Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
དཔལ་འཁོར་ལོ་སྡོམ་པའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ།
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ།next

དཔལ་འཁོར་ལོ་སྡོམ་པའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ།


TNT08_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ་བཞུགས།


TNT08_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འདིར་དཔལ་འཁོར་ལོ་སྡོམ་པའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ་ནི། དང་པོར་གནས་ཡིད་དང་མཐུན་པར་ཇི་སྲིད་མཚམས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ། དགྲའི་འཇིགས་པ་ལ་སོགས་པ་མཚམས་གློ་བུར་དུ་འགྲོལ་དགོས་པའི་རྐྱེན་མི་འབྱུང་བའི་སར། དང་པོར་ཞག་འགའ་སྐྱབས་འགྲོ་སེམས་སྐྱེད་ལ་ནན་ཏན་བྱ་ཞིང༌། དེ་ནས་ཀྱང་ཟླ་བ་གཅིག་གཉིས་སམ་མ་མཐའ་ཞག་བཅུ་ཙམ་དུ་ཡི་གེ་བརྒྱ་པ་ཉིད་ཅི་ནུས་སུ་བགྲོང༌། །ཕྱག་དང་བསྐོར་བ་ལ་སོགས་པ་ཆོས་སྤྱོད་འགྲུབ་ཚད་བྱ། དེ་ནས་སྐྱབས་སེམས་སྔོན་དུ་སོང་བའི་སྒོ་ནས། རང་བདེ་མཆོག་ཕྱག་གཉིས་པར་ལམ་གྱི་གསལ་བཏབ། སུམྦྷའི་སྔགས་ཅི་འགྲུབ་ཏུ་བཟླས་ཞིང་ཐུན་མཚམས་སུ་བླ་མའི་གསོལ་འདེབས་ནན་ཏན་དུ་འབད་པར་བྱ། རིམ་པ་དེ་ཁས། རབ་སུམྦྷ་འབུམ་ཕྲག་བཞི། འབྲིང་འབུམ། མ་མཐའང་བཞི་ཁྲི་སོང་ནས་ཡང་གཞན་འདྲ་བ་ལ། ཕུར་གདབ་ཀྱི་སྔགས་ཁོ་ན་ཞག་བདུན་ལས་མི་ཉུང་བ་དྲག་ཏུ་བཟླ། དེ་ཡན་ཆད་ནི་བསྙེན་པའི་དཀྱུས་ཐོགས་ཀྱི་མགོ་ཡིན་ན་རབ་བསྙེན་པ་དང་


TNT08_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བར་དུ་དུས་གཞན་གྱི་བར་ཆོད་ཀྱང་འགལ་བ་མེད་ཅིང༌། ཐུན་གྱི་སྐབས་ངག་བཅད་བྱ། མཚམས་བྱ་དགོས་པའི་ངེས་པ་མེད། དེ་ནས་བདེ་མཆོག་གི་རྣལ་འབྱོར་པ་ཡིན་ན་རབ། མིན་ནའང་རྣལ་འབྱོར་པ་བཞིར་ལོངས་པའམ་དགེ་སློང་བཞིར་ལོངས་པ་ལ་ཚོགས་བསགས་དང་སྟོན་མོ་བྱ་བསྙེན་པ་མཐར་ཕྱིན་ཞིང་བར་ཆད་མི་འོང་བར་སྨོན་ལམ་བཏབ། བླ་མ་ལ་ཡོན་འབུལ་བ་དང༌། ལྷ་ཁང་དུ་མཆོད་པ་འབུལ་བ་སོགས་བྱས་ནས། བར་ཆད་མི་འབྱུང་ཞིང་དངོས་གྲུབ་ཐོབ་པར་གསོལ་བ་འདེབས། དེ་ཡན་ཆད་ནི་བསྙེན་སྒྲུབ་བྱེད་པའི་གནས་དེ་མ་ཡིན་པ་གཞན་དུ་བྱས་ཀྱང་རུང་ངོ༌། །དེ་ནས་སྒྲུབ་ཁང་གི་ཕྱི་རོལ་དུ་ཐོ་རྩིག་དེ་ཡང་ཕྱོགས་བཞིར་ཐོ་དངོས་མ་འགྲུབ་ན་མཚོན་བྱེད་རེ་བྱ། ཤར་གྱི་ཐོ་ཡུལ་འཁོར་བསྲུང༌། ལྷོ་འཕགས་སྐྱེས་པོ། ནུབ་མིག་མི་བཟང༌། བྱང་རྣམ་ཐོས་སྲས་རྣམས་སུ་སྐད་ཅིག་གིས་བསྐྱེད། རི་རབ་ཀྱི་བང་རིམ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་བཅས་སྤྱན་དྲངས་མཆོད་བསྟོད་བྱ། བསྟོད་པ་ནི་འདི་ལྟར། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མརྒད་


TNT08_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་སྒྱུར་བའི། །ཡུལ་འཁོར་བསྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ་ཕྱག་འཚལ་ལོ། །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་སྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཞེས་པའོ། །མཆོད་པ་དང་གཏོར་མ་རེ་བཤམས་ལ། གཏོར་ཆོག་ལྟར་བྱིན་གྱིས་རླབས་ནས། ཤར་གྱི་ལ་ཨོཾ་དྷི་དྷ་རཥྟ་ཡ་ས་པ་རི་ཝ་ར། ཞེས་པ་ལ། ཨཱ་ཀ་རོ་བཏགས་ཏེ་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱི་མཆོད། བསྟོད་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱི་འདོད་དོན་གསོལ་བ་བཏབ། ཁྱད་པར་དུ་སྒྲུབ་པ་མ་ཐོན་གྱི་བར་དུ་བར་ཆད་ཞི་བའི་འཕྲིན་ལས་བཅོལ། གཞན་འདྲ་བ་ལས། ལྷོར་བི་རུ་ཌྷཱ་ཀ་ཡེ་ས་པ་རི་ཞེས་སོགས་དང༌། ནུབ་ཏུ་མིག་མི་བཟང་ལ་བི་རུ་པཀྵ་ཡེ། བྱང་དུ་བཻ་ཤྲ་བ་ཎ་ཡེ་ཞེས་འདོན་པ་སྤོ། སུ་པྲ་ཏི་ཥྛའི་སྔགས་ཀྱི་བརྟན་བཞུགས་ལན་མང་དུ་བྱ། ཕྱིས་མཁའ་འགྲོ་སྤྱི་གཏོར་འབུལ་བའི་སྐབས་སུ་ཡང་རྒྱལ་ཆེན་བཞི་པོ་རེ་ལ་ཟུར་བསྔོས་ཙམ་བྱ། དེ་ཕྱིན་ཆད་ཐོ་ཕྱིར་མི་འགྲོ། ཞག་འགའི་བར་དུ་ཡི་གེ་བརྒྱ་པ་ཉིད་བསྒྲོང་ཞིང༌། ཐུན་མཚམས་བཞིར་འཇིག་རྟེན་ལས་འདས་པའི་གཏོར་མ་ལན་རེ་རེ་


TNT08_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ནས། མཁའ་འགྲོ་སྤྱི་གཏོར་གང་མང་འབུལ། བར་ཆད་མི་འབྱུང་ཞིང་དངོས་གྲུབ་བཅོལ་བར་གསོལ་བ་མང་དུ་བཏབ། མཁའ་འགྲོ་སྤྱི་གཏོར་མང་དུ་འབུལ་ཚུལ་ནི་ལན་ཇི་ཙམ་འབུལ་བའི་གྲངས་དང་མཐུན་པའི་མཐེབ་ཀྱུ་བྱས་ལ། དང་པོར་ཐམས་ཅད་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབས་ཏེ་འབུལ་བའི་ཚེ། མཐེབ་ཀྱུ་རེ་སྒྲོན། སྔགས་ལན་རེས་ཕུལ་ལ། གསོལ་གདབ་རེ་བྱ། ཐམས་ཅད་རྫོགས་པ་ན་མཆོད་བསྟོད་གསོལ་བཏབ་རྒྱས་པ་བྱ། དེ་ནས་ཞག་འགའ་ཤས་ཀྱི་བར་དུ། ཐུན་གྱི་སྐབས་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལ་འབད། ཐུན་མཚམས་གཏོར་མ་སྔར་དང་འདྲ། དེ་ནས་ཕུར་བུ་བཅུ་ཡོད་ན་དེ་རྣམས་ཀྱི་མཐའ་མ་མཆོད་གཏོར་གྱིས་བསྐོར་སྒོ་མཚམས་མ་བརྒྱད་དང༌། སླར་ཡང་ཁྭ་གདོང་ཁྱི་གདོང་གཉིས་ཏེ་བཅུ་པོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་བསྐྱེད། ཕཻཾ་གྱིས་ཡེ་ཤེས་པ་སྤྱན་དྲངས་དབང་བསྐུར་རྒྱས་བཏབ་བྱ། ཕུར་པ་རེ་རེ་བཞིན་དུ་སྒོ་མཚམས་མ་སོ་སོའི་སྔགས་ཕྲེང་སྐོར་རེ་དང༌། སྤྱི་ཁྱབ་ཏུ་སུམྦྷ་བརྒྱ་རྩ་བརྒྱད་ཕུར་བཏབ་ཀྱི་སྔགས་ཅི་རིགས་དང་བཅས་པ་བཟླ། གཏོར་མ་བྱིན་གྱིས་བརླབས་ཏེ། རང་རང་གི་སྔགས་མཐར་ཨཱ་ཀ་རོ་བཏགས་ཏེ་འབུལ། མཆོད་བསྟོད། བགེགས་ཕུར་བུས་འདེབས་པ་དང༌། བསྙེན་པ་མ་གྲོལ་བར་དུ་བར་ཆད་བསྲུང་བའི་འཕྲིན་ལས་བཅོལ། དམིགས་པ་བསྲུང་འཁོར་བཞིན་དུ་བགེགས་འགུགས་པ་སོགས་བྱས་ཏེ། ཕྱོགས་སོ་སོར་ཕུར་བཏབ་དང༌། ཕུར་བུ་བརྡུང་བའི་སྔགས་ལན་


TNT08_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ་གྱིས་ཕྱོགས་སོ་སོའི་བགེགས་ལ་ཕུར་བུས་འདེབས། དེ་ཡང་སྒྲུབ་ཁང་གི་ཕྱོགས་བཅུར་ཕུར་བུའི་བཞུགས་ཁང་ཡོད་ན། དེར་ཕུར་བཏབ་བྱས་ལ་བཞུགས་སུ་གསོལ། མེད་ན་སྒྲུབ་ཁང་གི་ཕྱོགས་མཚམས་ཀྱི་ཐོག་གམ་ཟུར་ལ་བཏགས། གལ་ཏེ་ཕུར་པ་བཅུ་མ་འཛོམ་ན། བརྒྱད་ལ་སྒོ་མཚམས་མ་བརྒྱད་དུ་བསྐྱེད་དེ་ཤར་གྱི་སྟེང་དུ་ཡང་གདབ་པ་དང༌། འོག་ཏུ་ཡང་ནུབ་ཀྱི་དེ་ཀ་གདབ་བོ། ཕུར་བུ་བཞི་ལས་མེད་ན། ཤར་ཤར་ལྷོ། ལྷོ་ལྷོ་ནུབ། ནུབ་ནུབ་བྱང༌། བྱང་བྱང་ཤར་རྣམས་རེ་རེར་བསྡོམས་ཀྱང་ཆོག །མཐར་ཕྱོགས་བཞིར་བཞུགས་སུ་གསོལ། ཕུར་བུ་གཅིག་ལས་མེད་ན། དེ་ཉིད་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་གདབ་སྟེ་མཐར་སྒྲུབ་ཁང་གི་སྒོ་གོང་ལ་བཏགས། གང་ལྟར་ཡང་ཕུར་གདབ་གྲུབ་པ་དང༌། སྒྲུབ་ཁང་གི་དཀྱིལ་དུ་མཆོད་གཏོར་བཤམས་ལ། བྱིན་རླབས་གྲུབ་པ་དང༌། ཕུར་བུའི་ལྷ་རྣམས་ལ་ཕུལ། བགེགས་ཐམས་ཅད་བསྲུང་བར་གསོལ་བ་བཏབ། རྟེན་འབྲེལ་སྙིང་པོ་དང༌། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། ཨོཾ་མི་དྷི་ནི་བཛྲི་བྷ་བ་སོགས་བསྲུང་འཁོར་གྱི་སྔགས་ཚན་དྲུག་པོ་རེ་རེ་བཞིན་ལན་མང་དུ་བརྗོད་པས། རྡོ་རྗེའི་ས་གཞི་ལ་སོགས་པ་མི་ཕྱེད་ཅིང་བརྟན་པར་གྱུར་པ་བསམ། དེ་ལྟར་ཕུར་བཏབ་ཉི་མ་ཕྱི་དྲོ་ཞིག་གི་སྐབས་སུ་བྱ་སྟེ། དེ་ནུབ་ནས་གཟུང་མཚམས་དམ་དུ་བཅད་དོ། །དེ་ཕྱིན་ཆད་ཉེར་མཁོ་མཚམས་འོག་ཏུ་ཐོག་མ་ནས་བཅུག་པ་རྣམས་མ་གཏོགས་མི་གསར་པ་དང་མི་འཕྲད་སྤྱད་པ་གསར་པ་ནང་དུ་མི་བཏང༌། ཞག་འགའི་བར་དུ་མངོན་རྟོགས་ཡོངས་སུ་


TNT08_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་བསྒོམས་ལ། སྔགས་ཅུང་ཟད་རེ་བཟླ། བསྲུང་འཁོར་ཚར་རེ་བསྒོམས་ལ། སུམྦྷ་ལན་བརྒྱ་སྐོར་རེ་དྲག་ཏུ་བཟླ། དེ་འདྲ་ཉིན་རེ་བཞིན་ཚར་བཅུ་དྲུག་ཉི་ཤུ་ཙམ་བྱ་བ་དང༌། མ་མཐའ་ཡང་བརྒྱད་རེ་བྱའོ། །ད་བར་དུ་ངག་བཅད་སོགས་དམ་པོ་མི་བྱའོ། །དེ་ནས་བསྙེན་པ་དངོས་ལ་འཇུག་སྟེ། འཛིན་གཏོར་ནང་མཆོད་དང་བཅས་པ་བཤམས། གཏོར་མ་བཤམས་མ་ཐག་བསྲུང་བ་བྱེད་པ་གལ་ཆེ། ཐུན་གྱི་ཐོག་མར་སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་རེ་གྲུབ་ན་ལེགས་ཏེ། སྔོན་དུ་ནང་མཆོད་བྱིན་རླབས་བྱ། མ་གྲུབ་ན། རྡོར་སེམས་སྒོམ་བཟླས་ཀྱི་རྗེས་ལ་ནང་མཆོད་བྱིན་རླབས་བྱ། དེ་ནས་མངོན་རྟོགས་ཀྱི་རིམ་པ་རྣམས་ལ་ཚིག་ཤར་དུ་མ་སོང་བར། ཚིག་འདོན་པ་དང་དེ་དང་དེའི་དོན་སྒོམ་པ་སྦྲགས་ཏེ་བྱ། བཟླས་པའི་མན་ངག་དུས་རྒྱུན་གྱི་རྣལ་འབྱོར་ལ་དཀྱིལ་འཁོར་བསྡུས་ཏེ། རང་ཞལ་ཕྱག་ཡོངས་རྫོགས་ཀྱི་ང་རྒྱལ་གྱིས་བཟླས་པ་བྱེད་པའང་རུང་མོད་ཀྱི། བསྙེན་པའི་སྐབས་འདིར་དཀྱིལ་འཁོར་མ་བསྡུས་པར་མཛད་དོ། །ཐོག་མར་སུམྦྷ་ལན་བདུན། དེ་ནས་རྩ་སྔགས་སོགས་ལེན་རེ་ཙམ་བྱས་ལ། བསྙེན་པ་གང་བྱེད་དེ་ལ་ཅི་འགྲུབ་བཟླས། མཇུག་ཏུ་འཁོར་རྣམས་ལ་ལན་རེ་དང༌། སུམྦྷ་ཅི་རིགས་བཟླས་ལ་རྗེས་བསྡུ་བ་བྱ། གང་ལྟར་ལུས་དཀྱིལ་གྱི་གཙོ་བོ་སྙིང་གའི་བདེ་མཆོག་གི་ཐུགས་ཀར་སྔགས་ཕྲེང་འགོད་པ། སེམས་དཔའ་གསུམ་བརྩེགས་ཀྱི་ལུགས་སམ། ཡང་ན་ལུས་དཀྱིལ་གྱི་གཙོ་བོའི་མདུན་ཕྱོགས་སུ་སྒོམ་སྟབས་


TNT08_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ནའང་རུང་སྟེ། ཐུགས་ཀའི་ཧཱུཾ་ལས་ཇི་ལྟར་བཟླ་བའི་སྔགས་ཀྱི་ཕྲེང་བ་གཅིག་ཕྲེང་མ་ཆད་པར་བྱུང་བ་རང་གི་རྩ་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ནས་པདྨར་སོན། རང་གི་རྡོ་རྗེའི་ལམ་ནས་ཞུགས། སྐུའི་དབྱིབས་བརྒྱུད། སླར་ཐུགས་ཀའི་ཧཱུཾ་ལ་ཐིམ། ཡང་སྔགས་ཕྲེང་བྱུང་བ་སོགས་དེ་ཉིད་རྟག་ཏུ་བསམ། ཡང་ན་ཧཱུཾ་ལས་སྔགས་ཕྲེང་བྱུང༌། རང་གི་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་འཐོན་པ་པདྨ་ནས་ཞུགས། ཡུམ་གྱི་སྐུའི་དབྱིབས་བརྒྱུད་ཞལ་ནས་འཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུཾ་ལ་ཐིམ་པར་སྒོམ་ཀྱང་རུང་སྟེ། དེ་ཡང་དང་པོས་བྱིང་བ་སེལ། ཕྱི་མས་རྒོད་པ་སེལ་ཞིང༌། སྔ་མ་སྒོམས་པས་རོ་སྟོད་ན་བ་དང༌། དབུགས་འཚང་བ་དང༌། ཤེས་པ་འཕྱོ་བ་སོགས་བྱུང་ན། ཕྱི་མ་འདི་སྒོམས་པས་གེགས་སེལ་དུ་ཡང་འགྱུར། བླ་མ་རིན་པོ་ཆེའི་ཞལ་ནས། སྔ་མས་རྫོགས་རིམ་གྱི་སྐབས་སྲོག་ཐུར་སེལ་ལ་འདྲེ་བ་དང༌། ཕྱི་མས་ཐུར་སེལ་སྲོག་ལ་བསྲེ་བའི་སྨིན་བྱེད་ཡང་དག་པར་འགྱུར་ཞིང༌། ད་ལྟ་སྔགས་ཀྱིས་བྱིན་གྱིས་བརླབས་པས། དེ་དུས་བགེགས་མི་འབྱུང་བ་ཡིན་གསུང་ངོ༌། །དུས་རྒྱུན་གྱི་བསྙེན་པའི་སྐབས། ཡིག་འབྲུའི་མདོག་ལྷའི་སྐུ་མདོག་དང་མཚུངས་ཤིང༌། མྱུར་དལ་རན་པོར་འགྲོ་བ་སྒོམས་པས་ཀྱང་རུང༌། ལས་བཞི་སྒྲུབ་པའི་སྐབས། དུས་གནད་དང་བསྟུན་ཏེ་ཞི་བ་ལ་དཀར་པོ་མདའི་ཤུགས་ཙམ་གྱིས་མྱུར་བར་འགྲོ་བ་དང༌། རྒྱས་པ་ལ་སེར་པོ་སྒྲོ་ཆུན་གྱི་ཚུལ་གྱིས་འགྲོ་བ་དང༌། དབང་


TNT08_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམར་པོ་ལྕགས་སྒྲོག་གི་ཚུལ་གྱིས་འགྲོ་བ་དང༌། དྲག་པོ་ལ་ནག་པོ་སྲད་བུ་སྒྲིལ་པའི་ཚུལ་གྱིས་འགྲོ་བ་ཡིན་ཏེ། དཔེ་དོན་ཞལ་ལས་ཤེས་པར་བྱའོ། །གཞན་ཡང་སྤྲོ་བསྡུའི་བཟླས་པ་དང༌། བཀོད་པའི་བཟླས་པ་ལ་སོགས་པ་བཟླས་པའི་རྣམ་གྲངས་མང་པོ་རྣམས་ཀྱང་ཅི་རིགས་པར་བྱ་བ་ཡིན་མོད་ཀྱི། གཙོ་བོར་གོང་དུ་བསྟན་པའི་དོ་ལིའམ་ཁྱོགས་ཀྱི་བཟླས་པ་ལ་བྱེད་པ་དེ་ཉིད་ཕྱག་ལེན་ཡིན། གང་ལྟར་སྔགས་འཁོར་བའི་ཚེ། ཡིག་འབྲུ་རེ་རེ་བཞིན་དུ་རང་རང་གིས་སྒྲ་རྒྱུན་མི་འཆད་པར་འབྱུང་བ་དང༌། ཞལ་བཞི་ཀས་སྔགས་བཟླ་ཞིང༌། འཁོར་དྲུག་བཅུ་པོ་ཐམས་ཅད་ཀྱིས་ཀྱང་སྔགས་བཟླ་གྲོགས་མཛད་པ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་ལ་བྱིན་གྱིས་རློབ་པའི་དོན་དུ་ཐམས་ཅད་ཀྱང་མདུན་གྱི་ནམ་མཁའ་གང་བར་བཞུགས་ཏེ། སྔགས་བཟླ་གྲོགས་མཛད་ཅིང་བྱིན་གྱིས་བརླབས་པར་བསམ། དམིགས་པ་རྒྱ་ཆེ་ན་ནི་སེམས་ཅན་ཐམས་ཅད་ཀྱང་ཧེ་རུ་ཀའི་གོ་འཕང་ལ་བཀོད་དེ། དེ་ཐམས་ཅད་ཀྱིས་ཀྱང་སྔགས་བཟླས་པར་བསམ། གང་ལྟར་སྐད་ཆེ་ཆུང་མྱུར་བུལ་སོགས་ཀྱི་སྐྱོན་མེད་པ་སེམས་གཞན་དུ་མ་ཡེངས་པར་འདོན། ཐུན་མཚམས་རེ་རེ་བཞིན་གཏོར་མ་འགྲུབ་ན་ལེགས། མ་གྲུབ་ན་སྲོད་ཀྱི་ཐ་མར་གཏོར་མ་ཕུལ། ཐུན་མཚམས་སུ་ངག་བཅད་མ་གྲུབ་ཀྱང་དགག་བྱ་ཆུང་ཞིང༌། ཟས་ནམ་བཟའ་ཡང༌། ཕུད་གཏོར་མའི་ཚུལ་གྱི་འབུལ་བ་དང༌། རང་ལྷར་བསམ་ནས་ཐུགས་ཀར་དཀྱིལ་འཁོར་


TNT08_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ནས་བཟའ་བ་མ་ཆག་པ་གལ་ཆེ། ཐུན་མཚམས་ཐམས་ཅད་དུ་དགོས་མེད་ཀྱི་གཏམ་མི་སྨྲ། ལྷ་སྐུར་ལམ་གྱིས་ལྡང་བ་དང་སྔགས་ཡང་ཡང་བཟླ། དེ་བར་ཉིན་རེ་བཞིན་སྔགས་འདི་ཙམ་མ་སོང་ན་རུང་བ་མེད་སྙམ་པའི་འཚབ་བྱ་ཆེན་པོ་དེ་བར་ཆད་དུ་འགྲོ་བས། བརྒྱ་སྟོང་ཙམ་གྱི་མཐོ་དམན་ལ་བསྒྲིག་པ་ངེས་བཟུང་མི་བྱ་བའི་དེ་ནས་འགྲོ་གང་ཆེ་བྱ། ཐུན་གྲངས་ནི་བཤད་ཚོད་ཐུན་བཞི་བཤད་ཅིང༌། ནམ་གྱི་གུང་ཐུན་གྱི་ཐ་མར་གཏོར་མ་འབུལ་བར་གསུངས། ཕྱག་ལེན་ལ་ནི་སྣ་ཚོགས་ཡོད་ཅིང་གཙོ་བོར་ཐོ་རངས་ནས་ཉིན་ཕྱེད་ཡན་ཆད་སྔ་ཐུན་དང༌། ཕྱི་དྲོ་ནས་སྲོད་ཡན་ཆད་དུ་ཕྱི་ཐུན་དུ་བྱས་ཏེ། ཐུན་གཉིས་སུ་མཛད་པ་སྔགས་འགྲོ་ཆེ་བས་དེ་ལྟར་མཛད་དོ། །ཡིད་མི་བདེ་སྐྱེས་ན་བློ་དཔངས་གཏོང༌། འཇིག་རྟེན་གྱི་རྣམ་རྟོག་ལ་ཡེངས་ན་སྙིང་པོ་མེད་ཚུལ་དྲན་པར་བྱ། མདོར་ན་ཡི་དམ་མྱུར་དུ་འགྲུབ་པ་ཅིག་བྱ་སྙམ་པའི་འདུན་པ་ཤུགས་དྲག་པོ་ཅིག་ཡོད་ན་བྱིན་རླབས་མྱུར་དུ་འཇུག་པ་ཡིན་ནོ། །བསྙེན་པ་དངོས་གཞི་ཚུགས་པ་ནས། ཐུན་ངག་བཅད་ཀྱི་སྐབས་སུ་གང་སོང་དེ་བསྙེན་གྲངས་སུ་འདྲེན། ཐུན་མཚམས་སུ་བཟླ་བ་དེ་བར་ཆད་ཞི་བ་དང༌། བྱིན་རླབས་རྒྱུན་མི་འཆད་པའི་ཕྱིར་ཡིན་གྱི་བསྙེན་པའི་གྲངས་སུ་མི་འདྲེན། རྩུབ་འགྱུར་ཅུང་ཟད་བྱུང་ན་བསྲུང་འཁོར་དྲག་ཏུ་སྒོམ་ཞིང༌། སུམྦྷ་མང་དུ་བཟླ། དེས་ཀྱང་མ་སེལ་ན། མཐོ་སྒྲོན་པ་དང༌། མཆོད་གཏོར་ཕུལ་ལ། སླར་ཡང་སྔར་བཞིན་ཕུར་བཏབ་བྱ། བསྲུང་འཁོར་སྒོམ་པ་སྔོན་དུ་འགྲོ་བས། སུམྦྷའི་བསྙེན་པ་


TNT08_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་འགའ་རེ་བྱས་པས་ངེས་པར་སེལ་བར་འགྱུར་རོ། །དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་བྱ་བའི་ཚེ། གཙོ་བོའི་བཅུ་ཆ་འཁོར་རྣམས་ལ་བཟླ་དགོས་པ་ཕྱག་ལེན་མི་འདྲ་བ་སྣ་ཚོགས་འདུག་ནའང༌། ཐོག་མར་གཙོ་བོའི་བསྙེན་པ་མ་སོང་བར། འཁོར་རྣམས་ལ་མི་བཟླ་བར་གཙོ་བོ་ཉིད་ལ་དྲིལ། འཁོར་གྱི་སྐབས་ཀྱང་གང་ལ་བསྙེན་པ་བྱ་བ་དེ་ཉིད་ཀྱི་སྔགས་མ་སོང་བར་དུ། གཞན་རྣམས་བཟླ་བའི་སྤྲོས་པ་དོར་ཏེ། དེ་དང་དེ་ཚིག་འདྲིལ་དུ་བྱེད་པ་ཉིད་ལེགས་པར་སྣང་ངོ༌། །འཁོར་གྱི་སྔགས་བཟླ་དུས་ཞལ་བཞིས་བཟླ་བ་སོགས་སྤྱི་དང་འདྲ་བ་ལ་རང་གི་ཐུགས་ཀར་གཙོ་བོའི་སྔགས་གཡོན་སྐོར་དུ་བཀོད་དེའི་འོད་ལྷ་དེའི་ཐུགས་ཀར་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་བར་བསམས་ལ་བཟླ། དེའི་ཐུགས་ཀར་ཡང་དེའི་སྔགས་བཀོད་ནས། དེ་ལ་འོད་ཕོག་པར་བསམ་པའང་སྤྲོ་ན་བྱའོ། །རྣལ་འབྱོར་མ་སོ་བདུན་ལ་བཟླ་ཚུལ་གཞན་ཡང་ཡོད་དོ། །བསྙེན་པ་གྲོལ་ནས་མཁའ་འགྲོ་མ་ལ་གཏང་རག་གི་མཆོད་གཏོར་རྒྱ་ཆེར་འབུལ། སྦྱིན་སྲེག་ཀྱང་དཀྱུས་ཐོག་དེ་ཉིད་ལ་འགྲུབ་ན་ཤིན་ཏུ་ལེགས། བསྙེན་པ་མ་གྲོལ་གྱི་བར་ལྷ་གང་གི་བསྙེན་པ་བྱེད་པ་ཡིན་གཞན་སུས་ཀྱང་མ་ཤེས་པར་བྱ། བསྙེན་པའི་སྐོར་གྱི་དང་པོའི་བྱ་བ་རྣམས་འགོ་འཛུག་པ་དང༌། བསྙེན་པ་དངོས་གཞི་ལ་འཇུག་པ་དང༌། གྲོལ་བ་རྣམས་རྣམ་རྟོག་དང་རྗེས་སུ་འབྲེལ་བ་རྣམས་གཟའ་ཚེས་ཤིས་པ་རེ་ལ་མཛད་པར་སྣང་ངོ༌། །བསྐྱེད་རིམ་གྱི་འཁྲིད་ནི། སྦྱངས་གཞི་སྦྱོང་བྱེད་ངོ་སྤྲོད་ནས་སྒོམ་


TNT08_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང༌། བསྐྱེད་རིམ་གྱི་སེམས་འཛིན་གྱི་རྣམ་གཞག་རྒྱས་པ་གཞན་དུ་བྲིས་ཟིན་པ་དང༌། འདིར་ཡི་གེ་མང་བར་འགྱུར་པས་མི་འབྲི་ལ། དམིགས་ཐུན་གྱི་རྐང་གྲངས་ནི། དཀྱིལ་འཁོར་བསྡུས་ནས་རང་ཉིད་ཞལ་བཞི་ཕྱག་བཅུ་གཉིས་པའི་ང་རྒྱལ་དང་ལྡན་པར་བྱས་ལ་སེམས་འཛིན། ཡང་མངོན་རྟོགས་རྒྱས་པ་མི་སྒོམ་པའི་རིགས་ལ་ནི། སྐྱབས་སེམས་དང་ཡིག་བརྒྱ་སོང་བའི་རྗེས་སུ། བླ་མའི་རྣལ་འབྱོར་བླ་མ་དཔའ་བོ་རྡོ་རྗེ་ཆོས་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་ཅན། ཌཱ་མ་རུ་དང་ཐོད་པ་ཁྭ་ཊྭཾ་ག་འཛིན་པ་ཧེ་རུ་ཀའི་རྣམ་པ་ཅན་དུ་གསལ་བཏབ་ནས་དབང་བཞི་ལེན་པའི་ཚུལ་བྱ། བདག་བླ་མས་དཀྱིལ་འཁོར་དུ་བཅུག་ཕྱིན། ཕྱི་ནི་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ནང་རྩ་ཁམས་ནི་ལྷ་དྲུག་བཅུ་རྩ་གཉིས་ཡིན་སྙམ་དུ་བྱ། ཞལ་བཞི་ཕྱག་བཅུ་གཉིས་པར་ལམ་གྱི་གསལ་བཏབ་ནས་སེམས་འཛིན་གང་ལྟར་ཡང་ཐོག་མར་ཐོར་ཅོག་ཀྱི་རྩེ་མོའི་ནོར་བུ་ལ་སེམས་འཛིན་པ་དམིགས་སྐོར་གཅིགཡང་ན་ཐོག་མར་ཕྱག་སེན་དམར་པོ་འོད་འཕྲོ་བ་ལ་སེམས་འཛིན་པའང་ཡོད། དེ་ནས་ཐོར་ཅོག་དང་བཅས་པའི་རྩ་ཞལ་ལ་གཅིག །དེ་བཞིན་དུ་ཞལ་ལྷག་མ་གསུམ་པོ་ལ་ཡང་རེ་རེ། སྐུ་བྱིངས་ལ་གཅིག །ཕྱག་བཅུ་གཉིས་ལ་གཡས་གཡོན་གཉིས་བསྡོམ་དུ་བྱས་ལ་ཐུན་དྲུགཞབས་གཡོན་གདན་དང་བཅས་པ་ལ་གཅིག །དེ་བཞིན་དུ་གཡས་ལའང་གཅིགན་བཟའ་རྒྱན་དང་བཅས་པ་ལ་གཅིག །སླར་སྐུ་ཡོངས་སུ་རྫོགས་པ་ལ་ཅིག་ཅར་སེམས་འཛིན་པ་སྟེ་བཅུ་དྲུག་གོ །


TNT08_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་ལ་སླབ་པ་ལ། རང་ཉིད་དཔལ་ཧེ་རུ་ཀ་དངོས་ཡིན་སྙམ་པ་རགས་པར་སླབ་པ་ལ་གཅིག །རང་གི་མིང་རུས་སོགས་ཀྱི་རྣམ་རྟོག་ཆེད་ཀྱིས་སྤངས་ཏེ། ལྷའི་ང་རྒྱལ་ཙམ་ལ་སློབ་པ་དང་གཉིས། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་ཧེ་རུ་ཀ་ང་ཡིན། ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ང་ལ་ཡོད་དོ། །དེའི་ཕྱིར་ང་ཧེ་རུ་ཀའོ་ཞེས་ང་རྒྱལ་བརྟན་པོ་བསྐྱེད་དེ། དེ་ཉིད་ཡུན་རིང་དུ་སྐྱངས་པ་སྟེ་གསུམ་མོ། །སླར་ཡང་ང་རྒྱལ་དང་གསལ་སྣང་དེ་ཉིད་ཀྱི་སྟེང་དུ་རང་བཞིན་མ་བཅོས་པའི་ཚུལ་གྱི་མཉམ་པར་འཇོག་པའང་འགྲུབ་ན་བྱ་སྟེ་ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་འགྱུར་རོ། །ཡང་བསྐྱེད་རིམ་གྱི་ལྷ་སྐུ་ལ་དམིགས་ཤིང་དེས་ཉེ་བར་མཚོན་པའི་ཆོས་ཐམས་ཅད་གཅིག་དུ་བྲལ་དང༌། རྟེན་འབྱུང་གི་རིགས་པ་སོགས་ལ་བརྟེན་ནས་སྣང་བ་ལྟར་རང་བཞིན་མ་གྲུབ་པའི་ཚུལ་ལ་དམིགས་ནས་གསལ་སྟོང་དུ་བསྒོམ་མོ། །འདི་ཡང་ལས་དང་པོ་པ་ཞི་གནས་ཕྱོགས་མཐུན་ཙམ་ཡང་མ་གྲུབ་ཅིང༌། རྣམ་པར་མི་རྟོག་པའི་སྒོམ་གྱི་འཇུག་སྒོ་ཙམ་ཡང་མ་ཤར་བ་ཇི་སྙེད་ཅིག་འབྱུང་བ་རྣམས་ལ་ཆེས་ཕན་པར་འགྱུར་བའི་ཐབས་མཁས་ཟབ་མོ་ཡིན་པས། རྡོ་རྗེ་སློབ་དཔོན་ཆེན་པོ་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ལས་ཤིན་ཏུ་རྒྱས་པ་ཆེ་ཐང་དུ་གསུངས་པ་དང༌། དེའི་དགོངས་འགྲེལ་གྱི་འདུས་པའི་སྒྲུབ་ཐབས་ཚད་དང་ལྡན་པ་མཐའ་ཡས་པ་ཞིག་ལས་བཤད་པས། གང་དག་གསང་སྔགས་ཀྱི་ལུགས་ལ་རྣམ་པར་མི་རྟོག་པ་འབའ་ཞིག་ཡིན་ཞེས་སྨྲ་བ་དེ་དག་ནི།


TNT08_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ལེགས་པར་མ་སླབས་བཞིན་དུ་མཐའ་ཡས་པའི་སེམས་ཅན་སྒྲོལ་བར་མཛད་པའི་དམ་པ་རྣམས་ལ་སོ་སོ་སྐྱེ་བོ་ཅི་ཡང་མ་སྒོམས་ཤིང༌། སྡེ་སྣོད་དང་རྒྱུད་སྡེ་མ་སླབས་པའི་བླུན་པོ་འགའ་ཞིག་གི་སྐུར་པ་འདེབས་པའི་ཚིག་ཙམ་ཞིག་གི་རྗེས་སུ་འབྲངས་ནས། སྙིང་ནས་སྨོད་པའི་ལས་ངན་པ་གསོག་པ་ཙམ་དུ་ཟད་ཀྱི། ལུང་རིགས་ཀྱི་སྒྲུབ་བྱེད་སྣ་གཅིག་མེད་པར་མ་ཟད། གསང་སྔགས་རྫོགས་རིམ་གྱི་སྐབས་སུ་བདེན་མེད་ཀྱི་འདུན་པ་སྦྱོང་བ་སོགས་རང་ལུགས་དང་ཡང་འགལ་བ་ཡིན་ནོ། །ཡང་འགའ་ཞིག་ལས་དང་པོའི་སྐབས་སུ་རྣམ་པར་མི་རྟོག་པའི་ཕྱག་རྒྱ་ཆེན་པོ་ནན་གྱི་འགོག་པ་དེ་དག་ནི་ཤིན་ཏུ་མི་འཐད་མོད་ཀྱི། ལུང་རིག་དུ་མའི་སྒོ་ནས་གཞན་དུ་བཀག་ཟིན་ཏེ། །དེས་ན་གྲོང་ཁྱེར་ཆེན་པོའི་སྒོ་ནས་འགྲོ་ན་ནུབ་སྒོ་ཁོ་ན་ནས་འཇུག་དགོས་པའི་ཕྱོགས་ལྷུང་གི་གྲུབ་མཐའ་ངན་པ་འདི་མ་འཛིན་ཞིག་ཅེས་གདམས་ངག་ཏུ་བྱའོ། །རྣམ་པ་ཐམས་ཅད་དུ་རྣམ་རྟོག་གི་འཇུག་པ་ཅན་གྱི་དཔྱད་སྒོམ་འགོག་ན་ནི། བྱམས་པ་དང་སྙིང་རྗེ་དང༌། བླ་མ་ལ་མོས་གུས་དང༌། དཀོན་མཆོག་ཡིད་ལ་སྒོམ་པ་དང༌། ལྷ་སྐུ་སྒོམ་པ་རྣམས་ཀྱང་རྫོགས་རིམ་གྱི་རྟོགས་པ་མ་སྐྱེས་བར་དུ་སྒོམ་དུ་མི་རུང་བར་མི་འགྱུར་རམ། དེ་རྣམས་རུང་ན་སྟོང་པ་ཉིད་ཀྱི་དཔྱད་པ་གཅིག་པུས་ཅི་ཉེས། དམ་བཅའ་ཙམ་མ་ཡིན་པའི་སྒྲུབ་བྱེད་དང་འགོག་བྱེད་ཡོད་ན་སྨོས་ཤིག་དང༌། སླར་ཡང་འཐག་པར་བྱའོ།། སྨྲས་པ། བདག་ཉིད་ཉམས་ནས་གཞན་དག་ཀྱང༌། །བསླུ་བར་བྱེད་པ་གང་དེ་བླུན། །རང་ཉིད་གྲོལ་ནས་གཞན་དག་ཀྱང༌། །གྲོལ་བར་བྱེད་པ་གང་དེ་མཁས། །


TNT08_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཁོར་ལོ་སྒོམ་པའི་བསྙེན་པའི་མན་ངགབླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ལ་ཉེ་བར་ཕན་པ་འདི་ཡང༌། འཁོར་ལོ་སྡོམ་པའི་ལམ་ལ་ལྷག་པར་མོས་པའི་དགེ་བ་ཅན། མདོ་ཁམས་རྒྱལ་ཐང་པ་དགེ་སློང་ཀུན་དགའ་ཡེ་ཤེས་དང་ཤར་རོང་བ་དགེ་སློང་ཆོས་ཀྱི་རྒྱལ་པོས་བསྐུལ་ནས་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དྲུག་པ་ཐ་སྐར་གྱི་ཟླ་བའི་ཚེས་བཅུ་གཉིས་ལ་སྨྲས་པའོ། །ཤུ་བྷཾ་མ་སྟུ་སརྦ་ཛཱ་ག་ཏཾ། ཞུས་དག །དགེ་ལེགས་འཕེལ།། །།


TNT08_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་འཁོར་ལོ་སྡོམ་པའི་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ།next