Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ།
   
   
   
   
   
   
   


 
previousའཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ།next

འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ།


TNT07_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་བཞུགས།


TNT07_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག །དཔལ་ལྡན་ཕྱོགས་ཀུན་དགེ་ལེགས་སྦྱིན་མཛད་པ། །མཁའ་དབྱིངས་རབ་གང་རྒྱལ་བ་སྲས་བཅས་དང༌། །བླ་མ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས། །ཤིན་ཏུ་དགེས་པའི་སྤྱན་ནི་རབ་ཕྱེ་ནས། ཁ་ཅིག་མེ་ཏོག་ཆར་འབེབས་རྔ་ཆེན་བརྡུང༌། །གཞན་དག་བཀྲ་ཤིས་གླུ་ལེན་མཆོད་པ་བྱེད། ཁྲོ་བོ་ལྷ་མོར་བཅས་པས་བར་ཆད་བསྲུང༌། ཁྱེད་ལ་གནས་འདིར་རྟག་ཏུ་དགེ་ལེགས་སྩོལ། །དཔལ་ལྡན་རྡོ་རྗེ་ཐེག་པའི་ལམ་བཟང་མཆོག་གིས་འགྲོ་བ་སྨིན་ཞིང་གྲོལ་བར་མཛད་པ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་འཁོར་ལོའི་མགོན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་རྩ་བརྒྱུད་བླ་མ་དམ་པ་རྣམས་ལ་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས། སྐལ་པ་དང་ལྡན་པ་གང་དག་འདིར་


TNT07_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག །རྒྱལ་བ་དབང་ཕྱུག་བརྒྱད་ལྡན་འཁོར་ལོ་སྡོམ། རྣལ་འབྱོར་མ་དཔལ་གསང་བའི་བདག་པོ་དང༌། །ས་ར་ཧ་དང་ཀླུ་སྒྲུབ་ཤཱ་བཱ་རི། །ལཱུ་ཡི་པ་དང་ད་རི་ཌེངྒེ་པ། །རྡོ་རྗེ་དྲིལ་བུ་པ་དང་རུས་སྦལ་ཞབས། །ཛཱ་ལནྡྷ་ར་ནག་པོ་སྤྱོད་པ་དང༌། །གུ་ཧྱ་རྣམ་རྒྱལ་ཞབས་དང་ཏིལླི་པ། །ནཱ་རོ་པ་སོགས་བླ་མ་དམ་པ་ལ། །བྱིན་རླབས་དགེ་ལེགས་མཚན་མ་ཅི་མངའ་བས། །བླ་མ་དམ་པའི་རྣམ་ཐར་ཇི་ལྟ་བ། །འཛིན་ཞིང་རིམ་གཉིས་ལམ་གྱིས་མཆོག་གྲུབ་ནས། །གསང་སྔགས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཐར་པ་ཆེན་པོ་གཞལ་ཡས་ཁང་གི་སྙིང་པོའི་སྣ་ཚོགས་པདྨའི་ལྟེ་བར་


TNT07_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མོར་བྱེད་པ་ལ། འཇིགས་བྱེད་དང་དུས་མཚན་གྱི་གདན་ལ། མཆོག་ཏུ་མཛེས་པའི་མཚན་དང་དཔེ་བྱད་རབ་ཏུ་འབར་བ་ཨིནྡྲ་ནཱི་ལིའི་ལྷུན་པོ་ལ་ཉིན་མོར་བྱེད་པའི་འོད་ཟེར་འབུམ་གྱིས་འཁྱུད་པ་ལྟ་བུ་དབང་ཕྱུག་བརྒྱད་དང་ཡོན་ཏན་བརྒྱད་དང་ཡན་ལག་བདུན་དང་རོ་མྱང་བརྒྱད་ལ་སོགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས་སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེ་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག ། བདེ་བའི་མཆོག་གྱུར་ཧེ་རུ་ཀ་དཔལ་དང༌། །བདེ་སྟེར་ཤེས་རབ་མ་མཆོག་རྣལ་འབྱོར་མ། །བདེ་སྟོང་དཔྱིད་ཐིག་ཟུང་འཇུག་སྦྱོར་བའི་མཆོག །བདེ་ཆེན་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་རབ་དང་མཆོག་ཏུ་གྱུར་པ། རྣལ་འབྱོར་མའི་རྒྱུད་བྱེ་བ་ཕྲག་བཅུ་དྲུག་གི་


TNT07_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་གྲུབ་པའི་རྟོག་པ་རྨད་དུ་བྱུང་བ། དཔའ་བོ་ཆེན་པོ་བཀླགས་པས་འགྲུབ་པ། ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ་གདོད་ནས་གྲུབ་བརྒྱུད་ཐམས་ཅད་ཀྱི་བླ་མ། དཔལ་ཧེ་རུ་ཀ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་དང༌། ཡན་ལག་གི་རྒྱུད་དང་བཅས་པ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས། སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག །བདེ་བ་ཆེ་མཆོག་རབ་འབྱམས་རྟོགས་པ་དང༌། །དབང་དང་རིམ་གཉིས་མཐའ་ཡས་རབ་སྟོན་པ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་ནི། །དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་སྡེ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །རབ་འབྱམས་ནམ་མཁའི་མཐའ་ཀླས་པར་སྒྲུབ་པ་པོ་ལ་དངོས་སྒྲུབ་རྩོལ་ཞིང་གཙོ་བོ་ཉིད་དང་ཐུགས་ཀྱི་ཡེ་ཤེས་མི་གཉིས་པ། དཔའ་བོ་ཆེན་པོ་གཟུགས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་འདུ་ཤེས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་འདུ་བྱེད་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་རྣམ་ཤེས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་མིག་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་དང༌།


TNT07_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཆེན་པོ་སྣ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ལྕེ་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་ལུས་རྡོ་རྗེ་དང༌། དཔའ་བོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་དང༌། རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་དང༌། རྣལ་འབྱོར་མ་ཆེན་མོ་གསོད་བྱེད་མ་དང༌། རྣལ་འབྱོར་མ་ཆེན་མོ་འགུགས་བྱེད་མ་དང༌། རྣལ་འབྱོར་མ་ཆེན་མོ་པདྨ་གར་གྱི་དབང་ཕྱུག་མ་དང༌། རྣལ་འབྱོར་མ་ཆེན་པོ་པདྨ་དྲ་བ་ཅན་དང༌། གཞན་ཡང་རབ་འབྱམས་ཞིང་ཀུན་གྱི་རྡུལ་སྙེད་དང་མཉམ་པའི་ཡུམ་བཞི་དང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་དང༌། མ་མོ་རྣམས་དང༌། གོ་ཆའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་གནས་པ་ཐམས་ཅད་ཀྱང་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་མཛེས་པའི་གར་སྣ་ཚོགས་པ་བྱེད་ཅིང༌། རང་གི་དམ་ཚིག་དང་འཁྱུད་པ་དང་ཙུམ་པ་སོགས་སྙིང་རྗེ་ཆེན་པོའི་ཉམས་ཡོངས་སུ་རྫོགས་པར་མཛད་ཅིང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྩ་དང༌། ཁམས་དང༌། རླུང་བྱིན་གྱིས་རླབས་ནས། ལམ་གྱི་གྲོགས་མཛད་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས་སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱིས་དཔལ་ལ་གནས་པའི་ལྷག་པར་སྐྱོང་བར་གྱུར་ཅིག ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབས་པའི་ལྷ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་ལྷ་རྣམས་དང༌། །བགེགས་ཀུན་འཇོམས་ཤིང་ཏིང་འཛིན་དམ་པ་ལས། །གཡོ་བ་མེད་མཛད་གོ་ཆའི་ལྷ་རྣམས་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་


TNT07_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣ་ཚོགས་པདྨའི་འདབ་མ་ལ། །རིགས་ཀྱྀ་ཡུམ་བཞི་དཔའ་བོའི་ཕྱོགས་བཞིའི་ཞལ་ལ་གཟིགས། །པདྨའི་མུ་ཁྱུད་གྲི་གུག་ཕྲེང་བས་རྣམ་པར་མཛེས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །དམ་ཚིག་ཅན་འདུས་བརྩེ་བའི་རྗེས་བཟུང་ནས། །ཡོན་ཏན་མ་ལུས་སྐྱེད་པའི་གྲོགས་མཛད་མ། །བསམ་པ་ཙམ་གྱིས་བདེ་སྟེར་ཡུལ་བཞི་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙན་དན་དྲི་ཆེན་གུར་གུམ་ཆུས། །གང་བའི་སྣོད་བཞིས་དཔའ་བོའི་ཞལ་ལ་རེག་པར་སྤྱོད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཡེ་ཤེས་བདུད་རྩི་ལྔ་ཡིས་རྣམ་གང་བ། །ཐབས་ཀྱི་རང་བཞིན་རྡོ་རྗེ་དམ་ཚིག་སྣོད། །རབ་ཏུ་བསྟེན་ན་ཡེ་ཤེས་ལུས་སུ་འགྱུར། །བྱང་སེམས་འཕེལ་བའི་དངོས་གྲུབ་སྦྱིན་རྣམས་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་


TNT07_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེའི་ཕྲེང༌། །གནས་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཐུགས་ཀྱི་རིགས་གྱུར་ཕོ་ཉ་གསུམ་འདུས་ལས། །འོད་གསལ་དགའ་སྟོན་སྦྱིན་མཛད་ནམ་མཁའ་སྤྱོད། །གནས་དང་ཉེ་གནས་དཔའ་བོ་ལྷ་མོ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་སྟེང་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པདྨའི་འཕྲེང༌། །ཞིང་ལ་སོགས་པར་དཔའ་བོ་དཔའ་མོར་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །གསུང་གི་རིགས་གྱུར་ཕོ་ཉ་གསུམ་འདུས་ལས། །འོད་གསལ་དགའ་སྟོན་སྦྱིན་མཛད་ས་སྟེང་སྤྱོད། །ཞིང་དང་འདུན་རྟོག་ཉེ་བར་བཅས་པ་ཡི། །དཔའ་བོ་ལྷ་མོར་དགེ་ལེགས་ཅི་མངའ་བས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་འོག་གནས་ན་ལེགས་སྤྱོད་པའི། །འཁོར་


TNT07_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་འཕྲེང༌། །འདུ་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །སྐུའི་རིགས་གྱུར་ཕོ་ཉ་གསུམ་འདུས་ལས། །འོད་གསལ་དགའ་སྟོན་སྦྱིན་མཛད་ས་འོག་སྤྱོད། །འདུ་དང་དུར་ཁྲོད་ཉེ་བར་བཅས་པ་ཡི། །དཔའ་བོ་ལྷ་མོར་དགེ་ལེགས་ཅི་མངའ་བས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་བཞི་མཚམས་རྣམས་སུ། ཁཱ་གདོང་ལ་སོགས་མ་མོ་ཡིད་འཕྲོག་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྟ་ཡི་རྒྱལ་པོའི་རིགས་མཆོག་ལས་ཀུན་དང༌། །དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ། །ལམ་གྱི་བར་གཅོད་གདུག་པ་ཐམས་ཅད་འདུལ། །རབ་སོང་གནས་བརྒྱད་ཕོ་ཉས་བདེ་སྟེར་མ། །རྡོ་རྗེ་མ་མོར་དགེ་ལེགས་ཅི་མངའ་བས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་བཞུགས་པའི་གནས་ཕུན་སུམ་ཚོགས་པ་དཀྱིལ་འཁོར་ཆེན་པོ་བཞི་ལ་གནས་པའི་རིའི་རྒྱལ་པོ་ལྷུན་པོ་རིན་པོ་ཆེ་


TNT07_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ལས་གྲུབ་པའི་སྟེང་ན་རྡོ་རྗེ་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཉི་མ་དང་ཟླ་བའི་འོད་ལྟར་འབར་བའི་དཔག་ཚད་བྱེ་བར་ཁྱབ་པ། དྲིལ་བུ་དཔྱངས་པའི་སྒྲ་ལས་ཡན་ལག་དགུ་དང་ལྡན་པ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་གཞོམ་དུ་མེད་པའི་དབྱངས་ལ་འཇུག་པའི་སྒྲ་སྒྲོག་པ། སྲུང་བའི་འཁོར་ལོས་བསྐོར་བའི་ཕྱིར་རོལ་སྣ་ཚོགས་པའི་ལྷ་དང༌། ཀླུ་དང༌། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། འབྱུང་པོ་རྣམས་དང་མཁའ་འགྲོ་དང༌། མཁའ་འགྲོ་ཕཻཾ་ཞེས་པ་དང༌། ཨ་ལ་ལའི་སྒྲ་སྒྲོགས་པ། དྲིལ་བུ་དང༌། ཅང་ཏེའུའི་སྒྲ་དང་མཆོད་རྫས་རྣམས་ཀྱིས་གང་བའི་མཆོག་ཏུ་རྨད་དུ་བྱུང་བ་ཆེན་པོ་དང་བཅས་པ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་པ་དེས། སྐལ་པ་དང་ལྡན་པ་གང་དག་འདིར་འཁོད་པ་རྣམས་གཙོ་བོར་གྱུར་པའི་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྲིད་པ་དང་ཞི་བའི་ཕུན་ཚོགས་ཀྱི་དཔལ་ལ་གནས་པས་ལྷག་པར་སྐྱོང་བར་གྱུར་ཅིག།བཀྲ་ཤིས་གང་ཞིག་དྲན་པ་ཉེར་བཞག་བཞི་རྣམས་དང༌། ཡང་དག་སྤོང་དང་རྫུ་འཕྲུལ་རྐང་པ་དབང་པོ་སོགས། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག ། བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་སྟེང༌། །འདོད་པའི་ཡོན་ཏན་ལྔས་ནི་རབ་ཏུ་བརྒྱན་གྱུར་ཅིག །མུ་ཏིག་ཉི་ཟླ་རིན་ཆེན་གསེར་གྱི་དྲིལ་བུ་དཔྱངས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་


TNT07_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་རྟ་བབས་པདྨ་འཁོར་ལོ་གདུགས། །རི་དྭགས་དང་བཅས་མཛེས་པའི་བ་དན་བཅུ་དྲུག་འཕྱར། །རླུང་གིས་བསྐྱོད་པའི་དྲིལ་བུ་ཆོས་ཀྱི་སྒྲ་སྒྲོགས་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཅུ་གཉིས་ས་ཡི་རང་བཞིན་འཁོར་ལོ་ལྔ། །རབ་ཡངས་ཕོ་བྲང་དམ་པ་གཞལ་མེད་ཁང༌། །རིན་ཆེན་རྒྱན་རྣམས་ཀུན་ལྡན་སྣང་བྱེད་གཙོ། །བཅོམ་ལྡན་རྟག་པའི་རྣམ་པར་འཕྲུལ་པ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡོངས་བསྐོར་དུར་ཁྲོད་བརྒྱན་རྣམས་སུ། ཕྱོགས་སྐྱོང་བརྒྱད་དང་ཤིང་ཆེན་བརྒྱད་ནི་གནས་པ་ལ། །གདོང་བརྙན་དང་ལྡན་ཞིང་སྐྱོང་བརྒྱད་ནི་གནས་གྱུར་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་བརྒྱད་རབ་འབར་ཞིང༌། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་བརྒྱད་ནི་འདུས་གྱུར་ལ། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད་ནི་གནས་གྱུར་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེའི་ཆུ་ཆེན་བརྒྱད་འབབ་ཅིང༌། །དཔའ་བོ་རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་ཀྱི་གང༌། །ཤ་ཟ་སྲིན་པོ་འབྱུང་པོའི་ཚོགས་ཀྱི་ཉེར་བསྟེན་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེའི་ས་གཞི་ར་བ་གུར། །


TNT07_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རེས་ཀུན་ནས་བྲིས་ཤིང་མདའ་ཡི་དྲ་བར་ལྡན། །ཡེ་ཤེས་མེ་དཔུང་འབར་བའི་ཀུན་ནས་ཡོངས་བསྐོར་བའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྣམ་ཤེས་བརྒྱད་ཀྱི་སྲིད་པ་སྤངས་པ་ལས། །དུར་ཁྲོད་བརྒྱད་པོ་ཉེར་སྤྱོད་ཡོངས་རྫོགས་པ། །དཀྱིལ་འཁོར་པ་ཀུན་མཆོད་ཅིང་ལས་ཀུན་སྒྲུབ། །སྒྲུབ་ལ་ཞི་རྒྱས་དབང་དང་དྲག་པོའི་ལས། །སྦྱིན་མཛད་དཔའ་བོ་མཁའ་འགྲོ་དཔག་ཡས་ཀྱིས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །མི་ཕྱེད་བསྲུང་བའི་འཁོར་ལོ་དམ་པ་ནི། །རྣམ་པར་ཐར་པ་བཞི་ཡི་བདག་ཉིད་ཅན། །བདུད་དཔུང་འཇོམས་པའི་ཡེ་ཤེས་མེ་ལྕེར་བཅས། །རྡོ་རྗེ་བསྲུང་འཁོར་རབ་ཏུ་བརྟན་པ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མངའ་བ་དེས། །མི་མཐུན་ཀུན་ཞི་ཕུན་ཚོགས་དཔལ་འབྱོར་རྒྱས། །ཆོས་ཀུན་ལྷན་སྐྱེས་རབ་འབྱམས་སྡོམ་པའི་མཆོག །རང་གཞན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །འདི་ལ་སྤྲོ་ན་རྫོགས་པ་འདི་བྱས་ལ། དེ་ནས་གཞན་ཡང་རྒྱལ་བའི་བཀའ་ལས་བྱུང་བའི་བཀྲ་ཤིས་ཞིག་གི་ཐོག་དྲངས་ཏེ་ཅི་རིགས་ཤིག་བྱའོ། །མི་སྤྲོ་ན་ཚིག་ལྷུག་རྣམས་བོར་ཏེ་ཚིགས་བཅད་ཁོ་ནས་ཀྱང་རུང་ངོ༌། །ཞེས་བྲམ་ཟེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས་དང་སྤེལ་མར་སྦྱར་བ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་འདི་ཡང༌། ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་ལ་སྣྲོན་གྱི་ཟླ་བའི་ཡར་ཚེས་བཅུ་བཞི་ལ་སྦྱར་བའོ།། །།ཞུས་དགབཀྲ་ཤིས།།


previousའཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོ།next