Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ།
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ།next

དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ།


TNT07_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས།


TNT07_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ། བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གྱ་གྱུས་མངོན་པར་བསྒྲོད་མཁས་གཟུང་འཛིན་མགྲོན། །དྷུ་ཏིའི་ལམ་དུ་ནམ་ཡང་བཅོམ་ལས་སླར། །ཕུང་ཁམས་ཚོགས་རྣམས་འོད་གསལ་འབར་བའི་སྤྲས། །དགའ་སྟོན་མཆོག་ཏུ་རོལ་ལ་ཡ་མཚན་དགྱེས། །འདི་སླད་བཅོམ་པའི་རིམ་པ་ལས། །ཡེ་ཤེས་འཁོར་ལོ་བསྲེག་བླུག་གིས། །ཚིམ་བྱེད་རིམ་པ་འདིར་སྤེལ་ཏེ། །ལས་རྣམས་ཐམས་ཅད་མཐར་འབྱིན་པའོ། །དེ་ལ་འདིར་ཞི་བའི་སྦྱིན་སྲེག་སྒྲུབ་པར་འདོད་པས། ཆོ་ག་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྔོན་འགྲོ་གཏོར་མ་བཏང༌། གནས་དང་མཆོད་པ་བྱིན་གྱིས་རླབས། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པའི་བར་བྱས་ལ། དཀྱིལ་འཁོར་བསྡུས་ནས། སྦྱིན་སྲེགས་གང་དུ་བྱ་བའི་ས་གཞིར་དཀྱིལ་ཆོག་ལྟར་སའི་ལྷ་མོ་སྟ་གོན་བྱ། དེ་ནས་སུམ་བྷ་བརྗོད་ཅིང་ནང་


TNT07_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ལག་པ་རྡོ་རྗེ་དང་བཅས་པས་དྲི་བཟང་གིས་ས་གཞི་ལ་བྱུག་ཅིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཉེར་གཅིག་ཡང་དབུས་སུ་རྡོ་རྗེ་དང་བཅས་པའི་ལག་པ་བཞག །ཨོཾ་བྷུ་ཁཾ་ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ཕུར་གདབ་བྱེད་ན། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་སྔོ། ཞེས་པ་ནས། བྱང་ཆུབ་མ་ཐོབ་གྱི་བར་དུ་བར་ཆད་བསྲུང་བར་གྱུར། ཞེས་མངོན་རྟོགས་བཞིན་ནོ། །དེར་ཚངས་ཐིག་དང༌། ཟུར་ཐིག་བཏབ་ལ། ལྟེ་བ་ནས་གཡས་གཡོན་དུ་མཐོ་གང་གང་གཞལ་བའི་སར་ཟླུམ་ཐིག་བསྐོར་བའི། ཁྲུ་གང་ཟླུམ་པོར་འགྱུར། ཡང་ཐབ་ཆུང་ངུར་བྱེད་ན། ཁྲུ་གང་བསྐོར་བའི། བསྐུམ་གྲུའི་ཚད་དུ་འགྱུར་བ་དང༌། སོར་བརྒྱད་བསྐོར་ཏེ་ཐབས་ཀྱི་ཕྱིའི་ཚད་ལ་གྲུ་གང་དུ་འགྱུར་རོ། །དེ་བཞིན་དུ་ཕྱིའི་ཚད་ལས་གཞན་པའི་ཐིག་མེད་པ་སྤྱི་དང་མཐུན་པའང་རུང་ངོ༌། །


TNT07_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་ཕྱིར་སླར་ཡང་ཁྲུ་ཕྱེ་བསྐོར་ཏེ། དེ་ལ་བསྐོར་ཐིག་རིམ་པ་གཉིས་ཀྱིས་གསུམ་གཏུབས་སུ་བཏང་བས། ནང་ནས་རིམ་པ་བཞིན་ཁ་ཁྱེར་དང༌། མུ་རན་དང་ལས་ཀྱི་ཁ་ཁྱེར་དང་གསུམ་དུ་འགྱུར་རོ། །ཐིག་ཕྱི་མ་དེ་ཉིད་ལ་རེག་པར་སྟེགས་བུ་གྲུ་བཞི་པའི་ཐིག་བཏབ་སྟེ། འདིའི་བྱ་རྗེས་ཟུར་ཐིག་གི་སྟེང་ནས་ལག་ལེན་བཞིན་བཙལ་བར་བྱའོ། །ཐབས་ཀྱིས་ནང་དུ་པདྨ་འདབ་བརྒྱད་ཀྱི་ཐིག་བཏབ། དེ་ནས་ཚོན་འགྱེད་ཅིང་མཚན་མ་འགོད་པར་བྱ་སྟེ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་ལ་ཇི་ལྟར་འོས་པའི་བཅད་ཀྱི་རི་མོ་བྱའོ། །པདྨའི་ལྟེ་བ་ལ་རྡོ་རྗེ་དང་གྲི་གུག་སྔོན་པོ་བྲིས། འདབ་མ་བཞི་ལ་ཁ་ཊྭཱཾ་ག་རེ་རེ་བྲིས་ཏེ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེས་མཚན་པ་དང༌། མཚམས་སུ་བུམ་ཐོད་བྲིས། མ་གྲུབ་ན་ཚོམ་བུ་བཀོད་ཀྱང་རུང༌། ཁ་ཁྱེར་ལ་པདྨ་དཀར་པོའི་འཕྲེང་བ། མུ་རན་ལ་གྲི་གུག་སྔོན་པོའི་ཕྲེང་བ། ལས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་སྔོན་པོའི་འཕྲེང་བ་སྟེགས་བུ་སེར་པོ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་བྲིའོ། །བྲིས་ཐབས་རྒྱས་འབྲིང་བསྡུས་གསུམ་འདི་ལས་འདི་ནི་བསྡུས་པའོ། །ཐབ་ཀྱི་ཟླུམ་བསྐོར་དང་མཐུན་པར་འོ་མ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་གླང་གི་ལྕི་བའི་མཐོ་གང་ཙམ་གྱི་དཔངས་ཟླུམ་པོར་བརྩིགས་པར་བྱའོ། །ཐབ་ཀྱི་ཤར་ལྷོ་མེ་ཚང་དང༌། ཕྱེ་མར་ཏིང་ལོ་གཅིག་བཅའ། ནང་བུད་ཤིང་གིས་ཁེངས་པར་བྱ། མཐར་མདའ་དྲ་དང་མེ་ལོང་ཕུར་བུ་ཚོན་སྐུད་རྣམས་བཅའ་བའི་ལག་ལེན་མཛད། དེ་རྣམས་མ་འགྲུབ་ཀྱང་མི་འགལ། དཀྱིལ་འཁོར་ལ་འབུལ་བ་ལྟར་ཕྱོགས་མཚམས་བརྒྱད་དུ་ཀུ་ཤ་བཀྲམ། ཤ་ཆང་གིས་བརྒྱན་པའི་གཏོར་མ་གསུམ་དང༌། ལྕེད་ལྡེ་དང༌། བསངས་ཆུའི་དུང་


TNT07_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུ་ཤའི་འཐོར་གཡབ་དང་བཅས་པ་དང༌། རྡོར་དྲིལ། ཅང་ཏེའུ། ནང་མཆོད། དུང་ཆོས་གཉིས། སྒྲུབ་པ་པོ་འཇིག་རྟེན་པའི་ཤར་དུ་བལྟས་པའི་ཐབ་ཀྱི་གཡས་སུ་མཆོད་པ་དང༌། གཡོན་དུ་བསྲེགས་རྫས་རྣམས་མདུན་ནས་འགོ་བརྩམས་ཏེ་རིམ་པས་བཤམ། ཡམ་ཤིང་འོ་མ་ཅན་གྱི་ཤིང་ལས་བྱུགས་པ། སྦོམ་སུ་མཐེའུ་ཆུང་ཙམ་སྲིད་དུ་སོར་བརྒྱད་ནས་གྲུ་གང་གི་བར་གང་ཡང་རུང་བ། སྦྲང་རྩི་དང་མར་གྱིས་བྱུག་པ། ཡལ་ག་དང་བཅས་པས་ཀྱང་རུང་སྟེ། ཡམ་ཤིང་དང༌། རྩི་བཅུད་ཀྱི་མར་ཁུ་ཡང་ལེགས་པར་འདུ་བྱ་ལ། བུམ་པ་བཅའ་ཞིང་སྒྲུབ་པ་འགྲུབ་ན་ངེས་པར་བྱ་བ་ཡིན་མོད་ཀྱི། བསྡུས་པ་ལ་མ་གྲུབ་ཀྱང་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ནས་སྔོན་འགྲོ་གཏོར་མ་དང་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་སྔོན་དུ་འགྲོ་བའི་བདག་བསྐྱེད་ཀྱི་རྣལ་འབྱོར་རྫོགས་པར་བསྒོམ། དཀྱིལ་འཁོར་ཉེ་བར་བསྡུས་ཏེ། བདག་ཉིད་ཕྱག་གཉིས་པའི་ང་རྒྱལ་དང་ལྡན་པས་མཆོད་ཡོན་གཉིས།སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་དང་ཤཾ་ལས་དུང་དཀར་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུཾ་ཧཱུཾ་ལས་བྱུང་བའི་བསངས། ཆུ་དང་མེ་ལྷ་དགའ་བར་བྱེད་པའི་མཆོད་ཡོན་ནུས་པ་ཐམས་ཅད་དང་ལྡན་པར་གྱུར། བསངས་ཆུ་ལ་དམིགས་ནས་སུམྦྷ་གང་མང་དང༌། མཆོད་ཡོན་ལ་ཡི་གེ་བདུན་པ་ཉེར་གཅིག་ཙམ་བཟླས་པ་བྱ། གཉིས་པ་ནི། ཐབ་དང་ཡོད་བྱད། ཐམས་ཅད་ལ་བསངས་ཆུས་གཏོར་ཏེ། སུམ་བྷ། སོགས་དང༌། ཨོཾ་སྭཱཧཱའི་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་བ། ཟབ་སུ་


TNT07_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་ཕྱེད་པ་ཁ་ཁྱེར་ལ་པདྨ་དཀར་པོའི་འཕྲེང་བ། མུ་རན་ལ་གྲི་གུག་གི་འཕྲེང་བ་དང༌། ལས་ཀྱི་ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་མཚན་པ། ལས་ཀྱི་ཁ་ཁྱེར་དང་བཅས་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ་ནང་ལྷ་རྫས་ཀྱི་བུད་ཤིང་གི་གང་བར་གྱུར། མཆོད་རྫས་དང༌། བསྲེགས་རྫས་རྣམས་མི་དམིགས་ཏེ་སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་དང་བསྲེགས་རྫས་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ། ལས་སོ་སོ་སྒྲུབ་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨརྒྷཾ། ནས། ཨ་ཁཾ་སྭ་ཧཱའི་བར་བརྗོད་ལ་རོལ་ཆེན་བྱ། ཨོཾ་ཨ་སྭཱཧཱ། གསུམ་གྱིས་མར། ལན་གསུམ་གྱིས་ཡམ་ཤིང་དང༌། ཨོཾ་ཤྲཱི་སྭཱཧཱས་མར་དང་གསུམ་གྱིས། འབྲུ་དང༌། ཨོཾ་ཛི་རཾ་སྭཱཧཱས་འབྲུ་རྣམས་དང༌། གསུམ་གྱིས་རྫས་གཞན་རྣམས་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་རྫས་གཞན་རྣམས་བསངས་ཤིང་བྱིན་གྱིས་རླབས་པར་བྱའོ། །དེ་ནས་ལྕེད་


TNT07_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེ་ལ་མེ་སྦར་ཏེ་ཐལ་མོ་སྦྱར་བའི་བཟུང༌། སུམ་བྷ་བཟླ་ཞིང༌། ཐབ་ལ་གཡོན་བསྐོར་གྱིས་བསྐོར་བ་ལན་གསུམ་བྱ་སྟེ་མེ་ཚངས་དུ་གཞུག ཨོཾ་ཧེ་རུ་ཀ་མཧཱ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ། ཞེས་བརྗོད་བཞིན་པས། མར་ཁུ་བླུགས་གཟར་ཆུང་ངུར་གསུམ་བླུགས་ལ་མེ་གསོས་སོ། །དེ་ནས་ཀུ་ཤས་བསངས་ཆུ་གཏོར་ལ་སུམྦྷའི་མཐར། ཨོཾ་སྭཱཧཱ་བཏགས་པའི་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེའི་ཕུང་པོ་རབ་ཏུ་འབར་བའི་དབུས་སུ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོའི་གདན་ལ། རཾ་ལས་དབྱུག་གུ་རྩེ་གསུམ་པ་རཾ་གྱིས་མཚན་པ་ལས་མེ་ལྷ་པཱ་པ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། མཆོད་ཕྱིར་ཐོགས་འཆང་བ། གཡས་གཉིས་ཀྱིས་དབྱུག་གུ་དང་མི་འཇིགས་པ་སྦྱིན་པ། གཡོན་གཉིས་ན་བགྲང་ཕྲེང་དང༌། སྤྱི་བླུགས་འཛིན་པ། སྐུའི་ཆ་ཐམས་ཅད་ལས་བདུད་རྩི་དཀར་པོའི་རྒྱུན་འབབ་ཅིང༌། འོད་ཟེར་དཀར་པོ་འཕྲོ་བ། དེའི་ཐུགས་ཀར་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བཾ་ལས་ཆུའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུབ་པའི་མདུན་གྱི་ཟུར་ལ། གཟུགས་མེད་ཁམས་དང་ས་བླ་དག་པ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། གཡས་ཀྱི་ཟུར་དུ་གཟུགས་ཁམས་དང་ས་སྟེང་དག་པ་ཨཱཿལས་པདྨ་ཨཱཿམཚན་པ། གཡོན་གྱི་ཟུར་དུ། འདོད་ཁམས་དང་ས་འོག་དག་


TNT07_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། དབུས་སུ་བཾ་དང་རཾ་ལས་དབྱུག་གུ་རྩེ་གསུམ་པ་རཾ་གྱིས་མཚན་པ། དེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས། ཁམས་གསུམ་གྱི་བདག་པོ་དཔལ་ཧེ་རུ་ཀ་ཞེས་བྱ་བའི་མེ་ལྷ་སྐུ་མདོག་དཀར༴ ནས། འཕྲོ་བ། ཞེས་པའི་བར་གོང་བཞིན་ནོ། །པདྨའི་འདབ་མ་བརྒྱད་དང་སྟེང་འོག་ཏུ། ཨོཾ་ཨེནྡྲ་ཡེ། ཨགྣ་ཡེ། ཡ་མཱ་ཡེ། ནཻ་རི་ཏི་ཡེ། ཝ་རུ་ཎ་ཡེ། ཝ་ཡ་ཝེ། ཀུ་བཻ་ར་ཡེ། ཨི་ཤྭ་ན་ཡེ། ཨུདྷཾ་བྲ་ཧྨ། ཨ་ཀྵོ་པྲི་ཐི་ཝི། ཞེས་བརྗོད་པས་སྐད་ཅིག་གིས་ཤར་ཏུ་བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་བེ་ཅོན་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞག་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་ནེའུ་ལེ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་ལྕགས་སྒྲོགས་རྩེ་གསུམ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་གཉིས་བགྲང་ཕྲེང་དང་མཆོད་སྤྱིན་གཡོན་གཉིས་དབྱུག་གུ་རྩེ་གསུམ་པ་འཛིན་པ་དང་རིལ་བུ་སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོ་ནག་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་གཎྜེ་འཛིན་པ། འོག་ཏུ་ས་ལྷ་སེར་པོ་ཕག་པ་ལ་ཞོན་པ་བུམ་པ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་


TNT07_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང་ཆ་ལུགས་ཀྱི་མཛེས་པའོ། །ཕྱི་ནང་གི་ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྙིང་ཁར་ཨོཾ་ཨོཾ་ཧ་དཀར་པོ། ནས། ཙཎྜི་ཀའི་ངོ་བོའི་བར་སྒྲུབ་ཐབས་བཞིན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཤར་ལྷོར་ནས་མེ་ལྷ་དྲང་སྲོང་གི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་བཀུག་པར་གྱུར། དབྱུག་གུ་རྩེ་ལྔ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག ། བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་མཧཱ་བྷུ་ཏ་དེ་ཝ་རི་ཥི། དྭི་ཛ་སཏྟ་མཧཱ་གྲྀ་སྟྭཾ་ཨ་ཧུ་རི་མ་ཧེ་རི་ཨཥྨི་ན་སནྣི་ཧི་ཏོ་བྷ་ཝ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་མ་མ་ཤིནྟཾ་ཀུ་རུ་སྭཱཧཱ། ཞེས་པས་སྤྱན་དྲངས། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་པས་གདན་ཕུལ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱི་མཆོད། ཨོཾ་ཨགྣ་ཡ་སྭཱཧཱ། ལན་བདུན་གྱིས་དགང་གཟར་བཀང་ལ། ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ །ཨོཾ་ཨགྣ་ཡེ། ཨ་དི་བྱ། ཨ་དི་བྱ། ཨཱ་བི་ཤ་ཨཱ་བི་ཤ ཤྲཱི་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་སྭཱཧཱ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཤནྟི་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ་བ་ནི་བྱོན་ཟན་ནོ། །ཛཿཧཱུཾ་བཾ་ཧོ། སླར་གནས་གསུམ་བྱིན་རླབས་དང༌།


TNT07_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་འགོད་པ་སྔར་བཞིན་ནོ། །ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ། ཨོཾ་བཛྲ་ས་མཱ་ཛཿ ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷའི་ཐུགས་ཀ་ནས། སྒོ་མཚམས་མ་བརྒྱད་སྤྲུལ་ཏེ། དབང་བསྐུར་བའི་དགོངས་པ་མཛད་ཧེ་རུ་ཀའི་ཡིག་བརྒྱའི་མཐར་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། མཁའ་འགྲོ་མ་བཞིའི་སྙིང་པོ་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། ཡང་སྒོ་མཚམས་མ་བརྒྱད་ཀྱི་སྔགས་ཀྱི་མཐར། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཤིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། མཁའ་འགྲོ་མ་བཞིས་དབུ་རྒྱན། ཨོཾ་པ་དྲ་ལཾ་པ་ཨབྷི་ཥིཉྩ་བཛྲ་ཏུཥྟྱ། ཨོཾ་རཏྣ་མཱ་ལ་ཨབྷི་ཥིཉྩ་ཏྲཾ། སྔར་བཞིན་བསངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ། སྲུང་བ་དང་གཙང་བྱེད་དམ་པ་ནུས་པ་ཕུལ་དུ་ཕྱིན་པར་གྱུར། ཨོཾ་བཛྲ་ས་ཏྭ་ཨ། ལན་བརྒྱད་བརྗོད་ལ་ཀུ་ཤ་བཀྲམས་པར་བསམ་ལ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ས་ལ་སྐྱེས་པའི་སྙིང་པོ་མཆོག །ཅེས་པའི་ཀུ་ཤ་ཕུལ། འདིས་བདག་ཅག་འཁོར་བཅས་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག་སྭཱཧཱ། སུམ་བྷ་ལན་བརྒྱད་བརྗོད་ཅིང༌། མདའི་དྲ་བས་མཛེས་ཤིང༌། མེ་ལོང་གི་ཕྲེང་བ་ལ་སོགས་པས་ཡོངས་སུ་བསྐོར་བར་གྱུར། ཞེས་


TNT07_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། མདའ་དྲ་སོགས་བཅིངས་པར་བསམ། མེ་ལྷའི་ཞལ་དང་དགང་བླུགས་ཀྱི་རྩེ་མོར། ཨོཾ་ཨོཾ་ཨོཾ་ཌཱ་ཀི་ནི་ཛི་ན་ཛི་ཀ་སྭཱཧཱ། ཞེས་ལན་གཅིག་བརྗོད། གོང་གི་བྱོན་ཟན་འབུལ་བའི་སྐབས་ལྟར། ཨོཾ་ཨགྣ། དགང་གཟར་ལན་གསུམ་གྱིས་བཀང་ལ། ཨཽཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་སྟྭཾ། ཞེས་ལན་གསུམ་ཕུལ། སྐབས་འདིར་མེ་བཀྲ་བརྟག ངན་ན་བགེགས་སྐྲད། མཆོད་ཡོན་གྱིས་སྣོད་བཟུང་སྟེ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་པྲ་བར་སརྐ་ར་པྲ་ཏཱིཙྪ་སྭཱཧཱ། ཞེས་མཆོད་ཡོན་དང་པོ་དང༌། ཨོཾ་ཨི་མཾ་ཨརྒྷཾ་མ་ཡ་དད་ཏཾ། གྲྀཧྞ་སིད་དྷི་མྨེ་པྲ་ཡཙྪ་ཡེ་སྭཱཧཱ། གཉིས་པ་དང༌། ཨོཾ་ཨི་མཾ་པདྱཾ་མས་ཡ་དད་ཏཾ། གྲྀཧྞ་སིད་དྷི་མྨེ་པྲ་ཡཙྪ་ཡེ་སྭཱཧཱ། ཞབས་བསིལ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྷ་ཡེ་ས་པ་རི་ཝ་ར་པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། ནང་མཆོད་འབུལ། རྡོ་རྗེ་དྲིལ་བུ་འཛིན་པས། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །རིགས་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩི་བཅུད་ལྡན་གནྡྷེ་བསྣམས། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་


TNT07_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤེས་རབ་ཆེན་པོ་བདག་མེད་ཐུགས་ཆུད་ཅིང༌། །ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཡང༌། །ཐབས་ལ་མཁས་པས་དྲང་སྲོང་ཆ་ལུགས་འཛིན། །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྩོལ་བ། །རང་གཞན་དོན་སྦྱོར་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད། བསྲེག་རྫས་ཐམས་ཅད་ལ་བསངས་ཆུ་གཏོར་ཏེ། ཨོཾ་སྭཱཧཱ། ལན་མང་དུ་བརྗོད། དེ་ནས་ཡམ་ཤིང་འབུལ་ཞིང༌། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ། ཞེས་པ་ནི་ལྷ་སྔགས། ཨོཾ་བཛྲ་ཛྭ་ལ་ཡེ་སྭཱཧཱ། ཡམ་ཤིང་གི་རྫས་སྔགས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་པ་པཾ་ཤིནྟཾ་ཀུ་རུ་སྭཱཧཱ། ལས་སྔགས་ཏེ། དལ་བའི་ཚེ་གསུམ་ཆར་སྒྲགས་པ་ཉེར་གཅིག་ལ་སོགས་པའི་ཕུལ། བསྡུ་ན་ལྷ་སྔགས་དང༌། ལས་སྔགས་ལན་གཅིག་གིས་བར་དུ། རྫས་སྔགས་ཀྱི་མཐར་སྭཱཧཱ་སྦྱར་བ། བདུན་ནམ་ཉེར་གཅིག་ཕུལ། རྫས་སྔགས་སོ་སོའི་ཁྱད་པར་མ་བཏོགས་འོག་མ་རྣམས་ལ་འདིའི་རིགས་འགྲེ་བར་བྱས་ཏེ། སོ་སོའི་རྫས་སྔགས་ནི། ཨོཾ་ཨགྣ་ཡེ་སྭཱཧཱས་མར་ཁུའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱས་ཏིལ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་ཨགྣ་ཡེ་སྭཱཧཱས་འབྲས་ཆན། ཨོཾ་སརྦ་ས་པོ་ཏེ་སྭཱཧཱས་ཟས་མཆོགཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱས་དུར་བ། ཨོཾ་མི་ཧཱ་བེ་ག་ཡེ་སྭཱཧཱས་ནས། ཨོཾ་བཛྲ་གྣསྨི་རི་ཡེ་སྭཱཧཱས་གྲོ། ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། སོ་བ་ལ་སོགས་པའི་འབྲུ་སྣ་ཚོགས། ཨོཾ་བཛྲ་


TNT07_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

པུཥྤེ་ཡེ་སྭཱཧཱས་འབྲས། ཨོཾ་མཧཱ་བ་ལ་ཡེ་སྭཱཧཱས་སྲན་མ། ཨོཾ་མཧཱ་ཤྲི་ཕ་ལ་དྷ་ནི་སྭཱཧཱས་འཛའ་ཏི་ལ་སོགས་པའི་འབྲས་བུ་རྣམས། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱས་ཀུ་ཤ་རྣམས་འབུལ་མར་ཁུ་བླུགས་གཟར་དང༌། གཞན་རྣམས་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཁ་གྱེན་དུ་བསྟན་པས་འབུལ། ཉེར་གཅིག་སོགས་མང་ཉུང་ལོང་སྐབས་དང་སྦྱར། དེ་ནས་གོང་བཞིན་ཕྱི་མཆོད་ནང་མཆོད། ཤེས་རབ་ཆེན་པོ་བདག་མེད་ཐུགས་ཆུད་ཅིང༌། སོགས་དང༌། གཟི་བརྗིད་ཆེན་པོ་མེ་ཡེ་ལྷ། ཞེས་པ་ཡན་ཆད་ཀྱིས་བསྟོད། ཨོཾ་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཞེས་བརྗོད། མར་ཁུ་དགང་བླུགས་རྐྱང་བ་གང་ཕུལ་ནས། མེ་ལྷ་ཐུགས་ཀྱི་དཀྱིལ་འཁོར་དང་བཅས་པ་འབར་བའི་རྣམ་པ་ཅན་དུ་གྱུར། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། མཆོད་རྫས། བསྲེགས་རྫས་རྣམས་ཁ་གསོས་ལ་མེ་དང་བཅས་པ་ཐམས་ཅད་གོང་བཞིན་བསངས་སྦྱངས། མཆོད་པ་དང་བསྲེགས་རྫས་བྱིན་གྱིས་རླབས་པའི་སྔགས་རྣམས་གོང་བཞིན་བརྗོད། སྟོང་པའི་ངང་ལས་མེ་ནང་དུ་སྲུང་བའི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར། ཨོཾ་མེ་དྷི་ནི་བཛྲ་བྷ་ཝ་བྷནྡ་ཧཱུཾ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་ལཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛྭ་ལ་དྲི་སཾ་དྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ཨརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སྔགས་དྲུག་པོ་ལན་གསུམ་བརྗོད། སྲུང་བའི་འཁོར་ལོའི་ནང་དུ་ཨེ་ལས༴ ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ལྷ་ཚོགས་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་སུ་གདན་གྱི་སྟེང་དུ་བཅོམ་ལྡན་འདས་འཁོར་ལོ་


TNT07_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་སྐུ་མདོག་སྔོན་པོ༴ ནས། རྡོ་རྗེའི་ཕྲེང་བའི་མཚན་པའོའི་བར་མངལ་དཀྱིལ་བཞིན་བསྐྱེད། དུར་ཁྲོད་ཆེན་པོར་ཤར་དུ་ཚངས་པ། བྱང་དུ་གཞོན་ནུ་ཀརྟི་ཀ ནུབ་ཏུ་ཁྱབ་འཇུག ལྷོར་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་འཁོད་པར་གྱུར། རང་གི་སྙིང་ག༴ ཞེས་པ་ནས། དེ་ནས་ཕཻཾ་ཞེས་པའི་བར་དཀྱིལ་འཁོར་རྒྱལ་མཆོག་བཞིན། ཨོཾ་བཛྲ་ཧེ་རུ་ཀ་ཨེ་ཧྱ་ཧི། བྷ་ག་ཝན་ཨི་ཧ་ཝ་ཀྱ་ས་མ་ཡེ་ན་ཙ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྟྭཾ་པུ་ཛ་པྲ་ཝ་ར་ཡ་མི། དཀྱིལ་འཁོར་རྒྱལ་མཆོག་ལྟར་ཕྱི་མཆོད་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྜ་ལ་ལ་ཙཀྲ་སརྦ་བི་ར་ཡོ་གི་ནི། ཨོཾ་ཨགྣེ་ཡེ་སྭཱཧཱ། ལན་བདུན་གྱིས་བཀང་ལ། ཨ་དི་བྱ། སོགས་ཀྱིས་སྔགས་སྦྱར་ནས་གོང་ལྟར་བྱོན་ཟན་འབུལ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ་྅་ཧཾ། གཙོ་བོ་ཡབ་ཡུམ་ཀྱི་གནས་རྣམས་སུ་སྙིང་གར་ཨོཾ་ཨོཾ་ཧ་ནས་བརླར་ཧ་ལྗང་ཁུ་ནས་དོན་ཡོད་གྲུབ་པའི་ངོ་བོའི་བར། འཁོར་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སླར་ཡང༌། ནས། དབང་ལྷ་སྤྱན་འདྲེན༴ ནས། དམ་ཚིག་འཁོར་ལོ་པ་རྣམས་ལ་དོན་ཡོད་གྲུབ་པའི་དབུ་རྒྱན། ཞེས་པས་བར་དབང་བསྐུར་ཡང་དཀྱིལ་འཁོར་རྒྱལ་མཆོག་བཞིན་བྱས་ལ། དར་དཔྱངས་དང༌། རིན་པོ་ཆེའི་ཕྲེང་བའི་སྔགས་གོང་བཞིན། ཨཽཾ་པ་ཏྲ་ལཾ་པ་ཨ་བྷི་ཥིཉྩ་བཛྲ་ཏུཥྟྱ། ཨོཾ་རཏྣ་མ་ལ་ཨ་བྷི་ཥིཉྩ་དྲཾ། ཞེས་བརྗོད། དེ་ནས་ལྷ་ཐམས་ཅད་སེམས་


TNT07_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སུམ་བརྩེགས་སུ་གྱུར། གཙོ་བོའི་ཏིང་ངེ་འཛིན་སེམས་དཔའི་ཐིག་ལེའི་ནང་དུ་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཕྱི་ནང་གི་ལྷ་ཐམས་ཅད་འོད་ཟེར་དཀར་པོ་འབར་བ་ཞི་བའི་ཐུགས་ཅན་དུ་གྱུར། དེ་ནས་སྤྲོ་ན་མདུན་བསྐྱེད་བཞིན་ནམ། བསྡུ་ན་དཀྱིལ་འཁོར་རྒྱལ་མཆོག་བཞིན་མཆོད་བསྟོད་རྫོགས་པར་བྱ། དེ་ནས་སྲེག་རྫས་འབུལ་ཚུལ། ལྷ་སྔགས་རྒྱས་པ་ནི་ལྷ་རང་རང་གི་རྩ་སྔགས་བརྗོད་པ་དང༌། འབྲིང་ལ་གཙོ་བོ་ཡབ་ཡུམ་ལ་རང་སྔགས་གཞན་རྣམས་ལ་ས་བོན། བསྡུས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི། སོགས་སྦྱོར་ཚུལ་མང་དུ་གསུངས་ཀྱང་ཕྱག་ལེན་ལ་དང་པོ་ཡམ་ཤིང་ལ། རང་སྔགས་རྫོགས་པའི་ལྷ་སྔགས་ཀྱིས་རྗེས་སུ། ཨོཾ་བཛྲ་ཛྭ་ལ་ཡེ་སྭཱཧཱ། ཉེར་གཅིག་གིས་ཕུལ་ནས། ལས་སྔགས་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སྭཱཧཱ། སརྦ་བིགྷན། སརྦ་རོ་ཥ། སརྦ་དུཥྛ་ན། སརྦ་བྱཱ་ཧེ། སརྦ་ཛྭ་ར། སརྦ་གྲ་ཧེ། སརྦ་དུར་མི་ཏི། སརྦ་དུར་སོཔྣི། སརྦ་ཨ་ཀ་ལ་མྲྀ་དྱུར་ཤིནྟཾ་ཀུརུ། དེ་ནས་གོང་བཞིན་སྲེག་རྫས་ཚར་རེ་ལ་ལྷ་སྔགས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའམ། ཉེ་སྙིང་གང་རུང་གི་མཐར། རྫས་སྔགས་ཀྱི་གྲངས་ཉེར་གཅིག་སོགས་ཇི་ཙམ་འོས་པའི་འབུལ་ལ། མཇུག་ཏུ་ལས་སྔགས་གོང་བཞིན་ལན་རེ་རེ་བརྗོད། དེ་ནས་སླར་ཡང་གྲངས་ཀྱི་ངོ་བོ་ཏིལ་སྔགས་འབའ་ཞིག་ལ་གྲངས་འཛིན་པ་ཡིན་ནོ། །ཡང་ན་གྲངས་འཛིན་པའི་སྐབས་འདིར། ཨོཾ་ཤྲཱི་ཧེ་རུ་ཀ་བི་མ་ཧེ་བི་དྱ་རཱ་ཛ་དྷི་


TNT07_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་བི་ར་པྲ་ཙོ་ཐ་ཡ་ཨཱཿཧཱུཾ་སྭཱཧཱ། ཞེས་པ་དབྱངས་སྐྱོང་གི་སྔགས་ཀྱིས་ཕུལ་ཡང་རུང་ངོ༌། །བསྲེག་རྫས་འབུལ་བ་རྫོགས་པ་དང༌། སྒྲུབ་ཐབས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལྟར་མཆོད་བསྟོད་བྱས་ལ། སྒྲུབ་ཐབས་ནས་འབྱུང་བ་ལྟར་ཡི་དམ། ཆོས་སྐྱོང་མཁའ་འགྲོ་སྤྱི་གཏོར་སོགས་གཏོར་མ་འབུལ་བར་བྱའོ། །དེ་ནས་བཀྲ་ཤིས་རྒྱས་བསྡུས་གང་རུང་བྱས་ལ། ཧེ་རུ་ཀའི་ཡིག་བརྒྱ་ལན་བདུན་ཙམ་བཟླས་ནས། ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཡིག་བརྒྱའི་མཐར། ཨོཾ་ཧེ་རུ་ཀ་མུ། ཞེས་པས་ཡེ་ཤེས་པ་གཤེགས། སྦྱིན་སྲེག་གི་ཐལ་བ་ཅུང་ཟད་བླངས། རང་གི་གནས་གསུམ་དུ་བྱུགས་ལ། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རྣམས་རང་ལ་ཐིམ། ཞེས་བརྗོད། དེ་དག་ནི་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །གསུམ་པ་མཇུག་ནི། སླར་ཡང་མར་བླུག་གཟར་གང་ཕུལ་བའི་རྐྱེན་གྱིས། མེ་ལྷ་ཐུགས་དཀྱིལ་དང་བཅས་པ་སྔར་བཞིན་གྲུབ་པར་གྱུར། གོང་འཇིག་རྟེན་པའི་མེ་ལྷའི་སྐབས་ལྟར། སྲེག་རྫས་རྣམས་ཚར་གཅིག་རྫོགས་པར་ཕུལ་ལ། གོང་ལྟར་མཆོད་བསྟོད་བྱ། སླར་ཡང་སྔགས་བདུན་གྱིས་དགང་བླུགས་གང་ཕུལ། མེ་ལྷའི་གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་པ་ཀ་ཨགྣ་ཡེ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱིས་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །


TNT07_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱི་འདོད་དོན་གསོལ་འདེབས། ཨོཾ་ཨིནྡྲ་ཡེ་ནས། པྲྀ་ཐི་ཝི་དེ་ཝི་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཕུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུཾ་གི་ནང་མཆོད། ཧེ་རུ་ཀ་དཔལ་ཡེ་ཤེས་ནི། །གང་ལ་གང་འདུལ་ཐབས་སྤྲུལ་པ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །ཐོགས་མེད་ལས་ཀུན་མཛད་ལ་བསྟོད། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ༴ སོགས་ཀྱི་འཕྲིན་ལས་གཞོལ། སླར་ཡང་གཤེགས་སྐྱེམས་ཀྱི་ཚུལ་དུ། ཨོཾ་ཨགྣ་ཡེ་སྭཱཧཱ། ལན་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཧེ་རུ་ཀ་སོགས་གོང་གི་སྔགས་དང་བཅས་པའི་མར་དགང་བླུགས་ལན་གསུམ་ཕུལ་ལ་ཡིག་བརྒྱ་ལན་གསུམ་བཟླས། མ་འབྱོར་བ་སོགས། སྤྱན་འདྲེན་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་ཕྱིར་བསྐྱེད་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱི། །མགུ་ཞིང་ཚིམ་པར་གྱུར་ནས་ཀྱང༌། །རང་གནས་བདེ་བར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཡ་ཧི་བཛྲ་མུཿ སྔར་ཕུར་གདབ་དངོས་སུ་ཕུར་བུ་བཅུ་དང་ལྔ་ལ་བརྟེན་ནས་བྱས་པ་ཡིན་ན། རང་རང་གི་ཕུར་པ་འབྱིན་སྔགས་དང་ཕྱག་རྒྱས་དབྱུང༌། ཡིད་ཀྱིས་བཏབ་པ་ཙམ་ལ་ནི་ཕུར་བ་དབྱུང་བར་བསམས་པ་ཙམ་ལས་སྔགས་དང་ཕྱག་རྒྱ་མི་དགོས་སོ། །དེ་ནས་བདག་ཉིད་གོ་ཆ་གསུམ་གྱིས་བསྲུངས་ནས། སྨོན་ལམ་དང་བཀྲ་ཤིས་སོགས་བྱའོ། །


TNT07_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མ་ཤི་བར་མི་དཀྲུག་ཅིང༌། རང་ཤི་ལ་སོང་བ་ན་བུམ་པར་བླུག་ལ་ཆུ་བོར་སྤྱན་འདྲེན་པ། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་དང་འདྲའོ། །དེ་དག་གི་ལག་ལེན་དང་མཐར་གཅོད་པ་ནི་གཞན་དང་གཞན་ལ་བལྟ་བར་བྱའོ། །དེ་རྣམས་ཀྱི་སྡོམ་ནི། ས་ཆོག་ཐབ་ཁུང་བཅའ་བ་དང༌། །ཡོ་བྱད་བསགས་ཤིང་བུམ་པ་སྒྲུབ། །གཏོར་མ་གནས་ཡོ་བྱིན་རླབས་དང༌། །བདག་བསྐྱེད་ཆུ་གཉིས་སྒྲུབ་པ་དང༌། །རྫས་བྱིན་རླབས་ཤིང་མེ་སྦར་ཞིང༌། །ཐབ་ཁུང་མེ་ལྷ་ཕྱི་ནང་བསྐྱེད། །བྱིན་རླབས་སྤྱན་འདྲེན་གདན་ཕུལ་མཆོད། །བྱོན་ཟན་ཕུལ་སྟིམ་གོ་ཆ་དགོད། །དབང་བསྐུར་ཀུ་ཤ་མདའ་དྲང་བཅིངས། །མེ་བཀྲ་བརྟག་ཅིང་མཆོད་བསྟོད་བྱ། །བསྲེག་རྫས་མཆོད་བསྟོད་དགང་བླུགས་ཕུལ། །བསངས་སྦྱངས་བྱིན་རླབས་སྲུང་འཁོར་དང༌། །གཞལ་མེད་ཁང་དང་ལྷ་ཚོགས་བསྐྱེད། །སྤྱན་འདྲེན་མཆོད་བསྟོད་བྱོན་ཟན་འབུལ། །གོ་ཆ་བཅིངས་ནས་དབང་བསྐུར་བྱ། །སེམས་དཔའ་སུམ་བརྩེགས་ཞི་བའི་གཟུགས། །མཆོད་བསྟོད་བསྲེགས་རྫས་མཆོད་བསྟོད་འབུལ། །ཤིས་བརྗོད་ཡིག་བརྒྱ་བཟོད་པར་གསོལ། །གཤེགས་གསོལ་དམ་ཚིག་ཉེ་བར་བསྡུ། །དགང་བླུགས་བསྲེགས་རྫས་མཆོད་བསྟོད་དང༌། །དགང་བླུགས་མེ་ལྷ་ཕྱོགས་སྐྱོང་གི །གཏོར་འབུལ་གཤེགས་སྐྱེམས་ཁ་སྐོང་དང༌། །བཟོད་གསོལ་གཤེགས་གསོལ་ཕུར་བུ་དབྱུང༌། །ཉེར་བསྡུ་སྨོན་ལམ་བཀྲ་ཤིས་བྱ། །ཐལ་བ་ཆུ་བོར་སྤྱན་འདྲེན་ཏེ། །སྦྱིན་སྲེགས་ལས་ཀྱི་སྤྱི་སྡོམ་ཡིན། །དེ་ལྟར་མཆོག་དང་ཐུན་མོང་དངོས་གྲུབ་དོན། །མཐའ་དག་འཕྲིན་ལས་ཉེ་བར་སྒྲུབ་པའི་གཞི། །བསྲེགས་བླུགས་ཆོ་ག་མ་ནོར་སྐྱོན་བྲལ་བ། །མདོ་ཙམ་གོ་བདེའི་ངག་གིས་འདིར་


TNT07_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱས། །འདི་བྲིས་དགེ་བའི་འགྲོ་བ་ཀུན། །སྔགས་རྒྱུད་སྦྱོར་བ་མཐར་ཕྱིན་ཏེ། །རྡོ་རྗེ་འཛིན་པའི་ས་གྲུབ་ནས། །དོན་གཉིས་ཕུན་སུམ་ཚོགས་པར་ཤོག། དཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ་དངོས་གྲུབ་སྙེ་མ་ཞེས་བྱ་བ། དོན་གཉེར་མང་པོའི་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་སྡིངས་སུ་ཉེ་བར་སྦྱར་བའོ། །ཞུས་དག།མངྒ་ལཾ།། །།དགེའོ་དགེའོ་དགེའོ།། །།


TNT07_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་འཁོར་ལོ་སྡོམ་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་སྙེ་མ།next