Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
དཔལ་རིམ་པ་བཞི་པའི་གཞུང་གི་འགྲེལ་ཆེན་གསང་བ་རབ་གསལ།
   
   
   
   


 
previousདཔལ་རིམ་པ་བཞི་པའི་གཞུང་གི་འགྲེལ་ཆེན་གསང་བ་རབ་གསལ།next

དཔལ་རིམ་པ་བཞི་པའི་གཞུང་གི་འགྲེལ་ཆེན་གསང་བ་རབ་གསལ།


TNT08_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རིམ་པ་བཞི་པའི་གཞུང་གི་འགྲེལ་ཆེན་གསང་བ་རབ་གསལ་ཞེས་བྱ་བ་བཞུགས།


TNT08_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་རིམ་པ་བཞི་པའི་གཞུང་གི་རྣམ་པར་བཤད་པ། གསང་བའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། །གང་གི་ཤིན་ཏུ་བཟློག་དཀའི་ཉོན་མོངས་ཡང༌། །གང་གི་དྲིན་གྱིས་སྐད་ཅིག་གིས་བཟློག་འགྱུར། །གང་ལས་མཐའ་ཡས་ཡོན་ཏན་ཉེར་བསྟེན་པ། །གང་འདིར་བླ་མ་མཆོག་གིས་རྗེས་བཟུང་མཛོད། །དཔག་ཡས་རྒྱལ་བའི་ཆོས་ཀྱི་ལམ། །དཔག་པར་དཀའ་བ་རྡོ་རྗེའི་ཚིག །དཔག་མེད་རྒྱལ་བའི་དགོངས་པ་བཞིན། །དཔག་པར་འདོད་པའང་རྨད་དུ་བྱུང༌། །སྤྱོད་པའི་རྡོ་རྗེས་གསལ་བྱས་པ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་གསང༌། ཁྱབ་བདག་རྡོ་རྗེའི་ལུགས་བཞིན་དུ། །རྣམ་མང་རྡོ་རྗེའི་ཚིག་བཞིན་བཤད། །དེ་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི། ཐོག་མར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་དྲང་དོན་དུ་བསྡུད་པ་པོ་བདག་ཉིད་ཚད་མར་སྟོན་པའི་ཕྱིར། ཕྱི་རོལ་གྱི་ཕུན་སུམ་ཚོགས་པ་ལྔ་སྟོན་པ་ཡིན་ལ། ངེས་པའི་དོན་དུ་ནི་རྒྱུད་ཀྱི་རིམ་པ་ལ་


TNT08_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རིམ་པ་བཞི་སྟོན་པ་ཉིད་ཀྱིས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ། ཆོས་ཀྱི་ཕུང་པོ་མ་ལུས་པའི་བརྗོད་བྱ་མཐའ་དག་མདོར་བསྟན་པ་ཡིན་ནོ། །དེ་ཉིད་དཔལ་ཧེ་རུ་ཀའི་ལུང་ལས་དང༌། བླ་མ་དམ་པའི་མན་ངག་ལས་དང༌། སློབ་དཔོན་སྤྱོད་པ་པ་ཉིད་ཀྱིས་ཉམས་སུ་མྱོང་བ་ལས་ཀྱང་རབ་ཏུ་རྟོགས་ལ། དེ་གསལ་བར་བྱ་བའི་ཕྱིར་རིམ་པ་བཞི་པ་ཞེས་བྱ་བའི་གཞུང་འདི་མཛད་དོ། །དེ་ལ་གཞུང་འདིའི་གླེགས་བམ་ཕལ་ཆེར་ལས། ཐོག་མར་མཚན་སྨོས་པ་ནི་མེད་ལ། གཞུང་འདིའི་འགྲེལ་པ་རྒྱས་པ་ཞིག །ལས་ཀྱི་རྡོ་རྗེ་ཞེས་བྱ་བས་མཛད་པ། པཎྜི་ཏ་ཤྲཱི་དྷ་རའི་རང་འགྱུར་གྱི་གླེགས་བམ་ལས། ཨཱ་ལོ་ཀ་ཙཏུཥྟ་ཞེས་སྒྲོན་མ་བཞི་པ་ཞེས་པར་བསྒྱུར་ཡང༌། གཞུང་འདིའི་མིང་ནི་ཨོ་ལ་པ་ཏི་ཞེས་བྱ་ཏེ། དེ་ཡང་སྐད་རིགས་བཞི་ལས་ཟུར་ཆག་གི་སྐད་དུ། ཨོ་ལ་ནི་རིམ་པ། པ་ཏི་ནི་གྲངས་ཀྱི་བཞིའོ། །དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བའི་འགྱུར་གྱི་ཕྱག་གོ །གཞུང་དངོས་ལ།


TNT08_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་གཞི་འགོད་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་ཨེ་ཝཾ་མ་ཡཱ་ཞེས་པ་སྟེ། དེ་ལ་ཨེ་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། ཝཾ་ནི་ཐུགས་ཀྱི་དེ་ཁོ་ན་ཉིད། མ་ནི་གསུང་གི་དེ་ཁོ་ན་ཉིད། ཡཱ་ནི་སྐུའི་དེ་ཁོ་ན་ཉིད་དོ། །དེ་དག་ཀྱང་སངས་རྒྱས་ཉིད་ཀྱིས་བརྡའ་མཛད་པ་ཡིན་གྱི། ལེགས་པར་སྦྱར་བ་དང༌། ཡུལ་སྐད་ཀྱི་སྒོ་ནས་སྒྲ་བཤད་བྱར་མེད་དོ། །དོན་ནི་འདི་ལྟར་ཡིན་ཏེ། ཨེ་ནི་རྣམ་པ་ཐམས་ཅད་པའི་སྟོངཔ་དང་ཟུང་དུ་འཇུག་པས་ཁྱད་པར་དུ་བྱས་པའི། རང་བཞིན་གྱི་བདེ་བ་ཡིན་པས། བདེ་སྟོངགཉིས་སུ་མེད་པར་འཇོག་ཚུལ་ཅིག་དང༌། ཝཾ་ཡིག་ནི་སོ་སོ་རང་གི་རིག་པས་ཉམས་སུ་མྱོང་བའི་བདེ་བ་རང་བཞིན་སྒོམ་པའམ། མཚན་མའམ་གཟུང་འཛིན་གྱིས་གདོད་མ་ནས་གོས་མ་མྱོང་བའི་ཡེ་ཤེས་ཏེ། བདེ་སྟོང་ཟུང་འཇུག་ཏུ་འཇོག་ཚུལ་གཉིས་པའོ། །མ་ཡིག་ནི་ངོ་བོ་སྒྲ་རྟོག་གི་ཡུལ་ལས་འདས་པའི་བརྗོད་བྲལ་གྱི་ཡེ་ཤེས་གཅིག་ཉིད་སྲིད་འདས་ཀྱི་སྒྲ་སྐད་ཐམས་ཅད་དུ་ཅིག་ཅར་ཤར་བའི་རྣམ་པ་ཅན་ནོ། །ཡཱ་ཡིག་ནི་བདེ་སྟོང་གི་ཡེ་ཤེས་དེ་ཉིད། སྤྲོས་བྲལ་ལས་མ་གཡོས་བཞིན་དུ། འཁོར་འདས་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བ་སྟེ། བཞི་པོ་དེ་དག་ཀྱང་མཚན་ཉིད་ཀྱི་ལྡོག་ཆས་ཕྱེ་བ་ཙམ་མ་གཏོགས། ངོ་བོས་དབྱེ་བ་མེད་དོ། །ཡེ་ཤེས་གཅིག་ཉིད་ལ་མཚན་ཉིད་དེ་དག་ཐམས་ཅད་ཚང་བ་ཡིན་ལ། དེ་ཉིད་ཆོས་ཀྱི་དབྱིངས་དང༌། སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། སྤྲོས་བྲལ་དང༌། དོན་དམ་བདེན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།


TNT08_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལྷན་ཅིག་སྐྱེས་པ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་ཞེས་བྱ་བ་ཏེ། གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་བརྟན་གཡོ་ཐམས་ཅད་ལ་མཉམ་པ་ཉིད་དུ་ཁྱབ་པའོ། །དེ་ལྟར་ཡང་སྙིང་པོ་བསྡུས་པ་ལས། ཨེ་ཞེས་བྱ་བ་དེ་བཞིན་ཉིད། །སྲོག་ཆགས་ཀུན་ལ་གནས་པ་ཡི། །བདེ་བ་ལྷན་ཅིག་སྐྱེས་པར་བརྗོད། །དེ་ཉིད་སྣང་བ་ཀུན་ཏུ་སྣང༌། །བཾ་ཡིག་བརྗོད་པ་གང་གང་དུ། །རབ་ཏུ་རིག་ཅིང་རང་མྱོང་བ། །འཛིན་པ་པོ་དང་རིག་གཞི་མེད། །དེ་ནི་ཡོད་དང་མེད་ལས་འདས། །དེ་འོག་མ་ཡིག་ཞེས་བརྗོད་པ། །ནམ་མཁའ་དང་ནི་མཉམས་པ་ཡི། །སྒྲ་ཡི་དེ་ཉིད་ཞེས་བརྗོད་དེ། །སྣ་ཚོགས་དུ་མའི་སྐད་དུ་སྦྱར། །དེ་ནས་དེ་ལས་སླར་ཡང་ཡང༌། །དབང་པོའི་དྲ་བ་ཇི་བཞིན་གཟུགས། །རང་བཞིན་མེད་པའི་རང་བཞིན་ཅན། །འདི་ནི་དེ་ལས་ཡང་སྤང་ངོ༌། །ལྷན་ཅིག་སྐྱེས་པ་དང་པོ་སྟེ། །དེ་ལས་གསང་བ་གསུམ་འབྱུང་བ། །དངོས་དང་དངོས་མེད་མ་ལུས་པའི། །རང་བཞིན་དེ་ཉིད་ཅེས་བྱའོ། །ཞེས་གསུངས་ལ། རྗེ་བཙུན་གང་བའི་རྡོ་རྗེའི་ཞལ་སྔ་ནས། འདི་སྐད་ཀྱང་གསུང་སྟེ། ཨེ་ནི་ཨེ་ཀ་ཏེ་བདེ་བ་གཅིག་པུ། ཝཾ་ནི་ཝཾ་ཤ་སྟེ་སྤྲོས་པ་དང་བྲལ་བའི་རིགས་སམ་རུས། མ་ནི་མ་ཧཱ་ན་ད་སྟཻ་སྒྲ་ཆེན་པོ། ཡ་ནི་ཀཱ་ཡ་སྟཻ་སྐུའི་དོན་ཡིན་ཞེས་གསུངས་ལ། གནས་ལུགས་དེ་ཁོ་ན་ཉིད་བཞི་པོ་དེ་བསྟན་པས་འཁོར་བ་ཀུན་རྫོབ་ཀྱི་བཞི་ཚན་རྣམས་ཀྱང་ཤུགས་ལ་བསྟན་པར་འགྱུར་ཏེ། བཞི་པོ་དེའི་དབང་དུ་བྱས་པའི་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་དང༌། ལམ་རིམ་


TNT08_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིའང་བསྟན་ཏེ། གསང་རིམ་བདེ་བ་ཆེན་པོའི་ལམ། །ལྷན་ཅིག་སྐྱེས་པའི་སྦྱོང་བྱེད་དང༌། ཡེ་ཤེས་རིམ་པ་ཐིག་ལེའི་རྣལ་འབྱོར་ཐུགས་ཀྱི་སྦྱོང་བྱེད་དང༌། སྔགས་རིམ་རླུང་གི་རྣལ་འབྱོར་གསུང་གི་སྦྱོང་བྱེད་དང༌། རྒྱུད་རིམ་རྩའི་རྣལ་འབྱོར་སྐུ་སྦྱོང་བྱེད་ཀྱི་ལམ་ཡིན་པའི་ཕྱིར་རོ། །འབྲས་བུ་སྐུ་བཞི་ཡང་བསྟན་པ་ཡིན་ཏེ། དེ་ཉིད་བཞི་པོ་དེ་རྣམས་དག་པ་གཉིས་ལྡན་དུ་སོང་ཚུལ་ལ། འབྲས་བུ་སྐུ་བཞིའི་རྣམ་གཞག་བྱེད་པ་ཙམ་ཡིན་པའི་ཕྱིར་རོ། །གཞི་ལམ་འབྲས་བུའི་འབྲེལ་རྩི་བའི་གཞི། །རྩ་འཁོར་ལོ་བཞི་ལ་སོགས་པ་ཡང་བསྟན་པར་འགྱུར་ཏེ། དེ་ཉིད་བཞི་པ་མཚོན་བྱེད་ཀྱི་གཞི་དེ་རྣམས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མདོར་བསྟན་པའམ། དོན་གྱི་སྙིང་པོ་ནི་དེ་ཉིད་བཞི་པོ་དེ་ཡིན་ལ། གཞི་ལམ་འབྲས་བུ་ཆོས་རྣམས་ནི་དེའི་རྒྱས་བཤད་དམ་ཡན་ལག་ཏུ་འགྱུར་ཏེ། དེ་ཉིད་བཞི་པོ་ལ་ཤིན་ཏུ་ངེས་པ་སྟེར་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ན། རྒྱུད་སྡེ་འགའ་ཞིག་ལས། རྡོ་རྗེ་བཞི་དང༌། རྣལ་འབྱོར་བཞི་དང༌། བྱང་ཆུབ་བཞི་ལ་སོགས་པར་གསུངས་པ་དང༌། ཁ་ཅིག་ལས་སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བ་དོན་དམ་པའི་གནས་ལུགས་སུ་བཤད་པ་དང༌། གཞན་དག་ཏུ་ལྷན་ཅིག་སྐྱེས་པ་གཅིག་པུ། གནས་ལུགས་ཀྱི་དོན་དུ་གསུངས་པ་སོགས་ཀྱང་དོན་གྱི་གནད་གཅིག་པ་ཁོ་ནའོ། །གཉིས་པ། རྒྱས་པར་བཤད་པ་ལ་གང་ལ་གནད་དུ་བསྣུན་པའི་གཞི་རྒྱུད་ཀྱི་དངོས་པོ་རྒྱས་པར་གཏན་ལ་ཕབ་པ་དང༌། དེ་ལ་གནད་དུ་


TNT08_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པའི་ཐབས་རིམ་པ་བཞི་འབྲས་བུ་དང་བཅས་པ་བསྟན་པའོ། །དང་པོ་ལ་དཀྱིལ་འཁོར་གསུམ་ངོས་བཟུང་བ་དང༌། དེ་དང་འབྲེལ་བའི་ཆོས་རྣམས་ཞིབ་མོར་བཤད་པའོ། །དང་པོ་ནི། ཨེ་ལས་ཀྱི་ཕྱག་རྒྱའོ། །བཾ་ཆོས་ཀྱི་ཕྱག་རྒྱའོ། །མ་ཕྱག་རྒྱ་ཆེན་པོའོ། །ཡ་དམ་ཚིག་གི་ཕྱག་རྒྱའོ། །ཨེ་ཤེས་རབ་བོ། །བཾ་ཐབས་སོ། །སྤྲུལ་པའི་འཁོར་ལོ་དང༌། ཆོས་ཀྱི་འཁོར་ལོ་དང༌། ལོངས་སྤྱོད་ཀྱི་འཁོར་ལོ་དང༌། བདེ་བ་ཆེན་པོའི་འཁོར་ལོའོ། །ཨཱ་ལི་ཀཱ་ལི། གཡོན་པ་དང༌། གཡས་དག་ཏུའོ། །ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཿ ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཨི། སྤྲུལ་པའི་འཁོར་ལོ་ལའོ། །བྲུཾ་ཨོཾ་ཛྲིཾ་ཁཾ་ཧཱུཾ་ལཾ་མཱཾ་བཾ་ཏཱཾ། ཆོས་ཀྱི་འཁོར་ལོ་ལའོ། །ཨོཾ་ཨ་ཨི་ཨུ་ཨེ་ལོངས་སྤྱོད་ཀྱི་འཁོར་ལོ་ལའོ། །ཧཾ་བདེ་བ་ཆེན་པོའི་འཁོར་ལོ་ལའོ། །འོག་ཏུ་བསྲུང་བའི་ཡི་གེ་ཀྵའོ། །ཟླ་བ་དང་ཉི་མ་དག་ནི་འོག་དང་སྟེང་གི་སྒོ་གཉིས་སོ། །གནད་འབྱེད་པ་དང་གསེར་གྱི་སྒོ་སྟེ་འགྲོ་བ་དང་འོང་བའོ། །དེ་ལ་ཨེ་ཝཾ་མ་ཡའི་བརྡས་རྩ་འཁོར་ལོ་བཞི་བསྟན་པ་དང༌། སྤྲུལ་པའི་འཁོར་ལོ་ཞེས་སོགས་འཁོར་ལོའི་མིང་དང༌། གཡོན་པ་དང་གཡས་དག་ཅེས་པ་རྣམས་སྡོམས་པའི་ནི་རྩའི་དཀྱིལ་འཁོར་བསྟན་ནོ། །ཨཱ་ལི་ཀཱ་ལི་ཞེས་པ་དང༌། ཨཱ་ཨཱི་སོགས་དང༌། ཀྵ་ཡིག་གི་བར་དུ་ནི་ཡི་གེའི་དཀྱིལ་འཁོར་རོ། །ཟླ་བ་དང་ཉི་མ་ཞེས་པས་ནི་བདུད་རྩིའི་དཀྱིལ་འཁོར་རོ། སྒོ་གཉིས་དང་འགྲོ་འོང་སོགས་ནི་དཀྱིལ་འཁོར་གསུམ་ཆར་དང་འབྲེལ་བའོ། དེ་ཡང་ཨ་སྟེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། ལས་ཀྱི་ཕྱག་


TNT08_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཞེས་བྱ་སྟེ། གཏུམ་མོ་འབར་བའི་ལས་བྱེད་པའི་ཕྱིར་དང༌། ཤེས་རབ་མའི་གསང་བའི་པདྨ་དང་མཚུངས་པར། རྩ་མདུད་ཨེ་གྲུ་གསུམ་གྱི་རྣམ་པར་གནས་པའི་ཕྱིར་རོ། བཾ་སྟེ་སྙིང་གའི་འཁོར་ལོ་ནི་ཆོས་ཀྱི་ཕྱག་རྒྱ་སྟཻ། སེམས་གནས་པའི་གཙོ་བོ་འདི་ཡིན་པ་དང༌། སེམས་ཀྱི་སྣང་བ་ལས་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །མ་ཡིག་ཏེ་མགྲིན་པའི་འཁོར་ལོ་ནི། ཕྱག་རྒྱ་ཆེན་པོ་སྟེ། ངག་གྲགས་སྟོང་སྒྲ་དབྱངས་ཐམས་ཅད་པ་ནམ་མཁའ་དང་མཉམ་པ་མངོན་དུ་གྱུར་པའི་ཕྱིར་དང༌། རྨི་ལམ་དང་བར་དོ་ལ་སོགས་པའི་གསལ་སྣང་ཅན་ཀྱི་ལྷ་སྐུ་ནི་འདི་ལས་འབྱུང་བའི་ཕྱིར་རོ། །ཡཱ་ཡིག་ཏེ་སྤྱི་བོ་ནི་དམ་ཚིག་གི་ཕྱག་རྒྱ་སྟཻ། དམ་ཚིག་གི་དོན་འདའ་བར་མི་བྱ་བ་ཡིན་ལ། བདེ་བ་ཆེན་པོ་དང་པོ་གང་ལས་འབྱུང་བའི་གནས་དང༌། །མཐར་གང་དུ་ཐིམ་ནས་བརྟན་པ་ཐོབ་ཅིང་མི་འདའ་བའི་གནས་ཡིན་པའི་ཕྱིར་རོ། །བླ་མ་རྗེ་བཙུན་ལྷོ་ཕྱོགས་པའི་ཞལ་ནས། རྩ་འཁོར་ལོ་བཞི་པོ་དེ་དག་སོ་སོ་ལ་གནད་དུ་བསྣུན་པས། ཕྱག་རྒྱ་བཞི་དང་མཐུན་པའི་ཡེ་ཤེས་སྐྱེ་བ་ཡིན་ཏེ། ལྟེ་བར་གནད་དུ་བསྣུན་པ་ལས། ལས་ཀྱི་ཕྱག་རྒྱ་དང་རྗེས་སུ་མཚུངས་པའི་ཉམས་རྟོགས་སྐྱེ་བར་འགྱུར་རོ། །དེས་གཞན་རྣམས་ལ་ཡང་མཚོན་པ་དང༌། ལས་ཀྱི་ཕྱག་རྒྱ་བསྒོམས་པས་ལྟེ་བའི་རྩ་མདུད་ཤིན་ཏུ་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ལྟེ་བའི་རྩ་མདུད་ལ་གནད་དུ་བསྣུན་པས་ཀྱང༌། ལས་ཀྱི་ཕྱག་རྒྱའི་མཆོག་རྣམས་ཀྱི་འདུ་བ་ཐོབ་པར་འགྱུར་བ་སྟེ། དེ་དང་དེས་འཁོར་ལོ་དང་ཕྱག་རྒྱ་གཞན་རྣམས་ལའང་རིགས་འགྲེའོ། །


TNT08_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་དེའི་ཕྱིར། འཁོར་ལོ་བཞི་ཕྱག་རྒྱ་བཞི་ལ་སྦྱར་བ་ཡིན་ཞིང༌། དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་པ་སྟཻ། སྤྱིར་རྫོགས་རིམ་གྱི་ལམ་གྱི་ལུས་ལ་ཕྱག་རྒྱ་བཞི་ཚང་དགོས་པ་དང༌། ཕྱག་རྒྱ་རེ་རེས་ཀྱང་འཁོར་ལོ་བཞི་ཆར་གྱི་རྩ་མདུད་ཆ་ཤས་ཆ་ཤས་ནས་གྲོལ་བར་བྱེད་པ་མ་ཡིན་ནོ། །ལྟེ་བར་བསྒོམས་པས་བདེ་སྟོང་མཐུག་པོ་དང༌། སྙིང་ག་ལས་མངོན་ཤེས་སོགས་ཀྱི་གསལ་སྣང་དང༌། །མགྲིན་པ་ལས་འགྲོ་བ་ཐ་དད་པའི་སྐད་ཤེས་ཤིང་ཆོས་སྣ་ཚོགས་སྟོན་ནུས་པ་དང༌། སྤྱི་བོ་ལས་བདེ་གསལ་གྱི་ཉམས། གཟུགས་སྣང་དུ་མ་དང་བཅས་པ་འབྱུང་སྟཻ། རྒྱུ་མཚན་དེའི་ཕྱིར་ཡང༌། ཕྱག་རྒྱ་བཞི་སོ་སོ་དང་འབྲེལ་བའི་ཕྱིར། དེ་ལྟར་བཤད་པ་ཡིན་ཞེས་གསུང་སྟཻ། ཤིན་ཏུ་ལེགས་པར་ཡང་རྟོགས་སོ། །དེ་དག་ལས་ཨེ་ནི། གསང་བའི་པདྨའི་དབྱིབས་མཐུན་དུ་སྦྱོར་ཞིང༌། བཾ་ཡིག་ལ་ཆོས་ཀྱི་སྐད་དོད་དྷརྨ་ནི་དྷ་ར་ཞེས་པ་འཛིན་པ་སྟཻ། སེམས་ཉིད་ཡུལ་སྣ་ཚོགས་ཀྱི་རྣམ་པ་འཛིན་པའོ། །དེའི་རྒྱུ་མཚན་ཡང་སྙིང་ག་ནས་གཟུང་འཛིན་གྱི་རླུང་རྒྱུ་བ་ལ་ཐུགས་ཞིང༌། མ་ནི་མ་ཧཱ་མུ་དྲ་ཞེས་པ་སྟེ་ཕྱག་རྒྱ་ཆེན་པོ་དང༌། ཡ་ནི་ས་མ་ཡ་སྟེ། དམ་ཚིག་གི་དོན་ལ་ཡི་གེ་བསྣན་པའི་ངེས་པའི་ཀྱང༌། ཕྱག་རྒྱ་བཞི་པོ་དག་གི་བརྡར་བཏགས་པ་ཡིན་པར་འགའ་ཞིག་བཞེད་དོ། །དེ་ལྟར་ཡང་དཔལ་ཁ་སྦྱོར་ཐིག་ལེ་ལས། ཨེ་ཡིག་ས་རུ་ཤེས་བྱ་སྟཻ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་དང༌། །བརྩེ་བ་ཆེ་དང་ཐབས་ཆེན་པོ། །སྣ་ཚོགས་སྤྱོད་ཡུལ་རང་བཞིན་ཏེ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ཀྱི། །


TNT08_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་འཁོར་ལོ་གནས་པ་ཡིན། །བཾ་ཡིག་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མ་མཱ་ཀཱི། །བྱམས་པ་ཆེ་དང་སྨོན་ལམ་ནི། །ལྷ་མོ་རྡོ་རྗེ་རིགས་རྗེས་འགྲོ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་པའི། །ཆོས་ཀྱི་འཁོར་ལོ་ཡང་དག་གནས། །མ་ཡིག་མེ་རུ་བསྟན་པ་སྟཻ། །ཕྱག་རྒྱ་ཆེན་པོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་སྦྱོར་བ་ཡིས། །ལྷ་མོ་པདྨའི་རིགས་ལས་བྱུང༌། །མགུལ་པར་བརྒྱད་གཉིས་འདབ་མ་ཡི། །ཆུ་སྐྱེས་ལོངས་སྤྱོད་འཁོར་ལོ་གནས། །ཡ་ཡིག་རླུང་གི་ངོ་བོ་ནི། །ཉོན་མོངས་ཐམས་ཅད་རབ་འཇོམས་པ། །དམ་ཚིག་ཕྱག་རྒྱ་ཆེན་པོ་ཉིད། །སྒྲོལ་མ་འཁོར་བ་ལས་སྒྲོལ་མ། །བཏང་སྙོམ་ཡེ་ཤེས་སྦྱོར་བ་ཡིས། །ལྷ་མོ་ལས་ཀྱི་རིགས་ལས་བྱུང༌། །སུམ་ཅུ་རྩ་གཉིས་འདམ་སྐྱེས་ནི། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་སོགས་རྒྱས་པར་གསུངས་སོ། །སྐབས་འདིའི་ས་ལ་སོགས་པ་དེ་དག་ཀྱང༌། རང་བཞིན་བདེ་བ་ཆེན་པོར་གནས་པ་ཉིད་ཀྱིས་འཁོར་བ་མི་སྐྱེད་དེ། བདེ་བ་ཆེན་པོར་རོ་མཉམ་པའོ། །ཡང་འཁོར་ལོ་བཞི་པོ་དེ་དག་ཡི་གེ་གཉིས་སུ་བསྡུ་བ་ནི། ཨེ་ཞེས་པའི་བརྡས་ལྟེ་བ་དང༌། སྤྱི་བོ་ནི་ཤེས་རབ་ཀྱི་འཁོར་ལོ་ཡིན་པར་བསྟན་ལ། བཾ་གྱི་བརྡས་སྙིང་ག་དང་མགྲིན་པ་ནི་ཐབས་ཀྱི་འཁོར་ལོའོ། དེ་དག་ཀྱང་སྙིང་ག་བཾ་ཡིག་དང་ལྟེ་བ་ཨེ་ཡིག་ཐབས་ཤེས་སུ་སྦྱོར་ཞིང༌། མགྲིན་པ་ཝཾ་ཡིག་དང་སྤྱི་བོ་ཐབས་ཤེས་སུའོ། །དེ་ལྟར་ཡང༌། ཁ་སྦྱོར་ལས། ལྟེ་བ་སྤྱི་བོར་གནས་འཁོར་ལོ། །ཨེ་ཡིག་རྣམ་


TNT08_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་དག་གནས། །སྙིང་ག་མགྲིན་པར་ལེགས་གནས་པ། །བཾ་ཡིག་འདྲ་བར་འདོད་པའོ། །ཡང་རོ་མ་དང་རྐྱང་མ་དག་ཀྱང་ཐབས་ཤེས་འདིས་བསྟན་པར་འགྱུར་ཏེ། རྐྱང་མ་ཤེས་རབ་རང་བཞིན་ཏེ། །ཐབས་ཀྱི་རོ་མ་ཡང་དག་གནས། །ཞེས་གསུངས་པས་སོ། །འཁོར་ལོ་བཞི་པོ་དེ་དག་ལ། རང་རང་གི་མཚན་ཉིད་རང་མཚན་པར་མིང་བསྟན་པ་ནི། ལུས་དང་པོར་འཆགས་པའི་གཞི་ཡིན་པ་དང༌། རྣམ་པ་སྣ་ཚོགས་པའི་སྣང་བ་དང༌། བདེ་བ་འཕེལ་བའི་རྒྱུ་གཏུམ་མོའི་མེ་སྤྲུལ་ཞིང་འབྱེད་པར་བྱེད་པའི་གནས་ཡིན་པའི་ཕྱིར། ལྟེ་བའི་འཁོར་ལོ་ནི་སྤྲུལ་པའི་འཁོར་ལོ་དང༌། ཡུལ་དང་དབང་པོ་སོགས་རང་གི་མཚན་ཉིད་ཐ་དད་པར་འཛིན་པའི་ཆོས་ཀྱི་སྣང་བ་རྣམས་བསྐྱེད་པར་བྱེད་པའི་གནས་ཡིན་པའི་ཕྱིར། སྙིང་གའི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་དང༌། རོ་དྲུག་ལ་ལོངས་སྤྱོད་པའི་གནས་ཡིན་པའི་དོན་དང༌། གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་རྣམས་ལ། མིང་ཚིག་བརྗོད་པའི་རྣམ་པ་དུ་མས། སྨྲ་ཞིང་ལོངས་སྤྱོད་པའི་གཞི་ཡིན་པས་ཕྱིར། མགྲིན་པའི་འཁོར་ལོ་ལ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་དང་རྩ་སུམ་ཅུ་རྩ་གཉིས་ཀྱི་དྭངས་མ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས། བདེ་བ་བསྐྱེད་པའི་དོན་དུ་འཕེལ་བའི་གནས་ཡིན་པའི་ཕྱིར། སྤྱི་བོའི་འཁོར་ལོ་ནི་བདེ་བ་ཆེན་པོ་ཞེས་བྱའོ། །འཁོར་ལོ་བཞི་པོ་དེ་དག་ཏུ་གཞི་འཁོར་བའི་དུས་དང་ལམ་བསྒོམ་པའི་དུས་སུ། གང་ཅི་ཡང་རུང་བའི་བྱ་བ་བྱེད་པ་དེ་ཐམས་ཅད་ནི། རོ་རྐྱང་དབུ་མ་གསུམ་གྱི་ལམ་ནས་འགྲོ་འོང་བྱེད་པ་ཡིན་པ་ལས། འཁོར་བའི་དུས་ཀྱི་ལམ་རོ་རྐྱང་


TNT08_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཙོ་བོ་ཡིན་ཏེ། དེ་ཡང་གཡོན་དུ་རྐྱང་མ་དང་གཡས་སུ་རོ་མ་དག་ཏེ། དེ་ལ་གནས་པའི་ཡི་གེའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། རྐྱང་མ་ལ་ཨཱ་ལི་དང༌། རོ་མ་ལ་ཀཱ་ལི་དག་གོ །ཨཱ་ཨཱི་ཞེས་པ་ལ་སོགས་པ་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། སྡེ་ཚན་བརྒྱད་ཀྱི་དང་པོ་རྣམས་སྨོས་པས། ལྟེ་བ་སྤྲུལ་པའི་འཁོར་ལོའི་ནང་སྐོར་རྩ་འདབ་བརྒྱད་ལ་ཡི་གེ་བརྒྱད་པོ་ཉིད་གནས་པའང་བསྟན་མོད། ཕྱི་སྐོར་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་ལྔ་བཅུ་གནས་པར་ཡང་ངེས་པར་བསྟན་ནོ། །དེའི་སྟེང་དུ་ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཱཿ རྣམས་ཀྱང་ཕྱི་སྐོར་ལ་བསྣན་པས། ལྔ་བཅུ་ང་དྲུག་ཡིན་ལ། དེ་ལྟར་ན་ནང་སྐོར་ལ་བརྒྱད། ཕྱི་སྐོར་ལ་ལྔ་བཅུ་ང་དྲུག་སྟེ། སྡོམས་པས་རྩ་འདབ་དྲུག་ཅུ་རྩ་བཞི་དང་སྦྱོར་བ་བྱེད་དོ། །ཡི་གེའི་འཁོར་ལོ་དམིགས་པས་སྒོམ་པའི་ཚེ་དེ་ལྟར་ཡིན་ལ། གཞུང་དོན་དངོས་ནི་ལྟེ་བའི་འཁོར་ལོ་ནས། ངག་གི་བརྗོད་པ་མཐའ་དག་འབྱུང་བའི་གཞི་རླུང་རྣམས་རྒྱུ་བ་ཡིན་ཞིང༌། ཡི་གེ་གཞན་རྣམས་ཀྱི་ནུས་པ་ལས་ཀྱང༌། དབྱིངས་རིང་པོ་རྣམས་འབྱུང་བའི་ནུས་པ་ཅུང་ཟད་སྟོབས་ཆེ་བའི་ཕྱིར། རིང་པོ་དྲུག་པོ་ལོགས་སུ་སྨོས་པ་དང་བཅས་ཏེ་བསྟན་པ་ཡིན་པས། གཞིའི་གནས་ཐབས་ཀྱི་སྒོ་ནས་གསུངས་པ་ཡིན་ནོ། །གཞི་ལ་དེ་ལྟར་གནས་པ་མཚོན་བྱེད་ཀྱི་བརྡ་ཙམ་དུ། གཏུམ་མོ་སྒོམ་པའི་ཚེ་ཡི་གེ་དེ་ལྟར་འགོད་པ་ཡིན་མོད། གཞུང་གི་དགོངས་དོན་ནི་གཏུམ་མོ་འཁོར་ལོ་བཞིའི་དམིགས་པ་ཙམ་སྟོན་པ་མིན་གྱི། གཞིའི་གནས་ཐབས་སྟོན་པ་ཡིན་པ་འོག་མ་རྣམས་ལའང་འདིས་རིགས་འགྲེའོ། །


TNT08_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཡི་གེ་བརྒྱད་ཀྱིས་སྡེ་ཚན་བརྒྱད་བསྟན་ཞིང༌། རིང་པོ་དྲུག་སླར་ཡང་སྨོས་པས། དེ་དག་ཤུགས་ཆེ་བ་ཙམ་དུ་གོ་དགོས་པ་ཡིན་ནོ། ཨཾ་ནི་འཁོར་ལོ་དེའི་ལྟེ་བར་འགོད་རྒྱུའི་ཡི་གེ་སྟཻ། ཆོས་ཉིད་བརྗོད་བྲལ་གྱི་ཡི་གེ གཞོམ་མེད་ཀྱི་སྒྲའི་ཡེ་ཤེས་དང༌། དེའི་བརྟེན་ལྟེ་བའི་དབུས་ན་གནས་པའི་ཁམས་དམར་ཆའི་དྭངས་མ་དང་བཅས་པ་མཚོན་པ་ཡིན་ཞིང༌། དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། ཀུན་རྫོབ་ཀྱི་ཆ་ལས་ཡི་གེ་ཐམས་ཅད་འབྱུང་བའི་གཞི་དང༌། དོན་དམ་གྱི་ཆ་ལས་གཞོམ་མེད་ཀྱི་སྒྲ་དབྱངས་དང༌། ཆོས་ཀྱི་ཕུང་པོ་ཐམས་ཅད་འབྱུང་བའི་གཞི་ཡིན་པའི་ཕྱིར་ན། ཨ་ཐུང་གི་བརྡར་བཏགས་པ་ཡིན་ཏེ། ཨ་ཐུང་དེ་ནི་ཡི་གེ་ཐམས་ཅད་ཀྱི་གཞི་ཡིན་པར་འཇིག་རྟེན་དུ་གྲགས་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་གསུམ་གྱི་དེ་ཁོ་ན་ཉིད་ཀྱི་ངོ་བོར་གནས་པའི་ཕྱིར། སྟེང་དུ་ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་ཀྱིས་མཚོན་པའི་བརྡར་བྱས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ནི། ཕུང་པོ་ལྔ་དང་འབྱུང་བ་བཞིའི་རླུང་རྒྱུའོ་ཞེས་མཚོན་པས། བྲུཾ་ལ་སོགས་པའི་ཡི་གེ་དགུ་འགོད་པ་སྟེ། མདུན་གྱི་རྩ་འདབ་ལ་གཟུགས་ཕུང་གི་རླུང་བྲུཾ་གཡས་ཀྱི་ལ་ཚོར་བའི་ཨཾ། རྒྱབ་ཀྱི་ལ་འདུ་ཤེས་ཀྱི་ཛྲིཾ། གཡོན་གྱི་ལ་འདུ་བྱེད་ཀྱི་ཁཾ། དབུས་ཀྱི་ལྟེ་བ་ལ་རྣམ་ཤེས་ཀྱི་ཕུང་པོའི་རླུང་ཧཱུཾ་གི་བརྡས་བསྟན་ནོ། །དེ་དག་ཀྱང་རིམ་པས་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རླུང་ཡིན་ཏེ། འོན་ཀྱང་ཐབས་ཀྱི་ཆ་གཙོ་བོའོ། །ཤར་ལྷོར་ས་ཁམས་ཀྱི་རླུང་ལཱཾ་ཡིག་དང༌། ལྷོ་ནུབ་ཏུ་ཆུ་ཁམས་ཀྱི་རླུང་མཱཾ་ཡིག་དང༌། ནུབ་བྱང་དུ་མེ་


TNT08_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་རླུང་བཱཾ་ཡིག་དང༌། བྱང་ཤར་དུ་རླུང་ཁམས་ཀྱི་རླུང་ཏཱཾ་ཡིག་རྣམས་ཀྱིས་མཚོན་པ་སྟཻ། འདི་རྣམས་ཤེས་རབ་ཀྱི་ཕྱོགས་གཙོ་བོར་གྱུར་པའོ། །འདི་ལའང་མཁའ་ཁམས་ཡོད་མོད་ཀྱི། དབུས་ཀྱི་ལྟེ་བར་སྔ་མ་དང་རོ་མཉམ་དུ་འདྲེས་པའི་དབང་དུ་བྱས་ནས་ལོགས་སུ་མ་སྨོས་སོ། །དཔེ་འགའ་ཞིག་ལས་བྲུཾ་སོགས་ཀྱི་དོད་དུ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ སོགས་བྱས་པའང་ཡོད་དེ། དངོས་པོའི་གནས་ཐབས་ལ་ཡིག་གཟུགས་སུ་གྲུབ་པ་མ་ཡིན་པས། རིགས་ལྔའི་ས་བོན་གང་སྒོམ་ཀྱང་འགལ་བ་མེད་དོ། །དཔྱིད་ཐིག་ཏུ་བཤད་པ་དང་ཡི་གེའི་འགོད་ཚུལ་ཅུང་ཟད་མི་མཐུན་ཡང༌། དེ་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ལས་བཤད་ཅིང༌། འདི་དགྱེས་པ་རྡོ་རྗེའི་ལུགས་ཡིན་ཞེས། བླ་མ་གོང་མ་རྣམས་གསུངས་ལ། འོན་ཀྱང་རང་ལུགས་ལ་མཚོན་དོན་ནི་གཅིག་པས་འདི་དག་རྣམ་གྲངས་ཐ་དད་པར་གསུངས་པར་མངོན་ནོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ། ལྟེ་བར་ཨོཾ་ནི་ཡི་གེ་ཀུན་གྱི་མགོ་འདྲེན་པས་ན། ངག་གི་བརྗོད་པ་མངོན་འགྱུར་ཐམས་ཅད་འབྱུང་བའི་ནུས་པ་མཚོན་པ་དང༌། རོ་རྣམས་མྱང་བའི་ནུས་པས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བརྟས་པར་བྱང་བ་ནི། ཨོཾ་ཡིག་མཆོད་སྔགས་ཡིན་པའི་དོན་དང༌། རིགས་སྔགས་མཐའ་དག་འགྲུབ་པའི་གཞི་ཡིན་པ་ནི། ཨོཾ་ཡིག་ལ་བསྔགས་ཏེ་སྔགས་ཀྱི་ཆོ་ག་སྔགས་ཐམས་ཅད་ཀྱི་མགོ་འདྲེན་པར་བྱེད་པའི་དོན་གྱིས་སོ། ཨ་ཨི་ཨུ་ཨེ་ནི་དབྱངས་ཐུང་ངུ་ཏེ། མགྲིན་པའི་ནང་སྐོར་ཀྱི་ཡི་གེ་བཞི་དང༌། བཞི་པོ་དེ་རྣམས་ཉིད་ཀྱི་རྣམ་འགྱུར་ལས་བྱུང་བ།


TNT08_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བཅུ་གཉིས་མ་ནིང་བཞི་སྤངས་པ་ནི། ཕྱི་སྐོར་ལ་འགོད་པར་བྱ་བ་ཡིན་ཏེ། །མགྲིན་པའི་རྩ་འཁོར་ན་ཡི་གེ་རྣམས་ཀྱི་བྱ་བ་བྱེད་པའི་རླུང་གནས་པ་མཚོན་པའི་ཕྱིར། །དབྱིངས་རྣམས་གཙོ་བོར་བཀོད་པ་ཡིན་ནོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་ནི། ཧཾ་ཡིག་ཏེ་ཇི་སྲིད་དུ་ལུས་གནས་ཀྱི་བར་དུ། བྱང་ཆུབ་ཀྱི་སེམས་མི་སྙེམ་ཞིང་རྟག་ཏུ་ལུས་ལ་གནས་པའི་མཚན་ཉིད་ཅན། ཧ་ཡིག་གི་སྒྲ་དང་བཅས་ཏེ་གནས་པའམ། ཡང་ནམ་མཁའི་ཁམས་བདེ་བའི་མཚན་ཉིད་ཅན་ཡང་ཡིན་ལ་དྲོད་དང་ལྡན་པ་མཚོན་པའི་ཕྱིར་ཡང་ཧ་ཡིག་དང༌། ཡང་ན་ཨ་ན་ཧ་ཏ་མི་ཤིགས་པའི་དོན་ཡིན་ཏེ། གོང་དུ་བཤད་པ་ལྟར་མི་སྙེམ་པའི་དོན་དང༌། དེའི་མིང་གི་དབུས་ཀྱི་ཡི་གེ་མཚོན་པའི་ཕྱིར། ཧ་ཡིག་ཏུ་འཆད་དོ། །ཟླ་ཕྱེད་སོགས་གསུམ་གྱི་མཚོན་དོན་ནི་སྔར་དང་འདྲའོ། །འདབ་མ་ལ་དབྱངས་ཚར་གཉིས་འགོད་པ་ནི། ཁམས་དཀར་པོ་གནས་པ་ཉིད་ལས་འཕོ་བ་སོ་གཉིས་གྱི་ཐིག་ལེ་མཚོན་པ་དང༌། དབྱངས་བཅུ་དྲུག་དང་གསལ་བྱེད་བཅུ་དྲུག་འགོད་པ་ལྟར་ན། ཁམས་འཕོ་བ་བཅུ་དྲུག་གི་རྒྱུ་ཐིག་ལེ་རེ་རེ་ལའང༌། ཐབས་དང་ཤེས་རབ་ཀྱི་ཆ་གཉིས་གཉིས་ཡོད་པ་མཚོན་ནོ། །ལྟེ་བའི་འོག་སོར་བཞིའི་གནས་སུ་ཚངས་པའི་མེ་ཞེས་བྱ་བ་གང་ལས་དྲོད་དང༌། ཆགས་པའི་རྟོག་པ་མངོན་འགྱུར་དུ་སྐྱེད་པར་བྱེད་པའི་མཐུ་ཅན། སྲུང་བ་ཏེ་དབུ་མའི་མས་སྣ་འགག་པར་བྱེད་པའི་ཡི་གེ་ནི་ཀྵ་ཡིག་གོ །དེ་ཡང་ལམ་དུ་བྱས་ན་འཆི་བ་ལ་སོགས་པ་བསྲུང་བར་བྱེད་ལ། ལམ་དུ་མ་བྱས་


TNT08_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ན། ན་བ་དང་རྒས་པ་དང་འཆི་བ་སྟེར་བའི་ཕྱིར། སྲིན་པོའི་ཡི་གེ་ཞེས་བྱ་སྟེ། རཀྵའི་སྒྲ་བསྲུང་བ་དང་སྲིན་པོའི་སྒྲ་གཉིས་ཀ་ལ་འཇུག་པས་སོ། །མཐར་ཟད་ཀྱི་ཡི་གེ་ཀྵ་ནི་ཡི་གེའི་ནང་ནས་ཆེས་རྩུབ་ཅིང་དྲག་པོ་ཡིན་ཏེ་ཟད་མཐའ་ཡིན་པའི་ཕྱིར་དང༌། ཚངས་པའི་མེ་ཡང་ཁམས་རྣམས་ཀྱི་ནང་ནས་ཆེས་དྲག་པོ་ཡིན་པའི་ཕྱིར་དཔེ་དོན་སྦྱོར་ལ། ཀ་ཡིག་ས་ཁམས་དང་ཥ་ཡིག་མེ་ཁམས་མཚོན་པས། འདི་ནི་ས་མེ་གཉིས་ཤས་ཆེར་འདུས་པའི་ཐིག་ལེའོ། །དེ་ལྟར་ན་ཡི་གེའི་དཀྱིལ་འཁོར་དུ་གང་བཤད་པ་ཐམས་ཅད་ནི། གནས་རྩ་དང་ཡོ་བྱད་ཁམས་ཀྱི་ཁྱད་པར་ལ་བརྟེན་ནས། སྒྲ་གཟུགས་སྣ་ཚོགས་སུ་འགྱུར་བའི་རླུང་རྣམས་ཉིད་ཡིན་ཏེ། ཡི་གེ་ཞེས་བྱ་བ་ངོ་བོ་གཞན་དུ་མི་བསམ་མོ། །ཟླ་བ་དང་ཞེས་སོགས་ལ་ཟླ་བའི་སྒོ་འོག་ཏེ་རྩ་རྐྱང་མ་ལ་ལྟེ་བའི་ཐད་དུ་ཁུ་བ་འཕེན་སྡོམ་གྱི་སྒོ་ཡོད་པ་ནི། ཁམས་དང་རླུང་འོང་བའི་ལམ་དང༌། ཉི་མའི་སྒོ་རྩ་རོ་མ་ལ་བརྟེན་པའི་ཁའམ་བུ་ག་སྟེང་གི་མགྲིན་པར་གནས་པ་ནི། གཏུམ་མོ་མེ་དང་རླུངའགྲོ་བའི་སྒོ་ཏེ། ཐུགས་ཀྱི་སྒོ་གཉིས་སུ་གྲགས་པ་དེ་ཡིན་ལ། སྤྱིར་དབུ་མའི་ཡས་སྣ་དང་མས་སྣའི་སྒོ་དང་སྙིང་གའི་སྟེང་དང་ལྟེ་བའི་འོག་གི་སྒོ་ཡང༌། ཟླ་བ་ཉི་མ་དང་ཐུགས་ཀྱི་སྒོ་ཡང་ཡིན་ནོ། །དེ་བཞི་གནས་ཐབས་ཀྱི་དབང་དུ་བྱས་ལ། ལམ་སྒོམ་པའི་ཚེ་གནད་འབྱེད་པའི་སྒོ་མཛོད་བུ་ནི་གཏུམ་མོ་འགྲོ་བ་དང༌། གསེར་གྱི་སྒོ་ཏེ་སྤྱི་གཙུག་ཚངས་པའི་བུ་ག་ནི། བྱང་ཆུབ་ཀྱི་སེམས་འོང་པའི་སྒོའོ། །སྐབས་འདི་དག་ཏུ་རྩ་གསུམ་འཁོར་ལོ་བཞི་སྐུའྀ་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྒོ་གཉིས།


TNT08_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་ཐིག་ལེའི་རྣམ་བཞག་ཞིབ་མོར་ཤེས་པ་གལ་ཆེ་མོད་ཀྱི། དཔལ་དཔྱིད་ཀྱི་ཐིག་ལེའི་འགྲེལ་པར་བཤད་པའི་འདིར་མི་སྤྲོའོ། །གཉིས་པ་དེ་དང་འབྲེལ་བའི་ཆོས་རྣམས་ཞིབ་མོར་བཤད་པ་ནི། སྦྱོར་བ་བཞི་ནི་ཞེས་པ་ནས། སྐྱེ་ཞིང་གནས་ལ་འཇིག་པའོ། །ཞེས་པའི་བར་ཏེ། དེ་ལ་སྡོམ་ནི། སྦྱོར་བཞི་རྒྱུ་བའི་ཚུལ་བཞི་དང༌། །ཏིང་འཛིན་གསུམ་དང་ལས་གསུམ་དང༌། །ཡན་ལག་བདེན་པ་སྡེ་པ་དང༌། །དབྱེ་བ་སྐད་ཅིག་དགའ་བ་འབྲས། །མཆོག་གནས་དེ་ཉིད་རྣམ་པ་བཞི། །འཁོར་གསུམ་ཤེས་རབ་གཉིས་དང་ནི། །དབུག་དབྱུང་གཉིས་དང་སྐུ་གསུམ་དང༌། །ཕུང་པོ་ལྔ་དང་ཡེ་ཤེས་ལྔ། །ལྷ་མོ་བཞི་དང་དབང་པོ་དྲུག །འཁོར་ལོ་བཞི་ལ་ཐུན་བཞིའི་རླུང༌། །ས་བཅུ་ཡུལ་ནི་ཉེར་བཞི་དང༌། །ཀུན་སྤྱོད་བདུན་ཅུ་རྩ་གཉིས་སོ། །ཤེས་རབ་དབུགས་དབྱུང་གཉིས་ཚན་གཉིས། །ཏིང་འཛིན་ལས་དང་དཀྱིལ་འཁོར་དང༌། །སྐུ་ཏེ་གསུམ་ཚན་བཞི་ཡིན་ལ། །རླུང་དང་རྒྱུ་བ་སྙེན་སྒྲུབ་སོགས། །སྡེ་ཚན་བཅུ་དང་ལྷ་མོ་དང༌། །ཐུན་ཏེ་བཞི་ཚན་བཅུ་བཞིའོ། །ཕུང་པོ་ཡེ་ཤེས་ལྔ་ཚན་གཉིས། །དྲུག་དང་བཅུ་དང་ཉེར་བཞི་དང༌། བདུན་ཅུ་གཉིས་ལ་རེ་རེའོ། །ཞེས་པ་བློ་ལ་བཞག་ནས། སྦྱོར་བ་བཞི་དང༌། དཀྱིལ་འཁོར་གྱི་རླུང་རྒྱུ་བའི་ཚུལ་བཞི་དང༌། ཏིང་འཛིན་གསུམ་དང༌། ལས་གསུམ་དང༌། སྙེན་སྒྲུབ་ཡན་ལག་བཞི་དང༌། བདེན་པ་བཞི་དང༌། སྡེ་པ་བཞི་དང༌། དབྱེ་བ་བཞི་དང༌། སྐད་ཅིག་མ་བཞི་དང༌། དགའ་བ་བཞི་དང༌། འབྲས་བུ་བཞི་དང༌། མཆོག་བཞི་དང༌།


TNT08_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞི་དང༌། དེ་ཁོ་ན་ཉིད་བཞི་དང༌། དཀྱིལ་འཁོར་གསུམ་དང༌། ཤེས་རབ་གཉིས་དང༌། དབུགས་དབྱུང་གཉིས་དང༌། སྐུ་གསུམ་དང༌། ཕུང་པོ་ལྔ་དང༌། ཡེ་ཤེས་ལྔ་དང༌། ལྷ་མོ་བཞི་དང༌། དབང་པོ་དྲུག་དང༌། འཁོར་ལོ་བཞི་ལ་ཐུན་བཞིར་རྒྱུ་བའི་རླུང་དང༌། ས་བཅུ་གཉིས་དང༌། ཡུལ་ཉི་ཤུ་རྩ་བཞི་དང༌། ཀུན་སྤྱོད་བདུན་ཅུ་རྩ་གཉིས་ཏེ། སྡེ་ཚན་ཉི་ཤུ་རྩ་དྲུག་གམ་ཤེས་རབ་དང་དབུགས་དབྱུང་གཅིག་ཏུ་སྡོམས་ན་ཉི་ཤུ་རྩ་ལྔ་གསུངས་པ་ལས། ཤེས་རབ་དབུགས་དབྱུངས་ལ་གཉིས་གཉིས་ཏེ་གཉིས་ཚན་གཉིས་དང༌། ཏིང་ངེ་འཛིན་གསུམ་དང༌། ལས་གསུམ་དང༌། སྐུ་གསུམ་ཏེ་སུམ་ཚན་བཞི་དང༌། སྦྱོར་བ་དང༌། དཀྱིལ་འཁོར་གྱི་རླུང་རྒྱུ་ཚུལ་དང༌། ཡན་ལག་དང༌། དེ་བཞིན་དུ། བདེན་པ། སྡེ་པ། དབྱེ་བ། སྐད་ཅིགདགའ་བ། འབྲས་བུ། མཆོགགནས། དེ་ཁོ་ན་ཉིད། ལྷ་མོ་ཐུན་ཚོད་ཀྱི་རླུང་ཏེ་བཞི་ཚན་བཅུ་བཞི་དང༌། ཕུང་པོ་དང༌། ཡེ་ཤེས་ཏེ་ལྔ་ཚན་གཉིས་དང༌། དྲུག་ཚན། བཅུ་ཚན། ཉེར་བཞི་ཚན། བདུན་ཅུ་རྩ་གཉིས་ཚན་རྣམས་སྡེ་ཚན་རེ་རེའོ། །དེ་ལ་ཐབས་དང་ཤེས་རབ་གཉིས་ཀྱི་དབྱེ་བས་གཉིས་ཚན་དང་རྩ་གསུམ་མམ། རྡུལ་མིན་སྙིང་སྟོབས་གསུམ་གྱི་དབྱེ་བའི་གསུམ་ཚན་དང༌། འཁོར་ལོ་བཞིའམ་སྐུ་བཞིའི་དབྱེ་བས་བཞི་ཚན་དང༌། ཡེ་ཤེས་ལྔའམ་འབྱུང་བ་ལྔའི་དབྱེ་བའི་ལྔ་ཚན་དང༌། ཁམས་དྲུག་གི་དབྱེ་བས་དྲུག་ཚན་དང་དེ་ཉིད་ཉིས་འགྱུར་རམ། ཕར་ཕྱིན་བཅུའི་དབྱེ་བའི་བཅུ་ཚན་དང༌། བརྒྱད་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཉེར་བཞི་དང༌།


TNT08_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལའང་སྐུ་གསུམ་གྱི་དབྱེ་བས་བདུན་ཅུ་རྩ་གཉིས་སོ། །རྒྱས་བཤད་ཀྱི་སྐབས་འདིར་ནི་དེ་ཙམ་ཡིན་མོད་ཀྱི། ཉིས་ཚན་གྱི་སྐབས་ཡི་གེ་གཉིས། དབྱངས་གསལ་གཉིས། གཡས་གཡོན་གཉིས། ཟླ་ཉི་གཉིས། སྟེང་འོག་གཉིས། སྒོ་གཉིས། འགྲོ་འོང་གཉིས་ཏེ་གཉིས་ཚན་བདུན་དང༌། ཡི་གེ་ཕྱག་རྒྱ་འཁོར་ལོ་སྟེ་བཞི་ཚན་གསུམ་ཡང་གོང་དུ་བཤད་པས། སྤྱིར་གཞུང་འདི་ནས། གཉིས་ཚན་གྱི་སྐབས་སུ་དགུ་དང༌། བཞི་ཚན་གྱི་སྐབས་སུ་བཅུ་དྲུག་ཡོད་དོ། །སྡེ་ཚན་དེ་རྣམས་དོན་གྱི་རིགས་ཇི་ལྟར་མཐུན་མཐུན་དུ་འཁྲུགས་སྡེབས་ཏེ་བཤད་ན། མི་འཛིངས་ཤིང་གོ་བདེ་བའི་ཕྱིར་དེ་ལྟར་བརྗོད་པར་བྱའོ། །དེ་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་རང་བཞིན་དང༌། གཞི་ལམ་འབྲས་བུ་ཆོས་སོ་སོར་དབྱེ་བའོ། །དང་པོ་ལ་བདེན་པ་གཉིས་ཀྱི་རང་བཞིན་དང༌། གནས་ལུགས་འཁོར་འདས་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་བསྟན་པའོ། །དང་པོ་ནི་གཉིས་ཚན་གཉིས་ཏེ། དེ་ཡང་ཤེས་རབ་གཉིས་ནི་དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའོ། །དམིགས་པ་དང་བཅས་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དེ་འཁོར་བའོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བ་སྟེ་མྱ་ངན་ལས་འདས་པའོ། །ཞེས་སོ། །གཞུང་འདིའི་རྣམ་གྲངས་ཀྱི་དོན་ནི། གཞིའི་དུས་སུ་སེམས་དང་ལུས་གཉིས་ལས། །སེམས་ཀྱི་བདེ་བ་དང་གསལ་བའི་ཆ་ནི། དམིགས་བཅས་དེ་བཞིན་གཤེགས་པའི་དབུགས་དབྱུང་ཏེ། བདེ་བའི་རང་བཞིན་མ་ཤེས་པས་སྲེད་པ་སྐྱེ་ཏེ་འཁོར་བའི་རྒྱུ་དང༌། གསལ་བ་ལ་འཁྲུལ་པ་


TNT08_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འབྲས་བུ་འཁོར་བའི་སྣང་བ་ཉིད་འཆར་བའི་འཁོར་བ་ཞེས་བརྗོད། སེམས་གཟུང་འཛིན་གཉིས་སྟོང་གི་ཆ་ནི། རྡོ་རྗེ་འཆང་གི་དབུགས་དབྱུང་བ་སྟེ། དབྱིངས་ཀྱི་ཕྱོགས་འཛིན་པ་དང༌། བདེ་གསལ་དེ་རྣམས་ཀྱི་རོ་མཉམ་པའི་ལྡོག་ཆ་བསྟན་པས། ཁྱབ་བྱེད་ཀྱི་ཚུལ་ལ་ཞུགས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་རྡོ་རྗེ་འཆང་ཆེན་པོས་ཁྱབ་པའི་ཚུལ་དང་མཚུངས་ཤིང༌། གནས་ལུགས་གཟུང་འཛིན་དང་བྲལ་བ་དེ་ཉིད་ལ་ལམ་བསྒོམས་པས། །མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་ཕྱིར། དེ་ལ་མྱང་འདས་ཞེས་བྱའོ། །འཁོར་བ་ལུས་ཀྱི་ཆ་ནས། བདུད་རྩི་ལྔའི་དྭངས་མ་ནི་བདེ་བའི་བརྟེན་ཡིན་པས། རྡོ་རྗེ་འཆང་གི་དབུགས་དབྱུང་དང༌། ཁམས་ཉེར་བཞི་སོགས་ནི་རྣམ་འགྱུར་སྣ་ཚོགས་པས་ལུས་བསྐྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་དབུགས་དབྱུང་ངོ༌། །ལམ་དང་སྦྱར་བ་ལ། བདེ་གཤེགས་དབུགས་འབྱིན་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། ཞེས་ཀུན་སྤྱོད་སོགས་ལས་གསུངས་པ་ལྟར་ཏེ། རྫོགས་རིམ་རྣམ་པ་དང་བཅས་པ་རྣམས་ནི། བདེ་གཤེགས་དབུགས་འབྱིན་དང༌། དེ་རྣམས་ལ་ཁྱབ་པ་བདེ་སྟོང་དབྱེར་མེད་ཀྱི་ལམ་རྣམ་མེད་ཀྱི་ཆ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་ངོ༌། །འབྲས་བུ་ལ་སྦྱར་ན་སྐུ་རྣམ་པ་ཐམས་ཅད་པ་ནི་བདེ་གཤེགས་དབུགས་དབྱུང་དང༌། ཐུགས་ལྷན་ཅིག་སྐྱེས་པ་ནི། རྡོ་རྗེ་འཆང་གི་དབུགས་དབྱུང་དུ་འཇོག་པར་ཤེས་པར་བྱ་ལ། གཞི་ལམ་འབྲས་བུ་འབྲེལ་བ་ནི། ཨེ་ཡིག་གི་འཁོར་ལོ་གཉིས་ལས།


TNT08_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལམ་འབྲས་བུའི་རྡོ་རྗེ་འཆང་གི་དབུགས་དབྱུང་འཆར་བ་དང༌། བཾ་ཡིག་གི་འཁོར་ལོ་གཉིས་ལས་གཞི་ལམ་འབྲས་བུའི་བདེ་གཤེགས་དབུགས་དབྱུང་རྣམས་འཆར་རོ། །ཞེས་རྒྱུ་མཚན་དང་བཅས་པ་ཞིབ་མོར་ངེས་པར་བྱའོ། །དེ་རྣམས་ལས་གཞུང་འདིའི་དོན། དངོས་སམ་གཙོ་བོ་ནི་འདི་ཡིན་ཏེ། འདིར་ཤེས་རབ་ཅེས་བྱ་བ། རྟོགས་བྱའི་ཡུལ་ཆོས་ཉིད་ལ་བཞག་པ་དང༌། རྟོག་བྱེད་ཀྱི་ཤེས་པ་ལམ་བདེན་ལ་བཞག་པ་གཉིས་ལས། འདིར་དང་པོ་སྟེ། དེས་ན་ཆོས་ཉིད་ལ་ངོ་བོའི་སྒོ་ནས་རྣམ་པར་དབྱེ་བ་ནི་མེད་ཀྱང་མཚན་ཉིད་ནི་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་རྣམ་པ་ཐམས་ཅད་པར་གདོད་མ་ནས་ཤར་བའི་ཡེ་ཤེས་དང༌། དམིགས་པ་མེད་པ་རང་བཞིན་འགྱུར་མེད་བདེ་བ་ཆེན་པོ་ལ་གཟུང་འཛིན་གྱི་སྣང་བས་མ་གོས་པའི་རང་རིགས་ཏེ། དེ་གཉིས་ཟུང་དུ་འཇུག་པ་ནི་ཆོས་ཉིད་དོ། །དེ་ལྟར་ཤེས་རབ་གཉིས་པོ་དེ་ནི། གང་དུ་དབུགས་འབྱིན་པའི་གནས་ཡིན་ལ། དེར་དབུགས་འབྱིན་པའི་ཚུལ་ནི་རྣམ་པ་གཉིས་ཏེ། གདོད་མ་ནས་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཡིན་ཡང༌། ལས་དང་ཉོན་མོངས་པ་དང༌། སྡུག་བསྔལ་གྱི་རྣམ་པ་མཐའ་ཡས་པས་ཡོངས་སུ་གཡོགས་པ་དེ་ལམ་དམིགས་བཅས་ལྷ་སྐུ་དང་རྩ་དང་རླུང་དང༌། ཐིག་ལེ་ལ་སོགས་པ་དང༌། དད་པ་དང༌། ངེས་པར་འབྱུང་བ་དང༌། སྙིང་རྗེ་དང༌། མཆོད་པ་དང་བསྔོ་བ་ལ་སོགས་པ། ཐབས་སྣ་ཚོགས་བསྟན་པས། མ་དག་པའི་སྣང་བ་ཐམས་ཅད་པ་དེ་དག་ནས། གཞི་གདོད་མའི་གནས་ལུགས་དག་པའི་སྣང་བ་ཐམས་ཅད་པ་མངོན་


TNT08_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་དེ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོར་དབུགས་དབྱུང་བ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་པ་དེ་ཡང་འཁོར་བའི་གནས་ཚུལ་དང་ཆོས་ཉིད་ཡིན་པས། འཁོར་བའི་མིང་གིས་བཏགས་པའམ། དོན་དམ་པའི་འཁོར་བའོ། །དམིགས་པ་མེད་པའི་ལམ་སྟོང་པའི་ཕྱོགས་དང་བདེ་བའི་ཕྱོགས་རོ་གཅིག་ཏུ་གོམ་པ་ལས་གནས་ལུགས་རང་རིགས་བདེ་ཆེན་གཟུང་འཛིན་གཉིས་བྲལ་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ནི་མཚན་ཉིད་འདི་དག་ཚང་བ་དེ་དངོས་པོ་ལ་མཚན་མར་འཛིན་པ་དང༌། བདག་དང་བདག་གིར་འཛིན་པ་དང༌། རྣམ་པ་མི་གསལ་བའི་མ་རིག་པ་དང༌། རང་བཞིན་བདེ་བ་ལ་བློ་འཁྲུལ་པར་ཞུགས་པའི་འགྱུར་བདེ་བག་ཆགས་དང་བཅས་པ་དེ་འགག་པ་ལས། རང་བཞིན་རང་རིག་དེ་མངོན་དུ་གྱུར་པ་ནི། རྡོ་རྗེ་འཆང་བདེ་བ་ཆེན་པོར་དབུགས་དབྱུང་བ་སྟེ། མྱ་ངན་ལས་འདས་པའི་ཆོས་ཉིད་དེ། འདིར་རྩོད་པ་གཉིས་འབྱུང་བར་འགྱུར་ཏེ། ཇི་སྐད་དུ། ཆོས་ཉིད་ཀྱི་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། །ཞེས་གསུངས་པས། ཆོས་ཉིད་ཉིད་མྱང་འདས་མ་ཡིན་ནམ། མྱང་འདས་ཆོས་ཅན་དང་རང་རིག་བདེ་ཆེན་ཆོས་ཉིད་དུ་ཇི་ལྟར་འཐད་མཉམ་པ་ནི་རྩོད་པ་དང་པོའོ། །དམིགས་པ་མེད་པ་ནི་རང་བཞིན་གྱི་མྱང་འདས་ཡིན་ཡང༌། དམིགས་བཅས་དཀྱིལ་འཁོར་གྱི་འཁོར་ལོ་འཆར་བ་དེ་ནི། གློ་བུར་རྣམ་དག་ཁོ་ན་ལས་ཡིན་པས། སེམས་ཅན་རྣམས་ལ་མེད་པའི་ཕྱིར། དེ་གཉིས་ངོ་བོ་གཅིག་པར་ཡང་མི་འཐད་ཅིང༌། དཀྱིལ་འཁོར་དེ་འདྲ་འབྲས་བུ་མཐར་ཐུག་གི་སྐབས་ཡིན་པས། འཁོར་བ་ཇི་ལྟར་འགྱུར།


TNT08_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འཁོར་འདས་གཉིས་སུ་བཅད་པའི་མྱང་འདས་ཀྱི་ཟླས་དྲངས་པའི་འཁོར་བ་དེ་ཡིན་པས། འཁོར་བ་དངོས་སམ་ཀུན་རྫོབ་ཀྱི་ཆ་ལས་འོས་མེད་པའི་སོ་སྙམ་པའོ། །དང་པོའི་ལན་ནི། གང་མྱ་ངན་ལས་འདས་པའི་ཆོས་སུ་གཏོགས་ཚད་ལ། ཆོས་ཉིད་ཀྱིས་ཁྱབ་མཐའ་འཛིན་པ་ནི་མ་ཡིན་ཏེ། དྲི་མ་གསར་དུ་སྤངས་པ་ལ་སོགས་པ་དང༌། མ་ཐོབ་པ་གསར་དུ་ཐོབ་པར་སྣང་བ་དེ་ཐམས་ཅད་དང༌། གདུལ་བྱ་གཞན་སྣང་གིས་བསྡུས་པ་རྒྱུ་དང་བཅས་པ་རྣམས་ནི། །ཀུན་རྫོབ་སྒྱུ་མ་ལྟ་བུ་ཙམ་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཀྱི་གནས་ལུགས་མ་ཡིན་པའི་ཕྱིར་རོ། །ཡང་གློ་བུར་གྱི་འཁྲུལ་པ་གནས་ལུགས་ལ་ཡོད་མ་མྱོང་བས། དེ་སྤངས་པར་སྣང་བ་ཡང་ཅིའི་ཕྱིར་འཁྲུལ་པ་མ་ཡིན། དེས་ན་སྐབས་འདིར་ཆོས་ཅན་དུ་འགྱུར་བའི་མྱ་ངན་ལས་འདས་པ་ནི། དེ་རྣམས་ཡིན་ལ་དེ་དག་ཀྱང་གཟུང་འཛིན་གདོད་མ་ནས་ཡོད་མ་མྱོང་བའི་རྒྱུ་མཚན་གྱིས་འཁྲུལ་པ་དེ་སངས་པ་ཡིན་པའི་ཕྱིར། གནས་ལུགས་དེ་དང་གསར་ཐོབ་ཀྱི་མྱ་ངན་ལས་འདས་པ་དེ་ཡང༌། རྒྱུ་མཚན་གྱི་སྒོ་ནས་འབྲེལ་ཞིང༌། དེ་ཡང་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཆོས་ཅན་དང་ཆོས་ཉིད་དུ་བཞག་གོ །ཆོས་ཉིད་ཀྱི་རབ་ཏུ་ཕྱེ་བ་མྱ་ངན་ལས་འདས་པར་བཞག་པ་ཡང༌། དོན་འདི་ཉིད་ཡིན་པས། ལུང་དེའི་དོན་ཡང་ལེགས་པར་བཤད་པ་ཡིན་ཏེ། རང་བཞིན་གྱི་མྱ་ངན་ལས་འདས་པ་ནི་ཆོས་ཉིད་དངོས་ཡིན་ལ། གློ་བུར་དྲི་བྲལ་གྱི་མྱང་འདས་ཀྱང༌། ཆོས་ཉིད་ལ་རྒྱུ་མཚན་གྱི་སྒོ་ནས་འབྲེལ་བ་ཅན་དུ་འཇུག་པའི་ཕྱིར་རོ། གཉིས་པའི་ལན་ནི། རྣམ་པ་ཐམས་ཅད་པའི་ཆ་


TNT08_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རང་རིག་བདེ་ཆེན་ཀྱི་ཆ་ནས། གཉིས་ཀ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་ཆོས་ཉིད་ཡིན་པས། ངོ་བོ་ཐ་དད་དུ་འགྱུར་བའི་སྐྱོན་མེད་ལ། ལྡོག་ཆ་གཉིས་པོ་ནི་འཁོར་འདས་སོ་སོའི་ཆོས་ཉིད་དུ་འགྲོ་ཚུལ་སོ་སོ་ཡིན་མོད་ཀྱང༌། དེས་ཆོས་ཉིད་ཐ་དད་དུ་མི་འགྱུར་ཏེ། ལྡོག་ཆ་ནི་བློས་བཏགས་པ་ཀུན་རྫོབ་དང་འབྲེལ་བའི་ཆ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པ་ཐམས་ཅད་པ་འཁོར་འདས་གཉིས་ཀར་གྱི་ཆོས་ཉིད་ཡིན་པ་ལ་ཉེ་རིང་མེད་ཀྱང༌། རྣམ་པ་ཐམས་ཅད་པའི་ལྡོག་ཆ་ནས་འཁོར་བའི་ཆོས་ཉིད་དུ་སོང་བ་དང༌། རང་རིག་བདེ་ཆེན་འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཡང་རང་རིག་བདེ་བའི་ལྡོག་ཆ་ནས། གསར་དུ་མྱ་ངན་ལས་འདས་པའི་ཆོས་ཉིད་དུ་གཙོ་བོར་སོང་བ་ཡིན་ནོ། དེའི་ཕྱིར་མྱ་ངན་ལས་འདས་པའོ་ཞེས་པ་མྱང་འདས་ཀྱི་ཆོས་ཉིད་ཡིན་པས། འཁོར་བའོ་ཞེས་པ་ཡང་དེའི་ཆོས་ཉིད་དུ་གྲུབ་བོ། །ཡང་གོང་གི་དམིགས་བཅས་ངོས་འཛིན་པ་ན་བདེ་གཤེགས་དབུགས་དབྱུང་དེའི་མཚན་ཉིད་དུ་འཆད་ཅིང༌། མཚན་གཞི་ཆོས་ཅན་ཕུང་པོ་ལྔ་སོགས་སུ་བཤད་ནས། འཁོར་བ་དངོས་སུ་འདོད་པ་ནི་ཤིན་ཏུ་འཁྲུལ་བ་སྟེ། ཤེས་རབ་གཉིས་མ་ཞེས་པའི་གཞུང་ཚིག་དང་དངོས་སུ་འགལ་བའི་ཕྱིར་རོ། །དེས་ན་དབུགས་དབྱུང་བའི་དོན་ནི་སྡུག་བསྔལ་སངས་ཏེ་བདེ་བ་ལ་གནས་པ་ཏེ་ལམ་བསྒོམས་པའི་གཞིའི་གནས་ལུགས་བདེ་བ་ལ་འཁོད་པའི་དོན་ནོ། །འོ་ན་མྱ་ངན་ལས་འདས་པ་དོན་དམ་དུ་ཡང་ནས་ཡང་དུ་གསུངས་པ་མ་ཡིན་ནམ་སྙམ་ན་དེ་ནི་ངེས་པར་ཡིན་ཏེ། དེ་ཉིད་ཀྱིས་ན་མྱང་


TNT08_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གོ་ཆོད་པོ་ནི། རང་བཞིན་གྱི་མྱང་འདས་ཁོ་ནར་ངེས་ལ། གསར་དུ་མྱ་ངན་ལས་འདས་པ་ནི་འཁོར་བའི་ཟླས་དྲངས་པའི་སྐབས་མྱང་འདས་དངོས་སུ་འཇོག་དགོས་པའང་ཡོད་མོད་ཀྱི་སྤྱི་ལྡོག་ནས་རྗེས་སུ་མཐུན་པའི་མྱང་འདས་ཞེས་བྱའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ལྔ་ནི། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །ཡེ་ཤེས་ལྔ་ནི། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ལྷ་མོ་བཞི་ནི། ས་དང་ཆུ་དང་མེ་དང་རླུང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་ནི་མིག་ལ་སོགས་པ་དབང་པོ་དྲུག་གོ །ཞེས་ཏེ་གཟུགས་ཀྱི་ཕུང་པོའི་ཆོས་ཉིད་ནི། དོན་དམ་མཁའ་ཁྱབ་ཀྱི་རྣམ་པར་སྣང་མཛད་དང༌། དེ་བཞིན་དུ་ཚོར་བའི་ནི། རིན་ཆེན་འབྱུང་ལྡན་དང༌། འདུ་ཤེས་ཀྱི་ནི་འོད་དཔག་མེད་དང༌། འདུ་བྱེད་ཀྱི་ནི་དོན་ཡོད་གྲུབ་པ་དང༌། རྣམ་པར་ཤེས་པའི་ཕུང་པོའི་ཆོས་ཉིད་ནི། དོན་དམ་ཀུན་ཁྱབ་ཀྱི་མི་བསྐྱོད་པའོ། །ཞེས་པ་ནི་དོན་དམ་ཀུན་ཁྱབ་ཀྱི་དེ་བཞིན་གཤེགས་པ་ལྔའོ། །དེ་བཞིན་དུ་དོན་དམ་ཀུན་ཁྱབ་ཀྱི་ཡེ་ཤེས་ལྔ་ནི། ཤེས་བྱ་ཐམས་ཅད་ཀྱི་ཆོས་ཉིད་དུ་ཞུགས་ཤིང་རང་གི་རིག་པ་ནི། མེ་ལོང་ལྟ་བུ་དང༌། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་སོང་ཤིང༌། ཀུན་རྫོབ་ཤེས་བྱའི་རབ་དཔེ་མཐའ་ཡས་ཀྱང༌། ཆོས་ཉིད་དབྱེ་བ་མེད་པ་ནི། མཉམ་པ་ཉིད་དེ། དེ་ཡང་མེ་ལོང་ལྟ་བུས་ནི། ཀུན་འགྲོ་དང༌། དུས་གསུམ་པ་དང༌། རྣམ་པ་ཐམས་ཅད་པར་བསྟན་ལ། མཉམ་


TNT08_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ནི་དུས་མེད་པ་དང༌། ཆ་མེད་དང༌། རང་བཞིན་མི་འགྱུར་བར་བསྟན་ནོ། །སོ་སོར་རྟོག་པ་ནི། རང་བཞིན་རྣམ་པ་ཐམས་ཅད་པ་ཉིད་རྣམ་པ་ཐམས་ཅད་པ་ཉིད་དུ་དང༌། མཉམ་པ་ཉིད་ཀྱང་མཉམ་ཉིད་ཀྱི་ངོ་བོ་ཤེས་པ་དེ་ཡིན་ལ། བྱ་བ་གྲུབ་པ་ནི། ཤེས་བྱ་མཁའ་ཁྱབ་ལ་སྐབས་སུ་བབ་པའི་འཕྲིན་ལས་མ་འཛིངས་པ་ཉིད་དང༌། འབད་རྩོལ་མེད་པ་ཉིད་དུ་འབྱུང་བའི་ནུས་མཐུའོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། ཤེས་བྱ་ཐམས་ཅད་ལ་ཕྱོགས་ཆ་ཉེ་རིང་མེད་པར་ཁྱབ་པའི་རིག་པ། གློ་བུར་གྱི་དྲི་མ་གང་གིས་ཀྱང་གདོད་མ་ནས་གོས་མ་མྱོང་བ་དེའོ། །འབྲས་བུའི་དུས་སུ་ཀུན་གཞི་རྣམ་ཤེས་ལ་སོགས་པ་གནས་གྱུར་པའི། ཡེ་ཤེས་བཞི་ནི་ལམ་བདེན་ཀུན་རྫོབ་པ་ཡིན་ལ། འདིར་བསྟན་ལྔ་ནི་ཆོས་ཉིད་དོན་གྱི་ཡེ་ཤེས་ཁོ་ནའོ། །དོན་དམ་པའི་ལྷ་མོ་བཞི་ལ། ས་ཁམས་ཀྱི་ཆོས་ཉིད་ནི། དོན་དམ་ཀུན་ཁྱབ་ཀྱི་སངས་རྒྱས་སྤྱན་མ་དང༌། དེ་བཞིན་དུ་ཆུ་ཡི་ནི་མཱ་མ་ཀཱི་དང༌། མེ་ཡི་ནི་གོས་དཀར་མོ་དང༌། རླུང་གི་ནི་སྒྲོལ་མའོ། །དེ་བཞིན་དུ་དོན་དམ་ཀུན་ཁྱབ་ཀྱི་བྱང་ཆུབ་སེམས་དཔའ་ནི། དོན་དམ་པའི་མིག་ལ་སོགས་པ་དབང་པོ་དྲུག་ཏེ། མིག་གི་སྐྱེ་མཆེད་ཀྱི་ཆོས་ཉིད་ནི་དོན་དམ་ཀུན་ཁྱབ་ཀྱི་སའི་སྙིང་པོའོ། །དེ་བཞིན་དུ་རྣ་བའི་ནི་ཕྱག་ན་རྡོ་རྗེ་དང༌། སྣའི་ནི་ནམ་མཁའི་སྙིང་པོ་དང༌། ལྕེ་ཡི་ནི་འཇིག་རྟེན་དབང་ཕྱུག་དང༌། ལུས་ཀྱི་ནི་སྒྲིབ་པ་རྣམ་སེལ་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱི་ཆོས་ཉིད་ནི་དོན་དམ་ཀུན་ཁྱབ་ཀྱི་ཀུན་ཏུ་བཟང་པོའོ། །སོགས་ཀྱི་སྒྲས་སྐྱེ་མཆེད་ཡུལ་དྲུག་ཀྱང་འཕངས་པས། གཟུགས་


TNT08_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྱེ་མཆེད་ཀྱི་ཆོས་ཉིད་ནི། ཀུན་ཁྱབ་ཀྱི་གཟུགས་རྡོ་རྗེ་མ་དང༌། སྒྲ་ཡི་ནི་སྒྲ་རྡོ་རྗེ་མ་དང༌། དྲི་ཡི་ནི་དྲི་རྡོ་རྗེ་མ་དང༌། རོ་ཡི་ནི་རོ་རྡོ་རྗེ་མ་དང༌། རེག་བྱའི་ནི་རེག་བྱ་རྡོ་རྗེ་མ་དང༌། ཆོས་ཁམས་ཀྱི་ནི་ཆོས་ཁམས་རྡོ་རྗེ་མའོ། །དེ་ལྟར་ན་ཤེས་རབ་གཉིས་དང་དབུགས་དབྱུང་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་དེ་ནི་རིགས་ལྔ་ཡུམ་བཞི་བྱང་ཆུབ་སེམས་དཔའ་སེམས་མ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་སུ་གདོད་མ་ནས་འགྲུབ་ཅིང༌། ཆོས་ཉིད་གཅིག་ལས་ཡེ་ཤེས་ལྔར་སྣང་བ་ཉིད། དེ་ཐམས་ཅད་ཀྱི་རྩ་བར་བཞག་དགོས་ཏེ། ཡེ་ཤེས་ལྔ་པོ་དེ་ཉིད་དོན་དམ་པའི་རིགས་ལྔ་ཡང་ཡིན་ལ། དེ་ཉིད་ཕུང་པོ་ལྔའི་དྭངས་མ་དང༌། ཁམས་ལྔའི་དྭངས་མ་དང༌། དབང་པོ་དང༌། ཡུལ་ལ་སོགས་པའི་ཡང་དྭངས་མ་ཆེན་པོའམ། སྲོག་ཆེན་པོ་ཡིན་པར་བསྟན་ནོ། །བླ་མ་གོང་མ་རྣམས་ནི། འདི་དག་ཕལ་ཆེར་ལམ་གྱི་ཡེ་ཤེས་ལ་སྦྱོར་བར་མཛད་ཅིང༌། ཀུན་རྫོབ་འདི་དག་གི་རང་བཞིན་མེད་ཚུལ་ཙམ་དོན་དམ་ལ་འཆད་མོད་ཀྱང༌། དེ་ཙམ་གྱིས་ནི་གཞུང་དོན་དཔྱིས་ཕྱིན་པ་མི་ཡོང་བར་སྣང་ངོ༌། །འདིའི་ལྷ་མོ་བཞི་པོ་ནི་གོང་དུ་དྲངས་པའི་ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། ཅེས་སོགས་དང་དོན་གཅིག་པར་འཆད་པའང་ཡོད་མོད་ཀྱི། གཞུང་དེ་ནི་དྭངས་མ་བཞི་པོ་དེ་དག་དང་དེ་དག་ལ་གནད་དུ་བསྣུན་པའི་ཐབས་དང་འབྲེལ་བར་སྟོན་པའི་སྐབས་ཡིན་པས་འགལ་བ་ཆེན་པོ་ཡང་མི་སྣང་མོད་ཀྱི། གཞུང་གི་གནས་སྐབས་སོ་སོའི་སྐབས་ཐོབ་ཀྱི་དོན་མ་འདྲེས་པར་བཤད་ན་ལེགས་སོ། །གཞིའི་གནས་ལུགས་དེ་ལྟར་ཡིན་པའི་རྒྱུ་མཚན་


TNT08_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ལམ་གྱི་དུས་སུ་ཡང༌། བསྐྱེད་རིམ་དང་རྫོགས་རིམ་གྱི་ལྷའི་དཀྱིལ་འཁོར་དང༌། རྣམ་པ་ཐམས་ཅད་པ་དང༌། མཉམ་པ་ཉིད་ཀྱི་ཚུལ་དུ་སྒོམས་པས། འབྲས་བུའི་དུས་སུ་གནས་ལུགས་དེ་ཉིད་མངོན་དུ་འགྱུར་བ་ནི། སྐབས་འདིའི་གཞི་འབྲས་ཀྱི་འབྲེལ་བ་ཡིན་ལ། ཆོས་ཅན་ཀུན་རྫོབ་ཀྱི་ཕུང་པོ་དང༌། ཁམས་དང་དབང་ཡུལ་དང༌། ཀུན་གཞི་རྣམ་ཤེས་ལ་སོགས་པ་རྣམས་ནི། སྦྱང་བྱ་གློ་བུར་གྱི་དྲི་མ་ཡིན་པར་ཤེས་པར་བྱའོ། །དེས་ན་གཞུང་འདིའི་ཤུགས་བསྟན་ལ། འབྲས་བུ་དག་པ་གཉིས་ལྡན་གྱི་ལྷ་དང་ཡེ་ཤེས་རྣམས་ཀྱང་བསྟན་པ་ཡིན་ནོ། །དོན་ཚན་འདི་ནི་དཔྱིད་ཀྱི་ཐིག་ལེའི་ལེའུ་གཉིས་པ་དང༌། བཅུ་པའི་མཇུག་གི་ཆ་ལས་ཀྱང་རྒྱས་པར་རྟོགས་པར་བྱའོ། །གཉིས་པ་གཞི་ལམ་འབྲས་བུའི་ཆོས་སོ་སོར་དབྱེ་བ་ལ། གཞིའི་ཆོས་གཙོ་བོར་བསྟན་པ་དང༌། ལམ་གྱི་ཆོས་གཙོ་བོར་བསྟན་པ་དང༌། འབྲས་བུའི་ཆོས་གཙོ་བོར་བསྟན་པའོ། །དང་པོ་ལ་རླུང་གི་རྣམ་པར་བཞག་པ་དང༌། རྩ་འཁོར་ལོ་བཞིའི་རྣམ་པར་བཞག་པའོ། །དང་པོ་ལ་རླུང་རྒྱུ་བའི་ངོ་བོ་ཇི་ལྟར་ཡིན་པ་དང༌། དེ་ཉིད་ཇི་ལྟར་རྒྱུ་བའི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། སྦྱོར་བཞི་ནི། མྱུར་བ་དང༌། རླངས་པ་དང༌། རྣམ་པར་འཆིང་བ་དང༌། སྣ་ཚོགས་གནས་པ་སྟེ་ཞེས་སོ། །མྱུར་བ་ནི། མེའི་རླུང་དང༌། རླངས་པ་ནི། རླུང་གི་རླུང་དང༌། རྣམ་པར་འཆིང་བའམ། རྣམ་པར་འདུད་པ་ནི། སའི་རླུང་དང༌། སྣ་ཚོགས་གནས་པའམ་དལ་བ་ཅན་ནི་ཆུའི་རླུང་ཏེ། སྣ་བུག་གཡས་དང་


TNT08_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང༌། གཉིས་ཀ་ནས་དལ་བ་དང༌། གཉིས་ཀ་ནས་དྲག་པོར་རྒྱུ་བ་སྟེ། རེ་རེ་ཡང་དགུ་བརྒྱ་པ་ཕྲག་རེ་རེ། རྒྱུ་བ་ཡིན་ལ། དེ་ཡང་པདྨའི་མགོན་པོ་མགྲིན་པ་དང༌། རྡོ་རྗེ་མགོན་པོ་སྙིང་ག་དང༌། ལས་ཀྱི་མགོན་པོ་སྤྱི་བོ་དང༌། རིན་ཆེན་མགོན་པོ་ལྟེ་བའི་འཁོར་ལོ་རྣམས་ཀྱི་དབང་བྱས་པ་ལས་བྱུང་བ་ཡིན་ནོ། །དེ་ལྟར་བུར་ལན་དྲུག་ཉིན་ཞག་ཅིག་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། ཡང་མྱུར་བ་ཕྱིར་འགྲོ་བ་དང༌། རླངས་པ་ནང་དུ་མ་འོང་བའི་བར་དང༌། དལ་བ་འཇུག་པ་དང༌། འཆིང་བ་གནས་པ་ལ་འཆད་པའང་ཡོད་དེ། རིམ་པ་བཞིན་དུ། མེ་དང༌། རླུང་དང༌། ཆུ་དང༌། སའི་བྱེད་ལས་རླུང་འགྲོ་བ་སོགས་ཡིན་པ་ལ་བསམ་པར་སྣང་ངོ༌། །དེ་དག་ནི་མགོན་པོ་བཞིའི་རླུང་ཏེ། སྦྱོར་བའམ་རྣལ་འབྱོར་ཞེས་བྱ་བའི་དོན་ནི། རླུང་དེ་རྣམས་སྔགས་དང་དབྱེར་མེད་དུ་སྦྱོར་བའི་ཚུལ་གྱིས་གདོད་ནས་གནས་པའི་དོན་ནོ། །དེ་ཉིད་ཇི་ལྟར་རྒྱུ་བའི་ཚུལ་ལ་གསུམ་གྱི། དང་པོ་སྣ་སྒོ་ནས་རྒྱུ་བའི་ཚུལ་ནི། སྟེང་དང་ལོགས་དང་ཐད་ཀ་དང་འོག་ཏུའོ་ཞེས་ཏེ། སྦྱོར་བ་བཞི་པོ་རེ་རེ་ལའང༌། ནང་ཚན་འབྱུང་ཕྲན་བཞི་བཞིས་ཕྱེ་བ་ཡིན་ཏེ། དང་པོ་གོས་དཀར་མོའི་རྒྱུ་བ་མེ་རླུང་སྣ་སྒོའི་སྟེང་དང༌། གཉིས་པ་སྒྲོལ་མའི་རྒྱུ་བ་རླུང་གི་རླུང་ལོགས་དེ་མཁུར་ཚོས་ཀྱི་ཕྱོགས་དང༌། གསུམ་པ་སྤྱན་མའི་རྒྱུ་བ་ས་རླུང་ཐད་ཀ་སྟེ། སྣའི་བར་ཀ་ཕྱོགས་དང༌། བཞི་པ་མཱ་མ་ཀཱིའི་རྒྱུ་བ་ཆུ་རླུང་འོག་ཏེ། མཆུའི་ཕྱོགས་སུ་རྒྱུ་བ་ཡིན་ཏེ་དེ་དག་རེ་རེའང་གྲངས་ཉིས་བརྒྱ་ཉི་ཤུ་རྩ་ལྔའོ། །གོས་དཀར་མོའི་


TNT08_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་མགྲིན་པ་དང༌། སྒྲོལ་མའི་རྒྱུ་བ་སྤྱི་བོ་དང༌། མཱ་མ་ཀཱིའི་རྒྱུ་བ་སྙིང་ཁ་དང༌། སྤྱན་མའི་རྒྱུ་བ་ལྟེ་བའི་འཁོར་ལོ་རྣམས་ཀྱི་དབང་བྱས་པ་ལས་བྱུང་བ་ཡིན་ནོ། །གཉིས་པ་འཁོར་ལོ་བཞི་ནས་རྒྱུ་བའི་ཚུལ་ནི། ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །དབྱུག་གུ་ནི་དྲུག་ཅུ་རྩ་བཞིའོ། །འཕོ་བ་ནི་བཅུ་དྲུག་གོ །ཐུན་ནི་བཞིའོ་ཞེས་ཏེ། དེ་དག་ཐམས་ཅད་མཉམ་པར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་རྒྱུ་བ་ཡིན་པས། ལྟེ་བའི་རྩ་འདབ་རེ་ནས། སུམ་བརྒྱ་སུམ་ཅུ་སོ་ཕྱེད་དང་བརྒྱད་རེ་དང༌། སྤྱི་བོའི་རྩ་འདབ་རེ་ལ་དྲུག་བརྒྱ་བདུན་ཅུ་དོན་དྲུག་རེ་དང༌། མགྲིན་པའི་རྩ་འདབ་རེ་ལ་སྟོང་སུམ་བརྒྱ་ང་གཉིས་རེ་དང༌། སྙིང་གའི་རྩ་འདབ་རེ་ལ་ཉིས་སྟོང་བདུན་བརྒྱ་བཞི་རེ་རྒྱུ་བ་ཡིན་ཏེ། རྩ་འདབ་ཐམས་ཅད་ལ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ཐམས་ཅད་མི་རྒྱུ་བ་མ་ཡིན་མོད་ཀྱང༌། ལས་བྱེད་པ་པོའི་རླུང་རྩ་འདབ་རྣམས་ལ་འཕོ་ཚུལ་ནི་དེ་ལྟར་ཡིན་ཏེ། དེ་བས་ན་སྤྱི་བོའི་རྩ་འདབ་རེ་ལ་ཆུ་ཚོད་རེ་སྟེ། དེ་འདྲ་སུམ་ཅུ་རྩ་གཉིས་སོ། །ལྟེ་བའི་རྩ་འདབ་རེ་ལ་དབྱུག་གུ་རེ་སྟེ། དེ་འདྲ་དྲུག་ཅུ་རྩ་བཞིའོ། །མགྲིན་པའི་རྩ་འདབ་རེ་ལ་འཕོ་བ་རེ་སྟེ་དེ་འདྲ་བཅུ་དྲུག་གོ །སྙིང་གའི་རྩ་འདབ་བཞི་ལ་ཐུན་བཞི་དང༌། །སླར་ཡང་བཞི་ལ་ཐུན་མཚམས་བཞི་སྟེ། རྩ་འདབ་རེ་ལ་ཐུན་ཚད་རེ་སྟེ་བརྒྱད་དོ། །གསུམ་པ་ཉི་ཤུ་རྩ་བཞིའི་གནས་ལ་ཀུན་སྤྱོད་ཀྱི་རླུང་བདུན་ཅུ་རྩ་གཉིས་རྒྱུ་བ་ནི། པུ་ལི་ར་མ་ལ་ཡར་དབང་དུ་བྱས་སོ། །ཛ་ལནྡྷ་རར་ལོངས་སྤྱོད་དོ། །ཨཽ་རྒྱན་དུ་འཇུག་གོ །ཛ་ལནྡྷ་རར་དབང་དུ་བྱེད་དོ། །ཨོ་རྒྱན་དུ་ལོངས་སྤྱོད་དོ། །


TNT08_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྦུ་ཏར་བརྟེན་ནོ་ཨོ་རྒྱན་དུ་དབང་དུ་བྱེད་དོ། །ཨར་བུ་ཏར་ལོངས་སྤྱོད་དོ། །གོ་ད་ཝ་རིར་བརྟེན་ནོ། །ཨར་བུ་ཏར་དབང་དུ་བྱེད་དོ། །གོ་ད་ཝ་རིར་ལོངས་སྤྱོད་དོ། །རསྨི་ཤྭ་རར་བརྟེན་ཏོ། །གོ་ད་ཝ་རིར་དབང་དུ་བྱེད་དོ། །རསྨི་ཤྭ་རར་ལོངས་སྤྱོད་དོ། །དེ་ཝི་ཀོ་ཊར་བརྟེན་ནོ། །རསྨི་ཤྭ་རར་དབང་བྱེད་དོ། །དེ་བཱི་ཀོ་ཊར་ལོངས་སྤྱོད་དོ། །མཱ་ལ་བར་བརྟེན་ནོ། །དེ་བཱི་ཀོ་ཊར་དབང་བྱེད་དོ། །མཱ་ལ་ཝར་ལོངས་སྤྱོད་དོ། །ཀཱ་མ་རུ་པར་བརྟེན་ཏོ། །མཱ་ལ་བར་དབང་བྱེད་དོ། །ཀཱ་མ་རཱུ་པར་ལོངས་སྤྱོད་དོ། ཨོ་ཏྲེར་བརྟེན་ནོ། །ཀཱ་མ་རཱུ་པར་དབང་བྱེད་དོ། །ཨོ་ཏྲེར་ལོངས་སྤྱོད་དོ། །ཏྲི་ཤ་ཀུ་ནེར་བརྟེན་ནོ། །ཨོ་ཏྲེར་དབང་བྱེད་དོ། །ཏྲི་ཤ་ཀུ་ནེར་ལོངས་སྤྱོད་དོ། །ཀོ་ས་ལར་བརྟེན་ནོ། །ཏྲི་ཤ་ཀུ་ནེར་དབང་བྱེད་དོ། །ཀོ་ས་ལར་ལོངས་སྤྱོད་དོ། །ཀ་ལིང་ཀར་བརྟེན་ནོ། །ཀོ་ས་ལར་དབང་བྱེད་དོ། །ཀ་ལིང་ཀར་ལོངས་སྤྱོད་དོ། །ལཾ་པ་ཀར་བརྟེན་ནོ། །ཀ་ལིང་ཀར་དབང་བྱེད་དོ། །ལམ་པ་ཀར་ལོངས་སྤྱོད་དོ། །ཀཉྩིར་བརྟེན་ནོ། །ལམ་པ་ཀར་དབང་བྱེད་དོ། །ཀཉྩིར་ལོངས་སྤྱོད་དོ། །ཧི་མ་ལ་ཡར་བརྟེན་ནོ། །ཀཉྩིར་དབང་བྱེད་དོ། །ཧི་མ་ལ་ཡར་ལོངས་སྤྱོད་དོ། །པྲེ་ཏ་པུ་རིར་བརྟེན་ནོ། །ཧི་མ་ལ་ཡར་དབང་བྱེད་དོ། །པྲེ་ཏ་པུ་རིར་ལོངས་སྤྱོད་དོ། །གྲི་ཧ་དེ་བ་ཏར་བརྟེན་ནོ། །པྲེ་ཏ་པུ་རིར་དབང་བྱེད་དོ། །གྲི་ཧ་དེ་ཝར་ལོངས་སྤྱོད་དོ། །སཽ་རཥྟ་ར་བརྟེན་ནོ། །གྲིཧ་དེ་བ་དར་དབང་བྱེད་དོ། །སཽ་རཥྟར་ལོངས་སྤྱོད་དོ། །སུ་བརྞྞ་དྭི་པར་བརྟེན་ནོ། །སཽ་རཥྟར་དབང་དུ་བྱེད་དོ། །སུ་བརྞྞ་དཱི་པར་ལོངས་སྤྱོད་དོ། །ན་ག་


TNT08_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རར་བརྟེན་ནོ། །སུ་བརྞྞ་དྭི་པར་དབང་བྱེད་དོ། །ན་ག་རར་ལོངས་སྤྱོད་དོ། །སིནྡྷུར་བརྟེན་ནོ། །ན་ག་རར་དབང་བྱེད་དོ། །སིནྡྷུར་ལོངས་སྤྱོད་དོ། །མ་རུར་བརྟེན་ནོ། །སིན་དྷུར་དབང་བྱེད་དོ། །མ་རུར་ལོངས་སྤྱོད་དོ། །ཀུ་ལུ་ཏར་བརྟེན་ནོ། །མ་རུར་དབང་བྱེད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །ཡན་ལག་ཐམས་ཅད་དུ་བརྟེན་ནོ། །གནས་འདི་དག་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཇི་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ། ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་རང་བཞིན་སྐྱེ་ཞིང་གནས་ལ་འཇིག་པའོ། །ཞེས་ཏེ་དེ་ལ་བརྟེན་པ་ཞེས་བྱ་བ་ནི། མགོ་བརྩམ་པ་སྟེ་མལ་གྱི་འགྱུར་ཏེ། གཞན་པ་ཅིག་ལས། འཇུག་པ་ཞེས་བསྒྱུར་བ། གོ་བདེ་སྟེ། རླུང་གི་ཀུན་ཏུ་སྤྱོད་པ་གསར་དུ་འཇུག་བཞིན་པའོ། །ལོངས་སྤྱོད་པ་ནི་ཞུགས་ནས་དེར་རླུང་དང་ཐིག་ལེ་རྒྱུ་བརྡོ་བའོ། །དབང་དུ་བྱེད་པ་ནི་རྒྱུས་ཟིན་མ་ཐག་པ་ལ་དེ་ལྟ་མི་རྒྱུ་བ་དེ་འགགས་པའོ། །སེམས་འགྲེལ་སྐོར་གསུམ་ལས་ནི། བཞི་པ་བདག་པོར་གྱུར་པ་ཞེས་པའང་བཤད་དེ། རེ་ཞིག་གཞུང་འདིར་དེའི་རྣམ་གཞག་མ་བྱུང་ངོ༌། །དེས་ན་དགུན་ཟླ་འབྲིང་པོའི་ཚེས་གཅིག་གི་ནམ་ལངས་བའི་དུས་ནི། སྤྱི་བོ་པུ་ལླིར་མ་ལ་ཡར་སྔ་མའི་འཕྲོས་ཀྱི་རླུང་དང་ཁམས་ཐིམ་ཟིན་མ་ཐག་པ་ནི། དབང་དུ་བྱེད་པ་དང༌། སྤྱི་གཙུག་ཛ་ལནྡྷ་རར་རླུང་ཐིག་རྒྱུ་བརྡོ་བ་ནི་ལོངས་སྤྱོད་པ་དང༌། རྣ་བ་གཡས་པ་ཨོ་ཊི་ཡ་ནར་རླུང་ཐིག་གསར་དུ་རྒྱུ་བཞིན་པ་ནི་བརྟེན་པའོ། །དེ་ལྟར་ན་གནས་སོ་སོ་གསུམ་པོ་དེར་དབང་བྱེད་ལོངས་སྤྱོད་བརྟེན་པ་གསུམ་འཛོམ་པ་ལ་


TNT08_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དགུ་བརྒྱ་པ་ཕྲག་གཅིག་གོ །དེ་ནས་སྔ་དྲོའི་ཐུན་གཉིས་པ་ལ། སྔར་གྱི་རྒྱུན་ལས་ཛ་ལན་དྷ་རའི་གནས་སུ་ལོངས་སྤྱོད་པ་དེ་ནི་ཐིམ་པར་གྱུར་པ་དང༌། ཨོ་ཊི་ཡ་ནི་གནས་སུ་མགོ་ཚུགས་ཤིང་བརྟེན་པ་དེ་ནི་ལོངས་སྤྱོད་པར་འགྱུར་བ་དང༌། ཨར་བུ་ཏའི་གནས་སུ་གསར་དུ་མགོ་རྩོམ་པར་གྱུར་ཏེ། དེ་ལྟར་དབང་སྦྱོང་བརྟེན་གསུམ་འཛོམ་པ་ལ། རླུང་དགུ་བརྒྱ་ཕྲག་གཅིག་གོ །དེ་ལྟར་ན་དབང་དུ་བྱེད་པ་ནི་རླུང་རྒྱུས་ཟིན་ནས་ད་ལྟ་མི་རྒྱུ་ཡང་རྒྱུས་པའི་ནུས་པ་རབ་ཏུ་གནས་པ་ཡིན་ལ། ལོངས་སྤྱོད་པ་དང་བརྟེན་པ་ནི། རྒྱུ་བ་ཡིན་ཏེ། ཡུལ་ཆེན་རིའི་རྩ་ལ་བརྟེན་པ་དགུ་བརྒྱ་དང་ལོངས་སྤྱོད་པ་དགུ་བརྒྱ་སྟེ། སྟོང་བརྒྱད་བརྒྱ་རེ་རྒྱུ་བ་ནི། རྒྱུད་གཞན་ལས་སྟོང་བརྒྱད་བརྒྱའི་འཕོ་ཆེན་གསུངས་པ་དང་གནད་གཅིག་གོ །དེ་བཞིན་དུ་འདིའི་དགུ་བརྒྱ་པ་དང༌། མགོན་པོའི་རླུང་དགུ་བརྒྱ་པ་རེ་ཡང་དོན་གཅིག་སྟེ། གནས་ཐ་དད་པར་ལོངས་སྤྱོད་ཚུལ་གྱི་དབྱེ་བས་རྣམ་གཞག་ཐ་དད་དུ་བྱུང་བ་ཡིན་ནོ། །རིམ་པ་དེ་ཉིད་ཀྱིས་གཞན་རྣམས་ལའང་རིགས་འགྲེས་ཏེ། ཀུ་ལུ་ཏར་བརྟེན་ནོ། །ཞེས་པའི་བར་གོ་སླའོ། །མ་རུ་ར་དབང་བྱེད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །ཡན་ལག་ཐམས་ཅད་ལ་བརྟེན་ནོ། །ཞེས་པ་ལ་སྤྱིར་སྐབས་འདིས་དང་པོ་དེ་ཉིད་ཀྱི་མཚན་མོའི་ཐུན་ཐ་མ་ལ་ཆ་བཞིར་བྱས་པའི་གསུམ་པའི་གནས་སྐབས་སུ། སྔར་མ་རུ་ར་རྒྱུ་བརྡོ་བའི་གནས་སྐབས་རེ་སོང་ནས་སྐབས་དེར་རྒྱུ་བ་འགགས། སྔར་ཀུ་ལུ་ཏར་མགོ་ཟུག་པའི་གནས་སྐབས་དེ་ཡོལ་ནས། །


TNT08_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བརྡོ་བར་སོང༌། སྔར་གསར་དུ་འཇུག་པའི་གནས་སྐབས་ཀྱི་རྒྱུན་དེ། ཚིགས་སུམ་བརྒྱ་དྲུག་ཅུའི་འཁོར་ལོ་ལ་སོགས་པ། ལུས་ཀྱི་ཆ་ཐམས་ཅད་དུ་རགས་པའི་ཁམས་སྐྱེད་བྱེད་ཀྱི་མགོ་རྩོམ་པར་འགྱུར། ཞེས་པའི་དོན་ཡིན་ལ་ཀུ་ལུ་ཏར་དབང་བྱེད་དོ། །ཡན་ལག་ཐམས་ཅད་ལ་རྒྱུའི་ཚུལ་གྱི་ལོངས་སྤྱོད་དོ། །འབྲས་བུའི་ཚུལ་གྱི་བརྟེན་ནོ་ཞེས་ཤུགས་བསྟན་ལ་ཡོད་པ་ཁ་བསྐང་སྟེ། ཐུན་དེའི་ཆ་བཞི་པའི་གནས་སྐབས་སུ། སྔར་གྱི་རྒྱུན་དེའི་དབང་དུ་བྱས་པ་ལ། ཀུ་ལུ་ཏར་རྒྱུ་བ་འགགས། ཡན་ལག་ཐམས་ཅད་ལ་རྒྱུ་ཁ་མས་རགས་པ་སྐྱེད་པའི་ནུས་པ་ཤིན་ཏུ་རྒྱས། འབྲས་བུ་བདེ་སྡུག་མྱོང་བའི་མགོ་རྩམས་པའོ། །དེའི་རྩ་རླུང་ཐིག་ལེའི་ཀུན་སྤྱོད་ཚར་གཅིག་སོང་ལ། ཀུན་སྤྱོད་ཕྱི་མ་མགོ་རྩོམ་པའི་དབང་དུ་བྱས་ན། ཐུན་ཐ་མའི་ཆ་གསུམ་པའི་གནས་སྐབས་སུ། མ་རུ་ར་དབང་བྱེད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །པུ་ལི་ར་མ་ལ་ཡར་བརྟེན་ནོ། །ཞེས་སྦྱོར་དགོས་པ་ལས། པུ་ལི་ར་མགོ་རྩོམ་པ་འདི་ཀུན་སྤྱོད་གསར་པ་ཡིན་གྱི་སྔ་མའི་འཕྲོས་མ་ཡིན་ནོ། །དེ་བཞིན་ཏུ་ཆ་བཞི་པའི་གནས་སྐབས་སུ། ཀུ་ལུ་ཏར་དབང་དུ་བྱེད་དོ། །པུ་ལི་ར་མ་ལ་ཡར་ལོངས་སྤྱོད་དོ། །ཛ་ལནྡྷ་རར་བརྟེན་ནོ་ཞེས་སྦྱོར་དགོས་ཏེ། ཀུ་ལུ་ཏར་འགགས་པ་ཀུན་སྤྱོད་སྔ་མའི་འཕྲོས་ཡིན་ཀྱང༌། ཕྱི་མ་གཉིས་པོ་ཀུན་སྤྱོད་རྟིང་མའི་འཕོ་བ་གཉིས་པ་ཡིན་ནོ། དེ་ནས་ཡང་ཞག་པོ་ཕྱི་མ་ལ། ཉིན་མོའི་ཐུན་དང་པོ་ལ་ཆ་བཞིར་བྱས་པའི་དང་པོ་ལ། པུ་ལི་ར་མ་ལ་ཡར་དབང་དུ་བྱས་སོ་ཞེས་སོགས།


TNT08_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བསྟན་པ་བཞིན་དུ་རྒྱུ་བ་ཡིན་ནོ། །འདི་ནི་རྒྱུན་ཆགས་སུ་གནས་པའི་བཞི་ལུས་ཀྱི་འཕོ་བའི་དབང་དུ་བྱས་པ་ཡིན་ལ། གློ་བུར་དུ་འཇུག་པ་ནི། དཔེར་མཚོན་ན། ཉིན་མོའི་གུང་ཐུན་གྱི་ཆ་དང་པོ་ལྟ་བུ་ལ། ཁ་ཟས་དང་སྨན་དང༌། དུག་དང༌། ནད་དང་མཚོན་དང༌། འཁྲིག་སྦྱོར་ལ་སོགས་པའི་གནས་སྐབས་གང་དུ་བབ་པ། དེ་དང་དེའི་མགོ་རྩོམ་པ་ཡིན་ཏེ། རྒྱུན་ཆགས་ཀྱི་དབང་དུ་བྱས་ན། སྐབས་དེར་ཀཱ་མ་རུ་པར་ནུབ། ཨོ་ཏྲར་རྒྱས། ཏྲི་ཤ་ཀུ་ནེར་མགོ་རྩོམ་པའི་སྐབས་ཡིན་ཀྱང༌། ལས་དེ་རྣམས་ཉིད་ཀྱི་པུ་ལཱིར་མགོ་རྩོམ་པ་ཡིན་ལ། དེ་ནས་ཆ་གཉིས་པའི་སྐབས་སུ་ཛ་ལནྡྷ་རར་མགོ་རྩོམ། པུ་ལླིར་རྒྱས། ཆ་གསུམ་ལ། ཨོ་ཊི་ཡ་ནར་མགོ་རྩོམ། ཛ་ལནྡྷ་རར་རྒྱས། པུ་ལླིར་འགགས་པ་ལ་སོགས་པ་ནས། དེའི་ནང་པར་ཉིན་མོའི་གུང་ཐུན་ལ། ཡན་ལག་ཐམས་ཅད་ལ་འཇུག་གོ་ཞེས་པ་སྤྱིར་བཏང་ཡིན་ལ། དམིགས་བསལ་ནུས་པ་འཕྲལ་དུ་སྐྱེད་པ་དང༌། ཞག་མང་པོའི་རྗེས་སུ་ནུས་པ་བསྐྱེད་པ་སོགས་ལ། གོ་རིམ་ནི་སྔར་བསྟན་པ་དེ་ཁོ་ན་ཡིན་ཀྱང༌། འཕོ་བའི་ཡུལ་དབུགས་དགུ་བརྒྱའི་ཚད་ཁོ་ནར་མི་སྦྱོར་ཏེ། མང་ཉུང་སྣ་ཚོགས་པ་འབྱུང་བར་ཤེས་པར་བྱའོ། །འདི་རྣམས་གཙོ་བོར་སྙིང་གའི་རྩ་འདབ་བརྒྱད་ལས་ཉེར་བཞིར་གྱེས་པའི་འཕོ་བ་ཡིན་ཞིང༌། དེ་དག་གི་ལས་བྱེད་པའི་རྩའི་སྒོ་རྣམས་སྤྱི་བོ་ནས་པུས་མོའི་བར་གནས་ཉེར་བཞི་ན་གནས་པ་ཡིན་ནོ། །ཉེར་བཞིའི་འཕོ་བའི་རླུང་དང་


TNT08_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་གཉིས་ཡོད་པ་ལས། ཐིག་ལེ་ནི་སོ་དང་སེན་མོ་རྣམས་བསྐྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་རྣམས་ཡིན་ལ། རླུང་ནི་ལུས་ཀུན་ལ་ནི་གནས་པའི་རླུང༌། ཞེས་པའི་དགོངས་པར་བྱས་ནས། སྔ་མ་མང་པོ་ཞིག་ཁྱབ་བྱེད་ཀྱི་རླུང་བཞེད་ནའང༌། དེར་མ་ངེས་ཏེ་ཆ་ཤས་ནི། རླུང་བཅུ་ཀར་གྱི་ཆ་ཤས་ཡོད་ལ། རང་བཞིན་ནི་རླུང་བཅུ་ལྟ་བུ་ཉེ་ཚེ་བར་རིགས་སུ་ཆད་པ་མ་ཡིན་ཏེ། ཀུན་ལ་ཁྱབ་པ་འབྱུང་བ་ལྔ་འདྲེས་པའི་རླུང་ཡིན་ནོ། །དེ་ལྟར་ན་གནས་རྩ་ཉི་ཤུ་རྩ་བཞི་འདི་དག་རྣམས་སུ། དེ་བཞིན་གཤེགས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ། རླུང་དང་ཐིག་ལེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ཏེ་མགོ་རྩོམ་པའི་གནས་སྐབས་ཉེར་བཞི། རྒྱས་པའི་གནས་སྐབས་ཉེར་བཞི། འགགས་མ་ཐག་པའི་གནས་སྐབས་ཉེར་བཞིའི་རིམ་པས། བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ཐིག་ལེ་བདེ་བ་བསྐྱེད་པ་དེ་ནི། ཇི་ལྟར་དབང་སྤྱོད་པ་རྟེན་གསུམ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་རང་བཞིན་ཞེས་བྱ་བའམ། སྐྱེ་གནས་འཇིག་གསུམ་དང་རིམ་གྱིས་སྦྱོར་རོ། །དེ་ཡང་དབང་དུ་བྱས་པ་ནི། བྱ་བ་བྱས་ཟིན་པས་སེམས་མི་རྟོག་པ་དང་འབྲེལ་བའི་ཕྱིར། ཆོས་སྐུ་དང་འདྲ་བས་དེའི་མིང་གི་བཏགས་ལ། ལོངས་སྤྱོད་པ་ནི་ཚོར་བ་གསལ་ཞིང་ཤས་ཆེ་བ་ཉམས་སུ་མྱོང་བའི་སྐབས་ཡིན་པས། བདེ་བ་དང་འབྲེལ་བའི་ཕྱིར་ལོངས་སྐུ་དང་འདྲ་བ་དང༌། བརྟེན་པ་ནི་གསར་དུ་ཐོབ་པའི་ཕྱིར་གསལ་བ་ཤས་ཆེ་བ་དང༌། གསར་དུ་བསྐྱེད་ཅིང་གསར་དུ་སྤྲུལ་པ་ཡིན་པའི་ཕྱིར།


TNT08_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་དང་འདྲ་བས་དེ་དང་དེའི་མིང་གིས་བཏགས་སོ། །དེ་ཡང་ཕྱོགས་རེ་འདྲ་བ་ཁོ་ནས་དེ་དང་དེར་བརྡ་སྦྱོར་བ་ཙམ་ལ་ནི་དགོས་པ་ཆུང་མོད་ཀྱི། ཆོས་ཉིད་ཀྱི་སྐུ་གསུམ་པོའི་གློ་བུར་གྱི་དྲི་མའི་སྣང་ཆ་སོ་སོར་ཤར་བ་ཡིན་པས་མ་འབྲེལ་བ་ཡང་མ་ཡིན་ཏེ། གསེར་དངུལ་ཟངས་གསུམ་གྱི་གཡའ་ལ་དེ་དང་དེའི་མིང་འདོགས་པ་བཞིན་དང༌། དེ་གསུམ་རྣལ་འབྱོར་པས་ལམ་དུ་བྱས་ན། སྐུ་གསུམ་རྟོགས་པའི་ཐབས་སུའང་འགྱུར་བའི་ཕྱིར་རོ། །ཡང་མགོ་རྩོམ་པ་ནི་རྒྱུ་བ་གསར་སྐྱེས་ཆ་ཡིན་ཞིང༌། རྒྱས་པ་ནི་དེའི་རྒྱུན་ལ་གནས་པའི་ཆ་ནས་ཡིན་ལ། འགགས་པ་ནི་རྒྱས་པའི་གནས་སྐབས་འཇིག་པའི་ཆོས་བསྟན་པ་ཡིན་ནོ། །རླུང་གི་བགྲོད་པ་འདི་གསུམ་གྱི་ལུས་ཀྱི་ཟུངས་སམ། ནད་དམ། དབང་རྟེན་ཁོག་པ་ཉིད་ཀྱི་གཞི་དང་ཁམས་རྣམས་གསར་དུ་སྐྱེ་བ་དང༌། འཕེལ་ཞིང་གནས་པ་དང༌། སྔར་ཡོད་ཀྱི་སྟོབས་ཉམས་པར་བྱེད་ཅིང༌། དེ་བཞིན་དུ་གཟུགས་སོགས་ཡུལ་གྱི་སྣང་བ་འཆར་བ་དང༌། རྣམ་རྟོག་སྔ་མའི་རྒྱུན་འགག་པ་སོགས་ཀྱང༌། བརྟེན་སྤྱོད་དབང་གསུམ་གྱི་ནུས་པ་ཡིན་ལ། ཅི་སྟེ་དེ་དག་ལམ་དུ་བྱས་ན་ནི། མངོན་ཤེས་ལ་སོགས་པའི་ཡོན་ཏན་སྐྱེད་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་དང༌། ཉོན་མོངས་པ་འགག་པའི་བྱ་བ་ཡང་བྱེད་དེ། དབང་ནི་དབུ་མའི་བྱེད་པ་དང༌། ལོངས་སྤྱོད་ནི་རོ་མ་དང༌། བརྟེན་པ་ནི་རྐྱང་མའི་བྱེད་པ་ཅན་ཡང་ཡིན་ནོ། །དོན་འདི་དག་ལས་བརྩམ་ཏེ་ད་དུང་ཞིབ་མོར་བཤད་དགོས་པའང་ཡོད་དོ། གཉིས་པ་རྩ་འཁོར་ལོ་བཞི་དང་འབྲེལ་བའི་ཆོས་རྣམ་


TNT08_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་ལ། འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་དང༌། ཀུན་འབྱུང་དང་འགོག་པ་དང༌། ལམ་མོ། །ཞེས་ཏེ་ལྟེ་བ་དང་སྡུག་བསྔལ། སྙིང་ག་དང་ཀུན་འབྱུང་མགྲིན་པ་དང༌། འགོག་པ། སྤྱི་བོ་དང་ལམ་སྦྱོར་བ་ལས། བླ་མ་སྔ་མ་མང་པོ་ཞིག་ནི། གཏུམ་མོ་འབར་བའི་ལས་དུ་མ་དང༌། གདུང་བ་རྩོམ་པས་སྡུག་བསྔལ། ཆོས་ཀུན་གྱི་རྩ་བ་སེམས་འབྱུང་བས་ཀུན་འབྱུང༌། རོ་དྲུག་འགོག་པས་འགོག་པ། ཐིག་ལེ་འབྱུང་བའི་ལམ་ཡིན་པའི་ལམ་ཞེས་སོགས་དང༌། ཐིག་ལེ་གཅིག་ལས་མེད་པས་སྡུག་བསྔལ། བདེ་བ་འབྱུང་བའི་ཀུན་འབྱུང༌། ཐིག་ལེ་དང་པོར་འགོད་པ་ཞེས་སོགས་འཆད་པ་ལ་ནི་སྒྲ་བཤད་ཙམ་མ་གཏོགས་གནད་དོན་གང་ཡང་མི་སྣང་ངོ༌། །དེས་ན་རང་ལུགས་ནི། གཞིའི་དུས་སུ་སྣོད་ཀྱི་འཇིག་རྟེན་ལུས་དང་ལོངས་སྤྱོད་ལ་སོགས་པ་སྡུག་བསྔལ་བདེན་པའི་སྣང་བ་འདི་ཐམས་ཅད། སྤྲུལ་འཁོར་གྱི་རྩ་རླུང་ཐིག་ལེའི་བྱེད་པ་ཅན་ཡིན་པ་དང༌། དུག་ལྔ་སོགས་ཉོན་མོངས་དང་ལས་རྣམས་ནི། ཆོས་འཁོར་གྱི་རྩ་རླུང་ཐིག་ལེའི་མཐུ་ལས་འབྱུང་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གང་ཡིན་ན་ཡང་རུང་སྟེ། ཉོན་མོངས་པ་མངོན་འགྱུར་རམ། ས་བོན་འགག་པ་ལོངས་སྤྱོད་འཁོར་ལོའི་རྩ་རླུང་ཐིག་ལེ་ཅི་རིགས་པ་དག་པའི་མཐུ་ལས་སྣང་བ་དང༌། ཐར་པའི་རྒྱུ་ཆོས་དགེ་བ་རྣམས་འཆར་བ་ནི། བདེ་ཆེན་འཁོར་ལོའི་རྩ་རླུང་ཐིག་ལེའི་མཐུ་བརྟས་པ་ལས་འབྱུང་བ་ཡིན་པའི་ཕྱིར། འཁོར་ལོ་བཞི་བདེན་བཞིར་འཇོག་པའམ།


TNT08_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྩ་འཁོར་ལོ་བཞི་རྣམ་པར་དག་པ་ལས། བདེན་བཞིའི་དོན་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཕྱིར་ཡང་དེར་བཞག་པ་ཡིན་ནོ། །དབྱེ་བ་བཞི་ནི། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆེན་པོའི་ཆེན་པོའོ། །ཞེས་ཏེ་དེ་ཡང་ལྟེ་བ་ན་ཐིག་ལེ་དང་ནཱ་ད་ཆ་གཅིག་པ་ཆུང་ངུ་དང༌། སྙིང་གར་ཆ་གཉིས་པ་འབྲིང་དང༌། མགྲིན་པར་ཆ་གསུམ་པ་ཆེན་པོ་དང༌། སྤྱི་བོར་ཆ་བཞི་པ་ཆེན་པོའི་ཆེན་པོ་སྟེ། དེ་རྣམས་ལམ་དུ་མ་བྱས་པ་གཞི་འཁོར་བའི་དུས་ན། འདུ་ཤེས་ཆུང་འབྲིང་ཆེ་རབ་བཞི་སྐྱེའོ། །དེ་ཡང་སྐྱེས་བུ་གང་ལས་ལྷ་སྦྱིན་ནོ་ཞེས་གཅིག་ཏུ་འཛིན་པ་ལྟ་བུ་འདུ་ཤེས་ཆུང་ངུ་དང༌། ཁ་དོག་ནི་མཛེས་ལ་དབྱིབས་ནི་ངན་ནོ། སྙམས་པ་ལྟ་བུའམ་ཐེ་ཙོམ་ཟ་བ་ལ་སོགས་པ་གཉྀས་སུ་འཛིན་པ་ནི་འབྲིང་དང༌། ད་ལྟའི་མི་འདི་ནི་སྔོན་ནི་སྡུག་བསྔལ་ལ་ད་བཟོད་བདེ་བར་འགྱུར་རོ། །སྙམས་པ་ལྟ་བུར་རང་བཞིན་འགལ་བ་གསུམ་གྱི་འདུ་ཤེས་འཇུག་པ་ནི་ཆེན་པོ་དང༌། བདག་ནི་གཟུགས་བཟང་བ། སྐད་སྙན་པ། དཔའ་བ། བློ་གྲོས་དང་ལྡན་པ་ཞེས་སོགས་ཡུལ་གཅིག་ལ་ཁྱད་པར་དུ་མར་སྒྲོ་འདོགས་པ་ནི། འདུ་ཤེས་ཆེན་པོའི་ཆེན་པོའམ་རབ་བོ། །ལམ་དུ་བྱས་པའི་དུས་སུ་ནི་སྣང་བ་སྣ་ཚོགས་པ་རང་བཞིན་མཉམ་ཉིད་དུ་རྟོགས་པ་དང༌། འགལ་འདུས་སྐྱོན་མེད་དུ་འཆར་བ་དང༌། དུས་གསུམ་ཅིག་ཅར་རྟོགས་པ་དང༌། དངོས་པོ་མི་འདྲ་བ་དུ་མ་ཅིག་ཅར་ཤེས་པ་ལ་སོགས་པའི་ཡོན་ཏན་སྐྱེ་བའོ། །སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་


TNT08_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མཚན་ཉིད་བྲལ་བའོ། དགའ་བ་བཞི་ནི། དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བའོ། །ཞེས་པ་བཞི་ཚན་གཉིས་ལ། འདི་ལྟར་གོ་དགོས་ཏེ། སྤྱིར་དང་རང་བཞིན་གྱི་གནས་པའི་དགའ་བ་བཞི་དང༌། སྐད་ཅིག་མའི་དགའ་བ་བཞི་དང༌། ལམ་གྱི་དགའ་བ་བཞིའོ། །དང་པོ་ནི་གོང་མདོར་བསྟན་གྱི་སྐབས་སུ་བསྟན་པ་ལྟར་གྱི། རྡོ་རྗེ་བཞིའམ་དེ་ཉིད་བཞི་པོ་དེ་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་གདོད་ནས་གནས་པ་དེ་ཡིན་ཏེ། སྐུ་གསུང་ཐུགས་དང་ལྷན་སྐྱེས་བཞི་ལ། དགའ་བ་སོགས་བཞི་པོ་རིམ་ཅན་དུ་སྦྱར་རོ། །འདི་དག་ཀྱང་དཔྲལ་མགྲིན་སྙིང་ག་ལྟེ་བ་བཞི་དང་སྦྱོར་ཏེ། བཞིའི་དུས་སུ་གནས་ལུགས་དེ་ཉིད་བཞི་ཡིན་པའི་ནུས་པས། འཁོར་བ་ལུས་ལ་རྩ་འཁོར་ལོ་བཞི་པོ་གྲུབ། ལམ་དུས་སུ་འཁོར་ལོ་བཞི་ལ་གནད་དུ་བསྣུན་པས། ལམ་གྱི་དགའ་བ་བཞི་སྐྱེས། དེའི་འཁོར་ལོ་བཞིའི་དྲི་མ་དག་པས་འབྲས་བུ་སྐུ་བཞི་མངོན་དུ་འགྱུར་རོ། །གཉིས་པ་ནི། ལམ་དུ་མ་བྱས་པ་འཁོར་བའི་སེམས་ཅན་རྣམས་ཀྱང༌། ཆགས་རྟོག་གཉིས་སྦྱོར་དང་འབྲེལ་བ་ན་སྐད་ཅིག་བཞི་དང༌། དགའ་བཞི་འཆར་བ་ཡིན་ཏེ། འདི་ལ་ཡས་བརྟན་དང་མས་བརྟན་ཞེས་བརྟན་པའི་མཚན་ཉིད་དེ་མེད་པས། ཡས་བབས་ཙམ་པོ་ཁོ་ན་ཡིན་ནོ། །དབང་དང་ལམ་གྱི་དུས་སུ་ཐབས་མཁས་ཀྱི་ལམ་དུ་བྱས་པ་ལ་ནི། ཡས་བབས་དང་མས་བརྟན་གྱི་ཆ་ཤས་གཉིས་ཀར་ཡོད་པའི། ཡས་བརྟན་ལ་ནི།


TNT08_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སོགས་བཞི་སྤྱི་མགྲིན་སྙིང་ལྟེའི་རིམ་པས་འཆར་ལ། མས་བརྟན་ལ་ནི་ལྟེ་སྙིང་མགྲིན་སྤྱིའི་རིམ་པས་འབྱུང་ཡང༌། སྐད་ཅིག་མ་རེ་རེར་ཤར་ཞིང་ནུབ་པར་བྱེད་ཀྱི། བདེ་བ་དེ་ལ་རྟག་ཏུ་གནས་པ་ནི་མ་ཡིན་ནོ། །གསུམ་པ་ལ་ཡང༌། ཡས་བབས་དང་མས་བརྟན་གྱི་དགའ་བ་གཉིས་དང༌། དེ་དག་འཁོར་ལོ་བཞི་ལ་སྦྱོར་ཚུལ་བཤད་མ་ཐག་པ་བཞིན་ཡིན་མོད་ཀྱི། སྤྱིར་བཏང་གི་དབང་དུ་བྱས་ན་འདི་ནི་བྱ་རྩོལ་གྱི་རིམ་པ་གཅིག་ལ་རྫོགས་པར་སྐྱེ་བ་མ་ཡིན་པ་དང༌། དགའ་བའི་ས་སོ་སོ་གང་དང་གང་རྒྱུད་ལ་སྐྱེས་ཤིང་གོམས་པ་བྱེད་པ་དེ་ནི། མི་ཉམས་ཤིང་དེའི་རྒྱུན་ལ་རྟག་ཏུ་གནས་པ་ཡིན་ནོ། །དམིགས་བསལ་ལ་ནི། མདོ་ལམ་གྱི་སྦྱོར་ལམ་བཟོད་པ་མན་ཆད་སྔོན་དུ་བྱས་པ་ཞིག་སྔགས་ཀྱི་ལམ་འདིར་ཞུགས་ན། ཡས་བབས་ཀྱི་དགའ་བཞིའི་ས་སྦྱོར་བ་གཅིག་ལ་བརྟེན་ནས་མངོན་དུ་བྱེད་པར་ངེས་ཤིང༌། བཟོད་པ་ཆེན་པོ་ལ་གནས་པ་ཡན་ཆད་ལ། དགའ་བའི་ས་བརྒྱད་ཐུན་གཅིག་ལ་མངོན་དུ་བྱེད་པའང་ཡོད་ལ། གཞན་ཡང་དང་པོ་ཉིད་ནས་སྔགས་ལམ་པ་ཡིན་ནམ། མདོ་ལམ་ནས་སྔགས་ལ་ཞུགས་པ་ཡིན་ཡང་རུང་ཏེ་དགའ་བའི་ས་ཐོབ་མ་ཐགལེ་ལོའམ་གཡེང་རྐྱེན་གྱི་དབང་གིས་བརྟན་པར་བྱེད་པའི་ཐབས་མ་བྱས་པ་རྣམས་ནི་རྟོགས་པ་ཉམས་པར་འགྱུར་བ་ཡང་སྲིད་དོ། །དེ་ལྟར་ན་འཁོར་ལོ་བཞི་དང༌། སྐད་ཅིག་མ་དང་དགའ་བའི་སྦྱོར་ཚུལ་རགས་པ་ཙམ་གྲུབ་མོད་ཀྱི། གཞུང་འདིས་ཡས་བབས་དང་མས་བརྟན་གྱི་


TNT08_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་གཉིས་ཀར་བསྟན་ནམ། ཡ་གྱལ་རེ་བསྟན་པ་ཡིན་ཞེ་ན། བླ་མ་གོང་མ་རྣམས་ནི། མས་བརྟན་ཁོ་ན་བསྟན་པར་བཞེད་ཀྱང༌། གཉིས་ཀར་བསྟན་པར་བྱས་ན་ལེགས་པ་ཡིན་ནོ། །དེ་ལ་བདེ་བའི་ཉམས་མྱོང་རྣམ་འགྱུར་མི་འདྲ་བ་ཕྲ་མོ་སྣ་ཚོགས་ཤར་བ་ནི། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང༌། འབད་རྩོལ་ཆུང་ཡང་བདེ་བའི་ཉམས་མྱོང་རིགས་གཅིག་པ། སྔར་ལས་འགྱུར་ཁྱད་མང་པོས་ཆེ་བ་ཤར་བ་ནི། རྣམ་པར་སྨིན་པའི་སྐད་ཅིག་མ་དང༌། རྣམ་པ་དེ་ཉིད་དང་འདྲ་བའི་ཡེ་ཤེས་ཞིག་སླར་ཡང་སྐྱར་གྱིན་འབྱུང་བའི། སྔ་མ་ལས་ཆེས་བོགས་ཆེ་བ་ནི་རྣམ་པར་ཉེད་པ་དང༌། དཔེའམ་མཚོན་བྱེད་བྲལ་བའི་བདེ་བ་ཆེན་པོ་རང་གི་རིག་ཅིང༌། རྣམ་རྟོག་ཉུང་བས་ཆགས་པའི་མཚན་ཉིད་སྤངས། བདེ་བ་རྒྱས་པས་ཆགས་བྲལ་གྱི་མཚན་ཉིད་སྤངས་པ་ནི། མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །ཞུ་བདེའམ་རང་བཞིན་གྱི་བདེ་བ་གང་ཡིན་ཡང་རུང་ཏེ། བདེ་བའི་ཏིང་ངེ་འཛིན་ཆུང་ངུ་ལ་གནས་པ་ནི། དགའ་བ་དང་པོའོ། །བདེ་བ་རྒྱས་པས་གཟུང་འཛིན་གྱི་སྣང་བ་ཅི་རིགས་པར་ནུབ་པ་ནི་མཆོག་དགའོ། །བདེ་བ་ཆེར་རྒྱས་པས་གཟུང་འཛིན་གྱི་སྣང་བ་ཤིན་ཏུ་ནུབ་ཅིང་བྲལ་བ་ནི། བྲལ་བའི་དགའ་བའམ་དགའ་བ་དང་པོ་གཉིས་ཀྱི་འགྱུར་ཁྱད་ལས་སྐབས་འདིར་ཆེས་ལྷག་པའི་འགྱུར་ཁྱད་འབྱུང་བས་ཁྱད་པར་གྱི་དགའ་བའོ། །བདེ་བ་མཐར་ཕྱིན་པ་རྫོགས་པ་ན། གཟུང་འཛིན་གྱི་སྣང་བ་ཐམས་ཅད་ནུབ་པས། གནས་ལུགས་གདོད་མའི་རང་བཞིན་གསལ་བའི་མཚོན་ནུས་པ་ནི། ལྷན་


TNT08_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་དགའ་བའོ། །མཚན་ཉིད་འདི་ནི་ལམ་གྱི་སྐད་ཅིག་དང་དགའ་བ། ཡས་བབས་མས་བརྟན་གཉིས་དང༌། སྐད་ཅིག་རྣམ་པའི་དགའ་བཞི་དང་སྐད་ཅིག་བཞི་རྣམས། ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མཚན་ཉིད་ཡིན་ལ། ནང་སེལ་མི་འདྲ་བའི་ཁྱད་པར་གཞན་རྣམས་ནི་སོ་སོར་ཤེས་དགོས་སོ། །རང་བཞིན་གནས་པའི་དགའ་བཞི་ལ་ནི། མཚན་ཉིད་དེ་དག་མི་འཇུག་ཏེ། སྐུ་རྣམ་པ་ཐམས་ཅད་པ་ནི་བདེ་ཆེན་ཉིད་ཡིན་ཡང༌། སྐུ་ཡིན་པའི་རྒྱུ་མཚན་ནས་བདེ་བར་མི་འཇོག་པས། དགའ་བ་ཞེས་ཆུང་ངུའི་མིང་གིས་བསྟན་པར་བྱས་ཤིང༌། དེ་ཉིད་རྣམ་པ་ཐམས་ཅད་པའི་ཕྱིར་རྣམ་པ་སྣ་ཚོགས་པའོ། །གསུང་ནི་བདེ་བ་ཡང་ཡིན་ལ། བདེ་བ་བསྐུལ་བྱེད་རྡུལ་དང་རླུང་དང་རྣམ་པར་དག་པའི་ངོ་བོ་ཡང་ཡིན་པའི་ཕྱིར། མཆོག་ཏུ་དགའ་བ་ཞེས་སྔ་མ་ལས་བདེ་བའི་ངོས་ནས་ཆེ་བའི་ཚིག་ཏུ་བརྗོད་པ་དང༌། ཐུགས་དང་ཡེ་ཤེས་ནི་རང་རང་གི་ལྡོག་པ་ནས་ཀྱང་བདེ་ཆེན་ཉིད་ལ་འཇོག་མོད་ཀྱི། ཐུགས་ནི་བདེ་ཆེན་གཅིག་ཏུ་རོ་མཉམ་པའི་མཚན་ཉིད་ཡིན་པས། ཁྱད་པར་འཕགས་པའམ་སྤྲོས་པ་དང་བྲལ་བའི་ཕྱིར། བྲལ་དགའ་དང་ཁྱད་དགའ་ཞེས་བྱ་ལ། ཡེ་ཤེས་ནི་བདེ་བ་དེ་ཡང་རྣམ་པ་ཐམས་ཅད་པར་ཤར་བའི་ལྡོག་པ་ནས་འཇོག་པས། རོ་མཉམ་གྱི་མཚན་ཉིད་ལས་ཀྱང་ཆེ་བར་སྟོན་པ་དང་བདེ་བ་དང་རྣམ་པ་ཐམས་ཅད་པ། ངོ་བོ་གཅིག་པ་ཉིད་ཀྱི་ཕྱིར། གདོད་ནས་ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་དགའོ། །དེ་བཞིན་དུ་སྐུའི་དེ་སྔར་དང་འདྲ། གསུང་གི་དེ་ཉིད་


TNT08_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གདུལ་བྱ་གཞན་སྣང་ལ་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་རྣམ་པར་སྨིན་པ་དང༌། ཐུགས་རྟག་ཏུ་མཉམ་པར་བཞག་པ་ནི། རྣམ་པ་མི་འདྲ་བར་འཕོ་བ་མེད་ཀྱི། སྔ་མ་ཉིད་ལ་རྟག་ཏུ་གནས་པའི་ཕྱིར། སྔོན་མ་ཉིད་སྐྱར་ཞིང་གབས་པ་འདྲ་བ་ཡིན་པས་རྣམ་པར་ཉེད་པ་དང༌། བདེ་བ་དང་རྣམ་པ་སོགས་གཅིག་ཏུ་འདྲེས་པ་ནི། མཚན་ཉིད་གཅིག་ཏུ་མ་ངེས་པས་མཚན་ཉིད་དང་བྲལ་བའོ། །དེས་ན་དགའ་བ་དང་སྐད་ཅིག་འདི་དག་གི་སྐབས་སུ། སྤྱི་བོའི་གནས་གཅིག་ཉིད་ལ་ཡས་བབས་ལ་དགའ་བ་དང༌། མས་བརྟན་ལ་ལྷན་སྐྱེས་འབྱུང་བ་ལྟ་བུ་ལ། ཁ་ཅིག་ཐིག་ལེ་གཅིག་གི་ནུས་པས་གཉིས་ཀར་འབྱུང་བར་བཞེད་ཅིང༌། གཞན་དགའ་འཁོར་ལོ་རེ་རེ་ལ་ཡང་ཁ་ཡར་བསྟན་དང༌། མར་བསྟན་གྱི་ཆ་རེ་ཡོད་པས། འཁོར་ལོ་འོག་མ་རྣམས་ཀྱི་རྩ་ཐིག་ཡས་བརྟན་གྱི་དགའ་བ་སྐྱེད་བྱེད་དང༌། གོང་མ་རྣམས་ཀྱི་མས་བརྟན་གྱི་དགའ་བ་སྐྱེད་བྱེད་དུ་འཆད་པའང་སྣང་བ་ལས། ཕྱི་མ་འདི་ཡེ་ཤེས་ཐིག་ལེ་སོགས་ཀྱི་དགོངས་པ་དང་མཐུན་པས་ལེགས་པར་མཐོང་ངོ༌། །འབྲས་བུ་བཞི་ནི་རྒྱུ་མཐུན་པ་དང༌། རྣམ་པར་སྨིན་པ་དང༌། སྐྱེས་བུ་བྱེད་པ་དང༌། དྲི་མ་དང་བྲལ་བའོ། །ཞེས་པ་ལ། མཐར་ཐུག་གི་འབྲས་བུ་དང་སྦྱར་ན། ལྷན་ཅིག་སྐྱེས་པའི་སྐུ་ནི་རྒྱུ་མཐུན་པ་སྟེ། རྒྱུའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་དང༌། རྒྱུ་བདེ་བ་ལས་འབྲས་བུ་བདེ་བ་མངོན་དུ་གྱུར་པའི་ཕྱིར་རོ། །དེ་ནི་ལྟེ་བའི་རྩ་རླུང་ཐིག་ལེ་རྣམ་པར་དག་པ་ལས་མངོན་དུ་འགྱུར་བ་དང༌། ཆོས་ཀྱི་སྐུ་ནི་


TNT08_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པ་སྟེ། རྒྱུ་སྤྲོས་པ་མེད་ཀྱང་འབྲས་བུ་ཤེས་བྱ་ཐམས་ཅད་མཁྱེན་པའི་ཕྱིར་རོ། །དེ་ནི་སྙིང་ག་དག་པ་ལས་མངོན་དུ་གྱུར་པ་དང༌། ལོངས་སྤྱོད་རྫོགས་སྐུ་ནི་སྐྱེས་བུ་བྱེད་འབྲས་ཏེ། སྐུ་དང་ཞིང་ཁམས་དང་འཁོར་དང་མཛད་པ་ཐམས་ཅད་ཇི་ལྟར་བཞེད་པ་ལྟར་སྤྱོད་པའི་ཕྱིར་དང༌། ཇི་ལྟར་བཞེད་པར་ཆོས་སྟོན་པའི་ཕྱིར་རོ། །དེ་ནི་མགྲིན་པ་དག་པ་ལས་འབྱུང་བ་དང༌། སྤྲུལ་པའི་སྐུ་ནི་བྲལ་བའི་འབྲས་བུ་ཞེས་བྱ་སྟེ། བདག་ཉིད་ཀྱི་ཕུན་སུམ་ཚོགས་པ་ལ། ཆགས་པ་དང་བྲལ་བའམ། སེམས་ཅན་གཞན་གྱི་སྒྲིབ་པ་བྲལ་བར་མཛད་པའམ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་མཐུ་ལས། ཞོར་བྱུང་དུ་སྤྲུལ་པ་སྟོན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ནི་སྤྱི་བོ་དག་པ་ལས་འབྱུང་ངོ༌། །ལམ་དུས་སུ་ནི་ལས་ཀྱི་རླུང་ཤུགས་ཆེ་ཆུང་དང་མཐུན་པའི་གཏུམ་མོ་ཡང་ཆེ་ཆུང་དུ་འབར་བའི་གནས་ཡིན་པའི་ཕྱིར། ལྟེ་བ་རྒྱུ་མཐུན་དང༌། རྐྱེན་ལས་ཀྱི་རླུང་གིས་བསྒྲུབ་པ་ལ་རག་མ་ལུས་པར། ཡེ་ཤེས་ཆེན་པོ་ཁོ་ན་འབྱུང་བའི་གནས་ཡིན་པས། སྙིང་ག་རྣམ་སྨིན་དང༌། ལྟེ་བའི་གཏུམ་མོ་འབར་བའི་བྱེད་པས་མགྲིན་པའི་གཏུམ་མོ་ཡང་གསར་དུ་འབར་བར་བྱེད་པའི་གནས་ཡིན་པས། མགྲིན་པ་སྐྱེས་བུ་བྱེད་པ་དང༌། གཏུམ་མོ་གནས་དེར་སླེབ་པ་ན། ཐིག་ལེ་རྣམས་ཀྱི་སྐྱོན་བྲལ་བར་བྱེད་པའི་གནས་ཡིན་པའི་ཕྱིར། སྤྱི་བོར་དྲི་མ་དང་བྲལ་བའི་འབྲས་བུའོ། །འདི་ནི་གཙོ་བོར་མས་བརྟན་གྱི་ས་བཞི་དང་སྦྱར་བའི་སྐབས་ཡིན་ལ། སྤྱིར་སྐད་ཅིག་རྣམ་པའི་དགའ་བཞི་འབྱུང་ཟློག་གཉིས་དང༌། ལམ་གྱི་དགའ་བཞི་འབྱུང་ཟློག་གཉིས་ཏེ།


TNT08_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཆར་ལ་ཡང་འབྲས་བུ་བཞི་བཞི་སྦྱོར་དགོས་ལ། སྤྱི་ལྡོག་ནས་གཞི་འཁོར་བའི་དུས་སུ་རྩ་འཁོར་ལོ་བཞི་རླུང་དང་ཐིག་ལེ་བཅས་པ་རྣམས་ལ། གང་ཅི་ཡང་རུང་བ་འབྲས་བུ་བཞིའི་སྣང་བ་འཆར་བའི་ནུས་པ་གདོད་ནས་གནས་པ་ཡིན་ནོ་ཞེས་ཀྱང་ཤེས་པར་བྱའོ། །མཆོག་བཞི་ནི། བདག་གི་མཆོག་དང་གཞན་གྱི་མཆོག་དང༌། དུས་ཀྱི་མཆོག་དང༌། ཡེ་ཤེས་ཀྱི་མཆོག་གོ །མཆོག་ཅེས་བྱ་བ་འགྱུར་གཞན་ལས་བཟང་པོ་དང་གསལ་བ་ཞེས་འདོན་ནོ། །བདག་གི་མཆོག་ནི། མཆོག་གི་བདག་ཅེས་སྒྱུར་ན་བདེ་སྟེ། བདེ་བ་གཅིག་པའི་ཡེ་ཤེས་ཏེ། ལྟེ་བར་གནད་དུ་བསྣུན་པ་ལས་དེ་རྟོགས་པའི་ཐབས་སུ་འགྱུར་རོ། །གཞན་གྱི་མཆོག་ནི་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་སྟེ། སྙིང་གར་གནད་དུ་རེག་པ་ལས་དེ་རྟོགས་པའོ། །དུས་ཀྱི་མཆོག་ནི་སྐྱེ་འཇིག་གནས་གསུམ་དང་བྲལ་བའི་གནས་ལུགས་ཏེ། མགྲིན་པར་གནད་དུ་བསྣུན་པ་ལས་དེ་རྟོགས་པའོ། །ཡེ་ཤེས་ཀྱི་མཆོག་ནི་རྣམ་པར་མི་རྟོག་བཞིན་དུ་ཤེས་བྱ་ཤེས་པ་སྟེ། སྤྱི་བོར་གནད་དུ་རེག་པ་ལས་དེ་རྟོགས་པའི་ཐབས་སུ་འགྱུར་རོ། །འདི་དག་ལ་བདག་ནི་གཏུམ་མོ་དང༌། གཞན་ནི་དེ་ལས་གཞན་པའི་སྙིང་གའི་ཐིག་ལེ་དང༌། དུས་ནི་འབར་འཛག་བརྟན་པའི་དུས་དང༌། ཡེ་ཤེས་ནི་བདེ་བའི་རྒྱུ་སྤྱི་བོའི་ཐིག་ལེ་ཡིན་པར་སྔ་རབས་རྣམས་འཆད་དོ། །གནས་བཞི་ནི་བདག་གི་གནས་དང༌། གཞན་གྱི་གནས་དང༌། རྣལ་འབྱོར་གྱི་གནས་དང༌། དེ་ཁོ་ན་ཉིད་ཀྱི་གནས་སོ། །གནས་ཀྱི་སྐད་དོད། པི་ཋ་ཞེས་


TNT08_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདན་ལ་ཡང་འཇུག་པས། གདན་བཞི་ཞེས་བྱ་བར་རབ་ཏུ་གྲགས་སོ། །དེ་ལ་བདག་དང་གཞན་ནི་བཤད་མ་ཐག་པ་དེ་ཡིན་ལ། རྣལ་འབྱོར་ནི་སྦྱོར་བ་དེ་སྔགས་དང་ལས་ཚོགས་ལ་སོགས་པ་ཀུན་རྫོབ་རྟེན་འབྲེལ་རྒྱུ་རྐྱེན་མ་ལུས་པ་ཡང་དག་པ་མཁྱེན་པའི་ཡེ་ཤེས་སོ། །དེ་ཁོ་ན་ཉིད་ནི་དོན་དམ་རྟོག་བྱེད་ཀྱི་ལམ་དང༌། རྟོག་བྱ་དོན་དམ་ཉིད་མཁྱེན་པའི་ཡེ་ཤེས་ཏེ། འཁོར་ལོ་བཞི་ལ་གནད་དུ་བསྣུན་པས་དེ་དག་ཐོབ་པར་འགྱུར་བའི་ཕྱིར། འཁོར་ལོ་བཞི་ནི་གནས་ཡིན་ཏེ། ལྟེ་བ་བདག་གི་གནས་དང༌། སྙིང་ག་གཞན་གྱི་གནས་དང༌། མགྲིན་པ་རྣལ་འབྱོར་གྱིས་གནས་དང༌། སྤྱི་བོ་ནི་གསང་བའམ་དེ་ཁོ་ན་ཉིད་ཀྱི་གནས་སོ། །བཟང་པོ་དང་གནས་འདི་དག་གི་གློ་བུར་གྱི་དྲི་མ་ལ་ཡང་དེ་དང་དེའི་མིང་འདོགས་ཏེ། །བདག་ཏུ་རྟོག་པ་དང༌། གཞན་ཏུ་རྟོག་པ་དང༌། དུས་ཀྱི་རྣམ་རྟོག་དང༌། ཡུལ་ཤེས་པའི་རྣམ་རྟོག་རྣམས་ཀྱང་འཁོར་ལོ་བཞི་ལ་རིམ་བཞིན་སྦྱོར་བ་དང༌། བདག་ཏུ་སྣང་བ་དང༌། གཞན་ཏུ་སྣང་བ་དང༌། རྒྱུ་རྐྱེན་དུ་སྣང་བ་དང༌། གྲོལ་བར་ལྟ་བ་རྣམས་ཀྱང་རིམ་བཞིན་སྦྱར་རོ། །དེ་ཡན་ཆད་ཀྱིས་ནི་གཞིའི་ཆོས་རྣམས་ལུས་ལ་གནས་པར་བསྟན་ཟིན་ཏོ། །གཉིས་པ་ལམ་གྱི་ཆོས་གཙོ་བོར་བསྟན་པ་ལ། སྡེ་བ་བཞི་ནི། གནས་བསྟན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། ཀུན་གྱིས་བཀུར་བ་དང༌། དགེ་འདུན་ཕལ་ཆེན་སྡེའོ། །ཞེས་པ་ལ། གནས་བརྟན་པ་ལྟེ་བ་དང༌། ཡོད་སྨྲ་བ་སྙིང་ག་དང༌། མང་བཀུར་བ་མགྲིན་པ་དང༌། ཕལ་ཆེན་


TNT08_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱི་བོ་དང་སྦྱོར་ཏེ་འདིའི་དོན་སྒྲ་དྲང་ཐད་ནི། ལྟེ་བའི་རླུང་སེམས་འདུས་པའི་ཕྱེད་པ་ལས། གནས་བརྟན་སྡེ་པ་གཉིས་ཀྱི་ཐུན་མོང་མ་ཡིན་པའི། ལྟ་སྤྱོད་ཀྱི་ཁྱད་པར་རྣམས། ངེས་པ་དང་བཅས་པར་བློ་ལ་ཤར་བ་ཡིན་ཏེ། རྣམ་བ་གསུམ་ཡང་དེས་རིགས་འགྲེ། སྒྲ་དོན་ཅན་གྱི་སྒོ་ནས་མིང་མཚུངས་པར་སྦྱར་བ་ཡང་དགྱེས་པའི་རྡོ་རྗེ་ལས་གསུངས་ཏེ། ལུས་འཆག་འཇིག་གི་གནས་ཀྱི་གཙོ་བོ་ཡིན་པས། ལྟེ་བ་གནས་བརྟན་པ་དང༌། ཆོས་སྣ་ཚོགས་ལ་བརྟེན་པའི་རྣམ་རྟོག་འབྱུང་བའི་གནས་ཡིན་པས། སྙིང་ག་ཐམས་ཅད་ཡོད་སྨྲ་དང༌། རོ་དྲུག་གིས་བཀུར་བའི་གནས་ཡིན་པས། མགྲིན་པ་མང་པོས་བཀུར་བ་དང༌། བདེ་བ་ཆེན་པོའི་རྒྱུ་བྱང་ཆུབ་ཀྱི་སེམས་ཕལ་ཆེར་གནས་པའི་གཞི་ཡིན་པས། སྤྱི་བོ་དགེ་འདུན་ཕལ་ཆེན་པའོ། །འདི་ཡང་འཁོར་ལོ་བཞི་དང་འབྲེལ་བའི་སྐོར་རོ། །ཏིང་ངེ་འཛིན་གསུམ་ནི། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་གོ །ཞེས་པ་ལ། སྐྱེད་རིམ་གྱི་སྐབས་སུ་གཙོ་བོ་བརྟེན་དང༌། བཅས་པ་སྐྱེད་པ་ནི། དང་པོ་སྦྱོར་བ། དཀྱིལ་འཁོར་སྤྲོ་བ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག །མཆོད་པ་དང༌། །ལས་ལ་སྦྱོར་བ་སོགས་ཆོ་གའི་ཡན་ལག་རྣམས་ལས་རྒྱལ་པོ་མཆོག་གོ །དེ་ཉིད་རྫོགས་པའི་རིམ་པ་དང་སྦྱོར་བ་ལ། རླུང་དབུ་མར་འཇུག་པ་དང་པོ་སྦྱོར་བ། གནས་པ་དཀྱིལ་འཁོར་རྒྱལ་མཆོག །ཐིམ་ཞིང་འབར་འཛག་བྱེད་པ་ལས་རྒྱལ་མཆོག་གོ་ཞེས་འཆད་པ་དང༌། སྔགས་


TNT08_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དུ་རླུང་དགག་པ་ནི་དང་པོ་སྦྱོར་བ། ཡེ་ཤེས་རིམ་པར་བདེ་བ་བསྐྱེད་པ་ནི་དཀྱིལ་འཁོར་རྒྱལ་མཆོག གསང་རིམ་དུ་བདེ་བ་མཐར་ཐུག་རྫོགས་པར་བྱེད་པ་ནི། ལས་རྒྱལ་མཆོག་གོ་ཞེས་ཀྱང་ཁ་ཅིག་བཞེད་དེ། དེ་དག་ཀྱང་རུང་བར་ནི་མངོན་ནོ། །འོན་ཀྱང་རང་ལུགས་ནི་རོ་རྐྱང་གི་རྒྱུ་བ་བཀག །ལས་ཀྱི་རླུང་གིས་ཚངས་པའི་མེ་སྦར་བ་ནི། སྒོང་སྐྱེས་ཕྱོགས་ལ་མངོན་བྱང་གསུམ། མངལ་སྐྱེས་ཕྱོགས་ལ་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པར་བཞེངས་པས། ཡང་མེ་རླུང་འབར་བ་ནི་མངལ་སྐྱེས་ལ་ཞུ་བ་གླུས་བསྐུལ་ལམ་སྒོང་སྐྱེས་ལ་འོད་ཟེར་སྤྲོ་བསྡུའོ། །ལྟེ་བའི་གཏུམ་མོ་འབར་བ་ནི་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ཡིན་ཏེ། དང་པོ་སྦྱོར་བའོ། །གཏུམ་མོ་འབར་བའི་འོད་ཀྱི་རྩ་གནས་ཅི་རིགས་པར་ཁྱབ་པ་ནི། ལྷ་སྐུ་སྤྲོ་བ་ཡིན་པས་དཀྱིལ་འཁོར་རྒྱལ་མཆོག་དང༌། ཞུ་བདེ་སྐྱེས་པ་ནི་ཕུང་ཁམས་སོགས་ལ་མཆོད་པ་ཡིན་པས། ལས་རྒྱལ་མཆོག་གོ །འདི་ནི་འབར་འཛག་ཁ་སྦྱོར་དུ་ནུས་པའི་རྫོགས་རིམ་གྱི་རྣལ་འབྱོར་ཐམས་ཅད་ལ་ཚང་བ་ཡིན་ནོ། །དང་པོ་སྦྱོར་བས་དབུ་མ་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་རོ་མ་དང༌། ལས་རྒྱལ་མཆོག་གི་རྐྱང་མ་དག་པར་ཡང་བྱེད་དེ། དབུ་མར་འབར་བ་དང༌། ཁམས་ཁུ་རྡུལ་དག་བྱེད་ཡིན་པས་སོ། །ཡན་ལག་བཞི་ནི་བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །ཞེས་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་པོ་འདི་རིམ་པ་བཞི་ལ་རིམ་ཅན་དུ་སྦྱར་ན། དུས་འཁོར་སོགས་ཀྱི་དགོངས་པ་དང་མཐུན་པར་འགྱུར་


TNT08_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་བཤད་ནུས་མོད་ཀྱི། རེ་ཞིག་འདིར་མི་བརྗོད་དོ། །ཡང་སྔ་མ་འགའ་ཞིག་གིས་དབྱེ་བ་བཞི་དང་སྦྱར་བ་ཞིག་གསུང་ཡང་ལེགས་པར་མ་མཐོང་ལ། དེས་ན་འདི་ལྟར་སྦྱར་དགོས་ཏེ། དེ་ལ་བསྐྱེད་རིམ་གྱི་བསྙེན་པའི་ཡན་ལག་ནི། ལྷ་དམ་ཚིག་པ་བསྐྱེད་པ་དང༌། ཉེར་སྒྲུབ་ནི་སྐྱེ་མཆེད་བྱིན་གྱིས་རླབས་པ་དང༌། སྒྲུབ་པ་ནི་སྐུ་གསུང་ཐུགས་སོགས་བྱིན་གྱིས་རླབས་པ་དང༌། སྒྲུབ་ཆེན་ནི་དགུག་གཞུག་དང་སེམས་དཔའ་གསུམ་བརྩེག་ཀྱང་ཡིན་ལ། དབང་བསྐུར་རྒྱས་བཏབ་ནི་ངེས་པར་བྱའོ། །དེ་དག་ནི་ལྷ་གཅིག་གི་སྐྱེད་ཆོག་ཡན་ལག་བཞི་ལྡན་དུ་བྱེད་པའི་ལུགས་ཡིན་ལ། ཡང་ན་བསྙེན་པ་ནི། དང་པོ་ལྷ་དང་ཉེ་བའི་ཕྱིར། སྒོམ་པ་དང་བཟླས་པ་ལ་བརྩོན་པར་བྱེད་པ་དེ་ཡིན་ལ། ཉེར་སྒྲུབ་བམ་ཉེར་བསྙེན་ནི། བསྙེན་སྒྲུབ་སྦྲག་མར་ཡང་གྲགས་པ་དེ་ཡིན་ཏེ། ཉེ་བར་བསྙེན་པའི་ལྷ་དེ་དགྱེས་པར་བྱ་བའི་དོན་དུ། མཆོད་བཟླས་ལ་བརྩོན་པར་བྱེད་པ་ཡིན་ལ། སྒྲུབ་པ་ནི་མཉེས་པར་བྱས་ཟིན་པའི་ལྷ་དེ་ལ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པའི་ཕྱིར། དཀྱིལ་འཁོར་སྒྲུབ་པ་ཡིན་ཞིང༌། སྒྲུབ་པ་ཆེན་པོ་ནི་ལས་ཆེན་པོ་ལ་སྦྱོར་བ་སྟེ། དངོས་གྲུབ་རབ་འབྲིང་ཐ་མ་གསུམ་གྱི་ལས་ཀྱི་ཆོ་ག་ལ་ཞུགས་ནས་དེ་གྲུབ་པའི་བར་རོ། །འདི་ནི་ལྷ་སྒྲུབ་པའི་བྱ་བའི་རིམ་པ་ལས་ཕྱེ་བའི་བསྙེན་སྒྲུབ་ཡན་ལག་བཞི་ཡིན་ནོ། །སྐབས་འདིར་འདི་བཞི་ཚན་གྱི་ཆོས་ཡིན་པས། འཁོར་ལོ་བཞི་ལ་རིམ་ཅན་དུ་སྦྱོར་དགོས་པ་ལ། ཡས་རིམ་མས་རིམ་གཉིས་ཀར་ལ་སྦྱོར་དགོས་པ་ཡིན་ཏེ། དགའ་


TNT08_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ས་བཞི་ལ་སྔ་ཕྱི་རིམ་པ་གཉིས་ཡོད་པའི་ཕྱིར་རོ། །དེ་ཡང་རྒྱུ་རྐྱེན་དུ་མས་ལྟེ་བའི་གཏུམ་མོ་འབར་བ་ནི། ཞུ་བདེ་ཁྱད་པར་ཅན་ལ་བསྙེན་པ་ཙམ་ཡིན་ལ་དེའི་སྙིང་གའི་རྩ་མདུད་བཅོམ་པ་ནི། ལྷ་མཉེས་པར་བྱེད་པ་དང་འདྲ་བར། བདེ་བ་ཆེན་པོ་མྱུར་དུ་འགྲུབ་རུང་དུ་སོང་བ་ཡིན་ཏེ་ཉེ་བསྙེན་ནོ། མགྲིན་པ་དང་ལྟེ་བའི་གཉིས་འཛོམ་པའི་ཚེ། གཏུམ་མོ་སྟོབས་ཆེན་པོས། བདེ་བ་ཆེན་པོ་འཕྲལ་དུ་སྐྱེ་ངེས་པ་ན། ལྷས་དངོས་གྲུབ་གནང་བར་ཞལ་གྱིས་བཞེས་པ་ལྟ་བུ་ཡིན་ཏེ་སྒྲུབ་པའོ། །སྤྱི་བོ་ལ་རེག་པས་དངོས་སུ་བདེ་བའི་དངོས་གྲུབ་སྩོལ་བའི་ཕྱིར། ལྷས་དངོས་གྲུབ་སྩལ་བ་དང་མཚུངས་པར་སྒྲུབ་ཆེན། དེ་བཞིན་དུ་དགའ་བའི་ས་དང་པོ་ནི། བསྙེན་པ་དང༌། མཆོག་དགའི་ས་ནི་ཉེར་སྒྲུབ་དང༌། དགའ་བྲལ་གྱི་ས་ནི་སྒྲུབ་པ་དང༌། ལྷན་སྐྱེས་ས་སྒྲུབ་ཆེན་དུ་འཇོག་ཅིང༌། དེ་བཞིན་དུ་མས་བརྟན་གྱིས་ས་བཞི་ལའང་སྦྱར་བར་བྱའོ། །ཡང་ལས་ཀྱི་ཕྱག་རྒྱའམ། རྣལ་འབྱོར་ལམ་ལ་བརྟེན་པ་ཡིན་ཡང་རུང་ཏེ། སྐད་ཅིག་རྣམ་པའི་དགའ་བཞི་ལུགས་འབྱུང་ལུགས་བཟློག་ལ་ཡང༌། ཡན་ལག་བཞིའི་ཆ་ཤས་ཙམ་ཚང་བ་ཡིན་ནོ། །དེ་བཞིན་དུ་དཔྱིད་ཐིག་ཏུ་བཤད་པ་ལྟར་ལུས་གཞལ་མེད་ཁང་དང༌། སྤྱི་བོའི་འཁོར་ལོ་ཧཾ་ཡིག་ཡིག་འབྲུ་དང་བཅས་པ་ནི། མངོན་བྱང་ལྔ་ལས་གཙོ་བོ་སྐྱེད་པ་དང༌། མགྲིན་པའི་ཡིག་འབྲུ་བཅུ་གཉིས་སོགས་ནི་སྐྱེ་མཆེད་བྱིན་རླབས་དང༌། སྙིང་གའི་དཔྱིད་དཀར་དམར་རླུང་གསུམ་གྱི་བདག་ཉིད་ནི་རྡོ་རྗེ་གསུམ་སྒྲུབ་པ་དང༌།


TNT08_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་ཨཾ་ཡིག་ལ་བྱང་ཆུབ་ཀྱི་སེམས་ཐིམ་པ་ནི། ཡེ་ཤེས་དགུག་གཞུག་དང་དབང་སྐུར་རྒྱས་བཏབ་ཀྱང་ཡིན་པས། བསྙེན་སྒྲུབ་ཡན་ལག་བཞི་ཚང་བ་དང༌། ཡང་ལྟེ་བའི་ཡི་གེ་ཨཱ་ལི་ཀཱ་ལི་འདྲེས་པ་དང་གཏུམ་མོ་འབར་བ་ནི། མངོན་བྱང་ལྔ་ལས་གཙོ་བོར་བཞེངས་པ་དང༌། གཏུམ་མོ་འབར་བས་སྙིང་ག་སྲེག་པ་ན། གཟུང་འཛིན་གྱི་རླུང་རྣམས་འགག་པ་ནི། སྐྱེ་མཆེད་བྱིན་རླབས་དང༌། མགྲིན་པར་ཕྱིན་པས། ཡོན་ཏན་གསུམ་གྱི་བདག་ཉིད་རླུང་དང་གཏུམ་མོ་འདྲེས་པ་ནི། སྐུ་གསུང་ཐུགས་བྱིན་བརླབས་ཀྱང་ཡིན་ལ་སྔགས་ཀྱི་བདག་པོ་བསྐུལ་བ་དང༌། རང་སྔགས་གཏུམ་མོ་དང༌། རྡོ་རྗེ་ཅན་སྙིང་གའི་ཐིག་ལེ་འདྲེས་པ་དགུག་གཞུག་དང༌། ཡང་གཏུམ་མོ་སྤྱི་བོར་སླེབ་ཅིང་ཧཾ་གི་བྱང་སེམས་གཏུམ་མོའི་སྤྱི་བོར་སླེབ་པ་ནི། རིགས་བདག་རྒྱས་འདེབས་ཏེ། སྒྲུབ་པ་ཆེན་པོའོ། །འཁོར་ལོ་བཞིའི་དབྱིབས་དགའ་བའི་ས་བཞི་ཚན་གཉིས་ལའང་དེ་དག་རིམ་ཅན་དུ་འབྱོར་བ་འགྱུར་རོ། །སྐྱེད་རིམ་ཏིང་ངེ་འཛིན་གསུམ་དང་བསྙེན་སྒྲུབ་བཞི་ལ་སོགས་པའི་ཕན་ཡོན་ཐམས་ཅད་འདི་ལས་ཡུད་ཀྱིས་འབྱུང་བ་དང༌། དེ་ཤིན་ཏུ་གོམས་པ་མེད་ཀྱང་འདིས་དེའི་དང་པོ་ཐུབ་པ་ལ་སོགས་པའི་དོན་ནོ། །ལས་གསུམ་ནི། སྤྱན་དྲངས་པ་དང༌། གཤེགས་སུ་གསོལ་བ་དང་བཞུགས་པའོ། །ལྷ་མཆོད་པ་དང༌། རབ་ཏུ་གནས་པ་དང༌། དཀྱིལ་འཁོར་སྒོམ་པ་ལ་ཡང་རུང་ཏེ། སྤྱན་འདྲེན་པ་དང༌། བཞུགས་སུ་གསོལ་ནས། མཆོད་པའི་མཉེས་པར་བྱེད་པ་དང༌། སླར་ཡང་གཤེགས་སུ་གསོལ་བའི་རིམ་པས་སྒྲུབས་


TNT08_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཆོད་ན། ལྷ་མཉེས་པ་དང༌། དངོས་གྲུབ་སྩོལ་བ་སོགས་མཛད་དོ། །རྫོགས་པའི་རིམ་པའི་སྐབས་འདིར་རླུང་གི་དེ་ཁོ་ན་ཉིད་ཤེས་པའི་རྣལ་འབྱོར་པས། རླུང་ནང་འཇུག་སྤྱན་འདྲེན་པ། གནས་པ་ནི་བཞུགས་པ། ཕྱིར་འགྲོ་བ་ནི་གཤེགས་སུ་གསོལ་བའོ། །ཐིག་ལེ་ལ་སྦྱར་ན། བྱང་ཆུབ་ཀྱིས་སེམས་སྤྱི་བོ་ནས་འོང་བ་སྤྱན་འདྲེན་པ། འཁོར་བཞིར་ཡས་བབས་དང༌། མས་བརྟན་དུ་བྱེད་པ་ནི་བཞུགས་པ། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་གཤེགས་སུ་གསོལ་བའོ། །འདི་དག་སྐུ་གསུམ་ལམ་དུ་བྱེད་པར་ཡང་འགྱུར་ལ། གནས་སྐབས་སུ་སྤྱན་འདྲེན་གཤེགས་སུ་གསོལ་བ་ལ་སོགས་པས། ལྷ་མཉེས་པ་དང༌། ཐུགས་རྒྱུད་བསྐུལ་བ་དང༌། དངོས་གྲུབ་སྩོལ་བ་སོགས་ཀྱི་ཕན་ཡོན་གང་ཡིན་ཐམས་ཅད་རླུང་དང་ཐིག་ལེའི་འགྲོ་འོང་འདི་དག་ལ་ལྷག་དང་བཅས་པར་ཡོད་དེ། དེ་ཁོ་ན་ཉིད་ཤེས་པའི་རྣལ་འབྱོར་པ་ལའོ། །སྤྱན་འདྲེན་པ་ནི་རྐྱང་མ་དང༌། གཤེགས་སུ་གསོལ་བ་ནི་རོ་མ་དང༌། བཞུགས་པ་ནི་དབུ་མའི་ཆོས་དང་འབྲེལ་བ་ཡིན་ནོ། །འདི་ཡང་དཔྱིད་ཀྱི་ཐིག་ལེའི་ལེའུ་གསུམ་པར། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས། ཞེས་པ་ལ་སོགས་པའི་སྐབས་སུ་རྒྱས་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བཞི་ནི། སྔགས་ཀྱི་དེ་ཁོ་ན་ཉིད་དེ། ལྷའི་དེ་ཁོ་ན་ཉིད་དང༌། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །རང་བཞིན་རྣམ་པར་དག་པ་ཡེ་ཤེས་ཀྱི་རླུང༌། སྒྲ་སྐད་ཐམས་ཅད་པ་བརྗོད་བྲལ་དེ་ནི། སྔགས་ཀྱི་དེ་


TNT08_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་དངོས་ཡིན་ལ། དེ་ཉིད་ལྟེ་བའི་གཏུམ་མོ་འབར་བས་རྟོགས་པར་འགྱུར་བའི་ཕྱིར། ལྟེ་བ་ནི་སྔགས་ཀྱི་དེ་ཉིད་དོ། །ཀུན་རྫོབ་ཏུ་ལུས་ནི་ལྷ་ཞེས་བྱ་ན། ལུས་ཀྱི་སྣང་བ་འབྱུང་བའི་གཞི་ཡིན་པ་དང༌། ལུས་ཐོག་མར་འགྲུབ་པ་དང༌། མཐར་འཆི་བའི་ཚེ་བསྡུད་པའི་གནས་དང༌། བར་དོར་ལྡང་བ་སོགས་སྙིང་ག་ནས་བྱེད་པ་དང༌། བསྐྱེད་རིམ་གྱི་སྐབས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་སྙིང་ག་ནས་སྤྲོ་བའོ། །ལུས་འཆག་པའི་རྩ་བ་སྙིང་ག་དང༌། ལྟེ་བ་གཉིས་ཅི་རིགས་སུ་འཆད་པ་མི་འགལ་ཏེ། གའུ་ཁ་ཕྱེ་བའི་དཔེས་མཚོན་ནོ། །གཞན་ཡང་དོན་དམ་པར་ན་སྣོད་བཅུད་གཟུགས་སུ་སྣང་བ་ཆོས་ཉིད། རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དུ་གདོད་མ་ནས་གནས་པ་ནི་ལྷའི་དེ་ཁོ་ན་ཉིད་ཡིན་ལ། དེ་ཉིད་སྙིང་གའི་དཔྱིད་ལ་གནད་དུ་བསྣུན་པ་ལས་རྟོགས་པར་འགྱུར་བས་ན། སྙིང་ག་ནི་ལྷའི་དེ་ཉིད་དང༌། གཞི་དུས་སུ་རྨི་ལམ་དང་བར་དོ་ལ་སོགས་པའི་གསལ་སྣང་སྣ་ཚོགས་པ་ཡང་མགྲིན་པ་ལས་འབྱུང་ཞིང༌། ཡང་དག་པའི་ཞིང་ཁམས་དང་འཁོར་དང་མཆོད་པ་སྣ་ཚོགས་པ་དེ་དག་ཀྱང༌། འཁོར་ལོ་དེ་དག་པའི་སྣང་བ་ལས་འབྱུང་བའི་ཕྱིར། མགྲིན་པ་ནི་དཀྱིལ་འཁོར་གྱི་དེ་ཉིད་དོ། །དེ་ལ་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་ལས་ལྷ་སྐུ་དངོས་ནི་ལྷའི་དེ་ཉིད་དང༌། ཞིང་ཁམས་དང་འཁོར་དང་གཞལ་མེད་ཁང་མཆོད་པའི་ཁྱད་པར་ནི། དཀྱིལ་འཁོར་གྱི་དེ་ཉིད་ཅེས་སོ་སོར་བཞག་པ་ཡིན་ནོ། །སེམས་ཉིད་བདེ་བ་ཆེན་པོར་གདོད་ནས་གནས་པ་ནི། ཡེ་ཤེས་ཀྱི་དེ་ཉིད་དངོས་ཡིན་ཞིང༌། དེ་ཡང་ཞུ་


TNT08_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལས་ངེས་པར་རྟོག་པར་འགྱུར་བ་ཡིན་ལ། ཞུ་བདེ་འབྱུང་བའི་རྩ་བའི་གནས་སྤྱི་བོ་ཡིན་པའི་ཕྱིར། སྤྱི་བོ་ནི་ཡེ་ཤེས་ཀྱི་དེ་ཉིད་དུ་བཞག་གོ །ཡང་སྔགས་ཀྱི་དེ་ཉིད་གཏུམ་མོའི་མེ་ཡིན་ཏེ་ལྟེ་བ་ན་གནས་པ་དང༌། ལྷ་ནི་དཔྱིད་ཀྱི་རྒྱལ་པོ་དེ་སྙིང་ག་ན་གནས་པ་དང༌། དཀྱིལ་འཁོར་ནི་སྙིང་པོ་འཛིན་པའི་ཕྱིར་ཐིག་ལེའི་བདེ་བ་སྟེ་དེ་དང་པོར་ཞུ་བའི་བདེ་བ་མྱང་བའི་གནས་མགྲིན་པ་ཡིན་པ་དང༌། ཡེ་ཤེས་ནི་བདེ་བ་ཕྱིན་ཅི་མ་ལོག་པ་མྱོང་བ་ཡིན་ལ། དེ་ཡང་མས་བརྟན་གྱི་ཚེ་སྤྱི་བོར་ཐོབ་པའོ། །ཞེས་མར་པ་དོལ་པ་གསུངས་སོ། །གསུམ་པ་འབྲས་བུའི་ཆོས་གཙོ་བོར་བསྟན་པ་ལ། གནས་སྐབས་ཀྱི་འབྲས་བུ་དང་མཐར་ཐུག་གི་འབྲས་བུ་གཉིས་ལས། དང་པོའི་དབང་དུ་བྱས་ནས། ས་བཅུ་ནི་གནས་དང་ཉེ་བའི་གནས་དང༌། ཞིང་དང༌། ཉེ་བའི་ཞིང་དང༌། ཚན་དོ་ཧ་དང༌། ཉེ་བའི་ཚན་དོ་ཧ་དང༌། འདུ་བ་དང༌། ཉེ་བའི་འདུ་བ་དང༌། དུར་ཁྲོད་དང༌། ཉེ་བའི་དུར་ཁྲོད་དོ། །ཉི་ཤུ་རྩ་བཞི་ནི། དབྱེ་བས་ཐ་དད་དེ། པུལླ་རི་མ་ལ་ཡ་དང༌། ཛ་ལནྡྷ་ར་དང༌། ཨོ་ཊི་ཡ་ན་དང༌། ཨརྦུ་ཏ་ནི་གནས་སོ། །གོ་ད་པ་རི་དང༌། རསྨི་ཤྭ་ར་དང༌། དྭི་བཱི་ཀོ་ཊ་དང༌། མཱ་ལ་བ་ནི་ཉེ་བའི་གནས་སོ། །ཀཱ་མ་རུ་པ་དང༌། ཨོ་ཏྲེ་ནི་ཞིང་ངོ༌། །ཏྲི་ཤ་ཀུ་ནི་དང༌། །ཀོ་ས་ལ་ནི་ཉེ་བའི་ཞིང་ངོ༌། ཀ་ལིང་ཀ་དང༌། ལམྦ་ཀ་ནི་ཚན་དོ་ཧའོ། །ཀཉྩི་དང༌། ཧི་མ་ལ་ཡ་ན་ཉེ་བའི་ཚན་ད་ཧའོ། །པྲེ་ཏ་པུ་རི་དང༌། གྲི་བ་དེ་བ་ཏ་ནི། འདུ་བའོ། །


TNT08_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སཽ་རཥྟ་དང༌། སུ་བརྞ་དྭི་པ་ནི་ཉེ་བའི་འདུ་བའོ། །ན་ག་ར་དང༌། སིནྡྷུ་ནི་དུར་ཁྲོད་དོ། །མ་རུ་དང༌། ཀུ་ལུ་ཏ་ནི་ཉེ་བའི་དུར་ཁྲོད་དོ། །འདིར་རིམ་པ་ཇི་ལྟ་བར། མགོ་བོ་དང༌། སྤྱི་གཙུག་དང༌། རྣ་བ་གཡས་པ་དང༌། རྒྱབ་དང༌། རྣ་བ་གཡོན་པ་དང༌། སྨིན་མཚམས་དང༌། མིག་གཉིས་དང༌། དཔུང་པ་དག་དང༌། མཆན་ཁུང་དག་དང༌། ནུ་མ་གཉིས་དང༌། ལྟེ་བ་དང༌། སྣ་རྩེ་དང༌། ཁ་དང༌། ལྐོག་མ་དང༌། སྙིང་ག་དང༌། འདོམས་པར་དང༌། མཚན་མ་དང༌། བཤང་ལམ་དང༌། བརླའི་ཕྱོགས་དང༌། བྱིན་པ་གཉིས་དང༌། སོར་མོ་རྣམས་དང༌། རྐང་པའི་བོལ་དང༌། མཐེ་བོ་དག་དང༌། པུས་མོ་དག་ཏུ་བལྟའོ། །འདིར་དངོས་སུ་ས་བཅུ་ཁོ་ན་བསྟན་པ་ནི། འཕགས་པའི་ས་དངོས་ས་བཅུ་པོ་རྣམས་ཡིན་པ་དང༌། གསང་རིམ་གྱི་ས་དངོས་ཀྱང་ས་བཅུར་འདོད་དེ། སྡོམ་པ་ཉུང་ངུའི་རྒྱུད་ལས་ཀྱང༌། ཕ་རོལ་ཕྱིན་བཅུའི་ས་རྣམས་ནི། །ཞེས་བཅུ་ཁོ་ན་གསུངས་པའི་དབང་དུ་བྱས་པའོ། །འོན་ཀྱང་མཐུད་གཅོད། ཉེ་བའི་མཐུང་གཅོད་གཉིས་པོ་ཡང༌། ས་བཅུ་པོའི་རྒྱུ་དང་འབྲས་བུར་གནས་པའི་ཕྱིར། ཞོར་བྱུང་དུ་བཤད་ན་གོ་བ་ཆེའོ། །དེ་ཡང་ཡེ་ཤེས་ཀྱི་རིམ་པའི་སྐབས། དུར་ཁྲོད་བརྒྱད་ཀྱི་དག་པ་བུ་ག་བརྒྱད་ཀྱི་རྩ་རྣམས་དག་པས་རྒྱུ་བྱས་ནས། གསང་རིམ་གྱི་ཐོག་མའི་སྐབས་སུམ་སྐོར་མ་སོགས་སྙིང་གའི་ནང་སྐོར་གྱི་རྩ་བཞི་ཐིག་ལེས་གང༌། ནོར་བུའི་རྩ་མདུད་བཞི་གྲོལ་བའང༌། བྱང་སེམས་གཉིས་ཀྱིས་གང་བས། །མཐུང་གཅོད་དམ་


TNT08_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་མིང་བྱེ་བྲག་ལ་བཏགས་ཏེ་མོས་པས་སྤྱོད་པའི་སའོ། །དེ་བཞིན་དུ་རྡོ་རྗེའི་སྐེད་པའི་རྩ་མདུད་བཞི་གྲོལ། མི་ཕྱེད་མ་ལ་ཆོ་ག་བཞི་ཏེ། དེ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་གང་བས། གནས་དང༌། རབ་ཏུ་དགའ་བའི་སའོ། གསང་གནས་ཀྱི་བཞི་དང་ཐུང་ངུ་མ་སོགས་བཞི་སྦྱར་ཏེ། ཉེ་གནས་དང་དྲི་མ་མེད་པའི་སའོ། །ལྟེ་བའི་གཉིས་དང་སྐྱོན་མ་སོགས་གཉིས་སྦྱར་ཏེ། ཞིང་དང་འོད་བྱེད་པའི་སའོ། །ཡང་ལྟེ་བའི་གཉིས་དང་མ་མོ་སོགས་གཉིས་སྦྱར་ཏེ། ཉེ་བའི་ཞིང་དང་འོད་འཕྲོ་བའོ། །སྙིང་གའི་གཉིས་དང་བསིལ་སྦྱིན་མ་སོགས་སྦྱར་ཏེ་ཚན་དོ་དང༌། སྦྱངས་དཀའ་བའི་སའོ། །སླར་ཡང་སྙིང་གའི་གཉིས་དང༌། གཞོལ་མ་སོགས་སྦྱར་ཏེ་ཉེ་བའི་ཚན་དོ་དང༌། མངོན་དུ་གྱུར་པའི་སའོ། །མགྲིན་པའི་གཉིས་དང༌། ཤིན་ཏུ་གཟུགས་ཅན་མ་སོགས་སྦྱར་ཏེ་འདུ་བ་དང༌། རིང་དུ་སོང་བའི་སའོ། །སླར་ཡང་མགྲིན་པའི་གཉིས་དང༌། རྒྱུ་ཅན་མ་སོགས་སྦྱར་ཏེ། ཉེ་འདུ་དང་མི་གཡོ་བའི་སའོ། །དཔྲལ་བའི་གཉིས་དང༌། སྡུག་གུ་མ་སོགས་སྦྱར་ཏེ། དུར་ཁྲོད་དང་ལེགས་པའི་བློ་གྲོས་ཀྱི་སའོ། །ཡང་དཔྲལ་བའི་གཉིས་དང༌། འཚེད་མ་སོགས་གཉིས་སྦྱར་ཏེ་ཉེ་བའི་དུར་ཁྲོད་དང༌། ཆོས་ཀྱི་སྤྲིན་གྱི་སའོ། །ཐམས་ཅད་ཀྱི་མཐར་གཙུག་ཏོར་གྱི་རྩ་མདུད་བཞི་གྲོལ་ཞིང་ཐིག་ལེས་གང༌། རོ་རྐྱང་དབུ་མ་མདུད་འབྲལ་བཞི་དང༌། སྙིང་གའི་ཕྱི་སྐོར་གྱི་རྩ་བརྒྱད་བུ་ག་


TNT08_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་བཅས་པ་ཡང༌། སྔར་ནས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་རྒྱུན། སྐབས་འདིར་གང་བ་མཐར་ཐུག་པ་དུས་མཉམ་པར་འགྱུར་ཏེ། ཉེ་བའི་མཐུང་གཅོད་དམ། སངས་རྒྱས་ཀྱི་སའི་མིང་ཅན་དུ་འགྱུར་ཏེ། དངོས་སུ་ན་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དེའི་རྗེས་ལ་ཐོབ་པའི་ཟུང་འཇུག་གི་སྐུ་དང་པོའོ། དེའི་རྗེས་སུ་ལམ་གྱི་ཡེ་ཤེས་ལས་བྱུང་བའི་སྣང་བ་ཙམ་གྱིའམ། བག་ཆགས་ཀྱི་རང་བཞིན་རྩ་མདུད་ལ་སོགས་པ་དག་ཅིང༌། ཡེ་ཤེས་ཀྱི་ཐིག་ལེ་དངོས་ཀྱིས་གང་བས། འཕགས་པའི་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་གོང་དུ་བཤད་པའི་རིམ་པ་དང་མཚུངས་པ་ཐོབ་པར་འགྱུར་ལ། མཐར་ས་བཅུ་རྒྱུན་མཐའི་སྦྱོར་བ་འཐུང་གཅོད་དང༌། རྒྱུན་མཐའ་བར་ཆད་མེད་ལམ་ཉིད། ཉེ་བའི་མཐུང་གཅོད་དང༌། འདི་ནི་སློབ་ལམ་ཉིད་ལ་ས་བཅུ་གཉིས་བྱེད་པའི་ལུགས་ཡིན་ལ།འདི་ལྟར་ན་རྫོགས་པའི་སངས་རྒྱས་ཀྱི་ས་ནི་ཉེ་བའི་འཐུང་གཅོད་དུ་མི་འཇོག་པར་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་བྱའོ། །ཡང་ན་གོང་དུ་བསྟན་པའི་གསང་རིམ་གྱི་ས་ཐམས་ཅད་གཅིག་ཏུ་སྡོམས་ནས་མཐུང་གཅོད་དང༌། རྒྱུན་མཐའ་ལ་སོགས་པའི་དབྱེ་བ་མི་བྱེད་པར། འཕགས་ལམ་ཀྱི་ས་བཅུ་ཉིད་གནས་ལ་སོགས་པ་བཅུ་དང༌། ཉེ་བའི་མཐུང་གཅོད་ནི། འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ས་ཉིད་ལ་འཇོག་ཏེ། ས་ཐམས་ཅད་ས་བཅུ་གཉིས་སུ་བསྡུ་བའི་ལུགས་སོ། །


TNT08_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་བཞིའི་དབྱེ་བས་ཐ་དད་དེ། ཞེས་པ་ནི་གནས་སོགས་བཅུ་པོ་དེ་དག་ནང་ཚན་ཉི་ཤུ་རྩ་བཞིར་དབྱེ་ཞེས་པའི་དོན་དང༌། འདིར་རིམ་པ་ཇི་ལྟ་བར་ཞེས་པ་ནི། པུལླི་ར་མ་ལ་ཡ་ནས། ཀུ་ལུ་ཏའི་བར་ལ། རེ་རེ་ཞིང་མགོ་བོ་ནས། པུས་མོའི་བར། ཕྱི་ནང་དག་པ་གཅིག་ཏུ་སྦྱོར་རོ་ཞེས་པ་སྟེ། དེ་ལ་གནས་ཀྱི་སའམ་རབ་ཏུ་དགའ་བ་ལ་དབྱེ་ན། ཡུལ་ལམ་སྤྱོད་ཡུལ་བཞིར་འགྱུར་ཏེ། མི་ཕྱེད་མ་སོགས་རྩ་རེ་ཐིག་ལེས་གང་བ་དང༌། རྩ་མདུད་རེ་གྲོལ་བ་དུས་མཉམ་པར་སྦྱར་ཏེ། གནས་ཀྱི་རྩ་བཞི་པོ་རྣམས་དུས་གཅིག་ཁོ་ནར་གང་བ་མ་ཡིན་པར། སྔ་ཕྱི་རིམ་ཅན་དུ་གང་བར་འགྱུར་བའི་ཕྱིར། ནང་ཚན་སའི་རིམ་པ་བཞིར་འགྱུར་བ་ལ་སོགས་པ་སྔར་གྱི་རིམ་པའི་འགྲེས་པས། སའམ་ཡུལ་ཆེན་ཉི་ཤུ་རྩ་བཞིར་འགྱུར་རོ། །འདིར་ཡུལ་ཆེན་ཞེས་པ་ཕྱིའི་ཡུལ་ཁོ་ན་ལ་མི་གཟུང་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཡུལ་ཆེན་ཞེས་པ་སའི་དབྱེ་བ་ཕྲ་མོ་རྣམས་ལའང་འཇུག་གོ །སྤྱི་བོ་ལ་སོགས་པའི་གནས་ཉེར་བཞི་སྨོས་པ་ནི། མི་ཕྱེད་མ་ལ་སོགས་པ་རྩ་ཉེར་བཞི་དག་ཚུལ་གོང་དུ་སྨོས་པ་ལྟར་ཡིན་ལ། ཕྱི་རོལ་གྱི་ཉེར་བཞི་སྨོས་པའི་དགོས་པ་ནི། གསང་རིམ་ཀྱི་ས་བཅུ་ལ། འཛམ་བུ་གླིང་གི་ཡུལ་ཆེན་ཉེར་བཞི་རྣམས་སུ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས། གནས་སོ་སོའི་དཔའ་བོ་དང་རྣལ་འབྱོར་མའི་འདུ་བ་ཐོབ་པ་ན། ནང་གི་རྩ་ཁམས་དེ་རྣམས་དག་དེ་ས་དེ་དང་དེ་རྣམས་ཐོབ་པར་


TNT08_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའམ། ཞིང་དུ་མི་རྒྱུ་བར་གནས་གཅིག་ཏུ་སྡོད་པ་ཡིན་ན། ནང་གི་རྩ་ཁམས་དེ་དང་དེ་རྣམས་དག་པར་ཉེ་བ་ན། གནས་སོ་སོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁང་ཁྱིམ་ཉིད་དུ་ཐོབ་པར་འགྱུར་ཞིང༌། སྒྲུབ་པ་པོ་གང་དུ་གནས་པའི་ས་དེ་ཉིད། གནས་དེ་དང་དེར་བྱིན་གྱིས་རློབས་པ་ཡིན་ཏེ། རྒྱུད་དེ་ལས་རྩ་དེ་དག་ཤིན་ཏུ་རྣམ་པར་འགྱུར་རོ། །འཕགས་པའི་ས་བཅུ་ལ་ནི༌། ཁྱིམ་དུ་འདུག་པ་དང༌། ཞིང་དུ་རྒྱུ་བ་ཞེས་བྱ་བའི་དབྱེ་བ་མི་དགོས་ཏེ། འོན་ཀྱང་དེའི་དོད་དུ་ཞིང་ཁམས་གཅིག་ཏུ་རྒྱུ་བ་དང༌། སྣ་ཚོགས་སུ་རྒྱུ་བ་ཞེས་ཐ་སྙད་ཙམ་བྱེད་ལ། གང་ལྟར་ཡང་དག་པའི་ཞིང་དུ་གཏོགས་པའི་ཡུལ་ཉི་ཤུ་རྩ་བཞིར་སྤྱོད་པ་ཞེས་བྱའོ། །ནང་ཚན་རྒྱས་པར་ཕྱེ་བའི་སྐབས་འདིར་ཡང༌། མོས་སྤྱོད་ཀྱི་ས་ལ་རྩ་བཞི་དག་པའི་ས་བཞི། ཉེ་བའི་མཐུང་སྤྱོད་རྩའི་གཙོ་མོ་བཞི་དག་པའི་ས་བཞི་སྟེ་བརྒྱད་པོ་དག །སྔར་གྱི་ཉེར་བཞི་དང་སྡོམ་པས། ཡུལ་ཆེན་པོ་གཉིས་ཀྱི་སར་བྱས་ན། དགྱེས་རྡོར་ལ་སོགས་པ་རྒྱུད་འགའ་ཞིག་གི་ཕུགས་ཀྱི་དགོངས་པར་འགྱུར་ལ། །འཐུང་གཅོད་ལ་བུ་ག་བརྒྱད་ཀྱི་རྩའི་དབྱེ་བའི་ས་བརྒྱད། ཉེ་བའི་མཐུང་གཅོད་ལ། རྩའི་གཙོ་མོ་བཞི་གཅིག་ཏུ་སྡོམ་པ་དང༌། སྙིང་གའི་ནང་སྐོར་གྱི་རྩ་བཞིའི་དབྱེ་བས། ས་ལྔར་ཕྱེ་ནས་སུམ་ཅུ་རྩ་བདུན་དུ་བྱེད་པ་འཁོར་ལོ་སྡོམ་པའི་དགོངས་པ་ཡིན་ནོ། །དེ་ལ་བུ་ག་བརྒྱད་དང༌། སྙིང་ཁའི་ཕྱི་ནང་གི་རྩ་བརྒྱད་བརྒྱད་དང༌། རྩའི་གཙོ་མོ་


TNT08_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་རྣམས་ནི། ཀུན་དུ་ཁྱབ་པའི་རྩ་ཞེས་བྱ་ཏེ། རྩ་ཉི་ཤུ་རྩ་བཞི་རྣམས་དག་པའི་མགོ་མ་ཚུགས་པ་ནས་ཀྱང་དེ་དག་གི་དག་ཚུལ་ཡོད་ལ། ཉེར་བཞི་དག་པ་དང་ལྷན་ཅིག་ཏུ་ཡང་དེའི་དག་ཚུལ་འཇུག་ཅིང༌། ཉེར་བཞི་པོ་ཡོངས་རྫོགས་དག་པའི་རྗེས་སུ་ཡང༌། འདི་རྣམས་ཀྱི་དག་པ་མཐར་ཕྱིན་རྒྱུ་སླར་ཡང་ཡོད་པས། མཐུང་གཅོད་དང་ཉེ་བའི་མཐུང་གཅོད་ཀྱི་རྩ་དག་ཚུལ་ལ། མ་ངེས་པ་ཅི་རིགས་པར་འབྱུང་ཡང་མི་འགལ་ལོ། །འདི་ཡང་རྩ་འཁོར་ལོ་བཞི་བྱང་ཆུབ་ཀྱི་སེམས་ཀྱི་གང་བ་སོགས་སྟོན་པའི་ཕྱིར། འཁོར་ལོ་བཞི་དང་འབྲེལ་བའི་སྡེ་ཚན་ནོ། །གཉིས་མཐར་ཐུག་གི་འབྲས་བུ་ལ། དཀྱིལ་འཁོར་གསུམ་ནི། སྐུའི་དཀྱིལ་འཁོར་དང༌། གསུང་གི་དཀྱིལ་འཁོར་དང༌། ཐུགས་ཀྱི་དཀྱིལ་འཁོར་རོ། དེ་ལ་ཡང་དག་པའི་ཡེ་ཤེས་ཀྱི་རྩ་ནི་སྐུའི་དཀྱིལ་འཁོར་དང༌། ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ནི་གསུང་གི་དཀྱིལ་འཁོར་དང༌། དོན་དམ་པའི་བདེ་ཆེན་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན་པ་ལས། དེ་རྣམས་ཉིད་ལ་གསེར་དང་གཡའ་ལྟར་ལུས་རྩའི་དྲ་བ་དང༌། ངག་ཡི་གེ་ཐིག་ལེ་དང༌། སེམས་འགྱུར་བཅས་ཀྱི་བདེ་བ་རྣམས་བྱུང་ཏེ། འོན་ཀྱང་དེ་རྣམས་ཉིད་ལ་གནད་དུ་བསྣུན་པས། ལམ་གྱི་ཡེ་ཤེས་སྐྱེས་པ་ན། དྲི་མ་དེ་དག་རིམ་གྱི་སྦྱོང་བ་ནི་ཤིང་ལས་བྱུང་བའི་མེའི་ཤིང་ཉིད་ཚིག་པར་བྱེད་པ་བཞིན་ནོ། །དེ་སྦྱངས་པས་གདོད་མའི་དཀྱིལ་འཁོར་གསུམ་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པ། ས་འོག་གི་གཏེར་


TNT08_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱེ་བ་བཞིན་མངོན་དུ་གྱུར་པ་ནི། སྐྱེས་བུ་དེའི་གནས་སྐབས་དེ་ལ་ལྟོས་ནས། དག་པ་གཉིས་ལྡན་འབྲས་བུ་མཐར་ཐུག་ཅེས་བརྗོད་དོ། །དེ་ལ་སྐུའི་དཀྱིལ་འཁོར་ནི་གཡོན་རྐྱང་མ་དང༌། གསུང་གི་དཀྱིལ་འཁོར་ནི་གཡས་རོ་མ་དང༌། ཐུགས་ཀྱི་དཀྱིལ་འཁོར་ནི་དབུས་དབུ་མ་དང་ཆོས་ཆོས་ཉིད་ཀྱི་འབྲེལ་བ་ཅན་ཡིན་པས། རྩ་གསུམ་རྣམ་པར་དག་པ་ལས་དེ་དག་མངོན་དུ་གྱུར་པའང་ཡིན་ནོ། །སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །དེ་ལ་ཆོས་ཀྱི་སྐུ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་གཅིག་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་སྲོག་ཏུ་སོང་བས། རང་གི་ངོ་བོ་རང་རིག་པའི་ཚུལ་གྱིས་རྟོགས་ཤིང༌། ཤུགས་ལ་ཀུན་རྫོབ་ཇི་སྙེད་པ་མཁྱེན་པ་ཡང་དེ་ཡིན་ལ། ལོངས་སྤྱོད་རྫོགས་པ་ནི་གཉིས་སྣང་མེད་བཞིན་དུ། རང་སྣང་གི་ཡེ་ཤེས་གཅིག་ཉིད། སྐུ་དང་ཞིང་ཁམས་དང་མཆོད་པ་ལ་སོགས་པ་མཐའ་ཡས་པར་ཤར་བ་དང༌། གསུང་ཆོས་ཀྱི་སྒྲ་དབྱངས་རྣམ་པ་ཐམས་ཅད་དུ་ཁྱབ་པ་དེ་ཡིན་ཞིང༌། སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པ་དེའི་གྲིབ་མའམ། གཟུགས་བརྙན་ལྟ་བུར་གྱུར་པ། སེམས་ཅན་གང་ལ་གང་འདུལ་དུ་སྐུ་དང་གསུང་གི་སྣང་བ་མཐའ་ཡས་པ་འཇུག་ཅིང༌། ཕན་པ་དང་བདེ་བ་དཔག་ཏུ་མེད་པའི་འཕྲིན་ལས་ཅན་དེ་ལ་ནི་སྤྲུལ་པ་ཞེས་བྱ་ཞིང༌། དེའི་རྒྱུ་སྤྲུལ་པ་སྟོན་པ་པོ་དམིགས་པ་མེད་པའི་སྙིང་རྗེ་མཁའ་ཁྱབ་དེ་ནི་སྤྲུལ་པའི་སྐུའོ། །སྐུ་གསུམ་པོ་དེ་ཡང་གདོད་མའི་ཆོས་ཉིད་ཡིན་མོད་ཀྱི།


TNT08_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ལུས་ངག་ཡིད་གསུམ་དང༌། དེའི་རྩ་བ་དཀར་དམར་རླུང་གསུམ་དང༌། ཡང་ན་སེམས་སེམས་བྱུང་གི་བསྡུས་པའི་ཀུན་རྟོག་དང༌། ལུས་ངག་གནས་གསུམ་གྱི་སྣང་བ་དང༌། བྱ་བྱེད་ལས་གསུམ་ལོངས་སྤྱོད་བཅས་པ་སྟེ། མདོར་ན་དྲི་མ་གློ་བུར་བ་དེ་དག་གི་སྒྲིབས་པ་ལས། རྡོ་རྗེ་རྣམ་གསུམ་དབྱེར་མི་ཕྱེད་པ་ལམ་དུ་བྱས་ཤིང་སྒོམས་པས། དྲི་མ་དེ་བྲལ་བ་ན། འབྲས་བུ་མཐར་ཐུག་དག་པ་གཉིས་ལྡན་གྱི་སྐུ་ཞེས་གནས་སྐབས་དེ་ལ་ལྟོས་ཏེ་བཞག་གོ །རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ལམ་ཡང་ཇི་ལྟ་བུ་ཞེ་ན། འདིར་བརྗོད་པར་བྱ་རྒྱུ་ཤིན་ཏུ་མང་མོད་ཀྱི། སྟོང་པ་དང༌། བདེ་བ་དང༌། གསལ་བའི་ཡེ་ཤེས་གསུམ་ལ་འཆད་ཅིང༌། དེ་ཉིད་ལམ་གྱི་སྐུ་གསུམ་དུ་ཡང་འདོད་དོ། །འོན་ཀྱང་སྟོང་བདེ་གསལ་གསུམ་གྱི་ཏིང་ངེ་འཛིན་ཡིན་པ་ཙམ་གྱིས་དེར་མི་འགྱུར་ལ། དེ་རྣམས་ཉིད་བདེན་བཞིའི་རྣམ་པ་ཅན་ཙམ་མམ། སྤྲོས་བྲལ་གྱི་རྣམ་པ་ཅན་ཙམ་དང༌། སྙིང་རྗེའི་རྣམ་པར་ཤར་ཙམ་གྱིས་ཀྱང་དེར་མི་འགྱུར་རོ། །འོ་ན་ཅིའི་ཞེ་ན། སྤྲོས་བྲལ་གྱི་རྣམ་པ་ཅན་གདངས་སྙིང་རྗེར་འཆར་བ་གཞིར་བཞག་པ་ལ། རྐྱེན་གཏུམ་མོ་འབར་བ་ལས་བྱུང་ཞིང༌། ངོ་བོ་རང་རིག་བདེ་བའི་མཚན་ཉིད་ཅན་གྱི། སྟོང་པའི་ཡེ་ཤེས་ནི་ཆོས་སྐུ་དང༌། རྐྱེན་དབུ་མར་འབབ་པའི་ཞུ་བདེ་དང༌། ངོ་བོ་མི་འགྱུར་བའི་མཚན་ཉིད་ཅན་གྱི་བདེ་བ་དང༌། རྐྱེན་རླུང་འགགས་པ་ལས་བྱུང་ཞིང༌། ངོ་བོ་རང་སེམས་ཀྱི་གཟུགས་བརྙན་རྣམ་པ་ཐམས་ཅད་པར་ཤར་བའི་མཚན་ཉིད་ཅན་


TNT08_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གསལ་བ་རྣམས། རིམ་པས་ལམ་དུས་ཀྱི་ཆོས་ལོངས་སྤྲུལ་གསུམ་མོ། །ཡང་འགའ་ཞིག་རླུང་འགགས་པའི་སྟོང་པ་དང༌། ཐིག་ལེའི་བདེ་བ་དང༌། གཏུམ་མོའི་གསལ་བ་ཞེས་འཆད་ན། དེའི་གོ་དོན་སྔགས་རིམ་སོགས་རིམ་པ་གསུམ་ལ་ངོས་འཛིན་པར་བྱེད་ན་ནི། འགལ་བ་མེད་པར་འགྱུར་མོད། ཚིག་མི་གསལ་བ་ལས་ནི་དོན་གྱི་རྣམ་པ་ཡང་མི་གསལ་ལོ། །དེས་ན་སྟོང་པའི་སྐབས་ཀྱི་རླུང་འགགས་པ་དང༌། མཉམ་བཞག་ཏུ་རོ་རྐྱང་གི་རྒྱུ་བ་འགགས་པ་དང༌། གཏུམ་མོ་འབར་བ་ཡང་རགས་པའི་གཏུམ་མོར་བྱས་ལ་གསལ་བའི་སྐབས་ཀྱི་རླུང་འགགས་པ་ནི་ལས་རླུང་རྩ་བ་ནས་འགགས་པ་དང༌། གཏུམ་མོ་འབར་བ་ཡང་ཡེ་ཤེས་ཀྱི་གཏུམ་མོ་ཕུང་ཁམས་དག་པར་བྱེད་པ་ལ་ངོས་བཟུང་ན་མི་འགལ་བར་འགྱུར་རོ། །སྤྱིར་ཡང་སྤྲོས་བྲལ་གྱི་སྟོང་པ་དང༌། ཁྱད་པར་ཅན་གྱི་ཞུ་བདེ་འཛག་མེད་དང༌། རྣམ་པ་ཐམས་ཅད་པའི་གསལ་སྣང་རྣམས་ལམ་གྱི་སྐུ་གསུམ་ཙམ་དུ་ནི་ངེས་པར་འགྱུར་མོད། དཔྱིད་ཐིག་དང་ཁ་སྦྱོར་ལས་གསུངས་པའི། སྐུ་གསུམ་ཀྱི་ལམ་ཐུན་མོང་མ་ཡིན་པའི་རྣམ་གཞག་དེ་ནི། སྔར་སྨོས་པ་དེ་ཡིན་ནོ། ད་ལྟར་ན་ཆོས་སྐུ་དབུ་མ་དང༌། ལོངས་སྐུ་རོ་མ་དང༌། སྤྲུལ་སྐུ་རྐྱང་མ་རྣམས་ལ་ཆོས་ཉིད་ཀྱི་འབྲེལ་བ་ཅན་ཡིན་ནོ། །འབྲས་བུ་སྐབས་འདི་དག་ཏུ། ཡེ་ཤེས་ལྔ་དང་རིགས་ལྔ་ལ་སོགས་པ་སྔར་བཤད་པ་དེ་དག་གི་ནང་ནས་གཞི་འབྲས་ཀྱི་ཕྱོགས་བསྟན་པ་རྣམས་བླངས་ཏེ་ཁ་བསྐང་ཡང་རུང་ངོ༌། །དེ་ལྟར་ན་གཞུང་དེ་རྣམས་ནི་ལམ་རིམ་པ་བཞིའི་ནང་ཚན་གཅིག་ཁོ་ན་སྟོན་


TNT08_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་དུ་མ་ཡིན་ཏེ། །རྒྱུད་ཀྱི་དངོས་པོ་ཞེས་བྱ་བ། གཞི་ལམ་འབྲས་བུའི་བཞུགས་ཚུལ་སྤྱི་དང༌། ཁྱད་པར་ཆོས་ཐམས་ཅད་རང་ཉིད་ལ་གནས་པར་བསྟན་པའོ། །ཅིའི་ཕྱིར་རྒྱུད་ཅེས་བྱ་བ། ཐབས་ཀྱི་རྒྱུད་ལྟར་ཕན་ཚུན་འབྲེལ་བ་སྟེ། ཕྱིའི་དངོས་པོ་ཐམས་ཅད་ནང་གི་ལུས་ཀྱི་སྣང་བ་ལས་བྱུང་ལ། དེ་ཡང་སེམས་ཀྱི་བག་ཆགས་ལ་བརྟེན་ཞིང༌། བག་ཆགས་ཀྱང་ཆོས་ཉིད་ལ་བརྟེན་ནོ། །ཡང་སེམས་ལས་ལུས་འགྲུབ། ལུས་ལས་ཕྱི་རོལ་གྱི་སྣང་བ་ཤར། ལུས་དང་ཕྱི་རོལ་གྱི་སྣང་བ་གཉིས་ལས་ནི་སེམས་ལ་བག་ཆགས་བགོ་བར་བྱེད་ཅིང༌། ཕྱི་ལ་ཡང་བག་ཆགས་ཀྱི་ཁྱབ་པ་དང༌། ཆོས་ཉིད་ལ་ཡང་བག་ཆགས་སྒྲིབ་པའི་ཚུལ་གྱིས་འབྲེལ་བ་དང༌། ཆོས་ཉིད་ནི་ཕྱི་ནང་སེམས་གསུམ་ལ་ཁྱབ་ཅིང༌། དེ་གསུམ་ཡང་ཆོས་ཉིད་ལ་བརྟེན་ཞིང་གཡོགས་པ་དང༌། ཕྱི་འགྱུར་བའི་ནང་འགྱུར་ཞིང༌། ནང་འགྱུར་བའི་ཀྱང་དེ་འགྱུར་བ་དང༌། བག་ཆགས་འགྱུར་བས་ཕྱི་ནང་འགྱུར་ཞིང༌། ཕྱི་ནང་འགྱུར་བས་ཀྱང་བག་ཆགས་གསོས་འདེབས་ཏེ། དེའི་ཕྱིར་འབྲེལ་བ་ཅན་ནོ། །དེས་ན་གཞུང་འདི་འཆད་པའི་བོད་ཕལ་ཆེར་རྒྱུད་རིམ་ཐོས་བསམ་གྱི་གཏན་ལ་ཕབ་ཅེས་འཆད་ཀྱང་མི་ལེགས་པས། རྒྱུད་ཀྱི་དངོས་པོ་ཐོས་བསམ་གྱི་གཏན་ལ་ཕབ་ཅེས་བརྗོད་ན། ལེགས་པར་འགྱུར་རོ། །ཡང་འདི་སྙམ་དུ། སྡེ་ཚན་འདི་རྣམས་ཀྱི་གོ་རིམ། གཞུང་གི་བཞུགས་ཚུལ་དང་མི་མཐུན་པར་སྒྱུར་དགོས་ན། སློབ་དཔོན་མེད་པར་རང་གར་འཇུག་པ་དགག་པའི་དོན་དུ་དཀྲུགས་པ་


TNT08_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ་ཞེ་ན། མ་ཡིན་ཏེ། རྒྱུད་ལ་ནི་དེ་ལྟར་སྲིད་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་ལ་ནི་མི་མཛེས་པས་སོ། །འོ་ན་ཅི་ཞེ་ན། འདིར་གོང་དུ་བཤད་པའི་ཚུལ་འདི་ནི་མངོན་རྟོགས་ཀྱི་རིམ་པར་སྡེབས་པ་ཡིན་ལ་གཞུང་གི་དངོས་བསྟན་ནི་ཚིག་གི་འབྲེལ་རྩིས་པ་ལས་དེ་ལྟར་བྱུང་ངོ༌། །ཇི་ལྟར་ཞེ་ན་འགྲོ་བ་དང་འོང་བ་ཞེས་པ་ལ། དེ་ནི་རླུང་རྒྱུ་བའི་ཚུལ་ཡིན་པས་དེ་དང་འབྲེལ་བར་སྦྱོར་གཞི་སོགས་བསྟན་པ་དང༌། ལས་རྒྱལ་པོ་མཆོག་ལས་འཕྲོས་ནས་ལས་གསུམ་དང་གོང་གི་བཞི་ཚན་ལས་འཕྲོས་ནས། ཡན་ལག་བཞི་ནས་དེ་ཉིད་བཞིའི་བར་དང༌། དཀྱིལ་འཁོར་གྱི་དེ་ཉིད་ལས་འཕྲོས་ནས་དཀྱིལ་འཁོར་གསུམ་དང༌། ཡེ་ཤེས་ལས་འཕྲོས་ནས་ཤེས་རབ་གཉིས་དང༌། མྱང་འདས་ལས་འཕྲོས་ནས་སྐུ་གསུམ་དང༌། དེ་ཉིད་ལས་འཕྲོས་ནས་དེ་བཞིན་བཤེགས་པ་ལྔ་ལ་སོགས་པ་དང༌། སྔགས་ལས་འཕྲོས་ནས་ཆུ་ཚོད་ལ་སོགས་པ་དང༌། ཡུལ་ཉེར་བཞི་ལས་འཕྲོས་ནས་ཀུན་སྤྱོད་དོན་གཉིས་ལ་སོགས་པ། མིང་དང་དོན་མཐུན་རུང་ལས་འཕྲོས་པ་ཤས་ཆེའོ། །གཉིས་པ་དེ་ལ་གནད་དུ་བསྣུན་པའི་ཐབས་རིམ་བཞི་འབྲས་བུ་དང་བཅས་པ་སྟོན་པ་ལ། མར་དོལ་སོགས་གོང་མ་རྣམས་བདེ་བ་སྔོན་དུ་སོང་ནས། སྟོང་ཉིད་སྒོམ་པ་དབང་གི་ཡེ་ཤེས་ཀྱི་ལམ་འཁྲིད་པ། ལས་རྒྱ་ལམ་རྫོགས་ལྟ་བུ་དང༌། རླུང་བཀག་པ་ལ་བརྟེན་ནས་སྟོང་པས་བདེ་འདྲེན་པ། སྟོང་པ་སྔོན་སོང་གི་བདེ་བ་སྒོམ་པ། གཏུམ་མོ་ལམ་སློངས་ལྟ་བུ་ཞེས་འཆད་


TNT08_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང༌། ངེས་པ་མེད་ལ། ལས་ཀྱི་རྡོ་རྗེས་རིམ་པ་དང་པོ། ལུས་དབེན་དང༌། ངག་དབེན་ཏེ་རྡོ་རྗེའི་བཟླས་པའི་རིམ་པ། གཉིས་པ་ངག་དབེན། གསུམ་པ་བདག་བྱིན་བརླབ་པ། བཞི་པ་འོད་གསལ། དེའི་འབྲས་བུ་ཟུང་འཇུག་གོ་ཞེས་འཆད་པ་ནི། དོན་ལ་ཤིན་ཏུ་གནས་པས་ལེགས་པར་བཤད་པ་ཡིན་ལ། དེ་ལྟར་ན་སྐབས་འདིར་འདི་སྐད་ཅེས་བྱ་སྟེ། རྒྱུད་ཀྱི་རིམ་པ་དང༌། སྔགས་ཀྱི་རིམ་པ་དང༌། ཡེ་ཤེས་ཀྱིས་རིམ་པ་དང༌། གསང་རིམ་འབྲས་བུ་དང་བཅས་པའོ། །དང་པོ་རྒྱུད་ཀྱི་རིམ་པ་བཤད་པ་ནི། འདི་རྣམས་ལས་གཙོ་བོ་ཇི་ལྟར་ཨོ་རྒྱན་དང༌། གནད་འབྱེད་པའི་སྒོ་ནས་རྡོ་རྗེ་མཁའ་འགྲོ་མ་བསྐུལ་ཞིང༌། ཛ་ལན་དྷ་རར་ནི། བདེ་བ་ཆེན་པོའི་ཡེ་ཤེས་དང་འདྲེས་ཏེ། ཕྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི། ཆོས་རྣམས་བསྡུད་པའོ། །དེ་ཉིད་ལ་དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང༌། བསམ་གཏན་དང༌། སྒོམ་བྱ་དང༌། གཟུངས་དང༌། རྡུལ་ཚོན་དབྱེ་བ་ལ་སོགས་པར་རྟོགས་པར་བྱའོ། །ཞེས་ཏེ་འདི་ལ་སྔ་རབས་མང་པོ་ཞིག་སྔར་བསྟན་པའི་ཀུན་སྤྱོད་ཀྱི་འཕྲོས་ཡིན་པར་འཆད་པ་ནི་ལེགས་པ་མ་ཡིན་ཏེ། ལམ་མ་བསྒོམས་པར་གཞི་དུས་ཀྱི་འཁོར་བའི་རླུང་རྒྱུ་བ་ལ། དེ་བཞིན་གཤེགས་པའི་ཆོས་བསྡུ་བ་དང༌། སྒོ་གཉིས་ཀྱིས་བསྐུལ་བ་དང་འབབ་པའི་དབྱེ་བ་སོགས་མི་བདེ་བའི་ཕྱིར་རོ། །དེས་ན་འདིས་ནི་རྒྱུད་རིམ་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་གསལ་བར་བསྟན་པ་སྟེ།


TNT08_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདིར་རྒྱུད་ཅེས་བྱ་བ་ནི། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས། རང་བཞིན་ཆོས་ཉིད་དང་བཅས་པའི་མིང་ཡིན་ལ། དེ་རྣམས་བཞུགས་ཚུལ་དང་རྗེས་སུ་མཐུན་པར། སྒོམ་པའི་རིམ་པ་ནི། རྒྱུད་ཀྱི་རྣལ་འབྱོར་ཡིན་ཞིང༌། རྩ་དབུ་མར་གཏུམ་མོ་འབར་བ་སོགས་རིམ་པ་གོང་མའི་ཡོན་ཏན་དང་མི་ལྡན་ཞིང་དེ་ཙམ་ཡིན་པ་ནི་རྒྱུད་ཀྱི་རིམ་པའོ། །འོན་ཀྱང་ལས་དང་པོ་པའི་ཞུགས་གནས་ཐིམ་ཚུལ་ཕྲ་མོ་དང༌། རྩ་གནས་གཞན་གྱི་འབར་འཛག་དང༌། དབུ་མ་ཉིད་ལ་ཡང་ཆ་ཤས་ཕྲ་མོ་རེག་པའི་དགའ་བཞི་ཙམ་ནི་ཡོད་དོ། །དེས་ན་འདི་ཡང་དམིགས་པ་གཅིག་ཏུ་མ་ངེས་ཏེ། རྩ་འཁོར་ལོ་མང་པོ་སྒོམ་པའམ། གནས་དང་ལྡན་པའི་འཁོར་ལོ་ཅིག་སྒོམ་པའམ། ཡི་གེའི་ཁྱད་པར་མང་པོའམ། ཡི་གེ་གང་ཡང་རུང་བ་ཅིག་སྒོམ་པའམ། ཐིག་ལེའི་འདུ་འཕྲོད་དང༌། ཐིག་ལེ་གནས་པ་དང༌། རླུང་དགང་དབྱུང་དང༌། བུམ་པ་ཅན་དང༌། རླུང་གི་ཁ་དོག་གམ་དབྱིབས་སྒོམ་པ་དང༌། ཁྱད་པར་ཅན་གྱི་རྣམ་པར་མི་རྟོག་པ་ཉིད་ལ་འཇོག་པ་ཡང་རུང་ཏེ། གཞིའི་གནས་ཐབས་དང་མཐུན་པ་ཞིག་བསྒོམས་པས་དེ་ལ་ཅུང་ཟད་གསལ་སྣང་ཐོབ་ཏེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཅིང༌། བདེ་སྟོང་གསལ་བའི་ཉམས་ཆ་ཕྲ་བ་ལ་སྦྱོར་བ་ནི། རིམ་པ་འདིའི་རྣལ་འབྱོར་ཡིན་ཏེ། ཨ་བ་དྷུ་ཏཱིར་གཏུམ་མོ་གསལ་བར་སྤོར་ནུས་པ་མ་ཡིན་པའི་རྫོགས་རིམ་གྱི་རྣལ་འབྱོར་ལས་དང་པོ་པའི་ས་ལ་གནས་


TNT08_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དག རྒྱུད་ཀྱི་རིམ་པ་ཡིན་གྱི། དམིགས་པ་གཅིག་ཁོ་ན་ལ་རྒྱུད་རིམ་ཡིན་པར་འདོད་པ་ནི་མི་འཐད་ལ། རྩ་རླུང་ཐིག་ལེའི་བཞུགས་ཚུལ་ཙམ་རྒྱུད་རིམ་ཡིན་པར་འདོད་པ་ཡང་ཤིན་ཏུ་འཁྲུལ་ལོ། །དེས་ན་རིམ་བཞིར་གྲགས་པའི་འཁྲིད་ཚུལ་ལས་བྱུང་བའི་དམིགས་པ་འདི་རྣམས་ནི། སྡོམ་པ་རྩ་རྒྱུད་ཀྱི་མན་ངག་ལས་རྩམས་ནས། སློབ་དཔོན་ནག་པོ་སྤྱོད་པའི་གདམས་ངག་གཅིག་ནས་གཅིག་ཏུ་བརྒྱུད་དེ་ད་ལྟར་བརྙེད་པའི་དམིགས་པ་ནི་འདི་ཙམ་མོ་ཞེས་པ་ཡིན་གྱི། རྒྱུད་གང་ལ་བརྟེན་ཡང་རུང་སློབ་དཔོན་སུའི་མན་ངག་ཡིན་ཡང་རུང་ཏེ། རྒྱུད་རིམ་ལ་སོགས་པའི་མཚན་ཉིད་སོ་སོར་ཚང་བ་ཐམས་ཅད་དེ་དང་དེ་ཡིན་པས། རྫོགས་རིམ་མཐའ་དག་ལ་རིམ་པ་བཞིས་ཁྱབ་པ་ཡིན་ནོ། །འདི་ལ་ས་མཚམས་རྣམ་པར་བཞག་ན། ཚོགས་ཀྱི་ལམ་དུ་སྒོམ་པའི་རྫོགས་རིམ་ཐམས་ཅད་རྒྱུད་ཀྱི་རིམ་པའོ་ཞེས་བརྗོད་པར་བྱའོ། །འོ་ན་དམིགས་པ་དང་བཅས་པ་འདི་དག །གཞི་དངོས་པོའི་བཞུགས་ཚུལ་སྒོམ་པར་ཇི་ལྟར་འགྱུར་སྙམ་ན། རྟོག་པས་བཏག་པ་ཡིན་མོད་ཀྱང༌། དངོས་པོའི་བཞུགས་ཚུལ་དང་ཤིན་ཏུ་མཐུན་པར་སྒོམས་པ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །གཞུང་དོན་ལ་གཉིས་ཀྱི་དང་པོ་བྱེད་ལས་ཀྱི་མཚན་ཉིད་བསྟན་པ་ནི། འདི་རྣམས་ལས་ཞེས་པ་ནི། གོང་དུ་རྒྱས་པར་བསྟན་པའི་རྩ་གསུམ་འཁོར་ལོ་བཞི། ཡི་གེ་རླུང་དང་བཅས་པ། དེ་རྣམས་ཀྱི་ནང་ནས་ཇི་ལྟར་རིགས་པ་སྒོམས་པ་ལས། གཙོ་བོ་སྟེ་རྩ་དབུ་མ་ཇི་ལྟ་བར་རྩ་གཞན་རྩ་འདབ་བརྒྱ་ཉི་ཤུ་ལ་


TNT08_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཁོང་སྟོང་ནི་ཨོ་ཊི་ཡ་ན་སྟེ། རྩ་དེ་རྣམས་ཀྱི་གནད་འབྱེད་པའི་སྒོ་ཞེས་བྱ་བ་རྩ་མདུད་ཀྱི་སྒོ་རྣམས་ནས་རླུང་འཇུག་པས་དབུ་མ་ཅུང་ཟད་ཁ་དབྱེ་ཞིང༌། རྩའི་ཁོང་སྟོང་དེ་རྣམས་སུ། རྡོ་རྗེ་མཁའ་འགྲོ་མ་གཏུམ་མོ་བསྐུལ་བ་ལ་ཞུགས་པ་དེ། དབུ་མར་དངོས་སུ་འབར་བའམ་དངོས་ཀྱི་སྦྱོར་བ་ལ་རེག་པ་ནི་མ་ཡིན་པ་དང༌། ཛ་ལན་དྷ་ར་སྟཻ་ལྟེ་བ་ནས་ལྟེ་འོག་སོར་བཞིའི་བར་རོ། །དེ་ལྟར་ཡང་གྲུབ་ཆེན་དྲིལ་བུ་པའི་རིམ་ལྔ་ལས། ད་ནི་ཛ་ལན་དྷ་རའི་རིམ་པ་བརྗོད་པར་བྱ་ཏེ། ལྟེ་བ་ཆུ་སོའི་མཚམས་སུ་ནི། མདོག་ལྔར་ལྡན་པའི་ཐིག་ལེ་ནི། །སངས་རྒྱས་ལྔ་རྣམས་ཀྱིས་མཚོན་པ། །འཁོར་ལོ་གྲུ་གསུམ་དཀར་དམར་ནི། །ཞེས་དབུ་མའི་མས་སྣ་རྩ་མདུད་གྲུ་གསུམ་ལ་སོགས་པའི་གནས་དེ་ནི་ཛ་ལན་དྷ་རའི་གནས་ཞེས་བྱ་ཏེ། དེར་བདེ་བ་ཆེན་མོའི་ཡེ་ཤེས་དང་འདྲེས་པ་ནི། ཁམས་སུམ་ཅུ་རྩ་གཉིས་ཀྱི་དྭངས་མ། ཁམས་ལྔའི་སྡེ་ཚན་དུ་བཅད་ནས། རླུང་དང་ཁམས་རྣམས་རྩའི་མདུད་སྒོར་ཚོགས་པ་ཡིན་ཏེ། དེ་དག་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ནི། བདེ་བའི་བརྟེན་ཡིན་པ་ལ་དགོངས་པའོ། །དེ་ལྟར་འདུས་པ་དེའི་ཕྱིས་ནི་དེ་བཞིན་གཤེགས་པ་ཞེས་པའི་བརྟས། ཕུང་པོ་ལྔ་དང་འབྱུང་བ་ལྔ་དང༌། དབང་ཡུལ་རྣམས་ཀྱིས་རླུང་དང་བདུད་རྩི་ཐིག་ལེ་རྣམས་ཏེ། ཆོས་དེ་རྣམས་ཀྱང་མདུད་པའི་སྒོར་འདུ་ཞིང༌། དབུ་མའི་ནང་དུ་ཅུང་ཟད་འཇུག་པའོ། །ཕྱོགས་འདིར་བི་རུ་བའི་མན་ངག་ཏུ་


TNT08_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ལས། ཚོགས་ལམ་གྱི་སྐབས་སུ་ཁམས་རྣམས་དབུ་མའི་མདུད་སྒོར་འདུ་ཞིང་ཚོགས་པའོ། །ཞེས་འདོད་པ་ཡང༌། གནས་སྐབས་འདི་དང་མཐུན་རུང་ཡིན་ནོ། །དེ་ལྟར་ན་རྩའི་མདུད་སྒོ་ནས་རླུང་འཇུག་ཅིང༌། དབུ་མ་དང་རྩ་འདབ་རྣམས་ཀྱི་ཁོང་སྟོང་དུ། འཇུག་པ་དང༌། གནས་པ་དང༌། ཐིམ་པས་རིམ་པས་གཏུམ་མོ་བསྐུལ་བར་ནི་བྱེད་ལ། དབུ་མའི་ཁ་ཅུང་ཟད་བྱེ་ཞིང་རླུང་འདུས་པའི་བརྟེན་འབྲེལ་གྱིས། དང་པོ་སྤྱི་བོ་ལ་བརྟེན་པའི་ཁམས་སོ་གཉིས་ཀྱི་ཆ་ཤས་དང༌། ཕྱིས་སྙིང་མགྲིན་ལ་བརྟེན་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ་རླུང་དང་བཅས་པ་ཡང་ཅི་རིགས་པར་མདུད་སྒོར་འདུ་ཞིང་དབུ་མར་ཡང་ཅུང་ཟད་འཇུག་པ་ནི་ཡིན་ལ། རླུང་ཐིམ་ཚུལ་སྟོབས་ཆུངས་བས། ཚངས་པའི་མེ་ཡན་ཆད་གསལ་བར་འབར་མ་ནུས་པའི་གནས་སྐབས་ནི། རྒྱུད་རིམ་གྱི་མཚན་ཉིད་དོ་ཞེས་པ་ནི་གྲུབ་དོན་ནོ། །སྐབས་འདིར་ཐེ་ཚོམ་འདི་འབྱུང་ཏེ། ཐོག་མར་སྙིང་ག་ལ་སོགས་པ་རྩ་འཁོར་ལོ་གཞན་ལ་གནད་དུ་བསྣུན་པ་ལས། སོ་སོའི་གནས་དེ་དག་ཏུ་རླུང་འགག་ཅིང༌། ཁམས་འདུ་བ་འཐད་ཀྱི། དབུ་མའི་མས་སྣ་ཁོ་ནར་འདུའོ། །ཞེས་འཆད་པ་འདི་མི་བདེའོ། །སྙམ་ན་དམིགས་པའི་ཁྱད་པར་མི་འདྲ་བ་སྣ་ཚོགས་པས་ནི། ཐོག་མ་ཉིད་དུ་དེ་དང་དེར། ཉམས་ཀྱི་སྣེ་འདྲེན་པའི་ཚུལ་གྱིས། རླུང་ཐིམ་ཚུལ་དང༌། ཁམས་འདུ་ཚུལ་དང༌། ཉམས་མི་འདྲ་བ་སྣ་ཚོགས་


TNT08_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྲིད་ཀྱང༌། རྩ་རྣམས་ཕན་ཚུན་འབྲེལ་བའི་རྒྱུ་མཚན་གྱིས་གཅིག་ལ་གཅིག་ཕན་བཏགས་པའི་ཚུལ་དུ་མཐར་ཐམས་ཅད་མཚུངས་པར། དབུ་མའི་མས་སྣར་རླུང་འགག་ཅིང་ཁམས་འདུ་བ་ཡིན་པས། དེ་ལ་ཐོག་མ་ངེས་པར་དབུ་མའི་མས་སྣར་དམིགས་པ་གཏོད་དགོས་པ་ནི་མ་ཡིན་ནོ། །སྐབས་འདིའི་གནད་འབྱེད་པའི་སྒོ་ནས། ཛ་ལན་དྷ་ར་ཞེས་པ་སྨིན་མཚམས་དང༌། སྤྱི་གཙུག་ལ་འཆད་པ་མང་མོད་ཀྱི། དེ་ལྟར་ན་རྒྱུད་ཀྱི་རིམ་པའི་སྐབས་སུ། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་འབྱུང་བའི་སྐྱོན་དང༌། འོག་གི་ཡེ་ཤེས་རིམ་པ་དང་ཟློས་པའི་སྐྱོན་དུ་ཡང་འགྱུར་རོ། གཉིས་པ་རྒྱུད་རིམ་སྒོམ་པའི་མཚན་གཞི་ངོས་བཟུང་བ་ནི། མཚན་ཉིད་དེ་ལྟ་བུ་ལྡན་པ་ལས། སྒོམ་བྱ་དམིགས་པའི་ཁྱད་པར་ནི། རྩ་སྒོམ་པ་དང༌། ཡི་གེ་སྒོམ་པ་དང༌། ཐིག་ལེའི་གཟུགས་སྒོམ་པ་དང༌། རླུང་གི་མདོག་དབྱིབས་སྒོམ་པ་སོགས་དང༌། ལུས་ངག་ཡིད་གསུམ་གྱི་བྱེད་བཅིང་ཁྱད་པར་རྣམས་ནི་དཀྱིལ་འཁོར་དང༌། འབར་འཛག་ལ་སོགས་པའི་རྣམ་པ་སྒོམ་པ་ནི་སྦྱིན་སྲེག་དང༌། འོད་གསལ་བསྡུ་བ་སོགས་མཆོད་སྦྱིན་དང༌། མི་རྟོག་པ་བྱེད་བཅིང་གི་གནད་དང་ལྡན་པ་ལྟ་བུ་ནི་བསམ་གཏན་དང༌། ལྷའི་རྣམ་པ་སོགས་ནི་སྒོམ་པ་དང༌། རྡོར་བཟླས་དང་བུམ་པ་ཅན་སོགས་གཟུངས་སྔགས་དང༌། བཙན་ཐབས་ཀྱི་སྦྱོར་བས་འབྱུང་བ་ལྔའི་རླུང་དང༌། བདུད་རྩི་ལྔའི་དྭངས་མ་དགག་པ་སོགས། རྡུལ་ཚོན་དབྱེ་བ་སྟེ། དེ་དག་ལ་སོགས་པ་སྒོམ་བྱ་ཡིན་


TNT08_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པར་བྱའོ། །འོ་ན་འདིར་དཔྱིད་ཀྱི་ཐིག་ལེའི་བརྒྱད་པ་དང༌། དགུ་པ་ལས་བཤད་པ་ལྟར། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་དེ་དག་ཁོ་ན་འདིར་བསྟན་པའི་ཡིན་ནམ་སྙམ་ན། དཀྱིལ་འཁོར་ལ་སོགས་པ་ཆོས་དེ་དང་དེར་འཇོག་པའི་རྒྱུ་མཚན་གྱི་སྒོ་ནས་གནད་གཅིག་ཀྱང༌། སྟོན་ཚུལ་མི་གཅིག་ཏེ། དེར་བཤད་པ་ནི། སྔགས་རིམ་ཕན་ཆད་གྱི་ཡེ་ཤེས་ལ། དེ་དག་ཚང་ཚུལ་བཤད་པ་ཡིན་ཞིང༌། འདིར་ནི་ལས་དང་པོ་པའི་དམིགས་པའི་ཡུལ་སོ་སོ་ལ་དེ་དག་གི་མིང་བསྟན་པ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན། གཏུམ་མོ་དྷུ་ཏིར་འབར་བ་ནི་སྔགས་ཡིན་པས། དེ་སྒྲུབ་བྱེད་ཀྱི་ཐབས་ནི་རྒྱུད་དེ་རྒྱུད་ཀྱི་སྦྱོར་བའམ་ཆོ་གའོ། དེ་ལྟ་བུར་བྱ་བའི་རིམ་པ་ཡིན་པས་ན་ལམ་འདི་ནི་རྒྱུད་ཀྱི་རིམ་པའོ། །ཞེས་ངེས་པར་བྱ་སྟེ། གཞུང་ལས་རྒྱུད་ཀྱི་རིམ་པའོ། །ཞེས་པ་ནི་གཞུང་གི་ས་མཚམས་བཅད་པའོ།། ༈ །གཉིས་པ་སྔགས་ཀྱི་རིམ་པ་ནི། སྲུབ་བྱ་སྲུབ་བྱེད་ཡང་དག་པར་སྦྱོར་བས། ཡེ་ཤེས་ཀྱི་མེ་ལས་ཀྱི་རླུང་གིས་སྦར་ཏེ། ལྟེ་བའི་དཀྱིལ་འཁོར་དུ་དྲོ་བ་དང༌། དུ་བ་འཐུལ་བ་དང༌། འབར་བ་དང༌། གནས་པ་དང༌། གསལ་བ་དག་གིས། དམ་ཚིག་གི་འཁོར་ལོར་སོན་པ་དག་གི་དེ་བཞིན་གཤེགས་པ་རྣམས་སྲེགས་ནས་ལོངས་སྤྱོད་ཀྱི་འཁོར་ལོར་སོན་པའི་ཐབས་ལ། སྐོར་བ་ལན་གསུམ་བྱས་ཏེ། མཛོད་པུར་སོང་ནས་གནད་འབྱེད་པའི་སྒོ་ཨོ་རྒྱན་གྱི་མིང་ཅན་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་རྣམས་


TNT08_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་བསྡུས་པ་དང༌། སྤྱི་གཙུག་གི་བུ་ག་ནས་སོང་ནས། གསེར་གྱི་སྒོ་ཛཱ་ལན་དྷ་རའི་མིང་ཅན་ནས་ཞུགས་ཏེ། སྔ་མ་ལྟར་དམ་ཚིག་གི་འཁོར་ལོ་སྲེག་གོ །འབྱུང་བ་དང་འཇུག་ཡང་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཀྱི་ཆའི་ཕྱིར་རོ་ཞེས་བྱའོ། །ཞེས་པ་སྟེ། དེ་ཡང་སྔགས་ཀྱི་རིམ་པ་ཞེས་པ་ལ། སྔགས་ནི་ཙཎྚ་ལི་ལྟེ་བའི་གཏུམ་མོ་སྟེ་ཇི་སྐད་དུ་སྒྲ་ནི་སྲོག་ཏུ་བརྗོད་པ་སྟེ། །འཁོར་བར་བྱེད་པ་བཟླས་པར་བརྗོད། །ཅེས་པ་ལྟར་ཡིན་ལ། རིམ་པ་ཞེས་པ་ནི་དེ་ཉིད་རྣམ་རྟོག་གི་རྩོལ་བས་བསྐྱེད་པ་དང༌། ཉམས་སྣང་དུ་ཤར་བ་ཙམ་མ་ཡིན་པར། རྡོ་རྗེའི་ལུས་ལ་དངོས་སུ་འབར་བའི་ལམ་གྱི་རིམ་པ་ཡིན་པའི་དོན་ནོ། །དེས་ན་འདི་ནི་ས་མཚམས་སུ་སྦྱར་བའི་ཚེ། སྦྱོར་ལམ་དྲོད་ཀྱི་ཕྱེད་སྔ་མའམ། འོག་མ་ཡིན་ནོ། དེ་ཡང་སྲུབ་པར་བྱ་བ་རྐྱང་མ་དང་སྲུབ་པར་བྱེད་པོ་རོ་མ་ཡང་དག་པར་སྦྱོར་བ་སྟེ། རོ་རྐྱང་གི་རྒྱུ་བ་གཅིག་ཏུ་སྒྲིལ་བའི་ནི། མཉམ་བཞག་ཏུ་རོ་རྐྱང་གི་ལམ་དེ་གཉིས་འགགས་ཏེ། དབུ་མར་ཐིམ་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །འདི་ལ་ནི་དང་པོར་གཡས་གཡོན་འགགས་པས་སྲོག་དང་ཐུར་སེལ་བསྲེ་བ་དང༌། དང་པོར་སྲོག་ཐུར་བསྲེས་པས་གཡས་གཡོན་ཡང་འགག་པའི་རིམ་པ་གཉིས་ཡོད་པ། གང་ལྟར་ཡང་འདྲ་སྟེ། རོ་རྐྱང་བཀག་པས་དབུ་མ་རྒྱས་ལ། དེ་ལས་ཡེ་ཤེས་སྐྱེ་བ་ནི་ཆོས་ཉིད་ཡིན་ནོ། །དཔལ་དྲི་མ་མེད་པའི་འོད་ལས་ཀྱང༌།


TNT08_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་དག་གིས་ནི་མི་མཐོང་སྟེ། །དེ་ཉིད་དུས་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བའི་མཐོང་བར་འགྱུར། །ཞེས་སོ། །ཡེ་ཤེས་ཀྱི་མེ་ཞེས་པ་རྗེ་བཙུན་མར་དོལ་ནི་ལྟེ་བའི་ཨཾ་ལ་འཆད་ཅིང༌། རྗེ་བཙུན་མལ་གྱི་རྗེ་འབྲངས་རྣམས། ལྟེ་འོག་གི་ཀྵ་ཡིག་ལ་འཆད་པ་སྐབས་འདིར་ཕྱེ་མ་ལྟར་འཐད་པས། རོ་རྐྱང་འགགས་པ་ལས། གསང་བ་ནས་དབུ་མའི་མས་སྣའི་བར་དུ། དབུ་མ་རྒྱས་པས་ལས་ཀྱི་རླུང་གསར་དུ་སྐྱེས་པ་དེས་དབུ་མའི་མས་སྣའི་དམར་ཆ་ཀྵ་ཡིག་ཚངས་པའི་མེ་འབར་བར་འགྱུར་ལ། ལས་ཀྱི་རླུང་དེའི་རྒྱུ་དང་ཚངས་པའི་མེ་འདྲེས་པས། ལྟེ་བའི་ཨཾ་ཡིག་གསོས་ཏེ། དྲོད་དང༌། འཕར་གཡོ་ལ་སོགས་པའི་རྟགས་དུ་མ་འབྱུང་བ་ནི། ལྟེ་བའི་དཀྱིལ་འཁོར་དུ་དྲོ་བ་དང་ཞེས་པའི་དོན་ནོ། །ལྟེ་བའི་མེ་དེ་ཅུང་ཟད་བརྟན་པར་གྱུར་པ་ན། སླར་ཡང་རིམ་གྱིས་རོ་མ་ནས་འབར་ཏེ། འཁོར་ལོ་གོང་མ་གསུམ་སྲེག་ཅིང༌། ཧཾ་གི་ཕྱི་ཤུན་ཞུ་བ་རྣམས་རྐྱང་མའི་ལམ་ནས་བབས་ཏེ་སྔར་སྲེག་པའི་འཁོར་ལོ་རྣམས་གསོས་ཤིང༌། ལྟེ་བའི་ཨཾ་ཡིག་ལ་འདུ་འཕྲོད་འབྱུང་བའོ། །དེ་དག་གི་བར་དུ་ངེས་པ་དང་མ་ངེས་པའི་རྟགས་སྣ་ཚོགས་འབྱུང་ཞིང༌། ཁྱད་པར་སྐབས་དེར་གཏུམ་མོ་འབར་བའི་སྟོབས་ཀྱིས་ཐོབ་པའི་རྟགས་ནི་དུ་བ་མཐུལ་བ་དང༌། ཞེས་པ་མཚོན་པར་བྱེད་པ་སྟེ། དུ་བ་དང་སྨིག་རྒྱུ་དང༌། སྲིན་བུ་མེ་ཁྱེར་དང༌། མར་མེ་འབར་བ་དང༌། ནམ་མཁའ་སྤྲིན་མེད་པ་ལྟ་བུ་


TNT08_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རྟགས་ལྔ་འབྱུང་བའོ། །དེ་ལྟར་དུ་བ་སོགས་ནི་རོ་རྐྱང་གི་འབར་འཛག་འབྱུང་བའི་སྐབས་ཡིན་ལ། འབར་བ་ཞེས་པ་ནི་གཏུམ་མོའི་འབར་སྣང་འབྱུང་བའོ། །གནས་པ་ནི། རླུང་གི་རྒྱུ་བ་འགགས་པའི། གཟུང་འཛིན་གྱི་སྣང་བ་ཡང་འགག་ཅིང༌། རང་རིགས་ཙམ་ལ་གནས་པའོ། །གསལ་བ་ཞེས་པ་ནི་ཇི་ལྟ་བའི་ཕྱོགས་ནས་གནས་ལུགས་ལ་གསལ་སྣང་ཅུང་ཟད་སྐྱེས་ཤིང༌། ཇི་སྙེད་པའི་ཕྱོགས་ལ། དག་པའི་སྣང་བ་སྣ་ཚོགས་པ་འཆར་བའོ། །སྐབས་འདིར་འབར་བ་སྨིག་སྒྱུ་དང༌། གནས་པ་མེ་ཁྱེར་དུ་འཆད་པ་སོགས་ནི། ཚིག་དོན་ལ་མ་ཞུགས་པ་ཡིན་ནོ། །དེ་ལྟར་རྟགས་དེ་རྣམས་དང་ལྡན་པས། གཏུམ་མོའི་མེ་ཤིན་ཏུ་ཕྲ་བ་འབར་བ་དེས། དབུ་མའི་ལམ་གྱི་སྒོ་ཕྱེ་ནས་འཇུག་སྟེ། གང་དབུ་མར་གཏུམ་མོ་འབར་ཕྱིན་ཆད་ནས། བདུན་ཁྲི་ཉིས་སྟོང་གི་རྩ་དེའི་འོད་ཀྱིས་ཁྱབ་ཅིང༌། བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་བར་དུ་ཡང༌། གཏུམ་མོའི་མེ་དྲོད་འཇུག་པ་དང༌། ལྷ་དང་ལྷ་མིན་སོགས་ཀྱིས་སྒྲུབ་པ་པོ་དེ་མི་མཐོང་བ་དང༌། འབར་བ་དང༌། སྒྲ་དང༌། མཁའ་འགྲོ་མ་དང་སྲིན་པོའི་གཟུགས་སྣ་ཚོགས་ཀྱིས་མ་རུང་བ་རྣམས་ལ་སྡིག་པར་བྱེད་དོ། །དེས་ལྟེ་བའི་སྟེང་གི་རྩ་མདུད་བཅོམ་ཞིང་དབུ་མར་རིང་དུ་འབར་ཏེ། སྙིང་གའི་རྩ་མདུད་ཀྱང་གཞིག་ཅིང༌། ཆོས་ཀྱི་འཁོར་ལོ་མེས་གང་བ་ན། དེར་གནས་པའི་རླུང་ཕུང་པོ་ལྔའི་རང་བཞིན་ཅན་རྣམས་གཏུམ་མོའི་མེ་དང་འདྲེས་པར་འགག་པར་འགྱུར་ཞིང༌། དེའི་མཐུ་ལས་ཕུང་པོ་ལྔའི་རྣམ་རྟོག་ཅི་རིགས་པ་འགག །མངོན་ཤེས་ལྔ་ཅི་རིགས་པ་འཆར།


TNT08_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ལ་ཅུང་ཟད་དབང་བསྒྱུར་བར་ནུས། དེ་ལ་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དགྱེས་རྡོར་ལས། རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར། །དམ་ཚིག་སེམས་དཔར་བརྗོད་པར་བྱ། །ཞེས་དམ་ཚིག་སེམས་དཔའ་ནི་ཐུགས་རྡོ་རྗེ་ཡིན་ལ། དེའི་ཕྱིར་ཐུགས་ཀྱི་འཁོར་ལོ་སྟེ་སྙིང་གའོ། །དེར་གཏུམ་མོའི་མེ་སོན་པ་དག་གིས། དེ་བཞིན་གཤེགས་པ་སྟེ་ཕུང་པོ་ལྔའི་རྣམ་རྟོག་རླུང་དང་བཅས་པ་སྲེགས་ནས། སླར་ཡང་གཏུམ་མོའི་མེ་དེ་ལོངས་སྤྱོད་ཀྱི་འཁོར་ལོ་མགྲིན་པར་སོན་པའི་ཚེ། སྔར་འབྱུང་བ་བཞིའམ་ལྔའི་རླུང་ཅུང་ཟད་འགག་བཞིན་པའི་རྒྱུན་ལ། འདིར་ཤིན་ཏུ་འགག་པར་འགྱུར་ཞིང༌། སྤྱིར་གཟུང་འཛིན་གྱི་རླུང་བཅུ་གཉིས། ལྟེ་སྙིང་མགྲིན་གསུམ་གྱི་འཁོར་ལོ་ཐམས་ཅད་ལ་གནས་པ་ཡིན་པ་ལས། སྐབས་འདིར་མགྲིན་པར་གནས་པའི་དེ་རྣམས། གཏུམ་མོའི་མེ་དང་འདྲེས་པའི་ཚུལ་གྱིས། མཉམ་བཞག་ཏུ་རྒྱུ་བ་འགག་པར་འགྱུར་ལ། ཁམས་ལྔའི་རྣམ་རྟོག་ཅི་རིགས་པ་སྤངས་པ་དང༌། དབང་ཡུལ་ཐམས་ཅད་བདེ་བའི་རྣམ་པར་ཡང་ཡང་འཆར་བ་དང༌། བདེན་ཚིག་འགྲུབ་ཅིང་ལྕེ་དང་དཔུང་པ་འཕེལ་ལ་ལུས་སྟོབས་རྒྱས་ཤིང༌། མ་སླབས་པའི་བསྟན་བཅོས་ཤེས་པ་ལ་སོགས་པ་འབྱུང་ངོ༌། །ཐབས་ལ་སྐོར་བ་ལན་གསུམ་བྱས་པའི་དོན་ནི། མགྲིན་པའི་ཨོཾ་ཡིག་དེ་ཉིད། མེའི་ཐབས་སུ་སྟོན་པའི་དོན་མ་ཡིན་གྱི། གཏུམ་མོའི་མེའི་ཐབས་ནི་སྙིང་གའི་ཐིག་ལེའོ། །ལན་གསུམ་


TNT08_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བའི་དོན་ལ། ལོ་པཎ་གོང་མ་རྣམས་མེ་ལན་གསུམ་ཟློག་པའི་དོན་དུ། བཞེད་པ་ཤིན་ཏུ་ལེགས་ཏེ་རྒྱུད་སྡེ་གཞན་ལས་ཀྱང་རྒྱས་པར་བཤད་དོ། དེས་ན་མགྲིན་པའི་འོག་ལོགས་ཀྱི་རྩ་མདུད་ལ་རིག་པའི་ཚེ། དེའི་རླན་གཤེར་དང་རླུང་གིས་ལན་གཅིག་མེ་སྟེ་ལྟེ་བའི་བར་དུ་བཟློག་པར་འགྱུར་ལ། དེ་ནས་མགྲིན་དབུས་ཀྱི་ཐིག་ལེ་དམར་པོ་ཉིད་དང་འཕྲད་པའི་ཚེ། དེའི་རླུང་ཤུགས་ཀྱིས་ལན་གཅིག་བཟློག་པ་དང༌། དེ་ནས་མགྲིན་པའི་མེ་ཡང་གསོས་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས་མགྲིན་པའི་སྟེང་གི་རྩ་མདུད་ཀྱི་སྒོ་གླེག་བཅོམ་པ་ན། སྤྱི་བོ་དང་ཉེ་བའི་རླུང་བསིལ་བ་མཐུར་དུ་བབས་པའི་ནུས་པས། སླར་ཡང་མེ་ལྕེ་ལན་གཅིག་པ་ཟློག་ཏེ་བཟློག་ཚུལ་དེ་ནི་འཁོར་བ་ལྟ་བུ་ཡིན་པས། ཐབས་སྙིང་གའི་ཐིག་ལེ་ལ་སྐོར་བ་ལན་གསུམ་བྱས། ཞེས་གསུངས་པ་ཡིན་ལ། སོན་པའི་ཐབས་ལ་ཞེས་འབྱུང་བ་ནི། ལོངས་སྤྱོད་ཀྱི་འཁོར་ལོ་གཏུམ་མོའི་མེ་སོན་པའི་གནས་སྐབས་སུ། མེ་དེ་ཉིད་རང་གི་ཐབས་ལ་སྐོར་བ་ལན་གསུམ་བྱས་ཞེས་པའི་དོན་དེ། མགྲིན་པར་གནས་པའི་ཐབས་ལ་མེས་སྐོར་བ་བྱེད་ཅེས་པའི་དོན་ནི་མ་ཡིན་ནོ། །རྒྱུད་གཞན་ལས་ནི་འཁོར་ལོ་ཐམས་ཅད་ལ་ཡང་བཟློག་པར་བཤད་དོ། དེ་ནས་མགྲིན་པའི་སྟེང་དུ་འབར་ཏེ། རོ་མས་བསྡུས་པའི་རྩ་རྣམས་མེ་འོད་ཀྱི་གང་བས་ནང་དུ་གནས་པའི་ཐིག་ལེ་མང་པོ་ཕྱིར་གཡོ་བ་དང༌། རྐྱང་མས་བསྡུས་པའི་རྩ་རྣམས་གང་བས། ཕྱིའི་ཐིག་ལེ་རྣམས་ནང་དུ་འདུ་བར་འགྱུར་ལ། དེ་


TNT08_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་རིམ་པ་བཞིན་གསལ་བ་དང༌། སྟོང་པའི་ཉམས་མཐའ་དབུས་མེད་པ་འབྱུང་ངོ༌། །འབར་བ་སྤྱི་བོར་ཕྱིན་པ་ན། ཧཾ་ཡིག་གི་སྙིང་པོ་ཅུང་ཟད་ཞུ་ཡང་སྟོབས་ཆུང་བས་འཛག་པར་མི་ནུས་ཏེ། གཏུམ་མོའི་མེ་གྱེན་དུ་འབར་བའི་ཤུགས་ཀྱང་དེ་མཚམས་ནས་ལོགས་ཏེ། དབུ་མ་ཉིད་ཀྱི་ཡལ་ག་ཁ་འཕྲེད་ལྟས་ཞིག་གི་ནང་ནས་ཚུར་འཁྱོགས་ཏེ། མཛོད་སྤུ་སྟེ་སྨིན་འཚམས་སུ་སོང་ནས། གནད་འབྱེད་པའི་སྒོ་ཞེས་བྱ་བ། ཡལ་གའི་རྩ་དེ་ཉིད་ཀྱི་རྩེ་མོ་ལ། རྩ་འདབ་དྲུག་པའི་འཁོར་ལོ་ཞིག་གནས་པ་དེའི་ལྟེ་བའི་རྩ་མདུད་ཕྱེ་སྟེ་འགྲོ་བ་ཡིན་ལ། སྒོ་དེ་ནས་གཏུམ་མོ་སོང་བ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོང་སྟོང་ཐམས་ཅད་དུ་རྒྱུ་བའི་ལམ་དང་འབྲེལ་བ་ཡིན་པས། རྩ་སྦུགས་སྟོང་པ་རྣམས་ནི། གཏུམ་མོ་དང་རླུང་འཕུར་ཞིང་འགྲོ་བའི་གནས་ཡིན་ལ། དེར་འཇུག་པའི་སྒོ་ཡིན་པའི་སྨིན་མཚམས་གནད་ཀྱི་སྒོ་ལ་ཨོ་ཊི་ཡ་ན་ཞེས་མིང་བཏགས་པ་སྟེ། ཨོ་ཊི་ཡ་ན་ཞེས་པ་བོད་སྐད་དུ་སྒྱུར་བ་ནི་འཕུར་འགྲོ་ཞེས་པ་ཡིན་ནོ། །དོན་འདི་བཞིན་མ་གོ་བར། ཨོ་རྒྱན་རྣ་བ་གཡས་པའི་མིང་ཡིན་བསམ་ནས། གཏུམ་མོའི་མེ་རྣ་བ་གཡས་པ་ནས་སྤྲོ་བར་འདོད་པ་སོགས་ནི་གད་མོའི་གནས་སོ། །འཇིག་རྟེན་གྱི་ཁམས་ཏེ། ལུས་ཀྱི་ཆ་ཐམས་ཅད་དུ་སོན་ཞིང་གནས་པའི་དེ་བཞིན་གཤེགས་པ་སྟེ། ཕུང་ཁམས་སྐྱེ་མཆེད་ཀྱི་རྩ་རླུང་ཁམས་རྣམས་གཏུམ་མོའི་མེས་ཁྱབ་ཅིང༌། དེ་རྣམས་ཞུ་བས་སྙིགས་མའི་ཆ་རྣམས་འབྲིད་པར་བྱེད་ཅིང༌། དྭངས་མའི་ཆ་རྣམས་རྒྱས་པར་


TNT08_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། རྩའི་ལམ་གཅིག་ནས་གཅིག་ཏུ་རྒྱུད་ཅིང༌། །མཐར་སྤྱི་གཙུག་གི་གནས་དབུ་མའི་ཡས་སྣའི་སྒོར་འདུས་པ་ནི། ཐུགས་ཀ་ནས་བསྡུས་པའི་དོན་ཏེ། དེ་ནས་སྤྱི་གཙུག་ཚངས་པའི་བུ་ག་ལས། །ནང་དུ་འོང་བའི་རླུང་གི་ཁམས་དེ་དག་རྒྱས་ཤིང་དྭངས་མར་ཡང་བྱེད་ལ། །ཚངས་བུག་ནས་སྤྱི་བོའི་འཁོར་ལོའི་ལྟེ་བའི་གནས་ཀྱི་བར་ནི། གསེར་གྱི་སྒོའམ་ཛ་ལན་དྷ་རའི་མིང་ཅན་ཏེ། དེ་ནས་ཞུགས་ཏེ་རྩ་འདབ་སོ་གཉིས་ནས་བབས་ཤིང་རྒྱས་པར་གྱུར་པའི་ཐིག་ལེ་དང་འདྲེས་པ་རྣམས། ཧཾ་ཡིག་ལ་འདྲེས་པ་ན། སྔར་ཅུང་ཟད་ཞུ་བ། རྒྱབ་དཔུང་སྟོབས་དང་ལྡན་པར་གྱུར་ནས། སྔོན་ཇི་ལྟར་སྲེག་པའི་རིམ་པ་ལྟར་འོངས་པ་སྟཻ། ཧཾ་ཞུ་བའི་བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་འོང་ཞིང༌། འཁོར་ལོ་སོ་སོའི་མདུད་པའི་ལམ་ནས་བབས་ཏེ། སྔར་གཏུམ་མོའི་མེས་སྲེག་པ་རྣམས་གསོ་བའི་ཚུལ་དང༌། མགྲིན་པ་དང་སྙིང་གའི་ཐིག་ལེ་ཞུ་བ་དང་ཡང་འདྲེས་ནས། ལྟེ་བར་དཔྱིད་ཐིག་ཁ་སྦྱོར་དུ་འགྱུར་ལ། ཡང་དམ་ཚིག་གི་འཁོར་ལོ་སྲེག་པ་སོགས་སྔོན་བཞིན་དུ་འབར་འཛག་ཐུན་དང་ཐུན་ལ་རྟག་ཏུ་འབྱུང་བར་འགྱུར་རོ། །དེ་ལྟར་དབུ་མར་དཔྱིད་ཐིག་ཁ་སྦྱོར་དུ་གྱུར་པའི་སྐབས་ནི། སྤྱིར་རྟགས་ལྔ་ལ་སོགས་པས་བསྡུས་པའི་སྣང་བ་སྣ་ཚོགས་པ་དང༌། ཁྱད་པར་ལྷའི་འཁོར་ལོ་རབ་འབྱམས་འབྱུང་བར་འགྱུར་རོ། །དེ་ལ་སྲེག་པའི་དོན་ནི་དེ་དང་གཏུམ་མོས་ཁྱབ་པ་དྲོད་ཀྱི་རང་བཞིན་དུ་གྱུར་པ་དང༌། ཁམས་སྙིགས་མ་རྣམས་ཅུང་ཟད་ཅུང་ཟད་བྲི་བའི་དོན་དེ་ཉམས་སྐྱོན་ཡོན་འདྲེས་མའམ།


TNT08_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་སྤེལ་མར་འབྱུང་བ་ཡིན་ལ། བསོས་པའི་དོན་ནི་ཧཾ་གི་ཟེགས་མས་ཁྱབ་པས་སྙིགས་མ་རྣམས་བྲི་བའི་ཤུལ་དུ་དྭངས་མ་རྒྱས་ཤིང་བདེ་བ་དང༌། ཡོན་ཏན་འབའ་ཞིག་སྐྱེས་པའོ། །འདིར་འཇུག་པ་དང་འབྱུང་བ་ཞེས་པ་ལ། སྔ་མ་རྣམས་འབར་འཛག་གི་དོན་ལ་འཆད་ཀྱང༌། རླུང་འགྲོ་འོང་ལ་བཤད་ན་ལེགས་ཏེ། དེས་ན་མཉམ་བཞག་ཏུ་རོ་རྐྱང་གི་རླུང་འཇུག་པ་དང༌། འབྱུང་བ་འགགས་པས་མངོན་གྱུར་དུ་མཐོང་བ་མེད་དོ། །ད་དུང་གཉིས་སྣང་ཕྲ་མོ་འབྱུང་བའི་རྒྱུ། རོ་རྐྱང་གི་རྒྱུ་བ་ཕྲ་མོ་ཡོད་མོད་ཀྱང༌། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ལྟར་ཤིན་ཏུ་ཕྲ་བའི་ཕྱིར་མི་མངོན་ཞེས་བྱའོ། །སྔགས་ཀྱི་རིམ་པ་ཞེས་པ་ནི་གཞུང་གི་ས་མཚམས་བཅད་པའོ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་སོན་ནས་དམ་ཚིག་གི་འཁོར་ལོ་ལ་བསྡུས་ཏེ། ཆོས་ཀྱི་དབྱིངས་ཡེ་ཤེས་བདུད་རྩི་བླངས་ནས་སྔར་གསུང་བའི་སྒོ་ནས་འབྱུང་སྟེ། འོ་མའི་རྒྱུན་ལྟར་འོངས་ནས་སྒོ་དེ་ཉིད་དུ་ཞུགས་ཏེ། སོའི་མཚམས་ཀྱི་ནང་དུ་སོན་པའི་བུ་ག་ནས། ལོངས་སྤྱོད་ཀྱྀ་འཁོར་ལོར་ངལ་བསོ་སྟེ། བསྲེགས་པའི་དེ་བཞིན་གཤེགས་པ་དག་དམ་ཚིག་གི་འཁོར་ལོར་སོན་པ་རྣམས་ལ་དགའ་བསྐྱེད་ནས་ལྟེ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ནོ། །འདིར་ཡང་འགྱུར་བ་དང༌། འགྲོ་བ་དང༌། འོང་བ་ནི་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཕྱིར་རོ། །ཞེས་བྱའོ་ཡེ་ཤེས་ཀྱི་རིམ་པའོ། །དེ་ལ་ཡེ་ཤེས་རིམ་པ་ཞེས་པའི་ཡེ་ཤེས་ནི། ལམ་གྱི་དགའ་བ་བཞི་ཡིན་པ་ལས། །འདིའི་


TNT08_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱི་དོན་དུ། ཡས་བབས་ཀྱི་དགའ་བའི་ས་བཞི་བཟུང་ངོ༌། །དེ་ལྟར་བུ་ཐོབ་པར་བྱེད་པའི་ཐབས་ནི་རིམ་པའོ། །དེ་ཡང་གཏུམ་མོ་དབུ་མའི་ནང་དུ་ཐོག་མར་འབར་བ་ནས། གཏུམ་མོ་སྨིན་འཚམས་སུ་སླེབ་ཀྱི་བར་ལ། །ལམ་གྱི་ཡོན་ཏན་ཆེ་ཆུང་གི་ཁྱད་པར་མི་འདྲ་བ་དང་ལྡན་པའི་སའི་རིམ་པ་བཞིའམ་ལྔ་འབྱུང་བ་ནི། བརྩོན་འགྲུས་དང་ལྡན་པའི་ལོ་ཙམ་གྱིས་རྫོགས་པར་འགྱུར་བ་ཡིན་ལ། དེ་དག་ལ་གཏུམ་མོ་འབར་བའི་ས་ཞེས་ཐ་སྙད་འཇོག་ཀྱང༌། དེ་ནས་བྱང་ཆུབ་ཀྱི་སེམས་སྤྱི་བོར་འདུས་ཀྱི་བར་ནི། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་སྟེ། དེ་སྐབས་སྔར་གྱི་ལམ་ལས་འཁོར་ལོ་བཞིར་བྱང་ཆུབ་ཀྱི་སེམས་འོང་བ་ན། དགའ་བ་བཞི་སྐྱེ་བ་ཡང༌། སྐད་ཅིག་ལ་སྐྱེ་ཞིང་སྐད་ཅིག་ལ་འགག་པ་ཡིན་པའི་ཕྱིར་དང༌། དགའ་བ་བཞིའི་ཡོན་ཏན་རྣམས་མ་ཐོབ་པའི་ཕྱིར། དགའ་བའི་ས་ཞེས་མི་བྱའོ། །དེ་ནས་སྔགས་རིམ་ཕྱི་མཇུག་ཏུ། གཏུམ་མོ་འབར་འཛག་དེ་སྐད་ཅིག་སྐད་ཅིག་ལ་ཡང་ཡང་སྒོམ་པས་ནམ་ཞིག་ན་ནུས་པ་སྨིན་ཏེ། ཐིག་ལེའི་ཡོན་ཏན་གྱི་རིམ་པ་ཆེ་བ་རེ་རྒྱུད་ལ་སྐྱེས་པ་ན་ཡེ་ཤེས་ཀྱི་རིམ་པའི་ས་ཞེས་བྱའོ། །འདིར་ཡང་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བཤད་པ་ནི། དེ་བཞིན་གཤེགས་པའི་རྒྱུད་ཀྱི་འགྲོ་འོང་ཡང་ཡང་ཤིན་ཏུ་གོམ་པ་ལས་ཡེ་ཤེས་ཀྱི་རིམ་པ་རྒྱུད་ལ་སྐྱེ་བའི་དོན་ཡིན་གྱི་སྔར་གྱི་དེ་ལ་བསྐྱར་བཟློས་བྱས་པ་མིན་ནོ། །དེ་ཡང་སྔགས་རིམ་ལ་བརྩོན་པར་བསྒོམས་པ་དེ་ནས། དེ་བཞིན་གཤེགས་པ་དེ། ཕུང་ཁམས་སྐྱེ་མཆེད་ཀྱི་རྩ་རླུང་ཐིག་ལེ་


TNT08_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་ཀར་སོན་པ་ཞེས་པ་ནི། ནང་གི་དྭངས་བཅུད་རྣམས་གཏུམ་མོ་མེ་འོད་དེ་རྣམས་ཀྱི་ནང་དུ་སོང་བས། རྩ་སོགས་དེ་རྣམས་ཀྱི་དམ་ཚིག་གི་འཁོར་ལོའམ་སྙིང་ག་ནས་བསྡུས་པ་ནི་ནང་ནས་བསྡུས་པའི་དོན་ཏེ། ཆོས་ཀྱི་དབྱིངས་ཞེས་པ་ནི། ཆོས་རྩ་རླུང་ཐིག་ལེ་རྣམས་ཀྱི་དབྱིངས་དྭངས་མའི་མཆོག །རྩ་ཡིག་གི་བདུད་རྩི་བླངས་ནས་ཏེ་འདྲེས་པའི་དོན་ནོ། །སྔར་གསུངས་པའི་སྒོ་སྤྱི་བོ་ནས་ཡོངས་སུ་འོངས་ཏེ། ཇི་ལྟར་འོངས་ན་དཀར་ཞིང་བདེ་བ་འོ་མའི་རྒྱུན་ལྟ་བུར་ཚངས་བུག་ནས་འཁོར་བ་སྒོ་དེ་ཉིད་དེ། དབུ་མའི་ལམ་ནས་ཞུགས་ཤིང༌། བདེ་བ་ཆེན་པོའི་འཁོར་ལོ་གང༌། དེ་ལྟར་ཉིན་ཞག་མང་པོའི་སྦྱོར་བས་རིམ་གྱི་དབུ་མའི་རྒྱུན་ནས། མགྲིན་པའི་འཁོར་ལོ་གང་ཞིང་དེ་གོམས་ཤིང་བརྟན་པ་ན། དེ་ཡན་ཆད་ཀྱི་ཞུ་བདེའི་ཐིག་ལེ་ལ་དབང་འབྱོར་བའི་ཡས་བབས་ཀྱི་དགའ་བའི་ས་དང་པོ་ཡིན་ལ། དེའི་ཚེ་རིགས་སྔགས་མཐའ་དག་འགྲུབ་པ་དང༌། འགྲོ་བ་ཐམས་ཅད་དབང་དུ་བསྡུ་བ་དང༌། སྐད་ཐམས་ཅད་ཤེས་ཤིང༌། དེ་དག་ཏུ་ཆོས་སྟོན་པ་དང༌། ངག་གི་དབང་ཕྱུག་ཅི་རིགས་པ་འགྲུབ་པར་འགྱུར་རོ། །སོའི་མཚམས་ཀྱི་ནང་དུ་སོན་པ་ཞེས་པ་ལ། །རྒྱ་བོད་ཀྱི་འགྲེལ་པ་ཕལ་ཆེར་ན། སོ་ཞེས་པ་སུམ་ཅུ་སོ་གཉིས་ཀྱི་བརྡའ་ཐབས་ཡིན་པས། དོན་སྤྱི་བོར་འདོད་པ་དང༌། ཁ་ཅིག་སོ་དེ་རོ་རྐྱང་གཉིས་ཀྱི་མཚམས་དབུ་མ་ནས་ཞེས་འཆད་ཀྱང༌། སོའི་མཚམས་ཀྱི་ནང་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཡས་སོའི་མཚམས་


TNT08_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་གང་བས། དེའི་ནང་དུ་སོན་པའི་ལྕེའུ་ཆུང་ཁྱབ་པ་དང༌། དེ་ལས་ལྕེ་སྟེང་དུ་བདུད་རྩི་འཛག་ཅིང༌། དེ་ལས་རྒྱུད་ནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ངལ་བསོ་ཞིང་བརྟན་པར་འགྱུར་བའི་དོན་ཡིན་པས། མཆོག་ཡོན་ཏན་སྐྱེད་པའི་ཐིག་ལེ་ནི་དབུ་མ་ནས་འགྲོ་ཞིང༌། ཡོན་ཏན་གྱི་ཁྱད་པར་གཞན་སྐྱེད་པ་ནི། ལྕེའུ་ཆུང་ནས་འབྱུང་བའི་དོན་ཡིན་ནོ། །དེ་ནས་ཡུན་རིང་དུ་གོམས་པ་ལས་དབུ་མའི་ལམ་ནས་རྒྱུད་དེ། སྙིང་གར་གོམས་པ་བརྟན་པར་གྱུར་པས་ནི། སྔར་བསྲེགས་པའི་དེ་བཞིན་གཤེགས་པ་སྟེ། ཕུང་པོ་ལྔའི་རྩ་དང་རླུང་ཁམས་སྙིང་ཁ་དམ་ཚིག་གི་འཁོར་ལོར་སོན་ཞིང་གནས་པ་རྣམས་ཀྱི་དྭངས་མའི་ཆ་ཡོན་ཏན་སྐྱེད་བྱེད་རྣམས། རྒྱས་པ་ནི་དགའ་བ་སྐྱེད་པ་སྟེ་མཆོག་དགའི་ས་ཐོབ་པ་ཡིན་ལ། དེའི་ཚེ་མཉམ་བཞག་ཏུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན། རྗེས་ཐོབ་ཏུ་སྒྱུ་མ་ལྟར་འཆར། སྙིང་རྗེ་ཆེན་པོ་འགྲུབ། རྟེན་འབྲེལ་སྣ་ཚོགས་པ་ཤེས་པར་འགྱུར་རོ། །ལྟེ་བའི་དཀྱིལ་འཁོར་དུ་ཞེས་པ་ནི། ལྟེ་བ་མན་ཆད་ཀྱི་དཀྱིལ་འཁོར་དུ་ཞེས་པའི་དོན་ཡིན་པས། ལྟེ་བ་ནས་ནོར་བུའི་བར་ཡན་ཆད་ཐམས་ཅད་བཟུང་ངོ༌། །དེ་ཡང་སྙིང་གའི་མས་སྣ་ནས་རྩམས་ཏེ། དབུ་མའི་ནང་དུ་རིམ་གྱིས་བསྟན་ཞིང་གང་བ་ལས། དུས་རིང་ཞིག་ན་སྤྲུལ་པའི་འཁོར་ལོ་གང་ཞིང་བརྟན་པ་ན་ཁྱད་དགའི་ས་ཐོབ་པ་ཡིན་ཏེ། འདོད་ཡོན་ཐམས་ཅད་ཡེ་ཤེས་སུ་འཆར་བ་དང༌། ལྷའི་མཆོག་ལས་སྐྱེས་པ་སོགས། བུད་མེད་མཐུ་ཅན་རྣམས་ཀྱི་འདུ་བ་ཐོབ་པར་འགྱུར་བ་དང༌། འོད་འཕྲོ་བ་དང་ཅིག་ཅར་


TNT08_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མང་པོར་སྟོན་ཞིང་བསྡུད་པ་སོགས་ཐོབ་པར་འགྱུར་རོ། །དེ་ནས་ཡང་རིམ་གྱིས་གང་སྟེ། དུས་གཞན་ཞིག་ཏུ་ནོར་བུའམ། གསང་བའི་འཁོར་ལོ་ཡན་ཆད་གང་ཞིང་བསྟན་པས། ནང་གི་བདེ་བ་རྒྱུན་མི་འཆད་པ་དང༌། འབྱུང་བ་དང་སེམས་ཅན་གྱི་གནོད་པའི་མི་ཚུགས་པ་དང༌། གདུག་པ་ཅན་ཕལ་ཆེར་ཟིལ་གྱིས་གནོན་པར་ནུས་པ་དང༌། ས་ཆུ་མེ་རླུང་ནམ་མཁའ་དང་འབྲེལ་བའི་ཆོ་འཕྲུལ་མང་པོ་སྟོན་པར་ནུས་ཏེ། ཡས་བབས་ཀྱི་ལྷན་ཅིག་སྐྱེས་པའི་སའོ། །ལྷན་སྐྱེས་ཀྱི་ས་འདིའི་མཐར་གཏུམ་མོ་དང་ཐིག་ལེ་འདྲེས་པའི་ལྷར་སྣང་མང་པོ་ཞིག་མས་བརྟན་བཅུ་དྲུག་གི་སྐབས་སུ་འབྱུང་བའི། རྐྱེན་བྱས་ཏེ་ཡེ་ཤེས་ཀྱི་སྐུ་འགྲུབ་པ་དང༌། རྗེས་དྲན་བཅུ་དྲུག་ཐོབ་པ་ཞེས་བྱ་ལ། འོན་ཀྱང་རྗེས་དྲན་གྱི་ས་ཐོབ་པ་ནི་མ་ཡིན་ནོ། །ཡེ་ཤེས་ཀྱི་རིམ་པའི་དུས་འདིར་ཡང་རླུང་དང་སེམས་ཀྱི་འཇུག་པ་འབྱུང་བ་སྟེ་གནས་པ་དང༌། །འགག་པ་འགྲོ་བ་དང༌། སྐྱེ་བ་འོང་བ་རྣམས་མཉམ་བཞག་ཏུ་ཡང་ཕྲ་མོ་ཙམ་ཡོད་མོད་ཀྱི། རང་གི་མྱོང་བས་མཐོང་བ་ནི་མ་ཡིན་ཏེ། །སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ལྟར་ཕྲ་བས་འགག་པ་ལྟར་སྣང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་རིམ་པའོ། །ཞེས་པ་ནི་གཞུང་གི་ས་མཚམས་བཅད་པའོ། །དེ་ལྟར་སྔགས་རིམ་དང་ཡེ་ཤེས་ཀྱི་རིམ་པའི་གཞུང་འདི་དག་མངོན་བརྗོད་བླ་མའི་རྒྱུད་ཚིག་ཉིད་དྲངས་པ་ཡིན་ཞིང༌། དེ་བཞིན་གཤེགས་པས་བརྡའི་ཚུལ་གྱིས། ཕྲ་ཐིག་གི་རྣལ་འབྱོར་སྟོན་པ་ལྟར་མཛད་ནས། དོན་རྫོགས་པའི་རིམ་པའི་ལམ་གྱི་ཉམས་མྱོང་གི་རིམ་པ་གསལ་བར་


TNT08_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན་ལ། འདིའི་དངོས་བསྟན་ལ་འཁྲུལ་ནས། ཕྲ་ཐིག་ཙམ་གཞུང་འདིའི་དགོངས་པར་སྨྲ་བ་ནི། སོར་མོའི་རྩེ་མོས་བསྟན་པ་ན། །ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ། །ཞེས་པ་ལྟར་འགྱུར་བ་དང༌། དེ་ལྟ་བུ་ལ་སྔགས་དང་ཡེ་ཤེས་ཀྱི་རིམ་པ་ཐ་དད་དུ་འཆད་པ་ཡང་མི་འཐད་དེ། དུས་གཅིག་ལ་སྒོམ་རྒྱུའི་དམིགས་པ་གཅིག་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རིམ་པས་ས་བཞི་པོ་འདི་ནི། ས་མཚམས་ཀྱི་དབང་དུ་བྱས་ན། སྦྱོར་ལམ་དྲོད་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། མཆོག་རྣམས་ལ་རིམ་པས་བཞག་གོ། དེ་ལྟར་ན་སྔགས་དང་ཡེ་ཤེས་ཀྱི་རིམ་པའི་སྐབས་འདི་དག་ལ། གཏུམ་མོ་འབར་བ་དང༌། ཐིག་ལེ་ཞུ་བ་དང༌། ཐིག་ལེ་བརྟན་པའི་རིམ་པ་སོགས་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ། རིམ་པས་དངོས་སུ་འབྱུང་ཚུལ་སྟོན་པ་ཡིན་གྱི། དེ་དང་འདྲ་བའི་དམིགས་པ་བསྒོམ་ཚུལ་གཅིག་ཁོ་ན་སྟོན་པ་ཡིན་པས། །འདི་དག་ཐོབ་པའི་རྒྱུ་ཡང༌། འབར་འཛག་ཁོ་ན་སྒོམ་དགོས་པ་མིན་གྱི། རང་ལུས་ཐབས་ལྡན་ནམ། གཞན་ལུས་ཤེས་རབ་བམ། ཤིན་ཏུ་རྣལ་འབྱོར་ལ་སོགས་པ་གང་སྒོམ་ཀྱང་འདྲ་བ་ཡིན་ནོ། །བཞི་པ་གསང་བའི་རིམ་པ་འབྲས་བུར་བཅས་པ་བཤད་པ་ལ། གསང་རིམ་འབྲས་བུ་དང་བཅས་པ་ངོས་བཟུང་བ་དང༌། དེ་ཉིད་ལུང་དང་སྦྱར་བའོ། །དང་པོ་ནི། དེ་ནི་སྔགས་དང་རྒྱུད་དང་ཡེ་ཤེས་སྤངས་པ། སྒོ་གཉིས་འགག་པ། །འགྲོ་འོང་ལས་རྣམ་པར་གྲོལ་བ། ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང་བྲལ་བ། ཡུལ་རྣམས་ལས་ངེས་པར་


TNT08_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ། །མུན་ནག་སྟུག་པོ་ལ་ནོར་བུ་ཆུ་ཤེལ་ལྟར་འོད་གསལ་བ། རྡུལ་དང་བྲལ་བ། སྟོང་པའི་མཆོགམཚན་མ་མེད་པ། སྨོན་པ་མེད་པའི་ཡེ་ཤེས། རང་གཞན་རིག་པ་དང་བྲལ་བ། མཆོག་ཏུ་ཞི་བ། འདོད་ཆགས་དང་ཆགས་བྲལ་འདྲེས་པ། མར་ལ་མར་བཞག་པ་ལྟར་མྱ་ངན་ལས་འདས་པ་བདག་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། ཞེས་པའོ། །དེ་ལ་གསང་བ་ཞེས་བྱ་བ་ནི། ཀུན་རྫོབ་ཀུན་ནས་ལྟ་བུའི་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་བདེ་སྟོང་གི་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུ་འདྲེས་པའི་མིང་ཡིན་ལ། འདྲེས་པའི་དོན་དེ་ཡང་ཀུན་རྫོབ་དེ་དོན་དམ་གྱི་དབྱིངས་སུ་ཐིམ་པ་ལ་འཆད་དགོས་ཤིང༌། དང་པོ་ཆ་ཤས་ཕྲ་མོ་འདྲེས་པ་ནས་རྩམས་ཏེ། མཐར་ཡོངས་སུ་རྫོགས་པར་འདྲེས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་བསྲེ་བའི་ཐབས་ལ་ནི། དེའི་རིམ་པ་ཞེས་བྱ་བ་དང༌། ཡོངས་སུ་རྫོགས་པར་འདྲེས་ཟིན་པ་ཕན་ཆད་གསང་རིམ་གྱི་འབྲས་བུ་གསང་བ་ཆེན་པོ་ཞེས་བྱ་ཞིང༌། སྐབས་འདིར་པཎྜི་ཏ་ག་ཡ་དྷ་རའི་མན་ངག་གི་བཤད་རྒྱུན། འབྲོག་འགོས་རྗེས་འབྲང་དང་བཅས་པ་ནི། གཉིས་སུ་མེད་པའི་རིམ་པ་ཞེས་ཐ་སྙད་མཛད་ན། གཉིས་སུ་མེད་པ་ནི་ཟུང་འཇུག་གི་དོན་ཡིན་པས་ཤིན་ཏུ་ལེགས་མོད། རིམ་པ་ལྔ་པའི་ཐ་སྙད་ནི་མི་བྱ་སྟེ། རིམ་བཞིར་ཀུན་ཏུ་གྲགས་པས་གནོད་པར་འགྱུར་བའི་ཕྱིར་རོ། །དེས་ན་ལམ་ནི་རིམ་པ་བཞི་ཡིན་ལ། གཉིས་སུ་མེད་པ་ནི་འབྲས་བུར་བསྡུའོ། །ཞེས་བརྗོད་ན་ནི་ཤིན་ཏུ་ལེགས་པོར་འགྱུར་རོ། །འདི་ལ་དགའ་བའི་ས་བཞིའམ་བཅུ་དྲུག་སྟེ། དེ་ཡང་བྱང་ཆུབ་སེམས་ཀྱི་བགྲོད་པ། མས་


TNT08_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱི་ཚུལ་གྱིས་ནོར་བུ་ནས་ལྟེ་བའི་བར་དུ་གང་ཞིག་བརྟན་པ་ནི། མས་བརྟན་གྱི་དགའ་བའི་ས་སྟེ། ལུས་ཀྱི་བཀོད་པ་མང་པོ་ཅིག་ཅར་སྤྲུལ་པ་ལ་སྔ་མ་ཡེ་རིམ་གྱི་དུས་ལས་ཆེས་ལྷག་པར་འགྱུར་བ་དང༌། ཚེ་དང་སྟོབས་དང་འགྱོགས་པ་ལ་སོགས་པའི་ཡོན་ཏན་དང༌། རྒ་ཤི་ཟིལ་གྱིས་མི་གནོན་པ་ལ་སོགས་པ་འབྱུང་ངོ༌། །ལྟེ་བ་ནས་སྙིང་གའི་བར་དུ་བརྟན་པ་ནི། མཆོག་དགའི་ས་སྟེ། སྟོང་གསུམ་མང་པོ་ཅིག་ཅར་མཐོང་བའི་མངོན་ཤེས་ལྔ་དང༌། དུག་ལྔ་མངོན་གྱུར་གཏན་ནས་འགག་པ་དང༌། དེའི་དོད་དུ་ཉོན་མོངས་དང་རྣམ་པ་འདྲ་ཆོས་ཅུང་ཟད་ཡོད་པའི། ཡེ་ཤེས་རིགས་ལྔ་ལ་བརྟེན་ནས་སེམས་ཅན་གྱི་དོན། རྒྱ་ཆེར་སྤྱོད་ནུས་པར་འགྱུར་རོ། །སྙིང་གའི་ཡ་མཐའ་ནས་མགྲིན་པའི་འཁོར་ལོའི་བར་གང་བ་ནི། ཁྱད་པར་གྱི་དགའ་བའི་ས་སྟེ། མི་བརྗེད་པའི་གཟུང་ཐོབ་པ་དང༌། སངས་རྒྱས་རྣམས་ལས་ཅིག་ཅར་ཆོས་ཐོས་པ་དང༌། བརྟན་གཡོ་ཐམས་ཅད་ལས་ཆོས་ཀྱི་སྒྲ་རྟག་ཏུ་འབྱུང་བ་དང༌། རིགས་སྔགས་མང་པོ་གསར་དུ་བྱེད་ནུས་པ་དང༌། ངག་ཚིག་ལས་སེམས་ཅན་མང་པོ་བསམ་པ་དང་མཐུན་པའི་ཆོས་དུ་མ་འབྱུང་བ་སོགས་ཀྱི་ཡོན་ཏན་ཐོབ་བོ། །དེའི་རྗེས་སུ་མགྲིན་པའི་ཡ་མཐའ་ནས་གཙུག་ཏོར་གྱི་བར་དུ་བརྟན་པས། སྣང་བ་ཐམས་ཅད་དཀྱིལ་འཁོར་དུ་ཅིག་ཅར་སྣང་བ་དང༌། སངས་རྒྱས་མང་པོ་ཅིག་ཅར་མཐོང་ཞིང་མཆོད་པའི་འབྱོར་བ་རྒྱས་པ་དང༌། མཉམ་བཞག་ཏུ་ངར་འཛིན་པ་དང་བདེན་འཛིན་མངོན་འགྱུར་པ་ཟད་ཅིང༌། ཏིང་ངེ་འཛིན་མི་འདྲ་བ་དུ་མ་རང་ཤུགས་སུ་ཐོབ་པ་སྟེ། མས་བརྟན་གྱི་ལྷན་


TNT08_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་སའོ། །དེ་དག་ལ་ནང་ཚན་བཞི་བཞིས་ཕྱེ་བས། མས་བརྟན་རྗེས་དྲན་བཅུ་དྲུག་གི་ས་ཞེས་བྱ་བ་ཡིན་ཏེ། འདི་ཐམས་ཅད་ལ་རྒྱུ་རྩ་མང་དུ་གནས་པའི་བྱང་ཆུབ་ཀྱི་སེམས་དྭངས་མ་གཙོ་བོར་གྱུར་པའི། རྩ་ཁམས་རླུང་སྣ་ཚོགས་པ་དག་གི་ཆ་ཤས་རེ་ནས། དབུ་མའི་ལམ་དུ་ཞུགས་ཤིང༌། འབྱུང་ལུས་ཀྱི་དངོས་པོ་ཆ་ཤས་རེ་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་ངེས་ནས། དེའི་དོད་དུ་ཡེ་ཤེས་ཀྱི་རང་བཞིན་གྱི་རྩ་རླུང་ཐིག་ལེ་གནས་པ་དེ་ནི། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་འཇུག་པའི་གང་བ་ཞེས་བྱ་ལ། དེ་ལས་འབྲས་བུ་བདེ་སྟོང་གི་ཡེ་ཤེས་མཐའ་དབུས་མེད་པ་དང༌། ལྷར་སྣང་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་མཆེད་པར་འགྱུར་བས། ལྷ་སྐུ་དང་བདེ་བ་རྗེས་སུ་དྲན་པ་ཡིན་པའི་ཕྱིར། རྗེས་དྲན་ཞེས་བྱ་སྟེ། མཚན་ཉིད་དེ་ཙམ་དུ་མཐུན་པ་ལ། །རྟོག་པ་མཐོ་དམན་གྱི་དབྱེ་བ་བཅུ་དྲུག་ཡོད་དོ། གོང་དུ་བཤད་པའི་ས་བཅུ་གཉིས་ཀྱང་འདིར་སྦྱོར་ཏེ། བཅུ་དྲུག་ལས་དང་པོ་བཞི་ནི། མཐུང་གཅོད། གནས། ཉེ་གནས། ཞིང༌། ཉེ་ཞིང༌། མཆོག་དགའ་བཞི་ནི། མདུན་རྟོག་དང༌། ཉེ་བདུན་ཁྱད་དགའ་བཞི་ནི། འདུ་བ་དང༌། ཉེ་འདུ། ལྷན་སྐྱེས་བཞི་ནི། དུར་ཁྲོད། ཉེ་བའི་དུར་ཁྲོད། ཉེ་བའི་མཐུང་གཅོད་རྣམས་ཡིན་ལ། ཡང་མཐུང་གཅོད་ས་བཅུ་གཅིག་པར་འཇོག་པ་ལྟར་ན། དང་པོ་བཞི་ལ་གནས་སོགས་བཞི་དང༌། ལྷན་སྐྱེས་བཞི་ལ། དུར་ཁྲོད། ཉེ་དུར། མཐུང་གཅོད། ཉེ་མཐུང་རྣམས་སྦྱོར་བ་ནི་ཁྱད་པར་རོ། །དེ་ལྟར་སྤྱི་དོན་མདོ་ཙམ་ངེས་ནས་གཞུང་གི་དོན་ལ། རིམ་པ་


TNT08_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཤད་ཟིན་ནས། ད་ནི་གསང་རིམ་གྱི་མཚན་ཉིད་འཆད་དེ། སྔགས་ཐ་མལ་གྱི་རླུང་དང༌། རྒྱུད་མ་དག་པའི་རྩ་དང༌། ཡེ་ཤེས་ཏེ་འཕོ་འགྱུར་ཕྱེད་པའི་ཐིག་ལེ་རྣམས་རང་རང་སོ་སོ་དང་འབྲེལ་བའི་རྣམ་རྟོག་དང་བཅས་པ་སྤངས་པ་སྟེ། ཡེ་ཤེས་ཀྱི་རླུང་དང༌། རྩ་དང༌། ཐིག་ལེ་ལ་ཐིམ་པའོ། །དེ་ཡང་གསང་རིམ་གྱི་ཐོག་མ་ནས། ཆ་ཤས་ཅུང་ཟད་སྤངས་ནས། མཐར་རྫོགས་པར་སྤངས་པའི་བར་རོ། །སྒོ་གཉིས་ནི། གཟུང་འཛིན་གྱི་སྣང་བ་སྐྱེད་པའི་ཕྱིར་རོ་རྐྱང་ངམ། རླུང་དང་ཐིག་ལེ་འགྲོ་འོང་བྱེད་པའི་ཐུགས་ཀྱི་སྒོ་གཞན་ཡང་དེ། དེ་དག་གི་བྱེད་ལས་དང༌། འགྲོ་འོང་རིམ་གྱི་འགག་པ་དང༌། དེ་འགག་པའི་རླུང་དང་ཐིག་ལེ་དང་སེམས་རྣམ་པར་རྟོག་པ་གཡོ་བའི་འགྲོ་འོང་ཇེ་ཉུང་ལ། མཐར་དེ་ལས་རྣམ་པར་གྲོལ་བ་དང༌། རྒྱུ་འཁོར་བའི་རྩ་རླུང་ཐིག་ལེ་རྣམས་དག་པས། རང་རྒྱུད་ཀྱིས་བསྡུས་པས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱྀ་འཁོར་བའི་ཆོས་དང་བྲལ་བ་སྟེ། ལུས་པྲ་ཕབ་བརྒྱད་ལྟ་བུའི་ཡེ་ཤེས་ཀྱི་སྐུར་གྱུར་པ་དང༌། དང་པོ་ཡེ་ཤེས་ཀྱི་སྐུར་འགྱུར་བའི་མགོ་རྩམས་པ་ནས་མཐར་ཡོངས་སུ་རྫོགས་པར་གྱུར་གྱི་བར་དུའོ། །ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ། མངོན་པར་ཞེན་པ་ནུབ་ཅིང༌། མཉམ་བཞག་ཏུ་དེ་རྣམས་ལས་ངེས་པར་འདས་པ་སྟེ་མ་དག་པའི་སྣང་བ་ནུབ་པས། ཐ་མལ་དེ་ལས་ངེས་པར་འདས་པའི། ཡེ་ཤེས་ཀྱི་གཟུགས་སྒྲ་སོགས་རབ་འབྱམས་རྟག་ཏུ་སྣང་བ་དང༌། སྔར་སྨོས་ཤིང་མི་ཤེས་པ་དང༌། དེ་ལས་དངོས་པོར་མངོན་པར་ཞེན་པའི་མ་རིག་པ། མུན་ནག་མཐུག་པོ་ལྟ་བུ་འབྱུང་ཞིང་ཡོད་པ་ལ། ནོར་བུ་ཆུ་ཤེལ་ཏེ་ཟླ་བ་ཉ་གང་བ་ལྟ་བུའི་ཡེ་ཤེས་ཀྱི་འོད་གསལ་ཏེ།


TNT08_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པ་སངས་ནས་རིག་པའི་ཡེ་ཤེས་སྐྱེས་པའོ། །དེ་ཡང་དཔེ་ནི་སྔར་མུན་ནག་འབྱུང་བའི་དུས་མཚན་མོ་ཡིན་ཡང༌། །ཟླ་བ་ཉ་གང་བ་ཤར་བས། མུན་ནག་འབྱུང་བའི་རང་དུས་དེ་ཉིད་ནས། འོད་ཀྱི་སྣང་བར་གྱུར་པ་ལྟར། སྔར་ཉོན་མོངས་པ་འཆར་བའི་དུས་དེ་ཉིད་དུ་ཡེ་ཤེས། རང་ཤར་བའི་དཔེ་ཡིན་ལ། ཟླ་བ་སྨོས་པ་ནི་བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་བདེ་བར་ཡང་བསྟན་ནོ། །དེས་ན་ཐིག་ལེ་མི་འགྱུར་བའི་བདེ་བས་ཉོན་མོངས་རང་དག་སྟེ། ཆེད་དུ་སྒྲུབ་ཅིང་བརྟགས་པ་མ་ཡིན་ཡང༌། སྔར་ཉོན་མོངས་འབྱུང་བའི་དོད་ལ། ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་འབད་རྩོལ་མེད་པར་འཆར་ཞེས་པའོ། །རྡུལ་དང་བྲལ་བ་ནི། མཉམ་བཞག་ཏུ་རྣམ་པར་རྟོག་པ་འགག་པ་དང༌། སྟོང་པ་ནི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་བྲལ་བ་ཡིན་ལ། མཆོག་ཅེས་པའི་དེ་ཉིད་ཡེ་ཤེས་སུ་བསྟན་པ་ཡིན་ནོ། །མཚན་མ་མེད་པ་ནི། ཆེ་ཆུང་དང་བཟང་ངན་དང་མཐའ་དབུས་ལ་སོགས་པ་དང་བྲལ་བར་མཉམ་ཉིད་དུ་གནས་པ་དང༌། སྨོན་པ་མེད་པ་ནི། རང་བཞིན་དང་འབྲས་བུ་དབྱེ་བ་མེད་པའི་ཕྱིར་དེ་ཁོ་ན་ཉིད་གཞན་དུ་འཚོལ་བས་ངེས་པའོ། །གཟུང་འཛིན་གྱི་སྣང་བ་གང་ཡང་མེད་པས་ནི། མཚན་མ་རྣམས་བློས་བཏགས་པ་ཙམ་དུ་གྲུབ་སྟེ། མཉམ་པ་ཉིད་དུ་རྟོགས་ལ། ཐམས་ཅད་མཉམ་པ་ཉིད་ལ་ནི། བཟང་ངན་མེད་པའི་ཕྱིར་གཞན་ལ་སྨོན་པ་ཡང་མི་འབྱུང་ངོ༌། །དེས་ན་སྨོན་པ་མེད་དེ་མཚན་མ་མེད་པའི་ཕྱིར། མཚན་མ་མེད་དེ་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཞེས་འབྲེལ་ཅན་དུ་འབྱུང་ལ།


TNT08_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་དེ་དག་ཅིར་ཡང་མ་གྲུབ་པས་སྟོང་རྐྱང་ཞིག་གོ་སྙམ་ན་དེ་དགག་པའི་ཕྱིར་ཡེ་ཤེས་སྨོས་ནས། གདོད་ནས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སོ། །བདག་དང་གཞན་དུ་རིག་པ་དང་བྲལ་བ་ནི། རང་གཞན་ལ་སོགས་པ་གཉིས་སུ་སྣང་བའི་ཆོས་རྣམས་སྤངས་པ་སྟེ། རིམ་གྱིས་སྤོང་བར་འགྱུར་བའི་དོན་ནོ། །མཆོག་ཏུ་ཞི་བ་ནི་སྡུག་བསྔལ་ཞི་བ་སྟེ། ལུས་སེམས་ལ་གདུང་བ་ཐམས་ཅད་སྤངས་པའོ། །འདོད་ཆགས་དང་ཆགས་བྲལ་འདྲེས་པ་ནི། བདེ་བ་ཆེན་པོའི་ལྷག་པར་ཉམས་སུ་བལྟར་བའི་ཕྱིར། །འདོད་ཆགས་ཡིན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། ཆགས་བྲལ་ཡང་ཡིན་ཏེ། དེ་གཉིས་གཅིག་ལ་ཚང་བའི་ཕྱིར་འདྲེས་པའོ། འདིའི་འདོད་ཆགས་ནི་ཉོན་མོངས་འདོད་ཆགས་མིན་ཞིང༌། ཆགས་བྲལ་ཡང་སྡང་བའི་རྣམ་པ་ཅན་དང༌། ཡིད་འབྱུང་བའི་མཚན་ཉིད་ཅན་ནི་མ་ཡིན་པར་ཤེས་སོ། །མར་ལ་མར་བཞག་པ་ལྟ་བུ་ནི། ཡུལ་ཅན་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་ཡང༌། ཡུལ་སྟོང་པ་ཉིད་ནི་ནམ་མཁའ་ལྟར་ཅི་ཡང་མ་ཡིན་པའོ། །སྙམ་ན་དེ་འདྲ་ནི་བློས་བཏགས་པ་ཙམ་དུ་ཟད་པ། གནས་ལུགས་ཀྱི་སྟོང་ཉིད་མ་ཡིན་ནོ། །དེས་ན་སྟོང་ཉིད་ཉིད་ཡེ་ཤེས་ཡིན་ལ། ཡེ་ཤེས་ཉིད་སྟོང་ཉིད་ཡིན་པའི། སྟོང་ཉིད་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ། ཤེས་པ་དང་ཤེས་བྱའམ། ཡུལ་དང་ཡུལ་ཅན་གྱི་དབྱེ་བ་མེད་པར། མར་ཁུ་ལ་མར་ཁུ་བླུག་པ་ལྟ་བུའོ། །ཞེས་པའོ། །མྱ་ངན་ལས་འདས་པ་ཞེས་པ་ལ། མྱ་ངན་ནི་སྡུག་བསྔལ་གྱི་དོན་ཡིན་ཞིང༌། དེ་ཡང་མཐར་གཏུགས་ན།


TNT08_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྣང་ཞིང་གྲགས་པ་ཐམས་ཅད་ཡིན་པས། དེ་ལྟ་བུའི་མྱ་ངན་ལས། གསར་དུ་འདས་པ་མ་ཡིན་པར་གདོད་ནས་འདས་པ་སྟེ། གདོད་ནས་གོས་མ་མྱོང་བ་དེ་མངོན་དུ་གྱུར་པའོ། །བདག་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ། དོན་དམ་བྱང་ཆུབ་ཀྱི་སེམས་བདེ་ཆེན་གྱི་ཡེ་ཤེས་དེ་མི་སྐྱེ་མི་འགགས་ལ་ནམ་དུ་ཡང་འགྱུར་བ་མེད་པའི་རྟག་པ་བརྟན་པ་དབྱེར་མེད་པ་ཀུན་ཏུ་ཁྱབ་པ་ཡིན་ཡང༌། གང་ཟག་གི་བདག་མ་ཡིན་ཞིང༌། རྟག་ཏུ་བདེན་ཞིང་ཉམས་སུ་མྱོང་བ་དང༌། རྣམ་པ་ཐམས་ཅད་པ་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་ཡིན་ཡང༌། སྒྲ་རྟོག་གི་ཡུལ་ལས་འདས་པས་ན། ཆོས་ཀྱི་བདག་མ་ཡིན་ཏེ་བདག་མེད་པ་ཞེས་བྱའོ། །དེས་ན་སྒོ་གཉིས་འགག་པ་དང༌། འགྲོ་འོངས་སྤངས་པས། ལས་རླུང་འགག་པ་དང༌། སྔགས་སོགས་སྤངས་པས་ཁམས་འགགས་པ་དང༌། ཕུང་སོགས་བྲལ་བའི་ལུས་ཟག་མེད་སྐྲ་སེན་ལྟ་བུ་གྱུར་པ། ཡུལ་ལས་འདས་པས་སེམས་རྟོགས་མེད་ཡེ་ཤེས་ཀྱི་སྣང་བ་ཅན་དང༌། ཟླ་བའི་དཔེས་བདེ་ཆེན་གྱི་ཕན་ཡོན་ལས་ཉོན་མོངས་གནས་གྱུར་པ་རྣམས། དང་པོ་མགོ་བརྩམས་པ་ནས། ཕྱིས་མཐར་ཕྱིན་གྱི་བར་དུ་འབྱུང་བའི་གསང་རིམ་གྱི་ངོ་བོའམ་ཡོན་ཏན་བསྟན་པ་ཡིན་ལ། རྡུལ་དང་བྲལ་བ་ཞེས་པ་མན་ཆད་ཀྱི་གསང་རིམ་མཐར་ཕྱིན་པའི་གྲུབ་འབྲས་ཟུང་འཇུག་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་ས་མཚམས་ནི། ཡེ་ཤེས་ཀྱི་རིམ་པ་རྫོགས་ནས། ཏིང་ངེ་འཛིན་གྱི་ལུས་སྒྱུ་མ་ལྟ་བུའི་སྐུ་འགྲུབ་པའི་སྐད་ཅིག་དེ་ནི། གསང་རིམ་


TNT08_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐོག་མར་སླེབ་ཅིང༌། རྩེ་མོའི་ཡེ་ཤེས་ཀྱི་དང་པོ་ཡིན་ནོ། །དེ་ནས་རིང་དུ་གོམས་པ་ལས་མས་བརྟན་གྱི་ས་དང་པོ་ཐོབ་པ་ནི། བཟོད་པའི་དང་པོ་ནས་རྩམས་ཏེ། རྗེས་དྲན་བཅོ་ལྔའི་བར་དུ་བཟོད་པ་ཡིན་ལ། བཅུ་དྲུག་པ་ནི་ཆོས་མཆོག་གོ །དེའི་སྐད་ཅིག་གཉིས་པར་མཐོང་ལམ་གྱི་ཡེ་ཤེས་སྐྱེས་པ་ཕན་ཆད་ནི། གསང་རིམ་གྱི་འབྲས་བུར་འཇོག་ལ། དེ་ལ་མཐོང་ལམ་ནི་ཟུང་འཇུག་གི་སྦྱོར་བ་དང༌། དེའི་རྗེས་ཐོབ་ཉིད་ནི་ཟུང་འཇུག་སྟེ། སྡེ་སྣོད་འོག་མའི་ཆོས་མངོན་པ་ལས་སྐད་ཅིག་བཅུ་དྲུག་ཏུ་བཤད་པའི་ངེས་དོན་ཡང༌། མཐོང་ལམ་ནི་བདེ་ཆེན་གྱི་ཡེ་ཤེས་ཁོ་ན་ཡིན་ཞིང་དེ་ཡང་དགའ་བ་བཞི་དང༌། བཅུ་དྲུག་གི་མཚན་ཉིད་ལས་དགའ་བཞི་ནི་འཁོར་ལོ་བཞི་ལས་སྐྱེས་པའི་ཡེ་ཤེས་དང༌། འཁོར་ལོ་བཞི་བདེན་བཞིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བར་བཤད་པ་འདི་ལ་ངེས་པ་བསྐྱེད་པར་བྱའོ། །གཉིས་སུ་མེད་པའི་རིམ་པ་འདི་ཐོབ་ནས་ནི། དག་པའི་ཞིང་ངམ། སངས་རྒྱས་ཀྱི་ཞིང་རབ་འབྱམས་ལ། ཡུལ་ཆེན་ཉེར་བཞི་ལ་སོགས་པར་བཞག་པ་དེ་རྣམས་སུ། མཉམ་བཞག་ཟུང་འཇུག་དང་རྗེས་ཐོབ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྤྱད་ནས། རིམ་པས་འཕགས་པའི་ས་བཅུ་གཉིས་མངོན་དུ་བྱས་ཏེ། །མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ལ་སྦྱོར་བར་བྱེད་དོ། །རིམ་པ་བཞི་པོ་འདི་མངོན་དུ་བྱེད་པ་ལ་སྤྱོད་པ་དགོས་སམ་མི་དགོས་ཞེ་ན། ཇི་སྲིད་དུ། སྔགས་ཀྱི་རིམ་པའི་ཡེ་ཤེས་མཐར་མ་ཕྱིན་གྱི་བར་དུ། དངོས་གྲུབ་མཆོག་སྒྲུབ་པའི་སྤྱོད་པ་མི་བྱའོ། །དེ་ནས་ཡེ་


TNT08_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་རིམ་པ་སྐྱེད་པའི་ཕྱིར་དང༌། དགའ་བའི་ས་སྔ་མ་སྔ་མ་ཐོབ་ནས་ཕྱི་མ་སྒྲུབ་པའི་ཕྱིར། སྤྱོད་པ་བྱས་ན་ལེགས་མོད་མ་བྱས་ཀྱང་འགྲུབ་ཏུ་རུང་ངོ༌། །གསང་བའི་རིམ་པའི་ས་རྣམས་གོང་ནས་གོང་དུ་བགྲོད་པའི་ཕྱིར་ནི། ངེས་པར་སྤྱོད་པ་དགོས་ལ། སྤྱོད་པ་གསུམ་པ་ནི་གང་ཡང་རུང་བས་ཆོག་པར་བཞེད་དོ། །དེ་དག་ལས་ལས་ཀྱི་ཕྱག་རྒྱ་ངེས་པར་འཇུག་ལྡོག་ནི། ཡེ་ཤེས་ཀྱི་རིམ་པའི་ས་བཞི་པ་དང༌། གསང་བའི་རིམ་པ་དང་པོར་སྒྲུབ་པ་ལས་ཀྱི་ཕྱག་རྒྱ་ལ་ངེས་པར་ལྟོས་ལ། གཞན་རྣམས་ལ་ཇི་ལྟར་རིགས་པར་སྦྱོར་བ་ལས་ངེས་པ་མེད་དོ། །གཉིས་པ་དེ་ཉིད་ལུང་དང་སྦྱར་བ་ལ། རྒྱུད་ཀྱི་གླེང་གཞིའི་དོན་བཤད་པ། མདོ་སྡེའི་སྙིང་པོ་ངེས་པར་བསྟན་པ། དེ་གཉིས་ཀའི་དོན་རང་བཞིན་རྣམ་དག་ཏུ་ངེས་པ་གསུམ་ལས། དང་པོ་ནི་བཙུན་མོའི་བྷ་ག་ལ་ནི་བདེ་བ་ཅན་གྱི་མིང་ཅན་ལའོ། །བཞུགས་སོ་ནི་གནས་པ་དང་ལྡན་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པའི་དེ་བཞིན་གཤེགས་པ་དེ་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་ཨོཾ་ཨཱཿཧཱུཾ་ཞེས་པ་ཡི་གེ་གསུམ་མོ། །དེ་རྣམས་ཀྱི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་བཙུན་མོ་ནི་མི་ལ་སོགས་པའི་གཟུགས་སུ་གནས་པའོ། །དེའི་བྷ་ག་དེ་ལ་ཞེས་བྱ་བའི་དོན་ནོ། །ཨེ་བཾ་ཞེས་བྱ་བ་ནི། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གཞི་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེ་སྤྲུལ་པའི་སྐུ་བདག་གིས་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཐོབ་པའོ། །


TNT08_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ། བཙུན་མོའི་བྷ་ག་རྣམས་ལ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དེ་ལྟར་བཞུགས་པའོ། །དུས་གཅིག་ན། ཞེས་བྱ་བ་ནི་ལན་གཅིག་གི་ཚེ་དུས་གཅིག་ན་སྟེ། འགོག་པའི་དུས་དང༌། དཔྱིད་ཀྱི་དུས་ཞེས་བྱའོ། །ཇི་སྲིད་དུ་གཡས་པ་དང༌། གཡོན་པའི་སྣ་བུག་ཏུ་སོན་པའི་རླུང་འགོག་པ་ན། ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་ཏེ། རྡོ་རྗེ་བཙུན་མོའི་བྷ་ག་ཞེས་པ་ནི། བདེ་བ་ཅན་གྱི་མིང་ཅན་ཏེ། གང་ལས་ཡང་དག་པའི་བདེ་བ་དམ་པ་སྐྱེ་བར་འགྱུར་བ། རྩ་འཁོར་ལོ་བཞིའི་ལྟེ་བ་རྩ་དབུ་མའི་ནང་དུ་སྟེ། དེར་བཞུགས་སོ་ཞེས་པ་ནི། ཀུན་རྫོབ་ཀྱི་དབུ་མ་ལ་གནད་དུ་བསྣུན་པས་ཡེ་ཤེས་ཀྱི་དབུ་མ་ལ་རེག་སྟེ། ཡེ་ཤེས་ཀྱི་ཐིག་ལེའི་རང་བཞིན་དུ་སོང་ནས། དབྱེ་བ་མེད་པར་གནས་པའི་མཚན་ཉིད་དང་ལྡན་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་ནོ་ཞེས་གཞི་མཐུན་བསྡུ་བར་བྱས་ནས། ཕུང་པོ་ལྔའི་རྩ་ཡིག་རླུང་ཁམས་རྣམས་དེ་བཞིན་གཤེགས་པ་དང༌། ཁམས་བཞིའི་རྩ་ཡིག་རླུངཁམས་རྣམས་ཡུམ་བཞི་དང༌། དབང་པོ་ཡུལ་བཅས་ཀྱི་རྩ་ཡིག་རླུང་ཁམས་རྣམས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་ལ་སོགས་པར་སྦྱར་རོ། །དེ་རྣམས་ཀྱི་དྭངས་མ་ཁུ་བ་དང༌། རྡུལ་དང་རླུང་གི་ངོ་བོར་གྱུར་པ་ནི། སྐུ་གསུང་ཐུགས་དང་ཡིག་འབྲུ་གསུམ་ཏེ། དེ་རྣམས་ཡེ་ཤེས་བདེ་སྟོང་གཉིས་སུ་མེད་པར་ཐིམ་པའི་ཉམས་མྱོང་ནི་རྡོ་རྗེ་སྟེ་འོད་གསལ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ།


TNT08_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཀུན་རྫོབ་སྙིང་རྗེ་དང༌། སྟོང་པ་དོན་དམ་རྣམ་པ་ཐམས་ཅད་པ་གཉིས་ཟུང་དུ་འཇུག་པ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་པ་ལྟར་རོ། །ཡང་རྣམ་པ་གཅིག་ཏུ་ན། བཙུན་མོའི་བྷ་ག་ནི། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དེའི་རྒྱུའམ་ཐབས་ཀྱི་དབང་དུ་བྱས་ནས། དེའི་བཙུན་མོ་ནི་མིའི་གཟུགས་སུ་གནས་པའི་ལས་ཀྱི་ཕྱག་རྒྱ་དང༌། སོགས་ཞེས་པས་ན། ཡིད་ཀྱི་ཕྱག་རྒྱ་དང༌། ལྷ་རྫས་སྟོང་པའི་ཕྱག་རྒྱ་ལ་སོགས་པའོ། །དེའི་བྷ་ག་དེ་ལ་སྙོམས་པར་ཞུགས་པ་ལས་ཕུང་སོགས་ཀྱི་སྐུ་གསུང་ཐུགས་དོན་དམ་པའི་ཡི་གེ་གསུམ་ལ་ཐིམ་པར་འགྱུར་ཞེས་པའི་དོན་ནོ། །དེ་ནི་ཡི་གེ་གསུམ་གྱི་བརྡས་མཚོན་པ་སྟེ། མདོར་བསྟན་གྱི་སྐབས་སུ་བཤད་པ་ལྟར་གྱི་རྡོ་རྗེ་བཞི་ལས་རྡོ་རྗེ་དང་པོ་གསུམ་མོ། །དེ་དག་གིས་ནི་དོན་དམ་པའི་གནས་དང་སྟོན་པ་བཤད་ལ། ཆོས་ནི་ཟུང་འཇུག་སྟེ་དེ་ལ་ཨེ་ཝཾ་ཞེས་བྱ་བ་ནི། ཨེ་ཡི་ཆ་བྱད་བཟང་པོ་ཞེས་བྱ་བ། འགྱུར་གཞན་དུ་ཨེ་ཡི་རྣམ་པ་ལྷ་ཡི་གང༌། ཞེས་ཀྱང་འབྱུང་སྟེ། ཨེ་ཡིག་ནི་རྣམ་བཅས་ལྷའི་དཀྱིལ་འཁོར་རམ། ཆ་བྱད་བཟང་པོ་སྟེ། ཆོས་ཉིད་རྣམ་པ་ཐམས་ཅད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཞིང་ཁམས་སུ་གྱུར་པ་ལ། དབུས་སུ་བཾ་ཡིག་གིས་མཚོན་པ་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་ཨེ་ཡིག་དེ་ཉིད་ལ་རོ་གཅིག་ཏུ་བརྒྱན་པ་དོན་དམ་ཡེ་ཤེས་ཟུང་འཇུག་གི་བདེ་བ། དེ་ནི་འཇིག་རྟེན་ན་འདས་པའི་ཆོས་ཐམས་ཅད་ཀུན་གྱི་གཞི་ཡང་ཡིན་ཞིང༌།


TNT08_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱི་བློ་ངོ་ལ་ལྟོས་ནས། འཁོར་བ་ཀུན་གྱི་གཞི་ཡང་ཡིན་ཏེ། དེ་ནི་དོན་དམ་པའི་སངས་རྒྱས་ཀྱི་རིན་པོ་ཆེའོ། །ཡང་ཨེའི་རྣམ་པའི་ཆ་བྱད་རང་ལུས་རྩ་འཁོར་ལོའི་ཁོང་སྟོང་དང༌། གཞན་ལུས་ཤེས་རབ་གྱི་པདྨ་གང་ཞིག་ལ། དབུས་སུ་བཾ་ཡིག་ཐིག་ལེའམ་རྡོ་རྗེའི་ནོར་བུས་རྣམ་པར་བརྒྱན་པ་ལས་ནི་ཞུ་བདེ་འབྱུང་སྟེ། དེ་ཡང་འཕོ་མེད་དུ་བྱས་ནས། བདེ་བ་དེ་ཕུན་སུམ་ཚོགས་པ་ཀུན་གྱི་གཞིར་གྱུར་པ་སྟེ། གོང་གི་སངས་རྒྱས་རིན་ཆེན་ཏེ་སྣོད་ཟ་མ་ཏོག་ཏུ་གྱུར་པའོ། །སངས་རྒྱས་རིན་ཆེན་དེ་དེའི་ནང་དུ་སྦས་པའམ། ཡང་ན་དེ་རྟོགས་པའི་ཡེ་ཤེས་སྐྱེ་བ་དང་འཕེལ་བ་དང་གནས་པའི་རྒྱུ་ཡིན་པའི་ཕྱིར་ཟ་མ་ཏོག་གོ །དེ་ལྟར་དོན་དམ་པའི་ཨེ་བཾ་དེ་སྤྲུལ་པའི་སྐུ་སྟེ་འབྲས་བུ་གསང་རིམ་དུ་རྟོག་པའི་མས་བརྟན་གྱི་བདེ་བ་དེས་རྒྱུ་ལོངས་སྤྱོད་རྫོགས་སྐུ་སྟེ། ཡེ་ཤེས་ཀྱི་རིམ་པ་དང་རྟོགས་རིགས་མཐུན་ཞིང་ངོ་བོ་གསང་རིམ་དུ་གཏོགས་པའི་ཡས་བབས་ཀྱི་དགའ་བ་ལས་ཐོས་ཤིང་རྟོགས་པའོ། །ཐོས་པ་ནི་རྟོགས་པའི་དོན་ཡིན་ལ་རང་རྒྱུ་སྐད་ཅིག་དང་པོར་ཞུ་བདེ་འགྱུར་མེད་སྒོམ་པོ་དེས། གནས་ལུགས་མཚོན་ཞིང་རྟོགས་ནས། རང་འབྲས་སྐད་ཅིག་གཉིས་པར། རང་བཞིན་གྱི་བདེ་བའི་ཆ་ཤས་ཐོབ་པའོ། །འདིའི་ཞུ་བདེ་ཡང་གསང་རིམ་ཉིད་ཀྱི་ནང་དུ་གཏོགས་པར་བྱས་ན་ལེགས་སོ། །འདིར་སྤྲུལ་སྐུ་སྔགས་རིམ་དང༌། ལོངས་སྐུ་ཡེ་རིམ་དངོས་ལ་འཆད་པ་མི་ལེགས་ཏེ། གང་ལས་ཐོས་པའི་ཡུལ་ཕྱིས་འབྱུང་བ་ལ་བྱེད་པ་རིག་པས་ཀྱང་མི་འཐད་པའི་ཕྱིར་དང༌།


TNT08_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་དང༌། དཔྱིད་ཐིག་ལས། སྔགས་རིམ་ཆོས་སྐུའི་ལམ་དུ་ཡང་གསུངས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རིམ་པ་ལོངས་སྐུར་བཤད་ཀྱང༌། དེས་དེ་ལ་ཁྱབ་པ་ནི་མིན་ཏེ། ཞུ་བདེ་ཡས་བབས་ཀྱི་རིམ་པ་ལོངས་སྐུ་དང༌། མས་བརྟན་གྱི་རིམ་པ་སྤྲུལ་སྐུ་འཇོག་ཅིང༌། འདིར་དེ་ལྟར་སྦྱོར་ལ། ཡེ་རིམ་ལོངས་སྐུ་དང༌། གསང་རིམ་སྤྲུལ་སྐུར་འཇོག་པ་ནི། གཙོ་བོའི་དོན་ནམ། ཁྱད་པར་ཅན་གྱི་དབང་དུ་བྱས་པའོ། །དེ་ལྟར་ཨེ་ཝཾ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དེ་ལྟར་བཞུགས་པའོ། །ཞེས་ཐོས་ནས། དུས་གང་གི་ཚེ་ཐོས་ཞེས་པའི་ལན་ནི། དུས་གཅིག་ན་ཞེས་བྱ་བ་ནི། ལན་གཅིག་གི་ཚེ་ནི་དུས་གཅིག་གི་ཚེ་ན་སྟེ། དེ་ཡང་རང་བཞིན་རྟག་པ་ཉིད་དེ། རྟག་པ་ལ་ནི་དུས་གཅིག་ཁོ་ན་ལས་གཉིས་པ་མེད་པའི་ཕྱིར་དང༌། མི་རྟག་པ་ནི་དུས་མཐའི་སྐད་ཅིག་མ་ཡང་ཆ་དུ་མ་དང་བཅས་པའི་ཕྱིར། དུས་དུ་མར་འགྱུར་གྱི་གཅིག་པ་མི་སྲིད་དོ། །དེ་ཡང་འགོག་པའི་དུས་དང༌། དཔྱིད་ཀྱི་དུས་གཉིས་དངོས་སུ་བསྟན་པས། ཤུགས་བསྟན་ལས་དུས་གསུམ་པའང་གོ་སྟེ། བསམ་གྱི་མི་ཁྱབ་པའི་དུས་མངོན་དུ་གྱུར་པ་ལ་དུས་གཅིག་ཅེས་བྱའོ། །འགོག་པའི་དུས་གང་ཞེ་ན། དུས་ཇི་སྲིད་དུ་ན་དེ་དུས་སྐབས་ཞིག་ན། གཡས་པ་དང་གཡོན་པའི་སྣ་བུག་ཏུ་སོན་ཞིང་རྒྱུ་བའི་རླུང༌། ལས་རླུང་གི་དབུགས་ཐམས་ཅད་དོན་དམ་པའི་དབྱིངས་སུ་འགོག་པ་ན་ཞེས་བྱ་བའི་ཐ་ཚིག་སྟེ།


TNT08_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཅན་གྱི་དོན་ནོ། །དེ་ལ་སྤྱི་ཁྱབ་ནས་འགོག་པའི་དུས་ནི་རོ་རྐྱང་གི་རླུང་དབུ་མར་འགགས་པ་ཐམས་ཅད་ལ་འཇུག་ཀྱང༌། སྐབས་འདིར་ལས་རླུང་རྩ་བ་ནས་འགག་པ། གསང་རིམ་འབྲས་བུ་དང་བཅས་པའི་སྐབས་སུའོ། །དཔྱིད་ཀྱི་དུས་ཞེས་པ་ནི། སྤྱིར་དབུ་མའི་ལམ་དུ་ཞུ་བདེ་སྐྱེས་པ་ཕན་ཆད་ཐུན་མོང་མ་ཡིན་པའི་བདེ་བར་སྐྱེས་པ་ཀུན་ལ་ཟེར་ནའང༌། སྐབས་འདིར་ནི་ཞུ་བདེ་ཡེ་ཤེས་ལ་ཐིམ་སྟེ་རང་བཞིན་གྱི་བདེ་བ་མངོན་དུ་གྱུར་པའི་མིང་ངོ༌། །བསམ་མི་ཁྱབ་ཀྱི་དུས་བྱ་བ། སྤྱི་རླུང་དབུ་མར་ཐིམ་པ་ལས་སྐྱེས་པའི་མི་རྟོག་པའི་ཡེ་ཤེས་ཐམས་ཅད་ལ་བྱ་ན། སྐབས་འདིར་ནི་ཆོས་ཉིད་བསམ་མི་ཁྱབ་མངོན་དུ་གྱུར་པ་ལ་བྱའོ། །གཉིས་པ་ནི། ཆོས་རྣམས་གང་དག་རྒྱུས་བྱུང་དེ་དག་གི དེའི་རྒྱུ་དང་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་པའི་ཚུལ་ཅན་དགེ་སྦྱོར་ཆེ། །ཞེས་པ་སྟེ། གཞི་ལམ་འབྲས་བུ་གསུམ་གྱི་ཆོས་རྣམས་གང་ཡིན་པ་དེ་དག་ནི། རྩ་གསུམ་འཁོར་ལོ་བཞི་ལ་སོགས་པ། བརྟེན་དཀྱིལ་འཁོར་གསུམ་གྱི་རྒྱུ་ལས་བྱུང་ཞིང༌། དེ་ཡང་ཆོས་ཉིད་འོད་གསལ་གྱི་དབྱིངས་ལས་ཤར་བ་ཡིན་པས། དེ་ལས་བྱུང་བར་འདྲའོ། །དེ་ལྟར་ན་རྒྱུ་ལས་བྱུང་བའི་འབྲས་བུ་ནི། གཞི་ལམ་འབྲས་གསུམ་གྱི་ཆོས་སྣ་ཚོགས་ཡིན་ལ། དེའི་རྒྱུ་ནི་དཀྱིལ་འཁོར་གསུམ་དང་ཆོས་དབྱིངས་སོ། །དེ་དག་གི་རྒྱུད་དང་འགོག་པ་ཞེས་པ་ལ། འགོག་པའི་བྲལ་རྒྱུ་ནི་ལམ་ཡིན་ཏེ། ཇི་སྐད་བསྟན་པའི་སྐུ་གསུམ་གྱི་ལམ་


TNT08_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །དེས་ལས་རླུང་ལ་སོགས་པ་འགག་པ་ནི་འགོག་པ་སྟེ། སྒྲིབ་བྱེད་དེ་འགག་པས་གདོད་མའི་རང་བཞིན་མངོན་དུ་གྱུར་པ་ནི། དོན་དམ་དབྱིངས་ཀྱི་བྲལ་བའི་འབྲས་བུ་དང༌། འགོག་པའི་བདེན་པའོ། དེ་བཞིན་གཤེགས་པ་ནི་ཇི་སྐད་དུ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པ་ལྟར། གདོད་ནས་དེ་བཞིན་ཉིད་ལ་ཞུགས་པའི་རང་བཞིན་རྣམ་དག་དེ། སླར་ཡང་གློ་བུར་གྱི་དྲི་མ་སྤངས་ཏེ། དེ་བཞིན་ཉིད་ལ་ཞུགས་པའི་དག་པ་གཉིས་ལྡན་ནོ། །དེ་བས་ན་བདེན་པ་བཞི་པོ་དེ་ནི་དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། དེ་སྐད་གསུང་བའི་ཚུལ་གྱི་དེ་བཞིན་གཤེགས་པ་དེ་ཡང་ཅི་ཞེ་ན། དགེ་སྦྱོང་ཆེན་པོ་བཅོམ་ལྡན་འདས་ཤཱཀྱ་སེང་གེའོ། །འདི་ལ་ཚིག་རྐང་དང་པོས་རྒྱུད་རིམ་དང༌། རྒྱུད་སྔགས་རིམ། འགོགས་པ་ཡེ་རིམ། གང་ཡིན་པ་ཞེས་པ་སོགས་ཀྱིས་གསང་རིམ་བསྟན་པར་འཆད་པ་ནི་བརྗོད་འདོད་ཙམ་མོ། །གསུམ་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ད་ལྟར་བྱུང་བའི་རང་བཞིན་ལས། །འདའ་བར་བྱ་བ་ཐག་རིང་ཕྱིར། །ཞེས་པ་སྟེ། སྲིད་པ་ནི་སྲིད་པའི་རང་བཞིན་ཆོས་ཉིད་ཡིན་ལ། དེ་ནི་ངོ་བོ་ཉིད་ཀྱི་དྲི་མས་རྣམ་པར་དག་པས། ཟག་མེད་ཀྱི་ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་གདོད་མ་ནས་གནས་པའོ། །དེ་ནི་ངོ་བོ་ཉིད་ཀྱིས་ཏེ་ངོ་བོ་ཉིད་གདོད་ནས་དྲི་བྲལ་དང་རྣམ་པ་མཐུན་པར་སྲིད་པ་འཁོར་བ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དང་བྲལ་ཞིང་གློ་བུར་རྣམ་དག་ཏུ་


TNT08_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དེ་ནི་སངས་རྒྱས་ཡིན་པའོ། །ད་ལྟར་བྱུང་བའི་རང་བཞིན་ནི། རྟག་ཏུ་ད་ལྟར་བ་ལ་བཞུགས་པའི་དོན་ཏེ། དེ་ཉིད་ཀྱི་ཕྱིར་ན་འདས་མ་འོངས་ལྟར་མེད་པའམ་མེད་པར་འགྱུར་བ་མེད་པའི་ཕྱིར་འདའ་ཞིང་འཇིགས་པར་བྱ་བའི་དངོས་པོ་སུས་ཀྱང་མ་གོས་པས་ཐག་རིང་བའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་འདི་དག་གིས་ཀྱང་དོན་དམ་རྣམ་པར་ངེས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དབུ་མ་ཆེན་པོའི་གཞུང་བཙུགས་པ་ཡིན་ནོ། །གསང་བའི་རིམ་པའོ། །ཞེས་པ་ནི་གཞུང་གི་དུམ་བུའི་མཚམས་སྟོན་པའོ། །འགྱུར་གཞན་ལས་ནི་ཐ་ཚིག་གོ་ཞེས་པའི་རྗེས་ལ་ཚིག་བཅད་འདི་ཡོད་པའང་སྣང་ངོ༌། །དེའི་རྗེས་སུ་འདི་སྐད་ཅེས། དེ་བཞིན་གཤེགས་པའི་གསུང་རབ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས་ཕྱེ་སྟེ་སྦྱར་བའི་རིམ་པ་འདི་ནི་སྤྱོད་པའི་རྟུལ་ཞུགས་པ་སློབ་དཔོན་ནག་པོའི་མཛད་པའོ། །ཞེས་འབྱུང་བ་ནི་མཛད་བྱང་སྟེ། བརྒྱད་ཁྲི་བཞི་སྟོང་ལས་ཕྱེ་སྟེ་སྦྱར་ཞེས་པ། རྣམ་བཤད་རྣམ་པར་སྤྲོས་ཏེ་ཕྱེ་བའི་དོན་མ་ཡིན་ཏེ། དེ་ཐམས་ཅད་ཀྱི་སྙིང་པོའི་དོན་ལོགས་སུ་ཕྱེ་སྟེ་གོང་དུ་བྱུང་བའི་དོན་ཡིན་ལ། རིམ་པ་ཞེས་ནི་ཐ་སྙད་གཙོ་བོར་མ་བྱས་པ་སྟེ། སྒོམ་རིམ་གྱི་དབང་དུ་བྱས་ཞེས་པའོ། །རིམ་པ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་སུ་མ་ཏི་ཀིཏྟི་དང་བོད་ཀྱི་ལོ་ཙ་བ་པྲཛྙཱ་ཀྲིཏྟིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །པྲཛྙཱ་ཀིཏྟི་ནི་པུ་རངས་ལོ་ཆུང་ཤེས་རབ་གྲགས་ཏེ། མཚན་གཞན་གྲགས་འབྱོར་ཤེས་རབ་ཅེས་བྱའོ། །འགྱུར་བྱང་ལ་དེ་ཙམ་ལས་མེད་ཀྱང་གཞུང་འདི་ཡང་འབྲོག་


TNT08_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འགོས་གྱི་འགྱུར་ལ་འགྱུར་བཅོས་པ་ཡིན་ནོ། །གང་ཞིག་འཁོར་བ་ལས་ཀྱང་མྱང་ངན་འདས། །འབད་རྩོལ་མེད་པར་བརྙེས་འགྱུར་གསང་བའི་ལམ། །དཔག་ཡས་གྲུབ་མཆོག་ཀུན་གྱིས་བགྲོད་བྱས་ཏེ། །བླ་མ་དམ་པའི་དྲིན་ལས་འདིར་གསལ་བྱས། །བློ་ངན་སྦྲུལ་གདུག་གིས་གཟུང་བློན་པོ་ཡི། །ཡིད་ཀྱི་ཁང་པར་སྒྲོན་མེ་བྱེད་པ་ཅི། །རྣམ་དཔྱོད་འདབ་བརྒྱ་རྒྱས་པའི་སྐལ་བཟང་ལ། །ལེགས་བཤད་ཉིན་བྱེད་འོད་འདིས་བྱ་བ་བྱེད། །དེ་ལྟར་ཤིན་ཏུ་རྟོགས་དཀའ་བའི། །ཟབ་མོའི་གཞུང་མཆོག་འདི་བཤད་པས། །མཐའ་ཡས་འགྲོ་བ་མ་ལུས་པས། །ཧེ་རུ་ཀ་དཔལ་ཐོབ་གྱུར་ཅིག།དཔལ་རིམ་པ་བཞི་པའི་གཞུང་གི་རྣམ་པར་བཤད་པ་གསང་བའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བ་སྟེ། ནག་པོ་སྤྱོད་པ་པའི་གཞུང་རྒྱ་བོད་ཀྱི་དགོངས་འགྲེལ་དུ་མ་དང་བཅས་པ་དང༌། འདི་དང་ཕྱོགས་མཚུངས་པའི་རྒྱུད་དང་བསྟན་བཅོས་ཐམས་ཅད་ལ་ངེས་པ་རྙེད་ནས། གཞུང་དོན་དཔྱིས་ཕྱིན་པར་སྨྲས་པ་ཡིན་ནོ། །མངྒ་ལཾ། སྤྱོད་པ་པའི་རྫོགས་རིམ་གཞུང་གསུམ་ལ་ཕྱོགས་འདིར་ལོ་སུམ་བརྒྱ་ཚུན་ཆད་དུ་བརྩམས་པའི་ཡིག་སྣ་མེད་པས་ཕྱིས་ཀྱི་ངག་སྒྲོས་ཀྱིས་བསླད་པ་ནི་མེད་ལ། གཞུང་འདི་ལ་པཎྜི་ཏ་ཀརྨ་བཛྲ་ཞེས་བྱ་བའི་བྱས་པའི་འགྲེལ་པ་རྒྱས་པ་ཞིག་ཡོད་པ། གསང་སྔགས་ལ་ཐོས་པ་དང་རྣམ་དཔྱོད་ཆེ་བ་ཞིག་གིས་བརྩམས་འདུག་ནའང༌། གཞུང་གསུམ་གྱི་ལམ་གྱི་རིམ་པས་སྙིང་པོ་མ་རྙེད་སྣང་བས། མན་ངག་མེད་པའི་རྩལ་བཤད་དུ་འདུག གཞན་རང་


TNT08_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་དུ་ཁ་འཕངས་པའི་བསྡུས་པ་ཞིག་དང༌། ག་ཡ་དྷ་རའི་འགྲེལ་པ་མདོར་བསྡུས་ཞིག་ཀྱང་སྣང་བས། རྒྱ་འགྲེལ་གསུམ་མོ། །བོད་ཀྱི་སྦྱར་བ་ལ་འབྲོག་འགོས་རྭ་གསུམ་སོ་སོའི་སློབ་མས་བྲིས་པའི་མཆན་བུ་དང༌། ཡིག་སྣ་ཐན་ཐུན་ཡོད་ལ། མལ་ལོའི་འགྲེལ་བ་ཉུང་ངུ་དང༌། དེའི་རྗེས་འབྲང་རྗེ་བཙུན་ས་སྐྱ་བའི་ནག་འབུམ་གྱི་ནང་ན་ཡོད་པ་དང༌། ཨོ་ལ་པ་ཏིའི་མན་ངག་དང་འགྲེལ་པ་གཞན་ཡང་ཡོད་ཅིང་མར་པ་དོལ་པས་ཊཱི་ཀ་དང་པཱུ་རངས་ལོ་ཆུང་གི་སློབ་མ་འགའ་ཞིག་གི་མཆན་དང་ཡིག་སྣ་སོགས་སྣང་ལ། འོན་ཀྱང་དེ་དག་ཐམས་ཅད་ལ་ལེགས་བཤད་ཀྱང་མང་དུ་ཡོད་ཅིང༌། ཁྱད་པར་མར་དོལ་མལ་ལོ་ཆུང་གསུམ་ལ། མན་ངག་ལག་ལེན་ཟབ་མོ་ཁྱད་པར་ཅན་ཡོད་མོད་ཀྱི། བཤད་སྒྲོས་ན་རྒྱུད་དོན་མཐའ་དག་ལ། ངེས་པ་སྟེར་ནུས་པའི་འགངས་ཆེན་པོ་ཁོ་ནར་ཡང་མི་སྣང་བའི། འདིར་གཞུང་འདི་ཤེས་པ་དོན་གཉེར་དག་ཡོད་སྲིད་ན་ཕན་པར་འགྱུར་རོ་སྙམ་ནས་ཀླག་ཆོག་གི་ཚུལ་དུ་ཞིབ་ཅིང་གསལ་ལ་མ་ནོར་བ་ཟབ་ཅིང་རྒྱ་ཆེ་བའི་ཚུལ་གྱིས་བཤད་པ་ཡིན་ནོ། །ཤུ་བྷཾ།། །།བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་མ་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །ཅེས་པའི་དགེ་བ་བསྔོ་བའི་མ་ཏིས་བྲིས། །


TNT08_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་པད་དཀར་འཆང་བའི་རྣམ་འཕྲུལ་མགོན། །སླུ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་བར། །བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་སླར་གསོ་བྱ་བ་སྤེལ་བའི་ཆེད། །འཇམ་མགོན་ཏཱ་ར་ནཱ་ཐའི་གསུམ་འབུམ་གྱི། །མི་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་དགོན། །གཙོང་བའི་ཆོས་གྲྭལ་བསྐྲུན་པའི་དགེ་བ་ཡིས། །མ་གྱུར་འགྲོ་ལ་གནས་སྐབས་བདེ་བ་དང་། །མཐའ་ཐུག་གཏན་བདེ་བླ་མེད་དབྱར་ཆུབ་མཆོག །མྱུར་དུ་ཐོབ་པའི་མཐུ་དཔུང་དམ་པ་རུ། །གཞི་དབྱིངས་མཆོག་གསུམ་དམ་པས་ཤིས་པ་རྩོལ། །འདི་ཡང་པུཎྱེ་ཤྲཱིས་བྲིས་པ་དགེ།


TNT08_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རིམ་པ་བཞི་པའི་གཞུང་གི་འགྲེལ་ཆེན་གསང་བ་རབ་གསལ།next