོམས་པར་ཞུགས། སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས། ལུས་ཐམས་ཅད་བདེ་བ་ཆེན་པོས་གང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷ་ཚོགས་དཔག་ཏུ་མེད་པ་ཆར་བབས་པ་བཞིན་ཏུ་བྱུང་སྟེ། སྙིང་གར་ཐིམ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ། ཞེས་རོལ་མོའི་སྒྲ་བྱ། ཏིཥྛ་བཛྲ་ཌི་ཌྷོ་མེ་བྷ་ཝ། ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷིཾ་མེ། པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ།


TNT07_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཞེས་པའི་བརྟན་པར་བྱའོ། །དཀྱིལ་ཆོག་གི་གཞུང་གཉིས་ལས་ནི། མེ་ཏོག་མགོ་ལ་བཅིངས་ནས་མིག་འབྱེད་པའི་བར་ལ། བདེན་སྟོབས་གཉིས་པ་བརྗོད་པ་དང༌། མིག་ཕྱེ་ནས་བལྟ་བར་བསྐུལ་བའི་བར་ལ་ནམ་མཁའི་ཁ་དོག་དྲི་བ་བྱས་པ་ནི། སུ་དང་ཡང་མི་མཐུན་པའི་ལག་ལེན་ཨར་ཁ་མར་འདུག་ཅིང༌། སྐྱེ་བོ་མང་པོ་ལ་དབང་ཕྱོགས་གཅིག་ཏུ་བསྐུར་ན། ཤིན་ཏུ་བྱེད་སྟབས་མི་བདེའོ། །དེས་ན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས། ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བདེན་སྟོབས་དང་པོ་དེ་བརྗོད་ནས། རང་གི་ལས་དང་རྗེས་སུ་མཐུན་པའི་ནམ་མཁའི་ཁ་དོག་མཐོང་བར་གྱུར། ཡང་དག་པ་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བདེན་སྟོབས་གཉིས་པ་བརྗོད། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། བེ་ཤ་ཀུ་ལཾ་ཤི་ཥྱ་མཧཱ་བ་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེ། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །


TNT07_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །དཔལ་འཁོར་ལོ་སྡོམ་པ་མཁའ་འགྲོ་རྒྱ་མཚོ་ལས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་མཐོང་བར་གྱུར། སློབ་མ་དབང་བསྐུར་གྱི་དུས་ཡིན་ན་དཀྱིལ་འཁོར་མཐའ་དག་རྒྱས་པར་བསྟན་ནོ། །བདག་འཇུག་ལ་ཡང་དེ་བཞིན་བྱས་ན་བཟང་མོད་ཀྱི། བྱེད་པའི་སྲོལ་མེད་དོ། །ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་ཆེན་པ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོ་ཧོ་ཧོ། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་འཁོར་ལོའི་ལྷའི་དག་པ་བཤད་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །དཔལ་ནི་ཧེ་རུ་ཀ་ཞེས་བྱ། །རྡོ་རྗེ་ཡེ་ཤེས་དབྱེར་མེད་ཕྱིར། །རྟག་ཏུ་སྒྲིབ་པ་ལས་སྒྲིབ་དང༌། །འདོད་ཆགས་དམན་པའི་སྦྱོར་བ་གང༌། །རྡོ་རྗེ་སྔོན་སོང་ཅན་ཕག་མོ། །མཆོག་ཏུ་འགྲོ་བའི་ངང་ཚུལ་ནི། །མཁའ་འགྲོ་མ་དང༌། དེའི་རིགས་ལྔ། རྟག་ཏུ་བདུག་པ་ཟ་བས་ལཱ་མ་དང༌། དེའི་རིགས་ལྔ། དུམ་བུར་བྱེད་ཅིང་སྐྱེད་པས་དུམ་སྐྱེས་མ་དང༌། དེའི་རིགས་ལྔ། སྣ་ཚོགས་པའི་གཟུགས་འཛིན་པས་གཟུགས་ཅན་མ་དང་དེའི་རིགས་ལྔ། གཙོ་བོས་ནི།


TNT07_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་དག་པས་ཕྱག་བདུན་ཅུ་དོན་གཉིས། རྒོད་པ་སོགས་དག་པས་ཕྱག་དང་པོ་བཞི། དགའ་བ་བཅུ་དྲུག་ཡེ་ཤེས་དང་བཅས་པ་ནི་ཞལ་བཅུ་བདུན། འཁོར་འདས་མནན་པས་ཞབས་གཉིས་སམ། སྟོང་ཉིད་བཅོ་བརྒྱད་དག་པས་ཞབས་བཅོ་བརྒྱད། གནས་བཅུ་གཉིས་དང༌། ས་བཅུ་གཉིས་དག་པས་འཁོར་ལོ་བཅུ་གཉིས། ཡེ་ཤེས་དང་ཆོས་དང་ལོངས་སྤྱོད་རྫོགས་པ་ཀུན་ནས་མཉམ་པས་ཕོ་བྲང་ནང་མ་གསུམ་པོ་ཟླུམ་པོ། མཐའ་བཞི་སྤྱོད་ཅིང་སྤྲུལ་པ་ཀུན་ཏུ་རྒྱས་པས་ཕྱི་མ་གྲུ་བཞི་པ། རླུང་གཉིས་དབུ་མར་འདུས་པ་དང༌། སྐུ་གསུམ་དང་དགའ་བཞི་དང་ཡེ་ཤེས་ལྔ་དག་པས། དེ་དག་གི་རྩིག་པའི་རིམ་པའོ། །བཞི་པ་ཀུན་གྱི་ཐུན་མོང་དུ། །བྱིན་གྱིས་བརླབས་པའི་ཐིག་ཡིན་ཕྱིར། །མཉམ་པ་ཚད་མེད་ལ་སོགས་སོ། །ཚུལ་ཁྲིམས་སྡོམ་པ་བླ་མེད་པ། །རྒྱན་གང་ཡིན་པར་ཡང་དག་བཤད། །དད་པའི་དབང་པོ་སོགས་ཅན་སེམས། །རྩིག་པ་ལྔ་རུ་འབྱུང་བ་ཡིན། །རྣམ་པར་ཐར་པ་རྣམ་པ་བཞི། །གང་ཞིག་སྒོར་ནི་ཡང་དག་བཤད། །ཡང་དག་རབ་ཏུ་སྤོང་བ་བཞི། །རྟ་བབས་ཀྱི་ནི་ཀ་བར་འབྱུང༌། །དྲན་པའི་ཡེ་ཤེས་བཞི་རྣམས་ནི། ཁ་ཁྱོར་བཞི་རུ་དྲན་པར་བྱ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །སྒོ་འཁྱུད་རྣམ་པ་བཞི་ཡིན་ནོ། །བྱང་ཆུབ་ཡན་ལག་བདུན་འཕྲེང་བ། །བ་དན་མེ་ཏོག་འཕྲེང་བར་བརྗོད། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །ཏིང་འཛིན་གཉིས་སུ་བཏགས་པ་ཡིན། །


TNT07_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་བརྗོད་པའོ། །ཉོན་མོངས་ཐམས་ཅད་ཟད་བྱེད་པས། །དེ་བཞིན་དྲ་བ་ཞེས་བརྗོད་དོ། །ཡང་དག་གཅོད་པའི་རབ་འཕྲོག་དང༌། །རྣམ་པར་སེལ་བའི་རབ་འཕྲོག་པས། །ཚོགས་གཉིས་ཀྱི་ནི་སྦྱོར་བ་སྟེ། །ཉོན་མོངས་རྣམས་ཀྱི་ཕྱེད་འཕྲོག་ཕྱིར། །དྲ་བ་ཕྱེད་པ་ཞེས་བརྗོད་དོ། །འཕགས་པའི་ལམ་ནི་ཀ་བ་བརྒྱད། །དེ་ཡི་དབུས་ཀྱི་པདྨ་གང༌། །སྐྱོན་གྱིས་མ་གོས་པར་བསྟོན་ནོ། །འཁོར་ལོ་བཅུ་གཉིས་བཤད་པ་རྣམས། །ས་ཡི་མི་མཐུན་ཕྱོགས་སྤང་བ། །ཡང་དག་བཤད་པའི་རྩིབས་འདི་རྣམས། །ཉོན་མོངས་ཉེ་བའི་ཉོན་མོངས་སེལ། །རྡོ་རྗེ་འཕྲེང་བ་ལ་སོགས་གང༌། །གློ་བུར་བ་ཡི་དྲི་མ་སེལ། །ཆ་ཤས་བཅུ་དྲུག་རྣམས་ཀྱི་བར། །དུར་ཁྲོད་དག་པར་ཤེས་པར་བྱ། །མདོར་ན་ཡང་དག་པའི་ཡེ་ཤེས་ཀྱི་རྣམ་པར་རོལ་བ་མཐའ་དག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཤར་བའོ། །དེ་དག་གི་འཇུག་པའི་ཆོ་ག་བཤད་ཟིན་ཏོ། །དེ་ནས་རྡོ་རྗེའི་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སྙིང་པོའི་དཀྱིལ་འཁོར་གྱི་ནང་དུ། ཤར་ཕྱོགས་ཀྱི་ལྷ་སྣམ་ལ་དབང་སྟེགས་ཀྱི་གདན་ལ་རང་ཉིད་ཕྱག་གཉིས་པའི་རྣམ་པས་གནས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཕྱག་གཉིས་པ་ཞིག་ཆད། སྦྱང་བའི་ལས་མཛད་པར་གྱུར།


TNT07_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སསྟྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱཧཱ། ཨོཾ་ཧཱུཾ་ཌ་ཌི་ཏ་ཕཊ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཨོཾ་སརྦ་མ་ལ་ཨ་བ་ར་ཎ་བི་ཥོ་དྷ་ནི་སྭཱཧཱ། ཨོཾ་པུནྱ་ཛྙཱ་ན་དྷ་ར་སམྦྷ་རཎྜོ་པ་ཀཱ་ཡ་སྭཱཧཱ། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་སྭཱཧཱ། བདེན་པ་བདར་བའི་མཐར། བདག་ཅག་རྣམས་ཀྱི་ཕུང་པོ་དྲུག ཁམས་དྲུག དབང་པོ་དྲུག་ལ་སོགས་པ་ལ་གནས་ཏེ། དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་ཅིང༌། མི་མཐུན་པར་གྱུར་པ་བྱུར་དང་སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པར་འགྱུར་བ། བགེགས་དང་ལོག་འདྲེན་གནོད་བྱེད་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིགཅེས་རོལ་མོའི་སྒྲ་སྒྲོགས་སོ། །ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པྲོ་ཀྵ་མ་ཎཾ་སྭཱཧཱ། ཨོཾ་བཛྲ་ཨནྩ་མ་ནཾ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱཧཱ། པུཥྤེ༴ ཨཱ་ལོ་ཀེ༴ ཧཱུཾ་ལན་བདུན་བརྗོད། བདག་ཅག་རྣམས་ཀྱི་བྱུར་དང༌། སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ཤཱན་ཏིང་ཀུ་རུ་སྭཱཧཱ། ཁཎྜ་རོ་ཧིས་བསངས། སྭ་བྷ་ཝས་སྦྱངས། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་མཁའ་འགྲོ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་དང༌།


TNT07_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་ཕྲེང་བ་དང༌། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། སྤྱན་གསུམ་པོ་ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། གྲི་གུག་དང་ཐོད་པ་འཛིན་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཞལ་དུ་ཞུགས། གཞིར་གནས་ཀྱི་བྱང་ཆུབ་སེམས་དང་འདྲེས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་བབས། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་མཁའ་འགྲོ༴ ནས་ཐུགས་ཀར་ཧཱུཾ་གི༴ བར་རྣམ་རྒྱལ་བུམ་པའི་སྐབས་བཞིན། ཡང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་མཐའ་ཡས་པར་ནམ་མཁའ་གང་བར་བཞུགས་པའི་དེ་བཞིན་གཤེགས་པ། རིག་པའི་ལྷ་མོ་སྲས་དང་བཅས་པ་ཐམས་ཅད་ནམ་མཁའི་དབྱིངས་སུ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔ། ཤཔྟ་དང་བཅས་པས་ཕུལ།


TNT07_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་གནང་བ་མཛོད། །ཅེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་གི་ལྷ་ཐམས་ཅད་རྗེས་སུ་ཆགས་པས་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ། དཀྱིལ་འཁོར་གྱི་གཙོ་བོའི་དབུ་གཙུག་ཚངས་པའི་བུ་ག་ནས་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་ཆུ་སྐྱེས་དབུས་སུ་བྱོན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་སྐུར་གསལ་བ་ལ་དབང་བསྐུར་ཞིང༌། དྲི་མ་མཐའ་དག་སྦྱངས་ཏེ་དག་པའི་ཤེལ་ལྟར་གྱུར། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས། དེ་བཞིན་གཤེགས་པ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་ཡབ་ཡུམ། ཁྲོ་བོའི་དབང་པོ་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པ་དང༌། དབང་གི་ལྷ་ཚོགས་མཐའ་ཡས་པར་སྤྲུལ་ཏེ། གསང་བའི་ཆུ་སྐྱེས་ལས་ཕྱི་རོལ་དུ་བྱོན། མཁའ་དབྱིངས་ཐམས་ཅད་གང་བར་བཞུགས་ཏེ། ཧཱུཾ་ཞེས་བྱ་བས་རང་ཉིད་འཁོར་ལོའི་དབང་ཕྱུག་མའི་གསང་བའི་མཐའ་ནས་ཕྱིར་སྤྲོས་ཏེ། དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར། དེའི་ཚེ་རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རིག་མ་རྣམས་ཀྱིས། བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ། ཕྱག་གིས་ཅུང་ཟད་ཡོ་


TNT07_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཛིན་ཞིང༌། ཡལ་འདབ་ཀྱིས་འཐོར་བ་དང༌། ཕྱོགས་ཐམས་ཅད་ནས་སྣ་ཚོགས་པའི་མཆོད་པས་བསྟིབས་ཤིང༌། གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་ཕབ། རྔ་བོ་ཆེའི་སྒྲ་སྒྲགས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཤིས་པ་བརྗོད་པར་གྱུར། ཨོཾ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེ་ནས་སྤྲོ་ན། བཀྲ་ཤིས་གང་ཞིག་མཐའ་དག་རྡོ་རྗེའི་རིགས་དང་ལྡན། །ཞེས་སོགས་བྱ་ཞིང༌། བསྡུ་ན། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཙམ་བརྗོད། དུང་ཆོས་སམ་རྣམ་རྒྱལ་བུམ་པའི་ཆུ་ཐོགས་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་ཏྭ་ཨ་བྷི་ཥིཉྩ་མི། སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་དྷི་ཏྭེ་ན་ཌི་ཌྷོ་མེ་བྷ་ཝ། ཞེས་པའི་མཐར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་གསུངས་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུའི་


TNT07_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ། ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས། ཆུ་དབང་ངོ༌། །ཨོཾ་སྭ་བྷཱ་ཝ་བདག་དང་དབང་རྫས་དབུ་རྒྱན་གཉིས་ཀ་མི་དམིགས་ཏེ། སྟོང་པའི་ངང་ལས། ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། གཉིས་ཀའང་རིན་ཆེན་ཧེ་རུ་ཀ་སྐུ་མདོག་སེར་པོ། གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བ་དང༌། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། སྤྱན་གསུམ་པ། ཁྲོ་ཞིང་སྒེག་པའི་ཉམས་ཅན། ཡུམ་རིན་ཆེན་མཁའ་འགྲོ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ ལན་གཉིས། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཞུ་བ་ལས། དབུས་སུ་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷའམ། དཔལ་རྡོ་རྗེ་འཛིན་པ་མཐའ་བསྐོར་དུ་རྒྱལ་བ་རིགས་ལྔའི་སྐུ་གཟུགས་ཀྱིས་མཚན་


TNT07_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་རྫས་དབུ་རྒྱན་དུ་གྱུར། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཏྭ་བཛྲི་ཎི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་བཛྲི་ཨ་བྷི་ཥིཉྩ་ཧྲཱི། ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨཿ ཞེས་རང་རང་གི་ཕྱག་རྒྱ་གནས་ལྔར་གཏུགས་པའམ། བསྡུ་ན་དབུ་རྒྱན་བྱིན་གྱིས་རློབས་པའི་སྔགས་སུ་བྱས་ཀྱང་རུང་ངོ༌། །དེ་ནས་དབང་བསྐུར་རྡོ་རྗེ་ཆེན་པོ༴ སོགས། མཐར། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ཅིང༌། ཨོཾ་བཛྲ་ཏུ་ཥྱ་ཧོཿ ཨོཾ་ཧཱུཾ་ཧྲཾ་ཧྲིཿཨཿ དར་དཔྱངས་བཅིངས། ཨོཾ་བཛྲ་ཨུ་ཏ་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ། ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། ལས་ཀྱི་ནང་ཐམས་ཅད་གང༌། ཉེས་སྐྱོན་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས། རིན་ཆེན་འབྱུང་ལྡན་ཉིད་ཀྱིས་དབུ་བརྒྱན། ཨོཾ་བཛྲ་པུཥྤེ༴ སོགས། དེ་ལྟར་ན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བའི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཅོད་པན་གྱི་དབང་དེས་རིགས་བསྒྲེས་ཏེ། བདག་དང་དབང་རྫས་རྡོ་རྗེ་གཉིས་ཀ་མི༴ ཛྲིཾ་ལས་པད་ཛྲི་གིས༴ པདྨ་མཁའ་འགྲོ་སྐུ་མདོག་དམར་པོ་གཡས་པདྨ༴ ཡུམ་པདྨ་མཁའ་འགྲོ་མ་དམར་མོ། ཐམས་ཅད་པདྨ་མཁའ་འགྲོ་མ་ཡབ་ཡུམ་གྱི་རྣམ་པར༴ པདྨ་མཁའ་འགྲོ་


TNT07_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཞུ་བ་ལས། དབང་རྫས་རྡོ་རྗེ༴ དབང་བསྐུར་རྡོ་རྗེ་ཆེན་པོ༴ སོགས་ཀྱི་རྗེས་ལ། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་བཟུང༌། །ཨོཾ་ཨཱཿམ་ཧཱ་བཛྲ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཨུ་ཏ་ཀ༴ སོགས། སྤྱི་བོར་འཁྱིལ་བ་ལས་འོད་དཔག་མེད་ཀྱིས་དབུ་རྒྱན། ཨོཾ་བཛྲ་པུཥྤེ༴ དེ་ལྟར་ན་རྡོ་རྗེ༴ འདོད་ཆགས༴ འདུ་ཤེས་ཀྱི༴ སོ་སོར་རྟོག་པའི༴ འོད་དཔག་མེད་ཀྱི༴ ཞེས་འདོན་པ་སྤོ། རྡོ་རྗེའི་དབང་ངོ༌། །དེ་བཞིན་དུ། བདག་དབང་རྫས་དྲིལ་བུ༴ ཁཾ་ལས་རལ་གྲི་ཁཾ་གིས༴ སྣ་ཚོགས་མཁའ་འགྲོ་སྐུ་མདོག་ལྗང་ཁུ༴ གཡས་རལ་གྲི༴ ཡུམ་སྣ་ཚོགས་མཁའ་འགྲོ་མ་ཡང་སྐུ་མདོག་ལྗང་ཁུ༴ ཐམས་ཅད་སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར༴ དབང་རྫས་ཀྱི་སྣ་ཚོགས་མཁའ་འགྲོ༴ དབང་རྫས་དྲིལ་བུར་གྱུར། དབང་བསྐུར་རྡོ་རྗེ༴ སོགས་ཀྱི་མཐར། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་དྲིལ་བུ་གཏད། ཨོཾ་བཛྲ་གྷཎྜེ་ཨ་ཨ། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། བཛྲ་ཨུ་ཏ་ཀ་འཁྱིལ་བ་ལས་དོན་ཡོད་གྲུབ་པས། བཛྲ་པུཥྤེ༴ དྲིལ་བུའི་དབང་༴ ཕྲག་དོག༴ འདུ་བྱེད་ཀྱི༴ བྱ་བ་སྒྲུབ་པའི༴ དོན་ཡོད་གྲུབ་པའི༴ དྲིལ་བུའི་དབང་ངོ༌། །བདག་དང་དབང་རྫས་དྲིལ་བུ་གཉིས་ཀ༴ པདྨ་དང་ཟླ་བའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ༴ སངས་རྒྱས་མཁའ་འགྲོ༴ སྐུ་


TNT07_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་གཡས་འཁོར་ལོ་དང༌། ཡུམ་སངས་རྒྱས་མཁའ་འགྲོ་མ་དཀར་མོ༴ ཐམས་ཅད་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གྱི་རྣམ་པར༴ དབང་རྫས་ཀྱི་སངས་རྒྱས་ཀྱི་མཁའ་འགྲོ་ཡབ་ཡུམ། དབང་རྫས་རྡོ་རྗེ་དྲིལ་བུར་གྱུར། དབང་བསྐུར་རྡོ་རྗེ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་ན་མཿཨ་བྷི་ཥེ་ཀ་ཏ། དཔལ་རྡོ་རྗེ་ཧེ་རུ་ཀ་ཁྱོད་ཡིན་ནོ། །བཛྲ་ཨུ་ད་ཀ༴ རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན། བཛྲ་པུཥྤེ༴ མིང་གི་དབང་༴ གཏི་མུག༴ གཟུགས་ཀྱི་ཕུང་པོ༴ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༴ རྣམ་པར་སྣང་མཛད་ཀྱི་གོ་འཕང་༴ དེ་ལྟར་རིག་པའི་དབང་ལྔ་པོ་འདི་དག་ལ། སྤྲོས་པ་ལ་དགའ་ན། རེ་རེ་བཞིན་དུ་མགོར་བྱང་ཆུབ་རྡོ་རྗེ་སོགས་ཀྱི་གསོལ་བཏབ་དང༌། དབང་ལྷ་སྤྱན་དྲངས། མཆོད་བསྟོད་གསོལ་བ་བཏབ། ཆུ་དབང་གི་སྐབས་བཞིན་དབང་རྫས་སྔོན་ལ་ལྷར་བསྐྱེད་དེ། ཡེ་ཤེས་པ་བསྟིམ། བར་དེར་དབང་རྫས་ལ་མཆོད་བསྟོད། རིགས་ལྔ་སོ་སོའི་སྔགས་ལན་བདུན་ནམ། ཉེར་གཅིག་ཙམ་བཟླ། དེ་རྗེས་སློབ་མ་སྔོན་བཞིན་ནང་ཆོག་གིས་བསྐྱེད། མཆོད་ཅིང་གསོལ་བ་བཏབ། ནང་དབང་བསྐུར་ནས་ཕྱིར་སྤྲོས། དབང་སྟེགས་ཀྱི་སྟེང་དུ་བཀོད་པ་ལ། རེ་རེ་བཞིན་ཤིས་བརྗོད་བྱེད་དེ། རིགས་ལྔའི་བཀྲ་ཤིས་སོ་སོར་བཀྲམ། གཞན་ཁ་འགེངས་ཇི་ལྟར་འོས་པ་བྱ། སློབ་མའི་ཀྱང༌། ཨོཾ་ཨ་བྷི་ཥིཉྩ་སོགས་ཀྱིས་གསོལ་བ་བཏབ། དེ་ནས་དབང་དངོས་གཞི་སོ་སོར་བསྐུར། རིགས་བདག་གིས་དབུ་


TNT07_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པའི་རྗེས་སུ། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་དུ་བསྟིམ། དེ་ནས་མཆོད་པ་དང་དག་དྲན་བྱ། དབང་ལྷ་དང༌། དབང་རྫས་དང༌། སློབ་མ་མཆོད་པ་ལ་མཆོད་ཡོན་དང༌། རོལ་མོ་བྱེད་མི་བྱེད་ཀྱི་ཁྱད་དང༌། དབང་རྫས་དང་སློབ་མ་ལ་བསྟོད་པ་བྱེད་པའང་ཡོད་དེ། ཆོ་ག་སྤྲོས་པ་ལ་མོས་ན། དེ་ལྟར་བྱས་པས། ལྷག་པའི་སྐྱོན་མེད་ཅིང་གཞུང་དོན་དང་མཐུན་པས་ལེགས་པར་འགྱུར་གྱི། ཐོབ་ཐང་མེད་པའི་བསྐྱེད་ཆོག་དང༌། ལྷད་ཀྱི་ཚིག་མང་པོ་འཇུག་པ་སོགས་ནི་མི་བྱའོ། །རིག་དབང་འདི་རྣམས་དབང་ཐམས་ཅད་ཀྱི་གཞི་རྟེན་དུ་འདུག་པས། སྤྲོས་པ་ཅུང་ཟད་སྐྱེད་ཀྱང་མི་ལེགས་པ་ནི་མ་ཡིན་ནོ། །སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། གང་གིས་བདག་གི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། རང་ཉིད་དཔལ་རྡོ་རྗེ་འཆང་ཆེན་པོ་ཧེ་རུ་ཀ་ཕྱག་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཐུགས་ཀར་བསྣོལ་བ། རལ་བའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བ་དང༌། རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་སྨད་དཀྲིས་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་སྤྱན་གསུམ་པ། ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པའི་སྐུར་གྱུར།


TNT07_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་པར་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། རྒྱས་པ་ལ་དགའ་བས། འདི་ནང་ཆོག་གིས་བསྐྱེད་ཀྱང་རུང་ངོ༌། །ཡང་ན་བསྒོམ་བྱའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གཉིས་དུ་བསྐྱེད་ནའང་ཤིན་ཏུ་ལེགས་སོ། །དེ་ནས་བུམ་པའི་ཐོད་པ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ༴ སོགས་ཀྱི་མཐར། ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ། རྩ་སྔགས་གཉིས་ཀྱི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆུ་དབང་བསྐུར། བསྡུ་ན་ཡབ་ཡུམ་གྱི་སྙིང་པོས་བྱས་རུང་ཙམ་ཡིན། ཧེ་རུ་ཀ་རིགས་ལྔས་རྡོ་རྗེའི་འཕྲེང་བས་མཚན་པའི་ཅོན་པན་གྱིས་དབང་བསྐུར། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི༴ ཞེས་པ་ནས། ཨ་བྷི་ཥིཉྩ་ཨཿ ཨོཾ་ཨཱཿབཛྲ་མུ་ཀུ་ཊ༴ ནས། ཧྲིཿཨཱཿ ཁྲོ་བོའི་རྡོ་རྗེ་གཏད་ལ། རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཀུན་འབར་བའོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཧྲཱིཿལས་བྱུང་བའི་དྲིལ་བུ་བཅོམ་ལྡན་འདས་མའི་ངོ་བོ་གཏད་དེ། ཨོཾ་ཨ་ཀཱ་རོ་མུ་ཁཾ༴ སོགས་དང༌། ཧྲཱིཿཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཨ་


TNT07_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པས་སེམས་དཔའ་མཆོག །དམ་པའི་སྲིད་པ་བྱེད་པར་འགྱུར། །དབང་བསྐུར་རྡོ་རྗེ་སོགས་ཀྱི་མཐར། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རིག་མ་རྡོ་རྗེ་ཕག་མོའམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། བཞད་པ་དང༌། འཁྱུད་པའི་བདེ་བ་སྐུ་ཉམས་སུ་བསྟར། ཤིན་ཏུ་བླ་བས་བདེ་འགྱུར་དང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱིས་ལོང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བརྟན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བར། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པ། །ཕྱག་རྒྱའི་དམ་ཚིག་ཞེས་སུ་བརྗོད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །མཁས་མཆོག་བཞུགས་པར་གྱུར་གྱི་བར། །དེ་སྲིད་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས། །དེ་ནས་


TNT07_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བྱེད་དུ་བུམ་པའི་ཆུས་དབང་བསྐུར་དགོས་ཏེ། དབང་བསྐུར་རྡོ་རྗེ༴ ནས་ཡར་ལུད་པ་ལས་རྡོ་རྗེ་འཆང་ཆེན་པོས་དབུ་རྒྱན། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་དཔལ་ཧེ་རུ་ཀ །མཁའ་འགྲོ་རྒྱ་མཚོའི་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཤིང༌། ཕྱོགས་བཅུའི་ནམ་མཁའི་ཁམས་གང་བའི་དབང་གི་ལྷ་རྣམས་དང་ལྷན་ཅིག་རང་ལ་ཐིམ། ཛཿཧཱུཾ་བཾ་ཧོཿ ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། རོལ་མོ་དང་བཅས་ཏེ། བསྟོད་པ་ཇི་ལྟར་འོས་པས་བསྟོད། སློབ་མ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་པ་ཡིན་ན་རྐང་བརྒྱད་དང༌། རྡོ་རྗེ་འཆང་དུ་བསྒོམ་པ་ཡིན་ན་དེ་ཉིད་ལྔ་པས་བསྟོད་ཟེར་རོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྟན་བཞུགས་བྱ། དེ་ནས་བརྩམས་ཏེ་རྣལ་འབྱོར་པས། །རྒྱུད་ཀུན་ལས་ནི་གསུངས་པ་ཡི། །མ་ལུས་ལུས་པ་མེད་འགྱུར་བའི། །ཆོ་ག་ཡིས་ནི་དཀྱིལ་འཁོར་བྲིས། །ཇི་ལྟར་རྣམ་པར་འདོད་པ་ཡིས། །རང་འདོད་ལྷ་ཡི་འཇུག་པ་ཉིད། །རྣལ་འབྱོར་པ་ཡི་དངོས་གྲུབ་གང༌། །མཆོག་དང་འབྲིང་དང་ཐ་མ་ནི། །ཇི་ལྟར་དམིགས་པའི་ཡིད་ཀྱིས་སུ། །ཇི་ལྟར་ནུས་པ་གཞན་དུ་སྒྲུབ། །ཕྲན་ཚེགས་ལ་སོགས་པ་ཡི་ལས། །དེ་ཡིས་དངོས་གྲུབ་སྒྲུབ་པ་ལ། །རང་དང་གཞན་ལ་གྲགས་པ་ཡི། །དེ་འགྲུབ་པ་ལ་ཐེ་ཚོམ་མེད། །ཅེས་བརྗོད་དེ། རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་གའོ། །སྐབས་འདིར་རྗེས་གནང་ལ་སོགས་པའི་མཐའ་རྟེན་


TNT07_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱས་ཀྱང་ལེགས་སོ། །དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་ཉི་ཤུ་རྩ་གཉིས་སྲུངས། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱང་ཆུབ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་བདག་ལ་ཐུགས་བརྩེར་མཛོད། །ལན་གསུམ། འབྲུ་གསུམ་གྱིས་མིག་དར་བཅིངས། རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོའི་དབང་ཕྱུག་དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པ་ཉིད། རིག་མ་རིགས་ཐམས་ཅད་ཀྱི་འཁོར་ལོའི་བདག་མོ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་ཡང་དག་པར་འཁྱུད་པའི་སྐུ་ཅན་དུ་གྱུར། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡབ་ཀྱི་གསང་གནས་མི་དམིགས་ཏེ། སྟོང་པའི་ངང་ལས་ཞེས་པ་ནས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ཞེས་པའི་བར་སྒྲུབ་ཐབས་བཞིན། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པ་ན་བཞུགས་པའི། དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། སྟེང་གི་ནམ་མཁར་བཞུགས་པ་ཐམས་ཅད་ཀྱང༌། ཐབས་ཤེས་སྙོམས་པར་ཞུགས་པའི་རྐྱེན་གྱིས་རྗེས་ཆགས་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ།


TNT07_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དབང་ཕྱུག་ཡབ་ཡུམ་གྱི་ཞལ་དུ་ཞུགས། གཞིར་གནས་ཀྱི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས། རྩ་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་བརྟན་པར་བྱས། རྡོ་རྗེ་ནོར་བུ་དང༌། ནཱ་ར་ནཱ་སི་ཀར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིང་དུ་སྐུ་ཉམས་སུ་བསྟར་བའི་རྟེན་བྱང་ཆུབ་ཀྱི་སེམས་ཡང་དག་པར་བླང་སྟེ་ལྕེ་ཐོག་ཏུ་བཞག་པར་གྱུར། དབང་བསྐུར་རྡོ་རྗེ་སོགས་ཀྱི་མཐར། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འདི་སྟེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལྡན་པའི་རོར་རྟོགས་བྱེད། །བདེ་བ་གང་དེ་མྱོང་བར་བྱོས། །ཨོཾ་ཨཱཿཧཱུཾ། བདག་འཇུག་གི་སྐབས་སུ་དེ་ཙམ་གྱིས་ཆོག་ལ། རྒྱལ་བདེའི་དཀྱིལ་ཆོག་ནས། བྱང་ཆུབ་ཀྱི་སེམས། བསྒྲུབས་ཟིན་ནས་སློབ་པ་ལ་སྦྱིན་པའི་བར་དུ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཞེས་སོགས་ཤིས་བརྗོད་བྱེད་གསུངས་ཏེ། ཤིས་བརྗོད་དེ་ལྟར་བྱེད་ན་ལུགས་གསུམ་ཡོད་དེ། གསང་དབང་གི་མིག་དར་བཅིངས་མ་ཐག་ཏུ། དབང་ལྷ་སྤྱན་དྲངས་ཤིས་བརྗོད་བྱེད། སྤྲོ་ན་ཆུ་དབང་བསྐུར་བ་ནི་ལུགས་གཅིག་དང༌། གསང་དབང་དངོས་བསྐུར་གྲུབ་མཚམས་སུ་ཤིས་བརྗོད་སྔོན་དུ་འགྲོ་བས། བྱང་ཆུབ་ཀྱི་སེམས་དང༌། བུམ་ཆུ་བསྲེས་ཏེ་དབང་བསྐུར་བ་ནི་ལུགས་གཉིས་པ་དང༌།


TNT07_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ནམ་མཁར་སྤྱན་དྲངས་པའི་ཤིས་བརྗོད་སྔོན་དུ་སོང་ནས། ཆགས་ལ་འདོད་ཆགས་བདག་ཉིད་སྦྱོར། །ཞེས་སོགས་ཆེད་དུ་བརྗོད་པ་དང་ལྷན་ཅིག་ཞུ་བར་བྱེད་པ་ནི་གསུམ་པ་ཡིན་ནོ། །འདི་གསུམ་གང་དང་ཡང་མི་མཐུན་པར། བྱང་ཆུབ་ཀྱི་སེམས་སྒྲུབས་ཟིན་པའི་རྗེས་ལ་བྱེད་པ་ཙམ་ལ་ནི། ཁུངས་མེད་ཅིང་རིག་པས་ཀྱང་མི་འཐད་པའོ། །ཨོཾ་ཨཱཿཧཱུཾ། མིག་དར་བསལ། གང་དེ་དགའ་བའི་རང་བཞིན་སྙིང་ལ་བདེ་བྱེད་དེ་ཡང་བཏགས་པ་ཙམ། །གང་ཡང་ཆགས་བྲལ་ཡང་ནི་རྒྱུའམ་གཉིས་ཀ་སྲིད་པའི་རྩེ་མོའི་རྒྱུ། །ཇི་སྲིད་རྒྱ་ལ་ཡིད་ཀྱི་རྣམ་པར་རྟོག་པ་འཕྲོ་བ་སྤངས་པའི་གཟུགས། །དེ་སྲིད་མྱ་ངན་འདས་པ་གཞན་ལ་ཡོད་མིན་ཡུལ་ནི་རྟོགས་པའི་བདག །འདི་ནི་དེ་ཉིད་མི་ཤེས་པའི། །སློབ་མ་རྣམས་ལ་བཤད་མི་བྱ། །བློ་ལྡན་རྟོག་པ་མེད་པ་ལ། །ཤིན་ཏུ་གསང་བ་འདི་ནི་སྦྱིན། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ལམ་རང་ལུས་ཐབས་ལྡན་གྱི་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༌། དམ་ཚིག་ཏུ་བཟའ་བ་རྣམས་ཀྱི་སྦས་དོན་ལ་སྤྱོད། འབྲས་བུ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། །དེ་ནས་སློབ་མས་སློབ་དཔོན་དང་དཀྱིལ་འཁོར་ལ་མཆོད་པར་མོས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བརྗོད་པར་ཡང་འདོད་དེ། །འགལ་བ་ནི་མེད་དོ། ཤེར་དབང་གི་མཎྜལ་ཕུལ། བདག་མིང་རྡོ་


TNT07_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེ་གེ་མོ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །སློབ་དཔོན་ཞབས་ཀྱི་ཆུ་སྐྱེས་ལ། །དབང་བསྐུར་དོན་དུ་གསོལ་བ་འདེབས། །སློབ་དཔོན་གོ་འཕང་ཆེ་རང་བཞིན། །སྐལ་པ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །བརྟུལ་ཞུགས་མཆོག་ནི་ཁྱོད་དྲིན་གྱིས། །བདག་ལ་ངེས་པར་སྩལ་ནས་ཀྱང༌། །དེས་ནི་སེམས་ཅན་དཔག་མེད་དོན། །ཇི་ལྟར་འདུལ་བཞིན་བདག་བགྱིད་དོ། །ལན་གསུམ། ཨོཾ་ཨཱཿཧཱུཾ། མིག་དར་བཅིངས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་ལ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བ་ཕཻཾ། ཨརྒྷཾ། ནས་ཤཔྟའི་བར་གྱིས་མཆོད། ཕུན་སུམ་ཚོགས་པ་མངའ་བ། །ཞེས་སོགས་བཀྲ་ཤིས་བརྗོད། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་སྟྭཾ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་ཌི་ཌྷོ་མེ་བྷ་ཝ། སིདྡྷྱ་ན་མ་སྟེ་བྷ་ག་བཱན་བཛྲ་དྷ་ར་སུ་ར་ཏ་སྟྭཾ་ཨ་ཧཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུཾ། བཛྲ་ཨ་བྷི་ཥིཉྩ། ཞེས་བུམ་པའི་ཆུས་དབང་བསྐུར། གཟུངས་མ་ཡིད་འོངས་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡི། །བདེ་བ་དམ་པ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་འདི་དག་པ་ཡིན། །


TNT07_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་འདི་དང་བྲལ་བར་ནི། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་རིག་མ་གཏད། དཔའ་བོ་བྱང་ཆུབ་སེམས་བཟའ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་བྱུང་བ་ཡི། །རིག་མ་མཆོད་པར་རྟག་གུས་སམ། །བཤང་བ་གཅི་བ་སྟོབ་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་བདེ་བར་བུ་སྨྲོས་ཤིག །ཅེས་དྲིས་པ་ལ།དེ་ལ་སོགས་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྟག་གུས་ཅིས་མ་བགྱིད། །བྷ་ག་ཉིད་ལ་ཙུམ་པ་ནི། །ཞེས་ལན་བཏབ། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །མོ་ཀྵ་ཧོ། བདག་དང་རིག་མ་མི་དམིགས་ཏེ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་མཁའ་འགྲོ་རྒྱ་མཚོ་འབྱུང་བ་དཔལ་ཧེ་རུ་ཀ འཁོར་ལོ་བདེ་མཆོག་ལ་ཡུམ་རྡོ་རྗེ་ཕག་མོས་ཡང་དག་པར་འཁྱུད་པའི་སྐུ་ཅན་དུ་གྱུར། ཡབ་ཀྱི་གསང་གནས༴ ཞེས་པ་ནས། ཡབ་ཡུམ་རྗེས་སུ་


TNT07_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པས་སྙོམས་པར་ཞུགས་པར་གྱུར། རྗེས་ཆགས་ཀྱི་མེས་བདུན་ཁྲི་ཉིས་སྟོང་གི་རྩའི་ཚོགས་པ་བྱང་ཆུབ་ཀྱི་སེམས་རྣམས་བདེ་བ་ཆེན་པོའི་གནས་སྤྱི་བོར་འདུས། དེ་ལས་བྱང་ཆུབ་ཀྱི་སེམས་མགྲིན་པར་བྱོན་པ་དགའ་བ། སྙིང་གར་བྱོན་པ་མཆོག་ཏུ་དགའ་བ། ལྟེ་བར་བྱོན་པས་དགའ་བྲལ་གྱི་དགའ་བ། གསང་བར་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ། དེ་རྗེས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པར་གྱུར། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །འདི་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་དག་གི་སེམས། །ནོར་བུའི་ནང་དུ་སོན་ལྟ་བས། །ནོར་བུའི་གནས་དེ་ཉིད་དུ་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ། སླར་ཡང་རྣལ་འབྱོར་གྱི་སྟོབས་ཀྱིས། ལུགས་ཟློག་གི་དགའ་བ་བཞིའི་རིམ་པས། མས་བརྟན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གཉིས་སུ་མེད་པ་མངོན་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུཾ། མིག་དར་ཕྱེ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ལམ་གཞན་ལུས་ཤེས་རབ་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང། དམ་ཚིག་ཏུ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྒྲུབ། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགས་པའོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཤློ་ཀ་གཉིས་ཀྱིས་གསོལ་བ་བཏབ། རྟོགས་


TNT07_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་བཞི་པ་ནི། ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་ཡིན་ལ། དེ་ཉིད་གང་གི་རྟོགས་པའི་ཤེས་པ་དེ་ཡང་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་ནོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྟེར་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེ་ལྟར་ན་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག ལམ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་པའོ། །ད་ནི་དབང་གི་མཐའ་རྟེན་རྣམས་བཤད་དེ། སློབ་མ་ལ་དབང་བཞི་པོ་ཇི་ཙམ་བསྐུར་བ། དེའི་མཐར་འདི་རྣམས་བྱེད་པ་ཡིན་མོད་ཀྱང༌། དབང་བཞི་ཀ་སྡེབས་གཅིག་ལ་བྱེད་ན། སྐབས་འདིའམ་བུམ་དབང་གི་མཐར་བྱེད་པ་གཙོ་ཆེ་སྟེ། གཉིས་པོ་གང་བྱས་ཀྱང་འདྲའོ། །དེ་ཡང་འདི་ལྟར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །སྲིད་པའི་མཚོ་ལས་མངོན་པར་རྒལ། །ཆོས་རྣམས་གཟུགས་བརྙན་ལྟ་བུར་ནི། །སེམས་ཅན་ཀུན་ལ་བསྟན་པར་བགྱི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྲ་ཡི་རྗེས་སུ་འགྲོ་བ་ཡི། །ཤེས་རབ་མངོན་དུ་རྟོགས་གྱུར་ཅིག །གང་གི་འཇིག་རྟེན་ཐམས་ཅད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་ཏུ་སྒྲ་བསྙན་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་གཤེགས་


TNT07_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི། །སྐྱེ་མེད་ལྷག་པར་རྟོགས་གྱུར་ཅིག །གང་གི་སངས་རྒྱས་གང་ཀུན་དང༌། །འཇིག་རྟེན་པ་ཡི་ཁམས་ཀུན་དུ། །བླ་མེད་བསམ་མི་ཁྱབ་པའི་དྲི། །རང་གི་ལུས་ལས་སྤྲོ་བར་བྱ། །རོ་ཀུན་གཅིག་གི་རྣམ་པར་ནི། །རང་བཞིན་མེད་པའི་གཟུགས་ཀྱི་སུ། །ལྷག་པ་རུ་ནི་རྟོགས་གྱུར་ཅིག །གང་གི་སངས་རྒྱས་བྱང་སེམས་དང༌། །སྲོག་ཆགས་གྱུར་པ་ཐམས་ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག །སྤྲུལ་ནས་སུ་ནི་སྦྱིན་པར་བྱོས། །རེག་བྱས་རྗེས་སུ་མ་གོས་པར། ཁྱོད་ཀྱིས་ལྷག་པར་རྟོགས་གྱུར་ཅིག །གང་གི་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ལས་བྱུང་ཞེས་པ། །ལྷག་པར་མོས་བྱས་སྣ་ཚོགས་པའི། །བླ་མེད་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ནི་ཡོངས་གྱུར་པའི། །ལྷ་རྣམས་དག་ནི་ཐམས་ཅད་དང༌། །དེ་བཞིན་གཤེགས་པ་ཀུན་དང་ཡང༌། །བྱང་ཆུབ་སེམས་དཔའ་སོགས་ཀུན་ལ། །ཡང་དག་སྦྱོར་བ་རེག་བྱའི་བདེ། །ངེས་པར་སྦྱར་བར་བྱ་བ་ཡིན། །ལྷ་མཆོད་པའི་རྗེས་གནང་ངོ༌། །ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲི་ཊྲཾ། མིག་ཐུར་རོ། །ཨ་ཨ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས། འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །མེ་ལོང་ངོ༌། ཨོཾ་སརྦ་ཏ་ཐཱ་ག་ཏ་


TNT07_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་ར་ག་ཡ་ཧོ། ཨོཾ་ནས། རྭ་ག་ཡ་མ། མདའ་གཞུའོ། །ཧཱུཾ་རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཞིང་དྭངས་ལ་རྙོགས་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་སེམས་ནི་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག །མེ་ལོང་གཉིས་པའོ། །ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷཎྜེ་ཨཱཿ ཨ་ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་དམ་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་བཤད་དོ། །ཤེས་རབ་ཐབས་ཀྱི་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དོགས་པ་མེད་བྱས་ནས། །འདོད་པ་ལྔ་ལ་ལོངས་སྤྱོད་བྱ། །ངོ་བོ་ཉིད་ཀྱི་སེམས་ཅན་དོན། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །ཆགས་སོགས་དག་པས་སྒྲུབ་པར་གྱིས། །གང་གཞན་དམ་ཚིག་ལ་སྡང་བ། །སྐྱེ་བོ་དམ་ཚིག་ཉམས་པ་དག །སངས་རྒྱས་བསྟན་པ་སྐྱོང་བ་ཡི། །འབད་པ་ཡིས་ནི་བསད་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་རྣལ་འབྱོར་སྦྱོར་


TNT07_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །ཕ་རོལ་ནོར་ནི་ཕྲོགས་གྱུར་ཀྱང༌། །སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་ལྟ་བུའི་བདེ་བ་མེད། །སྐྱེ་བོ་རྣམས་ལ་དེ་རྟག་སྦྱིན། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །སངས་རྒྱས་ལ་སོགས་སྨོད་པ་ལ། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་གྱིས། །ཚིག་རྩུབ་སྦྱོར་བ་བྱས་ན་ནི། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །འོད་དཔག་མེད་པའི་རྫུན་ཚིག་སྨྲ། །དོན་ཡོད་གྲུབ་པའི་ཏིང་འཛིན་མཆོག །རྒྱུད་གསུངས་ཆོ་གས་བློ་ལྡན་ཀུན། །དམ་ཚིག་དག་པ་བརྟན་པར་བྱ། །ཆོས་རྣམས་ཀུན་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་དག །ཉམས་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ངོ༌། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། དཀྱིལ་ཆོག་ལས། དེ་བཞིན་གཤེགས་པ་རྒྱལ་བ་རྒྱལ། །ཀུན་གྱི་བདག་པོ་ཞེས་བྱ་བའི། །རྡོ་རྗེ་འཁོར་ལོ་ཁྱོད་ཀྱི་བསྐོར། །ཞེས་བརྗོད་པར་ཡང་འདོད་དོ། །དེ་ལྟར་ན་རྒྱལ་བ་རྒྱལ་ཞེས་པའི་ཐད་དུ། རཏྣ་དྷྲི་ག་དང༌། ཨ་རོ་ལི་ཀ་དང༌། པྲ་ཛྙཱ་དྷྲི་ག་དང༌། བཛྲ་དྷྲི་ག་རྣམས་འདོན་པ་སྤོ་བར་ཡང་


TNT07_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འོན་ཀྱང་འདི་ནི་སྔགས་ཅིག་གི་གུང་ནས་དུམ་བུར་བསྒྱུར་བར་མངོན་ནོ། །རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་གནང་ངོ༌། །དེ་ནས་འགྲུབ་ན་རྩ་སྔགས་ལན་གསུམ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་ཉིད་ཀྱི་རྒྱུད་ལ་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག །དེ་ལྟར་ན་སྔགས་ཀྱི་རྗེས་གནང་སྟེ། དེ་དག་ནི་རྗེས་གནང་ངོ༌། །དབང་རྫས་རྡོ་རྗེ་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ་དང་པདྨ། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ། གྲི་གུག་དང་ཐོད་པ་འཛིན་པ་ནས་མཉམ་པར་སྦྱོར་བ་དཔྲལ་པར་ཨོཾ༴ ནས། ཧཱུཾ། ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པར་གྱུར། རང་གི་སྙིང་གར་ཡང་རྡོ་རྗེ་སེམས་དཔའ། འདི་སྟེ་སངས་རྒྱས་ཐམས་ཅད་


TNT07_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཀ་ཏྭཱ། དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེའི་བརྟུལ་ཞུགས་སོ། །བདག་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་ཞལ་ཕྱག་རྒྱན་གོས་མཚོན་ཆ་ཐམས་ཅད་རྫོགས་པར་གྱུར། ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཨ་ལས་བྱུང་བའི་ཐོད་པ། ཨོཾ་ལས་བྱུང་བའི་ཚངས་པའི་སྐུད་པ་རྣམས་སུ་གྱུར། ཡབ་ཡུམ་གྱི་སྙིང་པོ་ཚར་བཞི། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་སྣོད། །བྱིན་པ་དཔའ་བོས་བཟུང་བར་གྱིས། ཁ་ཊྭཱཾ་ག་དང་ཌ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་དག ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །སྤྱོད་པའི་བརྟུལ་ཞུགས་སོ། །སྔགས་ཀྱི་རྗེས་གནང་དང༌། བརྟུལ་ཞུགས་རྣམ་པ་གཉིས་པོ་འདི། །མིང་དབང་དང༌། སློབ་དཔོན་གྱི་བར་དུ་བྱས་ཀྱང་ལེགས་སོ། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། བདག་གིས་ཁྱོད་ནི་ལུང་བསྟན་ནོ། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་སརྦ་


TNT07_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ཏ་ག་སིདྡྷྱ་ས་མ་ཡ་སྟྭཾ། བྷཱུརྦྷུ་ཝ་སྭ། གང་ཡང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཅུག་པ་དང་ནི་མཐོང་བས་ཀྱང༌། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་ཡིན་ཏེ། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་སྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་སྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པ་མི་བྱའོ། །རང་གིས་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བ་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་དོར་མི་བྱ། །སློབ་དཔོན་སྨད་


TNT07_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཚུངས་པས། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང༌། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང༌། །བགེགས་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་དམྱལ་བར་ལྷུང་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་ལ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་སྲུངས། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེང་ཁྱེད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་གནས་པས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །གནས་པར་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །དེ་རིང་ཚེ་ལྡན་དེ་དབང་བསྐུར། ཁམས་གསུམ་གྱི་ནི་


TNT07_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་ཡིན། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་ཀྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བསྟེན་པར་འགྱུར། །དེ་ནས་སྤྱི་བོར་གདུགས་བཟུང་བསྐོར་བ་བྱས་པར་མོས་ལ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་དང༌། སྔགས་དང་རྒྱུད་རྣམས་འཛིན་གྱུར་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །ཅེས་སློབ་དཔོན་གྱི་གནས་ལ་དབུགས་ཕྱུང༌། དཀྱིལ་འཁོར་ཀུན་གྱིས་ཡོངས་སུ་བསྐོར་བ་ཡི། །མངའ་བདག་སྐུ་མདོག་སྔོན་པོ་རྒྱལ་གྱུར་ཅིག །དམར་བས་ཇི་ལྟར་མཛེས་བྱས་རྒྱལ་གྱུར་ཅིག །དམ་ཚིག་གིས་


TNT07_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་མཛེས་པ་རྒྱལ་གྱུར་ཅིག །ཟླ་ཕྱེད་མགོ་བོར་བརྒྱན་པ་རྒྱལ་གྱུར་ཅིག །ལྷ་མོའི་འཁོར་གྱིས་བརྒྱན་པ་རྒྱལ་གྱུར་ཅིག །ཨེ་མ་ཧོ། དང་པོའི་སངས་རྒྱས་དོན་དམ་སྐུ་ཅན་རྒྱལ། །ཆོས་འདོད་ནོར་དང་ཐར་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་ལྡན་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་མེ་ཏོག་གཏོར། གཙོ་བོས་ཇི་ལྟར༴ སོགས་གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཞེས་སོགས། དམ་ཚིག་གསུམ་གྱི་གླུ་བདེན་སྟོབས་བརྗོད་པ་དང་བཅས་པ་སྤྱི་དང་མཐུན་པར་བརྗོད། རྗེས་ཆོག་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། མཆོད་ཡོན་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་རྣམས་སྔགས་དང་ཕྱག་རྒྱའི་འབུལ། རྩ་སྔགས་གཉིས་སམ། སྙིང་པོ་གཉིས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། རྐང་བརྒྱད་གཉིས་དང༌། རྐང་པ་བཞི་བཅུ་རྩ་བརྒྱད་པས་བསྟོད། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས། བདག་ཅག་རྣམས་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༴ ནས། བྱིན་གྱིས་རློབས་ཀྱི༴ བར། དངོས་གྲུབ་བླང༌། ཡིག་བརྒྱ་བཟླས། མ་འབྱོར༴ སོགས་དང༌། མ་རྙེད༴ སོགས། བཟོད་པར་གསོལ། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག༴ སོགས་དང༌། རྟེན་རྣམས་ལ་བརྟན་བཞུགས་བྱ། སྒྲུབ་མཆོད་ཞག་སྦྲེལ་བྱེད་ན། ཉི་


TNT07_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྔ་མ་རྣམས་ལ། རྡུལ་མཚོན་གྱི་དཀྱིལ་འཁོར་ལ་ཡང་བརྟན་བཞུགས་བྱ། ཉི་མ་ཐ་མ་ལ་རྡུལ་མཚོན་གཤེགས་སུ་གསོལ་བ་སོགས་སྤྱི་དང་འདྲ་སྟེ། བདེ་བ་ཆེན་པོའི་ཆར་ཡང་དུ་བལྟའོ། །སྒྲུབ་མཆོད་ཞག་སྦྲེལ་བྱེད་པའི་ཉི་མ་ཕྱི་མ་རྣམས་ལ། མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པའི་དམ་ཚིག་གི་སྐབས། འཁོར་ལོ་བཅུ་གཉིས་ཀྱི་ལྷ་ཚོགས་རྣམས་ཀྱི་གོ་འཕང་ལ་བཀོད་སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ༴ ཞེས་སྦྲེལ། རང་གི་སྙིང་གའི་ཧཱུཾ་ཡིག་ལས༴ ཞེས་པ་ནས། ཡོ་ག་ཤུདྡྷའི་བར་སྟ་གོན་དང་བསྲེ་བ་དེ་བོར་བ་ཙམ་གྱིས་ཆོག་གོ །སློབ་མ་སྟ་གོན་གྱི་བྱ་བ་ནི། དཔལ་མཁའ་འགྲོའི་དབང་ཆོག་གི་ཐོ་ཡིག་གོ་དོན་དཔྱད་པ་དང་བཅས་པ་ཞིག་བྲིས་ཟིན་པར་ཤེས་ལ་ཆོ་ག་མ་འདུས་པ་རྣམས་ནི། གསང་བ་སྤྱིའི་ཆོ་ག་འཕྲེང་བ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་བཤད་པ་འདི་ནི་ཚད་ལྡན་གྱི་གཞུང་རྣམས་ཀྱི་རྒྱ་ལས་མ་འདས་པ་ཡང་ཡིན་ལ། དེང་སང་བརྒྱུད་པའི་རིམ་པ་རྒྱལ་བའི་སྡེ་ལ་འདེད་པར་སྣང་བས། དེའི་གཞུང་གི་ལེགས་པའི་ཆ་རྣམས་མ་བོར་བར་བླངས་པའང་ཡིན་ནོ།། །།འདིར་སྨྲས་པ། རྨད་བྱུང་རྒྱུད་ཀྱི་རྒྱལ་པོ་བླ་མེད་འདིའི། །དབང་བསྐུར་ཉེ་བརྒྱུད་བྱིན་རླབས་ཚན་ཀ་ཅན། །གཞན་ལ་མ་ལྟོས་རང་ལ་ཡོད་པའི་ཕྱིར། །རྒྱལ་སྡེ་སོགས་ལ་བརྟེན་དགོས་ནམ་ཡང་མེད། །འོན་ཀྱང་ད་ལྟའི་འགྲོ་ཀུན་རྟོག་པས་བཅིངས། །སྐུར་པ་སྤོང་ཕྱིར་རང་བརྒྱུད་ཚོལ་བར་མཛད། །སྐྱེ་བོ་རྣམས་


TNT07_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བློ་ངོར་འདི་ཙམ་བསྒྲིགས། །ཟབ་དོན་གཞན་དུ་འཆད་འགྱུར་གསང་བ་ཆེ། །འདི་ཙམ་བྱས་པའི་དགེ་བས་ཀྱང༌། །འགྲོ་ཀུན་ཧེ་རུ་ཀ་ཐོབ་ཤོག །བདག་འདྲ་འཁོར་བར་གནས་ཀྱང་བླ། །མིག་འཕྲུལ་ལྟ་བུར་གཞན་དོན་བྱ། །ཞེས་པ་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་རྒྱ་མཚོ་ལས་བྱུང་བའི། །རྩ་བའི་དཀྱིལ་འཁོར་གྱི་བདག་འཇུག་འཁྱེར་བདེ་བ་གསང་བའི་སྙིང་པོ་འདི་ཡང༌། རྒྱལ་ཁམས་པ་ཏྭ་ར་ནཱ་ཐའི་བློ་གྲོས་ཀྱི་ཟེར་མ་ཙམ་མོ། །མངྒལཾ།། །།ལེགས་བཞེངས་དགེབས་བདག་ཅག་གིས། །འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བསྟན་རིན་ཆེན་གུས་བཀུར་ཏེ། །སྒོ་གང་ཐད་ནས་རྟག་འཛིན་ཤོག ཅེས་པ་འང་ཆོས་གྲོགས་ལ་མཁོ་ཕྱིར་རིགས་སྨྲས་པའོ། །


TNT07_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བདག་འཇུག་གསང་བའི་སྙིང་པོ།next