བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཡིག


TNT08_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཡིག་བཞུགས།


TNT08_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །བདུད་བཞི་འཇོམས་པ་ལ་བཏུད་ནས། །གང་འདི་དོན་དམ་སྒྲུབ་པའི་ཐབས། །མདོ་ཙམ་བླ་མའི་ལུང་བཞིན་བཤད། །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ལཱུ་ཡི་པའི་ཞལ་སྔ་ནས་བརྒྱུད་པའི་མན་ངག །དཔལ་སྡོམ་པ་ཉུང་ངུའི་རྒྱུད་ཀྱི་རྫོགས་པའི་རིམ་པ་འདི་ཡིན་ཏེ། འཁྲིད་ཚུལ་འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས་སོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རྡོར་སེམས་ཀྱི་སྒོམ་བཟླས་ལ་བརྟེན་ནས་སྡིག་སྒྲིབ་སྦྱང་བ་དང༌། མཎྜལ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཚོགས་བསག་པའི་འཁྲིད་གཉིས་ལས། དང་པོ་ནི་སྒྲུབ་ཐབས་སུ་ཤེས་པར་བྱ་ལ། གཉིས་པ་ཡང་སྤྱི་དང་འདྲ་མོད། ཕམ་ཐིང་བའི་མན་ངག་འཛིན་པ་རྣམས། བླ་མ་སངས་རྒྱས་རྡོ་རྗེ་ཆོས་ཞེས་པའི་ཐ་སྙད་མཛད་ནས། རྡོ་རྗེ་འཆང་དམར་པོ་ཞིག་གསུང་རྡོ་རྗེའོ་ཞེས་སྒོམ་པར་བྱེད་དོ། །གཉིས་པ་དངོས་གཞི་ལ། རྒྱུ་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་དང༌། འབྲས་བུ་ཡོན་ཏན་ལ་རང་དབང་འབྱོར་བའི་རྫོགས་རིམ་གཉིས་ལས།


TNT08_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་ཕོ་ཉའི་ལམ་ལ་བརྟེན་པ་དང༌། རྣལ་འབྱོར་ལམ་ལ་བརྟེན་པ་གཉིས་སོ། །དང་པོ་ནི། གཞན་དུ་བཀོད་པ་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་ལ་ཕམ་ཐིང་བའི་རྗེས་འབྲང་རྣམས་ལྟར་ན་རྡོ་རྗེ་སེམས་དཔའ་བསྡུ་བ་དང༌། ཡི་གེ་བསྡུ་བ་དང༌། ཐིག་ལེ་བསྡུ་བ་སྟེ། བསྡུ་བ་གསུམ་གྱི་ཐ་སྙད་མཛད། ནཱ་རོ་པའི་རྗེས་འབྲང་ལོ་ཙཱ་བ་གཞན་རྣམས་དང༌། ནཱ་རོའི་རྗེས་འབྲང་མ་ཡིན་ཡང༌། ལུགས་འདི་འཛིན་པའི་པཎ་གྲུབ་ཆེན་པོ་གཞན་རྣམས་ནི། བསྡུ་བ་གསུམ་གྱི་ཐ་སྙད་མི་མཛད་མོད། སྒོམ་རིམ་ཉམས་ལེན་གྱི་མན་ངག་ནི། རྒྱས་བསྡུས་ཕྲན་བུ་མ་གཏོགས་གནད་གཅིག་པར་སྣང་ངོ༌། །དེས་ན་འདི་ལྟར་བྱ་སྟེ། བསྡུ་བ་གསུམ་པོ་དེ་དག་ལ། རིམ་ཅན་དུ་མཚན་དོན་གཞན་གྱི་སྒོ་ནས་བཤད་ན་ངལ་གསོ་རྣལ་འབྱོར་ཆེན་པོའི་མན་ངག་དང༌། རགས་པ་རླུང་གི་བཟླས་པའི་མན་ངག་དང༌། ཕྲ་བ་རྡོ་རྗེའི་བཟླས་པའི་མན་ངག་སྟེ་གསུམ་མོ། །དང་པོ་ནི་ལུས་


TNT08_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གནད་བཅས་ཤིང་རླུང་རོ་བསལ་བ་སོགས་བྱས་ནས། རང་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ལྟེ་བ་སྤྲུལ་པའི་འཁོར་ལོ་ནང་སྐོར་འདབ་མ་བརྒྱད་ཕྱི་སྐོར་འདབ་མ་ལྔ་བཅུ་ང་དྲུག་པའི་ལྟེ་བ་རྩ་དབུ་མའི་ནང་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ནང་མཐིང་ཀ་སོར་གང་ཙམ་པ་ཞིག་གསལ་བཏབ་སྟེ། རླུང་ཁ་སྦྱོར་འཇམ་པོ་བཟུང་ནས་བསྒོམ། ཡང་ན་བརྒྱུད་པ་སོ་སོའི་མན་ངག་ལྟར་ན་དའི་དོད་དུ་ཧཱུཾ་ཡིག་གམ་ཐིག་ལེ་དཀར་པོ་སྲན་ཆུང་ཙམ་འོད་འཕྲོ་བ་བསྒོམས་ཀྱང་རུང༌། ཉི་ཟླ་ཁ་སྦྱོར་མི་བྱེད་ན། ཟླ་བ་དམར་སྐྱ་ལ་ན་ད་ཧཱུཾ་ཡིག་ཐིག་ལེ་གསུམ་པོ་གང་རུང་ཞིག་བསྒོམས་ཀྱང་རུང་སྟེ། དེ་ལྟར་བསྒོམས་པས་སེམས་ཟིན་ན། རླུང་དབུ་མར་ཞུགས་པ་དང་གནས་པ་དང༌། ཐིམ་པའི་རྟགས་རྣམས་རིམ་གྱིས་འབྱུང་ཞིང༌། དྲོད་དང་བདེ་བ་དང་དགའ་བཞིའི་ཉམས་ཕྲ་མོ་སྐྱེ་བར་འགྱུར་རོ། །དམིགས་སྐོར་དང་པོའོ། །དེ་ལྟར་ཉམས་མྱོང་སྐྱེས་ན་བོགས་འདོན་པ་དང༌། རིང་དུ་བསྒོམས་ཀྱང་ཉམས་མྱོང་མ་སྐྱེས་ན། སྦོགས་ཆོག་ཏུ་འདི་བསྒོམ་སྟེ། རྡོ་རྗེ་ནོར་བུའམ། པདྨའི་རྩའི་དབུས་ཀྱི་ཐད་དུ་ཟླ་བ་དཀར་པོ་སྲན་མ་ཕྱེད་བཀས་ཙམ་ལ་ཐིག་ལེ་དམར་པོ་སྲན་ཆུང་ཙམ་འོད་འཕྲོ་བ་བསྒོམས་ཏེ། ཁ་སྦྱོར་གྱི་ངང་ནས་ཐུར་སེལ་གསང་བར་གནོན་པ་དང༌། ལྟོ་བར་འགྱུར་བྱས་ཤིང་ཡར་མཐེན་པ་རེ་མོས་བྱ་སྟེ། དམིགས་སྐོར་གཉིས་པའོ། །དེ་ནས་དམིགས་པ་སྔ་མ་དང་འདི་གཉིས་སྤེལ་གྱིན་བསྒོམས་པས། དྲོད་དང་བདེ་སྟོང་གི་ཉམས་མྱོང་ཅིག་མི་སྐྱེ་བ་མི་སྲིད་དེ། དེ་ཡང་ལན་ཅིག་མ་ཡིན་པར་བརྟན་པོར་བྱུང་ན། ལྷ་སྐུ་འོད་


TNT08_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དུ་བསྡུ་བའི་དམིགས་པ་འདི་བསྒོམ་པར་བྱ་སྟེ། རང་འཁོར་ལོ་སྡོམ་པའི་སྐུར་གསལ་བའི་ལྟེ་བ་ནས་ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་ལྡན་དཀྱིལ་འཁོར་གྱི་ལྷ་ཚོགས་འཕྲོ་བ་བྱུང༌། སྣ་བུག་གཡས་པའི་རླུང་དང་འགྲོགས་ཏེ་ཕྱིར་ཐོན། འོད་ཀྱིས་ཁྱབ་པས། སྣང་བ་ཐམས་ཅད་ལྷའི་བདག་ཉིད་དུ་གྱུར། གདོད་ནས་གྲུབ་པའི་དཔའ་བོ་རྣལ་འབྱོར་མ་རྣམས་དང་རོ་གཅིག་ཏུ་འདྲེས། ཚུར་འདུས། སྣ་བུག་གཡོན་ནས་ཞུགས། ལྟེ་བར་སླེབ་པ་ཟླ་བའི་དཀྱིལ་འཁོར་དམར་སྐྱ་ལ་དབྱངས་གསལ་གྱི་འཕྲེང་བ་གཟུགས་བརྙན་ལྟར་ཤར་བས་བསྐོར་བའི་དབུས་སུ། ཧཱུཾ་དཀར་ལ་དམར་མདངས་དང་བཅས་པར་གྱུར། ཟླ་བར་དབྱངས་གསལ་ཧཱུཾ་དང་བཅས་པ་དེ་རྣམས་ཡོངས་སུ་གྱུར་པ་ལས། ཧེ་རུ་ཀ་ལྷན་སྐྱེས་ཡབ་དཀར་པོ་དང༌། ཡུམ་དམར་མོ་ཁ་སྦྱོར་གྱི་སྐུར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་དགའ་བའི་སྒྲ་དང༌། སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས་པ། སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་ཀྱི་རང་བཞིན་དུ་བྱས། ཚུར་འདུས་ཏེ་སྣོད་རྣམས་བཅུད་ཀྱི་སེམས་ཅན་རྣམས་ལ་ཐིམ། དེ་རྣམས་ཞུ་ནས་རང་ཉིད་ཕྱི་དབྱིབས་ཀྱི་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། དེ་ཡང་ཞུ་ནས་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་ཡབ་ཡུམ་སྙོམས་པར་ཞུགས་པས་ཞུ་སྟེ། ཐིག་ལེ་ནང་དཀར་ཞིང་ཕྱི་དམར་བ། དབུས་སུ་ཧཱུཾ་དཀར་པོ་ཕྲ་མོས་མཚན་པ་གཅིག་ཏུ་གྱུར། དེ་ལྟ་བུའི་རྩ་འཁོར་གྱི་དབུས་ཀྱི་ཐད་ཙམ་དུ་ཡོད་པར་བྱས་ནས། དེ་ལ་རིང་དུ་


TNT08_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཟུང་ཐིག་ལེ་ཡང་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཁོག་པ་ལ། དེ་མགོ་བོ་ལ་དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ཡང་ན་དའི་བར་དུ་བསྡུས་ནས། ལུས་ཀྱི་ལྟེ་བའི་ཐད་ཙམ་དུ་ན་ད་ཡོང་བར་བྱས་པ་ལ་སེམས་རིང་དུ་གཟུང༌། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བའི་སྟོང་པ་ལ་མཉམ་པར་བཞག །དེའི་ངང་ནས་སྔོན་བཞིན་དཀྱིལ་འཁོར་རྫོགས་པར་སྒོམ་པའམ། རང་ཉིད་ཕྱི་དབྱིབས་ཀྱི་ལྷ་སྐུ་ཙམ་བསྒོམ་པར་བྱའོ། །དམིགས་སྐོར་གསུམ་པའོ། །དམིགས་པ་འདི་ལ་སེམས་ཅུང་ཟད་སྒོམས་ནས། སྔར་གྱི་དམིགས་པ་གཉིས་པོ་དང་སྤེལ་གྱིན་བསྒོམ། དེ་ནས་དམིགས་པ་ཕྱི་མ་འདི་བསྒོམས་པས་མི་རིང་བ་ན། རླུང་ཐིམ་པ་དང༌། དྲོད་དང་བདེ་སྟོང་གི་ཉམས་མྱོང་སྔར་བཞིན་ནམ། དེ་བས་ཀྱང་ལྷག་པར་བསྐྱེད་ཐུབ་པ་འབྱུང༌། དེ་ནས་དམིགས་པ་འདི་ཉིད་ལ་གཙོ་བོར་བསྒྲིལ་ཏེ་བསྒོམས་པས། བསྡུད་རིམ་གྱི་དུས་སུ་བདེ་སྟོང་ཁྱད་པར་ཅན་འཆར་ཞིང༌། དེ་རྗེས་རྣམ་རྟོག་གིས་བསྐྱེད་པ་ལ་མ་ལྟོས་པའི་ལྷ་སྐུ་རང་ཤར་དུ་འབྱུང་སྟེ། མཉམ་བཞག་བདེ་སྟོང་གི་ཡེ་ཤེས་དང༌། ཕལ་ཆེར་རྗེས་ཐོབ་སྒྱུ་མ་ལྟ་བུ་ཙམ་པོའམ། རེས་འགའ་ལྷ་སྐུ་སྒྱུ་མ་ལྟ་བུ་ཡང་འབྱུང་སྟེ་ཉམས་མྱོང་ཆུང་ངུའི་ཚད་དུ་ཕྱིན་པ་ཞེས་བྱ་ལ་མན་ངག་དང་པོ་འདི་མཐར་ཕྱིན་པ་ཡིན་ནོ། །འདི་ལ་སྤོང་སྒོམ་བྱེད་ན་ཟླ་བ་ཨཱ་ལི་ཀཱ་ལི་ཧཱུཾ་བཅས་ལ་སེམས་འཛིན་པ་དང༌། དེ་ལྷར་གྱུར་པ་དང༌། བསྡུས་ནས་ཐིག་ལེར་གྱུར་པ་དང༌། ན་ད་དང་སྟོང་པ་དང་ཡོངས་རྫོགས་ཏེ་དམིགས་སྐོར་དྲུག་ཏུ་བཅད་ན་ལེགས་སོ། །བསྡུད་རིམ་


TNT08_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམིགས་པ་འདི་ནི་གཞུང་འགྲེལ་འགངས་ཆེ་བ་རྣམས་ཀྱི་དགོངས་པ། ལོ་པཎ་ཕལ་ཆེར་གྱི་ལུགས་ཏེ་དམིགས་པ་རྒྱས་པའོ། །ཡང་དཀྱིལ་འཁོར་གྱི་དབུས་ན་རང་ཕྱག་བཅུ་གཉིས་པའི་ལྟེ་བར་ཧཱུཾལས་རྡོར་སེམས་ཧེ་རུ་ཀ་ཡབ་ཡུམ། དེའི་ཐུགས་ཀར་ཟླ་བ་ལ་ཧཱུཾ། དེའི་འོད་ཟེར་ནང་ནས་རིམ་གྱིས་ཕར་སྤྲོས་ཏེ། སྣོད་བཅུད་ཐམས་ཅད་ལ་ཕོག་པས་འདར་ཞིང་གཡོ་བ་ནི། རྡོ་ཁབ་ལེན་དང་ལྕགས་ཕྱེའི་དཔེ་དང་འདྲ། དེ་རྣམས་འོད་དུ་ཞུ། སྲུང་འཁོར་ལ་ཐིམ་དེ་ནས་སྲུང་འཁོར་དང་དུར་ཁྲོད་དང་འཁོར་ལོ་ལྔ་རྣམས་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་རིམ་གྱིས་བསྡུས་ནས་གཙོ་བོ་ལ་ཐིམ་པ་ནི། ལྕི་བས་དངུལ་ཆུ་བསྡུད་པའི་དཔེ་དང་འདྲ། ཞལ་ཕྱག་ལྷག་མ་རྩ་བའི་ཞལ་ཕྱག་ལ་བསྡུ་བ་ནི། རུས་སྦལ་ཡན་ལག་བསྐུམ་པ་དང་འདྲ། ཡུམ་ཡབ་ལ། ཡབ་ཉིད་རྡོར་སེམས་ཡབ་ཡུམ་ལ། རྡོ་རྗེ་སྙེམས་མ་ཡང་ཡབ་ལ། དེ་ཧཱུཾ་ལ། ཧཱུཾ་ཐིག་ལེའི་བར་དུ་བསྡུ་བ་ནི་སྐར་མདའ་གཅིག་ལ་གཅིག་ཐིམ་པ་དང་འདྲའོ། །དེ་ཡང་ན་ད་ལ་ཐིམ་པ་དང་ན་ད་ཡང་སྟོང་པའི་བར་དུ་བསྡུ་བ་ནི། ལན་ཚྭ་ཆུ་ལ་ཐིམ་པ་དང་འདྲ་སྟེ་རྩ་བའི་དཔེ་ལྔའོ། །འདིར་སྤྲོས་མེད་དང་གོང་གི་སྤྲོས་པ་གཉིས་པོ་གར་མཁན་དང་ཆ་ལུགས་སམ། ཉི་མ་དང་འོད་ཟེར་རམ། རྒྱ་མཚོ་དང་རླབས་ལྟ་བུ་ཡིན་ལ། སྟོང་པའི་ངང་ལས་སྔོན་བཞིན་ལངས་པ་ནི། དེ་དག་ཟུང་དུ་འཇུག་པ་མཚོ་དང་རླབས་དབྱེ་བ་མེད་པ་དང་འདྲ་སྟེ་ཡན་ལག་གི་དཔེ་བསྟན་པ་ཡིན་ནོ་ཞེས་འཆད་དེ་དཔེ་རེ་ལ།


TNT08_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྐོར་རེ་བྱས་ནའང་ལེགས་སོ། །འདི་ནི་ཕམ་ཐིང་པའི་མན་ངག་ལས་འབྱུང་བ་དམིགས་པ་ཅུང་ཟད་བསྡུས་པའི་ལུགས་ཡིན་ལ། འདི་ལ་ཡང་གཙོ་རྐྱང་ཙམ་ལས་མ་བསྒོམ་ན། དེའི་དམིགས་པའི་འདོར་ལེན་བྱའོ། །འདི་སྔར་གྱི་དང་འདམ་ཁ་ཡིན་པས་དམིགས་སྐོར་གསུམ་པར་འདུས་སོ། །དམིགས་པ་འདི་དག་ཅུང་ཟད་གོམས་པས་གཉིད་མཐུག་པོའི་འོད་གསལ་དང༌། རྨི་ལམ་ལྷ་སྐུའམ། རྩ་ཐིག་གི་སྣང་བ་དང༌། ཐིག་ལེ་རྒྱས་པའི་ཉམས་སོགས་རང་ཤར་དུ་བྱུང་ན་ནི་ལེགས། མ་བྱུང་ན་ཟླ་བ་ཐིག་ལེའམ། བདེ་མཆོག་རྡོར་སེམས་དེ་ཉིད་སྙིང་གར་བཀོད་པས་གཉིད་ཀྱི་འོད་གསལ་དང༌། མགྲིན་པར་བཀོད་པས་རྨི་ལམ་གྱི་ལྷ་སྐུ་སོགས་འབྱུང་བ་དང༌། སྤྱི་བོ་དང་གསང་བར་བཀོད་པས་བདེ་བའི་ཉམས་ཁྱད་པར་ཅན་སྐྱེ་ཞིང་ཕོ་ཉའི་ལམ་སྒོམ་པ་ལ་ཤིན་ཏུ་མཁོ་བར་འགྱུར་རོ། །གཉིས་པ་རགས་པ་རླུང་གི་བཟླས་པའི་མན་ངག་ནི། རང་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ལྟེ་བ་སྤྲུལ་འཁོར་ནང་སྐོར་རྩ་འདབ་བཞི་པ། རྩ་ཉིད་ཀྱི་གཟུགས་སམ། སྣ་ཚོགས། པདྨའི་རྣམ་པར་བསྒོམ། མདུན་གྱི་འདབ་མ་ལས་རླུང་གི་རང་བཞིན་ལ་ཡིག་སེར་པོ་དང༌། གཡོན་དུ་ཆུ་རླུང་གི་རང་བཞིན་ཝ་ཡིག་དཀར་པོ་དང༌། རྒྱབ་ཏུ་མེ་རླུང་གི་རང་བཞིན་ར་ཡིག་དམར་པོ་དང༌། གཡས་སུ་རླུང་གི་རླུང་ཡ་ཡིག་ལྗང་ཁུའམ་ནག་པོ་དང༌། དབུས་སུ་ནམ་མཁའི་རླུང་ཧ་ཡིག་སྔོ་སངས་རྣམས་གསལ་བཏབ་སྟེ་དམིགས་སྐོར་གཅིག་གོ །དེ་ནས་དབུགས་རང་བཞིན་གྱི་ཕྱི་ནང་དུ་རྒྱུ་བ་ལ།


TNT08_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ལ་ཡིག་ལས་འོད་ཟེར་སེར་པོ་དར་གྱི་རྣལ་མ་ཙམ། དབུ་མ་ཡོད་པའི་ཐད་ཀྱི་ལུས་ཀྱི་དབུས་ནས་ཡར་གྱེན་དུ་བྱུང༌། རླུང་གང་ནས་རྒྱུ་བའི་ངོས་ཀྱི་སྣ་བུག་ནས་ཕྱིར་སོང༌། སོར་བཅུ་དྲུག་ཙམ་དུ་འཐོན་ཟེར་ཡང༌། སོར་བཅུ་གཉིས་སུ་འཐོན་པར་བསམ། ཡང་དབུགས་ནང་དུ་འཇུག་པ་ན། ཇེ་ཐུང་ཇེ་ཐུང་ལ་ནང་དུ་རྡོགས་ཏེ་ལ་ཡིག་ཐིམ་བསམ་པ་ཐུན་གྱི་ཕྱེད་སྒོམ། ཡང་དབུས་ཀྱི་ཧ་ལས་འོད་ཟེར་སྔོན་པོ་ཡང་སྔར་བཞིན་ལས། སྣ་སྒོ་ནས་སོར་བཅུ་དྲུག་ཙམ་དུ་འགྲོ་འོང་བྱེད་པ་ཐུན་གྱི་ཕྱེད་ཙམ་བསྒོམ་པར་བྱ་སྟེ། དེས་དུ་བ་ལྟ་བུའི་རྟགས་འབྱུང་ངོ༌། །དམིགས་སྐོར་གཉིས་སོ། །དེ་ནས་ཐུན་ཆུང་རེའི་འགོ་སོགས་དམིགས་པ་གསལ་འདེབས་རེས་ཀྱིས་ལ་ཡིག་ཝ་ཡིག་ལ་ཐིམ་པར་བསམ། ཐུན་ཕྱེད་དུ་དེ་ལས་འོད་ཟེར་དཀར་པོ་སྣ་སྒོ་ནས་སོར་བཅུ་གསུམ་ཙམ་དུ་འགྲོ་འོང་དང༌། ཐུན་ཕྱེད་དབུས་ནས་བྱ་སྟེ་སྔར་བཞིན་བསྒོམས་པས། སྨིག་སྒྱུ་ལྟ་བུའི་རྟགས་འབྱུང་ངོ༌། །དམིགས་སྐོར་གསུམ་མོ། །དེ་ནས་ཝ་གསལ་འདེབས་རེས་ཀྱིས་ཝ་ཡིག་ཀྱང་ར་ཡིག་ལ་ཐིམ། དེ་ལས་འོད་ཟེར་དམར་པོ་སོར་བཅུ་བཞི་ཙམ་དུ་འགྲོ་འོང་དང་དབུས་ཀྱི་སོགས་སྔར་བཞིན་བསྒོམས་པས། མེ་ཁྱེར་ལྟ་བུའི་རྟགས་འབྱུང་ངོ༌། །དམིགས་སྐོར་བཞིའོ། །དེ་ནས་ར་ཡིག་ཀྱང་ལ་ཡིག་ལ་ཐིམ། དེ་ལས་འོད་ཟེར་ལྗང་ཁུའམ་ནག་པོ་གང་རུང་སོར་བཅོ་ལྔ་ཙམ་དུ་འགྲོ་འོང་དང་དབུས་ཀྱི་སོགས་སྔར་བཞིན་བསྒོམས་པས། མར་མེ་འབར་བ་ལྟ་བུའི་རྟགས་འབྱུང་


TNT08_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །དམིགས་སྐོར་ལྔའོ། །དེ་ནས་དམིགས་པ་གསལ་འདེབས་རེས་ཀྱི་ཡ་ཡིག་ཀྱང་དབུས་ཀྱི་ཧ་ལ་ཐིམ་པར་བསམ། ཐུན་རིལ་གྱིས་ཧ་ཡིག་ཁོ་ན་ལས་འོད་ཟེར་སྔོན་པོའི་འགྲོ་འོང་སྔར་བཞིན་བྱས་པས། ནམ་མཁའ་སྤྲིན་མེད་པ་ལྟ་བུའི་རྟགས་འབྱུང་ངོ༌། །དམིགས་སྐོར་དྲུག་གོ །དེ་ནས་དབུས་ཀྱི་ཧ་ལས་འོད་ཟེར་འབྱུང་འཇུག་མེད་པར་དེ་ཉིད་ཁོ་ན་ལ་ཡིད་བརྟད་དེ། བུམ་པ་ཅན་སྦྱོར་བ་བཞི་ལྡན་ལ་འབད་པས། ནམ་མཁའི་དབུས་སུ་སྲིད་པ་གསུམ་ཁྱབ་པ་ལྟ་བུའི་རྟགས་འབྱུང་སྟེ་རླུང་རགས་པ་རྣམས་དབང་དུ་འདུ་བར་འགྱུར་རོ། །དམིགས་སྐོར་བདུན་ནོ། །འདི་ནི་རྩ་བའི་དམིགས་པ་སྟེ་གཉིད་སད་དུས་ཀྱི་ཉམས་ལེན་ཡིན་ལ། འདིས་མཉམ་བཞག་བདེ་སྟོང་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུ་འབྲིང་པོའི་ཚད་དུ་ཕྱིན་པར་འགྱུར་རོ། །སྐབས་འདིར་གཉིད་ལོག་ཁར་འདུན་པ་བསྒྱུར་བ་ཙམ་གྱིས་གཉིད་ཀྱི་འོད་གསལ་དང༌། རྨི་ཉམས་སྣ་ཚོགས་པ་འཆར་བར་འགྱུར་མོད། འོན་ཀྱང་དེ་དག་གི་ཉམས་མྱོང་སྐྱེ་སླ་བ་དང༌། སྐྱེས་པ་མཐའ་དབུས་མེད་པར་འཕེལ་བའི་ཕྱིར་དང༌། གནས་སོ་སོའི་རྩ་མདུད་གྲོལ་བར་བྱ་བའི་ཕྱིར་དམིགས་པ་སྤྲོ་བ་ནི། སྙིང་གར་གོང་བཞིན་རྩ་འཁོར་དང་ཐིག་ལེ་ལྔ་པོ་བསྒོམ། དབུས་ཀྱི་ཡི་གེ་ཁོ་ན་ལས་འོད་ཟེར་སྔོན་པོའི་འགྲོ་འོང་ལ་ཡང་ཡང་བསླབ་ཅིང༌། ཉལ་ཁར་ཡང་དེ་བཞིན་བསྒོམས་པས། གཉིད་ཀྱི་འོད་གསལ་བདེ་སྟོང་ཁྱད་པར་ཅན་འགྲུབ་པ་དང༌། མགྲིན་པར་དེ་བཞིན་བཀོད་དེ་བསྒོམས་པས། དང་པོར་རྨི་ཉམས་སྣ་ཚོགས་པ་འཆར་ཞིང༌།


TNT08_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རྨི་ལམ་ལྷ་སྐུ་དང༌། བདེ་སྟོང་ཟུང་འཇུག་ཏུ་འགྱུར་རོ། །སྤྱི་བོར་ཡང་དེ་བཞིན་བསྒོམས་པས། ཐིག་ལེ་རྒྱས་པ་དང༌། མས་བརྟན་གྱི་ཚེ་བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་གནས་དེར་འགྲོ་བར་འགྱུར་བ་དང༌། གསང་བར་བསྒོམས་པས་བདེ་སྟོང་གི་ཉམས་འཕེལ་ཞིང་བྱང་ཆུབ་ཀྱི་སེམས་གནས་དེར་འཆིངས་པར་ནུས་སོ། །ཐུར་སེལ་གྱི་འགྲོ་འོང་བྱེད་ཚུལ་གདམས་པ་འདི་སྐོར་ན་གསལ་ཁ་མེད་ཀྱང་སྒོམ་པར་སྤྲོ་ན་སྤྱི་དང་འདྲའོ། །གསུམ་པ་ཕྲ་བ་རྡོ་རྗེའི་བཟླས་པའི་མན་ངག་འདི་ལ་སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ནི་དམིགས་པའི་གཞི་སྔར་གྱི་དེ་དང་ཕྱོགས་འདྲ་བ་ལས་ཡི་གེའི་དོད་དུ་ཐིག་ལེ་སྒོམ་པ་སྟེ། མདུན་དུ་ཐིག་ལེ་སེར་པོ། གཡོན་དུ་དཀར་པོ། རྒྱབ་དུ་དམར་པོ། གཡས་སུ་ལྗང་ནག དབུས་སུ་སྔོན་པོ་རྣམས་གསལ་བཏབ་ལ། རླུང་བུམ་ཅན་སྦྱོར་བ་བཞི་ལྡན་ཉིད་བསྒོམ། རླུང་ཕྱིར་འགྲོ་བའི་ཚེ་འོད་ཀྱི་སྐུད་པ་སྔར་བཞིན་སྤྲོ་བ་ལས། ཡི་གེ་ཧཱུཾ་གི་སྒྲ་དབྱངས་ཅན་དུ་སོང༌། ནང་དུ་རྔུབ་པ་ནའང་གཞན་སྔར་དང་འདྲ་བ་ལས། ཨོཾ་གྱི་གདངས་དང་ལྡན་པར་བསམ། གནས་པའི་ཚེ་ཐིག་ལེ་ཉིད་ལ་ཨཱཿཞེས་པའི་སྒྲ་ཡོད་པར་མོས་ཤིང་རླུང་བཟུང་འདི་ལ་རྔུབ་ཆུང་བྱེད་དགོས་པས། རྔུབ་ཆུང་གི་སྐབས་དེ་ལ་སེམས་བརྟོད་པ་ཁོ་ན་མ་གཏོགས། དམིགས་པ་གཞན་མི་དགོས་ཏེ། དམིགས་པ་དང་ཉམས་རྟགས་གཞན་ཐམས་ཅད་གོང་མ་དང་འདྲའོ། །འདི་བསྒོམས་པས་མཉམ་བཞག་བདེ་སྟོང་དང་རྗེས་ཐོབ་སྒྱུ་མ་ལྟ་བུ་ཆེན་པོའི་ཚད་དུ་ཕྱིན་པར་འགྱུར་རོ། །


TNT08_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡང་སྙིང་གར་བསྒོམས་པས་གཉིད་མཐུག་པོའི་འོད་གསལ་དང༌། མགྲིན་པར་བསྒོམས་པས་རྨི་ལམ་བདེ་བའི་ལྷ་སྐུ་དང༌། སྤྱི་བོ་དང་གསང་བར་བསྒོམས་པས་བདེ་ཆེན་གྱི་བོགས་འདོན་དུ་འགྱུར་ཚུལ་སྔར་བཤད་པ་རྣམས་དང་འདྲའོ། །གཉིས་པ་དངོས་གཞི་ནི་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ལྟེ་འོག་སོར་བཞི་ནས་ལྟེ་བའི་བར་དུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་ཐུར་དུ་བསྟན་ཞིང་གདེངས་ག་ཆེ་བ་གྱེན་དུ་ཕྱོགས་པ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན་སྤྱི་དང་འདྲ་བ་ལ། ཡར་སྣ་སྤྱི་བོ་ལ་ཟུག་པའི་ནང་དུ་ཧཾ་དཀར་པོ་མགོ་བོ་ཐུར་བསྟན། དེའི་ཐད་ནས་དབུ་མའི་ཡལ་ག་གྲོ་སོག་སྦོམ་ཤོས་ཙམ་ཞིག་མདུན་དུ་འཁྱོགས་ནས་སྨིན་མཚམས་སུ་ཟུག །དེའི་ནང་དུ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཕར་འགྲོ་ཚུར་འགྲོ་བྱེད་པ་གཅིག་བསྒོམ། དབུ་མའི་མས་སྣ་ཆོས་འབྱུང་གི་རྩ་བའི་ནང་ངོས་སུ་ཟུག་པའི་ནང་ན་ཀྵ་དམར་ནག ཆོས་འབྱུང་གི་ཁ་མཚམས་དང་མཐོ་དམན་མཉམ་པའི་དབུ་མའི་ནང་དུ། ཨཾ་ཡིག་གམ་ཨ་ཤད་དམར་སྐྱ་གཅིག་བསྒོམ། ཀྵ་ལས་མེ་ལྕེ་ཟངས་ཀྱི་ཁབ་ལྟ་བུར་འབར་བ་ཨཾ་ཡིག་དེ་ལ་རེག་གེ་བ་དང༌། ཨཾ་དེ་ལས་མེ་ལྕེ་དམར་སྐྱ་ཟླུམ་པོ་རྩེ་མོ་ཅུང་ཟད་དང་བཅས་པ་གཅིག་འབར་བར་བསམ། ཧཾ་གི་མགོ་བོ་ནས་དབུ་མའི་དབུས་ཐོག་ཐག་ཏུ་གྲོ་སོག་ཙམ་པའི་འོད་དཀར་པོའི་སྦུབས་ཉམས་བདེ་བ་དང་ལྡན་པ་གཅིག་མར་འཕྱང་བ་དེ་ལྟེ་བའི་མེ་ལ་མཐེ་བོའི་ལྟོ་གང་གི་ཚད་ཙམ་མ་རེག་ཙམ་དུ་བསྒོམ། རླུང་བུམ་ཅན་སྤྱི་དང་མཐུན་པར་བཟུང༌། རླུང་ནང་དུ་འཇུག་དུས་སྨིན་མཚམས་ཀྱི་


TNT08_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དེ་ཧྲིལ་ལི་ལི་ཚུར་འོངས། སྤྱི་བོའི་ཧཾ་ལ་ཐིམ། དེའི་ལྕིད་ཀྱིས་ནོན་ཏེ་ཧཾ་ལས་ཐིག་ལེ་དེ་འདྲ་བ་ཞིག་ཟེགས་ཏེ་འོད་ཀྱི་སྦུབས་ནང་ནས་མར་སོང༌། ཨོཾ་གྱི་སྒྲ་དབྱངས་ཅོང་སྒྲ་དང་བཅས་ཤིང་བདེ་རིལ་ལི་ལི་བབས། ལྟེ་བའི་མེ་ལྕེའི་སྟེང་དུ་སླེབ་པར་བསམ། རླུང་འཛིན་པའི་ཚེ། ཐིག་ལེ་དེ་མེའི་དྲོད་ཀྱི་ཞུ་ནས་ཅི་ལི་ལི་ཁོལ་བས་ལུས་སེམས་བདེ་བས་ཁྱབ་པར་བསམ། ཨཱཿཡིག་གི་གདངས་ཡིད་ལ་བྱེད། རླུང་ཕྱིར་འབུད་པའི་སྐབས། ཐིག་ལེ་དེ་གྱེན་དུ་སྦར་གྱིས་འཕགས་ཏེ་མེ་དང་བྲལ་བ་ན། ཁུ་འཕང་གི་འབྲུ་བཞིན་སྐྱ་ཧྲིལ་གྱིས་འགྲིལ། འོད་དཀར་པོའི་སྦུ་གུའི་ལམ་ནས་ཞུགས་ཧཱུཾ་གི་སྒྲ་དང་བཅས་འུར་རུ་རུ་བདེ་རིལ་ལི་ལི་ཡར་སོང༌། སྤྱི་བོའི་ཧཾ་ལ་ཐིམ། རླུང་ཕྱིར་ཅུང་ཟད་བཟུང་བའི་སྐབས། ཧཾ་ལས་ཐིག་ལེ་དེ་འདྲ་ཞིག་ཐོན་ནས། སྨིན་མཚམས་ཀྱི་བར་ལ་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་སྒྲ་དང་བྲལ་བར་བསྒོམ། དེ་ལྟར་ཡང་དང་ཡང་དུ་བསླབས་པས། རླུང་སེམས་ཤིན་ཏུ་ཕྲ་བ་རྣམས་དབུ་མར་འགག་ཅིང༌། མཉམ་བཞག་བདེ་སྟོང་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་རབ་ཀྱི་མཐར་ཕྱིན་པར་འགྱུར་རོ། །གཏུམ་མོའི་དམིགས་པ་འདིའི་སྐབས་སུ། དྲོད་ཆུང་ན་ཨཾ་ཡིག་ལས་མེ་ཇེ་རིང་ཇེ་རིང་དུ་འབར་ཞིང་མེ་འོད་ཀྱིས་རྩ་གནས་ཐམས་ཅད་ཁྱབ་པ་བསྒོམ། བདེ་བ་ཆུང་ན་རླུང་ཐེངས་རེ་ལ་ཡང་ཐིག་ལེ་ཡུངས་འབྲུ་འདྲ་བ་དེ་ལྟ་བུ་ལན་གསུམ་མམ་ལྔ་རིམ་གྱིས་བབས་ཏེ་ཁོལ་བ་སོགས་རིམ་གྱིས་བསྒོམ། ད་དུང་བདེ་ཉམས་ཆུང་ན་ཐིག་ལེ་ན་ར་ར་བབས་པར་བསྒོམ། སྐབས་འདིར་མི་སྤྲོ་ན་


TNT08_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འབྲུ་གསུམ་གྱི་གདངས་རང་བཅས་སུ་གྲུབ་པས་མ་སྒོམས་ཀྱང་ཆོག་གོ །མན་ངག་སྔ་མ་རྣམས་ལ་ཉམས་མྱོང་ཐོན་པར་ཡོད་ན། སྐབས་འདིར་གཉིད་དང་རྨི་ལམ་གྱི་གདམས་ངག་ལོགས་པ་མི་དགོས་ལ། འདི་ཉིད་ཐོག་མ་ནས་བསྒོམ་པ་ཡིན་ན་དགོས་མོད་ཀྱང་ཐིག་ལེ་བསྡུ་བའི་སྐབས་དང་འདྲ་བའམ་འབར་འཛག་ཉིད་ལ་དམིགས་པ་བརྟད་པས་ཀྱང་རུང་ངོ༌། །དེ་ལྟར་ན་མན་ངག་དེ་རྣམས་ལམ་ཁྲིགས་ཆགས་ཀྱི་དབང་དུ་བྱས་ནས། དང་པོས་རླུང་འདུ་ཞིང་རྩ་ལམ་སྦྱོང༌། གཉིས་པས་རྩ་མདུད་ལྷོད་པོར་བྱེད་ཅིང་རླུང་བྱང་བར་འགྱུར། གསུམ་པས་སྔོན་འགྲོའི་རླུང་དང་ཐིག་ལེ་འཆིང༌། དངོས་གཞིས་རླུང་སེམས་དབུ་མར་འགགས་ཤིང་ཐིམ་པར་བྱེད། དེ་དག་རྣལ་འབྱོར་གྱི་ལམ་གཙོ་བོར་བསྒོམས་པ་ཡིན་ན། གསུམ་པའི་སྐབས་སུ་ཕོ་ཉའི་ལམ་གྱིས་བོགས་འདོན་ཞིང༌། དང་པོ་ཉིད་ནས་ཕོ་ཉའི་ལམ་གཙོ་བོར་བསྒོམས་ན། རྣལ་འབྱོར་ལམ་འདི་དག་གིས་བོགས་འདོན་པར་བྱེད། གཉིས་པོ་ཆ་མཉམ་དུ་བསྒོམས་ན། རྩལ་འགྲན་པའི་ཚུལ་གྱིས་འཇུག་པ་གཅིག་ཏུ་དྲིལ་བར་འོང་ལ། ཡང་ལམ་བློ་ཆོད་ཀྱི་དབང་དུ་བྱས་ན། བསྡུ་བ་གསུམ་དང་གཏུམ་མོ་སྟེ། བཞི་པོ་ལས་རེ་རེ་ཁོ་ན་བསྒོམས་ཏེ་ཕོ་ཉའི་ལམ་གྱིས་བོགས་ཕྱུང་ན་ལམ་ཡོངས་སུ་རྫོགས་པར་འགྱུར་བར་བཞེད་དོ། །དེ་ལྟར་ཡང༌། རྣལ་འབྱོར་ལམ་གྱི་དབང་དུ་བྱས་ནས། གཞུང་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོས་ངལ་གསོ་བྱ། །ཞེས་པས་མན་ངག་དང་པོ་དང༌། ཟླ་བའི་དཀྱིལ་


TNT08_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྫོགས་པ་ན། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཞེས་པ་ལ་ལྟེ་བ་ནི་རྩ་འཁོར་ལོ་བཞིའམ་ལྔའི་ལྟེ་བ་ཡིན་ཞིང༌། དེ་དག་ཏུ་ཟླ་བ་བྱང་ཆུབ་ཀྱི་སེམས་གྱི་འགྲོ་འོང་ལ་སློབ་པར་བསྟན་པས། མན་ངག་ཕྱི་མ་གཉིས་ནི་དབུ་མར་རླུང་དང་ཐིག་ལེ་འགྲོ་འོང་གི་དོན་ཡིན་པས་ཚིག་དེས་བསྟན་པར་འགྱུར་རོ། །ཡི་གེ་མཆོག་ཏུ་གྱུར་པའི་གནས། །དེ་ཡི་དབུས་སུ་བསམ་པར་བྱ། །ཞེས་པ་ནི་ཞུ་བདེ་འགྱུར་མེད་གྲུབ་པ་སྟེ། དེ་རྣམས་ཀྱི་འབྲས་བུ་ཡས་བབས་ཀྱི་དགའ་བའི་ས་བཞིའོ། །ཕོ་ཉའི་ལམ་ལ་སྦྱར་ན། ཨཱ་ལི་ཀཱ་ལི་སོགས་ནི་རླུང་སྦྱང་བ་ཡིན་ལ། ཟླ་བའི་དཀྱིལ་འཁོར་སོགས་ནི་དངོས་གཞི་དབབ་བཟློག་གི་མན་ངག་སྟེ་ཡི་གེ་མཆོག་ཏུ་གྱུར་པ་ཞེས་སོགས་ནི་སྔ་མ་དང་འདྲའོ། །མན་ངག་དེ་དག་ལས། དང་པོའི་སྐབས་སུ་ལུགས་གཉིས་ཀྱི་རྡོ་རྗེ་སེམས་དཔའ་བསྡུ་བའི་དམིགས་པ་འདམ་ཁ་དང༌། ཕྱི་མ་གཉིས་པོ་མལ་ལུགས་ཅུང་རྒྱས་པར་སྣང་བ་ལྟར། ལུགས་དེའི་མན་ངག་སྨར་ཁྲིད་ལྟར་བཀོད་པ་ཡིན་ལ། འོན་ཀྱང་མལ་ལུགས་ལ་ནི་སྐབས་འདིར་གཏུམ་མོ་སྒོམ་པ་མི་སྣང་ཞིང༌། པཎྜི་ཏ་བི་བྷུ་ཏི་ཙནྡྲའི་བཞེད་པས་ནག་པོ་པའི་གཏུམ་མོ་ལམ་རྫོགས་སྐབས་འདིར་སྦྱོར་བ་མཛད་ཀྱང༌། འདིར་བཀོད་པ་དེ་དག་ཁྱད་པར་གྱི་མན་ངག་སྟེ་པུ་རང་ལོ་ཆུང་དང་མར་པ་དོལ་པའི་མན་ངག་ཡིན་ནོ། །ཕྱིས་ས་ལུགས་པར་འདོད་པ་རྣམས་ཀྱིས། རྫོགས་རིམ་བསྡུ་བ་གསུམ་གྱི་ཁྲིད་ཡིག་ཏུ་རློམ་པ་འགའ་ཏེ་ཙམ་སྣང་ཡང༌། རྗེ་བཙུན་ཆེན་པོའི་སྒྲུབ་ཐབས་ཀྱི་


TNT08_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གཤམ་ན། དམིགས་པའི་དངོས་གཞི་མདོ་ཙམ་སྨོས་ནས། ལག་ལེན་མན་ངག་ཏུ་ལྟོས་པར་མཛད་འདུག་པའི་དཀྱུས་ཀྱི་ཚིག་ཀྱང་དེའི་བྲིས་བཤུས་ཙམ་ལས་སྨར་ཁྲིད་ལག་ལེན་ཕྱོགས་ཙམ་ཡང་སྟོན་རྒྱུ་མ་འདུག་པས་ཁྲིད་ཡིག་བརྩམས་པ་ལ་དགོས་ནུས་ལྷག་པོ་ཅི་ཡང་མེད་དོ། །གཉིས་པ་འབྲས་བུ་ཡོན་ཏན་ལ་རང་དབང་འབྱོར་བའི་རྫོགས་རིམ་ནི། གོང་དུ་བཤད་པའི་མན་ངག་དེ་དག་གི་བྱེད་ལས་མཐར་ཕྱིན་པ་ན། གཞུང་ལས། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། གནས་སྐབས་ཀྱི་རྡོ་རྗེའི་སྐུ་པྲ་ཕབ་བརྒྱད་དང་མཚུངས་པ་ཐོབ་པར་འགྱུར་བ་དང༌། དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་སེམས་ཉིད་ཡིན། །སེམས་ཉིད་བསམ་པར་མི་བྱའོ། །ཞེས་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཐོབ་ཅིང་སྤྱི་དང་ཁྱད་པར་གྱི་རིག་པའི་བརྟུལ་ཞུགས་སྤྲོས་བཅས་སྤྲོས་མེད་གང་ལ་བརྟེན་ཀྱང་རུང་སྟེ། ལྷ་སྐུ་མཁའ་མཉམ་དེ་ཡང་འོད་གསལ་སྟོང་ཉིད་དུ་ཡང་ཡང་སྦྱོང་བ་དང༌། དེའི་འབྲས་བུ་ཉེ་རྒྱུ་མངོན་བྱང་ལ་བརྟེན་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་དང༌། ཡང་ཇི་སྐད་དུ། བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ནས་གཟུངས་ནི་ཐོབ་པར་འགྱུར། ཁཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །མྱ་ངན་འདས་བྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །


TNT08_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ་ནི། ཟུང་འཇུག་གི་རིམ་སྟེ། དེ་ལྟར་སྐུ་དང༌། འོད་གསལ་དང༌། ཟུང་འཇུག་གསུམ་པོ་དེ་ནི། བདེ་སྟོང་རྣམ་པར་མི་རྟོག་པའི་རང་རྩལ་ལས་འབྱུང་བའི་ཕྱིར། རྟོག་སྒོམ་གྱི་དམིགས་པ་ལ་བལྟོས་མི་དགོས་ལ། འོན་ཀྱང་ལས་དང་པོ་པ་དག་གིས་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སྒོམ་པར་སྤྲོ་ན། ངལ་གསོ་རྣལ་འབྱོར་ཆེན་པོའི་མན་ངག་ཉིད་ལ། དེ་གསུམ་དུ་མོས་པ་བྱས་ཏེ་སྒོམ་པ་ཉིད་ཡིན་ནོ། །ཡང་དཔལ་ལྡན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཀྱི་མན་ངག་ལས་འདི་སྐད་ཅེས། དེ་ནས་རྫོགས་པའི་རིམ་པ་ལ་འཇུག་པར་འདོད་པས། ཟླ་བ་ཕོ་ཉའི་ལམ་པ་དང༌། །ཉི་མ་ལུས་ཀྱི་དཀྱིལ་འཁོར་ཏེ། །ཐིག་ལེ་བཞི་ནི་ཡེ་ཤེས་ཡིན། །ཡོངས་སུ་དག་པ་འོད་གསལ་བ། །དཔེར་ན་ནམ་མཁའི་མཚན་ཉིད་དོ། །རང་བཞིན་མེད་པ་ཟུང་འཇུག་སྟེ། །དཔེ་ནི་རྣམ་པ་གསུམ་གྱིས་བསྟན། །བསྐྱེད་དང་རྫོགས་པའི་རིམ་པ་ནི། །རྣལ་འབྱོར་པ་ཡིས་ལམ་ཁྱེར་རོ། །ཞེས་གསུངས་ཏེ། སློབ་དཔོན་ཆེན་པོ་ལཱུ་ཡི་པའི་སྒྲུབ་ཐབས་ཀྱི་ལུགས་འདིའི་རྫོགས་རིམ་གྱི་དོན་བསྡུ་ལེགས་བཤད་བླ་ན་མེད་པ་ཡིན་ནོ། །དེ་ལྟར་ན་སོ་སོ་ཐད་ཀའི་ཉམས་མྱོང་འཆར་ཚུལ་སྣ་ཚོགས་པ་དང་གེགས་སེལ་བ་དང༌། བོགས་འདོན་པ་དང༌། ལས་དང་པོ་པ་ནས་རྫོགས་པའི་སངས་རྒྱས་ཀྱི་བར་གྱི་ལམ་བགྲོད་ཚུལ་གྱི་རིམ་པ་མཐའ་གཅོད་དང་བཅས་པ་རྣམས་ཀྱང་ལེགས་པར་རྟོགས་དགོས་ཏེ་གཞན་དུ་


TNT08_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱའོ། །གནད་མཐར་ཐུག་པ་རྣམས་ནི་བླ་མ་དམ་པའི་ཞལ་ལུང་ཁོ་ན་ལས་སོ། །ཤིན་ཏུ་ཟབ་མོའི་མན་ངག་འདི། །བཤད་ལས་དགེ་བ་གང་ཐོབ་དེས། །མཁའ་མཉམ་འགྲོ་བ་མ་ལུས་པ། །དཔལ་ལྡན་ཧེ་རུ་ཀར་གྱུར་ཅིག །དཔལ་འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཡིག་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུ་དག།མངྒལཾ།། །