Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
འཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་འགྲེལ་པ་ངེས་གསང་རྒྱ་མཚོའི་སྙིང་པོ།
   
   
   


 
previousའཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་འགྲེལ་པ་ངེས་གསང་རྒྱ་མཚོའི་སྙིང་པོ།next

འཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་འགྲེལ་པ་ངེས་གསང་རྒྱ་མཚོའི་སྙིང་པོ།


TNT08_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་འགྲེལ་པ་ངེས་གསང་རྒྱ་མཚོའི་སྙིང་པོ་བཞུགས།


TNT08_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཌཱ་ཀཱ་ཡེ། འཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་འགྲེལ་པ་ངེས་གསང་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་ཤིགས་དཔྱིད་ཀྱི་དཔའ་བོ་ཧེ་རུ་ཀ །བླ་མེད་སྟོང་པའི་ཐིག་ལེར་སྡོམ་པ་པོ། །བདེ་ཆེན་ཟུང་དུ་འཇུག་པའི་རོལ་པ་ཅན། །བླ་མ་འཁོར་ལོའི་མགོན་ལ་གུས་བཏུད་དེ། །རབ་ཟབ་བླ་ན་མེད་པའི་གཞུང༌། །དཔལ་གྱི་མགུར་ནས་གང་གསུངས་པ། །ནག་པོ་སྤྱོད་པས་ལེགས་བསྡུས་པའི། །དཔྱིད་ཀྱི་ཐིག་ལེ་དབྱེ་བར་བྱ། །བདག་ལྟ་ཤིན་ཏུ་བློ་


TNT08_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་ཏེ། །འོན་ཀྱང་གཞུང་འདིར་རྩོལ་བ་ལ། །ཅི་སྟེ་ལེགས་སྨྲས་འགའ་ཞིག་ཡོད། །དེ་ནི་སྔར་རིག་དམ་པའི་མཐུ། །དེ་ལ་བཅོམ་ལྡན་འདས་འཕགས་པ་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་གཞུང་འདི་འཆད་པ་ལ། གཞུང་ལ་འཇུག་པའི་དོན་དང་གཞུང་དངོས་ཀྱི་དོན་དང༌། རྗེས་བཤད་ཟིན་གྱི་དོན་གསུམ་ལས། དང་པོ་ལ་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་དང༌། དགོས་པའི་དོན་བཤད་པ་སྟེ་གསུམ་མོ། །དང་པོ་ནི། དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལས། དཔའ་བོ་ཀུན་དང་རྣལ་འབྱོར་མའི། །འཁོར་ཚོགས་དབུས་སུ་སྦྱོར་ལྡན་པ། །ཐམས་ཅད་དགྱེས་ཤིང་གཉིས་མེད་གྱུར། །འབྱིན་དང་བསྡུད་པར་


TNT08_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིན། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོག་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཞེས་གསུངས་པའི་དོན་ཞིབ་མོར་སྟོན་པར་བཞེད་ནས། མཆོད་པར་བརྗོད་པ་ནི། མཉམ་དང་མི་མཉམ་བདེ་ཆེན་སུམ་ཅུ་རྩ་བདུན་བྱང་ཆུབ་ཆེན་པོའི་ཕྱོགས་གནས་ཆོས་ཕུང་རང་བཞིན་གནས་པ་རང་ལུས་རྩ་ཡི་འཁོར་ལོའི་གཙོ་བོ་བཞི། །དབྱངས་ཡིག་སྔར་བཅས་བཅུ་གཉིས་དབྱངས་ཡིག་དོན་གྱི་ཕྱི་མོ་གསལ་བྱེད་སུམ་ཅུ་རྩ་བཞིས་བརྒྱན་ཞིང་སྐུ་གསུང་ཐུགས་ཀྱི་དབྱེ་བས་གནས་པའི་གནས་ལ་སོགས། །ས་བཅུའི་དབང་ཕྱུག་ཀུན་འགྲོ་འགྲོ་ཀུན་རང་སྙིང་དབུས་ནས་ནམ་མཁའི་ངོ་བོ་མཆོག་ཞི་ཧེ་རུ་ཀ་དཔལ་དམ་པ་དེ་ཉིད་མྱ་ངན་འདས་རང་བཞིན་རབ་གསལ་དཔྱིད་ཀྱི་ཐིག་ལེ་འབར་བའི་འོད་འཕྲོ་སྐུ་གསུམ་ལེགས་རྟོགས་རང་གཞན་དོན་བདེ་རྩོལ་བ་རྩའི་འཁོར་ལོ་འགྲོ་བའི་མགོན་ལ་རབ་བཏུད་ནས། །ཞེས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་པའི་སྐུ་གསུམ་ལ་བསྟོད་པར་དགོངས་ནས། མཉམ་དང་མི་མཉམ་ལ་སོགས་པས་ནི་ཆོས་ཀྱི་སྐུ་དང༌། རང་ལུས་རྩའི་འཁོར་ལོ་སོགས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རབ་གསལ་དཔྱིད་ཀྱི་ཐིག་ལེ་འབར་བའི་འོད་འཕྲོ་ཞེས་པས་སྤྲུལ་པའི་སྐུ་དང༌། སྐུ་གསུམ་ལེགས་རྟོགས་རང་གཞན་དོན། བདེ་སྩོལ་བ་ཞེས་པས་འཕྲིན་ལས་རྣམས་གསལ་བར་བསྟན་ཞིང༌། ཀུན་འགྲོ་


TNT08_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་རང་སྙིང་དབུས་གནས་ཞེས་པ་ལ་སོགས་པས་ངོ་བོ་ཉིད་སྐུ་ཡང་བསྟན་མོད་ཀྱི། ཆོས་ཀྱི་སྐུ་དང་གཅིག་ཏུ་སྦྱར་ནས། སྐབས་འདིར་སྐུ་གསུམ་ལ་བསྟོད་པ་ཞེས་བྱ་སྟེ། སྐུ་གསུམ་ལེགས་རྟོགས་ཞེས་པའི་ཚིག་ཟུར་ལས་ནི། མཆོད་བརྗོད་ཀྱི་སྐབས་འདིར། སྐུ་བཞི་པའི་རྣམ་གཞག་ཆེ་ཐད་དུ་མ་མཛད་པར་མངོན་ནོ། །དེ་ལ་ཆོས་ཀྱི་སྐུའི་རང་བཞིན་ནི། བདེ་བ་ཆེན་པོ་ཡིན་ལ། དེ་ནི་ཤེས་བྱ་ཐམས་ཅད་ལ་མཉམ་པ་ཉིད་དུ་ཆོས་ཉིད་ཀྱི་ཚུལ་དུ་འཇུག་པ་ཡིན་ཞིང༌། ཇི་སྐད་དུ། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དེས་ནི་ཡོད་མིན་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཞེས་པ་ལྟར། ཆོས་ཀྱི་དབྱིངས་ནི། ཆོས་གཞན་གང་དང་ཡང་མ་འདྲེས་ཤིང༌། གང་གིས་ཀྱང་མཚོན་དུ་མེད་པའི་ཕྱིར། མི་མཉམ་པའང་ཡིན་ནོ། །དེ་ཡང་དོན་དམ་པའི་དབྱིངས་བྱང་ཆུབ་ཆེན་པོའི་ཕྱོགས་སམ་ངོ་བོ་ལ་ཞུགས་ཤིང་གནས་ལ། ཆོས་ཀྱི་རྣམ་གྲངས་སུམ་ཅུ་རྩ་བདུན་ཏེ། ཆོས་སྐུའི་ངོ་བོར་གྱུར་པའི་ཡང་དག་པའི་ཏིང་ངེ་འཛིན་ལ་སོགས་པ། ལྡོག་ཆས་ཕྱེ་བའི་བྱང་ཕྱོགས་སོ་བདུན་ཡིན་ལ། དེས་མཚོན་ནས་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པའི་ཕུང་པོའི་རང་བཞིན་དུ་གནས་པ་དང༌། དེ་ཉིད་ངོ་བོ་ཉིད་སྐུ་དང་དབྱེ་བ་མེད་པར་བསྟན་པ་ནི། ཀུན་འགྲོ་འགྲོ་ཀུན་རང་སྙིང་དབུས་


TNT08_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོགས་ཏེ། བདེ་བ་ཆེན་པོ་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་དེ་ཡང༌། ཤེས་བྱ་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་གྱིས་རྟག་ཏུ་ཁྱབ་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་ལ་ཉེ་རིང་མེད་པར་ཀུན་ཏུ་འགྲོ་ཞིང༌། འདུས་བྱས་ཀྱི་མཚན་ཉིད་ཅན་གསར་བྱུང་མ་ཡིན་ཏེ། འགྲོ་བ་ཀུན་རང་རང་གི་སྙིང་སྟེ་སེམས་ལ་ཆོས་ཉིད་ཀྱི་ཚུལ་གྱིས་དབུས་སུ་གདོད་མ་ནས་གནས་པའོ། །དེ་ལ་དབུས་སུ་གནས་པ་ཞེས་པའི་དོན། ཕྱོགས་ཀྱི་ཆའི་དབྱེ་བས་ཕྱེ་བའི་དཀྱིལ་ན་གནས་པའི་དོན་མ་ཡིན་གྱི། དངོས་པོ་གང་ལ་བཅུད་དམ་དྲིའམ་མདངས་ཀྱི་ཚུལ་གྱིས་ཁྱབ་པ་ལ་དབུས་ན་གནས་པ་དང༌། ནང་ན་གནས་པའི་ཐ་སྙད་འདོགས་ཏེ། ཏིལ་དང་ཏིལ་མར་རམ། སྐྱེས་བུ་དང་དེའི་མང་དུ་ཐོས་པའི་ཡོན་ཏན་ནམ། གྲིབ་གནོན་དང༌། དེས་རླམས་པའི་མི་བཞིན་ནོ། །དེ་ལྟར་ཁྱབ་པ་དེ་ཡང་ནམ་མཁའི་ངོ་བོ་ཞེས་པས། སྣ་ཚོགས་པའི་ཡོན་ཏན་གྱི་ཕུང་པོ་དང༌། དེའི་རང་བཞིན་སྤྲོས་པ་དང་བྲལ་བའི་བདེ་ཆེན་དེ་ཡང༌། དངོས་པོ་ལས་འདས་པ་དང༌། འཕེལ་འགྲིབ་མེད་པ་དང༌། ཁྱབ་པ་དང་རྟག་པ་ཉིད་ཡིན་པའི་ཕྱིར། ནམ་མཁའ་དང་འདྲ་ལ། རྣམ་པར་རྟོག་པ་མ་ལུས་པ་ཞི་ཞིང༌། སྡུག་བསྔལ་མ་ལུས་པ་ཡང་ཞི་བས་ན། བདེ་བ་ཆེན་པོ་ནི་མཆོག་ཏུ་ཞི་བའོ། །དེ་ཉིད་དོན་དམ་པའི་ཧེ་རུ་ཀ་དཔལ་ཏེ། ཧེ་ཡིག་ནི་ཧེ་རུ་ཤུ་ནྱ་ཏའི་སྒྲ་ལས་དྲངས་ན། རྒྱུ་ལ་སོགས་པས་སྟོང་པ་སྟེ། བདེ་བ་ཆེན་པོ་གདོད་མའི་ཡེ་ཤེས་དེ་ནི། རྒྱུ་རྐྱེན་གྱིས་མ་བསྐྱེད་དེ།


TNT08_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རུ་ཡིག་ནི། བཀོད་པ་དང་བྲལ་བའམ་ཚོགས་པ་དང་བྲལ་བ་སྟེ། ཡན་ལག་གི་བཀོད་པ་ཚོགས་པ་ལས་མིའི་ལུས་སམ་སྡོང་པོ་དང་ཡལ་ག་དང་ལོ་མའི་བཀོད་པ་ཚོགས་པ་ལས་ཤིང་ཞེས་བརྗོད་པ་ལྟ་བུ་ཕྱོགས་ལ་ལྟོས་པའི་བཀོད་པ་དང༌། སྐད་ཅིག་མ་མང་པོ་ཚོགས་སུ་བཀོད་པ་ལ་ཞག་ཟླ་ལོ་དང་བསྐལ་བ་ལ་སོགས་པར་བརྗོད་པ་ལྟ་བུ་དུས་ཀྱི་བཀོད་པ་སྟེ། བཀོད་པ་དེ་དག་དང་བྲལ་བ་ནི་དངོས་པོ་ལས་འདས་པའོ། །འདིར་རུ་ཡིག་ཐུང་ངུ་ཡིན་ཀྱང༌། ཡི་གེ་བསྣན་པའི་ངེས་པས་རིང་པོར་སྒྱུར་ནས། རཱུ་པ་བི་པྲ་ཛ་ཏ་ཏེ། བཀོད་པ་སྤངས་པ་ལ་འཇུག་པའོ། །ཀ་ཡིག་ནི་ཀསྠ་ན་ནཱ་སྟི་གནས་པ་མེད་པ་སྟེ། རྟག་པ་དང་ཆད་པའི་མཐའ་གང་ལའང་མི་གནས་པའོ། །འདིར་སྨྲས་པ། གལ་ཏེ་བདེ་ཆེན་དོན་དམ་དུ། །མེད་ན་ཆད་པར་ཐལ་བར་འགྱུར། ཅི་སྟེ་དངོས་པོར་ཡོད་རྟག་ན། །དེ་ཚེ་རྟག་པའི་མཐའ་འགྱུར་རོ། །ལྷན་ཅིག་སྐྱེས་པའི་བདེ་ཆེན་ཡོད། །ཀུན་རྫོབ་ཆོས་ཀུན་ནམ་ཡང་མེད། །དེ་ཕྱིར་རྟག་དང་ཆད་པ་ལས། །རབ་ཏུ་གྲོལ་ཏེ་དབུ་མ་ཡིན། །དམིགས་གཏད་ཁས་ལེན་བྲལ་བ་ཙམ། །དངོས་མེད་ཉིད་ཕྱིར་དོན་དམ་མིན། །དངོས་པོ་སྐྱེ་འཇིག་སྤྲོས་པ་ཅན། །དེ་ཡང་མཐར་ཐུག་དོན་དུ་མིན། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྟག་ཆད་ཡོད་མེད་སྤྲོས་ལས་འདས། །དེ་དེར་འཛིན་པ་མཐའ་ཡིན་ཏེ། །མཐའ་གཉིས་སྤངས་པ་དབུ་མའོ། །ཡང་ཡེ་ཤེས་ཀྱི་འཁོར་ལོ་འགག་པ་


TNT08_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འཆར་བས་ནི་ཆད་པའི་མཐའ་ལས་འདས་ལ། འཁོར་བར་འབྱུང་བ་མེད་པའི་ཕྱིར་རྟག་པའི་མཐའ་ལས་ཀྱང་གྲོལ་ཏེ། དེ་ལྟར་ན་ཐོག་མ་རྒྱུ་རྐྱེན་གྱིས་མ་བསྐྱེད་ཅིང༌། རང་དུས་ན་བཀོད་པ་དང་བྲལ་ལ། རྗེས་སུ་རྟག་ཆད་ཀྱི་མཐའ་མི་བརྟེན་པ་དེ་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཏེ་ཤྲཱི་ཡིག་གི་དོན་ནོ། །དེ་ཡང་ཉེར་འཚེ་མེད་ཅིང་འབྱོར་པ་དང་ལྡན་པ་ལ། དཔལ་ཞེས་འཇིག་རྟེན་དུ་གྲགས་པ་ལྟར། སྤྲོས་པ་ཐམས་ཅད་ཞི་ཞིང་ཡེ་ཤེས་རྒྱས་པ་ནི་དཔལ་གྱི་དོན་ནོ། །དེ་ནི་དམ་པ་སྟེ་མཆོག་གི་དེ་ཁོ་ན་ཉིད་དང༌། མྱ་ངན་ལས་འདས་པ་ཐར་པའི་རང་བཞིན་ནོ། །དེ་ཡང་འགོས་འགྱུར་ལས། མཆོག་ཏུ་མྱ་ངན་འདས་པའི་དེ་ཉིད་དངོས། །ཞེས་བསྒྱུར་བ་ལྟར་བདེ་ལ། འབྲོག་མིའི་འགྱུར་ལས་ཀྱང༌། མྱ་ངན་ལས་འདས་པ་མཆོག་གི་དེ་ཁོ་ན་ཉིད་དུ་གྲུབ་པའི་ཚུལ། ཞེས་འབྱུང་ངོ༌། །འདིར་དེ་ཁོ་ན་ཉིད་ཅེས་བྱ་བ་ནི། གནས་ཚུལ་གྱི་མིང་ཡིན་ལ། དེ་ལ་ངོ་བོའི་སྒོ་ནས་དབྱེ་བ་གཉིས་མི་འབྱུང་ཡང༌། རྟོགས་ཚུལ་གྱི་སྒོ་ནས་བློ་ངོར་མཆོག་དང༌། ཐ་མལ་པ་གཉིས་སུ་དབྱེ་སྟེ། དཔརེ་ན་ཨ་རུ་རའི་རོ་བཅུད་རྫས་ཐ་དད་པ་གཉིས་མེད་ཀྱང༌། རོ་ཕལ་པ་ཁ་བ་ནི་ཐོག་མ་ཉིད་ནས་ཤེས་ལ། རོ་མཆོག་མངར་བ་ནི་ཕྱིས་མྱོང་བ་ལྟ་བུའོ། །དེས་ན་གང་ཞིག་ཀུན་རྫོབ་ཀྱི་ཆོས་ཡོད་མ་མྱོང་བ་ཙམ་ནི། དེ་ཁོ་ན་ཉིད་ཕལ་པ་ཡིན་ལ། དེ་ཉིད་རང་གིས་རིག་པའི་བདེ་བ་ཆེན་པོར་གནས་པ་ནི་དེ་ཁོ་ན་ཉིད་མཆོག་གོ །སྐབས་འདིའི་མྱ་ངན་ལས་འདས་པ་ཡང༌། རང་བཞིན་གྱི་མྱ་


TNT08_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་སྟེ། དེ་ཡང་དངོས་པོའི་གནས་ལུགས་ལ། རང་བཞིན་རྣམ་དག་གི་མྱང་འདས་ཁོ་ན་ཡོད་ཀྱི། གློ་བུར་རྣམ་དག་གི་མྱང་འདས་ནི་མ་ཡིན་ཏེ། འཁོར་བ་གདོད་མ་ནས་མ་གྲུབ་པས་དེ་སྤངས་པའི་མྱང་འདས་ཀྱང་གདོད་མ་ནས་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་ན། བཤད་པར་གྲུབ་པའི་དོན་ནི། དངོས་པོའི་གནས་ལུགས་དང༌། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང༌། རང་བཞིན་གྱི་མྱང་འདས་ཞེས་བྱ་བ། གདོད་མ་ནས་རང་སེམས་ལ་གནས་པ་དེ་ནི་བདེ་བ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཕུང་པོ་ཁྱབ་པ་དང་རྟག་པ་ཉིད་དུ་གནས་ལ། གཟུང་བ་དང་འཛིན་པ་དང༌། དངོས་པོ་དང་དངོས་མེད་མཐའ་དག་ལས་གྲོལ་བ་སྟེ། འདི་ནི་བདེ་བ་ཆེན་པོའི་སྐུ་དང་ཆོས་ཀྱི་སྐུ་དངོས་ཡིན་ནོ། །ཞེས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། རྩ་དང་རླུང་དང་ཐིག་ལེ་རྣམ་པར་དག་པའི་ཡེ་ཤེས་ཏེ། རང་ལུས་ཀྱི་རྩའི་འཁོར་ལོའི་གཙོ་བོ་ལྟེ་བ་སྤྲུལ་འཁོར་དང༌། སྙིང་ག་ཆོས་འཁོར་དང༌། མགྲིན་པ་ལོངས་སྤྱོད་དང༌། སྤྱི་བོ་བདེ་ཆེན་རྣམས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་རྩ་དེ་ནི་མཚན་བཟང་པོ་མཐའ་ཡས་པ་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པའི་སྐུ་ཡིན་པ་དང༌། རླུང་དང་ཐིག་ལེ་རྣམས་ཡི་གེའི་བརྡས་བསྟན་པར་བྱ་བ་ལས། སྙིང་གར་གནས་པའི་དབྱངས་ཡིག་ལྔ་དང་བཅས་པ་ནི་བརྡའ་སྟེ། དེས་མཚོན་པའི་དོན་ཁམས་ལྔའི་རླུང་རྣམ་པར་དག་པའི་ཡེ་ཤེས་ལྔ་དང༌། མགྲིན་པར་གནས་པའི་དབྱངས་ཡིག་བཅུ་གཉིས་ནི་བརྡའ་སྟེ། དེས་མཚོན་པའི་དོན། རྟེན་འབྲེལ་


TNT08_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཀྱི་རླུང་གི་ཆོས་ཉིད་དོན་དམ་པའི་ས་བཅུ་གཉིས་ཀྱི་ཡེ་ཤེས་སོ། །སྤྱི་བོར་དོན་གྱི་མ་མོ་དབྱངས་བཅུ་དྲུག་ཚར་གཉིས་ནི་བརྡའ་སྟེ། དེས་མཚོན་པའི་དོན་དཀར་ནག་གི་ཕྱོགས་ཀྱི་དགའ་བ་བཅུ་དྲུག་ཚན་པ་གཉིས་སོ། །ལྟེ་བ་ན་གསལ་བྱེད་སུམ་ཅུ་རྩ་བཞིས་བརྒྱན་པ་ནི་བརྡའ་སྟེ། བྱང་ཆུབ་ཀྱི་སེམས་འཕོ་བ་བཅུ་དྲུག་པ་ཚན་གཉིས་དང༌། དེ་གཉིས་རེ་རེའི་མཐར། ཚིག་ཐམས་ཅད་ལ་ཁྱབ་པར་འགྱུར་བའི་ཆ་ཤས་རེ་རེ་སྟེ། ཁམས་ཀྱི་བགྲོད་པ་དེ་རྣམས་ཀྱི་ཆོས་ཉིད་བདེ་བ་ཆེན་པོ་གཅིག་ཉིད་ལ། ཐབས་ཀྱི་དགའ་བ་བཅུ་དྲུག་དང༌། ཤེས་རབ་ཀྱི་དགའ་བ་བཅུ་དྲུག་སྟེ། སུམ་ཅུ་རྩ་གཉིས་དང༌། ཐུན་མོང་དུ་འཇུག་པའི་ལྷན་ཅིག་སྐྱེས་པ་ཐབས་ཤེས་གཉིས་སོ། །དེ་དག་ལ་རླུང་གི་ཆོས་ཉིད་ཡེ་ཤེས་ཀྱི་རླུང་དང༌། ཐིག་ལེའི་ཆོས་ཉིད་ཀྱང་ཡེ་ཤེས་ཀྱི་ཐིག་ལེ་ཡིན་ལ། སྐུ་གསུང་ཐུགས་ཀྱི་དབྱེ་བས་གནས་པའི་གནས་ལ་སོགས་པ་ས་བཅུའི་དབང་ཕྱུག་ཅེས་བྱ་བ་ལ། ཐ་མལ་པའི་རྩ་ཉེར་བཞི་དང༌། ཁམས་ཉེར་བཞི་དང༌། དེ་ལ་བརྟེན་པའི་རླུང་རྣམས་རང་རང་གི་ཆོས་ཉིད་དུ་དག་པ་ནི་ས་བཅུ་སྟེ་གནས་དང་ཉེ་གནས་ཐུགས་དང༌། ཞིང་དང་ཉེ་ཞིང༌། འདུན་རྟོག་དང་ཉེ་བའི་འདུན་རྟོག་ནི་གསུང་དང༌། འདུ་བ་དང་ཉེ་འདུ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི། སྐུའི་ས་ཏེ་བསྐྱེད་པའི་རིམ་པར་ཡང་དེ་དང་རྗེས་སུ་མཐུན་པར་ལམ་དུ་བྱེད་པ་ནི་ཐུགས་གསུང་སྐུའི་འཁོར་ལོའི་རིམ་པས་སྦྱོར་བ་ཡིན་ཞིང༌། དེ་ལྟར་ས་བཅུ་པོ་དངོས་སུ་བསྟན་ནས། དབང་ཕྱུག་ཅེས་པའི་ཚིག་གིས། མཐུང་སྤྱོད་དང་ཉེ་བའི་མཐུང་སྤྱོད་


TNT08_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དོན་གྱིས་འཕངས་ཏེ། དབང་བསྒྱུར་བྱ་ས་བཅུ་པོ་དེ་དག་ལ། དབང་བྱེད་པ་པོ་ནི་ས་དེ་གཉིས་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ས་བཅུ་གཉིས་སོ། །འདིར་གྲུབ་པའི་དོན་ནི། རྩའི་ཆོས་ཉིད་མཚན་དཔེ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་དང༌། རླུང་གི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་གསུང་དང༌། ཐིག་ལེའི་ཆོས་ཉིད་འདོད་ཆགས་ཆེན་པོ་མི་འགྱུར་བའི་བདེ་བ་གསུམ་ངོ་བོ་དབྱེར་མི་ཕྱེད་པ་ནི། དོན་དམ་པའི་ལོངས་སྤྱོད་རྫོགས་སྐུ་སྟེ། ཡེ་ཤེས་ཀྱི་ས་བཅུ་གཉིས་དང་དགའ་བ་བཅུ་དྲུག་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཡིན་ནོ། །ཞེས་པའོ། །སྤྲུལ་པའི་སྐུ་ནི། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང༌། སེམས་ཅན་གྱི་དོན་མཁྱེན་པའི་ཡེ་ཤེས་གཉིས་ཟུང་དུ་འཇུག་པ། གང་ལ་གང་འདུལ་གྱི་འགྲོ་དོན་ལྷུན་གྱིས་གྲུབ་པར་འགྲོ་བའི་ནུས་མཐུ་ཅན་ཏེ། དེ་འདྲ་བའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདྲེས་པའི་ཡེ་ཤེས་དེ་ཡིན་ཏེ། འགྲོ་བའི་དོན་མ་ལུས་པ་མཁྱེན་ཞིང་རབ་ཏུ་གསལ་བ། དམིགས་མེད་ཀྱི་ཐུགས་རྗེ་བདེ་བ་ཆེན་པོའི་རང་བཞིན་གྱིས། རང་ཉིད་བདེ་བར་གནས་ཤིང་གཞན་བདེ་ཆེན་ལ་འགོད་པས་དཔྱིད་དང༌། སེམས་ཅན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རང་གི་དེ་བཞིན་ཉིད་ངོ་བོ་གཅིག་ཅིང་དེ་ལྟར་གཟིགས་པ་ནི་ཐིག་ལེ་སྟེ་དེ་བཞིན་ཉིད་ལ་ཐིག་ལེའོ་བརྡས་བསྟན་པ་ཡིན་ལ། ངོ་བོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟ་བུའི་ཡེ་ཤེས་དེའི་འོད་ཟེར་འཕྲོ་བ་ནི། གཞན་རྣམས་ལ་འབར་བ་ཡང་ཡིན་ཏེ་རང་གི་ཡེ་ཤེས་དེ་ཉིད་ལ་སེམས་ཅན་རྣམས་འགོད་པར་


TNT08_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ནུས་མཐུའོ། །དེ་ལྟར་ན་གྲུབ་པའི་དོན་ནི། འགྲོ་བའི་དོན་སྤྱོད་པའི་ནུས་མཐུའི་ཡེ་ཤེས་སེམས་ཅན་གང་ལ་གང་འདུལ་དུ་སྤྲུལ་པ་སྣ་ཚོགས་པ་སྤྲུལ་པ་པོ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་ན་སྐུ་གསུམ་པོ་དེ་ནི། ལྡོག་ཆས་ཕྱེ་བ་ཙམ་ཡིན་གྱི། ངོ་བོའི་སྒོ་ནས་དབྱེ་བ་མེད་དེ། སངས་རྒྱས་ཀྱི་ཡེ་ཤེས་གཅིག་པུ་གཉིས་སུ་མེད་པ་ཉིད་ལ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པ་དང་ཡོན་ཏན་གྱི་ཚོགས་མཐའ་དག་གིས་བརྒྱན་པའི་ཆ་ནས་ཆོས་སྐུ་དང༌། སྐུ་གསུང་ཐུགས་ཀྱི་རྣམ་པར་རོལ་པའི་ཆ་ནས་ལོངས་སྐུ་དང༌། འགྲོ་དོན་སྤྱོད་ནུས་པའི་ཆ་ནས་སྤྲུལ་སྐུར་བཞག་གོ །གཞན་སྣང་དུ་གསར་དུ་ཐོབ་པའི་ཡོན་ཏན་གང་ཡིན་པ་དང༌། ནུས་མཐུ་དེ་དང་དེས་སྤྲུལ་པའི་སྤྲུལ་པ་གང་ཡིན་པ་དེ་དག་ནི། སྐུ་གསུམ་པོ་དེ་དག་ཏུ་མིང་བཏགས་པ་ཙམ་དུ་ཟད་ཀྱི། དངོས་ནི་མ་ཡིན་ལ། འོན་ཀྱང་དེ་རྣམས་ཀྱི་འཕྲིན་ལས་ནི་ཡིན་ནོ། །བཞི་པ་མཛད་པ་ནི། སྐུ་གསུམ་ལེགས་རྟོགས་རང་གཞན་དོན་བདེ་རྩོལ་བ། ཞེས་པ་སྟེ། གོང་དུ་ཇི་སྐད་བསྟན་པའི་སྐུ་གསུམ་པོ་དེ་ལ། སེམས་ཅན་རྣམས་འགོད་པར་མཛད་པས་ནི། སྐུ་གསུམ་པོ་རྒྱས་པའམ། སེམས་ཅན་རྣམས་ཀྱིས་ལེགས་པར་རྟོགས་སུ་འཇུག་པའི་དོན་ཏེ། རྟོགས་པ་དང་རྒྱས་པ་ནི་སྐད་དོད་གཅིག་ལ་འགྱུར་གྱི་ཁྱད་པར་ཡིན་ལ། བོད་དཔེ་ཁ་ཅིག་ལས་སྐུ་གསུང་རྒྱས་པ་ལེགས་རྟོགས་ཞེས་འབྱུང་བ་ནི། འགྱུར་མི་གཅིག་པ་གཉིས་བསྲེས་པའོ། །ཚུལ་དེ་ལྟ་བུའི་རང་ཉིད་བདེ་བ་དམ་པའི་སྐུ་མཐར་ཐུག་པ་བརྙེས་


TNT08_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞན་གྱི་དོན་སེམས་ཅན་རྣམས་ལ་བདེ་བ་དམ་པའི་མཆོག་བླ་ན་མེད་པའི་ཡེ་ཤེས་སྩོལ་བར་མཛད་པ་ཡིན་ལ་འདི་དོན་གྱི་གཙོ་བོ་ཡིན་པས་སྨོས་ཏེ། ལྷག་མ་རང་དོན་གྱི་ཕུན་སུམ་ཚོགས་པ་སྣ་ཚོགས་པ་རྣམས་དང༌། སེམས་ཅན་རྣམས་གནས་སྐབས་ཀྱི་ཕན་པ་དང་བདེ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཁྱད་པར་གཞན་དང་གཞན་ལ་འགོད་པར་མཛད་པ་ནི་ཤུགས་ལ་གོ་བར་འགྱུར་རོ། །དེ་ལྟར་རྒྱས་པར་བཤད་པའི་དོན་བསྡུ་བ་ནི། རྩའི་འཁོར་ལོ་འགྲོ་བའི་མགོན་ལ་རབ་བཏུད་ནས། ཞེས་པ་སྟེ། རྩ་འཁོར་ལོ་བཞི་དང༌། དེར་གནས་པའི་ཐིག་ལེ་བཞི་པོ་རྣམས་དྲི་མའི་ཆོས་མཐའ་དག་རྣམ་པར་དག་པ་ནི། རང་གི་དེ་བཞིན་ཉིད་ཁོ་ན་གནས་པ་ནི་སྐུ་བཞིའི་བདག་ཉིད་དེ། དེ་ཉིད་ཡང་དག་པའི་རྩ་འཁོར་ལོ་བཞི་དང་ཐིག་ལེ་བཞི་ཡིན་ལ། དེ་ནི་འགྲོ་བའི་མགོན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་གཟུགས་ཆེན་པོ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་དེ་ལ་གུས་པས་ཕྱག་འཚལ་ཞིང་འདུད་པའི་དོན་ནོ། །འགྱུར་ཕྱི་མ་རྣམས་ལས། འགྲོ་བའི་རང་གཞན་དོན་བདེ་ཞེས་འབྱུང་ཞིང༌། བོད་ཕལ་ཆེར་ཚིག་དེའི་དབང་དུ་བྱས་ནས་འཆད་མོད་ཀྱི། འགོས་འགྱུར་ལས། རང་དང་གཞན་དོན་བདེ་བ་སྐུ་གསུམ་རབ་ཏུ་རྒྱས་པ་ནི། སྩོལ་བ་རྩ་ཡི་འཁོར་ལོ་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་དོན་ལ་གནས་པ་ཡིན་ནོ། །དེ་ལྟར་ན་གཞུང་འདིའི་མཆོད་བརྗོད་ལ། འབྲོག་མིའི་འགྱུར་ལ་ཕལ་ཆེར་ཚིག་ལྷུག་པར་སྣང་ཞིང༌། འགོས་འགྱུར་ན་ཚེག་


TNT08_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཅུ་དགུ་པ་དང༌། བཅུ་གསུམ་པའི་ཚིགས་བཅད་རེ་རེ་སྟེ་གཉིས་སུ་བྱས་ལ། འགྱུར་བྱེད་ཕྱི་མ་རྣམས་ཀྱིས་རྒྱུན་ཆགས་རྐང་པ་བཞིར་མཛད་ཀྱང༌། བར་པ་རྒྱ་སྐད་ཀྱི་བཞུགས་ཚུལ་དང་མཐུན་ཤས་ཆེ་བ་ཙམ་ཡིན་མོད། འོན་ཀྱང་སྡེབ་སྦྱོར་མེད་པས་ལྷུག་པར་བྱས་པ་ཡང་མི་ལེགས་པ་མིན་ནོ། ཁོ་བོས་མཐོང་བའི་རྒྱ་དཔེ་རྣམས་ན་ཆོས་ཕུང་ཞེས་པ་དང༌། གཙོ་བོ་ཞེས་དང༌། ལྔར་བཅས་ཀྱི་བཅས་ཞེས་པ་དང༌། དབྱངས་ཡིག་དོན་གྱི་ཞེས་པ་རྣམས་ཀྱི་སྐད་དོད་མི་སྣང་ལ། བོ་དྷི་པཀྵ་དྷརྨ་སྭ་བྷ་ཝ་སྠི་ཏཱཾ་ཞེས་བྱང་ཆུབ་ཕྱོགས་ཆོས་རང་བཞིན་གནས། ཞེས་དང༌། ཀཱ་ཡ་ཝ་ཀ་ཙིཏྟ་ཙཀྲ་བྷེ་ད། ཞེས་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དབྱེ་བས་ཞེས་པ་སྣང་ཡང༌། ལོ་པཎ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་དབང་བཙན་པར་བྱས་སོ། །དགོངས་དོན་སྒྲ་ཇི་བཞིན་པ་ནི་གོང་དུ་བཤད་པ་དེ་ལྟར་ཡིན་མོད། བཤད་པའི་རྣམ་གྲངས་གཞན་ཟུར་ཙམ་སྨོས་ན། ནཱ་རོ་པའི་བཤད་སྒྲོས་འཛིན་པ་ཕྱོགས་འདིར་བྱོན་པ་ཐམས་ཅད་མཐུན་པར་འདི་སྐད་ཅེས། མཉམ་དང་མི་མཉམ་སོགས་ཀྱིས་རྒྱུད་ཀྱི་རིམ་པ་དང༌། ཀུན་འགྲོ་སོགས་ཀྱིས་གསང་བའི་རིམ་པ་དང༌། རབ་གསལ་སོགས་ཀྱིས་སྔགས་ཀྱི་རིམ་པ་དང༌། སྐུ་གསུམ་ལེགས་རྟོགས་སོགས་ཀྱིས་ཡེ་ཤེས་ཀྱི་རིམ་པ་མདོར་བསྟན་པར་འཆད་ཅིང༌། མཉམ་དང་མི་མཉམ་སོགས་ཀྱིས་རྩ་བྷ་གའི་དཀྱིལ་འཁོར་དང༌། དབྱངས་ཡིག་སོགས་ཀྱིས་ཡི་གེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། སྐུ་གསུང་ཐུགས་སོགས་ཀྱིས་ལུས་ཀྱི་དཀྱིལ་འཁོར་


TNT08_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་འཆད་པ་དང༌། རྩའི་འཁོར་ལོའི་མགོན་ལ་ཕྱག་འཚལ་ཞེས་སྦྱར་ནས། གཞི་དུས་འཁོར་བའི་རྩ་འཁོར་ལོའི་བཞི་ལ་འདུད་པ་ཡིན་ཏེ། དེ་ལ་གནད་དུ་བསྣུན་པས་ཡེ་ཤེས་སྐྱེ་བའི་ཕྱིར་ཞེས་དགོངས་ནས། དོན་དུ་ལམ་གྱི་ཡེ་ཤེས་དང༌། གནད་དུ་བསྣུན་པའི་གཞི་དཀྱིལ་འཁོར་གསུམ་ལ་མཆོད་བརྗོད་མཛད་པ་འདོད་ཅིང༌། སྐུ་གསུམ་ཡང་ལམ་དུས་ཀྱི་སྐུ་གསུམ་ལ་འཆད་པ་དང༌། བྱང་ཕྱོགས་སོ་བདུན་ཡང་བྱང་ཕྱོགས་ཀྱི་དག་པ་སྦྱོར་བའི་རྒྱུ་མཚན་ལས། རྩ་སོ་བདུན་ལ་འཆད་པ་དང༌། མཉམ་པ་རོ་མ་དང་མི་མཉམ་པ་རྐྱང་མ་ལ་འཆད་པ་སོགས། བཤད་པའི་རྣམ་གྲངས་ཕྲ་མོ་དུ་མ་ཞིག་ཡོད་ལ། འགོས་ལུགས་དང་རྭ་ལུགས་ཀྱི་ཡིག་སྣ་རྣམས་ནའང༌། དོན་གྱི་གུང་དེ་དག་དང་བསྒྲིགས་པ་ལ། ཚུལ་བཞིའི་བཤད་པ་དང༌། ཕྱི་ནང་གསང་བ་དང་སྦྱར་བའི་བཤད་པ་རྣམ་གྲངས་མི་འདྲ་བ་དུ་མ་དང་བཅས་པ་མཐོང་ཞིང༌། བྲམ་ཟེ་ཐ་ག་ནའི་འགྲེལ་ཆེན་ན་ཡང༌། རིམ་བཞིའི་མདོར་བསྟན་ཡིན་ཞེས་མི་འཆད་ཀྱང༌། འཆད་ལུགས་ཀྱི་རྐང་དེ་དག་དག་མཐུན་ཤས་ཆེ་ཞིང༌། རྣམ་གྲངས་ཅིག་ལ་དྲན་ཉེ་སོགས་བྱང་ཕྱོགས་ཉེར་གཉིས་སོ་སོ་སྐྱེ་བོའི་ལམ་ནི་མཉམ་པ་དང༌། ལྷག་མ་བཅོ་ལྔ་འཕགས་ལམ་ནི་མི་མཉམ་པ། ཞེས་མདོ་དང་ཐུན་མོང་དང་འཇུག་ཤེས་དྲུག་ལ་དགའ་བཞིའི་དབྱེ་བས་ཉེར་བཞི་དང༌། འཁོར་ལོ་བཞི་ལ་དགའ་བ་གསུམ་དུ་དབྱེ་བས་བཅུ་གཉིས་ཚིག་ཐམས་ཅད་ལ་ཁྱབ་པའི་དགའ་བ་སྟེ་སོ་བདུན་ནོ་ཞེས་ཐུན་མོང་མ་ཡིན་པ་དང༌། སྐུ་གསུམ་ལེགས་རྟོགས་ཞེས་


TNT08_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ། གོ་ཏྲ་དང་གཱ་ཏྲའི་སྒྲའི་ཁྱད་པར་ལས་རིགས་གསུམ་རྒྱས་པའི་དོན་དུ་འཆད་དོ། །དེའི་རིགས་གསུམ་ཡང་ལུས་ངག་ཡིད་གསུམ་སྟེ་རྩ་གསུམ་དང་སྦྱར་བ་སོགས། མཆོད་བརྗོད་ཀྱི་ཡུལ་གཙོ་བོར་ལམ་ལ་སྦྱོར་བ་མི་ལེགས་ཤིང༌། ཚིག་དོན་ལ་ཞུགས་པ་ཁོ་ནར་ཡང་མི་སྣང་ངོ༌། །དེས་ན་མཆོད་བརྗོད་ཀྱི་ཡུལ་དངོས་ནི། འབྲས་དུས་ཀྱི་སངས་རྒྱས་ཉིད་ཡིན་ཞིང༌། གཞིའི་ཆོས་ཉིད་ཀྱང་དེ་དང་ངོ་བོ་གཅིག་པའི་ཕྱིར་དེར་འགྱུར་ལ། དེ་དག་ལ་མཆོད་པ་བརྗོད་པས་དེ་ལྟ་བུར་ཐོབ་བྱེད་དམ་རྟོགས་བྱེད་ཀྱི་ཐབས། ལམ་ལ་ཡང་ཤུགས་བསྟན་གྱི་ཕྱག་འཚལ་བར་འགྲོ་ཞིང༌། དེས་ན་ལམ་རིམ་པ་བཞི་ཡང༌། ཚིགས་བཅད་འདིས་ཞོར་བྱུང་ལ་ནི་བསྟན་པར་ངེས་མོད་ཀྱང༌། དངོས་བསྟན་གྱི་དབང་དུ་ན་དེ་དག་གི་འདོད་པའི་རིམ་པ་བཞིའི་དོན་ཚན་དུ་གཅོད་ལུགས་དེ་དག་གཞུང་དོན་ལ་ཞུགས་པར་མི་སྣང་ཞིང༌། ཁྱད་པར་གཏུམ་མོ་འཁོར་ལོ་བཞི་པའི་དམིགས་རིམ་ཅིག་ལ་སྦྱོར་བ་ནི་ཡངས་ཤིང་རྒྱ་ཆེ་བའི་ནམ་མཁའ་ཁབ་ཀྱི་བུ་གར་འཇུག་འདོད་པ་བཞིན་ནོ། །གཉིས་པ་རྩོམ་པར་དམ་བཅའ་ནི། རྣལ་འབྱོར་གནས་ལས་རྣམ་བྱུང་བ། །ཕྱི་དང་བཅས་པའི་ཚུལ་གྱིས་ནི། །འཁོར་ལོ་བདེ་མཆོག་དཔལ་རིམ་ལས། །དཔྱིད་ཀྱི་ཐིག་ལེ་བཤད་བྱ་སྟེ། །རྣལ་འབྱོར་གྱི་ཚོགས་པ་མཐའ་དག་སྟོན་པར་བྱེད་པས། རྣལ་འབྱོར་གྱི་གནས་ནི་རྒྱལ་བས་གསུངས་པའི་རྒྱུད་སྡེ་རྣམས་ཏེ། དེ་དག་ལས་ཇི་སྐད་འབྱུང་བ་བཞིན། དཔྱིད་ཀྱི་ཐིག་ལེའི་དོན་བཤད་པར་བྱའོ་ཞེས་ཡིད་ཆེས་པའི་ཁུངས་བསྟན་པས་རང་བཟོའི་དོགས་པ་སྤངས་


TNT08_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། རྒྱུད་གང་ལས་འབྱུང་བ་ནི། དོན་ནི་རྒྱུད་མཐའ་དག་ལ་ཡིན་ཀྱང༌། ཚིག་གི་ཆ་ནི་ཕལ་ཆེར་དཔལ་ཁ་སྦྱོར་ཐིག་ལེ་དང༌། འགའ་ཞིག་རྣལ་འབྱོར་མ་ཀུན་སྤྱོད་དང༌། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་བཏུས་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱི་བསྐྱེད་རིམ་གྱི་སྐབས་སུ་དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། བཟླས་པ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས། ནང་རྫོགས་རིམ་ལ་ལེགས་པར་སྦྱར་བ་དང་བཅས་པའི་ཚུལ་གྱིས་ཏེ། འཁོར་ལོ་བདེ་མཆོག་དཔལ་རིམ་ལས་ཞེས། འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཀྱི་དགོངས་དོན་འཆད་པའི་རིམ་པ་སྟེ་རྣམ་གཞག་ཏུ་བྱས་པའོ་ཞེས་སོ། །དེའི་དོན་ཡང་འདི་ཡིན་ཏེ། བདེ་མཆོག་རྩ་བའི་རྒྱུད་ལས། དཀྱིལ་འཁོར་དང༌། བཟླས་པ་དང༌། སྦྱིན་སྲེག་ལ་སོགས་པ་བསྐྱེད་རིམ་དང་ལས་ཚོགས་ཀྱི་ཚུལ་གྱིས་སྦས་ཏེ་གསུངས་པ་རྣམས། ཁ་སྦྱོར་སོགས་བཤད་པའི་རྒྱུད་དུ། རྫོགས་རིམ་དུ་བཀྲལ་ནས་སྦས་དོན་རྒྱས་ཤིང་གསལ་བར་བསྟན་པ་གང་ཡིན་པ་དེ་འདིར་གོ་རིམ་བཞིན་དུ་བསྡུད་པར་བྱའོ་ཞེས་པའོ། །ཐ་ག་ནའི་འགྲེལ་ཆེན་ལས་ནི་རྣལ་འབྱོར་གནས་ཞེས་པ་རྩ་འཁོར་ལོ་བཞི་ལ་བཤད་པ་སོགས་ཡོད་ཀྱང༌། རྩོམ་པར་དམ་བཅའ་བའི་སྐབས་འདི། སྔར་བཤད་པ་ལྟར་ལེགས་ཤིང༌། མར་ངོས་སྦྱོར་བའི་གདན་ལས་ཞེས་སྒྱུར་བ་ནི་རྣལ་འབྱོར་གནས་ཞེས་པ་དང་དོན་གཅིག་གོ །གསུམ་པ་དགོས་པའི་དོན་བཤད་པ་ནི། རྡོ་རྗེ་མཁའ་འགྲོ་མ་དཔལ་གྲུབ། །རང་གི་ལུས་ལ་རྣམ་གནས་པ། །ཤིན་ཏུ་ཉུང་བར་འདོད་རྣམས་ལ།། གསལ་བར་གོ་བྱའི་རྒྱུ་


TNT08_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ཡང་གཞུང་འདིའི་ཚིག་དོན་མཐའ་དག་རྒྱུད་ལས་བསྡུས་པ་ཁོ་ན་ཡིན་ན་རྒྱུད་ཉིད་ཀྱིས་ཆོག་པས། སླར་ཡང་བརྩམས་པ་དོན་མེད་དོ་སྙམ་ན། ཟློས་སྐྱོན་སྤོང་བ་ནི། རྒྱུད་ན་ཡོད་ཀྱང་མང་ཞིང་འཐོར་བས་རྟོག་དཀའ་བ་དེ། འདིར་ཉུང་ངུ་ལ་མངོན་པ་དགའ་བ་དག་ལ་ཕན་པའི་ཕྱིར། ཚིག་ཉུང་ཞིང་དོན་རྣམས་ཀྱང་ཕྱོགས་མཐུན་ཕྱོགས་མཐུན་དུ་གོ་རིམ་བསྒྲིགས་པས་གསལ་བར་གོ་ཞིང༌། ཚིག་བཟུང་སླ་བ་དང༌། དོན་རྟོགས་སླ་བའི་རྒྱུའི་ཕྱིར་དུ་བརྩམས་པས་ན། རྒྱུད་ལས་བསྟན་ཟིན་ཀྱང་འདི་བརྩམས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དོ་ཞེས་རྩོམ་པར་དམ་བཅའ་ལས་འཕྲོས་པའི་ཚུལ་ཡིན་ལ། གོང་དུ་དཔྱིད་ཀྱི་ཐིག་ལེ་བཤད་བྱ་སྟེ་ཞེས་པའི་དཔྱིད་ནི་དམིགས་པ་དང་བཅས་པའི་ཤེས་རབ་དང༌། ཐིག་ལེ་ནི་དམིགས་པ་མེད་པའི་ཤེས་རབ་བོ། །དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པའི་ཤེས་རབ་ནི། དཔྱིད་དང་ཐིག་ལེ་ཁ་སྦྱོར་རོ། །དེ་ཉིད་མངོན་དུ་གྱུར་པ་ནི། རྡོ་རྗེ་མཁའ་འགྲོ་མ་དཔལ་གྲུབ། ཅེས་པ་ལ། གྲུབ་ཅེས་པ་ནི་དངོས་གྲུབ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མའི་དངོས་གྲུབ་བོ། །དེ་རང་གི་ལུས་ལ་གནས་པ་ཞེ་བྱ་སྟེ། འདིའི་ཐད་ཀྱི་འགོས་འགྱུར་ལས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མའི་རང་གི་ལུས་ལ་དངོས་གྲུབ་ཅེས་འབྱུང་བ་གོ་བདེའོ། །རྡོ་རྗེ་ནི་འོད་གསལ་བ་འགྱུར་བ་མེད་པར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། །ཌེཾ་ནམ་མཁའ་ལ་འགྲོ་བ་དང༌། ཨ་ཀ་གྱ་གྱུར་འགྲོ་བའི་དབྱིངས་ལས་སྒྲུབ་པའི་ཕྱིར། ཌཱ་ཀི་ནཱི་ནམ་མཁའ་ལ་འགྲོ་བ་སྟེ།


TNT08_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པའི་གཟུགས་ཀྱིས་ནམ་མཁའ་ཁྱབ་པར་བྱེད་པའི་དོན་ཡིན་པས། འོད་གསལ་དེ་ཉིད་རྣམ་པ་ཐམས་ཅད་པར་ཅིག་ཅར་ཤར་བའི་ཟུང་འཇུག་ནི་རྡོ་རྗེ་མཁའ་འགྲོའོ། །དེ་ཡང་ཡིན་ལ་དངོས་གྲུབ་ཀྱང་ཡིན་པས་དེའི་དངོས་གྲུབ་སྟེ། དེའི་ཡང་མཐར་ཐུག་པ་ཡིན་པའི་ཕྱིར་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ནི་རང་གི་ལུས་ལ་གནས་སོ་ཞེས་པའོ། །འདིར་མཁས་པ་མར་དོལ་ལོ་ཙཱས་ནི་གྲུབ་པ་ཞེས་པས་གདོད་ནས་གྲུབ་པའི་ཕྱིར་བློས་བཏགས་ཀྱི་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་གཅོད་ལ་རང་ལུས་སྨོས་པས། གཞན་ལུས་ལས་རྒྱ་གཅོད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་ཕྱག་རྒྱའམ། ལྟེ་བའི་གཏུམ་མོ་ཕྱག་རྒྱ་ཆེན་མོ་བསྟན་ནོ་ཞེས་གསུང་ངོ༌། །འོན་ཀྱང་འདི་ལྟར་འཆད་དགོས་ཏེ། འདི་དང་རྒྱུད་སྡེ་རྣམས་སུ་རང་ལུས་ཞེས་གསུངས་པ་རྣམས། རྣམ་སྨིན་ཤ་ཁྲག་གི་ལུས་ཁོ་ན་ལ་མི་བཟུང་སྟེ། མ་སྒྲུབ་ཅེས་པ་རང་བཞིན་གྱི་དོན་ལའང་འཇུག་པས། དངོས་པོའི་རང་བཞིན་ལ་ལུས་ཅེས་གསུངས་པ་ཡང་ཤིན་ཏུ་མང་ངོ༌། །དངོས་གྲུབ་དེ་གདོད་མ་ནས་རང་གི་སེམས་ལ་རང་བཞིན་གྱི་ཚུལ་དུ་གནས་པས། དངོས་གྲུབ་ལུས་ལ་གནས་ཞེས་བརྗོད་ཅིང༌། ཡང་དེ་སེམས་ལ་གནས་ཤིང༌། འཁོར་བའི་གནས་སྐབས་ན་སེམས་ཀྱི་རྟེན་ལུས་ཡིན་པས། ཐ་མལ་གྱི་ལུས་ལའང་རྒྱུད་པའི་ཚུལ་གྱི་གནས་ཞེས་དང༌། ཡང་དངོས་གྲུབ་དེ་རྟོགས་པར་བྱེད་པའི་ཐབས་ལམ་གྱི་ཡེ་ཤེས་རྫོགས་རིམ་ཡིན་ལ། དེ་ཐ་མལ་བའི་ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་ལས་སྐྱེ་བའི་ཕྱིར། དེ་དེ་ལ་གནས་ཞེས་དགོངས་པའི་དབང་གི་གསུངས་པ་ཡིན་ནོ། །དེ་ལྟར་


TNT08_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ན་དཔྱིད་ཀྱི་ཐིག་ལེའི་དངོས་གྲུབ་རང་ལུས་ལ་གནས་པ་ནི། སྐབས་འདིར་བརྗོད་བྱ་ཡིན་ལ། དེ་སྟོན་པར་བྱེད་པའི་གཞུང་གི་ཚིགས་འདི་ནི་བརྗོད་བྱེད་ཡིན་ཞིང༌། གཞུང་འདི་ལ་བསླབས་པས་དེ་འབད་མེད་དུ་རྟོགས་པར་འགྱུར་བ་ནི་དགོས་པ་དང༌། དེ་ལྟར་གོ་ཞིང་རྟོགས་ནས་བསྒོམས་པ། དངོས་གྲུབ་དེ་ཐོབ་པར་འགྱུར་བ་ཉིང་དགོས་ཡིན་ཞིང༌། དེ་རྣམས་ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལྟོས་ཤིང་འབྲེལ་བ་འབྲེལ་བའོ། །སྐབས་འདི་དག་ཏུ་འབྲོག་འགྱུར་ལས་ནི། རང་གཞན་འགྲོ་བ་བདེ་དོན་ཕྱིར། །དཔྱིད་ཀྱི་ཐིག་ལེ་བཤད་པར་བྱ། །རྣལ་འབྱོར་གནས་ལས་ངེས་འབྱུང་བ་ཞེས་སོགས་གཞུང་གི་གཅོད་མཚམས་མི་འདྲ་བ་ཆེར་བྱུང་ནའང༌། དཀྱུས་ཉིད་ལེགས་པར་མཐོང་ངོ༌། །གཉིས་པ་གཞུང་གི་དོན་དངོས་ལ། ལེའུ་བཅུ་ཡོད་ལ། དེ་ཡང་རིམ་གཉིས་དབྱེ་བའི་སྒོ་ནས་མདོར་བསྟན། གཞི་ལམ་འབྲས་བུའི་སྒོ་ནས་རྒྱས་པར་བཤད། མ་ཚང་ཁ་སྐོང་གི་སྒོ་ནས་དོན་བསྡུ་བའོ། །དེ་ལ་མདོར་བསྟན་ནི། ལེའུ་དང་པོ་སྟེ། རྫོགས་རིམ་ངོ་བོ་ཆེ་བ་བཅས་པ་སྟོན་ནོ། །འདི་ལ་བཅོས་མའི་རྣལ་འབྱོར་སྤང་པ་དང༌། དེ་གསུངས་པའི་དགོས་པ་དང༌། ཡང་དག་པའི་ལམ་ཡིན་མིན་གྱི་དབྱེ་བ་དང༌། མ་བཅོས་པའི་ལམ་ངོས་བཟུང་བ་སྟེ་བཞི་ལས། དང་པོ་ནི། བཅོས་མའི་དཀྱིལ་འཁོར་སྤངས་བྱས་ནས། །བཅོས་མའི་སྦྱིན་སྲེག་ལས་དག་དང༌། །བཅོས་མའི་སྒོམ་པ་རྣམས་དང་ཡང༌། །བཅོས་མའི་བཟླས་པ་ཉིད་དང་ནི། །དེ་ལ་སོགས་པའི་བཅོས་མ་ཀུན། །རང་བཞིན་རྣལ་འབྱོར་ཚུལ་གྱིས་སྤངས། །འདིར་


TNT08_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་སྐྲྀ་ཏའི་སྐད་ལ་ཀྲྀ་ཏི་མཾ་ཞེས་པའང་འགྱུར་གྱི་དབང་དུ་བྱས་ནས་བྱ་བར་བསྒྱུར་བ་དང༌། བྱ་བའི་ལས་ཞེས་བསྒྱུར་བ་ཡོད་ནའང་དོན་འགྱུར་དབང་དུ་བྱས་ནས། བཅོས་མར་བསྒྱུར་བ་ཉིད་ལེགས་སོ། །དེ་ལ་བཅོས་མའི་དཀྱིལ་འཁོར་ནི། རྡུལ་ཚོན་དང་རས་བྲིས་ལ་སོགས་པ་དབྱིབས་སུ་བཀོད་པའི་དཀྱིལ་འཁོར་དང༌། འཁོར་ལོ་འདུས་པ་ཚོགས་ཀྱི་དཀྱིལ་འཁོར་དང༌། ཡན་ལག་རྩ་ཁམས་ལུས་ཀྱི་དཀྱིལ་འཁོར་དང༌། རྟོག་པས་སྒོམས་པ་ཡིད་ཀྱི་དཀྱིལ་འཁོར་རོ། །བཅོས་མའི་སྦྱིན་སྲེག་ཀྱང་རྫས་དང་འབྲེལ་བ་དང་ཡིད་ཀྱི་གཉིས་སོ། །བཅོས་མའི་སྒོམ་པ་ནི། བསྐྱེད་རིམ་དང་འབྲེལ་བའི་ལྷའི་རྣལ་འབྱོར་རྟོག་པས་སྒོམ་པ་དང༌། རྩ་དང་ཡིག་འབྲུ་དང་ཐིག་ལེ་ལ་སོགས་པའི་རྣམ་པ་ཡིད་ལ་བྱེད་པ་དང༌། གཞན་ཡང་རྣམ་པར་རྟོག་པ་དང་འབྲེལ་བའི་རྟགས་དང་རྒྱུ་ཅན་གྱིས་རྩོལ་བས་བསྐྱེད་ནས་སྟོང་པ་ཉིད་དང༌། སྙིང་རྗེ་དང༌། མི་སྡུག་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ངོ་མཚར་བའི་མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་དོ། །བཅོས་མའི་བཟླས་པ་ཡང༌། ངག་གི་བཟླས་པ་དང༌། ཡིད་ཀྱི་བཟླས་པ་དང༌། འགོག་པའི་བཟླས་པ་དང༌། རླུང་གི་བཟླས་པའི་བར་དུ་ཡང་ཡོད་དེ། དེ་དག་ལ་སོགས་པ་རྣམ་པར་རྟོག་པའི་རྩོལ་བ་དང་བཅས་པ། ལུས་ངག་གི་འདུ་བྱེད་དང་བཅས་པ། བློས་བསྒྱུར་ཞིང་སྒོམ་པའི་བཅོས་མ་ཐམས་ཅད་རང་བཞིན་མ་བཅོས་པ་རྫོགས་པའི་རིམ་པའི་ཚུལ་ཏེ་ལམ་ལ་གནས་པ་རྣམས་


TNT08_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤང་པར་བྱའོ། གཉིས་པ་ནི། ཕྱི་རོལ་བཅོས་མ་རབ་བྱ་བ། །རང་བཞིན་རྟོགས་པར་བྱ་ཕྱིར་ཏེ། །རང་བཞིན་རྟོགས་པར་གྱུར་པ་ན། །རབ་ཏུ་བྱ་བ་བྱེད་མིན་ཉིད། ཇི་ལྟར་ཕ་རོལ་དོན་གཉེར་འགས། །གཟིངས་ལ་ལེགས་པར་སྦྱོར་འགྱུར་བ། །ཕ་རོལ་ཕྱིན་ནས་འདོད་པ་ལྟར། །རབ་ཏུ་བྱ་བའང་དེ་བཞིན་ནོ། །འདི་རབ་ཏུ་བྱ་བ་ཞེས་པ་རྣམས་འགོས་འགྱུར་ལས། ཕྱི་རོལ་བྱ་བ་ཞེས་པ་ཁོ་ནར་བསྒྱུར་ཏེ་གོ་བདེའོ། །བཅོས་མའི་དཀྱིལ་འཁོར་ལ་སོགས་པ་སྤང་བར་བྱ་ན། སྟོན་པས་དེ་ལྟར་གསུངས་པ་དགོས་པ་མེད་པར་འགྱུར་རོ་སྙམ་ན། དེ་ལྟར་མ་ཡིན་ཏེ། གང་ཟག་དབང་པོ་དམན་པ་རྣམས་ཀྱིས་རྒྱུད་མ་སྦྱངས་པར། རང་བཞིན་གྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་སྒོམ་མི་ནུས་པ་ཤས་ཆེ་བས། ཕྱི་རོལ་བསྐྱེད་རིམ་བཅོས་མ་དག་སྒོམ་དུ་བཅུག་ནས། ཐ་མལ་འཁོར་བའི་རྣམ་རྟོག་རགས་པ་སྟོབས་བྲི་བར་གྱུར་པ་ན། རང་བཞིན་གྱི་རྣལ་འབྱོར་སྒོམ་ནུས་པར་འགྱུར་བས། དབང་བོ་དམན་པས་ཕྱིས་རིམ་གྱིས་རྫོགས་རིམ་སྒོམ་པར་འགྱུར་བའི་ཕྱིར་དུ། ཐོག་མར་བསྐྱེད་རིམ་སྒོམ་པ་ཡིན་ལ། བཅོས་མའི་རྣལ་འབྱོར་སྔོན་དུ་སོང་ཡང་རུང་མ་སོང་ཡང་རུང༌། རྫོགས་པའི་རིམ་པའི་ཡེ་ཤེས་སྐྱེས་ན་ནི། ཅིག་ཤོས་བྱེད་དགོས་པ་མ་ཡིན་ནོ། །དང་པོར་སྒོམས་པ་ཕྱིས་འདོར་བར་མི་རིགས་སམ་སྙམ་ན། ཆུ་བོའི་ཕ་རོལ་ཏུ་མ་ཕྱིན་བར་ལ། གྲུ་གཟིངས་འབད་པས་བསྟེན་དགོས་ཀྱང༌། ཕ་རོལ་ཏུ་ཐོན་མ་ཐག་ཏུ་གྲུ་གཟིངས་འདོར་བ་བཞིན་རབ་ཏུ་བྱ་བ་བཅོས་མ་རྣམས་ཀྱང་


TNT08_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འདྲའོ། །དཀྱིལ་འཁོར་ལ་སོགས་ལས་གང་ཞིག །བཅོས་མ་བསམས་པས་བྱེད་པ་དང༌། །ཐམས་ཅད་ལེགས་སམ་མི་ལེགས་རུང༌། །དེར་རབ་སྦྱར་བའང་གསལ་བ་ཡིན། །རབ་འབྱམས་ལས་ཀྱི་རྒྱུད་དག་ལས། །དངོས་མཆོག་རིག་པའི་རྒྱལ་བ་ཡིས། །སྒྲ་ཤེས་བྱ་ཕྱིར་བསྟན་བཅོས་གང༌། དྲང་སྲོང་གིས་བྱེད་ཇི་ལྟ་བའོ། །འདིར་འགྱུར་ཕལ་ཆེར་ལས། ཐམས་ཅད་ལེགས་ཏེ་མི་ལེགས་མིན། །ཞེས་འབྱུང་ཡང༌། འགྲེལ་ཆེན་ལས། ཐམས་ཅད་ལེགས་སམ་མི་ལེགས་རུང་གི་དོན་དུ་བཤད་པ། གཞུང་གི་དགོངས་པར་སྣང་ལ། རྡོ་རྗེ་མཁའ་འགྲོ་ན་འདིའི་ཚབ་ཏུ། དང་པོའི་ལས་ཅན་རྣམས་ལ་བསྔགས། །ཞེས་འབྱུང་ངོ༌། །དེ་བཞིན་དུ། རབ་འབྱམས་ལ་སོགས་སམ། ལས་རྒྱས་པའི་བརྒྱུད་དག་ལས་སོགས་ཀྱང༌། རྒྱུད་ཀྱི་འགྱུར་ལས། དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་གཉིས་རིག་ལ་མིན། །ཞེས་ལས་དང་དངོས་གྲུབ་ཐམས་ཅད་རྣལ་མའི་སྒོམ་པ་ལས་འབྱུང་བའི་ཕྱིར། རྒྱལ་བའི་དངོས་པོ་དོན་དམ་རིག་པ་ལ་དེ་དག་མི་དགོས་ཞེས་པའི་དོན་དུ་སྣང་བས། འདི་དང་འགྱུར་ཁྱད་ཡིན་ཀྱང་དོན་མི་འདྲའོ། །ཐ་ག་ནས་ཀྱང་དཔྱིད་ཐིག་གི་དཀྱུས་དང་མཐུན་པ་ལ་བཤད་པ་མཛད་པས། གཞུང་ཚིག་གཅིག་ལའང་དོན་དུ་མ་འབྱུང་བ་མི་འགལ་ཞིང༌། གཞུང་གཅིག་ལ་དཔེ་མི་འདྲ་བ་མང་དུ་ཡོད་གིན་སྣང་བ་དང༌། གཞུང་དེ་ཕལ་ཆེར་རྒྱུད་ཚིག་ཡིན་ཀྱང༌། གཞུང་རང་རྐང་ཚུགས་


TNT08_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་ཀྱི། ལུང་ཁུངས་སྨོས་ནས་ལུང་འདྲེན་དུ་བྱས་པ་མ་ཡིན་པས། ཚིག་ཟུར་ཅུང་ཟད་གོ་བདེ་བར་བསྒྱུར་བའང་ཡོད་པས། དཀྱུས་ལྟར་བཤད་དགོས་སོ། །བཅོས་མའི་དཀྱིལ་འཁོར་ལ་སོགས་པ་སྒོམ་པ་ན། ཁ་དོག་དང་དབྱིབས་དང་རྣམ་པ་ཐམས་ཅད་ལེགས་ཤིང་མཛེས་པར་ཤར་རམ། མི་ལེགས་པ་ཤར་ཡང་རུང་སྟེ། དེ་ལ་དེར་རབ་ཏུ་འབད་པས་སྒོམ་ཤིང་སྦྱར་བ་ལས། གོམས་པ་ན་གསལ་བར་སྣང་བ་སྐྱེས་པ་ཡིན་གྱི། ཡང་དག་པའི་གནས་ལུགས་མ་ཡིན་ནོ། །དེ་ལྟར་ཡང་བྲམ་ཟེ་ཆེན་པོས། གང་སྨྲས་བརྫུན་པ་ལོང་བ་དེ་བོར་ལ། །གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །ཞེས་དང༌། བསམ་གཏན་བརྫུན་པས་ཐར་པ་ཐོབ་བམ་ཅི། །ཞེས་དང་གཞན་ལས་ཀྱང༌། རལ་པས་བརྒྱན་ཞིང་འོད་དང་ལྡན། །ཕྲག་པར་སེ་རལ་དཀར་པོ་དང༌། །སྤྱི་བླུགས་ཐོགས་ཤིང་ཐལ་བ་ཡི། །ར་རི་ཅན་དུ་སྦལ་པ་ཡང༌། །འདིར་ནི་གང་གང་ཡང་དང་ཡང༌། །རྨོངས་ཆེན་རྣམས་ཀྱི་སྒོམ་བྱེད་པ། །དེ་དེ་མདུན་དུ་སྣང་བར་འགྱུར། །ཞེས་པ་ལྟར་ཡང་དག་པ་མ་ཡིན་པའི་གསལ་སྣང་ངོ༌། །འོན་ཀྱང་ཀུན་རྫོབ་ཀྱི་ཏིང་ངེ་འཛིན་ནི། ཀུན་རྫོབ་ཀྱི་ལས་དང་འབྲས་བུ་ཙམ་ནི་བསྐྱེད་པར་ནུས་པའང་ཡིན་ཏེ་བཅོས་མའི་སྦྱོར་བ་དེ་གོམས་པ་ན། གནས་སྐབས་དེར་ནི་ལས་ཕྲ་མོ་རབ་འབྱམས་རྣམས་དང༌། དངོས་གྲུབ་འཇིག་རྟེན་པ་རྣམས་འགྲུབ་པར་འགྱུར་རོ། །བཅོས་མའི་སྦྱོར་བ་རྣམས་དང༌། དངོས་གྲུབ་འཇིག་རྟེན་


TNT08_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཡང་འགྱུར་ཞིང་འཇིག་པ་ཉིད་དང༌། འཁྲུལ་པའི་སྣང་བ་ཙམ་ཉིད་པས། དེ་ཁོ་ན་ཉིད་དུ་གོ་འཕང་མི་གཡོ་བ་མ་ཡིན་ཀྱང༌། དྲང་སྲོང་རྣམས་ཀྱི་གྲུབ་མཐའ་སྟོན་བྱེད་ཀྱི་གཞུང་ལྷའི་སྐད་ཀྱི་བརྩམས་པ་དག་རྟོགས་པར་བྱ་བའི་ཕྱིར། སྒྲའི་གནས་ཤེས་དགོས་པར་མཐོང་ནས་དེའི་བསྟན་བཅོས་བརྩམས་པ་བཞིན། དངོས་པོའི་མཆོག་དེ་ཉིད་རིག་པའི་རྒྱལ་བས་ཀྱང་འགྲོ་བའི་སྐལ་བ་དང་མཐུན་པར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུད་དེ་རྣམས་གསུངས་པ་ཡིན་ཏེ། སྒྲའི་བསྟན་བཅོས་ལ་བླང་དོར་གྱི་གནས་སྟོན་པ་མེད་པའི་ཕྱིར། གྲོལ་བ་དོན་གཉེར་ལ་མི་དགོས་ཀྱང༌། སྒྲ་ཤེས་ན་གཞུང་ལུགས་བཟང་པོ་གཞན་དག་སློབ་པའི་སྐལ་བ་ཅན་དུ་འགྱུར་བ་ལྟར། བཅོས་མའི་རྣལ་འབྱོར་འབྲས་བུ་དང་བཅས་པ་རྣམས་ཡང་དག་པའི་ཡེ་ཤེས་དང་འབྲས་བུ་མ་ཡིན་མོད་ཀྱི། དེ་གོམས་ན་རྫོགས་པའི་རིམ་པ་སྒོམ་པའི་སྐལ་བ་ཅན་དུ་འགྱུར་ཞིང༌། དེ་ལས་འབྲས་བུའི་མཆོག་འགྲུབ་པས་སོ། །འོ་ན་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ངེས་པར་སྒོམ་དགོས་སམ་སྙམ་ན། རིམ་པ་གཉིས་ཀྱི་གོ་རིམ་ངེས་ཅན་དུ་གསུངས་པ་ནི་སྤྱིར་བཏང་ཡིན་ལ། མཐའ་ཅིག་ཏུ་དགོས་པ་མ་ཡིན་ཏེ། ལམ་དེ་དངོས་ཀྱི་གདུལ་བྱ་དབང་པོ་རྣོན་པོ་ལ་ནི། རྫོགས་པའི་རིམ་པ་ཁོ་ནས་འགྲུབ་ལ། དབང་པོ་འབྲིང་པོ་ནི། དང་པོར་བསྐྱེད་རིམ་ཁོ་ན་སྒོམ་པས་མྱུར་དུ་བརྟན་པ་ཐོབ་ནས། དེ་བོར་ཏེ་རྫོགས་པའི་རིམ་པ་སྒོམ་པ་ཡིན་ཞིང༌། དབང་པོ་ཐ་མསནི་བསྐྱེད་


TNT08_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལའང་བརྟན་པ་འཕྲལ་དུ་ཐོབ་པ་དཀའ་བས། བསྐྱེད་རྫོགས་གཉིས་ཀར་སྦྲགས་ཏེ་སྒོམ་དགོས་ལ། རྫོགས་རིམ་སྒོམ་པས་ཀྱང་བསྐྱེད་རིམ་ལ་ཕན་བཏགས་ཏེ། ནམ་ཞིག་བསྐྱེད་རིམ་བརྟན་པ་ན། རྫོགས་པའི་རིམ་པ་ལ་དྲིལ་ཏེ་སྒོམ་པར་བྱེད་པའོ། །བྱིན་རླབས་ཀྱི་སྟོབས་དང་ཁམས་དང་དབང་པོའི་ཁྱད་པར་དང༌། ལམ་འཁྲིད་ཚུལ་གྱི་ཁྱད་པར་འགའ་ཞིག་ལས་ནི། དམན་པ་དང་འབྲིང་པོ་ལ་ཡང༌། རྫོགས་རིམ་འབའ་ཞིག་གིས་ཆོག་པ་ཡང་སྲིད་དོ། །ཐ་ག་ནས་དངོས་པོ་མཆོག་གམ་དངོས་པོ་དམ་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བཤད་ཅིང༌། སྒྲའི་བསྟན་བཅོས་དེ་ཁོ་ན་ཉིད་མ་ཡིན་ཀྱང༌། སྒྲ་ཙམ་ཤེས་པའི་ཕྱིར་བརྩམས་པ་དང་འདྲ་བར། བཅོས་མའི་རྣལ་འབྱོར་ཡང་དེ་ཁོ་ན་ཉིད་མ་ཡིན་མོད། ལས་རབ་འབྱམས་སྒྲུབ་པའི་ཕྱིར་ཙམ་མོ། །ཞེས་པའི་དོན་དུ་བཤད་ལ། མཆོག་གི་ལམ་སྟེགས་སུ་མི་འཆད་དོ། །གསུམ་པ་ནི། དེ་ལྟར་ལས་ཀྱི་རྗེས་འབྲང་པས། །མི་རྣམས་རབ་ཏུ་བྱ་བ་བྱེད། །འབད་པས་ཉོན་མོངས་བླངས་ནས་ནི། །རང་གི་སེམས་ནི་རྣམ་པར་འཇོམས། །དེ་བས་དཀྱིལ་འཁོར་ལ་སོགས་པའི། །ཆོ་གའི་བྱ་བ་ཡན་ལག་ལ། འབད་ཀུན་རྣམ་ཐར་འདྲེན་མིན་ཉིད། །ངལ་བར་བྱེད་པ་འབའ་ཞིག་ཡིན། །རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་པར་རྟོག་ལས་མིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་པས། །མཁས་པ་རྣམས་ནི་འགྱུར་བ་ཉིད། །དེ་ལྟར་བསྐྱེད་རིམ་ཀྱི་རྣལ་འབྱོར་ལ་བརྟེན་ནས། ལས་སྣ་ཚོགས་


TNT08_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རྗེས་སུ་སེམས་གཞོལ་ཞིང་འབྲངས་བས་ཐུན་མོང་བའི་འབྲས་བུ་འདོད་པའི་མི་རྣམས་དེ་དང་དེའི་བྱ་བ་བྱེད་ཀྱང༌། ལུས་ངག་ཡིད་གསུམ་སྡུག་བསྔལ་བའི་འབད་པས། ཡུན་རིང་དུ་ཉོན་མོངས་པ་སྟེ་ངལ་ཞིང༌། ཤ་ཐང་ཆད་པ་བསྐྱེད་ཅིང་བླངས་ནས། རང་གི་སེམས་དེ་བཞིན་ཉིད་ལ་ཡང་དག་པར་གནས་པ་མེད་པས་སླར་ཡང་ཉོན་མོངས་པ་དང་སྡུག་བསྔལ་གྱིས་འཇོམས་སོ། །ཞེས་པ་ཐུན་མོང་གི་འབྲས་བུ་གྲུབ་ཀྱང༌། འཁོར་བ་ལས་མ་ཐར་བས་སྡུག་བསྔལ་རྒྱུད་པ་ཅན་ཡིན་ཞིང༌། དོན་ཆུང་ངུ་ལ་འབད་རྩོལ་ཆེན་པོས་ངལ་བ་ཐོབ་བོ། །ཞེས་པའི་དོན་ཡིན་ལ། ཐ་ག་ནས་གཉིས་ཀར་མ་ཐོབ་པ་ལ་འཆད་པ་ནི། གོང་དུ་བཅོས་མའི་དགོས་པ་བསྟན་པའི་སྐབས་དང་འགལ་ལོ། །དེ་ལྟ་བས་ན་བསྐྱེད་རིམ་གྱི་དཀྱིལ་འཁོར་ལ་སོགས་པ་ཆོ་གའི་བྱ་བ་ཡན་ལག་སྟེ་ཆ་ཤས་སྣ་ཚོགས་པ་ལ་འབད་པ་ཀུན་ཀྱང༌། སྒྲིབ་པ་ཀུན་ལས་རྣམ་པར་ཐར་པའི་བྱང་ཆུབ་ཐོབ་ཅིང་འདྲེན་པ་མིན་པས། མཆོག་གི་ཕྱིར་དུ་སྤྲོས་པ་བརྒྱ་ཕྲག་ལ་འབད་པ་ནི་ངལ་བ་འབའ་ཞིག་གོ །ཡང་ཁ་ཅིག་འདི་ལྟར་སྔགས་ཀྱི་གཟུགས་སུ་སྦྱོར་བ་ལ། བྱང་ཆུབ་མེད་ཅིང་སྒོམ་པའང་མེད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འདི་ནི་མདོར་ན་རྣམ་དཔྱད་ན། །སྔགས་ཀྱི་བཏགས་པའི་ཏིང་ངེ་འཛིན། །བྱང་ཆུབ་སྦྱོར་བ་བསྒོམས་པར་བྱ། །ཞེས་འདུས་པ་ལ་སོགས་པའི་རྒྱུད་དུ་གསུངས་པས། རྣམ་པར་དཔྱད་པའི་བློས་སྟོང་པ་ཉིད་མཚན་མ་ཐམས་ཅད་ཡོངས་སུ་སྤངས་པ། ཀུན་ནས་ཉོན་མོངས་པ་དང་རྟོག་པ་


TNT08_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དབྱིངས་དེར་མཉམ་པར་གཞག་པ་ཁོ་ནས་སངས་རྒྱས་ཐོབ་བོ་སྙམ་དུ་སེམས་པ་ལ། རྣམ་མི་རྟོག་ལས་སངས་རྒྱས་མིན། །ཞེས་གསུངས་ཏེ། དེ་ནི་སྟོང་པ་ཉིད་ཀྱི་འདྲ་འབག་ཙམ་ལ་སྤྱོད་པ་ཡིན་ཞིང༌། ཆད་པའི་མཐའ་བརྟེན་པ་དང༌། བསོད་ནམས་ཀྱི་ཚོགས་ལས་ཉམས་པས་སངས་རྒྱས་ཐོབ་པའི་ལམ་རྣལ་མ་མིན་ནོ། །དེ་བཞིན་དུ་ཟླ་བ་རྡོ་རྗེ་ལ་སོགས་པའི་རིམ་པས་ལྷར་སྒོམ་པ་ལ་སོགས་པ་རྟོག་པ་དང་བཅས་པ་རྣམས་ཀྱིས་ཀྱང་མི་འགྱུར་ཏེ། ཇི་སྐད་དུ། དགེའམ་ཡང་ན་མི་དགེ་བ་ཡང་རུང༌། །གང་ཡང་རྣམ་པར་རྟོག་པའི་བྱེ་བྲག་སྟེ། །མེ་དང་སྲེག་པར་བྱེད་པ་ལྟ་བུར་ནི། །དབྱེ་བའི་གཞི་མེད་ཕྱིར་ན་དབྱེར་ཡོད་མིན། །ཞེས་པ་ལྟར་ཏེ། གང་གློ་བུར་བ་བཅོས་མའི་གོམ་པ་ཡིན་ན། གདོད་མའི་སངས་རྒྱས་མངོན་དུ་བྱེད་པའི་ལམ་མ་ཡིན་པས་ཁྱབ། དཔེར་ན་ཐ་མལ་གྱི་རྣམ་པར་རྟོག་པ་བཞིན། དགེ་བའི་རྟོག་པ་ཡང་བཅོས་མ་གློ་བུར་བ་ཡིན་ནོ། །ཞེས་པའོ་དེ་ལ་ཁ་ཅིག་འདི་སྙམ་དུ། སངས་རྒྱས་ཀྱི་དངོས་རྒྱུ་མ་ཡིན་པའི་ཕྱིར་སྤོང་ན། རྒྱུན་མཐའ་བར་ཆད་མེད་ལམ་མ་གཏོགས་གཞན་ཐམས་ཅད་སྦྱོང་དགོས་པར་འགྱུར་ཞིང༌། ཡང་མཆོད་རྟེན་ལ་བསྐོར་བ་ཙམ་བྱས་པས་ཀྱང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་རིང་རྒྱུར་འགྱུར་ན། བཅོས་མའི་སྒོམ་པ་འདི་དག་ཅིའི་ཕྱིར་མི་འགྱུར། ཞེས་སོགས་མང་དུ་བསམས་མོད་ཀྱི། སངས་རྒྱས་ཐོབ་བྱེད་ཀྱི་དངོས་རྒྱུ་མ་ཡིན་པས་སྤོང་དགོས་ཞེས་ཀྱང་མི་སྨྲ་ལ། རིང་མོ་རིང་མོ་ནས་བརྒྱུད་པའི་ཐབས་སུ་མི་འགྱུར་ཞེས་ཀྱང་མ་ཡིན་མོད་


TNT08_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མའི་ལམ་འདི་དག་སངས་རྒྱས་ཐོབ་པ་ལ་མེད་ན་མི་འབྱུང་གི་རྒྱུ་མ་ཡིན་ཞིང༌། ཐུན་མོང་མ་ཡིན་པའི་ལམ་མིན་ནོ། །ཞེས་སྨྲའོ། །དེ་ལྟར་ན་རྟོག་བཅས་ཀྱི་རྣལ་འབྱོར་རྣམས་དང་རྟོག་མེད་ཡིན་ཀྱང་སྟོང་རྐྱང་ཙམ་ནི་ལམ་ཡང་དག་པ་མ་ཡིན་ནོ་ཞེས་བཀག་ནས། ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཡོངས་སུ་ཤེས་ནས་སྒོམ་པའི་མཁས་པ་རྣམས་ནི། སངས་རྒྱས་སུ་འགྱུར་བ་ཉིད་ཡིན་པས། རིམ་པ་དེ་ནི་ཡང་དག་པའི་ལམ་མོ། །དེ་ལྟར་ཡང་ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་གསུངས་པ་ལྟར་ཏེ། འདིར་ཤིན་ཏུ་རྣམ་དག་གི་རིམ་པ་ནི་ཟུང་འཇུག་གི་ལམ་ཡིན་ལ། འདི་ལ་མང་པོ་ཞིག་གོང་གི་རྟོག་བཅས་རྟོག་མེད་ཀྱི་ལམ་གཉིས་ཚོགས་ཏེ་ཟུང་འཇུག་ཏུ་འདོད་པ་ཤིན་ཏུ་མི་རིགས་ཏེ། སྐྱོན་གཉིས་ཀར་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་མར་དོལ་ལོ་ཙཱ་བས་བདེན་པ་གཉིས་ཟུང་དུ་འཇུག་པར་ཡོངས་སུ་ཀུན་ནས་ཤེས་པ་སྟེ། འདི་ལྟར་གང་གི་ཚེ་འདོད་པའི་ལྷའི་བདག་ཉིད་དུ་སྣང་བ་དེ་ཉིད་བདེ་བ་ཆེན་པོའི་ངོ་བོར་ཤིན་ཏུ་གསལ་པར་ཤེས་པ་དེ་ཉིད་ཀྱི་ཚེ་ནའོ། །ཞེས་འཆད་པ་ནི་གནད་ཀྱི་དོན་དམ་པར་སྣང་སྟེ། མདོར་ན་སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་པའམ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའམ། སྐུ་དང་ཡེ་ཤེས་ཟུང་འཇུག་གམ་བདེ་སྟོང་དབྱེར་མེད་དང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་དང༌། རྒྱུ་འབྲས་དབྱེར་མེད་དང༌། ཐབས་ཤེས་ཟུང་འཇུག་


TNT08_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལམ་ཞེས་བྱ་བ་དེ་ཡིན་ནོ། །དེ་ཡང་སེམས་ཀྱི་གདོད་མའི་བདེ་བ་སྤྲོས་བྲལ་དང༌། དེ་ཉིད་ཀྱི་གསལ་སྣང་ཟུང་དུ་འཇུག་པ་དེ་ཐབས་ཀྱིས་མཚོན་པར་བྱས་ནས། ངོས་བཟུང་སྟེ་སྒོམ་པ་ནི། ཤིན་ཏུ་རྣམ་པར་དག་པའི་རིམ་པའོ། །བཞི་པ་ནི། བྱ་བའམ་རང་བཞིན་ཉིད་དུ་ཡོད༌། །བྱེད་པ་པོ་ཡང་རང་བཞིན་ཉིད། །བྱ་དང་བྱེད་པའི་དངོས་པོ་ཡི། །རང་བཞིན་ཉིད་ཀྱི་དངོས་པོ་སྤངས། །རང་བཞིན་ཏེ་མ་བཅོས་པའི་ལམ་ཤིན་ཏུ་རྣམ་པར་དག་པའི་རིམ་པ་དེ་ལ་ནི། དོན་དམ་པའི་དཀྱིལ་འཁོར་དང་སྔགས་དང་བཟླས་པ་དང༌། ལས་རྣམ་པ་བཞི་དང༌། དངོས་གྲུབ་དང༌། ཆོ་ག་ལ་སོགས་པ་རྣལ་འབྱོར་དུ་བྱེད་པ་ཐམས་ཅད་ཚང་བས། ལས་རབ་འབྱམས་ལ་སོགས་པ། གང་བཅོས་མའི་རིམ་པའི་ཕན་ཡོན་དེ་ཐམས་ཅད་ནི་འདི་ལས་འབད་མེད་དུ་འབྱུང་ངོ༌། །དེ་ཡང་སྣང་བའི་ཕྱོགས་ནས་ཀྱང་རྟོག་པས་མ་བཏགས་པར་རང་ཤར་དུ་བྱུང་བའི་ལྷ་དང་གཞལ་མེད་ཁང་དང༌། འོད་ཟེར་སྤྲོ་བསྡུ་ལ་སོགས་པ་དང༌། སྔགས་ཀྱི་གཟུགས་དང་སྒྲ་ལ་སོགས་པ་མཐའ་ཡས་པ་ལ་སོགས་པ་རྟག་ཏུ་འཆར་བ་དང༌། སྒྲ་བཤད་འཇུག་ཚུལ་དང༌། དོན་ཚན་རྩི་བའི་དབང་དུ་བྱས་ནས་ཀྱང༌། བདེ་བ་ཆེན་པོ་ལེན་པས་དཀྱིལ་འཁོར་དང༌། ལུས་ལ་གནད་དུ་བསྣུན་པའི་ཡེ་ཤེས་ཡིན་པས་ལྷ་དང༌། ཕུང་པོ་དང་ཉོན་མོངས་པ་བསྲེག་པས་སྦྱིན་སྲེག་དང༌། ཡིད་མཚན་རྟོག་ལས་སྐྱོབ་པས་སྔགས་དང༌། སྡིག་པ་ཞི་བའི་ཕྱིར་ཞི་བ་ལ་སོགས་པ་མཐའ་ཡས་པའི་བར་དུ་སྦྱོར་ཏེ། དཔེར་ན་ཟུང་འཇུག་གི་ལམ་དེ་སྒོམས་པས་


TNT08_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་གྱི་སྡིག་པ་དང་ཉེར་འཚེ་ཞི་བར་བྱེད་པས་ཞི་བའི་ལས་དངོས་སུ་ཡང་འགྲུབ་ལ། བདེ་སྟོང་དེ་རྣམ་པ་ཐམས་ཅད་པ་ཡིན་པའི་འཆར་སྒོ་ལས། རྣམ་རྟོག་མེད་བཞིན་དུ་ལྷ་སྔགས་ཀྱི་རྣམ་པར་ཤར་ནས་ཞི་བས་ལས་ཀྱང་བྱེད་ཅིང༌། བསྐྱེད་རིམ་གྱི་ཕྱོགས་ལ། དཀར་པོའི་བསམ་གཏན་གྱིས་ཞི་བར་བྱེད་ཅིང༌། གསོད་པར་མི་བྱེད་པ་སོགས་ཡིན་ཀྱང༌། འདིར་ནི་ཐམས་ཅད་ཀྱིས་ཐམས་ཅད་བྱེད་པ་ཡིན་ཏེ། གཅིག་ཏུ་ངེས་པ་ཡོད་པ་མ་ཡིན་ནོ། །དེས་ན་རྣལ་འབྱོར་པའི་བློ་ངོ་ན། བདེ་བ་འབའ་ཞིག་གི་རྣམ་པ་ཤར་ཡང༌། རང་བཞིན་རྣམ་པ་ཐམས་ཅད་པ་ཡིན་པས། དཀྱིལ་འཁོར་ཐམས་ཅད་དང་སྔགས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། ལས་དང་དངོས་གྲུབ་ལ་སོགས་པ་ཕན་ཡོན་ཐམས་ཅད་འགྲུབ་པར་འགྱུར་ལ། དེ་བཞིན་དུ་བློ་ངོར་དཀར་པོའི་རྣམ་པ་ཅན་དུ་ཤར་ཡང༌། རང་བཞིན་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་ཐམས་ཅད་བྱེད་ནུས་ལ། དེ་དང་དེའི་རྣམ་ཆ་ཤར་ཞིང་ལས་དེ་དང་དེ་བྱེད་བཞིན་པ་ན་ཡང༌། རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བར་རིག་ཅིང་སེམས་གཡོ་བ་མེད་པར་གནས་པས། དེ་ལྟར་མྱོང་བའི་རང་སེམས་ཀྱི་དབྱིངས་ན་བྱ་བྱེད་ལས་གསུམ་ལ་སོགས་པའི་དབྱེ་བ་གང་ཡང་ཡོད་པ་མ་ཡིན་ཅིང༌། སྤྲོས་པ་དང་བྲལ་བར་རིག་པ་ཡིན་ནོ་དེས་ན་རང་བཞིན་ཟུང་འཇུག་ཁོ་ན་ལས། བྱ་བ་ཕན་ཡོན་དང་འབྲས་བུ་རྣམས་འབྱུང་བ་ཡིན་ལ། བྱེད་པ་པོ་ལམ་དང་རྒྱུ་ཐམས་ཅད་ཀྱང་རང་བཞིན་དེ་ཉིད་ལ་ཚང་ཞིང་རང་བཞིན་


TNT08_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་རང་ངོས་ནས། བྱ་བྱེད་རྒྱུ་འབྲས་ལ་སོགས་པའི་དབྱེ་བ་མེད་དེ། བདེ་བ་ཆེན་པོ་འབའ་ཞིག་ཏུ་རོ་མཉམ་པའི་ཕྱིར་རོ། །དེས་ན་གཞུང་གཞན་གྱི་འགྱུར་གཞན་ལས། རང་བཞིན་ལས་ནི་བྱ་བའང་ཡོད། །རང་བཞིན་ལས་ནི་བྱེད་པའང་ཡོད། །རང་བཞིན་ཡོངས་སུ་ཤེས་པ་ན། །བྱ་བ་མེད་ཅིང་བྱེད་པའང་མེད། །ཅེས་འབྱུང་བ་གོ་བདེའོ། །བྱ་བ་ཀུན་གྱི་རང་བཞིན་ནི། །ཨ་ཡིག་ཡང་དག་རྣམ་པར་གནས། །ཐོག་མཐའ་མེད་པའི་དངོས་པོ་ཡིས། །རིན་ཆེན་རྣམས་ནི་རྒྱ་མཚོ་བཞིན། །དེ་ལྟར་ན་དཀྱིལ་འཁོར་ལ་སོགས་པ། །བྱ་བའི་རྣམ་པར་དབྱེ་བ་ཀུན་གྱི་རང་བཞིན་ཆོས་ཉིད་བདེ་བ་ཆེན་པོ་ནི། ཨའི་རྣམ་པར་གནས་སོ་ཞེས་བརྡས་བསྟན་ཏེ། དེ་ཡང་དཔེ་འགའ་ཞིག་ལས་ཨཾ་ཡིག་ཡང་དག་རྣམ་པར་གནས། ཞེས་འབྱུང་བ་ལེགས་སོ། །དེ་ལྟར་ཡང་དགྱེས་རྡོར་ལས། དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་དུ་ནི་གནས། །དང་པོའི་དབྱངས་ཀྱི་རང་བཞིན་ཉིད། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་པ་ལྟར་ཏེ། དེ་ལས་ཨ་ཡིག་ནི་ཨརྱ་ནུཏྤནྣ་ཞེས་པ་གདོད་མ་ནས་སྐྱེ་བ་མེད་པའོ། །ང་རོ་ཟླ་ཕྱེད་ནི་རྣམ་པ་ཐམས་ཅད་པའི་མཚན་ཉིད་དོ། །ཐིག་ལེ་ནི་གཞོམ་གཞིག་དང་བྲལ་བའི་བདེ་བའོ། །ན་ད་ནི་གསུམ་པོ་དེ་རོ་མཉམ་པའི་དོན་ཏེ། དེ་ལྟར་ན། ཨཾ་ཡིག་བརྡས་མཚོན་པའོ། །དེ་ལ་རང་ངོས་ནས་གནས་ཀྱི་ངེས་པ་མེད་ཀྱང༌། ལྟེ་བའི་འཁོར་ལོའི་དབུས་ཀྱི་དམར་ཆ་བརྗོད་པ་ཐམས་ཅད་འབྱུང་བའི་གཞི་ཨ་ཡིག་གི་ནུས་པ་ཅན་ལ་གནད་དུ་བསྣུན་པས། ཐོག་མར་གནས་དེར་གཏུམ་མོ་


TNT08_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འབར་སྣང་གི་རྣམ་པ་ཅན་དུ་ཤར་ནས། ཨཾ་ཡིག་གི་དོན་དེ་རྟོགས་པར་འགྱུར་བ་ཡིན་པས། ལྟེ་བར་གནས་ཞེས་གསུངས་ཤིང༌། འབར་སྣང་དེ་ཉིད་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡང་ཡིན་ལ། བློ་སྟེ་ཤེས་རབ་ཀྱང་ཡིན་ནོ། །དེའི་ཕྱིར་འདི་ནི་ཆོས་ཀྱི་སྐུ་ཡིན་པས་ཐོག་མར་སྐྱེ་བ་དང་མཐར་འགག་པ་མེད་ཅིང༌། ཡུལ་དུས་དང་བྱེད་པ་པོའི་གནས་པ་ཡང་མེད་ལ། གདོད་མ་ཡིན་པའི་ཕྱིར་འདི་མེད་པའི་དུས་ཀྱི་ཐོག་མཐའ་ཡང་མེད་ཅིང༌། འདིར་དངོས་པོ་ཞེས་གསུངས་པ་ནི། དངོས་པོ་ནི་འདུས་བྱས་བེམ་རིག་གི་དངོས་པོ་ལ་འཇོག་པ་མ་ཡིན་པས། དངོས་མེད་ཀྱི་ཟླས་དྲངས་པའི་དངོས་པོ་མ་ཡིན་མོད། གནས་ཚུལ་ལ་ཡོད་ཅིང་མ་འཁྲུལ་བའི་ཤེས་པས་ཉམས་སུ་མྱོང་བའི་དོན་ནོ། མདོ་རྒྱུད་བསྟན་བཅོས་རྣམས་ལས་དངོས་པོ་ཞེས་གསུངས་པ་མང་པོ་ཞིག་འདི་ལྟ་བུར་གོ་དགོས་ལ། དངོས་མེད་ཅེས་གསུངས་པ་ཡང་གནས་སྐབས་མང་པོར་དངོས་པོའི་ཟླས་དྲངས་དང༌། བདེན་མེད་ཙམ་མ་ཡིན་པར་དམིགས་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་དོན་ལ་བཤད་དགོས་པ་ཡོད་དོ། །དེ་འདྲ་བའི་གནས་ལུགས་ཀྱི་ཆོས་སྐུ་དེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་གང་བའི་རྒྱ་མཚོ་ཆེན་པོ་ལྟ་བུར། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱིས་གང་བས་གནས་པ་ཡིན་ནོ། །དེ་ལྟར་ཡང༌། རྒྱ་མཚོ་ཆེ་ཞིང་དཔག་མེད་པའི། །ཡོན་ཏན་རིན་ཆེན་མི་ཟད་གནས། །ཞེས་སོ། །རྟག་ཏུ་འཇིག་རྟེན་ཐ་སྙད་ཉིད། །དེ་འགལ་འཇིག་རྟེན་ལས་འདས་པ། །ཡོད་པའམ་ནི་མེད་ཉིད་ཀྱི། །རང་བཞིན་ལས་ནི་རྟོགས་མིན་ཉིད། །


TNT08_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡིག་གི་དོན་ལས་འཕྲོས་ནས། བདེན་པ་གཉིས་བསྟན་པ་ནི། ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པར་བསྟན་པ་ཡིན་ལ། གཟུགས་སྒྲ་ལ་སོགས་པ་མཚན་མ་དང་མིང་དང་དངོས་པོ་ཐ་དད་པ་འདི་དག་ཅིའི་ཕྱིར་འབྱུང་སྙམ་ན། འཇིག་རྟེན་ཏེ་ཀུན་རྫོབ་ཀྱི་སྣང་བ་འདི་ཐམས་ཅད་ནི། རྟག་ཏུ་ཐ་སྙད་ཙམ་མིང་ཙམ་བློས་བཏགས་པ་ཙམ་དུ་ཟད་ཀྱི། གཟུགས་སྒྲ་ལ་སོགས་པའི་མཚན་མ་ཐ་དད་དུ་བློས་བཟུང་བ་ལྟར་གནས་ཚུལ་ལ་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་རྣམས་ཀྱི་རང་བཞིན་ཆོས་དབྱིངས་བདེ་བ་ཆེན་པོ་གང་ཡིན་པ་དེ་ནི། འཇིག་རྟེན་པའི་ཤེས་པ་ལ་མི་དམིགས་སོ། །འཇིག་རྟེན་ལས་འདས་པ་དོན་དམ་པ་ནི། དེ་དང་འགལ་བ་སྟེ། འདིར་འགལ་བ་ཞེས་བྱ་བ་ནི་མཚན་ཉིད་ཤིན་ཏུ་མི་མཐུན་པའི་དོན་ནོ། །དེ་ཡང་གང་ཐ་སྙད་གདགས་པས་དམིགས་པ་དེ་ཐམས་ཅད་ནི་མེད་ཅིང་མི་དམིགས་ལ། ཤེས་པ་ཀུན་རྫོབ་པས་མ་མཐོང་ཞིང༌། ཐ་སྙད་གདགས་པ་ལས་འདས་པའི་དོན་ནོ། །བདེ་ཆེན་ལྷན་ཅིག་སྐྱེས་པ་རྣམ་པ་ཐམས་ཅད་པ་དེ་ནི་རྟག་ཏུ་ཡོད་ཅིང་འཕགས་པའི་ཡེ་ཤེས་ལ་སྣང་བའི་མཚན་ཉིད་ཅན་ནོ། །དེས་ན་སྣང་གྲགས་ཀྱི་ཆོས་རྣམས་ཡོད་པར་འཛིན་པ་དང༌། དོན་དམ་པའི་དབྱིངས་མེད་པར་འཛིན་པའི་ལྟ་བ་དང་རྗེས་སུ་འབྲེལ་བའི་སྒོམ་པས་ནི། རང་བཞིན་གྱི་གནས་ལུགས་དེ་རྟོགས་པར་འགྱུར་བ་མིན་ནོ། །འདི་ལ་འགོས་འགྱུར་ལས། རང་བཞིན་རྟོགས་པར་ནུས་མ་ཡིན། །ཞེས་འབྱུང་བ་འགྱུར་བདེའོ། །འབྲོག་མའི་འགྱུར་ལས་ནི། ཡོད་པའམ་ནི་མེད་པ་ཡི། །


TNT08_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སངས་རྒྱས་ཉིད་ཡིན་ཏེ། །ཞེས་འབྱུང་བ་ལྟར་ན། དོན་གཞན་བཤད་དུ་ཡོད་དོ། །འདི་ཉིད་ཀྱིས་ནི་སངས་རྒྱས་ཉིད། །འདི་ཉིད་ཀྱིས་ནི་གྲོལ་བར་འགྱུར། །རང་བཞིན་ལམ་ལ་བརྟེན་ནས་ནི། །ཐམས་ཅད་བྱེད་ཅིང་རྣམ་པར་གྲོལ། །ཤིན་ཏུ་རྣམ་པར་དག་པའི་རིམ་པ་འདི་ཉིད་སྒོམ་པ་ལས་ནི། སངས་རྒྱས་ཏེ་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྒྱས་པ་ནི་རྟོགས་པའི་ཡོན་ཏན་དང༌། སྒྲིབ་པ་མཐའ་དག་ལས་རྣམ་པར་གྲོལ་བ་ནི་སྤངས་པའི་ཡོན་ཏན་ཏེ་དེ་རྣམས་མཐའ་དག་རྫོགས་པའི་སངས་རྒྱས་སུ་འགྱུར་ཞིང༌། རང་བཞིན་གནས་ལུགས་དང་མཐུན་པའི་ལམ་འདི་ལ་བརྟེན་ན་ནི། རང་དོན་སྤངས་རྟོགས་རྫོགས་པར་མ་ཟད་སེམས་ཅན་ཐམས་ཅད་ལ། སྲིད་པ་དང་ཞི་བའི་ཕན་བདེའི་དོན་ཐམས་ཅད་བྱེད་ཅིང༌། མཐར་ཐུག་སྒྲིབ་གཉིས་ལས་གྲོལ་བའི་བྱང་ཆུབ་མཆོག་ལ་འགོད་པར་ཡང་བྱེད་དོ། །འདིར་འགྲེལ་ཆེན་དང་མར་དོས། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ལ་འཆད་པ་དང༌། ཐམས་ཅད་བྱེད་པའི་དོན་སྤྱོད་པ་མ་ངེས་པ་ལ་འཆད་པ་དང༌། འགོས་འགྱུར་ལས་ཀྱང༌། དོན་དེ་ལ་བསམས་ནས། ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། ཞེས་བསྒྱུར་རོ། །དཔེ་འགའ་ཞིག་ལས། ཐམས་ཅད་མཁྱེན་ཞིང་ཞེས་འབྱུང་བ་ནི་ཡི་གེ་ནོར་བའོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས། བཅོས་མའི་དཀྱིལ་འཁོར་དང་སྤྱིན་སྲེག་དང༌། མཆོད་སྦྱིན་དང༌། བཟླས་པ་དང༌། སྒོམ་པ་ལ་སོགས་པ་ཆོ་གའི་


TNT08_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཟུང་བ་དང་འཛིན་པའི་དངོས་པོ་རྣམ་པར་གཅོད་པ། མཚོན་པ་སྔོན་དུ་འགྲོ་བའི་རང་བཞིན་བཤད་པ། རྒྱས་པར་བསྟན་པ་སྟེ་དང་པོའོ། །འདི་ལ་འགོས་འགྱུར་ལས། གཟུང་བ་དང་འཛིན་པའི་དངོས་པོ་ལ། མངོན་པར་ཞེན་པ་རྣམ་པར་གཅོད་པ། སྔོན་དུ་འགྲོ་བའི་རྣལ་མ་ཞེས་བྱ་བ་ངེས་པར་བསྟན་པ་སྟེ་དང་པོའོ། །ཞེས་འབྱུང་བ་ལྟར་ལེགས་ཏེ། བཅོས་མའི་དཀྱིལ་འཁོར་སོགས་ལ་ཞེན་པ་སྤང་པ་ནི། དེ་བཞིན་རྣམ་རྟོག་བཅས་ལས་མིན། ཞེས་པ་ཡན་ཆད་དོ། །གཟུང་འཛིན་ལ་མངོན་ཞེས་སྤང་པར་བསྟན་པ་ནི། རྟག་ཏུ་འཇིག་རྟེན་སོགས་སོ། །རྣལ་མའི་སྦྱོར་བ་བསྟན་པ་ནི། ཤིན་ཏུ་རྣམ་དག་ཡོངས་ཤེས་པས། །ཞེས་པ་ལ་སོགས་པའོ། །ད་ནི་གཉིས་པ་རྒྱས་པར་བཤད་པ་ལེའུ་བརྒྱད་ལས། ལེའུ་གཉིས་པ་བཤད་པར་བྱ་སྟེ། ལེའུ་འདིས་གཞི་དངོས་པོའི་གནས་ལུགས་གཞི་དུས་ཀྱི་གསང་བ་དང༌། འཁོར་བ་འཇུག་བཟློག་ལམ་གྱི་གསང་བ་བསྟན་ནོ། །འདི་བཤད་པར་དམ་བཅའ་བ་ནི། དེ་ནས་མདོར་བསྟན་པ་དང༌། རྒྱས་པར་བསྟན་པའི་ངོ་བོ་ལ་སོགས་པ་རྒྱུད་ཀྱི་བདག་ཉིད་ཀྱི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ལུས་ཅན་གང་ཡང་རུང་བ་རྣམས་ཀྱི། རང་ལུས་ཀྱི་ལྷའི་ངོ་བོ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ། །ཞེས་པའོ། །དེ་ལ་མདོར་བསྟན་པ་ནི། ལུས་ཀྱི་དངོས་པོའི་རྣམ་གཞག་དང༌། རྒྱས་པར་བཤད་པ་ནི། སེམས་ཀྱི་དངོས་པོའི་རང་བཞིན་ཏེ་སོགས་ཁོངས་ནས་སྣོད་ཀྱང་འཇིག་རྟེན་བསྡུ་ལ།


TNT08_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་བདག་ཉིད་ཅེས་པ་ལ། ཇི་སྐད་དུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་བྱ་བའི་ཚུལ་གྱིས། རྒྱུ་རྒྱུད་ཀྱིས་བསྡུས་པའི་བདག་ཉིད་དེ་ཡང་ཕུང་པོ་དྲུག་དང་ཁམས་ལྔ་དང༌། སྐྱེ་མཆེད་དྲུག་རྣམས་ཀུན་རྫོབ་ཏུ་དེ་དང་དེར་སྣང་བ་ཡིན་ཀྱང༌། དོན་དམ་པར་ལྷའི་ངོ་བོར་རྣམ་པར་དག་པ་སྟེ། ལུས་ཅན་གང་ཡང་རུང་བ་ཞེས་པ་ནི། དབང་བསྐུར་བའི་སྒྲུབ་པ་པོ་ལ་སོགས་པ་འགའ་ཞིག་གི་ཕུང་ཁམས་ལྷར་དག་པ་ཡིན་གྱི། གཞན་གྱི་མ་ཡིན་ནོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཡིན་པར་སྟོན་པའི་ཚིག་གོ །རྩ་བའི་རྒྱུད་ལས། ཁམས་གསུམ་རྒྱུ་དང་མི་རྒྱུ་དང༌། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །རྡོ་རྗེ་སེམས་དཔའ་བླ་མར་བཞུགས། །ལྕུག་མར་དེ་བཞིན་རྣམ་སྣང་མཛད། །གཙོ་བོར་པདྨ་གར་མཛད་དོ། །བརྟེན་པར་དངོས་གྲུབ་ཐམས་ཅད་ནི། །རབ་ཏུ་རྩོལ་བའི་དཔའ་བོ་བཞུགས། །ཆུང་ངུ་ལ་ནི་མཁའ་སྙིང་པོ། །མི་ཟད་སྐུ་དང་ལྡན་པ་ཡིན། །སེན་མོའི་ངོས་ལ་རྟ་མགྲིན་ཉིད། །ཅེས་པ་ལ་སོགས་པ་དང༌། ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི །མེ་ནི་གོས་དཀར་མོ་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་བཤད། །ཙུམྦ་ཀ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །དབུས་སུ་དཔའ་བ་ཀུན་གྱི་གནས། །ཞེས་དང༌། བརྡའ་ནི་ལྔ་པོ་བསྟན་པ་ཉིད་ཅེས་ཀྱང་གསུང་ཏེ། དེ་དག་ངེས་པའི་དོན་ལ་སྦྱར་ནས་བཤད་རྒྱུད་ཀྱི་རིམ་པས་སྟོན་པར་བཞེད་དེ།གཉིས་པ་ལེའུ་དངོས་ལ།


TNT08_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་གནས་ལུགས་ལྷར་དག་ཚུལ་དང༌། དེ་ལ་འཁོར་བ་འཇུག་བཟློག་རུང་བར་བསྟན་པའོ། །དང་པོ་ལ་ཕུང་པོའི་དག་པ། སྐྱེ་མཆེད་ཀྱི་དག་པ། ཁམས་ཀྱི་དག་པ། དེ་རྣམས་ཀྱི་དོན་བསྡུ་བ་དང་བཅས་པའོ། །དང་པོ་ནི། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །རྡོ་རྗེ་ཉི་མ་ཚོར་བ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག།དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཀུན་གྱི་ངོ་བོ་ཧེ་རུ་ཀ །དེ་གཟུགས་ཀྱི་ཕུང་པོ་ནི་གཟུགས་ཅན་བཅུ་དང༌། ཚོར་བ་ནི་བདེ་སྡུག་བཏང་སྙོམས་དང༌། འདུ་ཤེས་ནི་མིང་དང་དོན་གྱི་མཚན་མར་འཛིན་པ་དང༌། འདུ་བྱེད་ནི་མཚུངས་ལྡན་ལ་ཚོར་འདུ་གཉིས་ལས་གཞན་པའི་སེམས་བྱུང་བཞི་བཅུ་རྩ་དགུ་དང༌། མི་ལྡན་པ་ལ་འདུ་བྱེད་རྣམ་གྲངས་དུ་མ་གསུངས་ཀྱང༌། འདིར་གཙོ་བོར་ཡིད་ཀྱི་ལས་སེམས་པ་དང༌། ལུས་ངག་གི་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ །དེ་ཀུན་གྱི་ངོ་བོ་ནི། ནམ་མཁའ་དང༌། ཉོན་ཡིད་དང༌། ཀུན་གཞི་རྣམ་པར་ཤེས་པ་དང༌། ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་གང་ཡིན་པ་ཐམས་ཅད་དོ། །དེ་ལ་ཀུན་གྱི་ངོ་བོ་ཞེས་བྱ་བ་སྐབས་འདིར། ཆོས་ཀྱི་ཕུང་པོའམ་ཤེས་པའི་ཕུང་པོ་ཞེས་བྱ་བར་རྣམ་པར་བཞག་གོ །ཡང་རྡོ་རྗེ་ཉི་མ་ནི་རིན་ཆེན་འབྱུང་ལྡན། པདྨ་གར་དབང་ནི་འོད་དཔག་མེད། རྡོ་རྗེ་རྒྱལ་པོ་ནི་དོན་ཡོད་གྲུབ་པ། ཧེ་རུ་ཀ་ནི་མི་བསྐྱོད་བྱའོ། །གཉིས་པ་ནི། མིག་ནི་གཏི་མུག་རྡོ་རྗེ་བཤད། །ཞེ་སྡང་རྡོ་རྗེ་མངོན་


TNT08_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ། །དེ་བཞིན་ཕྲག་དོག་རྡོ་རྗེ་སྣ། ཁ་ནི་འདོད་ཆགས་རྡོ་རྗེར་བརྗོད། །རེག་ལ་སེར་སྣ་རྡོ་རྗེ་སྟེ། །ལྔ་པོ་དེ་དག་སྦོམ་པོའི་ལྷ། །སྐྱེ་མཆེད་ཁམས་རྣམས་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ །མིག་སོགས་སྐྱེ་མཆེད་བཞི་ལ་དབང་པོ་སྨོས་ལ། ལྔ་པ་ལ་ཡུལ་རེག་བྱ་སྨོས་སོ། །དེས་ན་དག་པ་རྒྱས་པ་གཞན་ལ། ཡུལ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་དག་པར་མཛད་པའང་མང་མོད་ཀྱི། སྐབས་འདིར་ནི། དོན་དམ་པར་རང་བཞིན་ཟུང་འཇུག་ཡིན་པ་དང༌། ཀུན་རྫོབ་བདེན་པར་ཡང་སེམས་གཅིག་པུ་ཉིད་དབང་ཡུལ་དུ་སྣང་བ་གཏན་ལ་དབབ་པའི་ཕྱིར། དབང་པོ་རྣམས་རང་རང་གི་ཡུལ་དང་དབྱེ་བ་མེད་པར་དབང་པོའི་མིང་གིས་བསྟན་ཏེ། མིག་དང་མིག་གི་རྣམ་ཤེས་དང་གཟུགས་གསུམ་ཀར་སྡོམས་པ་ལ་མིག་གི་སྐྱེ་མཆེད་ཅེས་བཏགས་ཏེ། གཞན་རྣམས་ལའང་རིགས་འགྲེའོ། །མངོན་ཐོས་པ་ཞེས་པ་ནི་རྣ་བའོ། །ལྔ་པོ་དེ་དག་སྦོམ་པོའི་ལྷ་ཞེས་པ་ལ། སྦོམ་པོ་ནི་ལུས་སེམས་གཉིས་ལས་ལུས་ཀྱི་ཕྱོགས་སུ་གཏོགས་པའི་དོན་ཏེ་གཞན་དུ་སེམས་ཀྱི་ཆོས་རྣམས་ནི་ཕྲ་མོར་འཇོག་དགོས་པའི་ཕྱིར་རོ། །སྐྱེ་མཆེད་ལྔའམ་ཁམས་ལྔ་པོ་དེ་རྣམས་ཐམས་ཅད་ལ། སྤྱི་ཁྱབ་ཏུ་འཇུག་པའི་ཡིད་ཀྱི་སྐྱེ་མཆེད་ནི། དམ་པའི་དབང་ཕྱུག་ཧེ་རུ་ཀ་སྟེ། ལྷ་འདིའི་མཚན་ནི་དབང་ཕྱུག་རྡོ་རྗེ་ཡིན་ལ། ཧེ་རུ་ཀའི་རིགས་ཀྱི་སེམས་དཔའ་རིགས་གཞན་ལ་སྤྱི་ཁྱབ་ཏུ་འཇུག་པའི་ཕྱིར་དམ་པ་སྟེ་མཆོག་གོ །ཕུང་པོ་དང་སྐྱེ་མཆེད་ཀྱི་སྐབས་འདིར་རྡོ་རྗེ་


TNT08_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཁྱབ་པ་དང་ཧེ་རུ་ཀ་ཁྱབ་བྱེད་དུ་བཤད་པ་ནི། འཁོར་ལོ་སྡོམ་པའི་རྒྱུད་རྣམས་སུ་ཧེ་རུ་ཀ་རིགས་ཀྱི་གཙོ་བོར་སྟོན་པའི་དབང་གིས་ཡིན་ལ། ཁམས་ཀྱང་རྣམ་ཤེས་ཁྱབ་བྱ་དང༌། ནམ་མཁའ་ཁྱབ་བྱེད་དུ་འཆད་པའི་དབང་དུ་བྱས་ཤིང༌། རྒྱུད་གཞན་འགའ་ལས། འདི་གཉིས་གོ་ཟློག་སྟེ་གསུངས་པ་ནི། རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་ཀྱི་ཁམས་གཙོ་བོར་སྟོན་པའི་དབང་གིས་ཡིན་ནོ། །ཡང་གཏི་མུག་རྡོ་རྗེ་ནི་སའི་སྙིང་པོ། ཞེ་སྡང་རྡོ་རྗེ་ནི་ཕྱག་ན་རྡོ་རྗེ། ཕྲག་དོག་རྡོ་རྗེ་ནི་ནམ་མཁའི་སྙིང་པོ། འདོད་ཆགས་རྡོ་རྗེ་ནི་འཇིག་རྟེན་དབང་ཕྱུག སེར་སྣ་རྡོ་རྗེ་ནི་སྒྲིབ་པ་རྣམ་སེལ། དབང་ཕྱུག་རྡོ་རྗེ་ནི་ཀུན་ཏུ་བཟང་པོའོ། །ཐ་ག་ནའི་འགྲེལ་ཆེན་ལས་ནི། རིམ་པ་བཞིན་དུ། སྟོབས་པོ་ཆེ་དང༌། ཁཎྚ་ཀ་པཱ་ལ་དང༌། མིག་མི་བཟང་དང༌། མྱུ་གུ་ཅན་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་སྐུ་རྣམས་ཡིན་པར་བཤད་དེ། དེ་ལྟ་བུའི་ངེས་བཟུང་དཀའ་བར་སྣང་ངོ༌། །སྐྱེ་མཆེད་དང་ཁམས་ཀྱི་རྣམ་གྲངས་སྟོན་ཚུལ་ལ། སྤྱི་ཁྱབ་ཏུ་གྲགས་པའི་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ནི། ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་ཤེས་པའི་ཁམས་བདུན་དུ་ཕྱེ་བ་ཙམ་གྱི་ཁྱད་པར་མ་གཏོགས། སྐྱེ་མཆེད་བཅུ་གཉིས་དང་འཆད་ཚུལ་གཅིག་པས། སྐབས་འདིར་ནི་དེ་འདྲ་དེ་འདུས་བྱས་ཀྱི་ཆོས་ཀྱི་དབྱེ་སྒོ་ལ་སོགས་པར་མི་འདྲེན་ཏེ། སྐྱེ་མཆེད་ཀྱི་འཆད་ཚུལ་ཉིད་དོ། །གསུམ་པ་ནི། ལྟུང་བྱེད་མ་ནི་ས་ཡི་ཁམས། །ཆུ་ཁམས་


TNT08_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་བྱེད་མ་རུ་བརྗོད། །འགུགས་བྱེད་མ་ནི་མེ་ཡི་ཁམས། །རླུང་ནི་གར་གྱི་དབང་ཕྱུག་མ། །ནམ་མཁའི་ཁམས་ཞེས་བརྗོད་པ་ནི། །པདྨ་དྲ་ཅན་མ་འཁྲུགས་པ། །ཞེས་པ་འདི་ལ་འགོས་འགྱུར་ལས། རབ་ཏུ་བརྟན་པ་ནམ་མཁའི་ཁམས། པདྨའི་དྲ་བ་ཅན་དུ་བརྗོད། །ཅེས་འབྱུང་བ་ཉིད་ལེགས་ཏེ། །མ་འཁྲུག་པ་དང་རབ་ཏུ་བརྟན་པ་དོན་གཅིག་པ་ལས། འདི་གོ་བདེ་བས་སོ། །འདིར་ཁམས་ཀྱི་དབྱེ་བ་ནི་འབྱུང་བའི་ཁམས་ལྔ་ཡིན་ལ། ཆོས་མངོན་པ་བསྡུས་པ་རྣམས་ལས། ཕུང་ཁམས་སྐྱེ་མཆེད་ཅེས་པའི་ཁམས་ཀྱི་སྐབས། ཁམས་ལྔའམ་དྲུག་གཙོ་བོར་གཏན་ལ་མི་འབེབས་པ་ནི། ཐེག་པ་དེ་རྣམས་ཀྱི་ལུགས་ལ། འབྱུང་བ་ལྔས་འདུས་བྱས་ཐམས་ཅད་བསྡུས་པར་མི་འདོད་པའི་རྒྱུ་མཚན་གྱིས་ཡིན་ལ། ཐེག་པ་བླ་ན་མེད་པ་འདིར་སྲིད་ཞི་ཐམས་ཅད་འབྱུང་བ་ལྔའི་ཆོས་སུ་བསྡུ་བའི་ཕྱིར། ཕུང་ཁམས་སྐྱེ་མཆེད་ཅེས་པའི་ཁམས་དེ་ལྔའམ་དྲུག་ལ་ངོས་འཛིན་མཛད་པའི་གནས་སྐབས་ཀྱང་མང་དུ་བྱུང་བ་ཡིན་ནོ། །ས་ནི་སྲ་བ་དང༌། ཆུ་ནི་གཤེར་བ་དང༌། མེ་ནི་དྲོ་བ་དང༌། རླུང་ནི་གཡོ་བ་ཡིན་ལ། སོ་སོའི་ཁ་དོག་དང༌། དབྱིབས་དང༌། སྒྲ་དང༌། དྲི་དང༌། རོ་རྣམས་ཀྱང་དེ་དང་དེའི་ཁམས་སུ་བསྡུ་ཞིང༌། ནམ་མཁའ་ཁམས་ནི། དངོས་པོར་མེད་པ་གང་ཞིག་བློས་བཏགས་པ་རྣམས་དང༌། ནམ་མཁའ་སྐྱ་བོར་སྣང་བ་ལ་སོགས་པ། གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁྱད་པར་འགའ་དང༌། ཁ་དོག་གི་ཟད་པར་ལ་སོགས་པ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་


TNT08_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །སེམས་དང་སེམས་བྱུང་གི་ཁྱད་པར་རྣམས་ཀྱང་ཁམས་ལྔའི་དབང་ལྟར་བྱས་ན་ནམ་མཁའ་ཁམས་སུ་བསྡུ་ལ། ཁམས་དྲུག་གི་དབང་དུ་བྱས་ན། ཡེ་ཤེས་སམ་རྣམ་པར་ཤེས་པའི་ཁམས་སུ་བསྡུ་དགོས་སོ། །ལྟུང་བྱེད་མ་ནི་སྤྱན་མ་སྟེ་གཟུགས་ཅན་མ་དང༌། གསོད་བྱེད་མ་ནི་མཱ་མ་ཀཱི་སྟེ་མཁའ་འགྲོ་མ་དང༌། འགུགས་བྱེད་མ་ནི་གོས་དཀར་མོ་སྟེ་ཁནྚ་རོ་ཧཱ་དང༌། གར་གྱི་དབང་ཕྱུག་མ་ནི་སྒྲོལ་མ་སྟེ་ལཱ་མའོ། ཁམས་གཞན་རྣམས་ནི་གཟུགས་ཅན་ཉིད་ཀྱི་ཕྱིར་མི་བརྟན་པ་ཡིན་ལ། ནམ་མཁའི་ཁམས་ནི་ཐོགས་པ་མེད་པའི་ཕྱིར་གཞིག་པ་དང་འཁྲུགས་པར་མི་ནུས་པས་རབ་ཏུ་བརྟན་པའོ། །འདིར་མ་འཁྲུགས་པ་ཞེས་པ་རྣམ་རྟོག་གིས་མ་འཁྲུགས་པ་ལ་འཆད་པ་ནི་སྐབས་ཀྱི་དོན་མ་ཡིན་ནོ། །པདྨ་དྲ་བ་ཅན་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མི་བསྐྱོད་པའི་ཡུམ་མོ། ཡུམ་ལྔར་བྱེད་པའི་སྐབས་འདིར། མཱ་མ་ཀཱི་རིན་ཆེན་འབྱུང་ལྡན་གྱི་རིགས་ཁོ་ནར་སྦྱོར་ཏེ། དེ་ལྟར་ན་ཕུང་པོ་དང་སྐྱེ་མཆེད་ལ་དྲུག་རེ་དང༌། ཁམས་ལ་ལྔར་མཛད་པ་ནི། གཞུང་ཚིག་འདི་དག་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཚིགས་བཅད་དུ་འབྱུང་བ་ཅི་རིགས་པ་བསྡུས་པ་དང༌། ཀུན་སྤྱོད་ལ་སོགས་པ་ནས་ཚིག་ལྷུག་པར་བསྟན་པ་རྣམས། གཞན་བཟོ་བཅོས་མེད་པར་ཚིགས་བཅད་དུ་སྡེབས་པ་ལས་ཡིན་ལ། དོན་ནི་ཕུང་པོ་དང་སྐྱེ་མཆེད་ལ་ཡབ་ཀྱི་དག་པ་སྦྱོར་བའི་སྐབས་ལྷ་དྲུག་ཏུ་བསྟན་པས། འབྱུང་བ་དང་ཡུམ་ལ་ཡང་དྲུག་པ་སྦྱོར་ཚུལ་གོ་ནུས་ཤིང༌། ཁམས་ལ་ཡུམ་ལྔར་བསྡུ་བའི་དག་པ་མཛད་པས། ཕུང་པོ་དང་སྐྱེ་མཆེད་ལ་ཡང་ལྔར་འདུས་ཚུལ་གོ་


TNT08_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །དེ་ལྟར་ཕུང་ཁམས་སྐྱེ་མཆེད་དེ་རྣམས། སེམས་ཉིད་བག་ཆགས་ངན་པས་གཡོགས་པ་ལ། མ་དག་འཁྲུལ་བའི་སྣང་བ་དེ་དང་དེ་རྣམས་སུ་འཆར་བ་ཡིན་ཀྱང༌། ཇི་ལྟར་སྣང་བ་དེ་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་ཞིང༌། དེ་རྣམས་ཀྱི་རང་བཞིན་ཆོས་ཉིད་གང་ཡིན་པ་དེ་ནི་རྟག་ཏུ་གནས་པ་ཡིན་ཀྱང༌། ཕུང་ཁམས་ཀྱི་ངོ་བོར་མེད་དེ་གདོད་མ་ནས་ལྷའི་འཁོར་ལོར་གནས་པ་ཡིན་ནོ། །ཇི་ལྟར་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པའི་སྐྱེས་བུ་དེ་ལ་སྦྲུལ་གྱི་སྣང་བ་ཤར་ཡང༌། སྦྲུལ་ནི་གདོད་མ་ནས་ཡོད་མ་མྱོང་ལ་ཐག་པ་ནི་ཡོད་ཀྱང་སྦྲུལ་མ་ཡིན་པ་བཞིན་ཏེ། དེ་ལྟར་ན་འཁོར་བ་ནི་གདོད་མ་ནས་ཡོད་མ་མྱོང་ལ། མྱ་ངན་འདས་པ་ནི་རྟག་ཏུ་གནས་པ་ཡིན་ནོ། །དེ་ལྟར་ཡང་གྲོལ་བའི་ཐིག་ལེ་ལས། ཐམས་ཅད་རྣམ་རྟོག་དང་བྲལ་བས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། ཞེས་དང༌། དེས་ན་ཟབ་གསལ་དཀྱིལ་འཁོར་བས། ང་ནི་རྟག་ཏུ་མྱ་ངན་འདས། །ཞེས་སོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཡིན་ན། གཟུགས་ལ་རྣམ་སྣང་དང་ཚོར་བ་ལ་རྡོ་རྗེ་ཉི་མ་སོགས་སོ་སོར་ངེས་པར་སྦྱར་བ་འདི་ཇི་ལྟ་བུ་ཡིན་སྙམ་ན། མདོར་ན་འདི་ལ་རྣམ་པར་སྣང་མཛད་དང༌། རྡོ་རྗེ་ཉི་མ་ལ་སོགས་པ་དོན་དམ་པའི་ལྷ་དང་ཡེ་ཤེས་གང་ཡིན་པ་དེ་ཡང་ངོ་བོ་གཅིག་ཁོ་ན་ཡིན་པས། གནས་ལུགས་ལ་སོ་སོར་དབྱེ་བ་མེད་དོ། །ཕུང་པོ་ལ་སོགས་པ་དག་བྱ་དེ་རྣམས་ནི། སེམས་ཅན་གྱི་སྣང་ངོ་ལ་ལྟོས་ཏེ་འཇོག་དགོས་པས། ངོ་བོ་


TNT08_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་འཇོག་མ་ཐུབ་ཀྱང༌། མེད་བཞིན་དུ་སྣང་བ་ཡིན་པའི་ཕྱིར། ཐ་དད་པའི་ངོ་བོར་ཡང་མེད་དོ། །ཁྱབ་བྱེད་དོན་དམ་པའི་ཡེ་ཤེས་དེ་ནི། རྣམ་པར་སྣང་མཛད་ཡིན་པ་ནས། པདྨ་དྲ་བ་ཅན་གྱི་བར་ཡང་ཡིན་ན། གང་རྣམ་པར་སྣང་མཛད་ཡིན་པའི་ལྡོག་ཆ་ལ་གློ་བུར་གྱི་དྲི་མར་གྱུར་པ་ནི་གཟུགས་ཕུང་ཡིན་པ་ནས་བརྩམས་ཏེ། གང་པདྨ་དྲ་བ་ཅན་ཡིན་པའི་ལྡོག་ཆ་ལ་སྒྲིབ་པའི་ངོ་བོ་ནི་ནམ་མཁའི་ཁམས་ཡིན་པའི་བར་ཏེ་རང་བཞིན་དབྱེ་བ་མེད་ཀྱང༌། ལྡོག་ཆ་དེ་དང་དེ་ལ་དེ་དག་སོ་སོར་འབྲེལ་བ་ཡིན་ནོ། །དཔེར་ན་གསེར་དངུལ་ཟང་ལྕགས་ཀྱི་བཅུད་ལེན་དུ་བྱེད་ཀྱང༌། དེ་དག་གི་གཡའ་ནི་དུག་ཏུ་འགྱུར་རོ། །དེ་རྣམས་བསྲེས་ཤིང་སྦྱར་བའི་དུག་གིས། སྐྱེས་བུའི་ལུས་ལ་གནོད་པར་བྱེད་དེ། དངོས་པོ་གཅིག་ཡིན་ཡང་ནུས་པ་ཐ་དད་པར་སྣང་བས། ལུས་སྐེམས་པར་བྱེད་པ་ནི་གསེར་རོ། །དབང་པོ་འགྲིབ་པར་བྱེད་པ་ནི་ཟངས་སོ། །ཞེས་པར་གྲགས་པ་བཞིན་ཏེ། གསེར་སོགས་ཁམས་རྣམས་དབྱེར་མེད་གཅིག་ཏུ་འདྲེས་ཀྱང༌། གཡའ་དུག་གི་ནུས་པ་ཐ་དད་པར་སྣང་བ་བཞིན་ནོ། །འོ་ན་ཆོས་ཀྱི་དབྱིངས་དེ་ཅིའི་ཕྱིར་ལྷ་རྣམས་སུ་འགྱུར་ཞེ་ན། དེ་ནི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ཡེ་ཤེས་རིག་པའི་ཕྱོགས་ནི་རྡོ་རྗེ་སེམས་དཔའ་དང༌། དབྱིངས་ཀྱི་ཕྱོགས་ནི་ཧེ་རུ་ཀའོ། །མངོན་པར་ཤེས་པ་དྲུག་ནི་གཏི་མུག་རྡོ་རྗེ་ལ་སོགས་པའོ། །བྱམས་པ་དང་སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། མཉམ་པ་ཉིད་ཚད་མེད་པ་སྟེ་


TNT08_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི། ལྟུང་བྱེད་མ་ལ་སོགས་པའོ། །འདིར་ནི་མཚོན་པ་ཙམ་སྟེ། དེ་དག་ལ་སོགས་པ་མཐའ་ཡས་པའི་བར་དུ་སྦྱར་རོ། །དེ་ལྟར་ན་ཡང་དག་པའི་ལྷ་དངོས་ནི་ཡེ་ཤེས་དེ་དག་ཡིན་ལ། འོན་ཀྱང་གནས་འདི་ལ་འཁྲུལ་པར་རྟོགས་པ་གཉིས་ཡོད་དེ། ཆེས་ཆེ་བར་གྲགས་པ་མང་པོ་ཞིག་ཀྱང་འཁྲུལ་པ་འདི་གཉིས་ལ་བརྟེན་ནོ། །གཉིས་དེ་ཡང་གང་ཞེ་ན་མཐར་ཐུག་ཀུན་རྫོབ་ཏུ་སྨྲ་བ་དང༌། སྟོང་རྐྱང་སངས་རྒྱས་སུ་སྨྲ་བའོ། །དེ་ལ་གཅིག་ནི། འདིར་ལྷ་ཞེས་བྱ་བ་སྐྱེས་བུའི་རྣམ་པ་ཁོ་ན་སྟེ། ཕུང་པོ་ལྔ་ལ་སོགས་པ་ལྷའི་རྣམ་པ་ཅན་དུ་སྒོམ་པ་དང༌། གདོས་བཅས་ཀྱི་རྩ་གདོས་བཅས་ཀྱི་ཐིག་ལེ་གང་བས། སྔར་གྱི་ཕུང་སོགས་ཀྱི་རིགས་རྒྱུན་དེ། ལྷ་ཞལ་ཕྱག་ངེས་ཅན་གྱི་རྣམ་པར་ཁྲོད་ཀྱིས་སངས་རྒྱས་བར་འདོད་དོ། །དེ་ལྟར་སྤྱི་ལྡོག་ནས་འདོད་པ་མཚུངས་པ་ལས། ཆེན་པོ་ཁ་ཅིག་ནི་ཕུང་ཁམས་དེ་རྣམས་ཀྱི་སྙིགས་མ་ནི་ཟད། དྭངས་མ་ངོ་བོ་ཕུང་ཁམས་ཀྱི་ཆོས་དེ་རྣམས་སུ་གཏོགས་པ་ལ་རྐྱེན་གྱིས་འཁོར་འདས་གང་སྒྲུབ་ཀྱང་རུང་བ་ཤིན་ཏུ་ཕྲ་བའི་རླུང་སེམས་སམ། མི་ཤིགས་པའི་དྭངས་མ་ཞེས་བྱ་བ་ཞིག་ཡོད་པ་དེའི་རིགས་རྒྱུན་སངས་རྒྱས་བར་འདོད་ལ། མི་མཁས་པ་མང་པོ་ཞིག་ནི། རགས་པའི་ཕུང་ཁམས་འདི་དག་ཁོ་ནའི་རིགས་རྒྱུན་སངས་རྒྱས་སུ་འགྱུར་ཏེ། གསང་སྔགས་ཀྱི་ཐབས་མཁས་ཡིན་ནོ་ཞེས་སྤྱི་བརྟོལ་སྐྱེ་ནས་སྨྲའོ། །འདི་དག་ནི་ཀུན་རྫོབ་ཀྱི་ཆོས་ནམ་ཡང་ཡོད་མ་མྱོང་བའི་དོན་ལ་བློ་


TNT08_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་མ་ཕྱོགས་པ་སྟེ། མདང་སུམ་རྨི་ལམ་དུ་བྱུང་བའི་ལྡུམ་རའི་ནང་གི་མེ་ཏོག་ཆུང་ངུ་དེ། དེ་རིང་འདབ་བརྒྱ་པར་གྱུར་ཏོ་ཞེས་པ་དང༌། མདང་ནུབ་རྨི་ལམ་གྱི་ལྕི་བའི་གོང་བུ་དེ་ནི་དེ་རིང་གསེར་དུ་འགྱུར་རོ་ཞེས་སྨྲ་བ་དང་མཚུངས་སོ། །ལྷ་སྐུ་མདོག་ཞལ་ཕྱག་སོ་སོར་ངེས་པ་ཅན་དུ་འདོད་པ་ཡང༌། རྒྱལ་བའི་སྐུ་དང་ཡེ་ཤེས་ནི། ཀུན་རྫོབ་ཀྱི་སྤྲོས་པ་དང་རྣམ་པ་ཐམས་ཅད་ནུབ་པ། དོན་དམ་པའི་རྣམ་པ་ཐམས་ཅད་པ་རྟག་ཏུ་ཤར་བ་ཡིན་པ་ལ་དེ་ལྟར་མ་རྟོགས་པས་ནོངས་ཤིང༌། གཞན་ཡང་རིག་པའི་གནོད་པ་དུ་མ་འབབ་སྟེ། འདི་ནི་འཁྲུལ་པ་རགས་པ་སྣང་ངོ༌། །འཁྲུལ་པ་གཉིས་པ་ནི། འདིར་རྣམ་སྣང་ལ་སོགས་པ་ནི་མིང་གིས་བཏགས་པར་ཟད་དེ། བདེ་བ་ཆེན་པོ་སྣང་མེད་སྤྲོས་བྲལ་རང་རིག་ཙམ་ཞིག་གོ །དེ་ལ་ཞལ་ཕྱག་ལ་སོགས་པའི་རྣམ་པར་སྣང་བ་ནི་ནམ་ཡང་མེད་དེ། གཟུགས་ཕུང་བདེ་བ་དེར་དག་པ་ལ་རྣམ་སྣང་ནས། ནམ་མཁའི་ཁམས་བདེ་བ་དེར་དག་པ་ནི་པདྨ་དྲ་བ་ཅན་གྱི་བར་དུ་ཐ་སྙད་བཞག་པ་སྟེ་དག་ཚུལ་ཡང་གཟུགས་ཕུང་འཁྲུལ་སྣང་དང་མ་དག་པ་ཡིན་ཡང༌། དེའི་རང་བཞིན་བདེ་བ་ཡིན་ཞིང༌། བདེ་བའི་ངོས་ནས་ཡང་དག་ཀུན་རྫོབ་ཙམ་ཡིན་ཀྱང་བདེ་བའི་རང་བཞིན་སྟོང་ཉིད་སྤྲོས་བྲལ་ཡིན་པས། སྟོང་པའི་ངོས་ནས་དོན་དམ་ཡིན་ཞིང༌། དེ་གཉིས་དབྱེར་མེད་ཟུང་འཇུག་ཡིན་པའི་ཆ་ནས། བདེ་བ་དེ་དོན་དམ་དང་སངས་རྒྱས་དངོས་སུ་འཇོག་ལ། དེ་དང་གཟུགས་ཕུང་ཆོས་དང་ཆོས་ཉིད་ཀྱི་འབྲེལ་བ་ཅན་ཡིན་པས། བརྒྱུད་པའི་འབྲེལ་པས་གཟུགས་ཕུང་རྣམ་སྣང་དུ་


TNT08_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང༌། ཆོས་ཉིད་ཀྱི་ངོ་བོར་འཇོག་གོ །ཞལ་ཕྱག་གི་རྣམ་པ་ཅན་དུ་བསྟན་པ་ནི། བསྐྱེད་རིམ་པ་རྣམས་ཀྱིས་སྒོམ་པའི་དོན་དང༌། འབྲས་དུས་སུ་གཞན་སྣང་ལ་འབྱུང་བ་ཙམ་ཡིན་གྱི། གནས་ལུགས་དང་སངས་རྒྱས་རང་སྣང་ནི། རང་རིག་བདེ་ཆེན་སྒྱུ་མ་ཙམ་དེའོ་ཞེས་པ་སྟེ། འདི་ནི་སྔ་རབས་ཀྱི་དམ་པ་མང་པོ་ཞིག་ཀྱང་གསུངས་ལ། སྐབས་འདིར་ཐ་ག་ནའི་འགྲེལ་པ་དང༌། མར་དོལ་དང་མལ་ལ་སོགས་པ་ཡང་བཞེད་དོ། །སྔ་མ་ལ་ལྟོས་ན། གྲུབ་མཐའི་འཇོག་མཚམས་འདི་བརླིང་ཞིང་བཟང་ལ། དཔྱོད་ལྡན་དུ་འདོད་པ་ཕལ་གྱིས་བལྟས་ན་ངེས་དོན་ལ་ཤིན་ཏུ་འབྱོར་པ་ལྟར་སྣང་ཡང༌། སྐྱོན་དང་བྲལ་བའི་ལུགས་ནི་མ་ཡིན་ཏེ། དོན་དམ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སོགས་རྣམ་པ་ཐམས་ཅད་པར་ཤར་ཞིང་ཤར་བ་དེ་ཡང་ཀུན་རྫོབ་མ་ཡིན་པའི་གནད་མ་རིག་པར་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷ་ཡིན་ན། རྟོག་པས་བཏགས་པ་དང༌། རྣམ་པ་རིས་སུ་ཆད་པ་དང༌། ཀུན་རྫོབ་འཁྲུལ་སྣང་གིས་ཁྱད་པར་ཁས་བླངས་པ་དང༌། དོན་དམ་གྱི་སྟོང་ཉིད་སྤྲོས་པ་མེད་ཙམ་ལ་བཞག་པས་ལྷན་སྐྱེས་དོན་དམ་དུ་འཇོག་མ་ཤེས་པས་ཉེས་སོ། །འབྲེལ་བ་རྒྱུད་པ་ཅན་གྱིས་དེ་དང་དེར་འཇོག་ཏུ་རུང་ན། ཧ་ཅང་ཐལ་ཏེ། མཚམས་མེད་དང་དམ་ཚིག་ཉམས་པའི་ལས་ཀྱང་སངས་རྒྱས་ཀྱི་རྒྱུར་ཐལ་བར་འགྱུར་བ་དང༌། རང་བཞིན་མེད་པའི་སྟོང་ཉིད་ཀྱི་ངོ་བོར་གནས་པའི་རྒྱུ་མཚན་གྱིས། བདེ་བ་གནས་ལུགས་སུ་འཇོག་ཅིང༌། དེ་


TNT08_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འཇོག་པའི་རྒྱུ་མཚན་གཞན་མེད་ཀྱང་དེར་འཇོག་ན། འཁྲུལ་པ་ཐམས་ཅད་གནས་ལུགས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་འདི་དག་ལ་མང་དུ་དཔྱད་པ་བྱར་ཡོད་དོ། །དེས་ན་ལྷ་ཡིན་ཕྱིན་ཆད་མཚན་དཔེ་ཅན་གྱི་སྒོ་ནས་འཇོག་པར་མ་ངེས་ཀྱང་སྤྱིར་མཚན་དཔེ་ཞལ་ཕྱག་གི་རྣམ་པ་ཅན་ཏུ་ཅིས་ཀྱང་འབྱུང་བ་ཡིན་ཏེ། དཔེར་མཚོན་ན་མེ་ལོང་ལྟ་བུའི་ཡེ་ཤེས་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། རང་རིག་བདེ་བ་ཆེན་པོའི་སྣང་ཆ་མ་འགགས་པ་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་གཙོ་བོར་གྱུར་པའི་སྐུ་དང༌། གསུང་དང༌། ཐུགས་དང༌། ཡོན་ཏན་དང༌། མཛད་པ་དང༌། འཕྲིན་ལས་སྣོད་བཅུད་ལ་སོགས་པ། འཁོར་འདས་ཐམས་ཅད་དུ་སྣང་བའི་ཡེ་ཤེས་དེ་ནི་དོན་དམ་པའི་རྣམ་པར་སྣང་མཛད་ཡིན་པ་སོགས་མཁའ་ཁམས་དྲ་བ་ཅན་གྱི་བར་དུ་སྦྱོར་ལ། ཡེ་ཤེས་ཉིད་ངོ་བོ་གཅིག་པའི་ཕྱིར་རྣ་ཆ་རྣམས་ཀྱང་ངོ་བོ་གཅིག་མོད་ཀྱི། ཡེ་ཤེས་སོ་སོའི་ལྡོག་ཆ་ནས་ལྷ་དེ་དང་དེར་འཇོག་གོ །དེས་ན་ཐམས་ཅད་སྤྲོས་བྲལ་གྱི་ལྷ་ཡང་ཡིན་ལ། རང་རིག་བདེ་ཆེན་གྱི་ལྷ་ཡང་ཡིན་ཞིང༌། དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་ཀྱང་ཡིན་ལ། ཁམས་གསུམ་པའི་གཟུགས་བརྙན་ཀྱང་ཡིན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་དེ་འདྲ་བའི་ལྷའི་ངོ་བོར་རྣམ་པར་དག་གོ །ཇི་སྐད་དུ། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །ཞེས་དང༌།


TNT08_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་རྒྱུད་ལས་ཀྱང༌། ཧེ་རུ་ཀ་དཔལ་རྒྱལ་ཆེན་པོ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང༌། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་པས་རྣམ་པར་བཞུགས། །ཞེས་སོ། །བཞི་པ་ནི། དེ་ལྟར་ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །ལུས་ཞེས་བྱ་བ་ནི་རང་བཞིན་ཡིན་ལ། ལུས་ངག་སེམས་གསུམ་གྱིས་ཟླས་ཕྱེ་བའི་ལུས་ཁོ་ན་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་ལ་སོགས་པ་ཡང་བཤད་ཟིན་པའི་དོན་བསྡུ་ཡིན་པའི་ཕྱིར་རོ། །གཉིས་པ་འཁོར་བ་འཇུག་ལྡོག་འཆར་ཚུལ་ནི། བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་མོངས་ལ་སོགས་ཉེར་ལྡན་པ། །སྐྱེ་དང་འཇིག་པ་ལ་གནས་ཏེ། །སྲིད་དང་མྱ་ངན་འདས་པ་ཐོབ། །འདིར་ཉེར་ལྡན་པ་ཞེས་པ་ནི། འགོས་འགྱུར་ལས། སྐྱེ་བ་ཉིད་ཅེས་བསྒྱུར་ཡང༌། འབྲོག་འགྱུར་ལས། ཉེ་བར་འགྲོ་བ་ཞེས་འབྱུང་བ་ལྟར་ལེགས་སོ། །དེ་ཡང་ཆོས་ཐམས་ཅད་ལྷ་དང་བདེ་བ་ཆེན་པོའི་ངོ་བོར་དག་ཅིང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ན། ཅིའི་ཕྱིར་མཐོ་རིས་ཀྱི་བདེ་བ་དང༌། ངན་སོང་གི་སྡུག་བསྔལ་དག་མྱོང་བར་འགྱུར་སྙམ་ན། མཐོ་རིས་དང་ངན་སོང་གི་བདེ་སྡུག་དེ་དག་ནི། ཆོས་ཉིད་ཀྱིས་བྱས་པ་མ་ཡིན་ཀྱང་དེ་བཞིན་ཏེ། འབྲས་བུ་རང་དང་མཐུན་པའི་རྒྱུ་དགེ་སྡིག་ལས་བྱུང་ལ། ལས་དེ་ཡང་ཀུན་ནས་སློང་བྱེད་ཉོན་མོངས་ལས་བྱུང་བས་ན། ཉོན་


TNT08_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ལ་སོགས་པའི་དབང་གིས་ཉེ་བར་འགྲོ་བ་ནི་འཁོར་བའོ། །དེ་ཡང་སེམས་ཉིད་མྱ་ངན་ལས་འདས་པ་ཡིན་ཀྱང༌། དེའི་དྲི་མ་རྣམ་པར་ཤེས་པ་རྣམས་ནི་སྔོན་གྱི་བག་ཆགས་ཀྱི་རང་བཞིན་ཅན་ཡིན་ལ། བདག་ཆགས་ཀྱང་ཉོན་མོངས་པ་དང༌། ལས་དང༌། སྐྱེ་བའི་བག་ཆགས་ཡིན་པའི་ཕྱིར། བག་ཆགས་ཅན་གྱི་རྣམ་པར་ཤེས་པ་ལས་ཉོན་མོངས་འབྱུང་ཞིང༌། དེས་ཀྱང་ལས་བྱེད་ལ། ལས་ཀྱིས་སྐྱེ་བ་འཕངས་ཏེ་བདེ་སྡུག་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལྟར་ཉོན་མོངས་དང༌། ལས་དང༌། སྐྱེ་བ་བྱུང་བ་དེས་ཀྱང༌། བག་ཆགས་རྒྱས་པར་བྱས་ཏེ། སྲིད་པ་གསུམ་དུ་ཉེར་བར་འགྲོ་ཞིང་འཁོར་རོ། །དེ་ལ་སྐྱེ་བས་ནི་སྲིད་པ་འཇུག་པ་ཡིན་ལ། རྣམ་པར་ཤེས་པའི་སྟེང་དུ་དགེ་བའི་བག་ཆགས་གསོས་བཏབ་པས། ཉོན་མོངས་སྲབས་ཤིང་དཔེར་ན་སྒྱུ་མའི་སྔགས་སོགས་འཁྲུལ་འཁོར་ཞིག་པ་ན། སྒྱུ་མ་སྤྲུལ་པའི་སྣང་བ་ཡང་ནུབ་འགྲོ་བ་བཞིན་དུ་བག་ཆགས་དང་བཅས་པའི་རྣམ་པར་ཤེས་པ་དག་པ་ན། ལས་ཉོན་སྡུག་བསྔལ་ཡང་དབྱིངས་སུ་ཞི་སྟེ་འཁོར་བ་འཇིག་པའི་གནས་སྐབས་ཐོབ་ནས་ཆོས་ཉིད་ཁོ་ན་གནས་པ་ནི་ཐར་པ་སྟེ། དེ་ལྟར་ན་སྐྱེ་བས་སྲིད་པ་དང་འཇིག་པས་མྱ་ངན་ལས་འདས་པ་ཐོབ་བོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེར་ཕུང་པོ་དང་ཁམས་སྐྱེད་མཆེད་ཀྱི་རང་བཞིན། དེ་བཞིན་གཤེགས་པའི་སྐུ་ཇི་ལྟ་བར་གནས་པ། རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་ངོ་བོར་བཤད་པ་རྒྱས་པར་བསྟན་པ་སྟེ་གཉིས་པའོ། །དེ་ཡང་དེ་བཞིན་གཤེགས་པའི་སྐུར་ཇི་ལྟ་བར་གནས་པ་ཞེས་པ་ནི་


TNT08_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བའི་གནས་ལུགས་ལ། རྣམ་སྣང་ལ་སོགས་པའི་ལྷ་ཁོ་ན་གནས་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་རྣམས་དངོས་པོའི་རང་བཞིན་ཡིན་ནོ། །ད་ནི་ལེའུ་གསུམ་པ་འཆད་པ་ལ། ལེའུ་འདིས་སྐུ་གསུང་ཐུགས་ཀྱི་སྒོ་བཤད་པའི་སྒོ་ནས་རླུང་གི་རྣམ་གཞག་གཙོ་བོར་འཆད་པ་ཡིན་པས། གཞིའི་གསང་བ་གཙོ་བོར་སྟོན་ལ། རྣམ་སྣང་ལ་སོགས་ཞེས་མན་ཆད་ཀྱིས་ལམ་གྱི་གསང་བའང་ཞོར་བྱུང་དུ་བསྟན་ནོ། །འདི་ལ་ཐོག་མར་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུ་དང་གསུང་དང་ཐུགས་སུ་སོན་པའི་ཐ་མ་དང་འབྲིང་དང་མཆོག་གི་དབྱེ་བས། སྒོའི་དབྱེ་བ་བརྗོད་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་ནི་ཁམས་དྲུག་ལྡན་པའི་སྐྱེས་བུའི་ལུས་སོ། །སྐུ་སོགས་དང་ཐ་མ་སོགས་ལ་སྐུའི་སྒོ་དགུ་ནི་སྒོ་ཐ་མ་སྟེ་དམན་པ་དང༌། གསུང་གྱི་སྒོ་བཞི་ནི་སྒོ་འབྲིང་དང༌། ཐུགས་ཀྱི་སྒོ་གཉིས་ནི་སྒོ་མཆོག་གོ །སྒོའི་དབྱེ་བ་ནི་སྒོའི་རྣམ་གཞག་གོ། དེ་ལྟར་ཡང་རྩ་བའི་རྒྱུད་ལས། སྟེང་དང་འོག་ཏུ་ཕོ་ཉ་འགྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །བ་གླང་གནས་དང་སྟེང་ལྡིང་དང༌། །ལྷག་མ་སྐེམ་བྱེད་རྩ་གནས་ཏེ། །བདེ་བ་ཆེན་པོའི་ངོ་བོར་བྱ། །ཡང་ན་རུས་སྦལ་དག་གིས་སོ། །འདི་སྟེ་དངོས་གྲུབ་སྦྱིན་འགྱུར་ཞིང༌། །ཕྱག་བཞི་པ་ལ་ཞལ་བཞི་པ། །ཞེས་དང༌། རིགས་ལྡན་མའི་ཕྱག་རྒྱའི་སྐབས་ལས། ཐོད་པ་དགྲ་སྟ་མཆེ་བ་དང༌། །འཁོར་ལོ་རྡོ་རྗེ་རྒྱལ་མཚན་དང༌། །རལ་གྲི་ཀུན་ཏུ་སྐྲག་བྱེད་ཉིད། །དུང་


TNT08_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱད་དུ་ཤེས་པར་བྱ། །རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཞེས་གསུང་པ་རྣམས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་པའི་དོན་སྟོན་པར་བཞེད་ནས། གཞུང་དངོས་ལ། སྐུ་ཡི་སྒོ་དགུ་བཤད་པ། གསུང་གི་སྒོ་བཞི་བཤད་པ། ཐུགས་ཀྱི་སྒོ་གཉིས་བཤད་པ། གསུམ་ཀའི་ཐུན་མོང་གི་དོན་བཤད་པའོ། །དང་པོ་ནི། ཀ་བ་གཅིག་ལ་སྒོ་དགུ་པ། །སྦོམ་པོ་ལྔ་ལས་ལྷག་པའི་ལྷ། །བུ་ག་དགུ་རུ་གྱུར་པའི་སྒོ། །རྣམ་པ་དགུ་རུ་ཡོངས་སུ་གྲགས། །ཐ་མ་སྐུ་དང་ལྡན་པའི་སྒོ། །སྦོམ་པོའི་ལྷ་ནི་སྤྲུལ་པའོ། །དེ་ཡང་གང་གི་ལུས་ལ་ཀ་བའང་སྲོག་ཤིང་གཅིག་དང་ལྡན་པ་ཞེས་བྱ་སྟེ། དེ་ལ་ལུས་ཀྱི་སྲོག་ཤིང་དང་རྩའི་སྲོག་ཤིང་གཉིས་ལས། རྩའི་སྲོག་ཤིང་ནི། དབུ་མ་སྟེ། དེ་ལས་གྱེས་པའི་ཡན་ལག་གི་རྩ་བུ་ག་དགུར་སོན་པའི་ཕྱིར། བུ་ག་དགུ་ཡང་དབུ་མ་ལ་འབྲེལ་བ་ཡིན་ནོ། །རགས་པ་ལུས་ཀྱི་ཀ་བ་ནི། སྔ་རབས་པ་ཁ་ཅིག་ཀ་བའི་སྐད་དོད་སྠཱཾ་པ་ཞེས་པ་གཞན་ལ་མ་རྟེན་པར་རང་ཉིད་གཞུང་ཚུགས་པའི་མིང་ཡིན་པས་སྐྱེས་བུའི་ལུས་ཙམ་མོ། །ཨེ་ཀསྠཱཾ་པ་བསེ་རུ་ལྟར་གཅིག་པུར་འདུག་པ་དང༌། ས་ལིསྠཱཾ་པ་འབྲས་ཀྱི་ལྗང་པ་དང༌། ཀ་ཏ་ལིསྠཾ་པ་ཆུ་ཤིང་གཅིག་པུ་སྐེ་རེར་འདུག་པ་ལ་འཇུག་པར་དང་འདྲའོ། ཞེས་སོགས་འཆད་མོད་ཀྱང་སྐབས་འདིར་ལུས་ཀྱི་ནང་གི་ཀ་བ་ཡིན་པའི་ཕྱིར། སྒལ་ཚིགས་ཏེ། ཇི་སྐད་དུ། སྒལ་ཚིགས་དབྱུག་པའི་རྣམ་པ་འདི། །མཆོག་གི་ཧེ་རུ་ཀ་ཡི་བརྟན། །ཕུང་པོ་ཁམས་སོགས་སངས་རྒྱས་ཀྱི། །ཀ་བ་ཞེས་ནི་མངོན་བརྗོད་བྱ། །ཞེས་པ་དང༌། རྡོ་རྗེ་


TNT08_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོར་ཡང༌། ཇི་ལྟར་ཀ་བ་ཆེན་པོ་ཡིས། །རོལ་པའི་ཁྱིམ་ནི་བཟུང་བྱ་བ། །དེ་བཞིན་སྒོ་དགུ་ཅན་གྱི་ལུས། །སྒལ་ཚིགས་ཉིད་ཀྱིས་བཟུང་བར་བྱ། །ཞེས་སོ། །སྒོ་དགུ་ནི། མིག་གཉིས་དང༌། རྣ་བ་གཉིས་དང༌། སྣའི་བུ་ག་གཉིས་དང༌། ཁ་དང་གསང་བ་དང་བཤང་ལམ་མོ། །དེ་དག་རེ་རེ་ལ་ཡང༌། ཕྲ་མོའི་སྒོ་དགུ་དགུ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པ་དང༌། དགེ་བ་མི་དགེ་བ་དང་བར་མའི་སེམས་བྱུང་བསྐྱེད་པའི་སྒོ་རྣམས་སོ། །སྦོམ་པོ་ལྔ་ལས་ལྷག་པའི་ལྷ་ཞེས་པ་ལ། སྦོམ་པོ་ན་རེགས་པའི་མཚན་ཉིད་ཅན་གྱི་ཕྱིར་ཕུང་པོ་དང༌། ལྷག་པ་ཞེས་པ་ནི་རྩ་བའི་དོན་དང༌། སྔ་མ་ལས་ཕྲ་ཤིང་སྲོག་ཏུ་གནས་པའི་ཕྱིར་འབྱུང་བ་ཡིན་ལ། དེས་ན་རིགས་ལྔ་དང་ཡུམ་བཞིའི་དབྱེ་བས། ཕུང་པོ་ལྔ་དང་འབྱུང་བ་བཞིའི་རླུང་ངམ། ཡུམ་ལྔའི་ངེས་པས་འབྱུང་བ་ལྔར་ཡང་བྱ་སྟེ། ཀ་བ་གཅིག་ལ་སྒོ་དགུ་པའི་གནས་ན། དེ་དག་བཞུགས་ཤིང་སྤྱོད་དོ། །ཞེས་པ་སྟེ། དེ་རྣམས་རྒྱུ་བའི་སྒོ་ནི་བུ་ག་དགུ་སོགས་སོ། །དེ་ལྟར་ན་སྒོ་དགུ་པོ་དེ་ནི་ཁམས་སྙིགས་མ་དྲི་མ་རྣམས་འབབ་པའི་ཕྱིར་དང༌། གཟུང་འཛིན་གྱི་སྣང་བ་དངོས་སུ་བསྐྱེད་ཅིང༌། ཉོན་མོངས་པའི་རྣམ་པར་རྟོག་པ་འཕྲལ་དུ་བསྐྱེད་པའི་ཕྱིར་དང༌། སྒོ་འདི་རྣམས་ལ་བཀག་པ་ལས་ནད་དང་སྡུག་བསྔལ་དང་འཆི་བ་རྣམས་སུ་འགྱུར་བའི་ཕྱིར། ཐ་མ་ཞེས་བྱ་ལ། ཤ་ཁྲག་རགས་པའི་ལུས་འདིའི་དངོས་ཀྱི་


TNT08_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ག་ཡང་ཡིན་ཞིང༌། ལུས་བདེ་སྡུག་འཕེལ་འགྲིབ་བྱེད་པའི་མཐུ་ཅན་ཡིན་པའི་ཡང་ཕྱིར་ན། སྐུའི་སྒོ་ཞེས་བྱའོ། །ལྡན་པ་ཞེས་པ་ནི་གྱུར་པའི་དོན་ཡིན་ཏེ། ལུས་ཡིན་པའི་དོན་ནོ། །འགོས་འགྱུར་ལས། ལུས་ཀྱི་སྒོ་སྟེ་ཐ་མ་ཡིན། །ཞེས་འབྱུང་བ་གོ་བདེའོ། སྦཽམ་པོའི་ལྷ་ནི། ཕུང་ཁམས་ཀྱི་རླུང་གཅིག་ཏུ་འདྲེས་པས་འབྱུང་བའི་རང་བཞིན་གྱི་ཕུང་པོའི་རླུང་སྟེ། དགུའམ་བཅུ་པོ་ཐམས་ཅད་ཀྱི་ཆ་ཤས་སྒོ་དགུ་ཆར་དུ་ཡོངས་སུ་རྒྱུ་བས། ལུས་ཀྱི་ནང་དུ་ཁམས་རྣམས་འཕེལ་འགྲིབ་ཏུ་སྤྲུལ་པ་དང༌། དྲི་མ་རྣམས་འཕེན་ཞིང་སྡོམ་པར་སྤྲུལ་པར་བྱེད་དོ། །དེ་དག་གིས་ནི་འདི་སྐད་ཅེས་བསྟན་པར་འགྱུར་ཏེ། ཡན་ལག་གི་རླུང་དུ་གྲགས་པ་རླུང་རྣམ་པ་ལྔ་པོ་ཁམས་སྙིགས་མ་རྣམས་དང་ལྷན་ཅིག་སྤྱོད་ཅིང༌། རྒྱུ་བའི་སྒོ་ནི། བུ་ག་དགུ་དང་བུ་ག་དགུའི་རྩ་རྣམས་སོ་ཞེས་པ་ཡིན་པས། དེའི་དོན་བཤད་ན། ཕུང་ཁམས་དགུའམ་བཅུའི་རླུང་འདྲེས་པ། སྙིང་གའི་ཕྱི་སྐོར་གྱི་རྩ་འདབ་བརྒྱད་བརྒྱུད་ནས། དབང་པོ་ལྔའི་སྒོ་རྣམས་སུ་རྒྱུ་ཞིང་སྦྱོང་བ་ན། གནས་ཀྱི་དབང་གིས་མིང་ཐ་དད་པར་འཇོག་སྟེ། མིག་གཉིས་སུ་རྒྱུ་བ་ཞེས་བྱ་བའི་རླུང་དང༌། རྣ་བ་གཉིས་སུ་རྣམ་པར་རྒྱུ་བ་དང༌། སྣ་བུག་གཉིས་སུ་ངེས་པར་རྒྱུ་བ་དང༌། ལྕེ་དབང་དང་བཅས་པའི་ཁ་ལ་རབ་ཏུ་རྒྱུ་བ་དང༌། རྟགས་དང་བཤང་ལམ་ལ་ཡང་དག་པར་རྒྱུ་བ་གནས་ཏེ། རླུང་དེ་རྣམས་རྣམ་སྣང་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པས་བྱིན་གྱིས་རླབས་པ་ཡིན་ལ། གཟུགས་སོགས་


TNT08_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྡུག་པ་དང་མི་སྡུག་པ་དང་བར་མ་གསུམ་གྱི་སྣང་བ་འཆར་བ་དང༌། མིག་གི་རྣམ་ཤེས་ལ་སོགས་པ་རྣམ་ཤེས་རྣམ་པ་ལྔའི་བཞོན་པ་བྱེད་ཅིང༌། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་རྣམ་རྟོག་དང༌། མ་ཆགས་པ་དང༌། སྙིང་རྗེ་དང༌། ཡང་དག་པའི་ཤེས་རབ་ལ་སོགས་པ་དགེ་བའི་རྣམ་རྟོག་དང༌། འདུ་ཤེས་ཙམ་དང༌། ཡིད་ལ་བྱེད་པ་སོགས་གཉིས་ཀའང་བར་མའི་རྣམ་པར་རྟོག་པ་མཐའ་དག་བསྐྱེད་པར་བྱེད་ཅིང༌། ནང་གི་དོན་སྣོད་རྣམས་ལ་གནས་ཏེ། ཕྱི་རོལ་ཏུ་རན་པར་རྒྱུས་པའམ་འཕེལ་འགྲིབ་ཅན་དུ་རྒྱུས་པ་ལ་བརྟེན་ནས་ནད་ལ་སོགས་པ་འཕེལ་འགྲིབ་སྣ་ཚོགས་པ་བྱེད་དོ། །གཉིས་པ་ནི། གཞན་པའི་སྒོ་ནི་རྣམ་པ་བཞི། །གསུང་དང་ལྡན་པ་འབྲིང་དུ་བརྗོད། །མེ་ཉིད་དང་ནི་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་ལས། །སྟེང་ལོགས་ཐད་ཀ་འོག་ཏུ་གནས། །དེ་ལ་གསུང་གི་སྒོ་བཞི་ཡང་གནས་སྐབས་ཀྱི་དབང་ལས་འཇོག་ཚུལ་རྣམ་པ་གཉིས་ཏེ། རྩ་འཁོར་ལོ་བཞིའི་ལྟེ་བའི་སྒོ་བཞི་ལ་འཆད་པ་དང༌། སྙིང་གའི་ཕྱི་སྐོར་ཕྱོགས་ཀྱི་རྩ་བཞི་ལ་འཆད་པའོ། །འགའ་ཞིག་སྙིང་གའི་ནང་སྐོར་གྱི་འདབ་མ་བཞི་ལ་ངོས་འཛིན་པ་ནི་དོན་ལ་འགལ་བ་ཡང་མི་སྣང་མོད། ཅུང་ཟད་མི་ལེགས་པར་སྣང་ངོ༌། །གང་ལྟར་ཡང་འབྱུང་བཞིའི་རླུང་རབ་ཏུ་འབབ་པའི་རྩའི་སྒོ་ལ་བྱེད་པར་མཐུན་ཏེ། སྤྱིར་ནི་རྩ་འཁོར་ལོ་བཞི་དང༌། རྩའི་འཁོར་ལོ་ཆེན་པོ་གཞན་ལ་ཡང་སྟེ་འབྱུང་བཞིའི་དཀྱིལ་འཁོར་


TNT08_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པའི་རྩ་ནི་ཐམས་ཅད་ལ་ཡོད་ཀྱང༌། སྙིང་གའི་བཞི་པོ་གཙོ་བོ་ཡིན་ལ་འཁོར་ལོ་བཞི་ལ་འཇོག་པ་དང་འདི་གཉིས་གནད་གཅིག་གོ །དེ་ཡང་སྙིང་གའི་མདུན་གྱི་རྩ་ཆུའི་རླུང་འབབ་པ་ནི། སྤྱི་བོ་དང་གནད་གཅིག་ཅིང༌། རྒྱབ་ཀྱི་མེ་རླུང་འབབ་པ་ནི་མགྲིན་པ་དང༌། གཡོན་གྱི་རླུང་གི་རླུང་འབབ་པ་ནི་སྙིང་ག་དང༌། གཡས་ཀྱི་ས་རླུང་འབབ་པ་ནི་ལྟེ་བ་དང་གནད་གཅིག་པ། རྩ་རྣམས་ཕན་ཚུན་འབྲེལ་བའི་རྒྱུ་མཚན་ལས་ཏེ། དེ་ཡང་དཔེར་ན་ལྟེ་བའི་དབུས་ལས་གྱེས་པའི་རྩ་ཕྲན་སྙིང་གའི་གཡས་ཀྱི་འདབ་མར་ཟུག་ནས། ལྟེ་བའི་ས་ཁམས་ཀྱི་ནུས་པ་རྣམས་དེའི་རླུང་ལ་སྨིན་པར་བྱེད་ཅིང༌། སྙིང་གའི་གཡས་ཀྱི་རྩ་འདབ་ལས་གྱེས་པའི་རྩ་ཕྲན་ཡང་ལྟེ་བའི་འཁོར་ལོའི་དབུས་སུ་ཟུག་ནས་འདིའི་རླུང་ཡང་ལྟེ་བའི་ས་ཁམས་དང་འདྲེས་ནས། བྱ་བ་བྱེད་པ་ལྟར་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །འཁོར་ལོ་བཞིའི་ལྟེ་བ་སྙིང་གའི་འདབ་བཞི་ལ་འབྲེལ་བ་ནི་གཙོ་བོ་ཡིན་ལ། རྩ་འཁོར་སོ་སོའི་འདབ་མ་བཞི་གཞན་རྣམས་ཀྱང་ཕན་ཚུན་དུ་འབྲེལ་བ་ཡིན་ནོ། །དེ་དག་ལས་སྐབས་འདིར་སྙིང་གའི་ཕྱོགས་བཞིའི་རྩ་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་འདི་ཉིད་གསུང་གི་སྒོ་བཞིའི་གཙོ་བོར་འཇོག་ཅིང༌། དེའི་རྒྱུ་མཚན་ཡང་རྩ་གནས་རང་གི་ངོས་ནས་འཁོར་ལོ་བཞིའི་ལྟེ་བ་གཙོ་ཆེ་ཡང༌། སྐུ་གསུང་ཐུགས་ཀྱི་སྒོ་ངོས་འཛིན་པའི་སྐབས། དེ་དག་ཐུགས་ཀྱི་སྒོའི་རྣམ་གྲངས་སུ་འཇོག་དགོས་པའི་སྐབས་མང་དུ་ཡོད་པས། གསུང་གི་སྒོ་ཁོ་ན་ཉིད་མ་ཡིན་ལ། གསུང་གི་སྒོ་དག་པའམ་རྐང་ཐུབ་པ་ནི་འདི་རྣམས་


TNT08_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །དེ་རྣམས་ལས་འབྱུང་བའི་མེ་རླུང་གི་དཀྱིལ་འཁོར་ཉིད་དང༌། རླུང་ཁམས་ཀྱི་རླུང་གི་དཀྱིལ་འཁོར་ཉིད་དང༌། དབང་ཆེན་ནི་ས་སྟེ་ས་རླུང་གི་དཀྱིལ་འཁོར་ཉིད་དང༌། དེ་བཞིན་དུ་ཆུ་རླུང་གི་དཀྱིལ་འཁོར་རྣམས་ནི། རྩ་འཁོར་ལོའི་རྩེ་མོ་ནས་རྩེར་མོར་འཕོ་ཞིང་ཀུན་ཏུ་སྤྱོད་པ་ནི་ལུས་ཀྱི་ནང་གི་རྒྱུ་བའི་ཚུལ་དང༌། སྟེང་ལོགས་ཐད་ཀ་འོག་ཏུ་གནས་ཞེས་པ་ནི་དེ་ཉིད་སྣ་སྒོ་ནས་རྒྱུ་བའི་ཚུལ་ལོ། །འདིར་ཀུན་སྤྱོད་ཅེས་པ་ནི་འཕོ་བའི་དོན་དུ་སྒྱུར་བ་ལྟར་ཡིན་ཞིང༌། ཐུགས་ཀྱི་ཞེས་པ་ནི་ཐུགས་རྡོ་རྗེའི་འཁོར་ལོ་སྟེ། སྙིང་ག་ཆོས་འཁོར་གྱི་དོན་ཡིན་པས། འཁོར་ལོ་ཐུགས་ཀྱི་ཀུན་སྤྱོད་ཅེས་པ། ཐུགས་ཀྱི་འཁོར་ལོའི་འཕོ་བ་ལས་ཞེས་བཅོས་ན་བདེའོ། །འདིར་མེ་རླུང་ས་བཅུའི་གོ་རིམ་དུ་མཛད་པ་ནི། སྣ་སྒོ་ནས་ཕྱིར་རྒྱུ་བའི་འཕོ་བའི་གོ་རིམ་དུ་མཛད་པ་ཡིན་ནོ། །སྒོ་བཞི་པོ་འདི་ནས་ཁམས་སྙིགས་མ་དང༌། མཆོག་ཏུ་དྭངས་མ་གཉིས་ཆར་མི་འབབ་པས། མཆོག་དང་ཐ་མའི་སྒོར་མི་འགྱུར་ཞིང༌། ངག་སྨྲ་བ་ཐམས་ཅད་ཀྱི་གཞི་རླུང་འབར་བའི་སྒོའི་གཙོ་བོ་ཡིན་པའི་ཕྱིར་ན་སྒོ་འབྲིང་དང་ངག་གི་སྒོར་བཞག་པ་ཡིན་ནོ། །སྐབས་འདིར་རླུང་གི་མངོན་རྟོགས་ཅུང་ཟད་ཙམ་བཤད་ན། རང་བཞིན་འབྱུང་བ་ལྔའི་རླུང་དང་རྣམས་འགྱུར་རླུང་བཅུའོ། །དེ་དག་ཀྱང་ངོ་བོ་དང༌། དབྱེ་བ་དང༌། གནས་དང༌། རིགས་དང༌། བྱེད་ལས་དང༌། རྒྱུ་བའི་ཚུལ་ལོ། །དང་པོ་ནི། ཡང་ཞིང་


TNT08_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་རླུང་གི་ཁམས་ཏེ། དེ་ལ་ཕྱི་ནང་གཉིས་ལས་ནང་གི་འབྱུང་བའོ་དབྱེ་ན་རང་བཞིན་གྱི་རླུང་རྣམ་པ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རླུང་ངོ༌། །རྣམ་འགྱུར་གྱི་རླུང་ནི། སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། ཁྱབ་དང་མཉམ་གནས་ཞེས་བྱ་དང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་པ་ལྟར་རོ། །གསུམ་པ་གནས་ནི་སྤྱིར་རླུང་འདི་རྣམས་འདྲེས་པའི་ཚུལ་གྱིས་ལུས་ཐམས་ཅད་ལ་ཁྱབ་བོ། །སོ་སོའི་ཕོ་བྲང་ངམ་བྱ་བ་བྱེད་པའི་གནས་གཙོ་བོ་ནི། རང་བཞིན་གྱི་རླུང་རྣམས་ལས། ས་ནི་ལྟེ་བ། ཆུ་ནི་སྙིང་གམེ་ནི་མགྲིན་པ། རླུང་ནི་སྤྱི་བོ། ནམ་མཁའ་ནི་དེ་དག་ཀུན་ལ་ཁྱབ་པ་དང་གསང་བར་གནས་སོ། །འདི་དག་འཁོར་ལོའི་ལྟེ་བ་ནས་གནས་ལ། རྒྱུ་ཞིང་བྱ་བ་བྱེད་པའི་སྒོ་ནི་གསུང་གི་སྒོ་བཞིའོ། །སྲོག་འཛིན་སྙིང་ག་དང༌། ཐུར་སེལ་འདོམས་དང༌། གྱེན་རྒྱུ་མགྲིན་པ་དང༌། མེ་མཉམ་ལྟེ་བ་དང༌། ཁྱབ་བྱེད་སྤྱི་བོ་ནས་བརྩམས་ཏེ་ཚིགས་ཐམས་ཅད་ལ་ཁྱབ་པར་ཡང་གནས་སོ། །ཀླུ་ལ་སོགས་པ་ལྔ་པོ་ནི། དོན་སྣོད་ལྔ་ལ་གནས་པར་འགའ་ཞིག་བཞེད་ལ། སྤྱོད་བསྡུས་སྒྲོན་མེར་རྒྱུ་བ་ལ་སོགས་པ་དབང་པོ་ལྔའི་རླུང་དང་གཅིག་པར་གསུངས་པས་དེ་རྣམས་ལ་གནས་སོ། །བཞི་པ་རིགས་ནི། འབྱུང་བ་ལྔའི་རླུང་ལ། ཐབས་ཀྱི་ཕྱོགས་ཕུང་པོ་ལྔའི་དབང་དུ་བྱས་ནས། ས་རྣམ་སྣང༌། ཆུ་མི་བསྐྱོད་པ། མེ་འོད་དཔག་མེད། རླུང་དོན་ཡོད་གྲུབ་པ་ནམ་མཁའ་རིན་


TNT08_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབྱུང་ལྡན་ནོ། །འདི་ནི་དགྱེས་རྡོར་སོགས་ལས། ནམ་མཁར་སེར་སྣ་རྡོ་རྗེར་འགྱུར། །ཞེས་གསུངས་པའི་དག་པ་སྟེ། སྡོམ་འབྱུང་དང་རྡོ་རྗེ་འཕྲེང་བའི་དངོས་བསྟན་ལྟར་ན་ས་རིན་འབྱུང་དང༌། ནམ་མཁའ་རྣམ་སྣང་ངོ༌། །ཤེས་རབ་ཀྱི་ཕྱོགས་ཁམས་ལྔའི་དབང་ལྟར་ན། ས་སྤྱན་མ། ཆུ་མཱ་མ་ཀཱི །མེ་གོས་དཀར་མོ། རླུང་སྒྲོལ་མ། ནམ་མཁའ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རིགས་སོ། །དེ་བཞིན་དུ་སྲོག་འཛིན་མི་བསྐྱོད་པ། ཐུར་སེལ་རིན་འབྱུང༌། གྱེན་རྒྱུ་འོད་དཔག་མེད། མེ་མཉམ་དོན་གྲུབ། ཁྱབ་བྱེད་རྣམ་སྣང་ཀླུ་སྟེ་རྒྱུ་བ་གཏི་མུག་རྡོ་རྗེ། རུས་སྦལ་ཏེ་རྣམ་པར་རྒྱུ་བ་ཞེ་སྡང་རྡོ་རྗེ། རྩངས་པ་སྟེ་ཡང་དག་པར་རྒྱུ་བ་ཕྲག་དོག་རྡོ་རྗེ། ལྷ་སྦྱིན་ཏེ་རབ་ཏུ་རྒྱུ་བ་འདོད་ཆགས་རྡོ་རྗེ་ནོར་ལྷས་རྒྱལ་ཏེ་ངེས་པ་རྒྱུ་བ་སེར་སྣ་རྡོ་རྗེའི་རིགས་ཡིན་ལ། འདི་ལ་ཞིབ་མོར་ན་གཟུང་བ་ཡུལ་སྣང་འཆར་བྱེད་ཀྱི་རླུང་རྣམས་ལྷ་མོའི་དག་པ་དང༌། འཛིན་པ་དབང་ཤེས་སྐྱེད་བྱེད་རྣམས་ཡབ་ཀྱི་དག་པར་སྦྱར་ནས། ཀླུ་སོགས་ལྔ་སྔ་མ་དང༌། རྒྱུ་བ་སོགས་ལྔ་ཕྱི་མའི་དོན་གྱི་ཆ་ལ་བཏགས་པར་མངོན་ནོ། །དེ་དག་ལ་བརྟེན་ནས་སྒོ་དགུར་རྒྱུ་བ་ནི། སྒོ་མཚམས་མའི་རིགས་སུ་ཡང་དོན་གྱིས་ཐོབ་བོ། །ལྔ་པ་བྱེད་ལས་ནི། ལུས་ཀྱི་ཚོགས་པ་ན་གནས་པའི་འབྱུང་བ་ལྔའི་བྱེད་ལས། ཅི་དང་ཅི་ཡོད་པ་དེ་དང་དེ་རང་བཞིན་གྱི་རླུང་ལྔ་པོ་རྣམས་ཀྱི་བྱེད་ལས་ཡིན་ཞིང༌། སྡོམ་འབྱུང་ལས། མེ་ཡིས་འཆི་བ་དག་ཏུ་འགྱུར། །རླུང་གིས་ནོར་རྣམས་ཟད་པར་བྱེད། །


TNT08_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་གྱིས་ནི་རྒྱལ་སྲིད་འགྱུར། །ཆུ་ཡིས་དོན་རྣམས་ཡང་དག་འབྱུང་ཞེས་པ་དང༌། ཅུང་ཟད་རྣལ་འབྱོར་ལ་གོམས་པ་རྣམས་ཀྱིས། མེས་དབང་དུ་བྱེད་པ། རླུང་གི་བསད་པ་དང་སྡང་བ། དབང་ཆེན་གྱིས་རྒྱས་པ་དང་གནོན་པ། ཆུས་ཞི་བ་དང་བསྲུང་བ། ནམ་མཁས་བསད་པ་དང་གསོ་བ་གཉིས་ཀར་བྱེད་དོ། །དེ་བཞིན་དུ་ས་ལ་མི་ཐོགས་པ་དང༌། ཆུ་ལ་མི་བྱེད་པ་དང༌། མེས་མི་ཚིག་པ་དང༌། གཞན་གྱིས་རང་ཉིད་སྐྱོད་པར་མི་ནུས་ཤིང༌། བདག་ཉིད་ཀྱིས་གཞན་སྣོད་བཅུད་སྐྱཽང་བར་བྱེད་བ་དང༌། གཡང་ས་ལ་སོགས་པའི་འཇིགས་པ་མེད་པར་བྱེད་དོ། །དེ་བཞིན་དུ་སྟོབས་དང་ལྡན་པ་དང༌། ནད་མེད་པ་དང་གཟི་བརྗིད་རྒྱས་པ་དང༌། ཡུད་ཙམ་གྱིས་ཕྱིན་པ་དང༌། མ་ཐོགས་ཤིང་མི་སྣང་བ་ལ་སོགས་པར་ཡང་བྱེད་དེ། དེ་དག་ལ་སོགས་པ་ལས་སུ་རུང་ན་ཡོན་ཏན་མཐའ་ཡས་པ་བྱེད་དོ། །རྣམ་འགྱུར་གྱི་རླུང་རྣམས་ལས། སྲོག་འཛིན་གྱིས་ཚེ་གནས་པ་དང༌། སྣ་སྒོ་ལ་སོགས་པ་སྟེང་གི་སྒོར་རྒྱུ་བའི་ལས་བྱེད། ཐུར་སེལ་གྱིས་ཀྱང༌། སྔ་མའི་གྲོགས་དང་བཤང་ལྕི་ཁུ་བ་འཕེན་སྡོམ་གྱི་ལས་བྱེད། མེ་མཉམ་གྱིས་ཟས་འཇུ་ཞིང་དྭངས་སྙིགས་འབྱེད་ལ། དྭངས་མ་ལུས་ལ་ཁྱབ་པར་བྱེད་དོ། །གྱེན་རྒྱུས་བཟའ་བ་དང་སྐྱུག་པ་དང་སྨྲ་བ་ལ་སོགས་པའི་ལས་བྱེད། ཁྱབ་བྱེད་ཀྱི་རླུང་གཞན་རྣམས་ལུས་ལ་ཁྱབ་པ་དང༌། ཁམས་འཕེལ་འགྲིབ་ཀྱི་དབང་ལས་ནད་ཀྱང་བསྐྱེད་པར་བྱེད་དོ། །ཀླུས་སྒྲེགས་པ་དང༌། རུས་སྦལ་གྱིས་ཡན་ལག་བརྐྱང་སྐུམ་དང༌། རྩངས་པས་སེམས་ཁྲོ་ཞིང་འཁྲུལ་བ་དང༌། ལྷ་སྦྱིན་


TNT08_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གླལ་བ་དང༌། ནོར་ལས་རྒྱལ་གྱིས་རླུང་དང་ལུས་མི་འབྲལ་བར་བྱེད་ཅིང༌། ནང་གི་དོན་སྣོད་རྣམས་ལ་གནས་ཏེ་དེ་དག་གིས་ནད་འཕེལ་འགྲིབ་བྱེད་དོ། །ལྔ་པོ་དེས་ནི་མིག་ལ་སོགས་པའི་དབང་པོ་ལ་གནས་ནས་དབང་ཤེས་རྣམ་རྟོག་དང་བཅས་པ་སྐྱེད་པར་བྱེད་ལ། དེ་དག་ལེགས་པར་བཅིངས་ན་གཉིས་སྣང་འགག་ཅིང༌། ཡང་དག་པའི་ཡེ་ཤེས་སྐྱེ་བར་བྱེད་པ་སོགས། མདོར་ན་ཕྱི་སྣང་བ་སྣོད་བཅུད་ཐམས་ཅད། ནང་རང་ལུས་རྩ་རླུང་ཐིག་ལེའི་བྱེད་པ་ལས་སྣང་བ་ཡིན་ཞིང༌། ལུས་ཀྱི་སྐྱེ་འཇིག་གནས་སྲུངས་ལ་སོགས་པའི་བྱ་བ་ཐམས་ཅད་རླུང་གིས་བྱེད་པའི་ཕྱིར། རིམ་ལྔ་ལས། ལུས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་གསུངས་པ་ཡིན་ནོ། །དྲུག་པ་རྒྱུ་བའི་ཚུལ་ནི། དཔལ་སྡོམ་པ་འབྱུང་བ་ལས། གཡས་ནས་འཐོན་པའི་འོད་ཟེར་ནི། །མེ་ཡི་དཀྱིལ་འཁོར་ལ་རྒྱུ་བ། །ཛ་བའི་མེ་ཏོག་དང་མཚུངས་ཏེ། །དེ་ཡི་ལྷ་ནི་འོད་དཔག་མེད། །གཡོན་ནས་རྣམ་རྒྱུའི་འོད་ཟེར་ནི། །རླུང་གི་དཀྱིལ་འཁོར་ལ་རྟག་ཏུ། ཁ་དོག་སྔོ་སངས་དང་མཚུངས་པ། །དེ་ཡི་ལྷ་ནི་དོན་ཡོད་དོ། །གཉིས་ནས་རྣམ་རྒྱུའི་འོད་ཟེར་ནི། །གསེར་གྱི་འོད་དང་མཚུངས་པ་སྟེ། །དབང་ཆེན་དཀྱིལ་འཁོར་ལ་རྒྱུ་རླུང༌། །ཐམས་ཅད་ཚེ་ན་རིན་ཆེན་འབྱུང༌། །འོག་ནས་དལ་བུ་རབ་རྒྱུ་བ། །དཀར་པོ་ཀུནྡ་ཟླ་བ་མཚུངས། །ཆུ་ཡི་དཀྱིལ་འཁོར་ལ་རྒྱུ་བ། །འོད་ཆེན་རྡོ་རྗེ་མགོན་པོ་འོ། །ལས་ཀུན་ལ་ནི་རྗེས་འགྲོའི་རླུང༌། །སེམས་ཀུན་རབ་ཏུ་འཇུག་བྱེད་པ། །རྣམ་པར་སྣང་མཛད་རང་བཞིན་དུ། །རླུང་ཆེན་དེ་ནི་རབ་ཏུ་གྲགས། །


TNT08_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དང༌། དགོངས་པ་ལུང་སྟོན་ལས། གོས་དཀར་ལ་སོགས་ཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་འགྲཻས་ནས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་སོ། །དེ་ཡང་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་སྡོམ་པ་ནི་དབུགས་གཅིག་གོ །ཉི་མ་གཅིག་གི་སྔ་དྲོའི་ཐུན་གྱི་དང་པོ་ལ། ཐབས་མེ་རླུང་གི་དཀྱིལ་འཁོར་ཞེས་བྱ་བ། དབུགས་དགུ་བརྒྱ་པ་གཅིག་རྒྱུ་སྟེ། དེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་ཚར་བ་བཞི་ཡོད་པ་ལས། དང་པོ་ནི་འབྱུང་བ་ཆེ་ཆུང་ཐམས་ཅད་མེ་ཁམས་ཡིན་པས། མེ་རླུང་གི་མེའི་དཀྱིལ་འཁོར་ཞེས་བྱ། ཕྱི་མ་གསུམ་པོ་འབྱུང་ཆེན་མེ་ཡིན་ཀྱང༌། འབྱུང་ཆུང་ཁམས་གཞན་ཡིན་ཏེ། གཉིས་པ་ནི་མེ་རླུང་གི་རླུང་དང༌། གསུམ་པ་ནི་མེ་རླུང་གི་ཆུ་དང༌། བཞི་པ་ནི་མེ་རླུང་གི་སའོ། །དེ་ཡང་རླུང་གི་ཚོགས་པ་གཅིག་ཉིད་ལའང༌། ཕོ་མོའམ་ཐབས་ཤེས་ཀྱི་ཆ་ཐམས་ཅད་དུ་འདྲེས་མར་ཡོད་ཅིང༌། ཐབས་ཤེས་གཉིས་ཆར་ཡང༌། འབྱུང་བ་ལྔའམ་བཞིའི་བདག་ཉིད་དུ་ཡོད་པས། དབུགས་དགུ་བརྒྱ་པ་གཅིག་པོ་དེ་རྣམས་ཐམས་ཅད། ཁམས་ལྔ་གཅིག་ཏུ་འདྲེས་པའི་བདག་ཉིད་ཡིན་ཀྱང༌། མེ་ཁམས་པ་ཕོ་རླུང་གིས་དབང་བསྒྱུར་བའི་ཕྱིར། ལྷ་ཡབ་འོད་དཔག་མེད་ཀྱི་རྒྱུ་བ་དང༌། མེ་རླུང་གི་དཀྱིལ་འཁོར་ཞེས་བྱ་ལ། དེའི་ནང་ཚན་བཞིའི་དང་པོ་ཉི་ཤུ་རྩ་ལྔ་ལ་ཁམས་ལྔ་ཆར་གྱི་མེ་རླུང་མཉམ་


TNT08_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདྲེས་ཀྱང༌། མེ་རླུང་གི་ཕྱོགས་ནས་མེ་ཁམས་ཀྱི་དབང་བསྒྱུར་བས། གོས་དཀར་མོའི་དཀྱིལ་འཁོར་དང༌། མེ་རླུང་གི་མེ་ཞེས་བཏགས་པ་ཡིན་ནོ། །དེ་བཞིན་དུ་སྡེ་ཚན་གཉིས་པ་ལ་ཕོ་རླུང་མེ་ཁམས་ཀྱི་དབང་བསྒྱུར་ཡང༌། མོ་རླུང་རླུང་ཁམས་ཀྱི་དབང་བསྒྱུར་བས། སྒྲོལ་མའི་རླུང་དང༌། མེ་རླུང་གི་རླུང་ཞེས་བྱའོ། །སྡེ་ཚན་གསུམ་པ་ཡང༌། ཕོ་རླུང་མ་དང༌། མོ་རླུང་མེས་དབང་བསྒྱུར་བས། སངས་རྒྱས་སྤྱན་མ་དང༌། མེ་རླུང་གིས་ཞེས་བྱ་སྡེ་ཚན་བཞི་པ་ཡང་ཕོ་རླུང་མེ་དང༌། མོ་རླུང་ཆུས་དབང་བསྒྱུར་བའི་ཕྱིར། མཱ་མ་ཀཱི་དང༌། མེ་རླུང་གི་ཆུའོ་དེས་མཚོན་ཏེ། མེ་རླུང་དགུ་བརྒྱ་པ་ཕྲག་གཅིག་པོ་འདིའི་རྗེས་སུ་དབུགས་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ནི། ཐབས་ཀྱི་རླུང་རྣམས་རླུང་ཁམས་གཙོ་བོ་ཡིན་པས། རླུང་ཁམས་ཀྱི་དཀྱིལ་འཁོར་དང༌། དོན་ཡོད་གྲུབ་པའི་རྒྱུ་བ་ཞེས་བྱའོ། །དེའི་ནང་ཚན་བཞི་པོ་ཡང་སྔ་མ་བཞིན་དུ་སྦྱར་ནས་རླུང་ཁམས་གཞིར་བཞག་པའི་མེ་དང་རླུང་དང་ས་དང་ཆུའོ། །ལྷ་ཡང་གོས་དཀར་མོ་སོགས་རིམ་བཞིན་སྦྱར་ཏེ། སྔ་མ་ལ་འོད་དཔག་མེད་ཀྱི་གོས་དཀར་མོ་ཞེས་སོགས་དང༌། འདི་ལ་དོན་གྲུབ་ཀྱི་གོས་དཀར་མོ་སོགས་ཀྱི་ཐ་སྙད་སྦྱར་རོ། །དེའི་རྗེས་སུ་སྣ་བུག་གཉིས་ཀ་ནས། ཐབ་ཀྱི་རླུང་ས་ཁམས་དགུ་བརྒྱ་པ་གཅིག་རྒྱུ་བ་ནི། རིན་ཆེན་འབྱུང་ལྡན་གྱི་རྒྱུ་བ་དང་སའི་དཀྱིལ་འཁོར་ཞེས་བྱ་ཞིང༌། དེའི་ནང་ཚན་ཤེས་རབ་ཀྱི་རླུང་སྡེ་ཚན་བཞིས་ཕྱེ་ནས། ས་ཁམས་ཀྱི་མེ་དང་རིན་


TNT08_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་གོས་དཀར་མོ་ཞེས་རིམ་བཞིན་སྦྱར་རོ། །དེའི་རྗེས་སུ་གཡས་གཡོན་གཉིས་ཀ་ནས། དལ་བར་རྒྱུ་བ་དབུགས་དགུ་བརྒྱ་པ་ཕྲག་གཅིག་ནི། ཐབས་ཀྱི་རླུང་ཆུ་ཁམས་ཡིན་པས་མི་བསྐྱོད་པའི་རྒྱུ་བ་དང་ཆུའི་དཀྱིལ་འཁོར་ཞེས་བྱ་ལ། དེའི་ནང་ཚན་ཤེས་རབ་ཀྱི་རླུང་ལ་སྡེ་ཚན་བཞི་ལས། ཆུ་རླུང་གི་མེ་སོགས་དང༌། མི་བསྐྱོད་པའི་གོས་དཀར་མོ་སོགས་སྔར་བཞིན་སྦྱར་རོ། །དེ་ལྟར་ཉིན་མོའི་ཐུན་དང་པོ་ལ དགུ་བརྒྱ་པ་ཕྲག་བཞི་རྒྱུ་བ་བཞིན་དུ། གུང་ཐུན་དང༌། དགོང་ཐུན་དང༌། སྲོད་ཐུན་དང༌། ཕྱེད་ཐུན་དང༌། ཐོ་རངས་ཀྱི་ཐུན་ལའང་དེ་ལྟར་རྒྱུ་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ལ། འདི་སྐབས་མི་བསྐྱོད་པ་ལ་དལ་བར་རྒྱུ་བ་ཞེས་འབྱུང་ཞིང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བར་ཡང༌། དལ་གྱི་རྒྱུ་བ་མེད་པའི་ཁམས། །ཞེས་འབྱུང་བ་རྒྱུ་བ་མེད་པའི་དོན་ནི་ཤིན་ཏུ་རྒྱུ་བ་ཞན་པ་ཡིན་ལ། དེ་ལྟར་བཤད་པའི་ཟླ་སྟོབས་ཀྱི་སའི་དཀྱིལ་འཁོར་ལ་དྲག་པོར་རྒྱུ་བར་གོ་བའི་དབང་དུ་བྱས་ཏེ། དེ་ལྟར་འཆད་མོད། དཀྱིལ་འཁོར་སྔ་ཕྱི་ལ་སྤྱི་ལྡོག་ནས་ཤུག་ཆེ་ཆུང་ཡོད་པར་འཆད་ན་མི་རུང་ངོ༌། །དེས་ན་སྔ་མ་ནི་གཉིས་ཀ་ནས་ཡོན་པོའི་ཚུལ་གྱིས་རྒྱུ་བ་ཡིན་ལ། ཕྱི་མ་ནི་ཤིན་ཏུ་མཉམ་པར་རྒྱུ་བ་ཡིན་པས། གཡས་གཡོན་གཉིས་ཀར་སྡོམས་ན། སྔ་མ་རྣམས་དང་སྦོམ་ཕྲ་འདྲ་ཡང༌། རེ་རེ་ནས་རྒྱུ་བ་ལ་དང་པོ་གཉིས་ཀྱི་ཕྱེད་ཕྱེད་ལས་མེད་པས། རེ་རེ་ལས་རྒྱུ་བ་ཞན་པར་བཞག་པ་ཡིན་ཞིང༌།


TNT08_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བ་ནི་ཤིན་ཏུ་འཇམ་པའི་དོན་ནོ། །སའི་དཀྱིལ་འཁོར་ནི་འདི་ལ་ལྟོས་ནས་ཤུགས་དྲག་པ་དང༌། རྩུབ་པ་ཡིན་ཚུལ་ནི་ཡོང་བའི་ཕྱོགས་གཅིག་རྒྱུ་བ་ཤིན་ཏུ་ཞན་ཡང༌། ཅིག་ཤོས་ཆུའི་དཀྱིལ་འཁོར་གི་གཡས་གཡོན་གང་རུང་གཅིག་ལས་ཤུགས་ཆེ་བས་ཆུ་དཀྱིལ་ལ་ལྟོས་ནས་རྒྱུ་བ་དྲག་པོར་འཇོག་གོ ཁམས་ལྔ་རྣམ་པར་སྣང་མཛད་ཀྱི་རྒྱུ་བ་མཁའི་ཁམས་ཀྱི་རླུང་ནི། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །ཞེས་རིམ་པས་འཆི་བ་རྣམས་ཀྱི་སྔོན་རོལ་ཏུ། འཕོ་བ་གཅིག་རྒྱུ་བ་ཡིན་ལ། གཞན་དཀྱིལ་འཁོར་ཏུ་བྱས་ཏེ་རྒྱུ་བ་མེད་ཅིང༌། སྔར་གྱི་འཕོ་བ་གཞན་རྣམས་དང་ལྷན་ཅིག་ཏུ་རྒྱུ་བ་ཡིན་ནོ་ཞེས། བདེ་དགྱེས་གསང་གསུམ་གཙོ་བོར་མཛད་པའི་རྒྱ་བོད་ཐམས་ཅད་མགྲིན་གཅིག་ཏུ་གསུངས་སོ། །བཞི་པ་རྡོ་རྗེ་འཕྲེང་བ་དང༌། དཔལ་ཁ་སྦྱོར་དང༌། སྡོམ་འབྱུང་དང༌། གསང་འདུས་རིམ་ལྔ་དང༌། འཇམ་དཔལ་ཞལ་ལུང་དང༌། སློབ་དཔོན་སྤྱོད་པ་པའི་གཞུང་རྣམས་ཀྱི་ཚིག་ཟིན་གྱི་དོན་རྣམས་ཀྱང་དེ་ལྟར་སྣང་ངོ༌། །དབུགས་ཐམས་ཅད་ཀྱིས་གཉིས་ཆ་དབུ་མའི་ཐོབ་སྐལ་ཡེ་ཤེས་ཀྱི་རྒྱུ་བ་དེའང་འདིར་ཁས་ལེན་ཏེ། སྡུད་འབྲལ་མེ་རླུང་དུ་འདོད་དོ། །དེ་ལྟ་བུའི་རླུང་སྣ་སྒོར་རྒྱུ་བའི་དབང་དུ་བྱས་ནས། མེ་རླུང་སྟེང་དུ་རྒྱུ་བ་དང༌། རླུང་གི་རླུང་སོགས་ལ་རྒྱུ་བ་དང༌། ས་རླུང་ཐད་ཀར་རྒྱུ་བ་དང༌། ཆུ་རླུང་འོག་སྟེ་ཐུར་དུ་རྒྱུ་བ་ཡིན་ནོ། །དེ་རྣམས་སྣ་སྒོ་ནས་ཕྱིར་


TNT08_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཐུང་ཇི་ཙམ་རྒྱུ་བའི་ཚད་ནི། དང་པོའི་སངས་རྒྱས་ལས་གསུངས་པ་དང་མཐུན་པར་བྱ་སྟེ། དཔལ་ཀུན་ཏུ་ཁ་སྦྱོར་འབྲོག་འགྱུར་ལས། འགྲོ་དང་འོང་བའི་ཁྱད་པར་ལས། །རྐང་མེད་རྐང་གཅིག་རྐང་གཉིས་དང༌། །རྐང་བཞི་པ་ལ་སོགས་པ་ཡི། །རླུང་ལ་སོགས་པའི་རབ་དབྱེ་བས། །རྟག་ཏུ་འགྲོ་བ་རླུང་རྣམ་བཞི། །ཞེས་གསུངས་པ་འདིས། ཁམས་ལྔའི་རླུང་གི་རིང་ཐུང་གི་ཚད་དུས་ཀྱི་འཁོར་ལོར་གསུངས་པ་དེ་ཁོ་ན་བསྟན་ནོ་ཞེས། མཁོན་སྟོན་སློབ་དཔོན་བསོད་ནམས་རྩེ་མོ་གསུང་བ་ནི། ཐུན་མོང་མ་ཡིན་པའི་ལེགས་བཤད་ཁྱད་པར་ཅན་ནོ། །དེས་ན་ས་རླུང་སྣ་སྒོ་ནས་སོར་བཅུ་གཉིས་ཀྱི་བར་དུ་རྒྱུ་ཞིང༌། དེ་ལ་སོར་ཚད་ཁ་ཡར་བ་མེད་པས་རྐང་མེད་ཅེས་བྱ། ཆུ་རླུང་དེ་ལས་སོར་གཅིག་གི་ལྷག་པ་བཅུ་གསུམ་རྒྱུ་སྟེ། རྐང་གཅིག་པ་དང༌། མེ་རླུང་སོར་གཉིས་ལྷག་པ་བཅུ་བཞིར་རྒྱུ་བས་རྐང་གཉིས་དང༌། ནམ་མཁའ་རླུང་སོར་བཞིས་ལྷག་པ་བཅུ་དྲུག་ཏུ་རྒྱུ་བས་རྐང་བཞི་དང༌། སོགས་ཀྱི་སྒྲས་སྔ་མ་ལས་སོར་གསུམ་གྱིས་ལྷག་པའི་བཅོ་ལྔ་པ་མེ་རླུང་རྐང་པ་གསུམ་པ་ཡང་བསྟན་ཞིང༌། ནང་དུ་ནི་རླུང་དེ་དག་གང་ནས་བརྩམས་ཏེ་རྒྱུ་བའི་རྩ་འཁོར་ལོ་སོ་སོའི་འོག་ཏུ་འབྱུང་ཚུལ་ལ་ཕྱིར་ཇི་ཙམ་རིང་བ་ནང་དུ་དེ་ཙམ་ཐུང་སྟེ། དཔེར་མཚོན་ན་ནམ་མཁའ་ལྟེ་བའི་རྩ་མདུད་དུ་གནས་པ་དང༌། རླུང་ལྟེ་འོག་སོར་གཅིག མེ་སོར་གཉིས། ཆུ་སོར་གསུམ། ས་སྟེང་འོག་སོར་བཞི་སླེབ་པ་རྒྱུ་བས། རྐང་མེད་ནས་རྐང་བཞིའི་བར་དུ་སྔར་ལྟར་སྦྱར་རོ། །རླུང་རྣམས་འོད་


TNT08_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི་རང་བཞིན་ཅན་དུ་བྱས་པ་ནི། དོན་གྱི་གཙོ་བོ་ཤེས་པའི་གསལ་མདངས་བསྐྱེད་པའི་དོན་ཡིན་ཀྱང༌། ཀུན་རྫོབ་ཏུ་འོད་ཟེར་གྱི་སྣང་བར་ཡང་གནས་ཏེ། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོའམ་སྔོ་བསངས། ནམ་མཁའི་རླུང་ནི་ལྗང་ཁུའོ། །འབྱུང་བ་ཆ་ཆུང་ཐམས་ཅད་ལ་རང་མདོག་ཏེ་ལྟ་བུར་ངེས་ལ། འབྱུང་བ་ཆེ་ཆུང་ཐབས་ཤེས་ཕན་ཚུན་དུ་འདྲེས་པ་ལས། མེའི་དཀྱིལ་འཁོར་ཡུམ་བཞི་དང་བཅས་པ་ལ་མཚོན་ན་དམར་པོ་རྐྱང་པ་དང༌། དམར་ནག་དང༌། དམར་སྐྱ་དང༌། དམར་སེར་རྣམས་འབྱུང་བ་བཞིན་དུ། གཞན་རྣམས་ལ་ཡང་སྦྱར་རོ། །དེ་དག་ཀྱང་དབང་བྱེད་པ་པོའི་ཁ་དོག་ཡིན་གྱི། སྤྱིར་ཐམས་ཅད་ཀྱང་ཁ་དོག་ལྔ་པའམ། དྲུག་པའམ། ལྔ་ལྔ་ཉི་ཤུ་རྩ་ལྔ་པའམ། དྲུག་དྲུག་སུམ་ཅུ་སོ་དྲུག་གི་བར་དུ་ཡིན་ནོ། །དེ་ལ་རླུང་སྣ་སྒོར་རྒྱུ་བ་ནི། ཤིན་ཏུ་རགས་པ་ཡིན་ལ། ཁམས་འཕེལ་འགྲིབ་དང༌། སྐྱོན་ཡོན་དངོས་སུ་བྱེད་པ་པོ་ལས་མཁན་ལྟ་བུ་ཡང་ཡིན་ཞིང༌། རྩ་ནང་ཁོ་ནར་གཡོ་ཞིང་ཕན་ཚུན་དུ་རྒྱུ་བ་རྣམས་ནི། འཕེལ་འགྲིབ་སྐྱོན་ཡོན་དེ་དག་གི་རྩ་བའི་བྱེད་པོ་བསྐུལ་པ་པོར་འགྱུར་ལ། རྩ་གནས་དང་ཁམས་ལ་གནས་ཤིང༌། གནས་གཞན་དུ་མི་འགྲོ་བ་རྣམས་ནི་འཕེལ་འགྲིབ་སྐྱོན་ཡོན་དེ་དག་འབྱུང་བའི་གཞི་ཡིན་གྱི། བྱ་བ་ལ་སྦྱོར་བར་མི་བྱེད་དོ། །དེ་ཐམས་ཅད་ཀྱང་ཀུན་རྫོབ་ལས་ཀྱི་རླུང་ཡིན་ནོ། །རྣམ་པར་ཤེས་པ་བསལ་བའི་རླུང་ཞེས་བྱ་བ་ནི། སེམས་


TNT08_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་གཡོ་བ་དང༌། སྐད་ཅིག་གཉིས་བར་འདུ་ཤེས་དང་སེམས་པ་སྐྱེ་འགྱུར་རབ་ཏུ་གཡོ་བའི་ཤེས་པ་དེ་ཁོ་ན་ལ་རླུང་དུ་བརྗོད་པ་ཡིན་ལ། ཡུལ་དང་རྣམ་རྟོག་ལ་གཡོ་བའི་ནུས་པ་ཅན་གྱི་རིག་པ་དེར་རང་དུས་ཀྱི་སྐད་ཅིག་ནས་གསལ་ལ་རྟོག་མེད་ཀྱི་རྣམ་པར་ཡོད་པས། སྐབས་འགར་དོན་དམ་གྱི་རླུང་དུ་འཆད་པའི་སྐབས་ཀྱང་ཡོད་མོད་ཀྱི། གནས་སྐབས་པའི་དོན་དམ་ཙམ་ལས་ཡང་དག་པ་མ་ཡིན་པའི་ཕྱིར། ཀུན་རྫོབ་རྣམ་པར་ཤེས་པའི་རླུང་ངོ༌། །དོན་དམ་ཡེ་ཤེས་ཀྱི་རླུང་ནི། རླུང་གི་ཆོས་ཉིད་ཡེ་ཤེས་ཀུན་ཁྱབ་སྤྲོས་བྲལ་དེ་ཉིད་རླུང་དང་རྣམ་པ་མཚུངས་པའི་སང་ཆ་གཞན་མཆོག་ཡིན་ཏེ། ལས་རླུང་ལ་རྣམ་པར་ཤེས་པའི་རླུང་ཀུན་རྫོབ་གནས་ཐབས་ཀྱི་ངོ་བོས་ཁྱབ་ཅིང༌། དེ་ལ་ཆོས་ཉིད་ཡེ་ཤེས་ཀྱི་རླུང་གིས་ཁྱབ་བོ། ཆོས་ཉིད་རླུང་དང་རྣམ་པ་མཚུངས་པའི་དོན་གྱི་ལྡོག་ཆ་ལ། རྣམ་ཤེས་ཀྱི་རླུང་གློ་བུར་དྲི་མའི་ཚུལ་གྱིས་བྱུང་ཞིང༌། དེས་རྒྱུ་བྱས་ནས་ལས་རླུང་རྣམས་སྐྱེ་བ་ཡིན་ལ། རྣལ་འབྱོར་པ་ལམ་སྒོམས་པ་རྣམས་ཀྱིས། རླུང་རྣམས་ཡེ་ཤེས་ཀྱི་རླུང་དུ་འགག་པའི་ཚུལ་ཡང༌། འཇིག་རྟེན་པའི་ལམ་ལ་མཉམ་བཞག་ཏུ་ལས་རླུང་འགག་ཅིང༌། རྣམ་པར་ཤེས་པའི་རླུང་སྒྱུ་མ་ལྟ་བུ་མངོན་སུམ་དུ་འགྱུར་བ་དང༌། ཆོས་ཉིད་ཀྱི་རླུང་ནི་སེང་རས་ཀྱིས་གཡོགས་ནས་གཟུགས་ལ་ལྟ་བ་བཞིན་དུ། འོལ་ཇི་ཙམ་ཉམས་སུ་མྱོང་བ་ལས་མངོན་དུ་གྱུར་པ་ནི་མ་ཡིན་ཞིང༌། རྗེས་ཤེས་ལ་ནི་ཆོས་ཉིད་ཀྱི་རླུང་མི་སྣང་ཞིང༌། ལས་རླུང་སྒྱུ་མ་


TNT08_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་གསལ་བར་སྣང་ལ། རྣམ་ཤེས་ཀྱི་རླུང་འོལ་ཇི་ཙམ་དུ་སྣང་བར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་ལམ་དུ་ནི་མཉམ་བཞག་ཏུ་ཡེ་ཤེས་ཀྱི་རླུང་འབའ་ཞིག་མངོན་སུམ་དུ་དམིགས་ལ། རྗེས་ཐོབ་ཏུ་རྣམ་པར་ཤེས་པའི་རླུང་གསལ་བར་དམིགས་ཤིང༌། ས་བདུན་པ་མན་ཆད་དུ་ལས་རླུང་སྒྱུ་མ་ལྟ་བུ་ཡང་སྣང་བར་འགྱུར་རོ། །སངས་རྒྱས་ཀྱི་སར་ནི་ཡེ་ཤེས་ཀྱི་རླུང་འབའ་ཞིག་ལས་གཞན་སྣང་བ་མེད་དོ། །དེ་ལྟར་ཤིན་ཏུ་སྤྲོས་པས་ཆོག་གོ །གསུམ་པ་ནི་འདི་ལྟར། གསུམ་པའི་སྒོ་ནི་ཡིད་དང་བཅས། །ཟླ་བ་ཉི་མའི་རབ་དབྱེ་བས། །གཞུག་དང་འབྱུང་བ་ཉིད་ཀྱིས་ནི། །སྒོ་ནི་དམ་པ་ཉིད་ཡིན་ཏེ། །གཙོ་བོ་མཆོག་གི་སྒོར་གྱུར་པ། །འོག་དང་སྟེང་དུ་རབ་ཏུ་གྲགས། །འོག་གི་སྒོ་ནི་རྣམ་པར་ཤེས། །སྟེང་གི་སྒོ་ནི་ཁམས་ཡིན་ནོ། །སྒོ་གསུམ་པ་ནི་ཡིད་དེ་ཐུགས་ཀྱང་སྒོ་ཡིན་ལ། དེ་ཡང་གཉིས་ཏེ་ཟླ་བའི་སྒོ་འཇུག་པ་འོག་དང༌། ཉི་མའི་སྒོ་འབྱུང་བ་སྟེང་གི་སྒོར་རབ་ཏུ་གྲགས་ཏེ། སྒོ་འདི་ནི་སྔ་མ་རྣམས་ལ་ལྟོས་ནས། སྒོ་མཆོག་དང་དམ་པ་དང་གཙོ་བོའོ། །དེ་ལ་སྐབས་འདིའི་ཐུགས་ཀྱི་སྒོ་ངོས་འཛིན་མི་འདྲ་བ་གསུམ་འབྱུང་ཡང་གནད་གཅིག་གོ །ཡེ་ཤེས་སྐྱེ་བ་དབུ་མའི་སྒོའི་དབང་དུ་བྱས་ནས། སྙིང་གའི་རྩ་མདུད་ཀྱི་སྟེང་གི་ཆ་སྲོག་གི་རླུང་འབྱུང་བའི་གནས་ན་ཟླ་བ་སྟེང་སྒོ་སྟེ་སྲོག་རླུང་ཧཾ་ཡིག་དང་འབྲེལ་ཞིང༌། སྙིང་གའི་ཐིག་ལེ་ཡང་ཐབས་ཀྱི་ཆ་ཡིན་པས་སོ། །ལྟེ་བའི་རྩ་མདུད་ཀྱི་འོག་གི་ཆ་ཐུར་སེལ་སྐྱེ་བའི་གནས་ནི། ཉི་མ་འོག་གི་སྒོ་སྟེ། ཐུར་སེལ་ལྟེ་འོག་གི་ཀྵ་དང་འབྲེལ་ཞིང༌།


TNT08_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་ཨཾ་ཡིག་ཀྱང་ཤེས་རབ་ཀྱི་རང་བཞིན་ཡིན་པས་སོ། །སྒོ་དེ་གཉིས་ལམ་དུ་མ་བྱས་པའི་སྐབས་ནི། ཡིད་རྟོག་མཐའ་དག་སྐྱེད་ཅིང་ལམ་དུ་བྱས་པས། དེ་གཉིས་གྲོལ་བ་ལས་ཡང་དག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་ཐུགས་ཀྱི་སྒོ་ཞེས་བྱའོ། ཁ་ཅིག་དབུ་མའི་ཡས་སྣ་དང་མས་སྣ་ལ་བཞེད་དེ། གནད་གཅིག་པའི་ཕྱིར་མི་འགལ་ལོ། །ལས་བྱེད་རོ་རྐྱང་གི་དབང་དུ་བྱས་ནས། གཡོན་པ་རྐྱང་མའི་སྒོ། ལྟེ་བ་ན་གནས་པ་ཁམས་དཀར་པོ་འབབ་ཅིང་ཁ་འོག་ཏུ་བལྟ་བའི་ཕྱིར་འོག་ཟླ་བའི་སྒོ་དང༌། གཡས་རོ་མའི་སྒོ་མགྲིན་པ་ན་གནས་པ་ནི། ཁ་སྟེང་དུ་བལྟ་ཞིང་ཁམས་དམར་པོ་འབབ་པའི་ཕྱིར། སྟེང་ཉི་མའི་སྒོ་ཞེས་བྱའོ། །རླུང་ནང་དུ་འཇུག་པ་རྐྱང་མའི་བྱེད་ལས་དང༌། ཕྱིར་འགྲོ་བ་རོ་མའི་བྱེད་ལས་ཡིན་པས། དེ་གཉིས་ལ་འཇུག་པ་དང་འབྱུང་བའི་སྒོ་ཞེས་བྱ་ཞིང་རོ་རྐྱང་གི་སྒོ་ཞེས་བྱ་བ་ཡང༌། སྣ་སྒོ་ནས་དབུགས་འགྲོ་འོང་བྱེད་པའི་རྩའི་བུ་གའོ། །གནས་སྐབས་གཞན་འགའ་ཞིག་ཏུ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་སྟེང་ལོགས་ནས་དབུ་མའི་ཡས་སྣ་གཉིས་སུ་གྱེས་ནས། གཅིག་ནི་འཕྲེད་སོགས་ནས་མདུན་ཕྱོགས་སུ་སོང་ནས། སྨིན་མཚམས་སུ་ཟུག་ལ། གཅིག་ནི་སྟེང་དུ་སོང་ནས་ཚངས་བུག་ཏུ་ཟུག་པ་ཡིན་ནོ། །དེ་སྨིན་མཚམས་ནི། ཉི་མ་དང༌། དབྱུང་བ་དང༌། འོག་གི་སྒོ་དང༌། གནད་འབྱེད་པའི་སྒོ་དང༌། ཨུ་ཊི་ཡ་ཎ་ཞེས་བྱ་ལ། ཚངས་བུག་ནི། ཟླ་བ་དང༌། འཇུག་པ་དང༌། སྟེང་གི་སྒོ་དང༌། གསེར་གྱི་སྒོ་དང༌། ཛ་ལནྡྷ་ར་ཞེས་བྱའོ། །


TNT08_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལས་སྐུ་གསུང་ཐུགས་ཀྱི་སྒོ་རྣམ་པར་དབྱེ་བའི་སྐབས་འདིར་ནི། སྔ་མ་གཙོ་བོར་གཟུང་ལ། བར་པ་རོ་རྐྱང་གཉིས་ཀྱི་སྒོ་ཡང་རྣམ་གྲངས་ཀྱི་ཚུལ་གྱིས་འཇུག་གོ །གནད་འབྱེད་པའི་སྒོ་དང༌། གསེར་གྱི་སྒོ་ནི། ལམ་སྒོམ་པས་གཏུམ་མོ་འབར་བའི་གནས་སྐབས་སུ། ཐུགས་ཀྱི་སྒོའི་ཐ་སྙད་འཇོག་པའི་སྐབས་ཡོད་ཀྱང༌། གཞིའི་གསང་བ་གཙོ་བོར་གཏན་ལ་འབེབས་པའི་སྐབས་སུ་མི་འཇུག་ལ། དེ་བཞིན་དུ་ཟླ་ཉི་འབྱུང་འཇུག་དང་སྟེང་འོག་གི་གོ་རིམ་ཡང་སྐབས་འདིའི་གཞུང་དང་མི་མཐུན་ནོ། །སྒོ་འདི་རྣམས་ནི་དྭངས་མ་བྱང་ཆུབ་ཀྱི་སེམས་གཙོ་བོར་འབབ་པས་ན་མཆོག་གི་སྒོ་ཞེས་ཀྱང་བྱའོ། །འོག་གི་སྒོ་ནི་རྣམ་པར་ཤེས། །སྟེང་གི་སྒོ་ནི་ཁམས་ཡིན་ནོ། །ཞེས་པ་ལ་ཁམས་ནི་དབྱིངས་དང་རྒྱུའི་དོན་དུ་ཡང་སྐབས་འགར་འཆད་དགོས་སོ། །དེ་ལ་དབུ་མའི་སྒོའི་དབང་དུ་བྱས་ནས། རྣམ་ཤེས་ནི་སེམས་ཏེ། དེའི་རིམ་པ་ནི་ལུས་ངག་ཡིད་གསུམ་ཡིན་པས། ནོར་བུར་ཡིད་དང༌། གསང་གནས་སུ་ངག་དང༌། ལྟེ་བར་སྐུའི་རིམ་པས་རྒྱུ་བ་དང༌། སྟེང་སྒོ་ལས་ནི་ཁམས་ཏེ། ཤེས་རབ་འབྱུང་བ་ལྔ་དང༌། ཐབས་ཕུང་པོ་ལྔའི་རིམ་པས་འབབ་བོ་ཞེས་པ་ནི་རླུང་གི་ཕྱོགས་ལ་སྦྱར་བ་ཡིན་ལ། འོག་ཏུ་ནི་རྣམ་ཤེས་ཏེ། ཁུ་ཁྲག་གི་རིམ་པས་འབབ་ལ། སྟེང་དུ་ནི་སྒོ་དགུ་སད་པར་བྱས་པའི་སྙིགས་མ་རྣམས་ཟག་ཅིང༌། སྐྲ་སེན་དང་ཤ་རུས་ལ་སོགས་པའི་ཁམས་རྣམས་བསྐྱེད་པར་བྱེད་དོ། །ཞེས་ཁམས་དང་སྦྱར་བ་སྟེ་གཞིའི་གནས་སྐབས་སུ་ཡིན་


TNT08_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འོག་གི་སྒོར་ནི་བྱང་ཆུབ་ཀྱི་སེམས་ཞུ་བ་འཕོ་མེད་དུ་བཅིངས་པ་ལས། རྣམ་པར་ཤེས་པ་སྟེ་ཞུ་བདེ་ལྷན་སྐྱེས་འཆར་ལ། དེ་ཉིད་སྟེང་གི་སྒོར་བསྒྲོད་ནས། ལུས་ཐམས་ཅད་ལ་ཁྱབ་པས་སྙིགས་མ་འགྲིབས་ཤིང་དྭངས་མའི་ཁམས་བསྐྱེད་པར་བྱེད་དོ། །ཞེས་བྱང་ཆུབ་ཀྱི་སེམས་ལ་སྦྱར་བ་དང༌། རླུང་ནང་དུ་འཇུག་པས་འོག་གི་སྒོ་བྱེ་བ་ན། སྣང་ཕྱོགས་ཀྱི་ཉམས་མྱོང་རྣམ་ཤེས་འཆར་བ་དང༌། རླུང་འབྱུང་བས་སྟེང་གི་སྒོ་བྱེ་བ་ན། སྟེང་ཕྱོགས་ཀྱི་ཡེ་ཤེས་དབྱིངས་འཆར་བ་ཡིན་ནོ། །ཞེས་པ་རླུང་དང་སེམས་ལ་སྦྱར་བ་སྟེ། དེ་གཉིས་ནི་ལམ་སྒོམ་པའི་གསང་བ་དང་སྦྱར་རོ། །རོ་རྐྱང་གི་སྒོའི་དབང་དུ་བྱས་ནས། རྐྱང་མའི་སྒོ་ནས་རླུང་ནང་དུ་འཇུག་པ་ནི། འབྱུང་བ་རྣམས་ལུགས་འབྱུང་གི་རིམ་པ་ཡིན་པའི་རྒྱུ་མཚན་གྱིས། ཚེ་དང་སྟོབས་དང་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་རྣམ་ཤེས་བསྐྱེད་དོ་ཞེས་བྱ་ལ། རོ་མ་ལ་བརྟེན་ནས་ཕྱིར་འགྲོ་བ་ནི། འབྱུང་བ་ལུགས་ཟློག་ཡིན་པའི་རྒྱུ་མཚན་གྱིས། རྒས་པ་དང་ནད་དང་འཆི་བ་སོགས་ཕུང་པོ་ཟད་པར་བྱེད་པའི་ཕྱིར། དབྱིངས་ཏེ་སྟོང་ཉིད་བསྐྱེད་པར་བྱེད་དེ་ཞེས་ཐ་མལ་པའི་གནས་སྐབས་དང༌། རྐྱང་མ་དང་རླུང་འཇུག་པ་རྣམ་པར་དག་པས་ལམ་གྱི་ཡོན་ཏན་བསྐྱེད་པའི་ཕྱིར་རྣམ་ཤེས་དང༌། རོ་མ་དང་རླུང་འབྱུང་བ་རྣམ་པར་དག་པས་ནད་གཞི་སོགས་སྐྱོན་རྣམས་སྤོང་བའི་ཕྱིར་སྟོང་པའམ་དབྱིངས་ཞེས་བྱ་སྟེ། ཅུང་ཟད་ལམ་དུ་བྱས་པའི་གནས་སྐབས་ནའོ། །ཡང་གཏུམ་མོ་འགྲོ་འོང་གི་སྒོ་གཉིས་ཀྱི་དབང་དུ་བྱས་ན། གཞི་དུས་སུ་


TNT08_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མཚམས་རྣམ་ཤེས་འཕོ་བ་དང༌། སྤྱི་བོ་ནས་ཁམས་རྒྱས་པར་བྱེད་པ་ཡིན་ནོ་ཞེས་ཀྱང་དམ་པ་འགའ་ཞིག་གསུང་ཡང༌། རྣམ་ཤེས་སྨིན་མཚམས་ནས་འཕོ་བའི་ངེས་པ་མེད་དོ། །དེས་ན་གཏུམ་མོ་འབར་བ་སྨིན་མཚམས་སུ་སོན་པས། དྲོད་དང་གསལ་བའི་ཡེ་ཤེས་མཐར་ཐུག་པ་སྐྱེ་ཞིང༌། མངོན་ཤེས་སྣ་ཚོགས་པ་འབྱུང་བའི་ཕྱིར་རྣམ་ཤེས་དང༌། སྤྱི་བོ་དང་གཙུག་ཏོར་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ལས། བདེ་བ་དང་སྟོང་པའི་ཡེ་ཤེས་སྐྱེ་བའི་ཕྱིར། དབྱིངས་ཀྱི་སྒོ་ཞེས་བྱའོ། །ཞེས་འགའ་ཞིག་གསུངས་པ་ལྟར། རྣམ་གྲངས་སུ་བཤད་པར་བྱའོ། །དེ་ལྟར་ན་ལྟེ་བའི་འོག་གི་སྒོ་དང༌། རྐྱང་མ་དང༌། དབུ་མའི་མས་སྣ་དང༌། སྨིན་མཚམས་རྣམས་གནད་དང་བྱ་བྱེད་གཅིག་ཏུ་འགྱུར་བའི་སྐབས་ཡོད་ལ། སྙིང་གའི་མས་སྣ་དང༌། རོ་མ་དང༌། དབུ་མའི་ཡས་སྣ་དང༌། སྤྱི་གཙུག་རྣམས་རེས་འགའ་གནད་དང་བྱ་བ་གཅིག་པར་འགྱུར་བའི་སྐབས་ཡོད་པས། རྣམ་གྲངས་དུ་མར་སྦྱར་བ་ཐམས་ཅད་ཀྱང་གནད་དོན་གཅིག་ཏུ་ཤེས་པར་བྱའོ། །བཞི་པ་ནི། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་སྒོར་གཡོ་ཞིང་གནས་པ་སྟེ། །དེ་རྣམས་འོག་ཏུ་རྣམ་པར་གནས། སྟེང་གིས་གཤེགས་སུ་གསོལ་བར་བྱེད། །རྣམ་སྣང་ལ་སོགས་པའི་བརྡས། ཕུང་ཁམས་སྐྱེ་མཆེད་ཀྱི་རླུང་རྣམས་སྟེང་གི་སྒོར་གཡོ་ཞིང་གནས་པ་ནི་བཞུགས་པ་ཡིན་ལ། དེ་རྣམས་སྣ་སྒོ་ནས་ལྟེ་བའི་བར་འོག་ཏུ་འགྲོ་བ་ནི། ལྷ་དེ་རྣམས་སྤྱན་འདྲེན་པ་ཡིན་ཞིང༌། འོག་ནས་སྟེང་གི་གནས་སུ་ཕྱིར་འགྲོ་བའི་རིམ་པས་


TNT08_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་བ་ནི་ཕུང་ཁམས་ཀྱི་ལྷ་དེ་རྣམས་གཤེགས་སུ་གསོལ་བའོ། །དེ་ཡང་མེ་རླུང་ལྟ་བུ་ཞིག་རྩ་བ་ཐུགས་ཀྱི་སྒོ་སྙིང་གའི་མདུད་པ་ནས་བྱུང༌། དངོས་སུ་གསུང་གི་སྒོ་སྙིང་གའི་གཡས་ཀྱི་འདབ་མར་མངོན་དུ་གྱུར། ལུས་སྲོག་ཚེ་རྣམས་བརྟན་པར་བྱེད། དེ་ཉིད་རོ་མས་དབང་བྱས་ཏེ། འཁོར་ལོ་བཞི་ལ་འབྱུང་བ་ལུགས་ཟློག་ཏུ་རྒྱུས་ནས། སྣ་སྒོ་སོགས་སྐུའི་སྒོ་དགུ་ནས་སོང་བས། ཚེ་དང་མདངས་སྟོབས་སོགས་དྭངས་མ་ཅུང་ཟད་ཅིག་ཉམས་ཤིང་ཟད། ཡང་སྣ་སྒོ་སོགས་སྐུའི་སྒོ་དགུ་ནས་ཞུགས། རྐྱང་མས་དབང་བྱས་ནས་འཁོར་ལོ་བཞི་ལ་ལུགས་འབྱུང་གི་འོངས། ཚེ་དང་མདངས་སྟོབས་གསར་པ་ཅུང་ཟད་སྐྱེས། དེའི་མཐར་རླུང་གནས་པའི་སྐབས། སྙིང་གའི་ལྟེ་བ་ལ་ཞུགས་ཏེ་འདབ་མ་ལ་ཀུན་ཏུ་སྤྱོད་དོ། །དེ་ཡང་གཞི་དུས་ན་རླུང་ནང་དུ་འོང་བས་སྐྱེ་བའི་བག་ཆགས་སད་པར་བྱེད་ཅིང༌། ཕུང་ཁམས་སྐྱེ་མཆེད་ཀྱི་སྟོབས་དང་བདེ་བ་གསར་པ་འཕེལ་བ་དང༌། གཟུང་བའི་རྣམ་རྟོག་བསྐྱེད་པ་ཡིན་ལ། ཕྱིར་འགྲོ་བས་ནི། རྒ་ཤིའི་བག་ཆགས་གསོས་འདེབས། ཕུང་ཁམས་སྐྱེ་མཆེད་ཀྱི་ནུས་པ་སྔར་ཡོད་རྣམས་ཉམས་ཤིང་ཟད་པར་བྱེད། འཛིན་པའི་རྣམ་རྟོག་བསྐྱེད་པ་དང༌། རླུང་གནས་པས་ནི་གསར་པ་མི་བསྐྱེད་ལ་སྔར་ཡོད་མི་ཉམས་ཤིང་གནས་པ་དང༌། སྐྱེ་འགག་དང་གཟུང་འཛིན་གྱི་ནུས་པ་བསྟན་པར་ཡང་བྱེད་དོ། །ནང་དུ་ཡོང་བས་ལུས་དང༌། གནས་པའི་སེམས་དང༌། ཕྱིར་འགྲོ་བས་ངག་གི་ཆོས་བསྐྱེད་


TNT08_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ཅིང༌། དེ་རྣམས་འཁྲུགས་པས་ནུས་པ་ཕྱིན་ཅི་ལོག་ཏུ་ཡང་འགྱུར་རོ། །རླུང་འོང་བས་ཁམས་དྭངས་སྙིགས་གཉིས་ཀར་བསྐྱེད་ཀྱང༌། སྙིགས་མ་འཕེལ་ཚབས་ཆེ་ལ། འགྲོ་བས་གཉིས་ཀ་ཟད་པར་བྱེད་ཀྱང༌། དྭངས་མ་ཟད་ཚབས་ཆེ་བས་རྒ་ནད་འཆི་གསུམ་འབྱུང་བ་ཡིན་ལ། ལམ་དུ་བྱས་པ་ན་སྐྱེ་ཤིའི་བག་ཆགས་མྱོང༌། གཟུང་འཛིན་གྱི་རྣམ་རྟོག་འགག །རྣམ་པར་དག་པའི་ལུས་ངག་ཡིད་གསུམ་གྱི་སྣང་བ་འཆར། སྙིགས་མ་ཟད་ཅིང་དྭངས་མ་འཕེལ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྔགས་བཟླས་པར་འགྲོ་བས་བྱིན་རླབས་འཇུག་པ་དང༌། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་འདྲེན་པ་དང༌། བཞུགས་ནས་མཆོད་པ་དང༌། གཤེགས་སུ་གསོལ་བའི་ཆོ་གས་བཟླུམས་པ་དང༌། རང་རྒྱུད་ཀྱི་སངས་རྒྱས་སྤྲོ་བསྡུ་ལ་དབང་འབྱོར་བའི་རྟེན་འབྲེལ་དུ་འགྱུར་རོ། །སྤྱན་འདྲེན་གཤེགས་སུ་གསོལ་ཚུལ་དང༌། །འགྲོ་འོང་རབ་ཏུ་འཇུག་རྣམས་ཀྱི། །དུས་གསུམ་རྫོགས་པའི་སངས་རྒྱས་དང༌། །མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས། །འཇུག་པ་དང་ནི་ལྡོག་པ་དང༌། །ཡོན་ཏན་སྐྱོན་གྱི་རང་བཞིན་དང༌། །བདེ་དང་སྡུག་བསྔལ་རང་བཞིན་དུ། །ལྷན་ཅིག་སྐྱེས་པའི་ཚུལ་ལས་གྲུབ། །ཅེས་པ་ནི་འགྲོ་འོང་གཉིས་ཀྱི་བྱེད་ལས་སྟོན་པར་བཞེངས་པ་སྟེ། རླུང་ནང་དུ་འོང་བ་སྤྱན་འདྲེན་པ་དང༌། ཕྱིར་འགྲོ་བ་གཤེགས་པའི་ཚུལ་གྱིས་རླུང་རྣམས་རབ་ཏུ་རྒྱུ་ཞིང་འཇུག་པའི་རིམ་པ་རྣམས་ཀྱིས། འཁོར་བའི་གནས་འདིར་དུས་གསུམ་


TNT08_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས་ཅན་རྣམས་ལ་རྫོགས་པའི་སངས་རྒྱས་ཕུང་པོ་ལྔ་དང༌། མཁའ་འགྲོ་དང་རྣལ་འབྱོར་ཅན་ཏེ་བྱང་ཆུབ་སེམས་དཔའ་ནི་སྐྱེ་མཆེད་རྣམས་དང་མ་མོ་ནི་ཁྲོ་མོ་སྟེ་འབྱུང་བ་དང་ཡུལ་ལྔ་རྣམས་འཇུག་པ་སྟེ་རྒྱས་པའི་ཡོན་ཏན་དང༌། ལྡོག་པ་སྟེ་རྒུད་པའི་སྐྱོན་གྱིས་རང་བཞིན་ངོ་བོ་ཉིད་ལས་བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་འཁོར་བ་འདི་བྱུང་ལ། དེ་ཡང་འཁོར་བ་ཐོག་མ་མེད་པ་ནས། རང་བཞིན་གྱི་ངང་གིས་བྱུང་བ་ཡིན་པས་གསར་བྱུང་མ་ཡིན་ཏེ་ལྷན་ཅིག་སྐྱེས་པའི་ཚུལ་ལས་གྲུབ་བོ་ཞེས་པ་སྤྱི་དོན་གྱི་བཤད་པའོ། །སྤྱན་འདྲེན་ཞེས་པ་ལ་སོགས་པའི་ཚིགས་བཅད་འདི་རྣམས་ཀྱིས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གནས་པ་སྟེ། སྒྲིབ་པ་དང་མངོན་དུ་གྱུར་པའི་ཁྱད་པར་བསྟན་པར་བཞེད་ནས། གདོད་མའི་སངས་རྒྱས་རིག་མར་བཅས་པ་དང༌། མཁའ་འགྲོ་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་བཅས་རྡོ་རྗེ་མཁའ་འགྲོ་མ་མོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། ལྷན་སྐྱེས་བདེ་བ་ཆེན་པོའི་ཚུལ་གྱིས་སེམས་ཅན་རྣམས་ལ་རང་ཆས་སུ་གྲུབ་པ་ཡིན་ཀྱང༌། འཁོར་བ་འཇུག་པའི་ཚུལ་གྱིས་སྐྱོན་དང་སྡུག་བསྔལ་འབྱུང་བ་ནི། གཤེགས་སུ་གསོལ་བ་སྟེ་ལས་རླུང་རང་གར་ཤོར་བས། འཁྲུལ་སྣང་བསྐྱེད་པ་ལས་བྱུང་བ་ཡིན་ཞིང༌། ལམ་སྒོམས་པས་འཁོར་བ་བཟློག་པ་ན་ཡོན་ཏན་བདེ་བ་ཐོབ་པ་ནི། སྤྱན་འདྲེན་ཏེ་ལས་རླུང་དབུ་མར་ཐིམ་པ་ལས་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་གློ་བུར་གྱི་དྲི་མས་ཀུན་


TNT08_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཏུ་ལྷན་ཅིག་སྐྱེས་པ་དེ་སྒྲིབ་མ་སྒྲིབ་ཀྱི་ཁྱད་པར་ལས་ཡིན་པས། དེ་དག་ཆོས་དང་ཆོས་ཉིད་ཀྱི་ཚུལ་གྱིས་གྲུབ་ཅེས་པའོ། །འདི་དག་རྩ་བའི་རྒྱུད་ལས་ཇི་ལྟར་བསྟན་པའི་ཚུལ་གསལ་བ་ནི། སྙིང་པོ་བསྡུས་པ་ལས། སྟེང་དང་འོག་གི་སྒོ་དག་ལས། །ཕོ་ཉ་མོ་རྣམས་དངོས་གྲུབ་འགྱུར། །བ་གླང་ལྷས་དང་ལྡིང་བ་དང༌། །སྐེམ་བྱེད་རྩ་གནས་ཞེས་བྱ་དང༌། །བདེ་ཆེན་ཞེས་བྱ་འབྱུང་པོ་ནི། །རྣམ་པ་ལྔ་རུ་བཤད་པ་ཡིན། །བདེ་བ་ནམ་མཁའི་ཁམས་ཡིན་ཏེ། །རུས་སྦལ་རྣམ་པར་ཤེས་པ་འོ། །རླུང་རྣམས་རབ་ཏུ་ཕྲ་བ་ལ། །ཡང་དག་འགྲོ་བ་དངོས་གྲུབ་ཉིད། །ཞལ་བཞི་ཞེས་བྱར་གང་བསྟན་པ། །མགོན་པོ་ཐབས་ཀྱི་བདག་ཉིད་ཡིན། །རིག་མ་ཕྱག་གི་མིང་ཡིན་ཏེ། །དེ་ཡང་བཞི་པ་བཞི་ཉིད་དོ། །གང་ཞིག་འབུམ་ཕྲག་ལ་སོགས་པ། །ཡང་ཡང་བཟླས་པ་ཕྱག་ཏུ་བརྗོད། །ཅེས་དང༌། ཁ་ཡི་ལམ་ནི་ཐོད་པར་བཤད། །དགྲ་སྟ་བདེ་བའི་རྩ་ཡིན་ཏེ། །སྣ་ཡི་བུ་ག་མཆེ་བ་རུ། །དེ་ནི་གཉིས་སུ་བཅིངས་པ་ཡིན། །འཁོར་ལོ་རྟགས་སུ་བརྗོད་པ་སྟེ། །རྒྱལ་མཚན་དང་ནི་རལ་གྲི་དག།རྡོ་རྗེ་དེ་བཞིན་དུང་ཞེས་པ། །གཉིས་གཉིས་མིག་དང་རྣ་བ་ཡིན། །གང་དེར་དག་ལ་མཆོད་བྱེད་དེ། །མཆོད་པ་བདེ་བ་ཡིན་པར་བཤད། །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ལུས་ཀྱི་སྒོའི་དབྱེ་བ་


TNT08_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་རྒྱས་པར་བསྟན་པ་སྟེ་གསུམ་པའོ།། །།ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི། ཕུང་ཁམས་སྐྱེ་མཆེད་འདུས་པའི་སྐུ་སྟེ་ལུས་ངག་ཡིད་གསུམ་འཕེལ་འགྲིབ་བྱེད་པའི་སྒོ་རྣམས་བཤད་པའི་དོན་ནོ། །ད་ནི་རྩ་བའི་རྒྱུད་ལས། རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཐམས་ཅད་བརྟན་གཡོའི་བདག་ཉིད་ཅན། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་གཞུང་སྤྱོད་པ། །འདི་ནི་ནང་གི་བདག་ཉིད་ས། །ཕ་རོལ་ཕྱིན་བཅུའི་ས་རྣམས་ནི། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །བུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག།ཅེས་གསུངས་པའི་དོན་ཞིབ་མོར་སྟོན་པར་བཞེད་ནས། རྩ་དང་ཐིག་ལེའི་རིམ་པ་རྒྱས་པར་བཤད་པའི་ལེའུ་གསུམ་སྟེ། སྐབས་འདིར་ལེའུ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་སོ། །དེ་ལས་ལེའུ་བཞི་པ་ནི་མདོར་བསྟན་དང༌། ལྔ་པ་དང་དྲུག་པ་གཉིས་རྒྱས་བཤད་ཀྱི་ཚུལ་གྱིས་གནས་པ་ཡིན་ནོ། །དེ་ལ་རྩ་སུམ་ཅུ་རྩ་གཉིས་དང་འཁོར་ལོ་བཞིའི་རྩ་ལ་སོགས་པ་


TNT08_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་ཞུ་བདེ་ཁྱད་པར་ཅན་སྐྱེ་བའི་གནས་ཀྱི་རྩ་ལ་ནི་བྷ་གའི་དཀྱིལ་འཁོར་ཞེས་བྱ་ལ། དེར་གནས་པའི་ཐིག་ལེ་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་གང་ཡིན་པ་དེ་རྣམས་ནི། ཐིག་ལེ་བདུད་རྩིའི་དཀྱིལ་འཁོར་ཞེས་བྱ་སྟེ། ལེའུ་འདི་རྣམས་ཀྱིས་བྷ་ག་དང་ཐིག་ལེའི་དཀྱིལ་འཁོར་རྒྱས་པར་འཆད་དོ། །དེ་ལ་ལེའུ་བཞི་པས་རྩ་སུམ་ཅུ་རྩ་གཉིས་ཁམས་དང་བཅས་པའི་གཞི་དང་ལམ་གྱི་གསང་བ་མདོར་བསྟན་པ་ཡིན་པ་ལས། འདི་ལ་ཐོག་མ་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུ་ཡི་ས་བཅུའི་གནས་པ་གནས་ལ་སོགས་པ་བསྟན་པར་བྱའོ། །ཞེས་པ་སྟེ། སེམས་ཅན་གང་ཡང་རུང་བའི་ལུས་ལ་ས་བཅུའི་རང་བཞིན་གདོད་མ་ནས་གནས་པ་ཡིན་ཞིང༌། ལུས་ཀྱི་རྩ་རླུང་ཐིག་ལེ་རྣམ་པ་དག་པའི་དབང་ལས་ས་བཅུ་གཉིས་ཐོབ་པར་འགྱུར་བས་ལུས་ཀྱི་ས་བཅུ་ཞེས་སྨོས་ལ། ས་དང་གནས་པ་ནི་མིང་གི་རྣམ་གྲངས་སོ། །གནས་ལ་སོགས་པ་ཞེས་པ་ནི། གནས་དང་ཉེ་གནས་ལ་སོགས་པའོ། །ལེའུ་དངོས་ལ། བྷ་གའི་དཀྱིལ་འཁོར་མདོར་བསྟན་པ། རྩའི་གཙོ་མོ་སུམ་ཅུ་རྩ་གཉིས་སུ་ཤེས་པ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ངོས་གཟུང་བ། ས་བཅུའི་རང་བཞིན་གསལ་བར་བསྟན་པ། ལུས་ཀྱི་ས་བཅུ་ངེས་དོན་དུ་བསྟན་པ། ས་བཅུའི་མིང་བསྟན་པའོ། །དང་པོ་ནི། རྩ་རྣམས་གང་ཞིག་བུ་ག་དགུའི། །སྒོ་རྣམས་དགུ་ལ་ཡང་དག་གནས། །བཅུ་པ་ནང་གི་བྷ་ག་སྟེ། །དེ་དག་རྣམས་ལས་ཆེས་མཆོག་


TNT08_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །བུ་ག་དགུའི་སྒོ་ལ་བརྟེན་པའི་རྩ་དགུའམ་བརྒྱད་ནི། དྲི་མ་འབབ་པའི་རྩ་སྟེ་གཞལ་ཡས་ཁང་གི་ཕྱི་དབྱིབས་སྒོ་བཞི་དང་གྲྭ་བཞིའི་མཚོན་དོན་ཡིན་ལ། ནང་གི་བྷ་ག་སྟེ་རྩ་སུམ་ཅུ་རྩ་གཉིས་དང་འཁོར་ལོ་བཞི་ལ་སོགས་པ་ནི། དགུ་པོ་དེ་རྣམས་སུ་མ་གཏོགས་པས་བཅུ་པ་ཞེས་བྱ་ཞིང༌། དེ་རྣམས་ལས་ཆེས་མཆོག་ཏུ་གྱུར་པ་སྟེ་དགུ་པོ་ལས་གཞན་ནོ། །བྷ་གའི་ནང་གི་བཅུ་པ་ནི། །ཞེས་པ་འགྱུར་མི་ལེགས་ཤིང༌། འབྲོག་འགོས་གཉིས་ཀྱིས་ཀྱང་བྷ་གའི་དབུས་དང༌། བྷ་གའི་ནང་ཞེས་བསྒྱུར་བ་ནི་བཤད་རྒྱུན་མ་དག་པའི་སྐྱོན་ནོ། །གཉིས་པ་ནི། དཔྲལ་བའི་གནས་ནས་བརྩམས་ནས་ནི། །ཧཾ་ཡིག་འཁོར་ལོས་གཏན་ལ་ཕབ། །སུམ་བཅུ་གཉིས་ཀྱང་ཉིན་མཚན་དུ། །བྱང་ཆུབ་སེམས་རྣམས་འཛག་པའོ། །དཔྲལ་བ་སྟེ་སྨིན་མཚམས་ཀྱི་ཐད་ཀའི་རྩ་འཁོར་འཁོར་ལོ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ཡིན་ལ། དེའི་དབུས་སུ་གནས་པའི་ཧཾ་ཡིག་ནི། རྩ་ནང་དུ་རྒྱུ་བའི་ཐིག་ལེའི་འཁོར་ལོ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །གཏན་ལ་ཕབ་པ་ནི་ངེས་པའི་སྒྲ་ཡིན་ལ། ངེས་པ་ཡང་གནད་ཀྱི་རྩ་བ་ཡིན་པའི་དོན་ནོ། །ཧཾ་ལས་སྤྲོས་ཏེ་རྩ་འདབ་སུམ་ཅུ་རྩ་གཉིས་སུ་བྱང་ཆུབ་ཀྱི་སེམས་འབབ་ཅིང༌། དེ་ལས་ཁམས་སུམ་ཅུ་རྩ་གཉིས་རྩ་སུམ་ཅུ་རྩ་གཉིས་སུ་འབབ་སྟེ། མི་ཕྱེད་མ་ལ་སོགས་པའི་རྩ་རྣམས་ལ། རྩ་ཕྲན་ཡན་ལག་འབྲེལ་བའི་ལམ་ནས་འབབ་ཅིང༌། རོ་རྐྱང་དབུ་མ་གསུམ་གྱི་ཡལ་ག་ལ་


TNT08_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། རྩ་འདབ་ཀྱི་རྩ་རྣམས་ནང་དུ་འཁྱོགས་ནས་ཟུག་པའི་ཚུལ་གྱིས་རྒྱུ་སྟེ། གཡས་གཡོན་རྒྱབ་གསུམ་གྱི་འདབ་མ་དབུས་མ་རྣམས་ནས་སོ་ཞེས་གསུང་ངོ༌། །གསུམ་པ་ནི། གནས་ལ་སོགས་པའི་ངོ་བོར་བརྗོད། །ཕྱི་དང་མཐུན་པར་ནང་ན་གནས། །མཁའ་སྤྱོད་རྣལ་འབྱོར་མ་རྣམས་བརྒྱད། །དེ་བཞིན་གཞན་ཡང་ས་སྤྱོད་མ། །གང་ཡང་ས་འོག་གནས་མ་སྟེ། །དེ་དག་ཐམས་ཅད་ལེགས་པར་ནི། །གནས་གཞན་རབ་ཏུ་དབྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོར་གནས། །གནས་ལ་སོགས་པ་ས་བཅུའི་ངོ་བོར་རྣམ་པར་བཞག་པ་ནི། ཕྱི་རོལ་འཇིག་རྟེན་གྱི་ཁམས་ན། འཛམ་བུའི་གླིང་དུ་པུལླཱི་ར་མ་ལ་སོགས་གནས་སུ་བརྗོད་པ་དང༌། འཇིག་རྟེན་ཁམས་ཀྱི་སའི་དཀྱིལ་འཁོར་གྱི་ཕྱོགས་བཞི་གནས་སུ་བཤད་པ་ལ་སོགས་པ། ཕྱི་འཇིག་རྟེན་ཁམས་དང་མཐུན་པར། ནང་དུ་ཡང་སྤྱི་བོ་ལ་སོགས་པའི་གནས་བཞི་ས་དང་པོའམ་གནས་སུ་འཇོག་པ་ལ་སོགས་པ་ས་བཅུ་ཕྱི་དང་མཐུན་པར་ནང་དུ་ཡང་གནས་སོ། །དག་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ནི། མཁའ་སྤྱོད་ཀྱི་གནས་བརྒྱད་དང༌། ས་སྤྱོད་ཀྱི་བརྒྱད་དང༌། ས་འོག་གི་བརྒྱད་ལ་གནས་པའི་རྣལ་འབྱོར་མ་དཔའ་བོར་བཅས་པ་རྣམས་ཏེ། དེ་དག་ཐམས་ཅད་ལེགས་པར་གནས་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ངོ་བོར་ས་བཅུ་པོ་གནས་ཤིང་ལམ་སྒོམ་པས་རྩ་རླུང་ཐིག་ལེ་རྣམ་པར་དག་པའི་ས་བཅུ་ཡང་གནས་ལ་སོགས་པ་དག་གོ །གནས་གཞན་རབ་ཏུ་དབྱེ་བ་ཡིས། ཞེས་གསུངས་པ་ལ། སྔར་རིགས་


TNT08_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་སྡེབས་ནས་གནས་པའམ་ས་བཅུར་བཤད་པ་ལས། སླར་ཡང་དོན་གཅིག་ཀྱང་འཆད་ཚུལ་གཞན། གནས་དང་ཉེ་གནས་ལ་ནང་ཚན་བཞི་བཞི། གཞན་རྣམས་ལ་གཉིས་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །ཞེས་བོད་སྔ་མ་རྣམས་འཆད་ལ། རྒྱ་གར་བ་ཁ་ཅིག་ཀྱང་ངོ༌། །འོན་ཀྱང་སྔར་ཕྱི་ནང་གཉིས་གསུངས་ནས། འདིར་སྐུ་གསུང་ཐུགས་ཀྱི་འཁོར་ལོ་སོགས་དང་སྦྲེལ་བའི་ཕྱིར། གཞན་དེ་ཁོ་ན་ཉིད་དང་སྦྱར་བའི་རབ་དབྱེ་ལས། ལྷ་ལ་སྦྱར་བ་དང་བདེ་བ་ཆེན་པོ་དང་སྦྱར་བ་གཉིས་སུ་འགྱུར་རོ་ཞེས་སྟོན་པར་ཐེ་ཚོམ་མེད་དེ། རྒྱུད་རྒྱལ་གཞན་ལས། ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་མཛད་པ་དང༌། དོན་གཅིག་གོ །གཞན་ཞེས་པ་མཆོག་གི་དོན་ལ་བཤད་དགོས་པས། ཕྱི་ནང་གཉིས་ཀུན་རྫོབ་ཡིན་ལ། འདི་དོན་དམ་ཤས་ཆེ་བས་མཆོག་ཏུ་དགོངས་སོ། །དེ་དག་གིས་འདི་སྐད་སྟོན་པར་འགྱུར་ཏེ། རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་གི་ཉི་ཤུ་རྩ་བཞི་ནི་ཕྱི་རུ་མཁའ་སྤྱོད། ས་སྟེང་ས་འོག་སྟེ། གནས་གསུམ་དང་ཡུལ་ཉི་ཤུ་རྩ་བཞི་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་དང་ནང་ཚན་ཉེར་བཞི་ལམ་བགྲོད་བྱ་ལ་ས་བཅུ་རྣམས་ཀྱི་རྣམ་དག་དང་འབྲེལ་བ་ཡིན་ནོ་ཞེས་པའོ། །བཞི་པ་ནི། གནས་ལ་སོགས་པའི་རྩ་བཅུ་དག།ཉི་ཤུ་རྩ་བཞིའི་དབྱེ་བ་ནི། །ཇི་ལྟར་གནས་པའི་རང་བཞིན་གྱིས། །ལྷན་ཅིག་སྐྱེས་ལ་གནས་པར་དབྱེ། དགའ་བ་ལ་སོགས་ས་རྣམས་སུ། །འདི་དག་ཉིད་ལ་ཡང་དག་བཤད། །དབང་པོ་ལ་སོགས་རང་བཞིན་གྱི། །བྱང་ཆུབ་སེམས་དཔའ་རྣམས་


TNT08_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱིས། །སངས་རྒྱས་རྣམས་ནི་ཀུན་གྱི་གནས། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །སངས་རྒྱས་རྣམས་ནི་རབ་ཏུ་འབབ། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དེ་ཚེ་སངས་རྒྱས་སྲས་བཅས་ཀྱི། །སངས་རྒྱས་ཉིད་ནི་ཉེ་བར་འགྱུར། །ལྷན་ཅིག་སྐྱེས་ལ་གནས་པ་དབྱེ། ཞེས་པ་རྒྱ་དཔེ་ལས་བྷི་རྱནྟི་ས་ཧ་ཛཿ སྠི་ཏཱཿ ཞེས་འབྱུང་བས་སྠི་ཏཱཿ གནས་པའི་སྐད་དོད་ཡིན་པས་རྣམ་པར་དབྱེ། ཞེས་བོད་དཔེ་མང་པོར་འབྱུང་བ་ནི་ཡི་གེ་མ་དག་པའོ། །གཞུང་འདི་དག་གི་གསང་བའི་རིམ་པ་རྒྱས་པར་བཤད་པ་ནི་ཡིན་ལ། སྐབས་འདིར་དགའ་བ་བཅུ་དྲུག་གི་རིམ་པས་མ་གསུངས་ཏེ། ས་བཅུའི་སྒོ་ནས་བཤད་པའོ། །དེ་ཡང་གནས་ལ་སོགས་པའི་ས་བཅུ་པོ་དེ་དག་ནང་ཚན་ས་ལ་ཉི་ཤུ་རྩ་བཞིར་དབྱེ་བ་ཡིན་མོད་ཀྱི། ས་རྣམས་ཀྱི་རང་བཞིན་ཇི་ལྟ་བུར་གནས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ཡིན་པ་ལ་ཁྱད་པར་མེད་ཀྱང༌། རྩ་ཁམས་ཐིམ་ཚུལ་ཤས་ཆེ་ཆུང་གིས། མཉམ་བཞག་གི་ཡེ་ཤེས་སྟོབས་ཆེ་ཆུང་དང༌། རྗེས་ཐོབ་ཀྱི་ཡོན་ཏན་རྒྱ་ཆེ་ཆུང་ལས། གནས་པ་སའི་དབྱེ་བ་བཅུ་དང་ཉེར་བཞི་སོགས་དབྱེ་བར་བྱའོ། །གནས་ལ་སོགས་པ་སྡེ་ཚན་བཅུས་བསྡུས་པའི་རྩ་འདི་དག་ཉིད་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་སུ་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་གནས་ནི་རབ་ཏུ་དགའ་བ་སྟེ་ས་དང་པོ། ཉེ་བའི་གནས་ནི། དྲི་མ་མེད་པ་སྟེ་ས་གཉིས་པ།


TNT08_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནི་འོད་བྱེད་པ་སྟེ་ས་གསུམ་པ། ཉེ་བའི་ཞིང་ནི་འོད་འཕྲོ་བ་སྟེ་ས་བཞི་པ། འདུན་རྟོག་ནི་སྦྱང་དཀའ་བ་སྟེ་ས་ལྔ་པ། ཉེ་བའི་འདུན་རྟོག་ནི་མངོན་དུ་གྱུར་པ་སྟེ་ས་དྲུག་པ། འདུ་བ་ནི་རིང་དུ་སོང་བ་སྟེ་ས་བདུན་པ། ཉེ་བའི་འདུ་བ་ནི་མི་གཡོ་བ་སྟེ་ས་བརྒྱད་པ། དུར་ཁྲོད་ནི་ལེགས་པའི་བློ་གྲོས་ཏེ་ས་དགུ་པ། ཉེ་བའི་དུར་ཁྲོད་ནི་ཆོས་ཀྱི་སྤྲིན་ཏེ་ས་བཅུ་པའོ། །དེ་དག་ཀྱང་མི་ཕྱེད་མ་ལ་སོགས་པའི་རྩ་དང༌། དེ་དག་གི་ནང་ནས་འབབ་པའི་སོ་སེན་བསྐྱེད་པ་ལ་སོགས་པའི་ཁམས་རྣམས་དྷཱུ་ཏཱིར་རྣམ་པར་དག་ཅིང༌། རྩ་རེ་དང་གྲངས་མཐུན་པར་དབུ་མའི་མདུད་པའི་གནས་རེ་རྣམ་པར་གྲོལ་ཏེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་གང་བ་ན། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྱུར་པ་ནི་ས་ཞེས་བྱ་སྟེ། དེ་ཡང་གསང་རིམ་དངོས་ཀྱི་ས་བཅུ་ལ་རགས་པའི་རྩ་ཁམས་དེ་དག་དྭངས་མར་གྱུར་ཞིང༌། རང་བཞིན་ལྷན་ཅིག་སྐྱེས་པ་མངོན་དུ་མཚོན་ནུས་པའི་ཞུ་བདེ་ལྷན་སྐྱེས་ཡིན་ལ། གསང་རིམ་གྱི་འབྲས་བུ་འཕགས་ལམ་གྱི་ས་བཅུ་ལ་ནི། ལམ་གྱི་རང་བཞིན་དྭངས་མའི་རྩ་ཁམས་རྣམས། གདོད་མའི་རང་བཞི་གྱི་དྷཱུ་ཏཱིར་ཐིམ་པས། ཞུ་བདེ་ཕྲ་མོས་ཁ་བསྒྱུར་བའི་རང་བཞིན་ལྷན་སྐྱེས་མཆོག་ཏུ་ཡངས་པ་དག་ཡིན་ནོ། །སྐབས་འདིར་གནས་ལ་སོགས་པ་ས་བཅུ་དག་ཅེས་དཔེ་མང་པོ་ལས་འབྱུང་བ་ནི་ཡིག་ནོར་ཏེ། རྒྱ་སྐད་དུ་པི་ཐཱ་དེ་ད་ཤ་ནཱ་ཊཱ་ཡ། ཞེས་འབྱུང་སྟེ། ནཱ་ཊཱ་ཡ་ཞེས་པའི་རྩ་དག་ཡིན་པས་སོ། །འོན་ཀྱང་འགོས་འགྱུར་ལས།


TNT08_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་སོགས་པ་རྣམ་པ་བཅུ། །རྩ་ནི་ཉི་ཤུ་རྩ་བཞིར་བྱེད། ཅེས་འབྱུང་བ་ལྟར་བཤད་ན་བདེའོ། འབྲོག་འགྱུར་ལས། ཉི་ཤུ་རྩ་བཞིར་དབྱེ་བ་ཡི། །གནས་ལ་སོགས་པ་རྩ་བཅུ་རྣམས། །ཞེས་འབྱུང་བ་ནི་དཀྱུས་དང་འདྲའོ། །ས་བཅུ་ཚན་གཉིས་ཀར་ཡང༌། གནས་དང་རབ་དགའ་སོགས་ཀྱི་མིང་གིས་འདོགས་པར་འདྲ་ཞིང༌། ཕྱི་ནང་གསང་བའི་སྦྱོར་ཚུལ་གྱི་རིམ་པ་ཡང་འདྲ་མོད་ཀྱི། གནས་སོགས་ཞིང་རྣམས་སུ་བགྲོད་པས་མཁའ་འགྲོ་མ་རྣམས་ཀྱི་འདུ་བ་ཐོབ་ཅིང༌། སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས་རྩ་ཁམས་དངོས་ཀྱི་བདེ་བ་བསྐྱེད་པ་སོགས་དངོས་ནི་གསང་རིམ་གྱི་ས་བཅུ་ཡིན་པས། གནས་སོགས་ཀྱི་སྒྲ་གཙོ་བོར་འདི་ལ་འཇུག་ལ། འཕགས་ལམ་གྱི་བཅུ་ལ་རབ་དགའ་སོགས་གཙོ་བོར་འཇུག་གོ །གཞི་དུས་ཀྱི་རྩ་ཁམས་རགས་པ་འདི་རྣམས་ལའང་ས་བཅུར་འདོགས་པ་ནི། དབང་པོ་དྲུག་ལ་སོགས་པའི་བྱང་སེམས་དང༌། ཕུང་པོ་ལྔ་སོགས་ཀྱི་སངས་རྒྱས་རྣམས་ཀྱི་གནས་སམ་བགྲོད་བྱ་ཡིན་པས་ས་ཞེས་བྱ་སྟེ། ཕན་ཚུན་གཅིག་གིས་གཅིག་ལ་ཕན་འདོགས་པའི་ཕྱིར་རོ། །ཡང་རབ་ཏུ་འབབ་པ་ནི་རབ་ཏུ་འཇུག་པའི་དོན་ཏེ། རྒྱུན་ཆད་མེད་པར་རྟག་ཏུ་འཇུག་པའོ། །ངེས་པའི་དོན་དུ་ནི། རྩ་ཁམས་འདི་རྣམས་ལ་སོགས་པ་ཕྱི་ནང་གི་དངོས་པོའི་ཆོས་ཉིད་གང་ཡིན་པ་དེ། སེམས་ཉིད་གདོད་མའི་སངས་རྒྱས་རྣམས་རབ་ཏུ་འཇུག་པའི་གནས་ཡིན་པའི་ཕྱིར་རོ། །དེ་དག་གིས་འདི་སྐད་


TNT08_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་འགྱུར་ཏེ། ཕྱི་ནང་གི་ས་བཅུ་འདི་རྣམས་ལ། ལམ་དང་འབྲས་བུའི་ས་བཅུར་འཇོག་པའི་རྒྱུ་མཚན་ཡོད་དེ། ལམ་གྱི་ཡེ་ཤེས་ས་བཅུ་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པ་དང༌། སངས་རྒྱས་བྱང་སེམས་ཀྱི་སྦྱང་བྱ་རྣམས་རོལ་བའི་གཞི་ཡིན་པ་དང༌། དེའི་ཆོས་ཉིད་ནི་ཕུང་སོགས་ཀྱི་ཆོས་ཉིད་རོལ་བའི་གནས་ཡིན་པའི་ཕྱིར། ཞེས་པའི་དོན་ནོ། །གང་གི་ཚེ་རྩ་སུམ་ཅུ་རྩ་གཉིས་བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས་གང་བར་གྱུར་པ་དེའི་ཚེ། སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱི་ཐོབ་བྱ་འབྲས་བུ་རྫོགས་པའི་སངས་རྒྱས་ཉིད་དང་ཉེ་བར་གྱུར་པ་མཐོང་ལམ་རབ་ཏུ་དགའ་བའི་ས་འཕགས་པའི་གནས་ས་དང་པོ་ཐོབ་པར་འགྱུར་ཏེ། འདིར་སངས་རྒྱས་ལ་ཉེ་བར་ནི་ས་དང་པོའོ། །དེ་ལྟར་ཡང༌། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་པས་སོ། །རྣམ་པ་གཞན་དུ་དེ་དག་འཕགས་པའི་ས་ཁོ་ནར་ངེས་ན། སངས་རྒྱས་ཉིད་དུ་འགྱུར་ཞེས་གསུང་པར་རིགས་ཀྱི་ཉེ་བར་འགྱུར་ཞེས་བྱ་བ་ནི་མ་ཡིན་ནོ། །ལྔ་པ་ནི། རང་ལུས་ཉིད་ལ་སངས་རྒྱས་གནས། །གཞན་ནི་གང་ནའང་ཡོད་མ་ཡིན། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡིས་བསྒྲིབས་པའི་ལུགས། །དོན་དམ་པར་སེམས་ཅན་རྣམས་རང་གི་རང་བཞིན་སངས་རྒྱས་སུ་གདོད་ནས་གནས་པ་ཡིན་པས། དྲི་མ་སྦྱངས་པ་ཁོ་ནས་ཆོག་གིས་རང་བཞིན་ལས་གཞན་སངས་རྒྱས་གསར་བསྒྲུབ་པར་འདོད་


TNT08_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རྨོངས་པའི་ལུགས་ཡིན་ལ། ཀུན་རྫོབ་ཏུ་ཡང་སངས་རྒྱས་ཐོབ་པའི་རྒྱུའི་གཙོ་བོ་ནི་རང་ལུས་ཀྱི་རྩ་རླུང་ཐིག་ལེ་རྣམས་རྣམ་པར་དག་པ་ལས་ཡིན་ལ། ལུས་ལ་གནད་དུ་བསྣུན་པ་ལས་གཞན་པའི་ཐབས་ཀྱིས་མ་ཡིན་པས། ཐབས་གཞན་གྱིས་སངས་རྒྱས་ཐོབ་པར་འདོད་པ་ནི་གཏི་མུག་གིས་བསྒྲིབས་པའོ། །དྲུག་པ་ནི། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང༌། །ཚནྡྷོ་ཧ་དང་དེ་བཞིན་གཞན། །དེ་ཡང་ཉེ་བའི་ཚནྡྷོ་ཧ། །དེ་བཞིན་འདུ་བ་ཅན་ཉིད་དང༌། །ཉེ་བའི་འདུ་བ་ཅན་དེ་བཞིན། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཏེ། །གནས་སོགས་ས་ནི་བཅུ་རྣམས་སོ། །གཞུང་འདིར་རྒྱུད་ཀྱི་དངོས་བསྟན་ལས་ཇི་ལྟར་འབྱུང་བ་བཞིན་བསྡུས་པས། མཐུང་སྤྱོད་དང་ཉེ་བའི་མཐུང་སྤྱོད་ལ་རྒྱས་བཤད་དམིགས་བསལ་མ་བྱུང་ཡང༌། དོན་གྱིས་རྟོགས་པར་བྱ་སྟེ། གོང་དུ་སྐུ་གསུང་ཐུགས་ཀྱི་སྒོ་ལམ་དུ་བྱེད་ཚུལ་བཤད་པ་དང༌། འོག་ཏུ་ཡང་མ་མོ་བཅུ་གཉིས་ཀྱི་གནས་པ་བཤད་པའི་ཕྱིར་རོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས་དེ་བཞིན་གཤེགས་པའི་སྐུའི་བུ་ག་དགུའི་དབུས་ན་གནས་པའི་བྷ་གའི་རྩ་གནས་ལ་སོགས་པ་བཅུ་ས་བཅུའི་དབང་ཕྱུག་གི་རང་གི་ངོ་བོ་བཤད་པ་རྒྱས་པར་བསྟན་པ་སྟེ་བཞི་པའོ།། །།ས་བཅུའི་དབང་ཕྱུག་ནི་ས་བཅུ་པོ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་པའི་ཕྱིར། བདེ་ཆེན་ལྷན་ཅིག་སྐྱེས་པའི་མིང་ངོ༌། །དེ་ལྟར་ལེའུ་བཞི་པ་མདོར་བསྟན་དུ་


TNT08_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལས། གནས་ལ་སོགས་པའི་ངོ་བོར་བརྗོད་ཅེས་པ་ནས། སྐུ་གསུང་ཐུགས་ཀྱི་འཁོར་ལོར་གནས། ཞེས་པའི་བར་རྒྱས་པར་བཤད་པ་ནི། ལེའུ་ལྔ་པ་འདི་ཡིན་ཏེ། འདི་ལ་རྩ་ཉེར་བཞི་རྒྱས་བཤད་དམ། ཕྱི་ནང་གི་ས་བཅུ་རྒྱས་བཤད་ཅེས་བྱའོ། །དེ་ལ་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་བུ་ག་དགུའི་ནང་ན་གནས་པ། བྷ་གའི་རྩའི་རང་བཞིན་གནས་ལ་སོགས་པ་ས་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། སྐུ་དང་གསུང་དང་ཐུགས་སུ་གནས་པ། གནས་གཞན་གྱི་དབྱེ་བས། ཡུལ་གྱི་དབྱེ་བ་བཤད་པར་བྱའོ། །དེ་ལ་བྷ་གའི་རྩའི་རང་བཞིན་ཞེས་བྱ་བ་ནི། རྩ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་བྱེད་པའི་ཕྱིར་རོ། ཁ་ཅིག་བྷ་གའི་རྩ་དངོས་ནི། རྩ་ཉི་ཤུ་རྩ་བཞིའི་ཁོ་ནའོ་ཞེས་འདོད་ཀྱང༌། གོང་དུ་ནང་གི་བཅུ་པ་བྷ་ག་ནི་ཞེས་པའི་རྒྱས་བཤད་དུ། དཔྲལ་བའི་གནས་ནས་བརྩམས་ནས་ནི། ཞེས་སོགས་འབྱུང་བའི་ཕྱིར་མི་འཐད་དོ། །གནས་ལ་སོགས་པ་ས་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཞེས་བྱ་བ་ལ། ནང་གི་ཕ་རོལ་ཏུ་ཕྱིན་པ་གསར་དུ་ཐོབ་པའི་ནང་གི་ས་བཅུ་ནི། གསང་རིམ་གྱི་གནས་སྐབས་སུ་ཡིན་ལ། སྐུ་དང་གསུང་དང་ཐུགས་སུ་གནས་པ་ནི། དེ་ཉིད་བསྡུ་ན་ཐུགས་ཀྱི་ས་གཉིས། གསུང་གི་ས་བཞི། སྐུའི་ས་བཞི་རྣམས་སུ་འགྱུར་བས། སྐུ་གསུང་ཐུགས་གསུམ་དུ་བསྡུ་བ་དང༌། འཁོར་ལོ་གསུམ་གྱི་གནས་དང་གྲངས་མཐུན་པར། ས་ཉི་ཤུ་རྩ་བཞི་ཡང་ཡིན་ནོ། །གནས་གཞན་གྱི་དབྱེ་བས་ཡུལ་ལ་སོགས་པ་ཞེས་


TNT08_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དབྱེ་བའི་རྣམ་གྲངས་བཅུ་ལས་གཞན་ཉེར་བཞིའི་དོན་ལ་འཆད་མོད་ཀྱང༌། པུ་ལི་ར་མ་ལ་ཡ་ལ་སོགས་པ་གནས་དང་ཡུལ་སྦྱར་བ་འདི་དག།ཕྱི་ནང་གི་ཆོས་དེ་ཁོ་ན་ཙམ་ཞིག་མ་ཡིན་ནོ། །ཞེས་སྟོན་པའི་ཕྱིར། ཉེར་བཞིའི་དབྱེ་བ་འཆད་པའི་སྐབས་སུ། གཞན་ཞེས་སྨོས་པར་གསལ་ལོ། །ལེའུའི་གཞུང་དངོས་ནི། སྤྱི་བོ་མ་ལ་ཡ་ཡི་ཡུལ། །དེ་བཞིན་སྤྱི་གཙུག་དྲ་བ་འཛིན། །དེ་བཞིན་དུ་ནི་ཨོཊྱ་ན་ཉིད། །རྣ་བ་གཡས་པ་ཉིད་དུ་བརྗོད། །ལྟག་པའི་ལོགས་ནི་ཨར་བུ་ཏ། །བཞི་པོ་གནས་ཞེས་བྱ་བ་ཡིན། །རྣ་བ་གཡོན་པའི་རང་བཞིན་ཅན། །དེ་བཞིན་གོ་ད་བ་རིར་ཤེས། །རསྨི་ཤྭཱ་ར་ཞེས་གྲགས་པས། །སྨིན་དབུས་དེ་ནས་མིག་དག་ལ། །དེ་བཞིན་དེ་བཱི་ཀོ་ཊ་གཞན། །ལག་པའི་རྩ་བ་མཱ་ལ་བ། །དེ་ལྟར་ཉེ་བའི་གནས་ཉིད་ནི། །ཐུགས་ཀྱི་འཁོར་ལོར་རྣམ་གནས་པ། །གནས་ཀྱི་ཁྱད་པར་ངོ་བོ་ནི། །མཁའ་སྤྱོད་རྣམས་ཀྱི་ཡིན་པར་བཤད། །མཆན་ཁུང་ཀཱ་མ་རུ་པར་འདོད། །ནུབ་མ་ཨོ་ཏྲེར་རབ་ཏུ་འདོད། །འདི་དག་ཞིང་དུ་ཡང་དག་བརྗོད། །ལྟེ་བ་ཏྲི་ཤ་ཀོ་ནར་འདོད། །སྣའི་རྩེ་མོ་ཀོ་ས་ལ། །དེ་དག་ཉེ་བའི་ཞིང་དུ་བརྗོད། ཁ་ནི་ཀ་ལིང་ཀ་རུ་སྨྲས། །ལམ་པ་ཀ་ནི་མགྲིན་པའི་དབུས། །ཚནྡྷོ་ཧ་ཞེས་རྣམ་པར་བཤད། སྙིང་ག་ཀཉྩིར་བརྗོད་པ་སྟེ། །ཆུ་སོ་ཧི་མ་ལ་ཡ་ཉིད། །དེ་ཡང་ཉེ་བའི་ཚནྡྷོ་ཧ། །དེ་ལྟར་ཡུལ་རྣམས་ཐམས་ཅད་ནི། །གསུང་


TNT08_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁོར་ལོར་རྣམ་གནས་པ། །གནས་ཀྱི་ཁྱད་པར་ངོ་བོ་ནི། །ས་སྤྱོད་རྣམས་ཀྱི་ཡིན་པར་བཤད། །ཡི་དྭགས་ལྷག་གནས་རྟགས་ལ་སྟེ། །གྲྀ་ཧ་དེ་བ་ཏྱ་བཤང་ལམ། །འདི་དག་འདུ་བར་བརྗོད་པ་ཡིན། །བརླ་ནི་སོ་སོར་རཥྟར་བརྗོད། །གསེར་གྱི་གླིང་གི་མིང་ཅན་དུ། །རྗེ་ངར་གཉིས་ནི་རྣམ་པར་བཤད། །ཉེ་བ་ཡི་ཡང་འདུ་བ་ཉིད། །སོར་མོ་ན་ག་ར་རུ་བརྗོད། །སིནྡྷུ་ངེས་པར་རྐང་བའི་བོལ། །དུར་ཁྲོད་དུ་ནི་ཡང་དག་བརྗོད། །མཐེ་བོང་མ་རུར་རབ་ཏུ་སྨྲས། །པུས་མོ་ཀུ་ལུ་ཏ་རུ་བརྗོད། །འདི་དག་ཉེ་བའི་དུར་ཁྲོད་ཉིད། །གནས་ཀྱི་ཁྱད་པར་ངོ་བོ་ནི། །ས་འོག་རྣམས་ཀྱི་ཡིན་པར་བཤད། །དེ་དག་གི་ཚིག་དོན་ནི་གོ་སླ་ལ། དེ་ལ་རེ་ཞིག་ཕྱི་རོལ་གྱི་དབང་དུ་བྱས་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་ལ། ཡུལ་ཆེན་ཉེར་བཞིར་བརྩི་བ་དང༌། སྟོང་གསུམ་གཅིག་ལ་བརྩི་བ་དང༌། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ལ་བརྩི་བ་དང༌། འཛམ་བུ་གླིང་ཁོ་ན་ལ་བརྩི་བ་དང༌། རྒྱ་ཁམས་རེ་རེ་ལ་བརྩི་བ་དང༌། གྲོང་ཁྱེར་ལྟ་བུར་གཅིག་ལ་བརྩི་བ་དང༌། སྒྲུབ་པ་པོ་རང་ཉིད་གང་དུ་གནས་པའི་ས་དེ་ཉིད་ལ་བརྩི་བ་རྣམས་ཡོད་པ་ལས། དྲོད་ཐོབ་ནས་སྤྱོད་པ་སྤྱོད་ཅིང༌། འཇིག་རྟེན་པའི་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ། ལྷག་པར་འཁོ་བའི་དབང་དུ་བྱས་ནས། འཛམ་བུ་གླིང་སྤྱི་ལ་བཞག་པའི་ཡུལ་ཉི་ཤུ་རྩ་བཞི་ཉིད་གཙོ་བོར་སྨོས་སོ། །དེ་རྣམས་ས་བཅུའི་རང་བཞིན་ཅན་ཡིན་ཞིང༌།


TNT08_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྐོར་བས་ས་བཅུ་རིམ་གྱིས་ཐོབ་པའི་རྒྱུར་འགྱུར་རོ་ཞེས་དབང་པོ་དམན་པ་རྣམས་ཀྱི་ངོར་བསྟན་པ་ཡིན་ལ། དགོངས་གཞི་ནི་ས་དང་པོ་ལྟ་བུ་ལ་མཚོན་ན། སྤྱི་བོ་ལ་སོགས་པའི་རྩ་གནས་བཞི་རྣམ་པར་དག་ཏུ་ཉེ་བ་ན། གནས་དེ་དག་གི་མཁའ་འགྲོ་མ་རྣམས་དང་འདུས་པ་ལས། དེ་མ་ཐག་ཏུ་རྩ་གནས་དེ་དག་དག་སྟེ་ས་དང་པོ་ཐོབ་པའི་རྒྱུ་ཁྱད་པར་ཅན་དུ་འགྱུར་བས་སམ། རྩ་གནས་དེ་རྣམས་དག་པའི་སྒྲུབ་པ་པོ་ས་དང་པོ་ཐོབ་པ་དེ་ལ་གནས་བཞི་པོ་དེའི་དཔའ་བོ་མཁའ་འགྲོའི་འདུ་བ་རྒྱུན་མི་འཆད་པར་འབྱུང་བས། ས་དང་པོའི་ཕན་ཡོན་དང་འབྲེལ་བའི་ཕྱིར། འབྲེལ་བ་ཅན་གྱི་སྒོ་ནས། ཕྱིའི་གནས་བཞི་ལ་ཡང་ས་དང་པོར་བཏགས་པ་ཡིན་ནོ། །དེ་བཞིན་དུ་ནང་ལུས་ཀྱི་གནས་དང༌། བསྐྱེད་རིམ་གྱི་དཀྱིལ་འཁོར་ལ་ཡང་འདི་དག་ས་བཅུ་ཡིན་པས་རང་ལུས་ལ་ས་བཅུ་གནས་ཤིང༌། དཀྱིལ་འཁོར་སྒོམས་པས་དེ་རྣམས་མྱུར་དུ་ཐོབ་བོ་ཞེས་དབང་པོ་འབྲིང་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་གསུངས་བ་ཡིན་ལ། དགོངས་གཞི་ནི་རྩ་རླུང་ཐིག་ལེ་དེ་རྣམས་དག་པས་ས་རྣམས་ཐོབ་པ་དང། བསྐྱེད་རིམས་པའི་དཀྱིལ་འཁོར་ལ་དེར་མོས་པ་ལམ་བྱེད་བྱས་པས། དེ་དག་མངོན་དུ་འགྱུར་བའི་རིང་ལམ་དུ་འགྲོ་བ་ལ་དགོངས་སོ། །དབང་པོ་རྣོན་པོ་ལ་ནི་བདེ་སྟོང་ལྷན་ཅིག་སྐྱེས་པའི་སར་གསུངས་ཤིང༌། དབང་པོ་ཆེས་མཆོག་ཏུ་གྱུར་པ་ལ་ནི། བདེ་སྟོང་ལྷན་སྐྱེས་དེ་


TNT08_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་རང་བཞིན་ལྷན་ཅིག་སྐྱེས་པའི་ས་བཅུ་གདོད་ནས་གྲུབ་པ་ཐོབ་པར་གསུངས་སོ། །གནས་ལ་སོགས་པའི་ས་བཅུ་རྣམས། །རང་ལུས་སྐྱེས་པ་དེ་དག་ཀུན། །གནས་ཀྱི་དབྱེ་བས་འབྱེད་པ་ཡིན། །ཕྱི་དང་མཐུན་པར་ནང་ན་གནས། །སངས་རྒྱས་རྣམས་ཀྱི་ས་བཅུ་རྣམས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །རྩ་རྣམས་ཀུན་གྱི་གནས་དག་ནི། །ཀུན་ནས་ཡང་དག་བཤད་པ་ཡིས། གནས་འདི་རྣམས་སུ་མཁའ་འགྲོ་མ། །རྩའི་གཟུགས་ཀྱིས་ཡང་དག་ནས། །རང་ལུས་ལ་གནད་དུ་བསྣུན་པ་ལས། རྩ་རླུང་ཐིག་ལེ་རྣམ་པར་དག་པ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས། གནས་ལ་སོགས་པ་ས་བཅུ་པོ་དེ་དག་ཀུན་ནི། རང་བཞིན་འདྲ་ཡང་གནས་ཐ་དད་ཀྱི་དབྱེ་བས་ཕྱེ་བའི་རྩ་རླུང་ཐིག་ལེ་ཐིམ་ཚུལ་སྟོབས་ཆེ་ཆུང་གི་དབྱེ་བའི་འབྱེད་པ་ཡིན་ལ། ཕྱི་དང་མཐུན་པར་ནང་ན་གནས་པ་ནི་གོང་དུ་བཤད་པ་ལྟར་ཏེ། དེ་ལྟར་སངས་རྒྱས་རྣམས་ཀྱི་རྒྱུའི་ས་བཅུ་པོ་རྣམས། བསྐྱེད་རིམ་གྱི་སྐབས་སུ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། རྩིབས་དང་དཔའ་བོ་དང་ལྷ་མོ་ཉེར་བཞིའི་དབྱེ་བས་མཚོན་ཞིང༌། རྩ་རྣམས་ཀུན་གྱི་གནས་སྤྱི་བོ་ལ་སོགས་པ་ཉེར་བཞི་པོ་འདི་དག་ནི། པུལླི་ར་མ་ལ་ཡ་ལ་སོགས་པར་ཀུན་ནས་ཡང་དག་པར་བཤད་པའི་གནས་འདི་རྣམས་སུ་ནི་མཁའ་འགྲོ་མ་རྣམས་རྩའི་གཟུགས་ཏེ་རང་བཞིན་དུ་ཡང་དག་པར་གནས་སོ། །ཞེས་ཏེ་སྤྱི་བོ་ལ་སོགས་པ་གནས་ཉེར་བཞི་ནི་པུལླི་ར་མ་ལ་ཡ་


TNT08_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཡུལ་ཉེར་བཞི་དང༌། མི་བྱེད་མ་ལ་སོགས་པ་རྩ་ཉེར་བཞི་ནི། རབ་ཏུ་གཏུམ་མ་ལ་སོགས་པ་རྣལ་འབྱོར་མ་ཉེར་བཞི་དང༌། སོ་སེན་སྐྱེད་པའི་རྒྱུའི་ཐིག་ལེ་ལ་སོགས་པ། ཁམས་ཉེར་བཞི་ནི། ཁནྜ་ཀ་པཱ་ལ་ལ་སོགས་པ་དཔའ་བོ་ཉེར་བཞིའི་རང་བཞིན་དུ་གནས་པ་ཡིན་ནོ་ཞེས་སོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས། གནས་ལ་སོགས་པ་ས་བཅུ་རྒྱས་པར་བསྟན་པའི་དབྱེ་བ་སྟེ་ལྔ་པའོ།། །།རྒྱས་པར་བསྟན་པ་ནི་ལེའུ་བཞི་པ་ལ་ལྟོས་ནས་སོ། །ད་ནི་ལེའུ་དྲུག་པ་སྟེ་འདིས་སྤྱིར་རྩ་དང་ཐིག་ལེ་མཐའ་དག་རྒྱས་པར་བསྟན་ཞིང༌། ཁྱད་པར་དཔྱིད་དང་ཐིག་ལེ་ངོས་འཛིན་མཛད་པས། དཔྱིད་དང་ཐིག་ལེ་བཤད་པའི་ལེའུ་ཞེས་ཀྱང་བྱའོ། །དེ་ལ་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི། སྐུའི་གནས་ཇི་ལྟ་བར་སོན་པའི་རྩའི་འཁོར་ལོ་མདོར་བསྟན་པར་བྱའོ། །གནས་ཇི་ལྟ་བར་སོན་པ་ནི་གནས་ཚུལ་ལ་ཇི་ལྟར་ཡོད་པའི་དོན་ཡིན་ལ། མདོར་བསྟན་པ་ནི་རྒྱུད་གཞུང་རྣམས་ལས་མཐའ་ཡས་པ་གསུངས་པའི་དོན་གྱི་གཙོ་བོ་གནད་ཆེ་ཤོས་རྣམས་མདོ་ཙམ་དུ་བྱས་ཞེས་པ་སྟེ། གཞུང་འདི་ཉིད་དུ་མདོར་བསྟན་རྒྱས་བཤད་ཀྱི་ནང་ཚན་མདོར་བསྟན་ནི་མ་ཡིན་ནོ། །གཉིས་པ་ལེའུ་དངོས་ལ། དཔྱིད་ཀྱི་ཐིག་ལེ་ངོས་བཟུང༌། སྐུ་གསུང་ཐུགས་ཀྱི་བཟླས་པ་བཤད། འཁོར་ལོ་བཞིའི་རང་བཞིན་བསྟན། རྩ་སུམ་ཅུ་རྩ་བདུན་རྒྱས་པར་བསྟན་པའོ། །དང་པོ་ནི། སྙིང་གི་ནང་སོན་པདྨ་ནི། །


TNT08_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །རང་གི་ངོ་བོ་འབར་བའི་མེ། །ཆུ་ཤིང་གི་ནི་མེ་ཏོག་བཞིན། །འཕྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་སོན་དཔའ་བོ་ནི། །ཉུང་ཀར་གི་ནི་སྦོམ་ཕྲ་ཙམ། །གཞོམ་མེད་ཧཱུཾ་གི་ས་བོན་ནི། ཁ་བ་ལྟ་བུ་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །འདི་ནི་དཔྱིད་ཅེས་བྱ་བར་བཤད། །སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་ན་རྩ་པདྨ་འདབ་བརྒྱད་ལྟ་བུ་ལ་སྙིང་པོ་སྟེ་ལྟེ་བ་དང་བཅས་པ་ཡོད་པ་ལས། ལྟེ་བ་ནི་རྩ་དབུ་མའི་ཆ་ཤས་ཡིན་ལ། དབུ་མ་དེའི་ནང་དུ་སོན་ཞིང་གནས་པའི་རྩ་ནི། རང་གི་ངོ་བོ་འབར་བའི་མེ་ཞེས་བྱ་བ་ལ། འགོས་འགྱུར་ལས། མར་མེ་ལྟ་བུའི་གཟུགས་ཅན་ཏེ། ཞེས་འབྱུང་བ་བདེ་བས། མར་མེ་ལྟར་འོད་ཟེར་རབ་ཏུ་འབར་བ། རང་འོད་འཕྲོ་བའི་གཟུགས་ཅན་ཏེ། རྩ་དེ་ཡང་ཆུ་ཤིང་གི་མེ་ཏོག་ལྟར་ཁ་ཐུར་དུ་བལྟ་ཞིང༌། འདབ་མ་བརྒྱད་པའི་རྣམ་པ་ལ་དབུས་ཟངས་དུང་ལྟ་བུའི་གཟུགས་ཅན་ཐུར་དུ་འཕྱང་བཞིན་པ་མཐེ་བོང་གི་དཀྱུས་ཙམ་མོ། །རྩ་དེའི་ནང་དུ་དཔའ་བོ་སྟེ་དཔལ་ཧེ་རུ་ཀའི་རང་བཞིན་གྱི་ཐིག་ལེ་བྱང་ཆུབ་ཀྱི་སེམས་དཔྱིད་ཅེས་བྱ་བ་ངོ་བོ་དཀར་དམར་མཉམ་པར་འདྲེས་པ་ལས་དཀར་པོས་དབང་བསྒྱུར་བ། སེམས་ཀྱི་རྟེན་རླུང་དྲོད་ཀྱི་རང་བཞིན་གྱིས་ཁྱབ་པ། ཡུངས་ཀར་སྦོམ་པོའི་ཚད་ཙམ་ཧཱུཾ་གི་སྒྲ་ཅན་འཁོར་འདས་ཀུན་གྱི་ས་བོན་གཞོམ་དུ་མེད་པའི་རང་བཞིན་ཁ་བའི་མདོག་ཅན་ཞུ་ཞིང་འཛག་པའི་ངང་ཚུལ་ལོ། །


TNT08_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམ་དུ་མེད་པའི་དོན་ནི། རྡུལ་ཕྲ་རབ་ཀྱི་ཐིག་ལེ་དེ་དངོས་སུ་ན་ལུས་ཀྱི་ཁམས་མཐའ་དག་བསྐྱེད་ཅིང་སྡུད་པའི་གཞི་ཡིན་པས། དང་པོ་ལུས་འཆགས་པ་ནས་མཐར་འཆི་བའི་བར་དུ། མི་གཡོ་ཞིང་འཕེལ་འགྲིབ་མི་བྱེད་པའི་དོན་ཡིན་ལ། དེ་ལ་གནས་པའི་རླུང་སེམས་ནི་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྒྱུན་མི་འཆད་པས་གཞོམ་པར་དཀའ་བའི་ཕྱིར་གཞོམ་མེད་དང༌། དེའི་ཆོས་ཉིད་ནི་གཞོམ་གཞིག་མི་སྲིད་པའི་གཞོམ་མེད་ཡིན་ཞིང༌། དེ་དག་རྟེན་དང་བརྟེན་པའི་ཚུལ་དུའང་འཇོག་པས། གཅིག་གི་མི་ཤིགས་པའི་མཚན་ཉིད་གང་ཡིན་པ་དེ། གཅིག་ཤོས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །དཔྱིད་ཅེས་བྱ་བ་ནི། ལུས་ཅན་རྣམས་ཀྱི་སྙིང་དགའ་བར་བྱེད་པས་ན་དཔྱིད་དེ། དཔྱིད་ཀྱི་དུས་སུ་ལྗོན་ཤིང་དང་ལོ་མ་དང་མེ་ཏོག་དང་ལྡུམ་བུ་རྣམས་ཁ་འབུས་པས་སྐྱེ་བོ་རྣམས་དགའ་བར་བྱེད་པ་དང་འདྲ་བར། འདིས་ཐིག་ལེ་མཐའ་དག་ཁ་འབུས་ཤིང་སྐྱེད་པར་བྱེད་ལ། གང་ལུས་ཅན་རྣམས་ཀྱི་དགའ་བ་དང་བདེ་བ་དང་ཚིམ་པ་དང༌། བཀྲག་མདངས་དང་སྟོབས་དང༌། ནུས་པ་དང༌། ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་ཐམས་ཅད་ནི་འདིས་བྱེད་པའི་ཕྱིར་དཔྱིད་དེ་བ་སན་ཏའོ། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །ཕག་མོ་ཐིག་ལེར་བརྗོད་པ་སྟེ། །འདིར་ངོ་བོའམ་གཟུགས་ཞེས་བྱ་བ་ནི་རྣམ་པ་འདྲ་བའི་དོན་ཏེ། རྒོད་མའི་མེ་ནི་རྟ་གདོང་གི་མེ་ཞེས་བྱ་བ་ཁོར་ཡུག་གི་མེ་ཡིན་ལ། དེ་ཉིད་རྟའི་གཟུགས་ཀྱི་གནས་སོ་ཞེས་


TNT08_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་གྲགས་པ་ལྟར་ཐ་སྙད་སྦྱོར། ཇི་ལྟར་རྒྱ་མཚོ་ཆེན་པོ་ནི། ཆུ་ཀླུང་ཆེན་པོ་བྱེ་བ་ཕྲག་བརྒྱ་འབབ་ཅིང༌། རྟག་ཏུ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པས། ཕྱོགས་ཐམས་ཅད་ནས་འགེངས་པར་བྱེད་ཀྱང༌། མེ་དེས་ཡོངས་སུ་སྐེམས་པར་བྱེད་པས་འཕེལ་བ་དང་བྲི་བར་མི་མངོན་ཏེ། འདིས་ཀྱང་ཁམས་ཀྱི་ཚོགས་པ་མཐའ་དག་འགྱུར་བ་དང་སྨིན་པ་དང༌། སྐེམས་པར་བྱེད་པས། ཁམས་དུ་མ་འདུས་པའི་ལུས་འདི་ཡང་འཕེལ་བར་མི་མངོན་ནོ། །ལམ་དུ་བྱས་ན་ནི་ཡེ་ཤེས་ཀྱི་སྣང་བ་སྐྱེད་ཅིང༌། སྙིགས་མ་མཐའ་དག་སྲེག་པར་བྱེད་པས་ཀྱང་དེ་དང་འདྲ་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་ཀྱི་སྙིང་པོ། དབུ་མའི་ནང་གི་རྩ་མདུད་ཆོས་འབྱུང་གི་དབྱིབས་ཅན་ལཱ་མ་ལས་ཐོབ་པའི་དམར་ཆ་དྭངས་མའི་གཙོ་བོ་འཇུ་བྱེད་དང་སྲེད་བྱེད་ཀྱི་ངོ་བོ་འདོད་ཆགས་ལ་སོགས་པའི་གདུང་བ་སྐྱེད་པར་བྱེད་པ། ཨ་ཐུང་ངམ་ཨཾ་ཡིག་གི་སྒྲ་ཅན་ཐིག་ལེ་རྡུལ་གྱི་ཁམས་གནས་པ་ནི། རྡོ་རྗེ་ཕག་མོའི་ངོ་བོ་གཏུམ་མོའི་མེ་སྟེ། དྭངས་མ་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་པོ་དང༌། སྙིགས་མ་རྣམས་ལས་དྭངས་མ་འབྱེད་པ་བྱེད་པ་པོ་དང༌། ཁམས་ཉི་ཤུ་རྩ་བཞི་སོགས་སོ་སོར་འབབ་པར་བྱེད་པ་པོ་དང༌། བདེ་བ་བསྐུལ་བྱེད་ཡིན་པའི་ཕྱིར། ཐིག་ལེ་ཏེ་ཏི་ལ་ཀའོ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་ལེགས་ཚིམས་ཤིང༌། །སྙོམས་པར་འཇུག་ནས་རྣམ་པར་


TNT08_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ལེར་བརྗོད་པ་སྟེ། །རྣལ་འབྱོར་མ་ཡི་གཟུགས་བསྟེན་ནས། རྒྱུ་དང་མི་རྒྱུ་ཡང་དག་གནས། །དེ་ལྟར་དཔྱིད་དང་ཐིག་ལེ་དེ་དག་འདྲེས་པ་དཔྱིད་ཀྱི་ཐིག་ལེར་འགྱུར་ཚུལ་ནི། ལས་ཀྱི་རླུང་ཞེས་བྱ་བ། སྒོམ་པའི་སྟོབས་ལས་ལྟེ་བ་དང་གསང་བའི་བར་གྱི་རྩ་དབུ་མ་རྒྱས་པ་ལས། དེར་བདེ་བ་བསྐུལ་བའི་རླུང་གསར་དུ་སྐྱེ་བར་འགྱུར་ཏེ། དེས་དང་པོ་ལྟེ་འོག་སོར་བཞི་ན་གནས་པའི་ཚངས་པའི་མེ་སྦར་བར་བྱེད་ཅིང༌། མེ་རླུང་ལྷན་ཅིག་དབུ་མའི་ནང་ནས་སོང་སྟེ། ལྟེ་བའི་དཀྱིལ་འཁོར་དུ་ཨཾ་ཡིག་སྦོར་བར་བྱེད་དོ། །དེ་ཡང་ཚངས་པའི་མེ་ནི། དམར་ཆ་ཁོ་ན་ཡིན་ལ། ལྟེ་བའི་ཕག་མོ་ནི་དཀར་དམར་འདྲེས་པ་ཡིན་ཡང༌། དམར་པོ་ཤས་ཆེ་ཤིང་དམར་པོས་དབང་བསྒྱུར་བ་ཡིན་ནོ། །དེའི་ཕྱིར་དེ་འབར་བར་དཀའ་བས། དེ་སྦར་བ་ལ་གཞན་སྦར་བ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །ལྟེ་བའི་མེ་འབར་བའི་མཐར་སྙིང་གའི་དཔྱིད་ཞུ་ནས་ལྟེ་བར་བབས་ཏེ་གཏུམ་མོ་དམར་ཆ་དང་འདྲེས་པས་ལྷག་པར་ཡང་བདེ་བ་དམ་པས་ཚིམ་ཞིང༌། ལྟེ་བའི་དབུས་སུ་དཀར་དམར་གཉིས་གཅིག་ཏུ་མཉམ་པར་ཞུགས་པས་གནས་པ་ནི་དཔྱིད་ཐིག་ཁ་སྦྱོར་དང༌། དཔྱིད་ཀྱང་ཡིན་ལ་ཐིག་ལེ་ཡང་ཡིན་པས་དཔྱིད་ཐིག་ཁ་སྦྱོར་རོ། །དཔྱིད་ཐོབ་པ་ཞེས་བྱ་བ། འགོས་འགྱུར་ལས། བ་སན་ཏ་དང་ཕྲད་པས་དགའ། །ཞེས་ཐོབ་པ་ཕྲད་པས་བསྒྱུར་བ་ཉིད་ལེགས་སོ། །འདྲེས་


TNT08_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཐོབ་པའི་ཡེ་ཤེས་ནི། རྫོགས་རིམ་གྱི་ལྷ་དཔལ་ཧེ་རུ་ཀ་ཡིན་ལ། ཉོན་མོངས་འཇོམས་པའི་ཕྱིར་དཔའ་བོའོ། །དེ་ལྟ་བུའི་དཔྱིད་དང་ཐིག་ལེའི་ནུས་པ་རྣམས། རྣལ་འབྱོར་མ་རྩའི་གཟུགས་རྣམས་ལ་ཁྱབ་ཅིང༌། བསྟེན་ནས་རྒྱུ་བ་རླུང་དང་མི་རྒྱུ་བ་ཁམས་རྣམས་ཀྱང་དཔྱིད་ཐིག་གིས་ཡང་དག་པར་བྱིན་གྱིས་བརླབས་ནས་གནས་སོ། །ཞེས་པ་དྲང་དོན་ནོ། །ཡང་དག་པར་ན་དཔྱིད་ཀྱི་རང་བཞིན་གནས་ཚུལ་ཐིག་ལེ་མི་འགྱུར་བའི་བདེ་བ་དང༌། ཐིག་ལེའི་རང་བཞིན་གནས་ཚུལ་རྣམ་པ་ཐམས་ཅད་པའི་གཏུམ་མོ་ཡིན་ལ་དེ་གཉིས་ཟུང་དུ་འཇུག་པ་ནི་རྣལ་འབྱོར་མ་སྟེ་རྣམ་པ་ཐམས་ཅད་པའི་གཟུགས་བསྟེན་པ་སྟེ་བཟུང་ནས། བརྟན་གཡོ་ཐམས་ཅད་ལ་ཡང་དག་པར་གནས་སོ་ཞེས་པ་སྟེ་ངེས་དོན་ནོ། །འདིར་གཟུགས་བསྟེན་ནས་ཞེས་པ། འབྲོག་མིས་གཟུགས་འཛིན་པ་ཞེས་དང༌། འགོས་ཀྱི་གཟུགས་བཟུང་ནས་ཞེས་པ་ལྟར་བདེའོ། །ལམ་དུ་མ་བྱས་པའི་གནས་སྐབས་ན་ཡང༌། འཆི་བ་དང་གཉིས་སྤྲོད་ལ་སོགས་པའི་སྐབས་སུ་ལས་ཀྱི་རླུང་གཡོས་པ་དང༌། དཔྱིད་ཐིག་ཁ་སྦྱོར་དུ་འགྲོ་ཚུལ་རྗེས་མཐུན་པ་ཡོད་ཅིང༌། ལམ་སྒོམ་པ་ལས་བྱུང་བའི་ལས་ཀྱི་རླུང་ཡང་རྣམ་པ་གསུམ་སྟེ། རང་ལུས་ཐབས་ལྡན་ལ་བརྟེན་ནས་སྐྱེས་པ་དང༌། གཞན་ལུས་ཤེས་རབ་ཀྱི་རྐྱེན་གྱིས་བྱུང་བ་དང༌། སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ཤར་བའོ། །ཕྱི་མ་ལ་ཡང་རྣམ་བཅས་རྣམ་མེད་གཉིས་ཡོད་ཀྱང་རྣམ་བཅས་མཆོག་གོ །


TNT08_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རླུང་གིས་གཏུམ་མོ་སྦར་བ་ནས་བརྩམས་ཏེ་དཔྱིད་ཐིག་ཁ་སྦྱོར་དུ་འགྱུར་བའི་བར་དུ། རིམ་པ་རྒྱ་ཆེན་པོ་ཡོད་པ་ནི་འོག་ཏུ་འཆད་པར་འགྱུར་རོ། །དཔྱིད་ཀྱི་ཐིག་ལེ་ཡང་གཉིས་ཏེ། ཀུན་རྫོབ་རྫས་ཀྱི་དཔྱིད་ཐིག་དང༌། དོན་དམ་ཡེ་ཤེས་ཀྱི་དཔྱིད་ཐིག་གོ །དང་པོ་ལ་ཡང་ལམ་དུ་བྱས་པ་དང༌། མ་བྱས་པ་གཉིས་སོ། །གཉིས་པ་ནི། ལུས་ངག་ཡིད་ཀྱི་དབྱེ་བ་ཡིས། སྒོ་ནི་རྣམ་པ་གསུམ་འབྱུང་སྟེ། །དེ་ནི་འགྲོ་དང་འོང་བྱེད་པ། །འདི་ནི་ཀུན་གྱི་ལུས་ལ་གནས། རླུང་ནང་དུ་འོང་བ་ནི་སྐུ་རྡོ་རྗེའི་བཟླས་པ་སྟེ། རྐྱང་མའི་སྒོ་ནས་དང༌། རླུང་ཕྱིར་འགྲོ་བ་ནི་གསུང་རྡོ་རྗེའི་བཟླས་པ་སྟེ་རོ་མའི་སྒོ་ནས་དང༌། རླུང་འདི་ནི་ཀུན་གྱི་ལུས་ནང་དུ་གནས་པ་ནི་ཐུགས་རྡོ་རྗེའི་བཟླས་པ་སྟེ། གཞི་འཁོར་བའི་དུས་སུ་དེ་ལྟར་གནས་ལ། ལམ་དུ་བྱས་པའི་དུས་ནི་དབུ་མ་ནས་འབྱུང་ཚུལ་ཡང་མི་འདྲ་ཞིང༌། རོ་རྐྱང་གཉིས་པོའང་རང་རང་གི་མཚན་ཉིད་མ་དོར་ཙམ་ཞིག་ལ་དབུ་མས་དབང་བྱེད་པ་ཡིན་ནོ། །འདིས་ནི་ངག་ཐམས་ཅད་ཀྱི་རང་བཞིན་གདོད་མའི་ཡི་གེ་གསུམ་དུ་གནས་པ་དང༌། ཀུན་རྫོབ་ཏུ་ཡང་རླུང་ཐམས་ཅད་ཡི་གེ་གསུམ་གྱི་གདངས་སུ་འཇོག་པ་དང༌། ལམ་ཉམས་སུ་བླང་བའི་སྐབས་སུ། རླུང་གི་རྣལ་འབྱོར་རྣམས་རྡོ་རྗེའི་བཟླས་པར་འགྲོ་ཚུལ་བསྟན་པ་ཡིན་ནོ། །ཡང་སྔ་མ་མང་པོ་ཞིག་ཚིག་བཅད་འདིས་སྔར་བསྟན་པའི་སྐུའི་སྒོ་དགུ་སོགས་སླར་ཡང་བསྟན་པར་འདོད་དེ། དེ་ལྟར་ན་དོན་གྱི་རྣམ་གྲངས་ལྷག་པོ་སྟོན་རྒྱུ་མེད་པས། ཟློས་པའི་སྐྱོན་དུ་འགྱུར་


TNT08_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གསུམ་པ་ནི། ལྟེ་བར་ཨ་ཡིག་གཟུགས་སུ་སྟེ། །ཐུང་ངུ་རུ་ནི་ཡོངས་སུ་གྲགས། །སྙིང་ག་ལ་ནི་ཡི་གེ་ཧཱུཾ། །རིང་པོ་ཚད་ནི་གཉིས་དང་བཅས། །མགྲིན་པར་ཨོཾ་ཡིག་གཟུགས་ཀྱིས་ནི། །ཚད་ནི་གསུམ་དུ་བརྗོད་པའོ། །དཔྲལ་བ་རུ་ནི་ཧཾ་ཡིག་ནི། །སྐྲ་དང་ཐིག་ལེ་མི་ཤིག་པའོ། །འདིས་ནི་འཁོར་ལོ་བཞིའི་ཡི་གིའི་དོན་བཤད་པས། རླུང་དང་ཐིག་ལེའི་གནས་ཚུལ་བསྟན་པའོ། །ལྟེ་བར་ཨ་ཡིག་ཐུང་ངུ་ནི། ཡི་གེ་རིང་ཐུང་གི་ཚད་གཅིག་པུ་བ་དང༌། སྙིང་གའི་ཧཱུཾ་རིང་པོ་ནི་ཧ་དང་ཨཱུ་ཡིག་སྟེང་གཉིས་འདུས་ཤིང༌། རིང་ཆ་ཅན་ཡིན་པས་ཚད་གཉིས་པ་དང༌། མགྲིན་པའི་ཨོཾ་ནི་ཨ་ཨུ་མ་གསུམ་འདུས་ཤིང༌། པ་ལུ་ཏ་ཅན་ཡིན་པ་དང༌། ཤིན་ཏུ་རིན་པོ་ཡིན་པས་ཚད་གསུམ་པ་དང༌། དཔྲལ་བའི་ཧཾ་ཡིག་ནི་སྒྲ་སྟེ་ན་ད་དང༌། ཐིག་ལེ་སྟེ་ཀླད་སྐོར་དང༌། མི་ཤིགས་པ་ནི་ཚེག་དྲག་སྟེ་ཟླ་ཚེས་དང༌། ཧ་ཡིག་ཉིད་དེ་ཡི་གེ་བཞི་པོ་དེ་ནི་གཅིག་ཏུ་འདྲེས་པ་ཤིན་ཏུ་ཆེས་རིང་པོ་སྟེ། ཚད་བཞི་པའོ། །འདི་ཡང་གཞི་དུས་ན་ལྟེ་བ་ནས་རྒྱུ་བའི་རླུང་དབྱངས་ཀྱི་རང་བཞིན་ཅན་གྱེན་དུ་འོངས་པས་སྙིང་གར་རིང་པོ་དང༌། མགྲིན་པར་ཤིན་ཏུ་རིང་པོ་དང༌། དཔྲལ་བ་སྟེ་སྤྱི་བོའི་འཁོར་ལོར་ཤིན་ཏུ་ཆེས་རིང་པོར་འགྱུར་ཞིང༌། དེ་དག་སྡོམས་པས་ངག་གི་བརྗོད་པ་སྣ་ཚོགས་པར་འགྱུར་རོ། །ཐིག་ལེའི་དབང་དུ་བྱས་ན། སྤྱི་བོར་ཐིག་ལེ་ཆ་བཞི། མགྲིན་པར་ཆ་གསུམ། སྙིང་གར་ཆ་གཉིས།


TNT08_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་དེ་ཡང་རབ་ཏུ་ཟད་དེ་ཆ་གཅིག་ཏུ་ཡང་མ་ལོངས་པ་སྟེ། གང་གཏུམ་མོའི་མེ་དང་ཐག་ཉེ་བ་དེར། དཀར་ཆ་སྐམ་པའི་ཚུལ་དུ་གནས་ཤིང༌། དེ་ཉིད་ལམ་དུ་བྱས་ན་ནི་དམར་ཆ་འཕེལ་བ་ཙམ་དུ་དཀར་ཆ་ཡང་རྒྱས་སོ། །གོང་དུ་བསྟན་པའི་རླུང་འབྱུང་འཇུག་གནས་གསུམ་ཡི་གེའི་གདངས་སུ་གནས་པར་བཤད་པ་དང༌། འདིར་བསྟན་པ་དང་འོག་ཏུ་སྟོན་པར་འགྱུར་བའི་ཡི་གེ་འགོད་པ་ཐམས་ཅད་ནི་ཡི་གེའི་གཟུགས་སུ་མི་གནས་ཏེ། ཡི་གེའི་གཟུགས་ནི་འཇིག་རྟེན་ན་བློ་ལྷན་སྐྱེས་ལ་སྣང་བ་མིན་པར་ཡུལ་ཉེ་ཚེ་བ་ཐ་དད་པ་རྣམས་ན། དུས་ཉུང་ཟད་དུ་དགོས་པའི་དབང་ལས། སྐྱེ་བོ་འགའ་ཞིག་ལ་དེ་ལྟར་གྲགས་པ་ཙམ་སྟེ། འཇིག་རྟེན་རྣམས་ཀྱིས་ཀུན་བཏགས་ཀྱི་བརྡའ་ཆད་གསར་དུ་སྦྱར་བ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་གནས་ཀྱང་བརྟགས་པའི་རིམ་པའི་སྐབས་སུ་གཟུགས་སུ་སྒོམ་དུ་རུང་བ་ནི་མཚོན་བྱེད་དང་བརྡའ་ཙམ་ཡིན་པའི་ཕྱིར་ཏེ། དེས་ན་ཡུལ་ཐ་དད་དང་འགྲོ་བ་ཐ་དད་པའི་ཡིག་རིས་ཇི་ལྟར་སྒོམས་ཀྱང་འདྲའོ། །འོན་ཀྱང་ཐ་སྙད་དུ་ཡི་གེའི་སྒྲར་གནས་སོ་ཞེས་བྱ་ལ་དེའི་དོན་ཡང་དཔེར་མཚོན་ན་ལྟེ་བའི་དབུས་ན་ཨ་ཞེས་ཕུག་སྟོང་གི་བྲག་ཆ་ལྟར། རྟག་ཏུ་སྒྲོག་པ་མ་ཡིན་གྱི། ངག་ཏུ་ཨ་ཡིག་འབྱུང་བའི་ནུས་པ་ལ་འཇོག་པ་ཡིན་ཀྱང༌། རྒྱུད་ཐ་དད་ལས་ཡི་གེ་མི་འདྲ་བ་དུ་མ་གསུངས་པ་སོགས་ཐམས་ཅད་མི་འགལ་བ་ནི། དེ་ཡང་སྒྲ་སྐད་རྣམ་པ་ཐམས་ཅད་པ་ཡིན་པའི་གནད་ཀྱིས་ཡིན་ནོ། །འོ་ན་ཅི་རུང་རུང་


TNT08_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པས་ཆོག་གོ་སྙམ་ན། རྣམ་པ་ཐམས་ཅད་པ་ཡིན་ཀྱང༌། གང་དེ་བཞིན་གཤེགས་པས་གསུངས་པ་དེ་བསྒོམས་པ་ལས་ནི། ཡང་དག་པའི་ཡེ་ཤེས་སྐྱེ་བར་འགྱུར་ལ། གཞན་ལས་ནི་མ་ཡིན་ཏེ། ལམ་ཐམས་ཅད་ནི་རྟོག་གེའི་ཡུལ་ལས་འདས་པ། བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ། ཆོས་ཉིད་ལ་ཚད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ཡི་གེ་འགོད་པ་རྣམས་ནི། དེ་ཁོ་ན་ཉིད་ཀྱི་བརྡར་འགྱུར་བ་ཡིན་ཏེ། དེས་ཉེ་བར་མཚོན་པའི་དོན་ནི་དངོས་པོའི་གནས་ལུགས་ཡིན་ནོ། །འཁོར་ལོ་བཞི་ཡི་རིམ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང༌། །ཐུན་བཞིར་བྱིན་གྱིས་བརླབས་ནས་ནི། །སྐད་ཅིག་བཞི་ནི་ཡང་དག་འབྱུང༌། །དགའ་བ་བཞི་ཡི་ངོ་བོ་དང༌། །རྣལ་འབྱོར་བཞི་རུ་གཞོལ་བ་ཡིན། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་རུ། །རྡོ་རྗེ་སེམས་དཔའི་རང་བཞིན་གྱིས། །འདིར་ནི་ཇི་ལྟར་བདེ་བར་རོལ། །འདི་རྣམས་ཀྱིས་ནི་འཁོར་ལོ་བཞིའི་ཁྱད་ཆོས་རླུང་དང་ཁམས་དང་ཡེ་ཤེས་ལ་སོགས་པའི་རྣམ་པར་དབྱེ་བ་རྣམས་བསྟན་པ་ཡིན་ཏེ། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་ཐིག་ལེ་དང་དེའི་རླུང་དང་ཐུན་བཞིའི་རླུང་རྣམས་དང༌། སྐད་ཅིག་མ་བཞི་དང་དགའ་བ་བཞིའི་ཡེ་ཤེས་དང༌། རྣལ་འབྱོར་བཞིའི་དབྱེ་བ་རྣམས་རྩ་འཁོར་ལོ་བཞི་ལས་འབྱུང་ངོ་ཞེས་བརྗོད་ནས། དེ་ཡང་ལྟེ་བ་སྤྲུལ་འཁོར་གྱི་དབུས་སུ་ས་ཁམས་ཀྱི་དྭངས་མའི་ཐིག་ལེ་དང༌། སྙིང་ག་ཆོས་འཁོར་གྱི་དབུས་སུ་


TNT08_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཁམས་ཀྱི་དྭངས་མའི་ཐིག་ལེ་དང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་མེ་ཁམས་ཀྱི་དྭངས་མའི་ཐིག་ལེ་དང༌། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་རླུང་ཁམས་ཀྱི་དྭངས་མའི་ཐིག་ལེ་རྣམས་གནས་ཤིང༌། དེའི་རྒྱུ་མཚན་གྱིས་ལྟེ་བ་ནས་ས་རླུང༌། སྙིང་ག་ནས་ཆུ་རླུང༌། མགྲིན་པ་ནས་མེ་རླུང༌། སྤྱི་བོ་ནས་རླུང་གི་རླུང་ངོ༌། ཐུན་བཞིའི་ཞེས་བྱ་བ་ལ། ཐུན་མཚམས་དང་འཕོ་བ་དང༌། ཆུ་ཚོད་དང་དབྱུག་གུ་ནི་ཐུན་དང་འབྲེལ་བའི་ཆོས་སོ། །ཐུན་བཞི་ལ་ཉིན་ཞག་གཅིག་སྟེ། དེ་ཡང་རྩ་འཁོར་ལོ་བཞི་ནས་རླུང་རྒྱུ་བའི་ཚུལ་མི་འདྲ་བར་གནས་མོད། གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མཚུངས་ལ། དེ་དག་ཀྱང་སྣ་སྒོ་ནས་རྒྱུ་བའི་ཚེ་གོང་དུ་བསྟན་པ་ལྟར། རིགས་བཞི་ཡུམ་བཞིའམ་རོ་རྐྱང་གིས་བྱིན་གྱིས་བརླབས་ནས་རྒྱུའོ། །དེ་ཡང་ལྟེ་བའི་རྩ་འདབ་རེ་རེ་ནས་དབྱུག་གུ་རེ་རེའི་རླུང་རྒྱུ་བས། ཉིན་ཞག་གཅིག་ལ་དབྱུག་གུ་དྲུག་ཅུ་རྩ་བཞི་སྟེ། དབྱུག་གུ་རེ་ལ་དབུས་སུམ་བརྒྱ་སུམ་ཅུ་སོ་ཕྱེད་དང་བརྒྱད་དོ། །སྤྱི་བོའི་རྩ་འདབ་རེ་ནས་ཆུ་ཚོད་རེའི་རླུང་རྒྱུ་བས། ཞག་གཅིག་ལ་ཆུ་ཚོད་སོ་གཉིས་ཏེ། ཆུ་ཚོད་རེ་ལ་དབུགས་དྲུག་བརྒྱ་བདུན་བཅུ་དོན་ལྔ་རེའོ། །མགྲིན་པའི་རྩ་འདབ་རེ་ནས་འཕོ་བ་རེའི་རླུང་རྒྱུ་སྟེ། ཞག་གཅིག་ལ་འཕོ་བ་བཅུ་དྲུག འཕོ་བ་རེ་ལ་དབུགས་སྟོང་སུམ་བརྒྱ་ལྔ་བཅུའོ། །སྙིང་གའི་རྩ་འདབ་རེ་ནས་ཐུན་ཚོད་རེའི་རླུང་རྒྱུ་སྟེ། ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་དང༌། ཐུན་


TNT08_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་རེ་ལ་རླུང་བདུན་སྟོང་ཉིས་བརྒྱ་རེའོ། །འཁོར་ལོ་བཞིའི་རླུང་དེ་དག་དུས་གཅིག་ཏུ་རྒྱུ་བ་ཡིན་ཅིང༌། ལོ་དང་ཟླ་བ་དང་ཞག་དང་སྐད་ཅིག་མའི་རྣམ་པར་རྟོག་པ་སྣ་ཚོགས་བསྐྱེད་པར་བྱེད་དོ། །དགའ་བ་བཞི་དང་སྐད་ཅིག་མ་བཞི་ནི་མཚུངས་པར་སྦྱར་བར་བྱ་སྟེ། ཇི་སྐད་དུ། སྣ་ཚོགས་དང་པོའི་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉིད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་པ་ལྟར་ལས། ཡས་བསྟན་གྱི་རིམ་པ་ནི། སྤྱི་བོར་དགའ་བ་ནས་ལྟེ་བར་ལྷན་ཅིག་སྐྱེས་ཀྱི་བར་ཡིན་ཞིང༌། འདིར་མས་བསྟན་ལ་གཙོ་བོར་སྦྱོར་ཏེ། ལྟེ་བར་རྣམ་པར་སྣ་ཚོགས་པའི་སྐད་ཅིག་མའི་དགའ་བ། སྙིང་ཁར་རྣམ་པར་སྨིན་པའི་སྐད་ཅིག་མ་མཆོག་དགའ། མགྲིན་པར་རྣམ་པར་ཉེད་པའི་སྐད་ཅིག་མ་ཁྱད་དགའ། སྤྱི་བོར་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཉིད་ལ་རྣལ་འབྱོར་བཞིར་བརྗོད་པར་བྱ་སྟེ། དགའ་བ་རྣལ་འབྱོར། མཆོག་དགའ་རྗེས་སུ་རྣལ་འབྱོར། ཁྱད་དགའ་ཤིན་ཏུ་རྣལ་འབྱོར། ལྷན་སྐྱེས་རྣལ་འབྱོར་ཆེན་པོའོ། །སྐད་ཅིག་མ་དང་དགའ་བ་དང་རྣལ་འབྱོར་བཞི་འཁོར་ལོ་བཞི་ལ་ལུགས་ཟློག་ཏུ་སྦྱར་བ་འདི། གསང་བའི་རིམ་པ་དགའ་བ་བཅུ་དྲུག་གི་བདག་ཉིད་ཅན་དེ་ཉིད་མདོ་ཙམ་བསྟན་པ་ཡིན་ནོ། ཁ་ཅིག་རིམ་པ་བཞི་པའི་གཞུང་ལས། སྦྱོར་བ་བཞི་ནི། མྱུར་བ་དང༌། རླངས་པ་དང༌། རྣམ་པར་འཆིང་བ་དང༌། སྣ་ཚོགས་གནས་པ་སྟེ་


TNT08_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་ས་རླུང་གི་དཀྱིལ་འཁོར་ལ་སོགས་པ་བཞིའོ་ཞེས་འཆད་མོད་ཀྱང༌། སྔ་མ་ལྟར་འཐད་དོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བགྲོད་པ་ནོར་བུ་ནས་སྤྲུལ་པའི་འཁོར་ལོ་གང་བར་བརྟན་པའི་བར་དུ་བདེ་ཉམས་ཕྲ་མོ་མི་འདྲ་བ་སྣ་ཚོགས་འཆར་བ་དང༌། ཐ་མལ་གྱི་རྣམ་པར་རྟོག་པ་རགས་པའི་ཕྱིར། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང༌། མི་འགྱུར་བའི་བདེ་བ་ཆུང་ངུའི་གནས་སྐབས་ཡིན་པའི་ཕྱིར། མས་བརྟན་གྱི་དགའ་བ་དང་པོ་དང༌། དགའ་བ་ཕྱི་མ་གསུམ་ལ་ལྟོས་ནས་རྒྱུ་ཚོགས་སྒྲུབས་པ་ལ་གནས་པ་ཡིན་པའི་ཕྱིར། འགྱུར་མེད་ཀྱི་བདེ་བའི་རྒྱུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་ཡིན་པས་རྣལ་འབྱོར་དང་པོ་ཞེས་བྱའོ། །འདི་ལ་ལྟེ་བར་བརྟན་པས་ལུས་ཀྱི་བཀོད་པ་སྣ་ཚོགས་ཅིག་ཅར་སྤྲུལ་པ་དང༌། ཚེ་དང་སྟོབས་དང་མགྱོགས་པ་ལ་སོགས་འི་ཡོན་ཏན་དང༌། རྒ་ཤིས་ཟིལ་གྱིས་མི་གནོན་པ་སོགས་འབྱུང་ངོ༌། །ལྟེ་བ་ནས་སྙིང་གའི་ཡས་སྣའི་བར་དུ་བྱང་ཆུབ་ཀྱི་སེམས་བརྟན་པའི་ཡེ་ཤེས་ནི། འབད་རྩོལ་ཆུང་ཞིང་སྔ་མ་ལས་བདེ་བ་འགྱུར་ཁྱད་མང་པོས་ཆེ་བས། རྣམ་པར་སྨིན་པའི་སྐད་ཅིག་མ་དང༌། གཟུང་འཛིན་གྱི་སྣང་བ་ཤིན་ཏུ་ནུས་པའི་བདེ་བ་ཡིན་པའི་ཕྱིར། མཆོག་དགའ་དང༌། དགའ་བ་སྔ་མའི་འབྲས་བུ་དང་པོ་ཡིན་པའི་ཕྱིར། འབྲས་བུ་རྡོ་རྗེ་འཛིན་པའི་ཚུལ་ཅན་དུ་གནས་པས། རྗེས་སུ་རྣལ་འབྱོར་རོ། །དེ་ལྟར་སྙིང་གར་བརྟན་པས་གཞན་


TNT08_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཤེས་པ་སོགས་མངོན་ཤེས་ལྔ་ལྷག་པར་རྒྱས་པ་དང༌། ཉོན་མོངས་དུག་ལྔ་མངོན་འགྱུར་བ་གཏན་ནས་འགགས་ཤིང༌། དེའི་དོད་དུ་ཡེ་ཤེས་ལྔ་འཆར་བར་འགྱུར་རོ། །སྙིང་གའི་ཡས་མཐའ་ནས་མགྲིན་པའི་འཁོར་ལོ་གང་བར་བྱང་ཆུབ་ཀྱི་སེམས་བརྟན་པའི་ཡེ་ཤེས་ནི། གཟུང་འཛིན་གྱི་སྣང་བ་ནུབ་པའི་རང་བཞིན་ནན་ཏན་དུ་བསྐྱར་བའི་ཚུལ་གྱི་ཤེས་པས། རྣམ་པར་ཉེད་པ་ཞེས་བྱ་སྟེ། ཉེད་པའི་དོན་ནི་བསྐྱར་གྱིན་ལྡབས་ཀྱིན་མྱང་བའི་དོན་ཡིན་ལ། སྤྱིར་གཟུང་འཛིན་འགག་ཚུལ་དང༌། བདེ་བ་སྐྱེས་ཚུལ་ཕྱི་མ་ཕྱི་མ་ལྷག་པ་རེ་ཐམས་ཅད་ལ་ཡོད་ཀྱང་ལྟེ་བའི་དམར་ཆ་དང་འདྲེས་པའི་བྱང་ཆུབ་ཀྱི་སེམས་མགྲིན་པའི་དམར་ཆ་དང་འདྲེས་པའི་རྒྱུ་ལས་བརྟན་པ་ན། གཏུམ་མོ་འབར་ཚུལ་དང་སྦྲགས་དེའི་མཐུ་ལས། སྔར་ལྟེ་བ་དང་སྙིང་གའི་བར་གྱི་ཁྱད་དང༌། ཕྱིས་མགྲིན་པ་དང་སྤྱི་བོའི་བར་གྱི་ཁྱད་ལས། སྙིང་ག་ནས་མགྲིན་པའི་བར་ལ་ལྷག་པར་གཟུང་འཛིན་འགག་ཚུལ་ལ་འགྱུར་ཁྱད་ཆེ་བ་ཞིག་ཡོད་པའི་དོན་ནོ། །དེ་ལྟར་སྟོང་པ་ཉིད་རྟོགས་ཚུལ་གྱི་རྐྱེན་བྱས་ནས་བདེ་བ་ཆེས་ལྷག་པ་ཐོབ་པའི་ཕྱིར། ཁྱད་པར་གྱི་དགའ་བ་དང༌། གཟུང་འཛིན་དང་ལྷག་པར་བྲལ་བའི་ཕྱིར། བྲལ་བའི་དགའ་བ་ཞེས་ཀྱང་བྱ་ལ། མགྲིན་པའི་ཡི་གེ་བཅུ་གཉིས་གྱུར་པས། གཟུང་འཛིན་དབང་ཡུལ་བཅུ་གཉིས་བདེ་བར་ཤར་ཞིང༌། དེ་དག་གི་ཡོན་ཏན་རྣམ་པ་དུ་མ་ཐོབ་པའི་ཕྱིར་


TNT08_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་དང་འདྲ་བས། ཤིན་ཏུ་རྣལ་འབྱོར་རོ། །གཞན་ཡང་མི་བརྗེད་པའི་གཟུངས་ཐོབ་ཅིང༌། སངས་རྒྱས་རྣམས་ལས་ཆོས་མངོན་སུམ་ཐོས་པ་དང༌། ཁམས་ལྔ་ལས་ཀྱང་ཆོས་ཀྱི་སྒྲ་རྟག་ཏུ་འབྱུང་བ་དང༌། རིགས་སྔགས་མཐའ་ཡས་པ་གསར་དུ་བྱེད་ནུས་པ་དང༌། ངག་ཅིག་ལས་ཀྱང་སེམས་ཅན་སོ་སོའི་བསམ་པ་དང་མཐུན་པའི་ཆོས་ཀྱི་སྒྲ་དུ་མ་དང༌། སོ་སོའི་སྐད་དུ་མ་ཅིག་ཆར་འབྱུང་བ་དང༌། གཞོམ་མེད་ཀྱི་ན་དའི་སྒྲ་དབྱངས་སྒྲ་རྣམ་པ་ཐམས་ཅད་འདོད་དགུར་སྒྱུར་བ་ཡང་ཡིན་ནོ།། མགྲིན་པའི་ཡས་མཐའ་ནས་སྤྱི་བོར་འཁོར་ལོ་གང་བར་བྱང་ཆུབ་ཀྱི་སེམས་བརྟན་པའི་ཡེ་ཤེས་ནི། རང་བཞིན་གྱི་གནས་ལུགས་གསལ་བར་མཚོན་ཞིང༌། བདེ་ཆེན་རྒྱས་པའི་ཕྱིར་ཆགས་བྲལ་གྱི་མཚན་ཉིད་སྤངས་ལ། རྣམ་རྟོག་ཤིན་ཏུ་ནུབ་པའི་ཕྱིར་ཆགས་པའི་མཚན་ཉིད་སྤངས་པས་མཚན་ཉིད་དང་བྲལ་བ་དང༌། གདོད་མའི་བདེ་བ་གསལ་བར་མཚོན་ནུས་པའི་ཕྱིར་ལྷན་ཅིག་སྐྱེས་དགའ་དང༌། བདེ་སྟོང་རོ་མཉམ་དུ་རྟོགས་པའི་ཡེ་ཤེས་སེམས་དཔའ་བསྲེ་བ་དང༌། བྱང་ཆུབ་ཀྱི་སེམས་སྤྱི་བོར་བརྟན་པས་དབང་བསྐུར་བ་དང༌། ཡུལ་སྣང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཐིམ་པའི་མཆོད་པ་དང་མཉམ་པའི་ཕྱིར། རྣལ་འབྱོར་ཆེན་པོའོ། །གཞན་ཡང་བདག་དང་སྣང་བ་ཐམས་ཅད་ལ་དཀྱིལ་འཁོར་གྱི་འཁོར་ལོ་རུ་ཅིག་ཅར་སྣང་ཞིང༌། མཆོད་


TNT08_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲིན་གྱི་ཕུང་པོ་རྒྱུན་མི་འཆད་པ་འབྱུང་བ་དང༌། ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་མཐའ་ཡས་པ་ཐོབ་པ་དང༌། ངར་འཛིན་ཟད་ཅིང་སངས་རྒྱས་དཔག་ཏུ་མེད་པ་ཅིག་ཅར་ཞལ་མཐོང་བ་ཡང་ཡིན་ནོ། །དེ་ལྟར་དགའ་བ་བཞིའོ། །དེ་རེ་རེ་ལ་ཡང་ཁུ་རྡུལ་རླུང་དང་རྣམ་པར་ཤེས་པ་ཐིམ་ཚུལ་ཤས་ཆེ་ཆུང་གི་དབང་གིས་དགའ་བ་བཞི་བཞིར་ཕྱེ་བས་བཅུ་དྲུག་ཡིན་ལ། ལྷའི་སྣང་བ་སྤྲོ་བའི་ཕྱིར། རྣལ་འབྱོར་བཞི་དང་རྗེས་དྲན་བཅུ་དྲུག་གོ །དེས་ན་འཁོར་ལོ་བཞི་ལ་ཐིག་ལེ་དང་རླུང་བཞི་དུས་སུ་གནས་ཤིང༌། གནད་དུ་བསྣུན་པ་ལས་དགའ་བ་བཞི་སོགས་སུ་འགྱུར་རོ་ཞེས་པའི་དོན་ནོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས་ཞེས་པ་ནི། དགའ་བའི་མཆོག་གི་ངོ་བོ་རུ་ཞེས་བསྒྱུར་ན་བདེ་སྟེ། དགའ་བའི་མཆོག་ལྷན་ཅིག་སྐྱེས་པའི་ངོ་བོར་བྱ་བ་འབྲས་བུའི་ཡོན་ཏན་དང༌། བྱེད་པ་ལམ་དང་གཞི་རྣམས་རོ་གཅིག་ཏུ་འདྲེས་པའི་དངོས་པོ་སྟེ་ཡེ་ཤེས་ལས་ནི། དཔལ་རྡོ་རྗེ་སེམས་དཔའ་ཟུང་འཇུག་གི་ཡེ་ཤེས་ཀྱི་རང་བཞིན་གྱིས་གནས་སྐབས་འདིར་ནི་ཇི་ལྟར་བདེ་བར་ཏེ་འབད་རྩོལ་མེད་པར་རང་བཞིན་གྱི་དོན་སྒྲུབ་པའི་སྒོ་ནས། བདེ་བ་མཆོག་ལ་རོལ་བར་བྱེད་དོ། །ཞེས་པ་སྟེ། འདིས་ནི་སྔར་གྱི་འཕྲོས་ལས། གསང་རིམ་གྱི་འབྲས་བུ་མདོ་ཙམ་སྨོས་པ་སྟེ། བྱང་ཆུབ་ཀྱི་སེམས་གཙུག་གཏོར་གྱི་བར་དུ་གང་བ་དེའི་སྐད་ཅིག་གཉིས་པར་བྱ་བྱེད་རོ་མཉམ་པའི་ལྷན་སྐྱེས། མཐོང་ལམ་རྣམ་པར་མི་རྟོག་པའི་


TNT08_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྐྱེ་ལ། དེ་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་ཟུང་འཇུག་གི་སྐུ་འགྲུབ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་རོལ་བར་བྱའོ། །ཞེས་བསྟན་པ་ཡིན་ནོ། །བཞི་པ་རྩ་སུམ་ཅུ་རྩ་བདུན་བཤད་པ་ལ། བདེ་ཆེན་འཁོར་ལོའི་རྩ་རྣམས་བཤད་པ། འཁོར་ལོ་གསུམ་གྱི་རྩ་རྣམས་བཤད་པ། དམ་ཚིག་འཁོར་ལོའི་རྩ་རྣམས་བཤད་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། ཕྱོགས་བཞིར་རྣམ་པར་གནས་པ་ཡི། །འདབ་མ་བཞི་པོ་རྣམས་ལ་ཡང༌། །འབྱུང་བ་བཞིའི་རྩ་རྣམས་ཏེ། །ཐུགས་ཀྱི་རྡོ་རྗེའི་གནས་སུ་གནས། །མཁའ་འགྲོ་དེ་བཞི་ལཱ་མ་དང༌། །དུམ་སྐྱེས་མ་དང་གཟུགས་ཅན་མ། །མཚམས་ལ་གནས་པའི་རྩ་རྣམས་ནི། །བཞི་པོའང་དེ་རུ་སོང་བའོ། །དེ་ཡང་བདུད་རྩི་ལྔ་འབབ་པ། །མཆོད་པའི་ངོ་བོར་གནས་པ་སྟེ། །དངོས་པོ་དེ་ཡི་རང་བཞིན་གྱིས། །མཆོད་པ་བཞི་ཞེས་རྣམ་པར་བཤད། །ཅེས་ཤོ་ལོ་ཀ་གསུམ་གྱིས་རྒྱས་པར་བཤད་ནས། །ལུས་ཅན་སྙིང་གི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །ཞེས་དོན་བསྡུས་ངེས་ཤེས་སྐྱེད་པར་མཛད་དོ། །རྩ་དཔྱིད་ཀྱི་རྒྱལ་པོ་ཕྱོགས་བཞིར་འདབ་མའི་རྩ་བཞི་འབྱུང་བ་ནི། ཤར་དུ་སུམ་སྐོར་མ་ཆུ་རླུང་རྒྱུ་བ་མཁའ་འགྲོ་མ་དང༌། བྱང་དུ་འདོད་མ་རླུང་གི་རླུང་རྒྱུ་བ་ལཱ་མ་དང༌། ནུབ་ཏུ་ཁྱིམ་མ་མེ་རླུང་རྒྱུ་བ་དུམ་སྐྱེས་མ་དང༌། ལྷོར་གཏུམ་མོ་ས་རླུང་རྒྱུ་བ་གཟུགས་ཅན་མ་རྣམས་ཐུགས་རྡོ་རྗེ་སྙིང་


TNT08_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཆོས་འཁོར་གྱི་གནས་ལ་ནང་གི་འདབ་མའོ། །འདིར་ནི་རྩ་བཞི་པོ་དེ་ལ་མཁའ་འགྲོ་ལ་སོགས་བཞི་པོའི་མིང་གིས་བསྟན་ཞིང༌། །སུམ་སྐོར་མ་ལ་སོགས་པ་བཞི་ནི་རྒྱུད་གཞན་ལས་བཤད་པའི་མིང་ངོ༌། །མཚམས་ཀྱི་རྩ་བཞི་པོ་ནི་དེ་བཞི་ལས་གྱེས་པའི་ཡལ་ག་སྟེ། སུམ་སྐོར་མ་ལས་ཤར་ལྷོའི་རྩ་དང༌། གཏུམ་མོ་ལས་ལྷོ་ནུབ་ཀྱི་རྩ་དང༌། ཁྱིམ་མ་ལས་ནུབ་བྱང་གི་རྩ་དང༌། འདོད་མ་ལས་བྱང་ཤར་གྱི་རྩ་རྣམས་ཏེ་དེ་བཞི་པོ་ཕྱོགས་ཀྱི་བཞི་ལ་འབྲེལ་ཞིང་སོང་ལ། དེའི་ནང་ནས་བདུད་རྩི་ལྔའི་དྭངས་མ་འབབ་ཅིང༌། བདུད་རྩིའི་མཆོད་པས་གང་བའི་ཐོད་པའི་ངོ་བོར་གནས་པ་སྟེ། ལུས་ཀྱི་གནས་ཚུལ་ལ་ཡང༌། བདུད་རྩི་ལྔའི་དྭངས་མས་ཕུང་ཁམས་བདེ་བ་ཆེན་པོར་མཆོད་པའི་ཕྱིར། བདུད་རྩིའི་དངོས་པོ་དེའི་དབང་གིས་རྩ་ལ་ཡང་མཆོད་པའི་རྩ་བཞི་ཞེས་བྱའོ། །དེ་རྣམས་སུམ་བསྐོར་མ་ལ་སོགས་པ་བཞིའི་ཡལ་ག་ཡིན་པས། སོ་སོར་མི་འདྲེན་ལ་ཕྱོགས་ཀྱི་རྩ་བཞི་དང༌། སྙིང་ཀའི་དཔྱིད་དེ་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་འཁོར་གྱི་ནང་སྟེ་གནས་ལ་ནི། རྩ་སུམ་ཅུ་རྩ་བདུན་གྱི་ནང་ནས་རྩ་ལྔ་རྣམ་པར་གནས་སོ། །རྩ་དབུ་མའི་ཆ་ཤས་གཞན་རྣམས་དང༌། རོ་མ་དང༌། རྐྱང་མ་དང༌། བདུད་འབྲལ་མ་རྣམས་ནི་ཐམས་ཅད་ཀྱི་འཕེལ་འགྲིབ་བྱེད་པའི་གྲོགས་ཡིན་པས། སྤྱི་ཁྱབ་ལ་སྦྱར་ཀྱང་རུང་ལ། དཔྱིད་ཀྱི་རྩའི་རྗེས་འབྲང་དུ་སྦྱར་ཀྱང་ཆོག་སྟེ། སྦྱོང་བྱེད་རྡོ་རྗེ་ཕག་མོ་ཡང་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་ཁྱབ་བྱེད་དང༌།


TNT08_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀའི་རྗེས་འབྲང་ལྷན་ཅིག་སྤྱོད་པའི་ཡུམ་ཡིན་པའི་ངེས་པས་སོ། །དེས་ན་བྱང་སེམས་འབབ་པའི་རྩ་སོ་གཉིས་ལ། རྩའི་གཙོ་མོ་བཞི་པོ་དེ་རེ་རེ་ནས་སྒྲོང་དགོས་ལ། རྩ་སུམ་ཅུ་རྩ་བདུན་གྱི་སྐབས་འདིར་ལོགས་སུ་མི་བསྒྲང་ངོ༌། །སྙིང་གའི་རྩ་ལྔ་པོའི་ངོས་འཛིན་འདི། གཞུང་འདི་དང༌། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་དང༌། འཇིགས་མེད་འབྱུང་གནས་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་ཕལ་ཆེར་གྱིས་བཞེད་པ་ཡིན་ལ། འབྲོག་མི་དང་མལ་གྱོའི་གསུང་སྒྲོས་འཛིན་པ་རྣམས། གཞན་དུ་འདོད་པ་མང་མོད། ལུགས་དེ་གཉིས་འཛིན་པའི་མཆོགམཁོན་བསོད་ནམས་རྩེ་མོའི་ཞབས་ཀྱིས་ཀྱང༌། ཁ་སྦྱོར་གྱི་འགྲེལ་པར་འདིར་བཤད་ཁོ་ན་རང་ལུགས་སུ་མཛད་དོ། གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཏེ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཡང་དག་བརྗོད། །གནས་སོགས་དབྱེ་བ་ལ་བརྟེན་ཏེ། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་རྣམས་སྤྱི་བོར་སྐྱེས་ཞེས་བརྗོད། །དེ་ཡི་ནང་ནས་འདྲེན་པ་ནི། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །གནས་སོགས་དབྱེ་བ་ནི་ས་བཅུའི་དབྱེ་བའོ། །གནས་དང་གནས་ལ་ཞེས་བཟློས་ཚིག་བྱས་པ་ནི། ཕྱི་ནང་གི་ཡུལ་ཞེས་དང་གནས་ཀྱི་རིགས་ཐ་དད་པ་མང་པོའི་ངོ་བོར་གནས། ཞེས་པའི་དོན་ནོ། །རྩ་རྣམས་སྤྱི་བོར་སྐྱེས་ཞེས་པ་ནི་རྩ་ཉེར་བཞི་པོ་སྤྱི་བོའི་ཧཾ་ཡིག་ལས་བྱུང་ཞེས་པའི་དོན་ཏེ།


TNT08_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་བསྟན་པ་ལྟར་རྩ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང༌། སྤྱི་བོའི་རྩ་སོ་གཉིས་དང་འབྲེལ་ཞིང༌། དེ་དག་ལ་བརྟེན་ནས་རྩ་སུམ་ཅུ་རྩ་གཉིས་སུ་ཁམས་འབབ་པར་བྱེད་པའི་ཁམས་ཐམས་ཅད་ཀྱི་རྩ་བ་སྤྱི་བོ་ནས་བྱུང་བའི་ཕྱིར། རྩ་ཉེར་བཞི་ནས་ཁམས་འབབ་པ་དེ་སྤྱི་བོ་ནས་བྱུང་ཞེས་པའི་དོན་ནོ། །རྩ་ཉེར་བཞི་པོ་དེའི་ནང་ནས་ཁམས་འདྲེན་ཞིང་འབབ་ཚུལ་ནི། མི་ཕྱེད་མ་སོགས་བརྒྱད་ལས་མུན་པ་སྟེ། སྒྲ་གཅན་གྱི་ཐིག་ལེ་འབབ་པས་ཐུགས་དང༌། སྐྱོན་མ་སོགས་བརྒྱད་ལས་དམར་པོ་ཉི་མའི་ཁམས་འབབ་པས་གསུང་དང༌། ཤིན་ཏུ་གཟུགས་ཅན་མ་ལ་སོགས་པ་བརྒྱད་ལས། སྙིང་སྟོབས་ཏེ་དཀར་པོ་ཟླ་བའི་ཁམས་འབབ་པས། སྐུའི་འཁོར་ལོའི་རྩའོ་དེ་དག་ཀྱང་དཔེར་མཚོན་ན། སྙིང་གའི་ཤར་གྱི་སུམ་སྐོར་མ་ལས་མུན་པ་འབབ་པའི་རྩ་གཅིག་སྐྱེས་པ་སྤྱི་བོར་སླེབ་ནས་རྒྱས་པ་ནི། མི་ཕྱེད་མ་ཡིན་པ་སོགས་སྙིང་གའི་རྩ་བརྒྱད་ལས་བྱུང་བ་ཐུགས་ཀྱི་རྩ་བརྒྱད་དང༌། ཡང་སུམ་སྐོར་མ་ལས། རྡུལ་འབབ་པའི་རྩ་གཅིག་སྐྱེས་རྩེ་མོ་གཉིས་སུ་སོང་ནས་འཆན་ཁུང་གཡས་གཡོན་དུ་སླེབ་ནས་རྒྱས་པ་ནི། རྩ་སྐྱོན་མ་ཡིན་པ་སོགས་སྙིང་གའི་རྩ་བརྒྱད་ལས་རེ་རེ་སྐྱེས་པ་གསུམ་ག་རྩ་བརྒྱད་དང༌། ཡང་སུམ་སྐོར་མ་ལས་སྙིང་སྟོབས་འབབ་པའི་རྩ་གཅིག་སྐྱེས་ནས། རྟགས་ཀྱི་རྩེ་མོར་རྒྱས་པ་ནི་ཤིན་ཏུ་གཟུགས་ཅན་མ་ཡིན་ལ། དེ་བཞིན་དུ་སྙིང་གའི་རྩ་བརྒྱད་ལས་རེ་རེ་སྐྱེས་པ་ནི་སྐུའི་རྩ་བརྒྱད་དོ། །དེ་ལྟར་ཉེར་བཞི་པོ་


TNT08_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལས། ཡང་མུན་རྡུལ་སྙིང་སྟོབས་ཀྱི་རྩ་གསུམ་གསུམ་བྱུང་བ་ནི། རྩ་ཆེན་བདུན་ཅུ་རྩ་གཉིས་སོ། །དེ་རེ་རེ་ལས་ཁམས་འབབ་པར་བྱེད་པ་པོ་རྩ་སྟོང་ཕྲག་རེ་རེ་སྐྱེས་པ་ནི་རྩ་བདུན་ཁྲི་ཉིས་སྟོང་ངོ༌། །གཉིས་པ་རྒྱས་བཤད་ནི། པུ་ལིར་རབ་གཏུམ་མ་ཞེས་བྱ། །སོ་དང་སེན་མོས་འབབ་པར་བརྗོད། །དྲ་བ་འཛིན་པར་གཏུམ་མིག་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །ཨོ་ཊྱན་ཞེས་བྱ་གནས་ཆེན་པོར། །འོད་ལྡན་མ་ནི་རྣམ་པར་གནས། གཡས་པའི་གནས་ལ་བརྟེན་ནས་ནི། །པགས་པ་དྲི་མ་འཛིན་མ་གནས། །ཨརྦུ་དར་ནི་སྣ་ཆེན་མ། །མཁའ་འགྲོ་མ་ནི་ཤ་ཟ་བསམ། །གནས་ཀྱི་གཙོ་མོ་མཁའ་འགྲོ་མ། །གནས་བཞིན་རུ་ནི་ཡང་དག་བཤད། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། གོ་ད་ཝ་རིར་རྣམ་པར་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །དཔའ་བོའི་བློ་གྲོས་མ་ཞེས་བཤད། །རཱ་མེ་ཤྭཱ་རར་རྩ་གང་ཞིག།དེ་ནི་མི་ཐུང་མ་ཞེས་གྲགས། རུས་པའི་འཕྲེང་བ་རྣམ་གནས་པ། །སྲ་བའི་དངོས་པོས་གནས་པ་ཡིན། །དེ་བཱི་ཀོ་ཊར་རྩ་གང་ཞིག །འཇམ་ལུས་ལང་ཀའི་དབང་ཕྱུག་འདོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཀུན་གྱི་ལུས་ལ་ལྷག་པར་གནས། །མཱ་ལ་བར་ནི་ཤིང་གྲིབ་མ། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས། །ཉེ་བའི་གནས་སུ་ཡང་དག་བཤད། །ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་མ། །གནས་


TNT08_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉེ་གནས་ཡང་དག་གནས། །མིག་འབབ་པ་ཡི་རྩ་གང་ཞིག །ཀཱ་མ་རུ་པར་རྣམ་གནས་པ། །གཟུགས་ནི་མཐོང་བར་འདོད་པ་སྟེ། །ས་སྲུངས་མ་ཞེས་རྣམ་པར་བཤད། །ཨོ་ཏྲེར་འཁྲིས་པ་འབབ་པའི་རྩ། །འཇིགས་བྱེད་ཆེན་མོ་རུ་ནི་བརྗོད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག།འདི་དག་ཞིང་དུ་ཡང་དག་བཤད། །ཏྲི་ཤ་ཀུ་ནིར་ཡང་དག་བྱུང༌། །རླུང་གི་ཤུགས་མ་གློ་བར་བཅས། །ཆང་ཐུང་མ་ནི་ཀོ་ས་ལར། །རྒྱུ་མའི་འཕྲེང་འཁྲུགས་བཟང་མོ་སྟེ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཉེ་བའི་ཞིང་དུ་ཡང་དག་བརྗོད། །སྔོ་སངས་ལྷ་མོ་ཀ་ལིང་ཀར། །ལོགས་ཀྱི་རྩ་ནི་ཡང་དག་གནས། །ལྟོར་གནས་ཤིན་ཏུ་བཟང་མོར་ངེས། །ལམ་པ་ཀར་ནི་ཡོངས་སུ་གྲགས། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཚན་དོ་ཧར་ནི་རྣམ་བཤད་པའོ། །རྟ་རྣ་མ་ནི་ཀཉྩིར་གནས། །བཤང་བ་རྟག་ཏུ་འབབ་པའོ། །ཧི་མ་ལ་ཡར་མཁའ་འགྲོ་གདོང༌། །ཚོགས་སྲུབས་དབུས་སུའང་གྱུར་པ་སྟེ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །ཉེ་བའི་ཚན་དྷོ་ཧར་རྣམས་བཤད། །གསུང་གི་འཁོར་ལོར་ཡང་དག་བྱུང༌། །ས་སྤྱོད་ཕོ་ཉ་རྣམས་གནས་པའོ། །ཡི་དྭགས་ལྷག་གནས་ཡང་དག་གནས། །འཁོར་ལོའི་ཤུགས་མ་བད་ཀན་ཅན། །གང་ཞིག་རྟག་ཏུ་རྣག་འབབ་པ། ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །དུམ་སྐྱེས་མ་ཞེས་རྣམ་པར་བཤད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །འདུ་བ་ཅན་དུ་རྣམ་


TNT08_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད། །སཽ་རཥྟར་ནི་དམར་པོས་མཚན། །མཁའ་འགྲོ་སྣ་རིང་མ་རུ་འདོད། །རྡུལ་ནི་འབབ་པར་གྱུར་པའི་རྩ། །གསེར་གླིང་དུ་ནི་ཡང་དག་གནས། །ཤིན་ཏུ་གསལ་ལུས་ཡང་དག་འཁྲུགས། །དེ་ནི་འཁོར་ལོའི་གོ་ཆར་བཤད། །མཁའ་འགྲོ་རྣལ་འབྱོར་མ་མོ་དང༌། །ཉེ་བའི་འདུ་བ་ཅན་དུ་སྨྲས། །ན་གར་ཤིན་ཏུ་དཔལ་མོ་ཞེས། །ཚུལ་ཅན་སྦོམ་པོའི་ལུས་ཅན་མ། །སིནྡྷུར་སྟོབས་ཅན་མ་ཞེས་བྱ། །མྱ་ངན་གྱིས་ནི་མཆི་མ་འབབ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག །འདི་དག་དུར་ཁྲོད་ཡང་དག་གནས། །འཆིལ་མ་ལུང་སྐམ་འབབ་པ་གང༌། །མ་རུར་འཁོར་ལོས་སྒྱུར་མའོ། །ཀུ་ལུ་ཏར་ནི་བརྩོན་ཆེན་མ། །སྟོབས་དང་སྣབས་ནི་འབབ་པའོ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག།ཉེ་བའི་དུར་ཁྲོད་ཡང་དག་བཤད། །སྐུ་ཡི་འཁོར་ལོའི་མཁའ་འགྲོ་རྣམས། །ཕྱི་རོལ་ས་འོག་གནས་པའོ། །དེ་དག་གི་ཚིག་དོན་ཕལ་ཆེར་གོ་སླ་ལ། འདིར་རྩ་ཉི་ཤུ་རྩ་བཞི་ལ་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་མཚན་གྱིས་བསྟན་ཞིང༌། མི་ཕྱེད་མ་ལ་སོགས་པའི་མིང་ནས་མི་འབོད་པ་ནི། རྩ་བའི་རྒྱུད་ཉིད་ལས་ཀྱང༌། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །འདི་དག་སྔོན་ཉིད་གྲུས་པ་ཡིན། །ཞེས་རབ་གཏུམ་མ་ལ་སོགས་པའི་མིང་རྣམས། ནང་རྩའི་རྣམ་གཞག་གི་སྐབས། སྤྱི་བོའི་རྩ་ལ་སོགས་པ་རྣམས་ལ།


TNT08_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མིང་དུ་འཇུག་པ་ཡིན་ནོ། །མི་ཕྱེད་མ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་སྡེ་གཞན་ལས་གསུངས་ཤིང༌། དོན་གཅིག་པའི་ཕྱིར་འདིར་ཡང་ཐ་སྙད་རེ་སྦྱོར་མོད་ཀྱི། ཁ་སྦྱོར་གྱི་རྒྱུད་དུ་མི་ཕྱེད་མ་ལ་སོགས་པའི་མིང་གསུངས་པ་རྣམས་འདིར་རབ་གཏུམ་ལ་སོགས་པར་བསྒྱུར་བར་མཛད་པའི་དགོས་པ་ནི། དོན་འདྲ་བ་ལས་ལྷའི་དག་པའང་ཞོར་ལ་རྟོགས་ནུས་པའི་ཕྱིར། ཚིག་ཉུང་ངུས་ཆོག་པ་ལ་དགོངས་སོ། །དེས་ན་འདི་ལྟར་སྦྱར་བར་བྱ་སྟེ། སྤྱི་བོ་པུལླི་ར་མ་ལ་ཡར་རྩ་རབ་གཏུམ་མ་ཞེས་བྱ་བ་ནས། ཁམས་སོ་དང་སེན་མོ་བསྐྱེད་པའི་རྒྱུ་མུན་པའི་ཐིག་ལེ་འབབ་བོ། །དེ་བཞིན་དུ་གནས་ཀཱ་མ་རུ་པ་འཆན་ཁུང་གཉིས་སུ། རྩ་ས་སྲུངས་མ་ཞེས་བྱ་བ་ལས་ཁམས་མིག་གཉིས་བསྐྱེད་པའི་རྒྱུ་རྡུལ་གྱི་ཐིག་ལེ་འབབ་བོ། །གནས་རྟགས་ཀྱི་རྩེ་མོ་པྲེ་ཏ་པུ་རི་ཡི་དྭགས་ལྷག་གནས་སུ། རྩ་འཁོར་ལོའི་ཤུགས་ཅན་མ་ནས་ཁམས་བད་ཀན་གྱི་རྒྱུ་སྙིང་སྟོབས་ཀྱི་ཐིག་ལེ་འབབ་པར་བྱེད་དོ། །དེ་ལྟར་རྩ་གནས་ལྷག་མ་བདུན་བདུན་ཡང༌། གསུམ་པོ་དེས་རིགས་འགྲེ་བར་བྱའོ། །དག་བྱེད་ཀྱི་ལྷ་མཁའ་འགྲོ་མ་རྣམས་ནི་རྩ་དང་མིང་མཚུངས་ཤིང༌། ཁམས་ཉེར་བཞི་ནི་ཁཎྜ་ཀ་པཱ་ལ་ལ་སོགས་པའོ། །གནས་ཀྱི་དག་པ་ནི་ས་བཅུ་ལས་ཕྱེ་བའི་ཉི་ཤུ་རྩ་བཞི་ཡིན་ལ། ཕྱི་རོལ་ན་ཡུལ་ཉེར་བཞི་དང༌། དེ་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ནང་དུ་ལུས་ཀྱི་ཆ་དང༌། རྩ་ཁམས་ཀྱི་ངོ་བོར་དག་ལ། སྐྱེད་རིམ་གྱི་སྐབས་


TNT08_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གསུམ་ལྟ་བུའི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་དང༌། བརྟེན་པ་དཔའ་བོ་དཔའ་མོའི་རྣམ་པར་སྒོམ་ཞིང༌། དེ་ཉིད་རྫོགས་རིམ་གྱི་སྐབས་རྩ་རླུང་ཐིག་ལེའི་བདེ་བར་འཆར་ལ། འཇིག་རྟེན་ལས་འདས་པའི་ལམ་དུ་ནི་ཡེ་ཤེས་ཀྱི་ས་བཅུ་གཉིས་ཏེ། རྣམ་པར་ཤེས་པའི་རང་བཞིན་གྱི་རྩ་ཁམས་རླུང་རྣམ་དག་ཅིང་ཆོས་ཉིད་ཀྱི་རྩ་ཁམས་རླུང་གསུམ་མངོན་དུ་འགྱུར་བའི་ཡེ་ཤེས་ཀྱི་རྣམ་རོལ་ཟད་པ་མེད་པར་འགྱུར་རོ། །སྐབས་འདིར་གནས་སོགས་ས་བཅུ་གཉིས་ཀྱི་རྣམ་གཞག་མཛད་པ་ནི་འཕགས་པའི་ལམ་གྱི་ས་བཅུ་གཉིས་གཙོ་ཆེ་བའི་དབང་དུ་མཛད་པ་སྟེ། དེས་ན་གོང་དུ་བསྟན་པ་དང་ཟློས་པར་མི་འགྱུར་ལ། དེ་ཉིད་ཀྱི་ཕྱིར་ལྷ་རྣམས་ཀྱི་མིང་གིས་བསྟན་པའང་ཡིན་ཏེ། ལྷ་དེ་དང་དེ་དངོས་སུ་གྱུར་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །རབ་གཏུམ་ལ་སོགས་པ་སངས་རྒྱས་རྣམས་ཀྱི་དག་པའི་དཀྱིལ་འཁོར་ན་བཞུགས་པ་ནི་སྤྱིར་དོན་གྱི་གཙོ་བོ་ཡིན་ཀྱང༌། འཕགས་ལམ་རབ་ཏུ་དགའ་བ་གནས་ཀྱི་ས་ལ་གནས་པའི་རབ་གཏུམ་མ་དེ་ཡང༌། རབ་གཏུམ་མ་དངོས་ཡིན་ཏེ། ཟུང་འཇུག་གི་ལྷའི་སྐུ་ཡིན་པའི་ཕྱིར་རོ། །རབ་གཏུམ་མ་ལ་སོགས་པ་བརྒྱད་ནི་མི་བྱེད་མ་དང༌། ཕྲག་གཟུགས་མ་དང༌། རྩེ་བ་མ་དང༌། གཡོན་པ་མ་དང༌། ཐུང་ངུ་མ་དང༌། རུས་སྦལ་སྐྱེས་མ་དང༌། སྒོམ་པ་མ་དང༌། དབང་མ་རྣམས་སོ། །ས་སྲུང་མ་ལ་སོགས་པ་བརྒྱད་ནི། སྐྱོན་མ་དང༌། འཇུག་


TNT08_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། མ་མོ་དང༌། མཚན་མོ་དང༌། བསིལ་སྦྱིན་མ་དང༌། ཚ་བ་མ་དང༌། གཞོལ་མ་དང༌། རངས་མ་རྣམས་སོ། །འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་བརྒྱད་ནི། ཤིན་ཏུ་གཟུགས་ཅན་མ་དང༌། སྤྱན་མ་དང༌། རྒྱུ་སྦྱིན་མ་དང༌། སྦྱོར་བྲལ་མ་དང༌། སྡུག་གུ་མ་དང༌། གྲུབ་མ་དང༌། འཚེད་མ་དང༌། ཡིད་བཟང་མ་རྣམས་སོ། །གཞུང་དུ་མཁའ་འགྲོ་མ་ནི་ཤ་ཟ་བསམ་ཞེས་པ། ཁམས་ཤ་སྐྱེད་པར་བྱེད་པའི་ཐིག་ལེ་ལ་ལོངས་སྤྱོད་པའི་དོན་ནོ། །སྲ་བའི་ཚུལ་དང་སྲ་བའི་དངོས་པོ་ཞེས་བྱ་བ་ནི། ཆུ་རྒྱུས་དང་རུས་པ་དེ་ཉིད་སྲ་བའི་དོན་ནོ། །འཇམ་ལུས་ཞེས་བྱ་བ་ནི་སྙིང་གའི་ཁམས་སོ། །མཁའ་འགྲོ་འཇིག་རྟེན་མ་མོ་རྣམས། །ཞེས་སུ་མ་ཏི་ཀིཏྟིའི་སློབ་མ་རྣམས་ཀྱི་འགྱུར་ལས་འབྱུང་བ་ནི། ལོ་ཀ་དག་ཡོ་ཀ་སྒྲ་མཚུངས་པ་ལས་ནོར་བ་ལས་སྒྱུར་བའི་སྐྱོན་ཏེ། མགོས་འགྱུར་སོགས་རྙིང་པ་རྣམས་ལས། འོག་མ་རྣམས་དང་འདྲ་བར་འབྱུང་ངོ༌། །འོན་ཀྱང་སྦྱོར་བའི་མ་ཞེས་སྒྱུར་བ་ཅུང་ཟད་མི་ལེགས་ཏེ། འདིར་མཁའ་འགྲོ་རྣལ་འབྱོར་མ་མོ་དག་ཅེས་པ་ནི། ལྷན་སྐྱེས་དང༌། ཞིང་སྐྱེས་དང༌། སྔགས་སྐྱེས་གསུམ་རིམ་པས་སྟོན་པའི་ཚིག་གོ །ལོགས་ཀྱི་རྩ་ནི་རྩིབ་ཆུང་དང་རྩིབ་ལོགས་སོ། །ལྟོར་གནས་ནི་ལྟོ་བ་སྟེ་ཁམས་འཕོ་བ་སྐྱེད་པའོ། །ཚོགས་སྲུབས་ཞེས་པ་སྐབས་འགའ་ཞིག་ལས་མཚམས་ཀྱི་མཐར་སྒྱུར་རོ། །དམར་པོས་མཚན་ནི་ཁྲག་འཕེན་པའི་དོན་ནོ། །ཤིན་ཏུ་གསལ་ལུས་ཡང་དག་འཁྲུགས། །ཞེས་པ་


TNT08_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྱུར་གཞན་ལས། ཡན་ལག་གཟི་བརྗིད་ཀུན་ཁྱབ་མ་ཞེས་སྒྱུར་ཏེ། ལུས་ལ་སྣུམ་པའི་མདངས་ཀྱིས་ཁྱབ་པར་བྱེད་པའི་དོན་ནོ། །གསུམ་པ་ནི། སྔར་གྱི་ངག་གི་སྒོ་ལ་ནི། །མཁའ་འགྲོ་མ་ནི་རྣམ་པ་བཞི། །དེ་ཡི་མཚམས་ཀྱི་ཆར་གནས་པ། །གཞན་དག་དེ་བཞིན་ཡང་དག་གནས། །རྩ་ཡི་སྒོར་ནི་ཁྭ་གདོང་མ། །གཉིས་པ་དེ་བཞིན་འུག་གདོང་མ། །གསུམ་པ་ལ་ནི་ཁྱི་གདོང་མ། །བཞི་པ་ལ་ནི་ཕག་གདོང་མ། །གྲྭ་རུ་གཤིན་རྗེ་བརྟན་མ་དང༌། །དེ་བཞིན་གཤིན་རྗེ་ཕོ་ཉ་མོ། །དེ་མ་ཐག་ཏུ་འཇིགས་ཆེན་མ། །གཤིན་རྗེ་མཆེ་བ་གཙིགས་མར་བཤད། །གཤིན་རྗེ་འཇོམས་མ་འཇིགས་ཆེན་མོ། །ཡང་ནི་བཞི་པར་ཡང་དག་བཤད། །འདི་ལ་རྗེ་མར་དོལ་ལོ་ཙཱ་བ་ནི། ཚིགས་བཅད་དང་པོས་སྙིང་གའི་ནང་སྐོར་དང༌། ཕྱི་མ་རྐང་པ་བཅུས་བུ་ག་བརྒྱད་བསྟན་པར་བཞེད་ལ། མལ་གྱོའི་གསུང་སྒྲོས་མནའ་ཆེན་ལས། སྔ་ཕྱི་གཉིས་བསྟན་བཤད་དུ་སྦྱར་ནས། སྙིང་གའི་ཕྱི་སྐོར་འབའ་ཞིག་བསྟན་པར་འཆད་ན། འདིར་ཚིགས་བཅད་དང་པོས་སྙིང་གའི་ཕྱི་སྐོར་གསལ་བར་བསྟན་པ་མལ་ལུགས་ལྟར་འཐད་ལ། ཕྱི་མ་རྣམས་ཀྱིས་བུ་གའི་སྒོ་བརྒྱད་སྟོན་ཚུལ་མར་དོལ་ལྟར་འཐད་དོ། །མཁའ་འགྲོ་མ་བཞི་ནི་ཁྭ་གདོང་མ་ལ་སོགས་པའོ། །སྙིང་གའི་ནང་སྐོར་རྩ་བཞི་ལ་འབྱུང་བ་བཞི་རྟག་ཏུ་འབབ་ཀྱང་དེ་ལས་ཕྱི་རོལ་དུ་རྒྱུ་བའི་སྒོ་ནི་བཞི་པོ་དེའི་རྩཻ་ནས་སྐྱེས་པ། ཕྱི་སྐོར་གྱི་ཕྱོགས་བཞི་ཡིན་པས། དེ་དག་གསུང་གི་སྒོའོ། །དེའི་


TNT08_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ཆ་ནི། ཕྱི་སྐོར་དེའི་མཚམས་བཞིའི་རྩ་སྟེ་མཆོད་པའི་རྩ་བཞི་ལས་སྐྱེས་པའོ། །ཆའི་སྒོ་ཞེས་བྱ་བ་ནི། བརྒྱད་ཀར་གྱི་མཚན་ཉིད་སྟོན་པ་ཡིན་ཀྱང༌། རྩའི་སྒོ་དང་པོར་ཁྭ་གདོང་མ་ཞེས་སྦྱོར་དགོས་སོ། །དང་པོ་ཁའི་སྒོ་སྟེ། གཉིས་པ་ནི་ཆུ་ལམ་མོ། །དེ་བཞིན་དུ་གསུམ་པ་ནི་བཤང་ལམ། བཞི་པ་ནི་སྣ་སྒོ། གྲྭ་བཞི་ནི་གོ་བོའི་གྲྭ་བཞི་ན་གནས་པ་སྟེ། རྣ་བ་གཡས་གཡོན་དང༌། མིག་གཡས་གཡོན་ཏེ་བཞིའོ། །དེ་དག་གི་རྩ་ནི་ཁྭ་གདོང་མ་ལ་སོགས་པའི་མིང་གིས་བསྟན་ཞིང༌། སྙིང་གའི་ཕྱི་སྐོར་ནས་བུ་གའི་ཕྱི་མཐའི་བར་ནི། དམ་ཚིག་འཁོར་ལོའི་ལྷ་རྣམས་ནས་དུར་ཁྲོད་ཀྱི་བར་རྣམས་རྣམ་པར་དག་པ་ཡིན་ལ། ཕྱིའི་གནས་དང་སྦྱར་བ་ནི་དུར་ཁྲོད་ཆེན་པོ་བརྒྱད་དམ་བཅུ་དྲུག་སྟེ། བཅུ་དྲུག་ལ་ནི་སྒོ་མཚམས་བརྒྱད་དང་དུར་ཁྲོད་བརྒྱད་སོ་སོར་སྦྱར་རོ། །རྩ་བརྒྱད་པོ་དེ་དག་ལ་རྒྱུད་གཞན་ལས་ནི། གཞན་མཐུ་རྩེ་མོ་དང༌། མཐུ་སྐྱེད་མ་དང༌། རོའི་རྩེ་མོ་དང༌། རོ་ལུས་མ་དང༌། ནམ་མཁའ་མ་དང༌། ཆར་སྦྱིན་མ་དང༌། རུལ་མ་དང༌། རྟོགས་མ་ཞེས་བྱ་བར་བཤད་ཅིང༌། བོད་རྣམས་མིང་གཞན་དུའང་འདོད་དོ། །འདི་དག་སྔར་ཉི་ཤུ་རྩ་བཞིའི་ཁོངས་སུ་འདུས་སམ་སྙམ་ན། དཔེར་ན་དེ་བཱི་ཀོ་ཊའི་མིག་གི་དབང་པོ་ལ་གནས་པ་ཡིན་ལ། གཤིན་རྗེ་མཆེ་བ་མ་དང་འཇོམས་མའི་རྩ་ནི་མིག་གི་སྒོ་ལ་གནས་པའི་ཕྱིར་ཟློས་པ་མ་ཡིན་ཏེ། གཞན་རྣམས་ཀྱང་དེས་རིགས་


TNT08_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེའོ། །བཞི་པ་ནི། རྡོ་རྗེ་མཁའ་འགྲོ་མ་འདི་རྣམས། །རྩ་ཡི་ཚུལ་དུ་ཡང་དག་གནས། །ཐུགས་ཀྱི་རྡོ་རྗེ་རྣལ་འབྱོར་མ། །སུམ་ཅུ་རྩ་བདུན་དུ་ནི་བརྗོད། །འདི་དག་ཤེས་རབ་ཕ་རོལ་ཕྱིན། །ལུས་ལ་ཡང་དག་རྣམ་པར་གནས། །རྡོ་རྗེ་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་འདི་རྣམས། སེམས་ཅན་རྣམས་ཀྱི་ལུས་ལ་རྩ་རྣམས་ཀྱི་རང་བཞིན་ཆོས་ཉིད་དུ་གནས་པ་ཡིན་ལ། ཆོས་ཉིད་དེའི་རྣམ་འགྱུར་རམ། གློ་བུར་གྱི་དྲི་མ་གཡའ་ལྟ་བུ་ལས། རྩ་རླུང་ཐིག་ལེ་ཕལ་པ་རྣམས་ཤར་ནས་འཁོར་བའི་ཆོས་མཐའ་དག་སྐྱེད་པར་བྱེད་དོ། །ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་རྩ་དེའི་རྣམ་འགྱུར་ནི། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནོ། །ཆོས་ཉིད་ཡེ་ཤེས་ཀྱི་རྩ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སེམས་ཅན་རྣམས་ཀྱི་ལུས་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཡང་དག་པར་གནས་ཤིང༌། ཀུན་རྫོབ་ཀྱི་རྩ་ལ་གནད་དུ་བསྣུན་པས་དོན་དམ་པ་མངོན་དུ་འགྱུར་བ་ནི། བུར་ཤིང་བཅིར་བས་བུ་རམ་འབྱུང་བ་དང༌། ལོ་མ་མཐོང་སར་རྐོས་པ་ལས་རྩ་བ་ཐོབ་པ་བཞིན་ནོ། །སྐབས་འདིར་རྩ་སུམ་ཅུ་རྩ་བདུན་སྒྲོང་ཚུལ་ལ་མི་འདྲ་བ་ཅུང་ཟད་རྒྱ་བོད་གཉིས་ཆར་ན་ཡོད་ཀྱང༌། འོག་ཏུ་རྩ་སོ་བདུན་བྱང་ཕྱོགས་སོ་བདུན་གྱི་དག་པར་བཤད་ཅིང༌། བྱང་ཕྱོགས་དང་སྦྱོར་རྒྱུའི་རྩ་སོ་བདུན་པོ་དེ་ལྷ་སོ་བདུན་གྱི་མཚན་གྱིས་བསྟན་པའི་ཕྱིར། གཙོ་བོ་ཡབ་ཡུམ་གཉིས་མེད་ཀྱི་དབང་དུ་བྱས་ན། རྩའི་གཙོ་མོ་བཞི་དང་དཔྱིད་


TNT08_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྔ་པོ་གཅིག་ཏུ་སྒྲོང་པ་ཡིན་ལ། ཡབ་ཡུམ་ཐ་དད་དུ་བྱས་ན། གཙོ་མོ་བཞི་པོ་སྤྱི་ཁྱབ་ཏུ་བཏང་ནས། དཔྱིད་ཀྱི་རྩ་དང་སྙིང་གའི་སུམ་སྐོར་མ་ལ་སོགས་པ་བཞི་དང༌། རྩ་ཉི་ཤུ་རྩ་བཞི་དང༌། བུ་ག་བརྒྱད་ཀྱི་རྩའོ། །སྙིང་གའི་ཕྱི་སྐོར་གྱི་རྩ་འདབ་བརྒྱད་དང༌། བུ་ག་བརྒྱད་ཀྱི་རྩ་ནི་གང་བགྲངས་ཀྱང་འདྲ་སྟེ། རྩ་གཅིག་གི་རྩ་བ་དང་རྩའི་ཁྱད་པར་ཙམ་མ་གཏོགས་བྱ་བྱེད་དགོས་པ་སོགས་གཅིག་ཅིང༌། སྐབས་འདིར་དག་པ་ཐ་དད་དུ་ཡང་མ་མཛད་པས་སོ། །དེས་ན་སྐྱེད་པའི་རིམ་པར་ཡང༌། ལུས་ཀྱི་དཀྱིལ་འཁོར་ལ་སྒོ་མཚམས་མ་བརྒྱད་པོ་སྙིང་གའི་ཕྱི་སྐོར་རམ། བུ་ག་བརྒྱད་གང་ལ་བཀོད་ཀྱང་འདྲ་བ་ཡིན་ནོ། །སྔ་མ་འགའ་ཞིག་ལམ་སློངས་དང་ཡང་བཤད་པ་མི་མཐུན་ཏེ། མལ་གྱོའི་ཊིཀ་ཆུང་དང༌། དེ་ལུགས་ཀྱི་མནའ་ཆེན་ལས་རྩའི་གཙོ་མོ་གསུམ་དང༌། སུམ་སྐོར་མ་སོགས་ལྔ་སྒོ་མཚམས་མའི་རྩ་བཞག་པ་ནི་མི་ལེགས་པར་མཐོང་ངོ༌། །འཁོར་ལོ་གསུམ་ན་ས་བཅུའི་རང་བཞིན་དུ་བཤད་ན། དམ་ཚིག་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ་ཇི་ལྟ་བུ་ཞེ་ན། མཐུད་སྤྱོད་དང་ཉེ་བའི་འཐུང་སྤྱོད་དས་ལྷག་མ་གཉིས་སོ། །དེ་ཡང་དམ་ཚིག་འཁོར་ལོ་ནི་མཐུད་སྤྱོད་དང༌། བདེ་ཆེན་འཁོར་ལོ་ནི་ཉེ་བའི་མཐུད་སྤྱོད་དོ། །དེ་དག་གཞན་རྫོགས་པའི་རིམ་པའི་ས་ལམ་ལ་སྦྱོར་ཚུལ་ནི། རྩ་སོ་གཉིས་དང་དབུ་མའི་མདུད་པ་སོ་གཉིས་གནད་གཅིག་པའི་སྐབས་ཤིག་ཡོད་དེ། དེ་ཡང་ནོར་བུ་དང༌། རྡོ་རྗེ་དང༌། གསང་གནས་དང༌། ལྟེ་བ་དང༌།


TNT08_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོ་དང༌། གཙུག་ཏོར་ཏེ་དབུ་མས་དབུས་སུ་ཕུག་པའི་རྩ་འཁོར་ལོ་བརྒྱད་ཡོད་དོ། །དེ་ལ་དཔྲལ་བའི་འཁོར་ལོ་དང་སྤྱི་བོའི་འཁོར་ལོ་གཅིག་སྟེ་བདེ་ཆེན་འཁོར་ལོའོ། །དེ་དག་ལས་བུད་མེད་ལ་ནི་ནོར་བུའི་འཁོར་ལོའི་དོད་སྣ་རྩེའི་འཁོར་ལོ་དང༌། རྡོ་རྗེའི་འཁོར་ལོའི་དོད་ཟེའུ་འབྲུའི་འཁོར་ལོ་ཡིན་ནོ། །འཁོར་ལོ་དེ་རྣམས་ཀྱི་ལྟེ་བའི་ཡས་སྣ་དང་མས་སྣའི་ཐད་དུ། དབུ་མའི་ནང་སྨྱུག་མའི་ཚིགས་ལྟར་སྦུབས་འགགས་པས། དབུ་མའི་ཚིགས་བཅུ་དྲུག་ཡོད་ལ། ཚིགས་རེ་རེ་ཡང་གཡས་གཡོན་རོ་རྐྱང་དང་འབྲེལ་བའི་ཆ་ནས། རིམ་པ་གཉིས་གཉིས་ཡོད་དེ། ལྟེ་བ་སོགས་འོག་གི་གཞི་ལ་རོ་མ་དང་འབྲེལ་བ་འོག་དང་རྐྱང་མ་དང་འབྲེལ་བ་སྟེང་ངོ༌། །སྙིང་ག་ཡན་ཆད་བཞི་ལ་རོ་མའི་དེ་འོག་དང༌། རྐྱང་མའི་དེ་སྟེང་ངོ༌། །འདི་ནི་སྐྱེས་པའི་ལུས་ལ་སྟེ། བུད་མེད་ལ་ནི་འདི་དག་གི་བཟློག་པའོ། །དང་པོར་ཡེ་ཤེས་ཀྱི་རིམ་པའི་སྐབས། བུ་ག་བརྒྱད་ཀྱི་རྩ་རྣམས་རིམ་པས། བྱང་ཆུབ་ཀྱི་སེམས་ཀྱིས་ཅི་རིགས་པ་གང་བའི་མགོ་རྩམས་པས། བདེ་བ་ཁྱད་པར་ཅན་སྐྱེ་བར་འགྱུར་ཞིང༌། གསང་རིམ་གྱི་ཐོག་མར་དེ་ལྟ་བུས་རྐྱེན་བྱས་ནས། སུམ་སྐོར་མ་སོགས་སྙིང་གའི་ནང་སྐོར་གྱི་རྩ་བཞི་པོ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དང༌། ནོར་བུའི་རྩ་མདུད་བཞི་པོ་གྲོལ་ནས། བྱང་ཆུབ་སེམས་གཉིས་ཀྱིས་གང་བ་དུས་མཉམ་སྟེ། མཐུང་སྤྱོད་དང༌། མོས་པས་སྤྱོད་པའི་ས་སྟེ་ས་ཐོག་མའོ། །


TNT08_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་རྩ་བཞི་དང་ནོར་བུའི་རྩ་བཞི་ཡན་ལག་འབྲེལ་ཞིང་ཁམས་འགྲོ་འོང་གི་གནད་གཅིག་པ་ཡིན་ལ། རྒྱུད་གཞན་ལས་གཉིས་ཀར་ཐུགས་དང་གཉིད་མཐུག་པོའི་གནས་སུ་འདྲ་བར་གསུངས་པ་ཡང་འདི་ལ་དགོངས་པ་མངོན་ནོ། །དེ་བཞིན་དུ་རྡོ་རྗེའི་སྐེད་པའི་རྩ་མདུད་བཞི་གྲོལ་བ་དང༌། མི་ཕྱེད་མ་སོགས་སྦྱར་ཏེ་གནས་དང༌། གསང་གནས་ཀྱི་བཞི་དང་ཐུང་ངུ་མ་སོགས་སྦྱར་ཏེ་ཉེ་གནས་དང༌། ལྟེ་བའི་བཞི་དང་སྐྱོན་མ་སོགས་སྦྱར་ཏེ། ཞིང་དང་ཉེ་ཞིང་དང༌། སྙིང་གའི་བཞི་དང་བསིལ་སྦྱིན་མ་སོགས་སྦྱར་ཏེ། ཚནྡྷོ་ཉེ་བའི་ཚནྡྷོ་དང༌། མགྲིན་པའི་བཞི་དང་ཤིན་ཏུ་གཟུགས་ཅན་མ་སོགས་སྦྱར་ཏེ། འདུ་བ་ཉེ་འདུ་དང༌། དཔྲལ་བའི་བཞི་དང༌། སྡུག་གུ་མ་སོགས་སྦྱར་ཏེ་དུར་ཁྲོད་ཉེ་བའི་དུར་ཁྲོད་དང༌། གཙུག་ཏོར་གྱི་རྩ་མདུད་བཞི་གྲོལ་ཞིང་ཐིག་ལེས་བརྟན་པ་དང༌། རྩའི་གཙོ་མོ་བཞི་ཐིག་ལེས་གང་ཞིང༌། སྙིང་གའི་ཕྱི་སྐོར་གྱི་རྩ་དང་བུ་ག་བརྒྱད་ཀྱི་རྩ་ཡང་རིམ་གྱིས་ཐིག་ལེས་གང་བ་ལས་སྐབས་འདིར་མཐར་ཐུག་པ་ནི། ཉེ་བའི་མཐུད་སྤྱོད་དང༌། ས་བཅུ་གཉིས་པ་དེ་བཞིན་གཤེགས་པའི་མིང་ཅན་དུ་བཞག་གོ །འདིར་ནི་སེམས་འགྲེལ་རྣམས་ལས་འཁོར་ལོ་དྲུག་ལ་ས་བཅུ་གཉིས་འཇོག་ཚུལ་དང་ཅུང་ཟད་ཙམ་མི་འདྲ་བར་བྱུང་ཡང༌། བཤད་ཚུལ་ཕྲན་ཚེགས་མི་འདྲ་བ་ལས་གཞན་གནད་གཅིག་པར་མངོན་ལ། ལུགས་དེ་ལ་ནོར་བུ་དང་རྡོ་རྗེའི་འཁོར་ལོ་གཅིག་ཏུ་སྡོམས་ལ། མཐུད་སྤྱོད་ཉེ་མཐུད་གཉིས་གཙུག་ཏོར་ལ་དབྱེ་


TNT08_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེའི་ལུགས་ལྟར་ན། མོས་པའི་ས་གནས་ལ་སོགས་པ་བཅུ་གཉིས་ལ་མི་སྒྲོང་ངོ༌། །རྩ་རླུང་དངོས་ཀྱི་ས་བཅུ་གཉིས་འདི་ལ་རྒྱུད་འདིའི་ཕྱོགས་ལས་ཡོན་ཏན་གྱི་ཁྱད་པར་དམིགས་བསལ་གསུངས་པ་མ་མཐོང་ཡང༌། དཔལ་དུས་ཀྱི་འཁོར་ལོར་གསུངས་པ་བཞིན་དུ་སྦྱར་བར་བྱ་ལ། འཕགས་ལམ་གྱི་སའི་ཡོན་ཏན་ནི། འཕགས་པ་ས་བཅུ་པ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་ན་གསང་རིམ་གྱི་ས་བཅུ་གཉིས་དང༌། འཕགས་པའི་ལམ་ས་བཅུ་གཉིས་ཀྱི་ཁྱད་པར་ནི། ཐ་མལ་གྱི་ལུས་ངག་ཡིད་གསུམ་ཁམས་གསུམ་དུ་གཏོགས་པའི་འགྲོ་བའི་ཆོས་ཀྱི་ཆ་རྣམས་རིམ་པས་དག་ནས། རྣམ་པར་ཤེས་པ་ཙམ་གྱི་ལུས་ངག་ཡིད་གསུམ་དུ་གྱུར་པ་ནི་གསང་རིམ་གྱི་ས་བཅུ་གཉིས་ཡིན་ལ། རྣམ་པར་ཤེས་པ་དེ་ཡང་ཁམས་གསུམ་འཁོར་བ་དངོས་ལས་འདས་ཤིང༌། ཁམས་གསུམ་གྱི་བག་ཆགས་དང་བཅས་པ། ལམ་དུས་ཀྱི་བདེ་བ་ཆེན་པོ་དང༌། དམ་པའི་ཆོས་ཀྱི་སྒྲ་དབྱངས་ཐམས་ཅད་པ་དང༌། དག་སྣང་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་ཅན་ཏེ། འདི་ཡང་དག་ཀུན་རྫོབ་དང༌། ཤིན་ཏུ་དཔྱད་པའི་དོན། འཁོར་བའི་ཆོས་སུ་གཏོགས་པས་མཐར་ཐུག་སྤང་བྱ་ཡིན་ཡང་གནས་སྐབས་སུ་མ་དག་འཁོར་བའི་ཆོས་སྤོང་བར་ནུས་པ་དང༌། ལམ་གྱི་ཡེ་ཤེས་སུ་གཏོགས་པའི་ཕྱིར་ཡེ་ཤེས་ཀྱི་སྐུ་དང་འོད་གསལ་བའི་རླུང་ལ་སོགས་པའི་ཐ་སྙད་འཇུག་ཅིང༌། ཀུན་རྫོབ་ཁམས་གསུམ་ལ་


TNT08_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས། འདི་ལ་དོན་དམ་དང་མྱང་འདས་ལ་སོགས་པའི་ཐ་སྙད་ཀྱང་འཇོག་གོ །འཕགས་པའི་ས་བཅུ་གཉིས་ནི་ཇི་སྐད་བསྟན་པའི་རྣམ་པར་ཤེས་པའི་རང་བཞིན་གྱི་ལུས་ངག་ཡིད་གསུམ་ཆོས་ཉིད་དོན་དམ་དབྱིངས་ཀྱི་སྐུ་གསུང་ཐུགས་ཀྱི་དབྱིངས་སུ་རིམ་པས་དག་པའི་ཡེ་ཤེས་དོན་དམ་པའི་ངོ་བོས་བསྡུས་པ་སྟེ། དེ་ལ་གསང་རིམ་གྱི་ས་བཅུ་རང་རྒྱུད་ཀྱིས་བསྡུས་པའི་འཁོར་བའི་ཆོས་རང་གི་སྣང་ངོར་ཡང་ཡོད་ཅིང་མ་སྤངས་ལ། རྣམ་པར་ཤེས་པའི་ལུས་སྔར་མངོན་དུ་མ་གྱུར་པ་གསར་དུ་མཐོང་ཞིང༌། ཆོས་ཉིད་ཀྱི་ལུས་དངོས་སུ་མ་མཐོང་ཡང༌། ཉམས་མྱོང་གི་སྒོ་ནས་མཚོན་ནུས་པ་ཡིན་པ་དང༌། འཕགས་ལམ་གྱི་ས་བཅུར་ནི་སྤྱིར་མ་དག་འཁོར་བའི་སྣང་བ་མཐའ་དག་སྤངས་པ་མ་ཡིན་ཀྱང༌། རང་རྒྱུད་ཀྱིས་བསྡུས་པའི་འཁོར་བའི་ཆོས་སྤངས་ཤིང་རང་རྒྱུད་ལ་སྣང་བ་མེད་ལ་རྣམ་པར་ཤེས་པའི་ལུས་ཀྱི་སྣང་བ་མ་འགགས་པར་ཡང་གནས་ལ་ཆོས་ཉིད་ཀྱི་ལུས་མངོན་སུམ་དུ་མཐོང་བའང་ཡིན་ནོ། །འོ་ན། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཞེས་བྱ། །ཞེས་རྣམ་པར་ཤེས་པ་དང་ཡེ་ཤེས་དུས་གཅིག་ཏུ་སྣང་བ་མེད་པ་མ་ཡིན་ནམ་སྙམ་ན་གང་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་ནས་རྣམ་ཤེས་ཀྱི་སྣང་བ་འགྲིབ་པ་འགོ་བརྩམས། ཡེ་ཤེས་ཇེ་གསལ་དང་རྣམ་ཤེས་ཀྱི་སྣང་བ་ཇེ་ཆུང་དུ་འགྱུར་ཞིང༌། མཐར་ཡེ་ཤེས་ཀྱི་སྣང་བ་རྫོགས་པ་དང་རྣམ་ཤེས་ཀྱི་སྣང་བ་གཏན་ནས་ཟད་པ་དུས་མཉམ་སྟེ། རྣམ་ཤེས་ཀྱི་སྣང་བ་ཅུང་ཟད་ཀྱང་མ་


TNT08_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་ལ་ཡེ་ཤེས་གཏན་ནས་མི་སྣང་ཞིང༌། ཡེ་ཤེས་ཅུང་ཟད་སྣང་བ་དང་རྣམ་ཤེས་ཅུང་ཟད་ཟད་པ་གཉིས་དུས་མཉམ། རྣམ་ཤེས་ཀྱི་སྣང་བ་གཏན་ནས་ཟད་པ་དང༌། ཡེ་ཤེས་ཡོངས་སུ་རྫོགས་པ་དུས་མཉམ་པར་འགྱུར་བའི་དོན་ནོ། །རྒྱུ་མཚན་དེའི་ཕྱིར་ས་བཅུ་གཉིས་ཚན་གཉིས་པོ་དེ་ལ་རང་གཞན་གྱི་དོན་སྒྲུབ་པའི་ཡོན་ཏན་རི་རབ་དང་ཡུངས་དཀར་ཙམ་དུ་ཁྱད་པར་ཆེ་མོད་ཀྱང༌། བསྒྲོང་ལུགས་ཀྱི་བཀོད་པ་འདྲ་བའི་ཕྱིར། རྒྱུད་སྡེ་རྣམས་ནས་རྣམ་གཞག་ཕྱོགས་གཅིག་ཏུ་བསྟན་པ་ཤས་ཆེ་ཞིང༌། དེ་ཡང་ལམ་གྱི་སྐབས་འདིར་ས་བཅུ་གཉིས་འོག་མའི་རྣམ་གཞག་གཙོ་བོར་བསྟན་ཏེ། སློབ་དཔོན་གྱི་ངག་གིས་འདོམས་དགོས་པ་དང༌། བླང་དོར་གྱི་གནས་བསྟན་བཅོས་ལས་ཤེས་དགོས་པ་དང༌། དབང་པོ་རྣོན་པོ་ཡིན་ན་དང་པོའི་ལས་ཅན་རྣམས་ཀྱིས་ཀྱང༌། མཐོང་བའི་ཆོས་འདི་ཉིད་ལ་འགྲུབ་པའི། ཉེ་འཁོར་གཟིགས་པའི་རྒྱུ་མཚན་གྱིས་སོ། །འཕགས་པའི་ས་རྣམས་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་གདམས་ངག་རྒྱ་ཆེན་པོ་འབད་རྩོལ་མེད་པར་རྒྱུན་མི་འཆད་དུ་ཐོབ་པ་དང༌། བླང་དོར་རང་སྟོབས་སུ་ཤེས་ནས་ངང་གིས་འཇུག་པའི་ཕྱིར་དང༌། སྤྱོད་པ་མཐའ་དག་བཤད་ཀྱིས་མི་ལང་བའི་ཕྱིར་དང༌། རྣམ་གཞག་མང་པོ་ཞིག་མདོ་སྡེ་རྣམས་ལས་ཀྱང་ཐུན་མོང་དུ་བསྟན་པའི་ཕྱིར་དང༌། རྣམ་པར་སྨིན་པའི་ལུས་ཡེ་ཤེས་ཀྱི་སྐུར་གནས་གྱུར་ཟིན་པའི་འཕྲིན་ལས་ཡིན་པའི་ཕྱིར། འབྲས་བུའི་ཕྱོགས་སུ་གཏོགས་པར་ཡང་དགོངས་པའོ། །ལེའུའི་མཚན་


TNT08_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས། དེ་བཞིན་གཤེགས་པའི་སྐུར་གནས་པའི་རྩ་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་རྣམ་པར་གཞག་པ་བཤད་པ་རྒྱས་པར་བསྟན་པ་སྟེ་དྲུག་པའོ། །སུམ་ཅུ་རྩ་བདུན་ནི་ཁམས་འཕེལ་འགྲིབ་བྱེད་པའི་དོན་གྱི་རྩའི་གཙོ་བོར་བཞག་པ་སྟེ། འཁོར་ལོ་བཞིའི་རྩ་རྣམས་ནི་རྗེས་སུ་འབྲང་བའོ། །འཁོར་ལོ་ཞེས་བྱ་བ་ལ་རླུང་དང་ཐིག་ལེ་རྩ་རྣམས་སུ་རེ་མོས་ཀྱི་འཁོར་བའི་ཕྱིར་འཁོར་ལོའོ།། །།ད་ནི་ལེའུ་བདུན་པ་བཤད་པར་བྱ་སྟེ། ལེའུ་འདིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྟོན་པས། ལམ་གྱི་གསང་བ་གཙོ་ཆེ་ལ། གཞིའི་ཆོས་ཉིད་ཀྱང་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་གནས་ཤིང༌། འབྲས་དུས་ཀྱང་བྱང་ཕྱོགས་སོ་བདུན་དུ་བཞུགས་པས་གཞི་དག་འབྲས་བུའི་གསང་བ་ཡང༌། རྣམ་གྲངས་ཀྱི་ཚུལ་གྱིས་གསལ་བར་བསྟན་པ་ཡིན་ཏེ། མཁའ་འགྲོ་མ་ལ་སོགས་པའི་མིང་གིས་གཞི་དུས་ཀྱི་རྩ་དང་འབྲས་དུས་ཀྱི་དཀྱིལ་འཁོར་གཉིས་ཀར་བསྟན་ལ། དེ་ཉིད་ཆོས་དབྱིངས་ཀྱི་རབ་ཏུ་ཕྱེ་བས་ཆོས་སུམ་ཅུ་རྩ་བདུན་དུ་བསྟན་པའི་ཕྱིར་རོ། །དེ་ལ་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུ་ཡི་རྩའི་ཚོགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པ་བརྗོད་པར་བྱའོ། །ཞེས་གསུངས་ཏེ། སྔར་རྩ་སུམ་ཅུ་རྩ་བདུན་བཤད་ན། དེའི་དག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བརྗོད་པར་བྱའོ། །ཞེས་ལེའུའི་འབྲེལ་གྱི་ཚུལ་གྱིས་གསུངས་ལ། འོན་ཀྱང་ལྷ་དང་རྩ་རྣམས་བྱང་ཕྱོགས་


TNT08_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱར་བ་ན། རྩ་དེ་དང་དེ་དག་པ་ལས་བྱང་ཕྱོགས་ཀྱི་ལམ་དེ་དང་དེ་རྒྱུད་ལ་སྐྱེ་ཞིང༌། ལྷ་དེ་དང་དེའི་གོ་འཕང་ཐོབ་པར་འགྱུར་བའམ། དེ་དང་དེའི་དངོས་གྲུབ་འགྲུབ་པར་བསྟན་པ་ནི། གནད་དོན་གྱི་གཙོ་བོའོ། །གཞུང་དངོས་བཤད་པ་ནི། རྩ་བའི་རྒྱུད་ལས། རྣམ་དབྱེ་རང་དགར་སྔགས་པས་ནི། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཚར་གཅོད་པ་དང་ཕན་འདོགས་ཕྱིར། །ལས་ཀྱི་དངོས་པོ་རྣམ་པར་སྒོམ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ། །ཞེས་དང༌། ཇི་སྲིད་མ་ལུས་ཐམས་ཅད་ཀྱང༌། །རྣལ་འབྱོར་ཡེ་ཤེས་ལམ་ཞེ་ན། །དེ་སྲིད་འཁོར་བར་འཁོར་འགྱུར་ཞིང༌། །མྱ་ངན་སྡུག་བསྔལ་གྱིས་གཡེངས་འགྱུར། །དངོས་པོ་ཀུན་གྱིས་སྒྲུབ་པ་པོས། །དེ་ནས་ཕྱག་རྒྱ་མཆོད་པར་བྱ། །ཞེས་གསུངས་པའི་དོན་བཤད་པའི་རྒྱུད་ལ་བརྟེན་ནས་འཆད་པར་བཞེད་པའོ། །དེ་ལྟར་ཡང༌། སྙིང་པོ་བསྡུས་པ་ལས། ཤིན་ཏུ་རྣམ་པར་འབྱེད་པའི་ཕྱིར། །རྣམ་པར་དབྱེ་བ་དྲན་པ་བཞི། །བདག་ཏུ་ཕྱིན་ཅི་ལོག་པ་ལ། །ངེས་པར་སྦྱར་བ་ཡིན་པར་བཤད། །མི་དགེའི་ཆོས་ནི་ཚར་གཅོད་ཅིང༌། །གང་ཞིག་ཕན་འདོག་བརྩོན་པ་ནི། །དགེ་བ་ལ་སྟཻ་ཡང་དག་སྤོང༌། །དེ་ནི་རྣམ་པ་བཞི་རུ་བརྗོད། །གཞན་རྣམས་གང་དག་བྱང་ཆུབ་ཕྱོགས། །དེ་དག་རྣམས་ལས་དབྱེ་བ་སྟེ། །སུམ་ཅུ་བདུན་པའི་རྩ་རྣམས་ནི། །མཆོག་གི་ལམ་དུ་སྦྱར་བར་བྱ། །རནྜ་ཀ་གནས་ནས་སོང་སྟེ། །ཚངས་པའི་གནས་


TNT08_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུག་གི་བར། །བྱང་ཆུབ་སེམས་ཀྱིས་གང་བ་སྟེ།།འདི་ཉིད་ཕྱག་རྒྱའི་མཆོད་པ་ཡིན། །རྣལ་འབྱོར་ཡེ་ཤེས་བླ་མེད་པ། །མ་ཞེན་འཁོར་བར་འཕྱན་པ་ཉིད། །ཅེས་གསུངས་པ་ལྟར་རོ། །གཞུང་དངོས་ནི། ལུས་དྲན་པ་ཉེ་བར་བཞག་པ་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ལཱ་མའོ། །ཆོས་དྲན་པ་ཉེ་བར་བཞག་པ་དུམ་སྐྱེས་མའོ། །སེམས་དྲན་པ་ཉེར་བར་བཞག་པ་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་རབ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་གཏུམ་མིག་མའོ། །སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་སྣ་ཆེན་མའོ། །དད་པའི་དབང་པོ་དཔའ་བོའི་བློ་གྲོས་མའོ། །བརྩོན་འགྲུས་ཀྱི་དབང་པོ་མིའུ་ཐུང་མའོ། །དྲན་པའི་དབང་པོ་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ས་སྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་མའོ།། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ།། ཏིང་ངེ་འཛིན་གྱི་སྟོབས་ནི་ལྗང་ལྷ་མོའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མཁའ་འགྲོ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་


TNT08_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་མའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་ཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་རྩོམ་ཆེན་མའོ། །ཡང་དག་པའི་ལས་ཀྱི་མཐའ་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པ་ཡ་མ་དཱ་ཏིའོ། །དགེ་བའི་ཆོས་སྐྱེས་པ་རྣམས་སྲུང་བ་ཡ་མ་དཱུ་ཏཱིའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ཡ་མ་དཾཥྟི་ཎཱིའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་ཡ་མ་མ་ཐ་ནཱིའོ་ཞེས་གསུངས་ཏེ། མཁའ་འགྲོ་མ་ལ་སོགས་པའི་མཚན་བསྟན་པ་ནི། སྐྱེད་རིམ་གྱི་ལྷའི་དག་པར་ཡང་ཅུང་ཟད་འདྲེན་མོད་ཀྱི། འབྲས་བུའི་ལྷ་མངོན་དུ་འགྱུར་ཚུལ་ཡང་བསྟན་ཞིང༌། དོན་གྱི་གཙོ་བོ་ནི་བཤད་པར་དམ་བཅའ་དང་ལེའུའི་མཚན་ཀྱི་སྐབས་ནས་འབྱུང་བ་ལྟར་མཁའ་འགྲོ་མ་ནི་སྙིང་གའི་ནང་སྐོར་ལས། ཤར་གྱི་འདབ་མའི་རྩའི་མིང་ཡིན་པ་བཞིན་དུ། གཤིན་རྗེ་འཇོམས་མ་ཞེས་པ་ཡང༌། མིག་གཡོན་ལ་གནས་པའི་རྩའི་མིང་ཡིན་པའི་བར་དུ་ཐམས་ཅད་ལ་སྦྱར་ནས། ལམ་གྱི་གནས་སྐབས་


TNT08_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྩ་དེ་དང་དེ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་གང་སྟེ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར་བ་ནི། བྱང་ཕྱོགས་དེ་དང་དེ་ཡིན་ཏེ། དེ་རྣམས་ལ་སོ་སོའི་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱང་ཚང་བར་འཆར་ལ། གཞི་འཁོར་བའི་གནས་སྐབས་སུ་རྩ་དེ་དང་དེའི་ཆོས་དབྱིངས་བྱང་ཕྱོགས་དེ་དག་གི་ངོ་བོར་གནས་ཤིང༌། ཐ་མལ་གྱི་རྩ་ལ་སོགས་པ་ཀུན་རྫོབ་འཁོར་བའི་ཆོས་གློ་བུར་བ་རྣམས་རྣམ་པར་དག་པ་ན། བྱང་ཕྱོགས་གང་དང་གང་ཡིན་པ་དེ་རྣམས་ལྷ་སུམ་ཅུ་རྩ་བདུན་དེ་དང་དེ་ཡིན་ནོ། །ཚིག་དོན་གཞན་རྣམས་ནི་རྟོགས་པར་སླ་བས། སྐབས་འདིར་བྱང་ཕྱོགས་ཀྱི་མངོན་པར་རྟོགས་པ་མདོ་ཙམ་བཤད་པར་བྱའོ། །དེ་ལ་བྱང་ཕྱོགས་ཀྱི་རྣམ་གྲངས་ནི་རྣམ་པ་བཞི་ཡོད་ན། དེ་ཡང་ཐོག་མར་དབྱེ་ན་གཉིས་ཏེ། མདོ་རྒྱུད་གཉིས་ཀར་ནས་གསུངས་པ་ཐུན་མོང་བའི་ཕྱོགས་དང༌། སྔགས་ཁོ་ན་ནས་གསུངས་པ་ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ། །དང་པོ་ལ་ཡང་གཞི་ལམ་འབྲས་གསུམ་གྱི་དབྱེ་བ་ཡོད་མོད་ཀྱང༌། མཚན་ཉིད་རིགས་མི་མཐུན་པའི་དབྱེ་བ་མེད་པས་གཅིག་ཏུ་བྱ་ལ། གཉིས་པ་ལ་འཇིག་རྟེན་པའི་ལམ་གྱི་བྱང་ཕྱོགས་སོ་བདུན་དང༌། ལམ་དངོས་འཇིག་རྟེན་ལས་འདས་པའི་བྱང་ཕྱོགས་སོ་བདུན་དང༌། ལམ་ལྔ་དང་ཕྲུགས་གཅིག་ཏུ་སྦྱར་བའི་བྱང་ཕྱོགས་སོ་བདུན་ནོ། །དེ་ལ་ཐུན་མོང་གི་བྱང་ཕྱོགས་སོ་བདུན་ནི། རྒྱས་པར་གཞན་དུ་ཤེས་པར་བྱ་ལ།


TNT08_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མདོ་ཙམ་བཤད་ན། ལུས་ནི་འབྱུང་བ་དང་འབྱུང་འགྱུར་གྱི་ཚོགས་ནང་གི་སྐྱེ་མཆེད་ལྔས་བསྡུས་པ་རྣམས་དང༌། ཚོར་བ་ནི་བདེ་སྡུག་བཏང་སྙོམས་དང༌། ཆོས་ནི་ཡང་དག་པའི་མཐའ་དང༌། སེམས་ནི་རྣམ་ཤེས་ཚོགས་བརྒྱད་དེ། དེ་རྣམས་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བྱེད་པོ་མེད་པས་རྒྱུ་རྐྱེན་ཙམ་ལས་འབྱུང་བ་དང༌། ང་བདག་མེད་དེ་ཕུངཔོའི་ཚོགས་པ་དང་བློས་བཏགས་པའི་ཡུལ་ཙམ་དུ་ཤེས་པ་དང༌། མི་རྟག་པ་སོགས་ཀྱང་སེམས་ཀྱི་སོ་སོར་སྣང་བ་ཙམ་ལས། གནས་ལུགས་ལ་གྲུབ་པ་མེད་པ་སྒྱུ་མ་ལྟ་བུར་ཤེས་ཤིང༌། དེ་ལ་དྲན་པས་མཉམ་པར་འཇོག་པའོ། །ཡང་དག་སྤོང་བ་བཞི་ལ། མི་དགེ་བའི་ཆོས་ནི་ལུས་ངག་གི་མི་དགེ་བའི་ལས་དང༌། ཀུན་ནས་སློང་བྱེད་ཀྱི་མི་དགེ་བ་འདོད་ཆགས་ཞེ་སྡང་ལ་སོགས་པ་དང༌། དགེ་བ་དང་འགལ་པའི་ཆོས་ལེ་ལོ་དང་མ་དད་པ་ལ་སོགས་པའོ། །དགེ་བའི་ཆོས་ནི་དད་པ་དང་བག་ཡོད་པ་དང༌། སྙིང་རྗེ་ལ་སོགས་པ་དང༌། དེས་ཀུན་ནས་སླངས་པའི་ལུས་ངག་གི་ལས་དགེ་བ་རྣམས་སོ། །སྐྱེས་པ་སྤོང་བ་ནི། རྒྱུད་ལ་སྐྱེས་ཀྱང་སྐད་ཅིག་གཉིས་པ་ན་བསྡམས་ཏེ་ཡིད་ཀྱི་དེ་རྒྱུན་བཅད་ཅིང༌། ལུས་ངག་གི་སྒོ་བཅད་པའོ། །མ་སྐྱེས་པ་མི་བསྐྱེད་པ་ནི། མངོན་འགྱུར་བ་མ་སྐྱེས་པའི་སྐབས་སུ་དེའི་གཉེན་པོའི་ཕྱོགས་ལ་བརྟེན་པས། དང་པོ་ནས་སྐྱེ་རུ་མི་འཇུག་པའོ། །གཉེན་པོ་ཡང་


TNT08_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་ལ་སོགས་པ་སྟེ། དེ་དག་ལ་བརྟེན་ནས་བསྡམ་པར་བྱ་ཞིང༌། དང་དུ་མི་བླང་བ་བས་སྔར་སྐྱེས་རྣམས་སྤོང་ཞིང༌། ཀུན་ཏུ་མི་སྤྱད་པ་དང༌། མངོན་སུམ་དུ་མི་བྱ་བའི་སྒོ་ནས་ཕྱིན་ཆད་སྡོམ་པའོ། །མ་སྐྱེས་པ་བསྐྱེད་པ་ན། འདུན་བརྩོན་དང་ལྡན་པས་སྒོམས་ཏེ་ཐོབ་པར་བྱེད་པ་ཡིན་ལ། སྐྱེས་པ་བསྲུང་བ་ནི། དྲན་ཤེས་བཞིན་དང་ལྡན་པས། དགེ་བའི་ཆོས་དེའི་མཐུན་ཕྱོགས་བསྟེན་མི་མཐུན་ཕྱོགས་སྤོངས། བག་ཡོད་པས་བཟབས་ཏེ་སྔར་ཐོབ་པ་རྣམས་མི་ཉམས་ཤིང་སྤེལ་བའི་སྒོ་ནས་བསྲུང་བའོ། །མདོར་ན་དམིགས་ཡུལ་དྲན་པར་ཉེར་བཞག་དང་འདྲ་ལ། ཉོན་མོངས་པ་ལས་སེམས་སྲུངས་ནས། དགེ་བའི་ཆོས་འབད་རྩོལ་གྱིས་སྒྲུབ་པར་བྱེད་པའི་བརྩོན་འགྲུས་སོ། །རྫུ་འཕྲུལ་གྱི་རྐང་པ་ཞེས་པ་ལ། རྫུ་འཕྲུལ་ནི་རྫུ་འཕྲུལ་གྱི་མངོན་ཤེས་ཁོ་ན་ལ་མི་བཟུང་སྟེ། རིདྡྷི་ཞེས་བྱ་བའི་སྒྲ་ལས་དྲངས་ན། འབྱོར་པ་དང་ཕུན་སུམ་ཚོགས་པ་ལ་ཡང་འཇུག་པས། མཉམ་བཞག་གི་སྟོབས་ལས་འགྲུབ་པའི་ངོ་མཚར་བའི་ཆོས་མཐའ་དག་ལ་འཇུག་གོ །ཡན་ལག་ནི་སྒྱུའི་དོན་ཏེ དེ་ཐོབ་བྱེད་ཀྱི་ཐབས་དང་ཕོ་ཉ་ལྟ་བུ་ཡིན་པས་རྐང་པ་ཞེས་བྱ་བ་ནི། འདི་ལྟར་གང་ལ་རྐང་པ་ཡོད་པ་དེས་འགྲོ་ལྡོག་དང་ཕ་རོལ་གནོན་པར་ནུས་པར་བཞིན་ནོ། །དམིགས་པའི་ཡུལ་སྔར་བཞིན་ལས། ཏིང་ངེ་འཛིན་ཐོབ་འདོད་ཀྱི་འདུན་པ་དང༌། རྣམ་གཡེངས་ཀྱི་གོ་མི་འབྱེད་པའི་བརྩོན་འགྲུས་དང༌། རང་ཉིད་ལ་རྟོག་


TNT08_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཤེས་བཞིན་དང་ལྡན་པའི་སྤྱོད་པ་དང༌། དམིགས་པའི་ཡུལ་ལ་གནས་པའི་ཞི་གནས་སེམས་ལ་དབང་སྒྱུར་བ་ནི་སེམས་ཏེ། འདུན་སོགས་གསུམ་ཡང་རྣམ་གཡེང་དང་འབྲེལ་བ་མ་ཡིན་པར། དམིགས་པ་ལ་རྩེ་གཅིག་པར་མཉམ་པར་འཇོག་པ་དང་སྦྲེལ་ཏེ་སྒོམ་པ་ཡིན་ལ། སྡེ་ཚན་སྔ་མ་གཉིས་ཀྱང་འདི་ལ་ཚང་བར་བྱས་ཏེ་སྒོམ་མོ། །དབང་པོ་ལྔ་ལ་འདུན་པའི་ཡུལ་ནི་བདེན་པ་བཞི་དང༌། དཀོན་མཆོག་གསུམ་དང་ལས་དང་འབྲས་བུ་ལ་སེམས་དང་བའོ། །དང་བས་དད་པའི་ཆོས་དགེ་བ་རྣམས་ལ་སྤྲོ་ཞིང་བརྩོན་པ་ནི་བརྩོན་འགྲུས་དང༌། དེས་བསྐྱེད་པའི་དོན་མི་བརྗེད་པར་འཛིན་པ་དྲན་པ་དང༌། དེས་མ་ཉམས་པའི་ཆོས་སྔོན་དུ་བྱེད་པ་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱས་པའི་ཆོས་ཀྱི་རང་བཞིན་ཤེས་པ་ནི་ཤེས་རབ་སྟེ་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་ལ་དབང་བྱེད་པའི་ཕྱིར་དབང་པོའོ། །དད་སོགས་ལྔ་པོ་སྔོན་ཉིད་ནས་ཡོད་ཀྱང༌། དམིགས་པ་ལ་དབང་འབྱོར་ཞིང༌། བརྟན་པོར་གྱུར་པ་ལ་དབང་པོ་ཞེས་བྱ་ལ། དེ་རྣམས་ཉིད་མ་དད་པ་སོགས་མི་མཐུན་ཕྱོགས་ཀྱི་ཚུར་མི་འཇོམས་ཤིང༌། ཕར་སྤོང་བའི་ནུས་པ་སྔར་ལས་ཕུལ་དུ་བྱུང་བར་གྱུར་པ་ནི་སྟོབས་ལྔའོ། །བྱང་ཆུབ་ཡན་ལག་བདུན་ལ། བྱང་ཆུབ་ནི་གཉིས་སུ་མེད་པའི་ཡེ་ཤེས་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ལ་དེའི་རྒྱུ་ཡིན་པའི་ཕྱིར་ཡན་ལག་གོ །ཡང་དག་པའི་བྱང་ཆུབ་དེ་དང༌། གཞན་


TNT08_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པའི་དོན་དང༌། སྨོན་ལམ་དང་ཐོས་པ་དང༌། རྟོགས་པ་ལ་རྗེད་ངེས་མེད་པ་ནི་དྲན་པ་དང༌། བདག་མེད་གཉིས་དང༌། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད། མ་འཁྲུལ་པར་ཤེས་པ་རྣམས་འབྱེད་དང༌། འབད་རྩོལ་མེད་པར་ཆོས་ཉིད་དང་རོ་གཅིག་པ་ཤིན་ཏུ་སྦྱངས་པ་དང༌། ཕན་པ་དང་བདེ་བའི་རྒྱུ་ལ་ཚད་མེད་པའི་དགའ་བ་དང༌། དེ་བཞིན་ཉིད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། སོ་སོ་སྐྱེ་བོའི་ས་ལས་ངེས་པར་འབྱུང་བའི་བརྩོན་འགྲུས་དང༌། ལུས་ངག་ཡིད་ཀྱི་འདུ་བྱེད་ལ་བལྟོས་པ་མེད་པའི་བཏང་སྙོམས་སོ། །རྣམ་འབྱེད་བརྩོན་འགྲུས་དགའ་བ་གསུམ་པོ་ལྷག་མཐོང་གི་ཕྱོགས་དང༌། ཤིན་སྦྱངས་ཏིང་ངེ་འཛིན་བཏང་སྙོམས་གསུམ་པོ་ཞི་གནས་ཀྱི་ཕྱོགས་དང༌། དྲན་པ་ནི་གཉིས་ཀའི་ཕྱོགས་སོ། །འཕགས་ལམ་ཡན་ལག་བརྒྱད་ལ་སྒྲིབ་གཉིས་ཀྱི་གཉེར་པོར་གྱུར་པ་དང༌། སྒོམ་ཞིང་རྩོལ་བར་བྱ་བས་ན་ལམ་མོ། །བདག་མེད་པའི་མཚན་ཉིད་དང༌། ཀུན་རྫོབ་ཏུ་འཇིག་རྟེན་ཕ་རོལ་ཡོད་པར་དམིགས་པ་སོགས་ལྟ་བ་དང༌། བླང་དོར་ལེགས་པར་བརྟགས་ནས་སྤོང་བ་དང་མངོན་དུ་བྱེད་པའི་སེམས་བདེ་བ་སེམས་ཅན་གཞན་གྱིས་རྟོགས་པར་འདུན་པ་བཅས་པ་ནི་རྟོགས་པ་དང༌། ཡང་དག་པའི་དོན་སྟོན་པར་འདོད་པ་དག་དང༌། ལུས་ངག་ཡིད་ཀྱི་ལས་ཤིན་ཏུ་དག་པ་ལས་མཐའ་དང༌། ཆོས་བཞིན་དུ་རིགས་པས་རྙེད་པ་འཚོ་བ་དང༌། རང་གཞན་གྱི་སྒོ་གསུམ་དགེ་བ་ལ་སྦྱོར་བའི་རྩོལ་བ་དང༌། ཇི་ལྟར་རྟོགས་པའི་


TNT08_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྗེད་པ་མཻད་པའི་དྲན་པ་དང༌། དམིགས་པའི་ཡུལ་མངོན་དུ་བྱེད་པའི་ཏིང་ངེ་འཛིན་རྣམས་སོ། །དེ་ལས་ལྟ་རྟོག་རྩོལ་གསུམ་ལྷག་མཐོང་དང༌། དྲན་ཏིང་ཞི་གནས་དང༌། ངག་ལས་འཚོ་གསུམ་རྗེས་ཐོབ་ཀྱི་སྤྱོད་ཡུལ་ཏེ་གཉིས་ཀའི་ཡན་ལག་གོ །དེ་ལྟར་སྡེ་ཚན་བདུན་པོ་དེ་དག་ཐོག་མ་གང་དུ་ཐོབ་པའི་ས་མཚམས་ནི། ཚོགས་ལམ་ཆུང་ངུར་དྲན་ཉེར་བཞི། འབྲིང་པོར་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་རྐང་པ་བཞི། སྦྱོར་ལམ་དྲོད་རྩེ་མོ་གཉིས་སུ་དབང་པོ་ལྔ། བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ་མཐོང་ལམ་དུ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་བརྒྱད་དོ། །ལམ་གོང་མ་གོང་མ་རྣམས་སུ་འོག་མ་འོག་མའི་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་གནས་པ་ཡིན་ལ། གང་ཟག་གཅིག་གི་རྒྱུད་ལ་སུམ་ཅུ་རྩ་བདུན་ཀར་ཡོད་པའི་དབང་དུ་བྱས་ན། ངོ་བོ་བཅུར་འདུས་པ་ཡིན་ཏེ། དེ་སྐད་དུ། མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་པ་ལྟར་རོ། །གཉིས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པ་ལས། འཇིག་རྟེན་པའི་ལམ་གྱི་བྱང་ཕྱོགས་ནི། སུམ་སྐོར་མ་ལ་སོགས་རྩ་བཞི་དང༌། ནོར་བུའི་རྩ་མདུད་བཞི་གྲོལ་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ན་དེ་དག་གི་རླུང་རྣམས་ཡེ་ཤེས་


TNT08_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རླུང་དུ་གྱུར། རྩ་རྣམས་དབུ་མའི་རང་བཞིན་དུ་སོང༌། ཐིག་ལེ་འགྱུར་བ་མེད་པར་གྱུར་པ་སྟེ། རྩ་རླུང་ཐིག་ལེ་གསུམ་ཆར་ངོ་བོ་བདེ་སྟོང་གི་ཡེ་ཤེས་རྣམ་པ་འཇའ་ཚོན་ལྟ་བུ་རྣམ་པ་ཐམས་ཅད་པའི་གཟུགས་སུ་གྱུར་པ་ཡིན་ལ། ཀུན་རྫོབ་བྱང་སེམས་ཀྱིས་གང་བ་ནི་བདེ་བའི་རང་བཞིན་དུ་གྱུར་པ་དང༌། དོན་དམ་བྱང་སེམས་ཀྱིས་གང་བ་ནི། སྟོང་ཉིད་ལ་གསལ་སྣང་ཅན་གྱི་རིག་པའི་ངོ་བོར་གྱུར་པའི་མིང་ཡིན་ནོ། །དེ་སྐབས་སུ་རྣམ་པར་ཤེས་པ་ཙམ་གྱི་ལྷ་སྐུ་ནི་ལུས་དང༌། ཐིག་ལེ་མི་འགྱུར་བའི་ཆ་ཤས་ཀྱི་བདེ་བ་ནི་ཚོར་བ་དང༌། གཟུང་འཛིན་གྱི་ཆོས་མ་གྲུབ་པར་གསལ་སྣང་ཤར་བ་ནི་ཆོས་དང༌། ལྷ་སྐུ་དང་བདེ་བ་སེམས་སུ་ཤེས་པ་ནི་སེམས་དྲན་པ་ཉེར་བཞག་སྟེ་བཞིའོ། །དེ་བཞིན་དུ་སྦྱར་ཏེ། མི་ཕྱེད་མ་སོགས་བཞི་དང༌། རྡོ་རྗེའི་དབུས་ཀྱི་རྩ་མདུད་བཞི་གྲོལ་བས། ལྷ་སྐུ་དང་བདེ་བ་ལ་དམིགས་ནས་སྟོང་ཉིད་དང་སེམས་སུ་ཤེས་པའི་འཛིན་སྟངས་ཅན། ལམ་གོང་མ་ཐོབ་འདོད་ཀྱི་འདུན་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་བོ། །ཐུང་ངུ་ལ་སོགས་བཞི་དང༌། གསང་གནས་ཀྱི་འཁོར་ལོའི་རྩ་མདུད་བཞི་གྲོལ་བས། དམིགས་པ་དང་འཛིན་སྟངས་སྔོན་བཞིན་ལས། རྟགས་དང་རྒྱུ་མཚན་དུ་མ་མཐོང་བས་ཡིད་ཆེས་པའི་དད་པ་ལ་སོགས་པ། དད་བརྩོན་དྲན་ཏིང་གི་དབང་པོ་བཞི་སྐྱེའོ། །སྐྱོན་མ་ལ་སོགས་པ་བཞི་དང༌། ལྟེ་བའི་རྩ་


TNT08_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་བཞི་གྲོལ་བས། སྟོང་ཉིད་རྣམ་པ་ཐམས་ཅད་པ་མངོན་དུ་གྱུར་པའི་ཤེས་རབ་ཀྱི་དབང་པོ་དང༌། དད་བརྩོན་དྲན་གསུམ་གྱི་སྟོབས་ཐོབ་པར་འགྱུར་རོ། །བསིལ་སྦྱིན་མ་སོགས་བཞི་དང༌། སྙིང་གའི་རྩ་མདུད་བཞི་གྲོལ་བས། གཙོ་བོར་བདེ་བ་ལ་དམིགས་པའི་ཏིང་ངེ་འཛིན་དང༌། སྟོང་པའི་ལྷ་སྐུ་ལ་དམིགས་པའི་ཤེས་རབ་ཀྱི་སྟོབས་ཏེ་སྟོབས་གཉིས་དང༌། རྣམ་པ་ཐམས་ཅད་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། དེ་ཉིད་ལ་སྤྲོ་བའི་བརྩོན་འགྲུས་ཏེ་བྱང་ཆུབ་ཡན་ལག་གཉིས་ཐོབ་བོ། །ཤིན་ཏུ་གཟུགས་ཅན་མ་སོགས་བཞི་དང༌། མགྲིན་པའི་རྩ་མདུད་བཞི་གྲོལ་བས། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དགའ་བ་དང༌། འབད་རྩོལ་མེད་པར་མི་འགྱུར་བའི་བདེ་བ་གསར་དུ་འཕེལ་བའི་ཤིན་སྦྱངས་དང༌། ཤེས་རབ་དང་དྲན་པ་སྔར་བཞིན་ཏེ། བྱང་ཆུབ་ཡན་ལག་བཞི་སྐྱེའོ། །སྡུག་གུ་མ་སོགས་བཞི་དང༌། དཔྲལ་བའི་རྩ་མདུད་བཞི་གྲོལ་བས། སྟོང་པ་ཉིད་ལ་བྱ་བྱེད་ཀྱི་རྩོལ་བ་བྲལ་བའི་བཏང་སྙོམས་ཏེ་བྱང་ཆུབ་ཡན་ལག་ཐ་མ་དང༌། སྔར་བཤད་པ་ལྟར་གྱི་ཤེས་རབ་ལྟ་བ་དང༌། དེ་ཉིད་གཞན་གྱིས་རྟོགས་པར་འདོད་པ་དང༌། ངག་བརྗོད་པ་ཐམས་ཅད་ཀྱི་རང་བཞིན་དབུ་མའི་སྒྲར་ཤེས་པའི་ངག་སྟེ་འཕགས་ལམ་ཡན་ལག་གསུམ་ཐོབ་བོ། །རོ་རྐྱང་དབུ་མ་བདུད་འབྲལ་མ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་གང༌། གཙུག་ཏོར་གྱི་རྩ་མདུད་བཞི་གྲོལ་ཏེ་


TNT08_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེས་བརྟན་པ་ལས། བདེ་ཆེན་དང་ལྷ་སྐུ་རྣམ་པ་ཐམས་ཅད་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་གྱི་ཡན་ལག་ཐོབ་པར་འགྱུར་ཏེ། དེའི་འཁོར་དུ་སྒོ་བརྒྱད་ཀྱི་རྩ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་གང་སྟེ་གནས་གྱུར་པ་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལས་ཀྱི་མཐའ་དང་འཚོ་བ་གཉིས། རྩོལ་བ་དང་དྲན་པ་སྔར་བཞིན་དང༌། ཁམས་གསུམ་གྱི་ཉོན་མོངས་མི་དགེ་བ་སྤོང་ཞིང༌། འཇིག་རྟེན་ལས་འདས་པའི་ཆོས་དགེ་བ་སྐྱེ་བའི་ཡང་དག་སྤོང་བ་བཞི་རྣམས་སྐྱེད་པར་བྱེད་དོ། །བྱང་ཕྱོགས་སོ་བདུན་འདི་རྣམས་སོ་སོ་ལ། གོང་ཐུན་མོང་གི་སྐབས་སུ་བཤད་པའི་བྱང་ཕྱོགས་ཀྱི་མཚན་ཉིད་རྣམས་ཀྱང་དངོས་དང་རྗེས་མཐུན་པ་གང་རུང་གི་སྒོ་ནས་ཚང་བ་ཡིན་ལ། རྒྱུ་དང་མཚན་ཉིད་ཐུན་མོང་མ་ཡིན་པ་རྣམས་ཁྱད་པར་དུ་སྦྱར་རོ། །དེ་ལྟར་ན་གསང་རིམ་གྱི་ས་བཅུ་གཉིས་ལས། མཐུད་སྤྱོད་དང་གནས་དང་ཉེ་གནས་རྣམས་ལ། བྱང་ཕྱོགས་བཞི་བཞི། ཞིང་སོགས་བརྒྱད་ལ་གཉིས་གཉིས། ཉེ་བའི་མཐུད་སྤྱོད་ལ་དགུ་རྣམས་ཡིན་ལ། དོན་དུ་འདི་དག་ཆོས་སྤྱི་ལྡོག་དང་བསྟུན་པའི་སྦྱོར་ལམ་རྩེ་མོ་ལ་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོ་དང༌། བླ་ན་མེད་པ་སྟེ་དྲུག་ཏུ་ཕྱེ་བ་མཐུད་སྤྱོད་དང་གནས་སོགས་ལྔ་སྟེ་ས་དྲུག་དང་སྦྱར་ལ། བཟོད་པ་ལ་ཆུང་ངུའི་ཆུང་ངུ་སོགས་ལྔའི་དབྱེ་བས། ཉེ་བའི་ཚནྡྷོ་སོགས་ས་ལྔ་དང་སྦྱོར། སྔ་མ་དྲུག་ཏུ་རང་


TNT08_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་རྣམ་རྟོག་མ་འགགས་ཤིང༌། ཕྱི་མ་ལྔར་དེ་རྣམས་མངོན་གྱུར་བ་སྤོང་བས། དེ་རྣམས་ཉིད་སོ་སོ་སྐྱེ་བོ་དང་འཕགས་པར་ཕྱོགས་མཚུངས་པའི་ཕྱིར། སྟོབས་ལྔ་མན་ཆད་སྔ་མ་དང༌། བྱང་ཆུབ་ཡན་ལག་ཡན་ཆད་ཕྱི་མ་ལ་སྦྱར་རོ། །ཉེ་བའི་མཐུད་སྤྱོད་ནི་སྦྱོར་ལམ་ཆོས་མཆོག་རང་གི་སྦྱོར་བའི་ལམ་དང་བཅས་པ་ལ་འཇོག་པ་ཡིན་ཏེ། དེ་ཡང་སྦྱོར་བ་ལ་འཕགས་ལམ་ཡན་ལག་བཞི། དངོས་གཞི་ལ་ཡང་དག་སྤོང་བ་བཞི། རྗེས་ལ་ཡང་དག་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་རྒྱུ་དེ་དང་དེས་བྱང་ཕྱོགས་གྱི་ཡེ་ཤེས་དེ་དང་དེ་སྐྱེས་པ་ནི། ཐོག་མ་མེད་པ་ནས་མངོན་པར་སངས་རྒྱས་པའི་ལྷ་སུམ་ཅུ་རྩ་བདུན་པོ་དེ་དང་དེས་དངོས་སུ་ཞལ་སྟོན་ཞིང་བྱིན་གྱིས་བརླབས་ནས། དེའི་རིགས་ཀྱི་ཕོ་ཉ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ཐོབ་པར་འགྱུར་བ་ནི། དེ་དག་ལྷ་རྣམས་ཀྱི་དག་པ་དང་སྦྱར་བའི་དོན་གྱི་སྙིང་པོའོ། །ལམ་དངོས་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནའི་བྱང་ཕྱོགས་སོ་བདུན་ནི། གང་མཐོང་ལམ་གྱི་རྗེས་ཐོགས་ཉིད་དུ། སོ་བདུན་པོ་མཐའ་དག་དངོས་སུ་ཡོད་པ་ཉིད་ཡིན་ཀྱང༌། རྣམ་པར་ཤེས་པའི་རྩ་ཐིག་རླུང་གསུམ་དག་ཚུལ་ལས། གཙོ་བོར་སྤྱོད་པའི་དབང་དུ་བྱས་ན་ཕལ་ཆེར་སྔ་མས་རིགས་འགྲེ་བ་ཡིན་ཏེ། མཐོང་ལམ་རྗེས་ཐོབ་དང་བཅས་པ་ནི་མཐུད་སྤྱོད་དང༌། དེ་ཕྱིན་ཆད་ཀྱི་ས་དང་པོ་གནས་སུ་སྦྱར། ཉེ་བའི་མཐུད་སྤྱོད་ནི་རྒྱུན་མཐའི་ཡེ་ཤེས་སུ་བཤད་ནས།


TNT08_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་དེའི་བྱང་ཕྱོགས་སྦྱོར་ཚུལ་སྔ་མ་བཞིན་ནོ། །གཞུང་འདིའི་དགོངས་པ་ནི་དེ་ལྟར་ངེས་ལ། རྣམ་གཞག་གཞན་དུ་མཐོང་ལམ་ནས་བརྩམས་ཏེ་ས་དང་པོ་མཐའ་དག་གནས་ཡིན་ལ། མཐུད་སྤྱོད་རྒྱུན་མཐའི་སྦྱོར་བ་དང༌། ཉེ་བའི་མཐུད་སྦྱོར་རྒྱུན་མཐའ་དངོས་ལ་སྦྱར་བའང་ཡོད་དེ། སྤྱིར་ལུགས་འདིའང་མི་འགལ་ལོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུ་མཐའ་དག་བསྡུས་པའི་དབང་དུ་བྱས་ནས། མཐུད་སྤྱོད་ཚོགས་སྦྱོར་དང་ཉེ་བའི་མཐུད་སྤྱོད་མཐར་ཕྱིན་པའི་ལམ་ལ་སྦྱོར་བའང་ཡོད་པ། རྒྱུད་གཞུང་སོ་སོ་ལ་བརྟེན་ནས་མིང་འདོགས་སྒྱུར་བའི་ཁྱད་པར་ཙམ་ཡིན་པས་དོན་ལ་འགལ་བ་ཅི་ཡང་མེད་དོ། འོ་ན་ནོར་བུ་དང་སྙིང་གའི་འདབ་མའི་རྩ་མདུད་གྲོལ་བའི་གནས་སྐབས་འདི། ས་ཐམས་ཅད་ཀྱི་དང་པོར་སྦྱོར་བ་དང༌། བཅུ་གཅིག་པར་སྦྱོར་བ་ཅིའི་ཕྱིར་མི་འགལ་སྙམ་ན། འདི་ཡང་ཕལ་ཆེར་གྲོལ་བ་དང༌། གྲོལ་བ་མཐར་ཐུགས་པའི་དབང་དུ་བྱས་པ་སྟེ། གཙུག་ཏོར་དང་ནོར་བུའི་འཁོར་ལོ་ཡང་འཁོར་ལོ་གཞན་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པའི་ཕྱིར་དང༌། སྒོ་བརྒྱད་དང་སྒོ་བཞི་དང་རྩའི་གཙོ་མོ་བཞི་ཡང༌། ཉེར་བཞི་པོ་ཀུན་ཡང་ཁྱབ་བྱེད་དུ་བྱ་བ་བྱེད་པའི་ཕྱིར། དག་པའི་འགོ་རྩམ་པ་ཡང་གཞན་ཀུན་ལས་སྔ་ཞིང༌། ཤིན་ཏུ་མཐར་ཐུགས་པ་ཡང་ཐམས་ཅད་ཀྱི་ཐ་མར་འབྱུང་བ་འོས་པ་ཡིན་ནོ། །དེའི་ཕྱིར་བསྐྱེད་པའི་རིམ་པར་ཡང༌། འཁོར་ལོ་གསུམ་


TNT08_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་འཁོར་ལོའི་ནང་དུ་ཆུད་པ་དང༌། བདེ་བ་ཆེན་པོའི་འཁོར་ལོས་ཐམས་ཅད་ཀྱི་ལྟེ་བ་གནོན་པའི་ཚུལ་དུ་འབྱུང་བ་ཡང༌། དེ་ཉིད་མཚོན་པ་ཡིན་ནོ། །ལམ་ལྔ་སྤྱི་དང༌། བྱང་ཕྱོགས་ཕྲུགས་གཅིག་ཏུ་སྦྱོར་བའི་ལུགས་ནི། ལམ་གྱི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོའི་གསལ་སྣང་དང༌། ཐུན་མོང་མ་ཡིན་པའི་བདེ་བས་བརྒྱན་པའི་ཁྱད་པར་དང༌། ངག་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པ་དང༌། ལས་ཀྱི་མཐའ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཁྱད་པར་དུ་བྱས་པ་མ་གཏོགས་གོང་ཐུན་མོང་གི་སྐབས་སུ་བཤད་པའི་རིམ་པ་ཁོ་ནས་རྟོགས་པར་འགྱུར་རོ། །འདི་ནི་སྐྱེད་རྫོགས་རིམ་པ་གཉིས་ཀར་འབྲས་བུ་དང་བཅས་པ་ལ་སྦྱར་བའི་བྱང་ཕྱོགས་ཞེས་བྱ་ཞིང༌། སྔ་མ་གཉིས་ནི་རྫོགས་རིམ་ཁོ་ནའི་དབང་དུ་བྱས་པའོ། །རྩ་སོ་བདུན་དག་པའི་བྱང་ཕྱོགས་ཞེས་རྩའི་མིང་གིས་སྨོས་པའི་བྱང་ཕྱོགས་ནི། བར་པ་གཉིས་པོ་དེ་ཡིན་ལ། ཁྱད་པར་མ་སྨོས་པར་སྤྱི་ལྡོག་ནས་མདོ་ལུགས་དང་སྔགས་ལུགས་ཀྱི་བྱང་ཕྱོགས་ནི་ཐོག་མཐའ་གཉིས་སོ། །གསང་རིམ་གྱི་སྐབས་མས་བརྟན་གྱི་དགའ་བ་དང་པོ་བཞི་དང༌། འཇིག་རྟེན་པའི་བྱང་ཕྱོགས་དང་པོར་བཅུ་དྲུག་དོན་གཅིག་ལ། དེ་ནས་མཆོག་དགའ་བཞི་དང༌། ཁྱད་དགའ་བཞི་ལ་བྱང་ཕྱོགས་བརྒྱད་དང༌། ལྷན་སྐྱེས་བཞི་དང་བྱང་ཕྱོགས་བཅུ་གསུམ་སྦྱར་རོ། །རིམ་པ་དེ་ཉིད་ཀྱི་མས་བརྟན་བཅུ་དྲུག་དང༌། ས་བཅུ་གཉིས་སྦྱར་ཏེ་དགའ་བ་དང་པོ་བཞི་ནི། འཐུང་སྤྱོད་གནས་ཉེ་


TNT08_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཞིང་ཉེ་ཞིང་རྣམས་སོ། །མཆོག་དགའ་བཞི་ནི། ཚནྡྷོ་དང་ཉེ་བའི་ཚནྡྷོ་ཁྱད་དགའ་བཞི་ནི་འདུ་བ་ཉེ་འདུ། ལྷན་སྐྱེས་བཞི་ནི་དུར་ཁྲོད་ཉེ་བའི་དུར་ཁྲོད། ཉེ་བའི་འཐུང་སྤྱོད་རྣམས་ཡིན་ལ། འཐུང་སྤྱོད་ས་བཅུ་གཅིག་པར་འཇོག་པ་ལྟར་ན། དགའ་བ་དང་པོ་དང་ལྷན་སྐྱེས་གཉིས་ལ་ས་བཞི་བཞིའོ། །མཚམས་ཀྱི་མཆོད་པའི་རྩ་རྣམས་ལ་གཞུང་འདིར་གསལ་ཁ་མ་བྱུང་ཡང༌། སྙིང་པོའི་རྣལ་འབྱོར་མ་བཞིའི་ཐབས་ཀྱི་སྦྱང་བྱར་བསྡུས་པས། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་ཀྱི་ཕྱོགས་སུ་བསྡུ་བ་ཡིན་ནོ། །དཔལ་མངོན་བརྗོད་བླ་མ་ལས། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་གི་ངོ་བོ་ནི་བདག་ཁོ་ནའོ། །ཞེས་གསུངས་པས་ཆོས་ཉིད་དོན་གྱི་བྱང་ཕྱོགས་སོ་བདུན་ནི་དམ་པའི་བདག་ཡིན་པར་ཤེས་པར་བྱའོ། །དེ་རྣམས་ཀྱི་དོན་བསྡུ་བ་ནི། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ལུས་སུ་སོན་པའི་རྩ་ཐམས་ཅད་ལྷའི་ཁ་དོག་དང་དབྱིབས་ལ་བརྟེན་ཏེ་རྣམ་པར་གནས་སོ།། ཞེས་གསུངས་ཏེ། རྩ་ཐམས་ཅད་བྱང་ཕྱོགས་སོ་བདུན་གྱི་དག་པ་ཅན་ཡིན་ལ། དག་པ་པོ་བྱང་ཕྱོགས་སོ་བདུན་ཏེ་ལྷའི་ཁ་དོག་དང་དབྱིབས་ལ་བརྟེན་ཞེས་སེམས་ཅན་ཐམས་ཅད་ཀྱི་རྩའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ། བྱང་ཕྱོགས་སོ་བདུན་ཏེ། ལྷ་སུམ་ཅུ་རྩ་བདུན་མཚན་དཔེ་ཅན་གྱི་སྐུ་དོན་དམ་ཡེ་ཤེས་ཀྱི་ཁ་དོག་དང་དབྱིབས་སུ་


TNT08_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་གྲུབ་པའི་ཚུལ་གྱིས་རྣམ་པར་གནས་སོ། །ལྷ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པ་སྲིད་འདས་མཐའ་དག་གི་སྣང་བརྙན་ཅན། སྤྲོས་བྲལ་བདེ་བ་ཆེན་པོའི་རང་བཞིན་ནོ། །རྣམ་པ་ཐམས་ཅད་པའི་ཕྱིར་འཁོར་འདས་ཀུན་ཏུ་སྣང་བ་ཡིན་ཡང༌། ལྡོག་ཆས་ཕྱེ་ནས་འཁོར་བའི་རྣམ་ཆ་ལས་མྱང་འདས་ཀྱི་རྣམ་ཆ་གཙོ་ཆེ་ལ། དེའི་གཙོ་བོ་ཡང་དཀྱིལ་འཁོར་ཆེན་པོའི་རྣམ་ཆ་ཡིན་པས། སྔགས་ཀྱི་ཐེག་པ་ཁས་འཆེ་བཞིན་དུ་སྔགས་དང་ལྷ་ལ་སྡང་བ་ནི་ཆེས་སྨད་པའི་གནས་སོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས་རྩའི་ཚོགས་དང་བཅས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་བཤད་པ་རྒྱས་པར་བསྟན་པ་སྟེ་བདུན་པའོ། །རྩའི་ཚོགས་དང་བཅས་པ་ནི་དེ་དག་བཅས་པའི་ལྷ་སུམ་ཅུ་རྩ་བདུན་ཞེས་པ་ཚིག་གི་ལྷག་མའོ།། །།དེ་ལྟར་ལེའུ་བདུན་པོ་དེ་རྣམས་ཀྱིས། གཞི་དང་ལམ་དང་འབྲས་བུའི་གསང་བ་ཕལ་ཆེར་བཤད་ཟིན་ནས། ད་ནི་ལེའུ་བརྒྱད་པ་དང་དགུ་པ་གཉིས་ཀྱིས་སྔར་གྱི་འཕྲོས་དོན་ཅུང་ཟད་བཤད་དེ། རྩ་བའི་རྒྱུད་ཀྱི་སྦས་དོན་རྣམས་ལ་ངེས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་བྱ་བའང་རང་བཞིན་ཉིད་དུ་ཡོད། །བྱེད་པ་པོ་ཡང་རང་བཞིན་ཉིད། །ཅེས་གོང་དུ་མདོར་བསྟན་པ་ལས། བཤད་པའི་རྒྱུད་ལ་བརྟེན་ནས། རང་བཞིན་རྫོགས་པའི་རིམ་པ་ཉིད་ལ། དཀྱིལ་འཁོར་དང་སྔགས་དང་སྦྱིན་སྲེག་སོགས་


TNT08_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བར་སྟོན་པ་ལ། ལེའུ་གཉིས་ཡོད་པ་ལས་སྔ་མ་འཆད་པར་བྱེད་པ་ལ། བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང༌། བཟླས་པ་དང༌། སྒོམ་པའི་ཆོ་གའི་བྱ་བ་ཕྱི་རོལ་དང་མཐུན་པར་ནང་གི་ངོ་བོས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །ཞེས་པ་སྟེ། སྐུའི་དཀྱིལ་འཁོར་ནི། ལུས་དང་རྩ་དང་ཐིག་ལེའི་དཀྱིལ་འཁོར་རོ། །མཆོད་སྦྱིན་ཞེས་པ་གཏོར་མ་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ཡིན་ལ། སྒོམ་པ་ནི་ལྷ་སྒོམ་པ་སོགས་སྤྲོས་བཅས་ཀྱི་བསམ་གཏན་རྣམས་ལ་གྲགས་པ་ལས། འདིར་རྩ་བའི་རྒྱུད་དུ། ཕྱི་རོལ་བསྐྱེད་རིམ་དང་འབྲེལ་བའི་དཀྱིལ་འཁོར་ལ་སོགས་པ་གསུངས་པ་རྣམས། གདུལ་བྱ་སྐལ་དམན་ལ་ལས་དང་འཇིག་རྟེན་པའི་དངོས་གྲུབ་ཙམ་འགྲུབ་པ་ལ་དགོངས་ནས། ངེས་དོན་སྦས་པའི་ཚུལ་གྱིས་བསྟན་པ་ཡིན་ལ། དོན་དུ་ནི་དེ་འདྲ་རེ་རེ་དང་ཆོས་མཐུན་པར་ནང་རྫོགས་རིམ་གྱི་ངོ་བོས་བཤད་པར་བྱའོ། །ཞེས་པའོ། །གཞུང་དངོས་ལ་དཀྱིལ་འཁོར་གྱི་ནང་དོན་བཤད་པ། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་བཤད་པ། ངེས་དོན་གྱི་མཆོད་སྦྱིན་བཤད་པ། གསང་བའི་སྲེག་བླུག་བསྟན་པ། དོན་དམ་པའི་བཟླས་པ་བཤད་པ་བསམ་གཏན་སྒོམ་པའི་ངེས་དོན་བསྟན་པ། དེ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ནི། བྱང་ཆུབ་ཆེན་པོའི་ཕྱོགས་ཆོས་ནི། །


TNT08_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་བདུན་གནས་མཚན་ཉིད། །ཧེ་རུ་ཀ་སོགས་ལྷ་རྣམས་ནི། །རྩ་ཡི་གཟུགས་སུ་ཡང་དག་གནས། །གོང་དུ་རྒྱས་པར་བཤད་པའི་བྱང་ཕྱོགས་དང་ལྷ་སོ་བདུན་རྩ་རྣམས་ལ་བྱིན་གྱིས་རློབས་བྱེད་དུ་གནས་པའི་རྒྱུ་མཚན་གྱིས། ལུས་དང་རྩ་དང་ཐིག་ལེའི་དཀྱིལ་འཁོར་འགྲུབ་པ་ཡིན་ནོ་ཞེས། ལེའུ་སྔ་ཕྱིའི་མཚམས་སྦྱོར་ཞིང༌། ལེའུ་སྔ་མར་བཤད་པའི་དོན་གྱི་གཏན་ཚིགས་ལས་འདི་རྣམས་སྒྲུབ་པའི་ཚིག་གོ །དེའི་འོག་ཏུ་ལུས་ཀྱི་དཀྱིལ་འཁོར་བཤད་པ་ནི། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞིར་ཇི་ལྟར་བརྗོད་པ་ཡིན། །རང་གི་ཡན་ལག་ལས་བྱུང་བརྒྱད། །ཀ་བ་དེ་དག་འཛིན་ཞིང་གནས། །དངོས་པོ་ཀུན་གྱིས་ཀུན་ནས་ནི། །གྲུ་བཞི་རུ་ནི་རབ་ཏུ་བརྗོད། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །འཁོར་ལོ་གསུམ་གྱི་བདག་ཉིད་བརྗོད། །རི་བོའི་རྩེ་མོའི་ཟེའུ་འབྲུ་དང༌། །བེ་རཾ་པ་སོགས་རིམ་ཇི་ལྟར། །བླ་མའི་དུས་ཚིགས་རིམ་ཉིད་ལས། །དེ་ནས་དཀྱིལ་འཁོར་རྫོགས་པར་བྱ། །རྐང་པའི་མཐིལ་དུ་རླུང་དག་ནི། །བེ་རཾ་གཞུ་ཡི་རྣམ་པར་གནས། །སུམ་མདོའི་ཕྱོགས་སུ་དེ་བཞིན་དུ། །གྲུ་གསུམ་མེ་ནི་གནས་པ་ཡིན། །ཟླུམ་པོའི་རྣམ་པའི་གཟུགས་ཅན་གྱིས། །ཆུ་ནི་ལྟེ་བ་རུ་ནི་གནས། །སྙིང་ག་རུ་ཡང་ས་ཉིད་ནི། །ཀུན་ནས་གྲུ་བཞི་པ་ཡིན་ནོ། །ཀེང་རུས་དབྱིག་གུའི་གཟུགས་ཅན་ནི། །རི་རབ་རི་རྒྱལ་དེ་བཞིན་ཏེ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །མགོ་བོའི་ཆ་ལ་ཡང་དག་གནས། །


TNT08_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་གསལ་བྱེད་ཡང་དག་བྱུང༌། །སུམ་ཅུ་རྩ་གཉིས་བྱང་ཆུབ་སེམས། །པདྨའི་དབུས་སུ་གནས་པ་གང༌། །ཟླ་བའི་དཀྱིལ་འཁོར་དུ་བརྗོད་དེ། །མགོ་བོའི་ནང་དུ་ཀླད་པ་ནི། །གནས་པ་གང་ཡིན་དེ་ལ་བརྗོད། །དེ་ཡི་ནང་དུ་ཧཾ་ཡིག་ནི། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་དེ། །བརྟན་དང་གཡོ་བའི་བདག་ཉིད་དེ། །གསལ་དང་མི་གསལ་ངོ་བོ་ཡིས། །དེ་ནི་ས་བོན་གཟུགས་སུ་གནས། །ལུས་ཅན་ཀུན་གྱི་གཟུགས་རྣམས་ནི། །དང་པོ་དེ་ལས་སྐྱེས་པའོ། །བདུད་རྩིའི་གཟུགས་ཀྱིས་འཛག་པར་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །དེ་ཉིད་ཀྱིས་ནི་སྒྲ་འབྱེད་ཅིང༌། །མེ་ནི་དགའ་བར་བྱེད་པ་སྟེ། །དེ་ཡིས་དཀྱིལ་འཁོར་རྫོགས་པར་ནི། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ཉིད་དཀྱིལ་འཁོར་ཞེས་བརྗོད་དེ། །དེ་ནི་འཛིན་ཞིང་ལེན་པས་ན། །ལུས་ལ་དཀྱིལ་འཁོར་དུ་ནི་འདོད། །ཅེས་གསུངས་ཏེ། ཉམས་དགའ་བ་ནི། བདེ་བ་ཆེན་པོ་དང་ངོ་མཚར་བའི་ཆོས་དུ་མ་འབྱུང་བའི་དོན་ཏེ་ཕྱིའི་དཀྱིལ་འཁོར་ལས་ཆེས་ཁྱད་པར་དུ་འཕགས་པར་བསྟན་པའོ།། སྒོ་བཞི་ནི་ཁ་ལ་སོགས་པའི་བུ་ག་བཞི་ཕྱིའི་དཀྱིལ་འཁོར་ཀྱི་སྒོ་བཞི་ཇི་ལྟ་བར་བརྗོད་པའོ།། བླ་མ་གོང་མ་རྣམས་ནི་སྐུ་གསུང་ཐུགས་ཀྱི་སྒོ་གསུམ་དང་བྷ་གའི་སྒོ་སྟེ་བཞི་ལ་བཞེད་ཅིང༌། འགྲེལ་ཆེན་གྱི་བཤད་པའི་རྣམ་གྲངས་ཅིག་ལས་ཀྱང༌། སྒོ་དགུ་ལ་སྟེང་འོག་གཉིས་དང་གསུང་དང་ཐུགས་ཀྱི་སྒོ་སྟེ་བཞི་ལ་བཤད་དོ་


TNT08_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལས་བྱུང་བ་ནི། ལག་ངར་དཔུང་པ་བརླ་དང་བྱིན་པ་རྣམས་ལ་གཉིས་གཉིས་ཏེ་བརྒྱད་དོ། །དངོས་པོ་ཐམས་ཅད་རང་བཞིན་ཀུན་ཏུ་མཉམ་པའི་ཕྱིར། དངོས་པོ་སོགས་ཏེ། མགོས་འགྱུར་ལས་ཀྱང་དངོས་པོ་ཀུན་དུ་མཉམ་པས་གནས། ཞེས་འབྱུང་ངོ༌། །འགྲེལ་ཆེན་དང་བླ་མ་སྔ་མ་རྣམས་ལུས་འདོམ་གང་གྲུ་བཞི་ལ་བཞེད་དེ། རང་བཞིན་མཉམ་པ་མཚོན་བྱེད་དུ་འཆད་པ་ཡིན་ན་མི་འགལ་ལོ། །ལུས་སོགས་ལ་སྙིང་སྟོབས་ལུས་དང༌། རྡུལ་ངག་དང༌། མུན་པ་སེམས་ཀྱི་ངོ་བོ་རྣམས་འཁོར་ལོ་གསུམ་ཡིན་ལ། དེས་མཚོན་ནས་དེ་གསུམ་མཉམ་པ་ཉིད་དམ་ཚིག་གི་འཁོར་ལོ་དང༌། རིག་པའི་སྐྱེས་བུ་བདེ་ཆེན་འཁོར་ལོར་འགྱུར་རོ། །རིའི་རྩེ་མོའི་སོགས་ཤོ་ལོ་ཀ་གཅིག་གི་དོན་རྐང་པའི་མཐིལ་དུ་སོགས་ཚིགས་བཅད་དྲུག་དང་རྐང་པ་གཉིས་ཀྱིས་རྒྱས་པར་བཤད་དོ། །རི་ཡི་རྩེ་མོ་སོགས་ལ་རླུང་སོགས་དཀྱིལ་འཁོར་བཞིའི་སྟེང་དུ་རི་རབ་དང་པདྨའི་གདན་ལ་མངོན་བྱང་ལྔ་ལས་དཀྱིལ་འཁོར་རྫོགས་པ་སོགས། བླ་མའི་མན་ངག་ལ་བརྟེན་ནས་རྫོགས་རིམ་གྱི་སྐབས་འདིར་རྟོགས་པར་བྱའོ། །མགོས་འགྱུར་ལས། བླ་མ་རྒྱུད་པའི་རིམ་ཉིད་ལས། །ཞེས་འབྱུང་སྟེ་དུས་ཚིགས་ནི་བརྒྱུད་པ་དང༌། རིམ་པ་ནི་མན་ངག་གོ །བེ་རཾ་བ་ནི་རྩོམ་ཆེན་ཏེ་འོག་གཞིའི་རླུང་གི་དཀྱིལ་འཁོར་རོ། །ཀེང་རུས་དབྱིག་གུ་ཞེས་པ་ནི་སྒལ་ཚིགས་ཀྱི་རུས་པ་དབྱུག་པ་ལྟར་སྒྲེང་བ་སྟེ། དེ་ལས་མགོ་བོ་ནི་རི་རབ་ཀྱི་རྩེ་མོའོ། །འདམ་


TNT08_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནི་སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པ་དང༌། དབྱངས་དང་གསལ་བྱེད་ཡང་དག་འབྱུང་ཞེས་པ་རྩ་འདབ་སོ་གཉིས་ལས་དབྱངས་སོ་གཉིས་དང༌། གསལ་བྱེད་སོ་གཉིས་ཀྱི་ཡི་གེ་འབྱུང་བའི་དོན་ཡིན་ལ། ད་ལྟ་ཕྲ་ཐིག་གི་གཏུམ་མོ་སྒོམ་པའི་སྐབས་སུ། དབྱངས་འབའ་ཞིག་འགོད་པ་ནི་དཀར་ཆ་གཙོ་ཆེ་བའི་དབང་དུ་བྱས་ཀྱི། ཡི་གེ་གཉིས་ཀར་འབྱུང་བ་མི་འགལ་ལོ། །སུམ་ཅུ་རྩ་གཉིས་སོགས་ཀྱི་དོན་ནི་དབྱངས་གསལ་གྱི་བྱང་སེམས་དྭངས་མ་སོ་གཉིས་མཚོན་ལ། ཟླ་བ་ཁ་སྦྱོར་རམ་ཉི་ཟླ་ཁ་སྦྱོར་ནི་བྱང་སེམས་སོ་གཉིས་ལས་བྱུང་བའི་ཀླད་པ་མཚོན་ནོ། །དེ་ཡི་ནང་དུ་ཧཾ་ཡིག་ཅེས་པ་ནི་རྩ་འཁོར་དེའི་དབུས་སུ་ཤིན་ཏུ་དྭངས་མ། ཁམས་སོ་གཉིས་པོ་ཐམས་ཅད་ཀྱི་གཞི་དེ་ནི་གསལ་བྱེད་ཧ་དང་དབྱངས་ཨཾ་ཡིག་གཉིས་འདུས་པ་གསལ་བྱེད་དཀར་ཆ་ཐབས་དང༌། དབྱངས་དམར་ཆ་ཤེས་རབ་ཏུ་སྦྱར་ནས་དཀར་པོའི་སྲོག་ཏུ་དམར་པོ་ཞུགས་པའི་ཚུལ་གྱིས་གནས་པ་ནི། ཐིག་ལེ་དྭངས་མའི་གཟུགས་ཅན་ཚེ་ཇི་སྲིད་པར་གནས་པས་མི་ཤིགས་པའོ། །འགའ་ཞིག་ལྟེ་བའི་གཏུམ་མོས་སྐམ་པར་མི་ནུས་པས་མི་ཤིགས་པའོ་ཞེས་འཆད་ཀྱང་དོན་མིན་ལ། ཧཾ་ཡིག་དེ་ནི་ས་བོན་ཕྱག་མཚན་རྒྱུ་རྡོ་རྗེ་འཛིན་པ་དང་བཅས་པའི་དོད་ཡིན་ལ། དེ་འདྲ་ལས་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་ལྟར་ཧཾ་ཡིག་ལས་ཀྱང་ལུས་གྱི་ཆ་ཤས་མཐའ་དག་སྤྲོ་བ་ཡིན་ཏེ། བརྟན་པ་རྩ་དང༌། གཡོ་བ་རླུང་དང་ཐིག་ལེའམ། ཕྱི་ལ་


TNT08_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ན་བརྟན་པ་སྣོད་དང༌། གཡོ་བ་སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ལུས་ཅན་ཐམས་ཅད་ཀྱི་གཟུགས་ཏེ་ལུས་དང་ལོངས་སྤྱོད་དང༌། སྣོད་ཀྱི་འཇིག་རྟེན་རྣམས་དང་པོར་དེ་ལས་སྐྱེས་པས་ན། དེ་རྣམས་གང་ལས་སྐྱེ་བའི་གཞི་མཐར་ཐུག་པ་ཡིན་ནོ་ཞེས་པའི་དོན་ནོ། །ལུས་འགྲུབ་པའི་རྒྱུ་ཕ་ལས་ཐོབ་པའི་དྭངས་མ་ཡིན་པས། རྩ་ཁམས་རླུང་གསུམ་གྱི་རྒྱུ་ཧཾ་ཡིག་དེ་ཡིན་ལ། ལུས་ལ་རྩ་ཁམས་རླུང་གི་རིགས་སྣ་ཚོགས་ཆགས་པས། ཕྱི་འཇིག་རྟེན་ཁམས་ཀྱི་སྣང་བ་སྣ་ཚོགས་པ་འཆར་བའི་ཕྱིར་རོ། །གསལ་བ་ཀུན་རྫོབ་ཀྱི་དངོས་པོ་རྣམས་ཀྱི་འཆར་ལུགས་དེ་ལྟར་ཡིན་ལ། དོན་དམ་ནི་སོ་སོ་སྐྱེ་བོ་རྣམས་ལ་སྦས་ཤིང་གསང་བའི་ཕྱིར་མི་གསལ་བ་ཡིན་ནོ། །དེ་ལྟར་ན་ཧཾ་ཡིག་གིས་ཀུན་རྫོབ་གསལ་བའི་ཆ་ནས་ལུས་དང་འཇིག་རྟེན་ཀུན་གྱི་ས་བོན་དུ་འགྱུར་ལ། དོན་དམ་མི་གསལ་བའི་ངོ་བོས་དེ་རྣམས་ཀྱི་ས་བོན་གྱི་སྙིང་པོའི་རང་བཞིན་དུ་གནས་སོ། །དེ་དག་ཀྱང་བསྐྱེད་རིམ་ཁ་ཅིག་ལས། མངོན་བྱང་ལྔ་ལས་རྟེན་བརྟེན་པའི་དཀྱིལ་འཁོར་མཐའ་དག་རྫོགས་པའི་དབང་དུ་བྱས་ནས། ས་བོན་རྒྱུ་རྡོ་རྗེ་འཛིན་པ་དང༌། འབྲས་བུའི་དཀྱིལ་འཁོར་འབྲས་བུ་རྡོ་རྗེ་འཛིན་པར་འཇོག་པར་ལྟར་ན། ས་བོན་ལས་ལྷ་ཚོགས་ཐམས་ཅད་དངོས་སུ་སྐྱེད་པ་ཡིན་པས། ཧཾ་ལས་སྣོད་བཅུད་ཐམས་ཅད་སྤྲུལ་པ་དང་སྦྱོར་ཞིང༌། ཡང་འགའ་ཞིག་ལས་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་


TNT08_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་བསྐྱེད། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་འབྱུང༌། དེས་དཀྱིལ་འཁོར་གཞན་རྣམས་སྤྲོ་བའི་ལུགས་ལྟར་ན། རྒྱུ་རྡོར་འཛིན་གྱིས་བརྒྱུད་ནས་དཀྱིལ་འཁོར་སྤྲོ་བ་ཡིན་ཏེ། དེ་དང་མཚུངས་པར་ཁམས་སོ་གཉིས་དང་དབྱངས་ཡིག་ཚོགས་པ་རྒྱུ་རྡོར་འཛིན། དེ་ལྟར་ཚོགས་པས་ཧཾ་ཡིག་རྒྱས་ཤིང་བདེ་བར་ཤར་བ་ནི་འབྲས་བུ་རྡོར་འཛིན། ཧཾ་ཡིག་རྒྱས་པ་ལས་རྩ་ཁམས་གཞན་སྤྲོ་བ་ནི། དཀྱིལ་འཁོར་སྤྲོ་བ་དང་འདྲའོ། །འདི་གཉིས་འཁོར་ལོ་སྡོམ་པའི་ཕྱོགས་ལ་གྲགས་ཆེ་བས་འདིར་སྨོས་པ་ཡིན་གྱི། ལྷ་བསྐྱེད་པའི་རིམ་པ་གཞན་མཐའ་དག་ལ་ཡང་ཚུལ་འདི་འབྱོར་བར་འགྱུར་རོ། །འདིར་གསལ་བ་རྣམ་ཤེས་དང་མི་གསལ་བ་རྩ་རླུང་ཐིག་ལེ་ལ་སྦྱོར་བ་རྭ་ལུགས་པ་རྣམས་སོ། །ཧཾ་དེ་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་འཛག་ཅིང་འབབ་པ་ནི། ཉིན་མོ་སྟེ་དཀར་ཆ་འཕེལ་བ་བཅུ་དྲུག་དང༌། མཚན་མོ་སྟེ་ནག་ཕྱོགས་འཕེལ་བ་བཅུ་དྲུག་གི་རྣམ་པར་གནས་ལ། དཀར་པོ་ལྟེ་བ་སོགས་སུ་བབས་པས་སྒྲ་སྟེ་ལྟེ་བའི་ཨཾ་ཡིག་འབྱེད་ཅིང་རྒྱས་པར་བྱེད་ཅིང༌། གཏུམ་མོའི་མེ་དེ་ཚིམ་ཞིང་དགའ་བས་ལུས་རྒྱས་པར་ཡང་བྱེད་དོ། །ཧཾ་ལས་འཛག་པ་ནི་ཡེ་ཤེས་དགུག་གཞུག་དང༌། ཨཾ་ཡིག་ལ་བདུད་རྩིའི་ཁྲུས་གསོལ་བ་ནི་དབང་བསྐུར་བ་དང༌། དེ་ལས་ལུས་རྒྱས་པ་ནི། སྐྱེ་མཆེད་བྱིན་རླབས་དང་མཆོད་པའི་སྦས་དོན་ཡིན་པས། དེ་དག་གིས་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་


TNT08_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རྫོགས་པར་འགྱུར་རོ། །དགྱེས་པའི་རྡོ་རྗེ་ལས་ཀྱང༌། འདིས་ནི་ཧེ་རུ་ཀ་རྫོགས་པ་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་སྒྲ་བཤད་ནི། དངོས་པོ་སྟེ་ཆོས་ཐམས་ཅད་ཀྱི་སྙིང་པོ་མཆོག་སྟེ་དོན་དམ་པའི་ལྷ་སྐུ་དེ་ཉིད་དཀྱིལ་འཁོར་ཞེས་བརྗོད་དེ། མཎྜལ་ཞེས་པ་ལ་མཎྜལ་སྙིང་པོ་དང་ལ་ཏི་ནི་འཛིན་པའམ་ལེན་པ་ལ་འཇུག་པས། ལྷ་རྣམས་འཛིན་ཞིང་གནས་པ་དང༌། འཕེལ་ཞིང་ལེན་པའི་ཕྱིར་ལུས་ལ་དཀྱིལ་འཁོར་ཞེས་བརྗོད་དོ། །གཞན་ཡང་ཨ་བ་དྷུ་ཏི་ཚངས་ཐིགསྙིང་གའི་རྩ་བརྒྱད་ཐིག་ཆེན་བརྒྱད། ཁམས་ལྔ་ཚོན་ལྔ། སྙིང་གའི་ན་ད་གཙོ་བོའི་མཚན་མ། ཕུང་ཁམས་སྐྱེ་མཆེད་རྣམས་འཁོར་གྱི་མཚན་མ། དཀྱིལ་འཁོར་དེར་བར་སྲིད་འཇུག་པ་ལ། ཕ་རྡོ་རྗེ་སློབ་དཔོན་མངལ་སྦུགས་མིག་དར་བཅིངས་པ། དཀར་དམར་བཟུང་བ་མེ་ཏོག་འཛིན་པ་དང་འདོར་བ། དེར་བར་སྲིད་ཞུགས་པ་དཀྱིལ་འཁོར་དུ་ཞུགས་པ་བདེ་བས་བརྒྱལ་བ་ནི་ཡེ་ཤེས་དབབ་པ། ལུས་ཡོངས་རྫོགས་གྲུབ་པ་ནི་དཀྱིལ་འཁོར་སྟོན་པ་སྟེ། དེ་ཡན་ཆད་སྔོན་འགྲོའོ། །སླར་ཡང་མངལ་གནས་སུ་རྡོ་རྗེ་དང་པདྨའི་ཆུས་དབང་བསྐུར་བ་དང༌། ཕའི་ཐིག་ལེ་ཅོན་པན་དང༌། ཡན་ལག་མཆོགསྦྱོར་བ་རྡོ་རྗེ་དྲིལ་བུ་དང༌། དབུགས་སྐྱེས་པ་མིང་དང༌། ཕྲུ་མ་གྱོན་པ་བརྟུལ་ཞུགས་དང་བཙས་པ་ནི་ཕྱིར་མི་ལྡོག་པ་དང༌། དྭངས་མ་ཟ་བ་གསང་དབང་དང༌། ཆུ་སྐྱེས་ལས་འབྱུང་བ་ཤེས་རབ་ཀྱི་དབང་ངོ་ཞེས་སོ། །


TNT08_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྩའི་དཀྱིལ་འཁོར་བསྟན་པ་ནི། རྩ་ཆེན་སུམ་ཅུ་རྩ་བདུན་གྱི། འཁོར་ལོ་དཀྱིལ་འཁོར་དུ་འདོད་དེ། དེ་ཡང་རྩ་རྣམས་ཀྱང་དཀྱིལ་འཁོར་ཞེས་བརྗོད་དེ། སྙིང་པོ་ཐིག་ལེ་ལེན་ཞིང་འཛིན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྟན་པ་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །སྙིང་པོ་དེ་ཁོ་ན་དཀྱིལ་འཁོར། །ཞེས་ཏེ་ཐིག་ལེ་ལའང་དཀྱིལ་འཁོར་ཞེས་བྱ་བ་ནི། སྙིང་པོ་བདེ་བ་ཆེན་པོ་ལེན་ཞིང་འཛིན་པའི་ཕྱིར་རོ། །དཀྱིལ་འཁོར་ཕྱི་མ་གཉིས་ལ་སྒྲ་བཤད་ཙམ་ལས་མ་གསུངས་པ་ནི། གོང་དུ་རྒྱས་པར་བཤད་ཟིན་པ་ལ་དགོངས་སོ། །དེ་ནས་དཀྱིལ་འཁོར་གསུམ་གྱི་ཐུན་མོང་གི་དོན་བཤད་པ་ནི། ཕྱི་དང་ནང་གི་ངོ་བོ་ཡིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་སྒྲ་ལ་སོགས། །དབང་པོ་དྲུག་པོ་འཇུག་པའོ། །ནང་གི་ཁུ་བ་ལ་སོགས་པ། །གྲུབ་པའི་རྫས་ནི་རྣམ་པར་གནས། །ཕྱི་དང་བཅས་པའི་ནང་ཉིད་ཀྱིས། །བྱང་ཆུབ་སེམས་ནི་རྡོ་རྗེ་ཅན། །སྦོམ་དང་ཕྲ་བའི་རང་བཞིན་གྱིས། །འགྲོ་བའི་གཉེན་གྱི་རང་བཞིན་ཅན། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །དམ་ཚིག་དོན་འདི་འབྱུང་བ་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །དཀྱིལ་འཁོར་འདི་ལས་ཐོབ་པར་འགྱུར། །ཉན་ཐོས་རྣམས་དང་སངས་རྒྱས་དང༌། །རང་རྒྱལ་རྣམས་ཀྱང་དེ་བཞིན་ཏེ། །ཚངས་པ་ལ་སོགས་ལྷ་རྣམས་ནི། །དཀྱིལ་འཁོར་འདི་ལས་སྐྱེས་པ་ཡིན། །ཞེས་ཏེ་གོང་དུ་བསྟན་པའི་དཀྱིལ་འཁོར་གསུམ་པོ་དེས་


TNT08_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འཇིག་རྟེན་ཁམས་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ། ངོ་བོ་དང་བྱེད་ལས་དང་རྒྱུ་དང་འབྲས་བུ་ལ་སོགས་པ་སྣ་ཚོགས་པའི་ཚུལ་གྱིས་ཁྱབ་སྟེ། དེ་ལྟར་ཡང་འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང༌། གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་སོ། །དེ་ཉིད་རྒྱས་པར་བཤད་པ་ནི། ཕྱི་གཟུགས་སོགས་དང་ནང་དབང་པོ་དྲུག་ལས་ཀྱང༌། ཀུན་རྫོབ་ཀུན་ད་ལྟ་བུ་དང༌། དོན་དམ་བདེ་བ་ཆེན་པོ་སྐྱེ་བ་ནི། འདི་རྣམས་ཀྱི་རང་བཞིན་དཀྱིལ་འཁོར་ཡིན་པའི་རྒྱུ་མཚན་ལས་ཡིན་ལ། དྲུག་པོ་འཇུག་ཅེས་པ་ནི། དྲུག་པོ་ལ་དཀྱིལ་འཁོར་ཆོས་ཉིད་ཀྱི་ཚུལ་གྱིས་འཇུག་པའོ། །ནང་ཁུ་བ་ལ་སོགས་པ་གདོད་ནས་གྲུབ་པའི་རྫས། བདུད་རྩི་ལྔ་དང་ཁམས་ལྔ་ལ་ཡང་དེ་ལྟར་གནས་སོ། །དེ་ལྟར་ཕྱི་ནང་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ནི། རྡོ་རྗེ་ཅན་ཏེ་མགོན་དང་ཁྱབ་བདག་ཏུ་གནས་ལ། དེ་ཇི་ལྟར་གནས་ན། སྦོམ་པ་དང་ཕྲ་བའི་རང་བཞིན་ཏེ་རྣམ་པས་འགྲོ་བའི་གཉེན་ཏེ། སེམས་ཅན་ལ་ཕན་འདོགས་པ་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་གྱིས་སོ། །དེ་ཡང་སྦོམ་དང་ཕྲ་བ་ཞེས་པ་ལ། ཁ་ཅིག་སྦོམ་པོ་ནི་ཁམས་ཉི་ཤུ་རྩ་བཞི་དང༌། སྒོ་དགུ་ལས་བྱུང་བའི་རྫས་རྣམས་སོ། །ཕྲ་བ་ནི་དྭངས་མ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཡང༌། སྦོམ་དང་ཕྲ་བའི་རབ་དབྱེ་བས། །དངོས་པོར་གཏོགས་པ་རྣམ་པ་གཉིས། །


TNT08_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པའི་རྫས་ནི་རྣམ་དགུ་སྟེ། །ཕྲ་མོའི་ཚིལ་བུ་གྲུབ་པའི་རྫས། །གཞན་པ་ཞུ་བྱེད་རྫས་དབྱེ་བས། །ཞེས་སོ། །ཡང་སྦོམ་པོ་གཟུགས་ཕུང་དང༌། ཕྲ་མོ་ཕུང་པོ་བཞི་ལ་བཤད་པ་དང༌། སྦོམ་པོ་ཡུལ་དྲུག་དང་ཐིག་ལེ། ཕྲ་མོ་རྣམ་ཤེས་དང་བདེ་བ་ལ་བཤད་པ་སོགས་སྣ་ཚོགས་ཞིག་བཤད་པའང་སྤྱིར་མི་འགལ་མོད་ཀྱི། སྐབས་འདིར་སྦོམ་པོ་ཀུན་རྫོབ་དང་ཕྲ་མོ་དོན་དམ་སྟེ། བདེ་བ་ཆེན་པོའི་རང་མདངས་ནི་དམིགས་པ་མེད་པའི་སྙིང་རྗེ་ཡིན་པས་འགྲོ་བའི་གཉེན་ནོ། །དེས་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་གནས་པའི་རྒྱུ་མཚན་གྱིས་གནས་ཚུལ་དང་རྣམ་པར་མཐུན་པར་ལམ་ལ་འབད་ནས་གནས་ལུགས་དེ་མངོན་དུ་འགྱུར་བ་ནི། ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་བྱེད་ལས། ཆོས་ཉིད་ལ་རྟེན་པའི་ཕྱིར་སུས་ཀྱང་འདའ་བར་མི་ནུས་པས་དམ་ཚིག་ཡིན་ལ། སངས་རྒྱས་བྱང་སེམས་ཏེ་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་དམ་ཚིག་གི་དོན་དཀྱིལ་འཁོར་གསུམ་སྒོམ་པ་འབྱུང་བ་དེས། སྐྱེ་བ་འདི་ལ་སངས་རྒྱས་ཐོབ་པར་འགྱུར་ཞིང༌། འདི་གསུམ་གྱི་དྲི་མ་མཐའ་དག་དག་པས་སངས་རྒྱས་དང༌། ཅི་རིགས་པ་དག་པས་ཉན་ཐོས་རང་རྒྱལ་དང༌། དྲི་མ་དངོས་མ་སྦྱངས་ཀྱང༌། རང་བཞིན་དང་ཕྱོགས་མཚུངས་ཀྱི་དགེ་བ་ཅུང་ཟད་བསྟེན་པས། འདི་གསུམ་གྱི་ཡོན་ཏན་གྱི་ཆ་ཤས་ལས། ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་འབྱུང་བར་འགྱུར་རོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི།


TNT08_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མེ་ནི་ཆེར་འབར་ལ། །ནང་གི་ཁུ་བ་ལ་སོགས་དང༌། །དེ་བཞིན་ཕྱིའི་གཟུགས་ལ་སོགས། །སྲེག་རྫས་རྣམས་ཀྱི་སྦྱིན་སྲེག་བྱེད། །བདུད་རྩི་ལྔ་པོ་རྣམས་དང༌། གཟུགས་སོགས་འདོད་ཡོན་ལྔ་དང༌། སོགས་ཀྱི་སྒྲས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དེ། དེ་རྣམས་ཡེ་ཤེས་ཤེས་རབ་ཀྱི་གཏུམ་མོའི་མེ་ལ་ཐིམ་པར་བྱེད་པའོ། །ཡེ་ཤེས་ཀྱི་གཏུམ་མོ་གང་ཞེ་ན། སྒོམས་པའི་གཏུམ་མོ་གཞན་དུ་གྱུར་པ་ན། ཆོས་ཉིད་ཡེ་ཤེས་ཀྱི་འོད་ཟེར་ཅན་རྣམ་པ་ཐམས་ཅད་པར་ཤར་བ་གཅིག་ཡིན་ལ། ཕུང་སོགས་དེའི་དབུས་སུ་ཡལ་བ་ནི་སྲེགས་པའི་དོན་ནོ། །གསུམ་པ་མཆོད་སྦྱིན་ནི། སྐྱེ་མཆེད་དྲུག་དང་ཁམས་རྣམས་དང༌། །ཕུང་པོ་རྣམས་ཀྱི་ཁྱད་པར་གྱིས། །དེ་རྣམས་ལྷའི་གཟུགས་ཅན་ཏེ། །མཁའ་འགྲོ་མ་རྣམས་དེ་བཞིན་དུ། །དེ་རྣམས་དེས་ནི་མཆོད་པའི་ཕྱིར། །མཆོད་སྦྱིན་མཆོད་པར་ཡང་དག་བཤད། །མཆོད་སྦྱིན་དང་མཆོད་པ་ཞེས་པ་ནི་མིང་གི་རྣམས་གྲངས་སོ། །སྐྱེ་མཆེད་དྲུག་པོ་ནི་ཕྱུགས་སམ་གཏོར་མ། དེ་རྣམས་ཀྱི་རང་བཞིན་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའོ།། ཁམས་ལྔ་ནི་གཏོར་མ། ཡེ་ཤེས་ནི་ཡུམ་ལྔ། ཕུང་པོ་ལྔ་ནི་གཏོར་མ། ཡེ་ཤེས་ནི་སངས་རྒྱས་ལྔ། རྩ་རྣམས་ནི་གཏོར་མ་དེའི་རང་བཞིན། ཡེ་ཤེས་ནི་མཁའ་འགྲོ་སུམ་ཅུ་རྩ་བདུན་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་དབྱིངས་སུ་དེ་རྣམས་ཐིམ་པ་ནི་ཕྱུགས་སམ་གཏོར་མ་དེ་དག་སོ་སོའི་ལྷ་ལ་ཕུལ་བ་ཡིན་ལ།


TNT08_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་གཏུམ་མོ་འབར་བའི་སྙོམས་འཇུག་དང༌། ཧཾ་ཡིག་འཛག་པའི་བཟའ་བཏུང་དེ་ཡིས་མཆོད་པ་ནི་མཆོད་སྦྱིན་ནོ། །ཁྱད་པར་གྱིས་ཞེས་པ་ནི། སྐྱེ་མཆེད་སོགས་དང་ལྷ་སོ་སོར་སྦྱོར་བའི་དོན་ཡིན་ལ། ལྷའི་གཟུགས་ཅན་ནི་ལྷའི་རང་བཞིན་ཅན་ནོ། །བཞི་པ་གསང་བའི་སྦྱིན་སྲེག་བསྟན་པ་ནི། འདི་ལ་མགོ་བོའི་ཐོད་པ་ཉིད། །སྲེག་རྫས་སྣོད་དུ་བརྗོད་པ་སྟེ། །བླུགས་གཟར་རོ་མ་ཉིད་དུ་བརྗོད། །སྙིང་གའི་འཁོར་ལོ་རྐྱང་མ་དང༌། །དེ་ནི་བགང་གཟར་ཡིན་པར་བརྗོད། །ལྟེ་བའི་དཀྱིལ་འཁོར་ཐབ་ཁུང་ཉིད། །ལས་ཀྱི་རླུང་གིས་སྦར་བ་ཡིས། །ཚངས་པའི་མེ་ནི་སུམ་མདོར་གནས། །སྤྱི་བོའི་རྩ་རྣམས་ན་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་གནས་པ་ནི་སྲེག་རྫས་ཡིན་ལ། དེའི་སྣོད་མགོ་ཐོད་དོ། །རོ་མ་ལས་གཏུམ་མོ་འབར་བས་ཁམས་རྣམས་ཞུ་བར་བྱེད་པའི་ཕྱིར། དེ་ནི་སྲེག་རྫས་འཆུ་བར་བྱེད་པའི་བླུགས་གཟར་དང༌། སྙིང་གའི་འཁོར་ལོའི་དཔྱིད་དང༌། རྐྱང་མ་ནི་བྱང་ཆུབ་ཀྱི་སེམས་འབབ་པའི་ལམ་ཡིན་པའི་ཕྱིར། མར་ཁུ་འབབ་བྱེད་བགང་གཟར་རོ། །ལྟེ་བའི་དཀྱིལ་འཁོར་ནི་སྲེག་རྫས་འབུལ་བའི་གནས་ཐབ་ཁུང་དང༌། ལས་ཀྱི་རླུང་རླུང་ཡབས་ལྟ་བུས་སྦར་བའི་ཚངས་པ་མེ་དབུ་མའི་མས་སྣ་ལྟེ་འོག་སོར་བཞི་ནས་སོར་བརྒྱད་ཀྱི་བར་སུམ་མདོ་ལ་གནས་པ་ནི་ཐབ་ཀྱི་མེ་ཚང་ངོ། །དེ་ལས་འབར་འཛག་བྱེད་པ་ནི་སྲེག་བླུགས་སོ། །


TNT08_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ཆེན་དང་བོད་སྔ་མ་རྣམས་སྦྱིན་སྲེག་གོང་འོག་གཉིས་ལ་དེ་ཁོ་ན་ཉིད་དང་གསང་བའི་ཁྱད་པར་ཡོད་པ་མ་རྟོགས་པར་བསྟན་བཤད་དུ་འཆད་ཀྱང་མི་འགྲིག་པར་སྣང་ངོ༌། །ལྔ་པ་བཟླས་པ་ནི། སྒྲ་ནི་སྔགས་ཞེས་བརྗོད་པ་སྟེ། །འཁོར་བར་བྱས་པ་བཟླས་བརྗོད་ཡིན། །སྒྲའི་སྐད་དོད་ན་ད་སྟེ་དེ་ནི་ལྟེ་བའི་གཏུམ་མོ་ལ་སྐབས་འདིར་བཤད་དེ། དེ་ཡང་གཏུམ་མོ་ཡེ་ཤེས་ཀྱི་མེའི་རང་སྒྲ་གཞོམ་མེད་ཀྱི་སྒྲ་ནི་གསུང་རྡོ་རྗེའི་རང་བཞིན་སྔགས་ཐམས་ཅད་ཀྱི་ངོ་བོ་ཡིན་ལ། འཁོར་བ་སྟེ་དེ་ཉིད་ཡང་ཡང་རྟག་ཏུ་བཟླ་བ་ནི་བཟླས་པ་ཡིན་ཞིང༌། ངག་ཐམས་ཅད་ཀྱི་རང་བཞིན་ཡང་གཞོམ་མེད་ཀྱི་སྒྲར་ཤེས་ན། ངག་ཐམས་ཅད་བཟླས་པར་འགྱུར་ཏེ་ཨཱ་ལི་ཀཱ་ལི་རབ་རྟོགས་ཕྱིར། །བརྗོད་པ་བཟླས་པར་ཡང་དག་བཤད། །ཞེས་གསུངས་སོ། །དྲུག་པ་སྒོམ་པ་ནི། དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་གྱི། །སོ་སོར་སྣང་བ་བསྒོམ་པ་ཡིན། །དཀྱིལ་འཁོར་གསུམ་པོ་བདེ་གསལ་དང་སྟོང་པ་གཉིས་མེད་ཟུང་འཇུག་ཏུ་སྒོམ་པས་སོ་སོར་སྣང་བ་སྐྱེས་པས་ནི་བསམ་གཏན་མཐའ་དག་སྒོམ་པར་འགྱུར་རོ། །བདུན་པ་ཐམས་ཅད་ཀྱི་དོན་བསྡུ་ནི། ལྷན་ཅིག་སྐྱེས་པའི་ངོ་བོ་འདི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་སོགས། །དཀྱིལ་འཁོར་བདག་པོའི་གཟུགས་ཀྱིས་ནི། །སེམས་ཀྱི་རྒྱལ་པོ་སློབ་དཔོན་ཡིན། །དེ་དག་ལ་སོགས་ཇི་སྐད་བསྟན། །ཐམས་ཅད་འདིར་ནི་རྟོགས་


TNT08_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་ལྟར་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ལམ་གྱི་ལྷན་ཅིག་སྐྱེས་པའི་ངོ་བོ་འདི་དག་ནི། རྒྱལ་བ་སངས་རྒྱས་རྣམས་ཀྱི་སྦྱིན་སྲེག་དང་མཆོད་སྦྱིན་ལ་སོགས་པ་ཡིན་ན། དཀྱིལ་འཁོར་སྒྲུབ་པ་པོ་དང༌། སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ་པོའི་རྡོ་རྗེ་སློབ་དཔོན་དེ་སུ་སྙམ་ན། སེམས་ཀྱི་རྒྱལ་པོ་སྟེ་རང་བཞིན་གྱི་སེམས་ཉིད་ནི་སློབ་དཔོན་ཡིན་ཏེ། དཀྱིལ་འཁོར་གསུམ་ལ་དབང་སྒྱུར་བའི་བདག་པོ་ཡིན་པའི་ཕྱིར་རོ། །དེ་དག་ལ་སོགས་པ་རྒྱུད་ལས་ཇི་སྐད་བསྟན་པའི་ཕྱག་དང་སྐོར་བ་དང་ཀློག་པ་དང༌། ཞི་བ་ལ་སོགས་པའི་ལས་ཐམས་ཅད་ཀྱང་འདིར་འདུས་ཏེ། སྔར་བཤད་པས་རིགས་འགྲེས་ཏེ་རྟོགས་པར་བྱའོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་པ་དང་བཟླས་པ་དང་སྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་གཏན་ལ་དབབ་པ་རྒྱས་པར་བསྟན་པ་སྟེ་བརྒྱད་པའོ། །ཞེས་པའི་ཚིག་དོན་ནི་གོ་སླ་ལ། གོང་དུ་ཇི་སྐད་བསྟན་པའི་དོན་རྩ་བའི་རྒྱུད་དང་སྦྱར་བ་ནི། སྙིང་པོ་བསྡུས་པ་ལས། འདི་ལ་དཀྱིལ་འཁོར་རྣམས་བཤད་པ། །ཐ་དད་སོ་སོ་གསལ་བ་ཡིན། །གང་ལས་ཤེས་རབ་གསལ་འགྱུར་བའི། །དཀྱིལ་འཁོར་བསྟན་པ་ལྷན་ཅིག་སྐྱེས། །ལྟེ་བའི་དཀྱིལ་འཁོར་ནས་བརྩམས་ཏེ། །རབ་ཏུ་འབར་བ་ཆེན་པོ་ཡིན། །ཆོས་ཀྱི་སྐུ་ཡི་འཁོར་ལོ་གང༌། །བཅོམ་པ་གདོང་གཡོགས་ཕྱེ་བར་བརྗོད། །


TNT08_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཆེན་པོ་ནི་མགྲིན་པ་སྟེ། །འདི་ལ་ལན་གསུམ་བཟློག་པར་བཤད། །མེ་མ་ཐལ་མོ་ཡིན་པས་བཤད། །མེ་ཏོག་དོར་བར་གང་གསུངས་པ། །དེ་ནི་འབར་བ་ཉིད་ཡིན་ཏེ། །གང་ལས་དར་རས་ལེགས་བཀབ་པ། མཐོང་བ་བཅིངས་པར་གྱུར་པ་ནི། །གཉིས་མེད་མ་ཡི་ལམ་གང་ཡིན། །ཤིན་ཏུ་བཀག་པར་གྱུར་པའོ། །སྐོར་བ་ཚངས་པའི་མེ་གནས་སུ། །དུང་གི་དབྱིབས་ལ་རྣམ་པར་གནས། །ཕོ་བྲང་ཉམས་དགའ་སྤྲུལ་པ་ཡིན། །བདེ་ཆེན་ཧེ་རུ་ཀ་ཡི་ནི། །གནས་སུ་ཡང་དག་ཤེས་པར་བྱ། །གཞོམ་དུ་མེད་པ་དང་འབྲེལ་བས། །དེ་ཡི་རིགས་ནི་གཉིད་མར་བཤད། །མིང་བསྟན་ཁུ་བ་འབབ་པ་ཡིན། ཁྱིམ་ནི་བྷ་ག་ཞེས་གསུངས་ཏེ། །དཔའ་བོ་ཆེན་པོ་དེར་འགྲོའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། །ཉོན་མོངས་འཇིགས་པས་འཇིགས་པའོ། །ཞེས་སོགས་དཀྱིལ་འཁོར་གྱི་སྦས་དོན་དང༌། ཕུང་པོ་དང་ནི་སྐྱེ་མཆེད་རྣམས། །གང་གི་དབང་དུ་འགྱུར་བ་དང༌། །གང་ཞིག་སྔགས་ཀྱི་ཁྱད་པར་ལས། །རླུང་ནི་འགོག་པར་བཤད་པ་ཡིན། །སྒྲོན་མ་ཉ་ཤ་དང་ནི་ཆང༌། །སུམ་ཅུ་རྩ་གཉིས་ཁམས་ཡིན་ཏེ། །མཚན་མོ་སྣང་བ་མེད་པར་བརྗོད། །གང་ལས་སྐྱེ་མཆེད་བཅུ་གཉིས་ནི། །ལུས་ལ་གནས་པའི་སྒོ་དགུ་པོ། །བརྒྱ་དང་རྩ་བརྒྱད་ལྡན་པའི་རླུང༌། །སྐུ་དང་དེ་བཞིན་གསུང་དང་ཐུགས། །ཐུན་གསུམ་དུ་ནི་མངོན་པར་བརྗོད། །འདི་ལ་ཚངས་པའི་ཡུལ་གྱི་སར། །དཔའ་


TNT08_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྒྲ་ནི་མི་ཆོམས་པ། །ལྔ་བཅུ་རྩ་བཞིར་དག་པའོ། །ཡི་གེ་མང་དང་ལྡན་པའི་ཕྱིར། །མགོ་ནི་བློན་པོར་བརྗོད་པ་སྟེ། །ཉི་ཤུ་རྩ་བཞི་དེ་ལས་འབྱུང༌། །གང་གི་རོ་ནི་སྤྱོད་པའི་ཕྱིར། །ལོངས་སྤྱོད་པ་ནི་རྒྱལ་ཕྲན་ཏེ། ཁམས་ནི་སུམ་ཅུ་གཉིས་སུ་བཤད། །འབྱུང་པོ་ཉི་ཤུ་བྲམ་ཟེ་ལ། །དེ་སྒྲ་རིགས་ཀྱི་གཙོ་བོར་གྲགས། དཔྱིད་དང་ན་ད་ཉིད་ལའོ། །སྐྱེས་གནས་འཁོར་ལོ་རྒྱལ་རིགས་ཏེ། །དབང་ཆེན་དང་ནི་དེ་བཞིན་ཆུ། །སྲེག་ཟ་རླུང་དང་ཟླ་བ་དང༌། །ཉི་མ་ནམ་མཁའ་བདུན་དུ་འདོད། །ནོར་ལ་གསང་བར་སྤྱོད་པའི་ཕྱིར། །དེ་འོག་རྗེ་རིགས་ཡིན་པར་བཤད། །ལྔ་པོ་བདུད་རྩིའི་མིང་ཡིན་ནོ། །དེ་བཞིན་དམངས་རིགས་བར་པ་སྟེ། སྙིང་སྟོབས་རྡུལ་དང་མུན་པ་ནི། །འདི་ལ་སྲེག་བླུགས་བྱེད་པར་བཤད། །རནྚ་གཡུད་མོ་མཐར་སྐྱེས་ནི། །ཐ་མའི་རིགས་སུ་བསྟན་པ་ཡིན། །འདི་ལ་གཅིག་ཏུ་འདྲེས་པའི་ཕྱིར། །སྲེག་བླུགས་གཅིག་ཏུ་བྱ་བར་བཤད། །ཞག་གྲངས་བྱེ་བྲག་གསུངས་གྱུར་པ། །རིག་པའི་བརྟུལ་ཞུགས་དེ་འདོད་དོ། །ཞེས་སོགས་སྦྱིན་སྲེག་གི་ངེས་པས་གསང་རིམ་གྱི་ས་རྣམས་བསྟན་པར་བཤད་དོ།། གཞན་ཡང་རྩ་རྒྱུད་ཀྱི་ལེའུ་སུམ་ཅུ་རྩ་གཅིག་པ་ལ་སོགས་པ་ལེའུ་གསུམ་གྱིས་མཆོད་སྦྱིན་བསྟན་པ་དང༌། ལེའུ་སུམ་ཅུ་རྩ་བཞི་པ་དང་རྩ་ལྔ་པས་སྒོམ་པ་བསྟན་པའི་ངེས་དོན་ཡང་གཞུང་དེ་ལས་རྟོགས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་དང་སྦྱིན་སྲེག་རྒྱས་པར་གསུངས་ཤིང༌། གཞན་རྣམས་མདོ་ཙམ་བསྟན་པ་ལས།


TNT08_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སྔགས་ཀྱི་དེ་ཉིད་གཅིག་པུ་རྒྱས་པར་འཆད་པ་ནི་ལེའུ་དགུ་པ་འདི་ཡིན་ཏེ། རྩ་རྒྱུད་ལས། དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །བྲིས་ནས་ཆོ་ག་བཞིན་དུ་སྔགས། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་རྣམས་ནི་སྒྱུར་བར་བྱ། །བཞི་བཞི་རུ་ནི་ངེས་བྱས་ནས། །ཐུབ་པ་མཆོག་གི་རེ་མིག་ལ། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་སྔགས་བཏུའི་དཀྱིལ་འཁོར་གསུངས་པའི་ངེས་དོན་རྒྱས་པར་སྟོན་པར་བཞེད་ནས། ལེའུ་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུ་ཡི་གསང་སྔགས་ཐམས་ཅད་བཏུ་བའི་འཁོར་ལོ་བརྗོད་པར་བྱའོ། །ཞེས་པ་སྟེ། སྐུའི་གསང་སྔགས་ནི་ལུས་ལ་གནས་པའི་སྔགས་སོ། །འཁོར་ལོ་ཡང་ལུས་ལ་གདོད་མ་ནས་གནས་པ་སྟེ་དོན་དམ་པར་ཆོས་ཉིད་གདོད་མ་ནས་གནས་ལ། ཀུན་རྫོབ་ཏུ་ཡང་ལུས་གྲུབ་ཙམ་ནས་འདི་དག་གདོད་མའི་ཚུལ་གྱིས་གནས་པའོ། །གཉིས་པ་ལེའུ་དངོས་ལ། སྔགས་བཏུའི་དཀྱིལ་འཁོར་གྱི་དག་པ་བཤད། སྔགས་འཐུ་བའི་དག་པ་བཤད། སྔགས་ཀྱི་རྩ་བ་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ནི། དཀྱིལ་འཁོར་གྲུ་གསུམ་ཉམས་དགའ་བ། །རྡོ་རྗེ་ཨ་རལླི་ཞེས་གསུངས། །བཙུན་མོའི་བྷ་ག་ཞེས་པ་སྟེ། །ཆོས་འབྱུང་ཞེས་བྱ་རྣམ་པར་བཤད། །


TNT08_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ནང་སོན་པདྨ་ནི། །འདབ་བརྒྱད་སྙིང་པོ་དང་བཅས་པ། །དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་པོ་རྣམ་པར་གནས། །ཞེས་པ་སྟེ། གསང་བ་ནས་ལྟེ་བའི་བར་དུ་རྩའི་དཀྱིལ་འཁོར་གྲུ་གསུམ་གྱི་གནས་ཡོད་པ་ནི། བདེ་བ་སྐྱེ་བའི་གཞི་ཡིན་པས་ཉམས་དགའ་བ། རྡོ་རྗེ་ནི་རྣམ་པར་རྟོག་པ་འཇོམས་པའི་འོད་གསལ། ཨ་རལླི་ནི་རོལ་རྩེད་དེ་བདེ་བ་ལ་རོལ་བ། དེ་ཉིད་ཀྱིས་བདེ་བ་གཞན་མཐའ་དག་བསྐྱེད་པས་བཙུན་མོའི་བྷ་ག་ཞེས་ཀྱང་བྱ་ལ། བཙུན་མོ་ནི་རྩ་སྟེ། བྷ་ག་ནི་དེའི་ཁོང་སྟོང་གི་སྒོའོ། །དེ་ལྟར་ན་རྩ་མདུད་ཁོང་སྟོང་གྲུ་གསུམ་དེ་ལས་ཡི་གེ་མཐའ་དག་གི་རླུང་འབྱུང་ལ། དེ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ངག་ཚིག་ལུང་གི་ཆོས་མཐའ་དག་འབྱུང་བའི་ཕྱིར་ཆོས་ཀྱི་འབྱུང་གནས་སོ། །ཡང་བརྡའ་ཐབས་ཀྱིས་ཀྱང་བསྟན་པ་ཡིན་ཏེ། འཁོར་བའི་གནས་སྐབས་སུ་མངལ་གནས་ནས། མངལ་སྐྱེས་རྣམས་ཀྱི་ལུས་འབྱུང་བ་ནི། དོན་དམ་དབྱིངས་རྣམ་པར་ཐར་པའི་སྒོ་གསུམ་མམ་བཞི་ལས། འཁོར་འདས་ཐམས་ཅད་སྤྲུལ་པ་མཚོན་ནོ། །དེ་ཡང་གསང་བའི་འཁོར་ལོ་ནི་རྟེན་དང༌། ལྟེ་བའི་འཁོར་ལོ་ནི་བརྟེན་པ་སྟེ་གཉིས་ཀ་ཆོས་འབྱུང་གི་རྣམ་པ་ཡས་མར་དུ་སྦྲེལ་བའོ། །འདི་ནི་མཚོན་བྱེད་དེ་སྙིང་ག་ལ་སོགས་པ་རྩ་འཁོར་ལོ་གཞན་ཐམས་ཅད་ཀྱི་ལྟེ་བར་ཡང༌། ཆོས་འབྱུང་དང་འོག་ནས་འབྱུང་བའི་དོན་ཕལ་ཆེར་འདྲ་བར་གནས་སོ། །ལྟེ་བའི་ཆོས་འབྱུང་དེའི་དབུས་སུ་


TNT08_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་གནས་ལ། དེ་ལ་ཨཱ་ལི་ཀཱ་ལི་འདྲེས་པ་སྟེ་གཉིས་ཆར་འབྱུང་བའི་རླུང་དང་ཐིག་ལེ་གནས་ཏེ། ཨཱ་ལི་ཀཱ་ལི་ནི་སྡེ་ཚན་བརྒྱད་ཀྱི་ཡི་གེ་འདབ་མ་བརྒྱད་ལ་གནས་པའོ། །འདི་ནི་སྔགས་བཏུའི་དཀྱིལ་འཁོར་ཆོས་འབྱུང་གི་དབུས་སུ་པདྨ་འདབ་བརྒྱད་དང༌། འདབ་མ་དང་པོ་ལ་ཨ་སོགས་དབྱངས་ཀྱི་སྡེ། དེ་ནས་གཡས་བསྐོར་གཡོན་སྐོར་གང་ལྟར་ཡང་རུང་སྟེ། གཉིས་པ་ལ་ཀ་སྡེ། གསུམ་པ་ལ་ཙ་སྡེ། བཞི་པ་ལ་ཊ་སྡེ། ལྔ་པ་ལ་ཏ་སྡེ། དྲུག་པ་ལ་པ་སྡེ། བདུན་པ་ལ་ཡ་སོགས་མཐར་གནས། བརྒྱད་པ་ལ་ཤ་སོགས་དྲོ་བ་སྟེ་སྡེ་པ་བརྒྱད་པོ་བཀོད་པ། དེ་ལས་སྔགས་མཐའ་དག་འཐུ་བར་འགྱུར་བས། སྔགས་བཏུའི་གཞི་དཀྱིལ་འཁོར་དེས་མཚོན་པར་བྱེད་དོ། །གཉིས་པ་ནི། སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱིས། །ལས་ཀྱི་ཚོགས་ནི་བྱེད་པ་ཡིན། །ཡི་གེ་རྣམས་ནི་ལྔ་བཅུ་ཉིད། །རིག་བྱེད་སོགས་པར་ཡང་དག་གནས། །སྔགས་རྣམས་ཉིད་དང་རྒྱུད་དག་དང༌། །ཕྱི་རོལ་ཚུལ་གྱི་བསྟན་བཅོས་ནི། །དེ་དག་ཉིད་ཀྱི་རང་བཞིན་ཏེ། །འདི་ལས་གཞན་དུ་ཅུང་ཟད་མེད། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་དག་པ། ལྔ་བཅུ་རྣམས་ཀྱང་ཡང་དག་པར་ནི་བསྟན་པ་སྟེ། རྡོ་རྗེ་ཨ་རལླྀ་ཡི་པདྨར་གནས་པ་རྣམས། །འདབ་མ་བརྒྱད་པོ་སོ་སོར་ཕྱོགས་དང་མཚམས་ལས་གནས། །དེ་ཡི་དབུས་ཀྱི་ཟེ་འབྲུ་ལ། །དབང་ཕྱུག་དམ་པ་ཡོད་པ་ནི། །སྡེ་ཚན་བརྒྱད་པོ་ཉིད་ཀྱིས་


TNT08_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །བསྐོར་བའི་ཡི་གེ་དམ་པ་ཡིན། །ཞེས་ཏེ་དེ་ལྟར་ལྟེ་བ་ན་ཨཱ་ལི་བཅུ་དྲུག་དང༌། ཀཱ་ལི་སོ་བཞི་སྟེ་ལྔ་བཅུའི་ཡི་གེ་གནས་པ་འདི་ལས། རིག་བྱེད་བཞི་དང་སོགས་ཁོངས་ནས་ཕྱི་རོལ་པའི་སྔགས་རྒྱུད་རྣམས་དང༌། དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱུད་དེ། སྔགས་ཀྱི་ཆོ་ག་འབྲས་བུར་བཅས་པ་དག་དང༌། སྔགས་ཀྱི་ཐེག་པ་ལས་ཕྱི་རོལ་མདོ་དང༌། སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི། བསྟན་བཅོས་བཅུ་བཞི་ལ་སོགས་པ་ཐམས་ཅད་ཨཱ་ལི་ཀཱ་ལི་ཁོ་ནའི་རང་བཞིན་ཡིན་གྱིས་གཞན་མེད་དོ། །ཡི་གེ་འདི་རྣམས་སྔགས་ཀྱི་རྣམ་པར་གྱུར་ནས། ལུས་ཅན་རྣམས་ལ་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཐམས་ཅད་བྱེད་དོ། །སྡེ་ཚན་བརྒྱད་པོ་རྣམ་པར་གནས་ཞེས་པ་དེ་ཉིད་གསལ་བར་བསྟན་པ་ནི། ཨ་ཀ་ཙ་ཊ་ཞེས་སོགས་ཏེ། འདིར་སྡེ་དག་པ་ཞེས་པའི་དག་པའི་དོན་ནི། སྡེ་བརྒྱད་པོ་དག་གི་ཡི་གེ་འདི་པ་རྣམས་ཞེས་པའི་དོན་ཡིན་པས་ཁ་ཅིག་རྣམ་པར་དག་པ་དང༌། སྡེ་དགའ་བ་ཞེས་འདོན་ཞིང༌། དེ་དང་དེར་འབྲུ་གཉེར་བ་ནི་ཡིག་ནོར་ཐལ་བའོ། །ཚིག་དེས་འདབ་བརྒྱད་ཀྱི་ཕྱོགས་མཚམས་ན་གནས་པའི་ཡི་གེ་ལྔ་བཅུ་དངོས་སུ་བསྟན་ལ། ལུས་ལ་ལྟེ་བའི་ནང་སྐོར་གྱི་འདབ་བརྒྱད་ལའང་དེ་རྣམས་མཚོན་པའི་ཡི་གེ་བརྒྱད་བསྟན་ཞིང༌། དབུས་ཀྱི་ཟེ་འབྲུ་ལ་དབང་ཕྱུག་དམ་པ་ཨ་ཐུང་ཡོད་དེ། དེ་ནི་སྡེ་བརྒྱད་ཀྱི་འཁོར་གྱིས་བསྐོར་བའི་ཡི་གེ་


TNT08_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའོ། །རྡོ་རྗེ་ཨ་རལླི་ཡི་པདྨ་ཞེས་པ་ནི་རྡོ་རྗེ་རླུང་དང་ཐིག་ལེ་རོལ་བའི་གནས་རྩའི་པདྨ་སྟེ་སྐབས་འདིར་ལྟེ་བའོ། །དེ་རྣམས་ཀྱི་འདི་སྐད་ཅེས་སྟོན་དེ། ལྟེ་བར་ཡི་གེ་མཐའ་དག་འབྱུང་བའི་གཞིའི་ཐིག་ལེ་རྣམས་རླུང་གིས་སྐྱོད་ཅིང༌། ནུས་པ་རླུང་ལ་སྨིན་ནས། སྙིང་གའི་རྣམ་རྟོག་གི་བརྗོད་པས་རྐྱེན་བྱས་ནས་བསྐུལ་ཏེ་མགྲིན་པ་ནས་སོང་བས། བསྟན་བཅོས་སྣ་ཚོགས་སོགས་ངག་གི་བརྗོད་པ་མཐའ་ཡས་པར་གྱུར་ནས་བྱ་བ་བྱེད་ལ་གསང་སྔགས་བཟླས་བརྗོད་དུ་གྱུར་ནས། ལས་དང་དངོས་གྲུབ་འགྲུབ་པ་ནི་སྔགས་བཏུས་པའི་མཚོན་དོན་ཡིན་ནོ། །དེ་དག་ནི་སྤྱི་འགྲོའི་དབང་དུ་བྱས་ཏེ་བཤད་པ་ཡིན་ལ། ཡང་གྲུ་གསུམ་ནི་ཤེས་རབ་ཀྱི་བྷ་གཟླུམ་པོའི་དཀྱིལ་འཁོར་ནི་ཕྱེད་ཐབས་ཀྱི་ནོར་བུ་དང༌། ཕྱེད་ཤེས་རབ་ཀྱི་ཟེ་འབྲུ་སྟེ་ཁ་སྦྱོར་དུ་གནས་པ་ཡིན་ལ། འདབ་བརྒྱད་ཡིག་འབྲུ་དང་བཅས་པ་ནི་དེར་གནས་པའི་རྩ་ཡིག །འཁོར་ལོ་ཐམས་ཅད་ཀྱི་རྩ་རླུང་ཐིག་ལེ་བསྐྱེད་པར་བྱེད་པའོ། །ཨ་ཡིག་ནི་དེར་ཞུ་བདེ་ལྷན་སྐྱེས་ཁ་སྦྱོར་དུ་མྱོང་བའི་ཡེ་ཤེས་ཏེ། ཆགས་ལམ་ཁོ་ན་ལྟར་བཤད་པའོ། །དེ་ཡང་གྲུ་གསུམ་དཀྱིལ་འཁོར་སོགས་ཀྱིས་སྔགས་མ་བསྡུས་གོང་གི་དཀྱིལ་འཁོར་ཙམ་དང༌། ཨ་ཀ་ཙ་ཊ་སོགས་ཀྱིས་སྔགས་འཐུ་བཞིན་པའི་དཀྱིལ་འཁོར་བསྟན་ནོ། །གསུམ་པ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེའི་འདྲེན་པ་སྟེ། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །དེ་ཉིད་ལས་ནི་བྱུང་བ་ཡིན། །གང་


TNT08_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རལ་གྲི་དང་ནི་མིག་སྨན་རྐང་བ་བྱུག་པ་རི་ལུ་ས་འོག་གནོད་སྦྱིན་མོ། །འཇིག་རྟེན་གསུམ་གྱི་ཁོངས་ན་གནས་པའི་མདོ་རྒྱུད་རྟོགས་ནས་ལས་ཀྱི་རྗེས་འགྲོ་དངོས་གྲུབ་དང༌། །གང་ཞིག་ཐམས་ཅད་དུ་ནི་རྫུ་འཕྲུལ་ཆེ་བ་རང་གནས་འདོད་པའི་བདེ་བ་ལྔ་ལྡན་པ། །དེ་དག་སྡེ་ཚན་བརྒྱད་ཀྱི་ནང་སོན་དབྱངས་མཆོག་སྡེ་ཚན་བདག་ཉིད་ནས་ནི་འབྱུང་བར་བྱེད། །ངག་གི་རབ་འབྱམས་གང་འགའ་ཞིག །སྐྱེ་བོ་རྣམས་ཀྱི་རྟོགས་བྱེད་པ། །དེ་དག་ཐམས་ཅད་སྔགས་ཀྱི་ཚུལ། །དེ་ཉིད་ལས་ནི་རབ་ཏུ་སྐྱེས། །ན་ད་སྔགས་ཞེས་སྨྲས་པ་སྟེ། །ལུས་ཅན་རྣམས་ནི་ཐམས་ཅད་ཀྱིས། །སྣ་ཚོགས་མདུད་པ་གནས་ཆེན་ལས། །ཆོས་ཀྱི་རལླྀ་རྣམ་པར་འབྱུང༌། །དངོས་གྲུབ་དོན་དུ་རྣམ་གནས་པའི། །སྔགས་ནི་ངེས་པ་འགའ་ཡང་མེད། །མ་སྐྱེས་པ་ཡི་རང་བཞིན་ནི། །སྔགས་ཏེ་སྡེ་ཚན་དབང་ཕྱུག་མཆོག །ཀུན་རྫོབ་ཏུ་ཨ་ཐུང་ནི་ཡིག་འབྲུ་ཀུན་གྱི་མཆོག སྡེ་ཚན་ཐམས་ཅད་ཀྱི་དབང་ཕྱུག་གམ་འདྲེན་པའམ་དམ་པ་ཞེས་བྱ་སྟེ། ཡི་གེ་ཐམས་ཅད་ཀྱི་ཁོང་ན་ཡོད་པ་དང༌། འདི་མ་བརྗོད་པར་གསལ་བྱེད་རྣམས་བརྗོད་མི་ཐུབ་པའི་ཕྱིར། ཡི་གེ་ཐམས་ཅད་གསལ་ཞིང་མཛེས་པར་བྱེད་པས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ཏེ། དེ་ཡང་ཨི་ལ་སོགས་པ་དབྱངས་གཞན་རྣམས་ནི་ཨ་ཐུང་གི་རྣམ་འགྱུར་ཡིན་ལ། དབྱངས་མེད་པར་གསལ་བྱེད་ནི་བརྗོད་མི་ཤེས་པའི་ཕྱིར་རོ། །དེ་ཉིད་ནང་ལ་སྦྱར་ན་


TNT08_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་གནས་པའི་རླུང་དང་ཡི་གེ་མཐའ་དག་ལྟེ་བའི་ཨ་ཡིག་ལས་བྱུང་བའི་དོན་ཡིན་ཞིང༌། མཐར་ཐུག་གི་ངེས་དོན་དུ་ཡང་སྐྱེ་མེད་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བའམ། རང་བཞིན་གཞོམ་མེད་ཀྱི་དབྱངས་ལས། རྣམ་པ་ཐམས་ཅད་པའི་གསུང་འབྱུང་བ་ཡིན་ལ། ཐུན་མོང་གི་ངེས་དོན་ལྟར་ན། སྐྱེ་མེད་ཀྱི་རང་བཞིན་ལས། སྒྲ་རྟོག་སོགས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འཆར་བའི་དོན་ནོ། །དཻས་ན་དོན་ཆེན་ཞེས་པ་ནི། སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་དོན་ནོ། །ཇི་སྐད་དུ། མཆོག་ཏུ་མི་འགྱུར་གཅིག་པུ་པའི། །ངོ་བོ་ཉིད་ཀྱི་སྔགས་ཀྱིས་ཏེ། །དེ་ཡོངས་ཤེས་པ་ཙམ་གྱིས་ནི། །སྔགས་རྣམས་འདིར་ནི་ལས་བྱེད་དོ། །ཞེས་དང༌། དེ་ཉིད་ཕྱིར་ན་སྔགས་རྣམས་ནི། །ཡི་གེའི་རང་གཟུགས་སུ་མི་འདོད། །གང་ཕྱིར་རྩ་ཡང་འཁྱོག་པོར་ནི། །བྱེད་པ་ཙམ་དུ་མི་ནུས་སོ། །ཞེས་པ་ལྟར་སྔགས་ཐམས་ཅད་ཀྱང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཨ་ཡིག་ཏུ་འདུས་སོ། །འདི་ལས་དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན་ཏེ། རལ་གྲི་ལ་སོགས་པ་ཕྱག་མཚན་གྱི་དངོས་གྲུབ་དང༌། མིག་སྨན་སོགས་མི་སྣང་བ་དང༌། རྐང་པ་བྱུར་པ་རྐང་མགྱོགས་དང༌། ཞིང་ཁམས་གཞན་དུ་འགྲོ་ནུས་པ་རི་ལུ་དང༌། གཏེར་དང་ལྷ་མིན་གྱི་སྒོར་འཇུག་པ་སོགས་ས་འོག་དང༌། དངོས་གྲུབ་གཞན་ཡང་སྟེར་བ་གནོད་སྦྱིན་མོ་སྟེ། རྐང་པ་དང་པོས་དངོས་གྲུབ་དྲུག་བསྟན་ལ། འགྲེལ་ཆེན་ལས། ཞི་སོགས་


TNT08_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཙམ་གྱིས་འགྲུབ་པ་འཇིག་རྟེན་གསུམ་ཁོངས་སུ་རྒྱུ་བའི་དངོས་གྲུབ་དང་དངུལ་ཆུའི་ལས་ཀྱི་རྗེས་འགྲོ་སྟེ་དངོས་གྲུབ་བརྒྱད་དུ་བཤད་ཅིང༌། དེ་དང་མཐུན་པར་རྐང་པ་གཉིས་པའི་ཐད་འདིར་འབྲོག་འགྱུར་ལས། འཇིག་རྟེན་གསུམ་གྱི་ཁོངས་སུ་འཁོར་བ་དང༌། །དངུལ་ཆུར་གྱུར་པའི་ལས་ཀྱི་རྗེས་སུ་འགྲོ་བ་དང་ཞེས་འབྱུང་ཞིང༌། མགོས་འགྱུར་ལས་ཀྱང༌། འཇིག་རྟེན་གསུམ་གྱི་ཁོང་རྒྱུ་དང༌། །དངུལ་ཆུ་ལས་ཀྱི་རྗེས་འགྲོ་འགྲུབ། །ཅེས་འབྱུང་བ་ལྟར་ན། རོ་བཅུད་ཆེན་པོ་དངུལ་ཆུའི་དངོས་གྲུབ་བགྲོང་བར་སྣང་ཞིང༌། འོན་ཀྱང་དཀྱུས་ཀྱི་འགྱུར་ལྟར་ན། འཇིག་རྟེན་གསུམ་གྱི་ཁོང་ན་ཡོད་པའི་ལས་ཚོགས་དང༌། དངོས་གྲུབ་ཀྱི་རིགས་ཐམས་ཅད་དང༌། མདོ་ཡང་ཡིན་རྒྱུད་ཀྱང་ཡིན་པ་རྒྱུད་སྡེ་བཞི་ནི། མདོ་རྒྱུད་དེ་དེ་དག་དང་རྟོག་པ་རྣམས་ནས་གསུངས་པའི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་ཅེས་བཤད་དགོས་སོ། །གཞན་ཡང་རིག་པ་འཛིན་པའི་ལུས་འགྲུབ་པར་འགྱུར་ཏེ། རང་གི་གནས་དམ་པ་གཞལ་མེད་ཁང་བཟང་ན་འདོད་པའི་ཡོན་ཏན་ལྔ་མཆོག་ཏུ་གྱུར་པ་དང་ལྡན་ཞིང༌། ཐམས་ཅད་དུ་རྫུ་འཕྲུལ་ཆེ་བར་གྲགས་པའི་ལུས་སུ་ཡང་འགྱུར་ཏེ། ཚངས་པ་དང༌། དྲག་པོ་དང༌། དབང་པོ་དང༌། རྟོགས་འདོད་ལ་སོགས་པ་རྣམས་ཀྱང་ཟིལ་གྱིས་གནོན་པར་འགྱུར་རོ། །འཇིག་རྟེན་གསུམ་སོགས་ལ། ཏྲཻ་ལོ་ཀྱ་དར་བརྟི་སུ་ཏ་ཀ་ག་ཏཱཿ ཀརྨ་ནུ་གཱཿ སིདྡྷི་ཡཿ ཞེས་རྒྱ་དཔེ་འགའ་ཞིག་ལས་འབྱུང་སྟེ། སཱུ་ཏ་ཀ་


TNT08_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་ཆུ། ག་ཏཱཿ གྱུར་པའི་དོན་ཡིན་པས་འབྲོག་འགོས་ཀྱིས་དེ་ལྟར་བསྒྱུར་ལ། དཔེ་གཞན་ལས། སཱུ་ཏྲ་ཀལྤ་སྠཿ ཞེས་འབྱུང་བས་མདོ་རྒྱུད་རྟོག་གནས་སུ་བསྒྱུར་ཏེ། སཱུ་ཏྲ་མདོ་སྟེ་རིག་སྔགས་ཀྱི་ཆོ་ག་སྟོན་པས་མདོ་རྒྱུད་དུ་དོན་འགྱུར་བྱས། ཀལྤ་ནི་རྟོག་པ། སྠཱ་ནི་གནས་པའོ། །དངོས་གྲུབ་དེ་དག་ཐམས་ཅད་སྡེ་ཚན་བརྒྱད་ཀྱིས་དབུས་ན་ཡོད་པའི་དབྱངས་ཀྱི་མཆོག་ཨ་ཡིག་ཡི་གེ་ཐམས་ཅད་ཀྱི་སྲོག་གི་བདག་ཉིད་འདི་སྒོམ་པ་ལས་འབྱུང་ངོ༌། །གཞན་ཡང་སྐྱེ་བོ་རྣམས་ཕན་ཚུན་དུ་བརྗོད་པས་གོ་བར་འགྱུར་བའི་ངག་རབ་འབྱམས་ཐམས་ཅད་སྔགས་ཡིན་ལ། སྔགས་ཐམས་ཅད་ཨ་ཡིག་ལས་སྐྱེའོ། །ཡང་ན་ད་ནི་སྔགས་ཞེས་བརྗོད་དེ་ཨ་ཡིག་དེ་ཉིད་ཟླ་ཕྱེད་ཐིག་ལེ་ན་ད་དང་བཅས་པའི་ངེས་དོན་ལེའུ་དང་པོར་བཤད་པ་དེ་ཀུན་རྫོབ་ཏུ་ལུས་ཅན་རྣམས་ཀྱི་ལྟེ་བར་གནས་ཏེ། དེའི་སྒྲ་ལས་གཞི་དུས་སུ་འདོད་པའི་དགའ་བ་ལ་སོགས་པ་ཆོས་ཀྱི་ཨ་རལླྀ་དང༌། ལམ་དུས་སུ་བརྟན་གཡོ་ཐམས་ཅད་ཀྱི་སྒྲ་སྐད་དང་རྒྱུ་རྐྱེན་ཤེས་པ་སོགས་དང༌། འབྲས་དུས་སུ་ཆོས་འཁོར་བསྐོར་བའི་ཆོས་ཀྱི་རལླྀ་རྣམས་འབྱུང་ངོ༌། །དེ་ལྟར་ཡང༌། དགའ་བ་སྐྱེས་པའི་དུས་སུ་ནི། །སྔོན་དུ་བཟུང་བ་གང་ཞིག་སྨྲ། །གསལ་དང་མི་གསལ་རང་བཞིན་ཏེ། །ན་ད་འདི་ནི་སྔགས་སུ་བཤད། །དགའ་དང་གྲོ་དང་རྨི་ལམ་དང༌། །བརྒྱལ་དང་འཆི་དང་སྐད་ཅིག་དང༌། །སད་དང་དགའ་བའི་དུས་སུ་ནི། །སྒྲ་འདི་ཉིད་ནི་


TNT08_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པར་འགྱུར། །ཞེས་གསུངས་སོ། །སྣ་ཚོགས་མདུད་པ་ཞེས་བྱ་བ་ནི་ལྟེ་བ་སྤྲུལ་འཁོར་གྱི་མས་སྣ་སྟེ། རོ་རྐྱང་སོགས་རྩ་སྣ་ཚོགས་འདུས་པའི་མདུད་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་ལ། དོན་གྱི་འཁོར་ལོའི་ལྟེ་བ་མཐའ་དག་ལ་གོ་བར་ནུས་སོ། །ཡང་དག་པ་མཆོག་གི་དངོས་གྲུབ་ཀྱི་དོན་དུ། རྣམ་པར་གནས་པ་སྟེ་ངེས་པར་དགོས་པ་ལ། སྤྲོས་པའི་སྔགས་ཀྱི་ནི་བསྙེན་པ་དང་བགྲང་འཕྲེང་ལ་སོགས་པའི་ངེས་པ་འགའ་ཡང་མེད་དོ།། མ་སྐྱེས་པའི་རང་བཞིན་དོན་དམ་པའི་ཨ་ཡིག་འདི་ཁོ་ན་སྔགས་ཏེ། སྡེ་ཚན་བརྒྱད་ཀྱིས་མཚོན་པའི་རྩ་རླུང་ཐིག་ལེའི་ཡེ་ཤེས་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར། འདི་ཉིད་དབང་ཕྱུག་དང་མཆོག་གོ །དགོངས་པ་ལུང་སྟོན་ལས་ཀྱང༌། དང་པོ་གཅིག་བུ་དགུ་དབུས་ན། །གང་ཞིག་བཅུ་ཡི་མ་བཅིངས་པ། །དེ་ནི་བཅིངས་མེད་ཞེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །ཞེས་གསུངས་སོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས། སྔགས་བཏུ་བ་བཤད་པ་རྒྱས་པར་བསྟན་པ་སྟེ་དགུ་པའོ། །ཞེས་ཏེ་གོ་བར་ཟད་དོ།། །།དེ་ལྟར་བར་གྱི་ལེའུ་བརྒྱད་ཀྱི་གཞི་ལམ་འབྲས་བུའི་སྒོ་ནས་རྒྱས་པར་བཤད་ཟིན་ཏེ། ད་ནི་རྩ་བའི་ས་བཅད་གསུམ་པ་མ་ཚང་ཁ་སྐོང་གི་སྒོ་ནས་དོན་བསྡུ་བ་ལ། དང་པོར་ལེའུ་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་གསུམ་གྱི་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་རབ་


TNT08_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཤད་པར་བྱའོ། །ཞེས་པ་སྟེ། གང་ཡང་རུང་བའི་སྐུའི་ཞེས་པ་ནི། རྩ་འཁོར་བཞི་སོགས་ལུས་ལ་གནས་པའི་སྐུ་གསུམ་ཞེས་པའོ། །སྐུ་གསུམ་གྱི་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ནི། སྐུ་བཞི་པ་བདེ་བ་ཆེན་པོའི་སྐུ་དེ་ཉིད་སྐུ་གསུམ་ཆར་ལ་ཁྱབ་ཅིང་གསུམ་ཡང་དེར་འདུས་ཞེས་པའི་དོན་ནོ། །དེ་ཡང་གོང་དུ་དཀྱིལ་འཁོར་ནས་སྔགས་ཀྱི་བར་ལུས་ལ་ཚང་བར་བཤད་ན། འབྲས་བུ་སྐུ་གསུམ་ཇི་ལྟ་བུ་ཞེ་ན། དེ་ཡང་ཚང་ངོ་ཞེས་ལེའུའི་འགྲེལ་དང༌། དོན་གྱི་སྤྱི་ཁོག་ནས་འབྲས་དུས་ཀྱི་སངས་རྒྱས་ལུས་ལ་གནས་པར་སྟོན་ཚུལ་ཡིན་ཡང༌། གཞུང་གི་ཚིག་དོན་གྱིས་ནི་གཞི་དང་ལམ་གྱི་གསང་བའི་སྐུ་གསུམ་མམ་སྐུ་བཞི་གཙོ་བོར་འཆད་ཅིང་དེས་ན་སྐུ་གསུམ་གྱི་ངོ་བོ་བདེ་བ་ཆེན་པོ་ཞེས་པ། ལམ་གྱི་ཡེ་ཤེས་ལ་སྐུ་གསུམ་སོགས་ཀྱི་རྣམ་གཞག་སོ་སོར་བྱས་ཀྱང་བདེ་བའི་ཡེ་ཤེས་སུ་ངོ་བོ་རིགས་གཅིག་ཞེས་པའི་དོན་ནོ། །གཞི་དང་ལམ་གྱི་སྐུ་བཞི་ཇི་ལྟར་སྟོན་སྙམ་ན། སྤྱི་བོ་ལྟེ་བ་སོགས་ཀྱིས་འཁོར་ལོ་བཞིའི་སྐུ་བཞི་དང༌། རྩ་གསུམ་གྱིས་སྐུ་གསུམ་སྟོན་པས་གཞི་དུས་གཙོ་ཆེ་ལ། གང་ཚེ་མགྲིན་པར་སོགས་ཀྱིས་ཡེ་ཤེས་ཀྱི་རིམ་པ་དང་གསང་བའི་རིམ་པའི་སྐུ་གསུམ་བསྟན་ཞིང༌། འདིའི་ཤེས་རབ་ལྷན་ཅིག་སྐྱེས་སོགས་ཀྱིས་ལམ་དུས་ཀྱི་ཆོས་སྐུ་སྔགས་ཀྱི་རིམ་པ་རྒྱས་པར་བཤད་དོ། །གསང་བ་ཞེས་བྱ་ས་ཡི་ཁམས། །ཞེས་པ་ནས་ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས་ཞེས་པའི་བར་གྱིས་


TNT08_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་གསང་བ་དག་ལམ་གྱི་གསང་བ་ལྷན་ཅིག་ཏུ་བསྟན་ནོ། །གཞུང་དངོས་ལ། རྩ་གསུམ་འཁོར་ལོའི་བཞིའི་གནས་ཚུལ་རྒྱས་པར་བཤད་པ། སྐུ་བཞི་ཡེ་ཤེས་ལྔའི་ལམ་འབྲས་རྒྱས་པར་བཤད་པའོ། །དང་པོ་ནི། སྔར་རྩ་རྣམས་ཀྱི་རང་བཞིན་དང་བྱེད་ལས་ཀྱི་གནས་ཚུལ་རྒྱས་པར་བཤད་ཀྱང༌། ཡི་གེ་འགོད་ཚུལ་དང་འཁོར་ལོའི་རྩ་འདབ་ཀྱི་གྲངས་རྣམས་མ་བཤད་པ་འདིར་ཁ་སྐོང་བ་སྟེ། སྤྱི་བོ་ལྟེ་བར་གནས་འཁོར་ལོ། །ཨེ་ཡི་རྣམ་པར་ཡང་དག་གནས། །སྙིང་དང་མགྲིན་པར་ལེགས་གནས་པ། །བཾ་ཡིག་འདྲ་བར་འདོད་པའོ། །དེ་ཡང་ཨེའི་རྣམ་པ་ནི་ཁོང་སྟོང་དང་གྲུ་གསུམ་ཡིན་ལ། བཾ་ཡིག་འདྲ་བ་ནི་ཟླུམ་པོ་འབུར་པོར་འདོད་པ་སྟེ། རྒྱ་གར་གྱི་ཡི་གེ་ལ་ཨེ་གྲུ་གསུམ་དང༌། བཾ་གྱི་ལྟེ་བ་ཟླུམ་པོར་ཡོད་པའི་བརྡས་བསྟན་ནོ། །དེ་ཡང་འཁོར་ལོ་དེ་རྣམས་ཀྱི་ལྟེ་བའི་དབུས་ན་གནས་པའི་རྩ་མདུད་ཀྱི་རྣམ་པར་གཙོ་བོར་བསྟན་པར་ཡིན་ལ། སྔགས་བཏུའི་དཀྱིལ་འཁོར་གྱི་སྐབས་ལྟར་འཁོར་ལོའི་ཕྱི་དབྱིབས་ལ་ཡང་ཅུང་ཟད་སྦྱར་རོ། །ཡང་ལྟེ་བའི་བརྡས་ཤེས་རབ་ཀྱི་པདྨ་དང༌། སྙིང་གའི་བརྡས་ཐབས་ཀྱི་རྡོ་རྗེ་ཨེ་བཾ་དུ་བསྟན་པ་དང༌། སྤྱི་བོའི་བརྡས་རྡོ་རྗེ་ནོར་བུའི་འཁོར་ལོ་ཨེ་དང༌། མགྲིན་པའི་བརྡས་པདྨའི་སྣ་རྩེ་བཾ་ཡིག་ཏུ་བསྟན་ཏེ། གང་འདི་དག་ཐམས་ཅད་ལ་བཾ་ཡིག་ཨེ་ལ་མཉམ་པར་སྦྱོར་བ་དང༌། ཨེ་ལས་འབར་ཞིང་བཾ་ཡིག་ཞུ་བའི་འབར་འཛག་གི་རྣམ་གཞག་རེ་ཡང་ཀུན་


TNT08_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོ་བར་བྱའོ། །དེས་འཁོར་ལོའི་དབྱིབས་བསྟན་ནས། འདབ་མའི་གྲངས་སྟོན་པ་ནི། ལྟེ་བའི་ནང་གནས་པདྨ་ནི། །འདབ་མ་དྲུག་ཅུ་རྩ་བཞིར་ལྡན། །པདྨ་འདབ་མ་སུམ་ཅུ་གཉིས། །སྤྱི་བོའི་ནང་དུ་རྣམ་པར་གནས། །མགྲིན་པའི་ནང་དུ་གནས་པ་ཡང༌། །པདྨ་འདབ་མ་བཅུ་དྲུག་གོ །དེ་བཞིན་དུ་ནི་སྙིང་ཉིད་དུ། །པདྨ་འདབ་མ་བརྒྱད་དུ་བརྗོད། ཅེས་པ་སྟེ་གོ་སླའོ། །འཁོར་ལོ་བཞི་པོ་དེ་སྐུ་བཞིའི་དག་པ་ཅན་དུ་བསྟན་པ་ནི། འདབ་མ་དྲུག་ཅུ་རྩ་བཞི་ཉིད། །སྤྲུལ་པ་རུ་ནི་ཡོངས་སུ་གྲགས། །པདྨ་ཆེན་པོ་འདབ་བརྒྱད་པར། །ཆོས་ཀྱི་སྐུ་ནི་རབ་ཏུ་གནས། །བཅུ་དྲུག་འདབ་མ་ལོངས་སྤྱོད་དེ། །དེ་བཞིན་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་ཡེ་ཤེས་ཆེན་པོ་རུ། །ཀུན་ནས་རྣམ་པར་གནས་པའོ། །དེ་ཡང་ལྟེ་བའི་སྤྲུལ་པའི་འཁོར་ལོ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང༌། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ཞེས། རང་རང་གི་མིང་གི་དག་པ་བསྟན་པར་འགྱུར་ཏེ། དེ་ལྟར་ཡང༌། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་དབུས་སུ་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཅེས་གསུངས་པ་ལྟར། ལྟེ་བའི་རྩ་ཐིག་རླུང་གསུམ་ལམ་དུ་མ་བྱས་པའི་གནས་སྐབས་ན། སད་དུས་ཀྱི་སྣང་བ་རགས་པ་བསྐྱེད་ཅིང་ལམ་དུ་བྱས་པའི་ཚེ། བྱ་བྱེད་ལས་གསུམ་གྱི་སྣང་


TNT08_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྒྱུ་མ་ལྟ་བུར་རྟོགས་པ་ལམ་དུས་ཀྱི་སྤྲུལ་སྐུ་དང༌། རྩ་ཁམས་དེ་རྣམས་རྣམ་པར་དག་པའི་མཐར་ཐུག་པ་ན། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་མངོན་དུ་འགྱུར་བ་ཡིན་པས། སྤྲུལ་འཁོར་གྱི་རང་བཞིན་སྤྲུལ་སྐུ་གནས་ཞེས་བཞག་གོ །དེ་བཞིན་དུ་གཞན་གསུམ་ལའང་སྦྱར་ནས། སྙིང་གས་གཞི་དུས་ན་གཉིད་མཐུག་པོ་སོགས་ཤིན་ཏུ་རྨོངས་པ་དང༌། ལམ་དུས་ན་སྟོང་ཉིད་མི་རྟོག་པ་དང༌། འབྲས་དུས་ཆོས་སྐུ་དང་སྦྱོར་བས་ཆོས་སྐུར་གནས་པ་དང༌། མགྲིན་པས་གཞི་དུས་ན་གཉིད་དང་བར་དོ་སོགས་རླུང་སེམས་ཕྲ་མོའི་འཁྲུལ་སྣང་དང་ལམ་དུས་སུ་ལྷ་སྐུ་སོགས་ཀྱི་གསལ་སྣང་དང༌། འབྲས་དུས་ལོངས་སྐུ་དང་སྦྱོར་བའི་ཕྱིར། མགྲིན་པ་ལོངས་སྐུར་གནས་པ་དང༌། སྤྱི་བོར་གཞི་དུས་གཉིས་སྦྱོར་གྱི་ཆགས་རྟོག་དང༌། ལམ་དུས་སུ་ཞུ་བདེ་དང༌། འབྲས་དུས་བདེ་བ་ཆེན་པོའི་སྐུ་དང་སྦྱོར་བས་སྤྱི་བོ་ན་བདེ་ཆེན་གྱི་སྐུ་གནས་པའོ། །དེ་ནས་འཁོར་ལོ་བཞི་ལ་ཡིག་འབྲུ་འགོད་ཚུལ་བསྟན་པ་ནི། སྤྲུལ་པ་དེ་ལ་དབུས་སུ་ནི། །སྡེ་ཚན་བརྒྱད་པོས་བསྐོར་བ་ཡི། །ཡིག་འབྲུ་རྣམས་ཀྱི་ངོ་བོ་མཆོག།ཨ་ཞེས་ཡི་གེ་དམ་པ་ཡིན། །ཆོས་ཀྱི་འཁོར་ལོར་རྣམ་གྲགས་པ། །ཧཱུཾ་ཞེས་གཞོམ་དུ་མེད་པར་འདོད། །དབྱངས་ཡིག་ལྔ་དང་ཡང་དག་ལྡན། །ཡ་ར་ལ་ཝས་རྣམ་པར་བརྒྱན། །ལོངས་སྤྱོད་འཁོར་ལོའི་དབུས་གནས་པ། །ཨོཾ་ནི་ཡིག་འབྲུ་གསལ་བྱེད་པ། །ཆ་ནི་བཞི་པོ་


TNT08_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང༌། །ཀུན་ནས་ཡོངས་སུ་བསྐོར་བ་ཡིན། །བདེ་ཆེན་འཁོར་ལོ་ཆེན་པོ་ལ། །ཧཾ་ཡིག་ཐིག་ལེའི་གཟུགས་ཅན་ནོ། །སྡེ་ཚན་བརྒྱད་པོས་བསྐོར་བ་ནི། དབྱངས་གསལ་གྱི་ཡི་གེ་ཐམས་ཅད་ཡོད་པའི་དོན་ནོ། །ཡིག་འབྲུ་རྣམས་ཀྱི་ངོ་བོ་ཞེས་པ་ནི་རྩ་བ་ཡིན་པའི་དོན་ཏེ་འཁོར་ལོའི་ལྟེ་བ་ན་གནས་པའི་ཨ་ཡིག་གོ །གཞོམ་དུ་མེད་པ་ནི་ཐུགས་རྡོ་རྗེ་རྣམ་པར་རྟོག་པས་མི་ཕྱེད་པ་སྟེ་མི་ཤིགས་པའི་གཞོམ་དུ་མེད་པའི་ཐིག་ལེའོ། །དབྱངས་ཡིག་ལྔ་ནི་ན་ད་དང་ཨ་ཨི་ཨུ་ཨེ་ཐུང་ངུ་བཞིའོ། །ཡ་ར་ལ་ཝ་ནི་མཚམས་བཞིའོ། །གསལ་བར་བྱེད་པ་ནི་ཡེ་ཤེས་ལྔ་དང་ལྡན་པ་ཞེས་འཆད་ཀྱང༌། དམར་པོ་མེའི་རང་བཞིན་ནི་གསལ་བའོ། །ཆ་བཞི་ནི་ཨཱ་ཨི་ཨཱུ་ཨཻ་སྟེ་རིང་པོ་བཞིའོ། །འདིའི་ཕྱི་སྐོར་ལ་ནི་དབྱངས་བཅུ་གཉིས་སོ། །ཐིག་ལེའི་གཟུགས་ཅན་ནི་ཐིག་ལེའི་རང་བཞིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་ཆུབ་སུམ་ཅུ་གཉིས་དང་ལྡན། །ཞེས་རྩ་འདབ་སོ་གཉིས་ལ་བྱང་ཆུབ་སེམས་ཀྱི་ཡི་གེ་སོ་གཉིས་འགོད་པ་བསྟན་ལ། བྱང་སེམས་ཀྱི་སྒྲ་ནི་གཙོ་བོར་ཁམས་དཀར་པོ་ལ་འཇུག་པས་དཀར་པོའི་རང་བཞིན་དབྱངས་བཅུ་དྲུག་གཉིས་འགྱུར་རོ། །དེ་ལྟར་ན་ཐིག་ལེའི་རང་བཞིན་ནི་བྱང་སེམས་སོ་གཉིས་ཀྱི་རང་བཞིན་ཡིན་པ་སྟེ། ཐིག་ལེའི་གཟུགས་ཅན་ཞེས་པས། འདབ་མའི་ཡིག་འབྲུ་ཡང་ཟུར་གྱིས་བསྟན་ནོ། །དེའི་འོག་ཏུ་རྩ་གསུམ་གྱི་


TNT08_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཞག་པ་འཆད་པ་ལས། རོ་རྐྱང་གཉིས་རྒྱས་པར་བསྟན་པར་བཞེད་ནས། དང་པོར་རྩ་དེ་གཉིས་ལས་ཁམས་འབབ་ཚུལ་བསྟན་པ་ནི། གཡོན་དང་གཡས་པའི་ངོས་སུ་ནི། །ཟླ་བ་ཉི་མ་རྣམ་གྲགས་པ། །མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། །ལྟེ་བའི་དབུས་སུ་ངལ་གསོ་ཞིང༌། །འོག་ཏུ་ཁ་ལྟས་མྱོས་བྱེད་འབབ། །ལྟེ་བ་ལས་ཏེ་རྩ་གང་ཞིག །དེ་བཞིན་སྟེང་དུ་ཁ་བལྟས་འབབ། །མགྲིན་པའི་ནང་དུ་ངལ་གསོ་ཞིང༌། །ཁྲག་འབབ་པར་ནི་རབ་ཏུ་གྲགས། །ཆང་ནི་ཟླ་བ་ཞེས་བཤད་དེ། །ཁྲག་ནི་ཉི་མ་ཞེས་སུ་བརྗོད། །གཡོན་དང་གཡས་ནི་དབུ་མའིའོ། །ཟླ་བ་ཉི་མ་ཞེས་པ་ཟླ་བའི་རྩ་རྐྱང་མ་དང་ཉི་མའི་རྩ་རོ་མའོ། །དེ་ལས་ཟླ་བའི་རྩ་འཆད་པ་ནི་མགྲིན་པ་སོགས་སོ། །ཉི་མའི་རྩ་འཆད་པ་ནི་ལྟེ་བ་ལས་ཏེ་སོགས། རྩ་འདི་གཉིས་ལ་མགྲིན་པ་ནས་བརྩམས་ཏེ་ལྟེ་བར་ངལ་གསོ་བ་དང༌། ལྟེ་བ་ནས་བརྩམས་ཏེ་མགྲིན་པར་ངལ་གསོ་ཞེས་གསུངས་པ་ལ། སྔོན་གྱི་མཁས་པ་འགའ་ཞིག་མགྲིན་པ་ཡན་དང་ལྟེ་བ་མན་ལ་རྩ་གསུམ་འབྱར་བའི་ཚུལ་གྱིས་གནས་ཤིང༌། མགྲིན་པ་ནས་ལྟེ་བའི་བར་ལ་རོ་རྐྱང་གཉིས་དབུ་མ་ལ་མ་རེག་པར་རང་རྐང་དུ་བྱ་བ་བྱེད་པའི་ཕྱིར་དེ་ལྟར་སྨོས་ཞེས་གསུང་ཡང་མི་ལེགས་ལ། མགྲིན་པ་ནས་ལྟེ་བའི་བར་དུ་རྐྱང་མས་ཁམས་དཀར་པོ་གཙོ་བོར་སྤྲོ་བར་བྱེད་


TNT08_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། གཙོ་བོར་ཐུར་དུ་འབབ་པ་དང༌། ལྟེ་བ་ནས་མགྲིན་པའི་བར་དུ་རོ་མས་དམར་པོ་སྤྲོ་བར་བྱེད་ཅིང་གྱེན་དུ་འབབ་པ་ཡིན་ལ། མགྲིན་པ་ཡན་ཆད་དུ་སྤྲོ་བའི་བྱ་བ་བྱེད་པ་ཉུང་བ་དང༌། ལྟེ་བ་མན་ཆད་དུ་ཆ་ཤས་མང་པོར་གྱེས་ཤིང༌། ཁམས་འབབ་ཚུལ་ཡང་མི་གཅིག་དུ་མར་གྱུར་པས་ཚུལ་འདི་ལྟ་བུ་ལ་དགོངས་པའོ། །ངལ་གསོ་བའི་དོན་ནི་གནས་དེར་ཁམས་དཀར་དམར་བབས་པས། ལུས་ཀྱི་མདངས་དང་བཅུད་དུ་གྱུར་པས་ཚིམ་པ་བསྐྱེད་པའི་དོན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ་ཞེས་པས། གཞན་གཉིས་ཀྱང་མཚོན་ཏེ་རྐྱང་མ་བདེ་བའི་རང་བཞིན་ཡིན་པས་ན་ལོངས་སྐུ་དང༌། རོ་མས་སྣ་ཚོགས་པའི་སྣང་བ་བསྐྱེད་པའི་ཕྱིར་སྤྲུལ་སྐུ་དང༌། དབུ་མ་གཟུང་འཛིན་སྤངས་པའི་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེད་པའི་ཕྱིར་ཆོས་སྐུའོ། །དེ་ལྟར་ཡང༌། རྐྱང་མ་ཤེས་རབ་རང་བཞིན་ཏེ། །ཐབས་ཀྱི་རོ་མ་ཡང་དག་གནས། །ཀུན་དར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་པ་ལྟར་རོ། །ཚིག་དོན་གཞན་ནི་གོ་བར་ཟད་དོ། །རྩ་གཉིས་ཀྱི་ཕྱེད་པ་རྒྱས་པར་བཤད་པ་ནི། སྒོ་གཉིས་ཡང་དག་གནས་པ་སྟེ། །འོག་དང་སྟེང་དུ་ཡང་དག་སྟེན། །འདི་དག་ཟླ་བ་ཉི་མ་སྟེ། །རྩ་གཉིས་སུ་ནི་གཉིས་རབ་འཇུག །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། འགྲོ་དང་འོང་བ་རྣམས་ཀྱི་རྒྱུན། ནུབ་པ་དང་ནི་འཆར་བའི་དོན།


TNT08_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལོག་སད་པ་དག་ཏུ་གནས། ཞེས་པ་སྟེ་སྒོ་གཉིས་ནི། གོང་དུ་བསྟན་པ་ལྟར། ལ་ལ་ན་ནི་ལྟེ་བ་ནས་ཁུ་བ་འཕེན་པའི་སྒོ་དང༌། རཱ་ས་ན་ནི་མགྲིན་པ་ནས་ཁྲག་འཕེན་པའི་སྒོའོ། །ཡང་ལ་ལ་ནི་འོག་ཏུ་ཐུར་སེལ་དང༌། རཱ་ས་ན་ནི་སྲོག་གི་རླུང་ཡང་དག་པར་བསྟེན་པ་སྟེ་རྩ་དང་རླུང་འདི་དག་ལ་ཡང་ཟླ་བ་དང་ཉི་མ་ཞེས་བྱ་བས། ཁམས་དཀར་དམར་དུ་མ་ཟད་ཅེས་པའོ། །དེ་ལྟར་ན་རྩ་གཉིས་སུ་རླུང་གཉིས་དང་ཁམས་གཉིས་རབ་ཏུ་འཇུག་ཅིང༌། དཔའ་བོ་ཁམས་དང་རྩ་མཁའ་འགྲོ་མ་རྣམས་ཀྱི་མདངས་དང་བཅུད་རྣམས། རཱ་ས་ནས་ཕྱིར་འགྲོ་ཞིང་ཡལ་བར་བྱེད་ལ། ལ་ལ་ནས་ནང་དུ་འོང་ཞིང་འཕེལ་བར་བྱེད་དེ། འགྲོ་འོང་སྤེལ་བ་རྒྱུན་མི་འཆད་པའོ། །ཡང་གཡས་ནས་སྲོག་འབབ་པའི་དུས། ཉི་མ་ཤར་ཞིང་ཟླ་བ་ནུབ་པ་ནི་རོ་མའི་བྱེད་པ་དང༌། དེ་ཉིད་གཡོན་དུ་འཕོས་པ་ན་ཟླ་བ་འཆར་ཞིང་ཉི་མ་ནུབ་པ་ནི་རྐྱང་མས་སོ། །དེ་བཞིན་དུ་གཉིད་ལོག་པ་ནི་རྐྱང་མ་དང༌། སད་པ་ཡང་རོ་མའི་བྱེད་པའོ། །དེ་ནས་རྩ་དེ་གཉིས་ལ་ཡི་གེ་དགོད་པའི་ཚུལ་ནི། གཡོན་དང་གཡས་པའི་ངོས་སུ་ནི། །དབྱངས་ཡིག་བཅུ་གཉིས་ཡང་དག་གནས། །སྟེང་དུ་ཁ་བལྟ་བཤད་པ་ཡི། །ཡི་གེ་ཀ་ལ་སོགས་པས་བསྐོར། །འོག་ཏུ་ཁ་ལྟ་ངོས་གནས་པའི། །ཀ་ལ་སོགས་པས་ངེས་པར་སྦྱར། །དབུ་མའི་གཡོན་ངོས་ཀྱི་རྐྱང་མ་དང༌། གཡས་ངོས་ཀྱི་རོ་མའི་ནང་དུ་ནི་ཡི་གེ་འགོད་


TNT08_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདི་ལྟར་ཡིན་ཏེ། དབྱངས་ཡིག་བཅུ་གཉིས་ཁ་ཐུར་བསྟན་དང༌། ཀ་སོགས་གསལ་བྱེད་ཁ་གྱེན་བསྟན་གཡོན་གྱི་རྩ་དང༌། དབྱངས་གྱེན་བསྟན་དང༌། ཀ་སོགས་ཁ་ཐུར་བསྟན་གཡས་ཀྱི་ངོས་ལ་གནས་པའོ། །དེ་ཡང་གཞུང་དངོས་བསྟན་དང་འགྲེལ་ཆེན་ལྟར་ན། དབྱངས་བཅུ་གཉིས་ཉིས་འགྱུར་དང་གསལ་བྱེད་ཉེར་བཞི་སྤེལ་བ་ཡིན་ལ། བླ་མ་གོང་མ་རྣམས་ནི་དབྱངས་བཅུ་དྲུག་དང་གསལ་བྱེད་སོ་གཉིས་སྤེལ་བའོ་གསུངས་ཏཻ། གཉིས་ཀ་ལྟར་ཡང༌། ཨ་ཨ་ཀ་ཁ་ཨཱ་ཨཱ་ག་གྷ་སོགས་སྤེལ་བར་མཐུན་ནོ། །དེའི་རྗེས་སུ་དབུ་མའི་ཡི་གེ་ཅུང་ཟད་བསྟན་པ་ནི། ཡི་གེ་ཀྵ་དང་ཡང་དག་ལྡན། །འོག་གི་ཆར་ཡང་དཀྲིས་པའོ། །སྤྱིར་ཨ་ཝ་དྷཱུ་ཏཱི་ལ་བཀོད་པའི་ཡི་གེ་ནི། ཨཾ་ཧཱུཾ་ཨོཾ་ཧཾ་རྣམས་གཙོ་བོ་ཡིན་ཀྱང༌། འཁོར་ལོ་བཞིའི་ཞོར་ལ་བསྟན་ཟིན་པས། འདིར་ནི་མས་སྣ་ལྟེ་འོག་སོར་བཞི་ན་གནས་པའི་ཀྵ་ཡིག་མགོ་བོར་ཐུར་བསྟན་ཏེ། ཀྵ་ནི་རཀྵ་ཞེས་པ་ཐུར་སེལ་སྲུང་ཞིང་སྐྱོང་བའི་དོན་ཏེ། ཚངས་པའི་མེ་ཞེས་བྱ་སྟེ། དུང་གི་ཕྱག་རྒྱ་ཞེས་བྱ་བའི་རྩ་ལ་གནས་པའི་རེ་ཕ་སྟེ་ཁྲག་གི་ཁམས་སོ། །མི་ཤིགས་པའི་འོད་ཀྱིས་རོ་རྐྱང་གི་རྒྱུ་བ་དབུ་མར་བཅུག་ནས། ལྟེ་བའི་ཕག་མོ་ལ་ཁྲུས་གསོལ་བ་ནི། རིགས་ལྡན་མ་མཆོད་པའོ། །རྩ་འདི་རྣམས་སུ་ཡི་གེ་དགོད་པ་གང་ཡིན་པ་དེ་ཡང༌། བསྐྱེད་པའི་རིམ་པའི་ཕྱོགས་ལ་བསྟེན་ནས་བརྡའི་ཚུལ་ཙམ་སྟེ། དེ་ཡང་འདི་ལྟར་ཧཱུཾ་ཡིག་ནི་ཐུགས་རྡོ་


TNT08_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཚོན་པ་དང༌། ཧ་དང་ཨུཾ་གཉིས་རླུང་དང་ཐིག་ལེ་གཉིས་སུ་མེད་པའི་ཚུལ་ལོ། །ཨོཾ་ནི་ཨ་ཨུ་མ་ཡོན་ཏན་གསུམ་གྱི་རང་བཞིན་ཡིན་ལ། དེའི་ལུས་ནི་མགྲིན་པའི་ཁྲག་གི་རང་བཞིན་ཏེ་དམར་པོར་གཡོགས་ལ། སྲོག་ནི་སྐུའི་ས་བོན་ཡིན་པའི་ཕྱི་དཀར་ཆའོ། །ཧཾ་ཡིག་ལ་ཧ་ནི་ཁམས་དཀར་པོ་མཐའ་དག་དང༌། སྲོག་གི་ཨཾ་ནི་དམར་པོའི་རང་བཞིན་ནམ། ཡང་ན་ཧ་ཉིད་དཀར་པོ། ཟླ་ཚེས་དམར་པོ། ཐིག་ལེ་མུན་པ་སྟེ་ཁམས་གསུམ་དང༌། ན་ད་རླུང་སྟེ་བཞི་པོ་གཅིག་ཏུ་འཚོགས་པ་མཚོན་ནོ། །ཨཾ་གི་དོན་ནི་རྒྱས་པར་བཤད་ཟིན་ལ། འོན་ཀྱང༌། ཨ་ཐུང་ནི་ཁམས་དམར་པོ་མཐའ་དག་སྤྲོ་བའི་གཞི་ཤིན་ཏུ་རྣོ་བ་ཆ་ཕྲ་མོར་གནས་པ་མཚོན། ཡང་ན་ཨ་ནི་ཁམས་དམར་ཆ། ཟླ་ཕྱེད་རླུང་དྲོད་ཀྱི་རང་བཞིན། ཐིག་ལེ་སྲོག་གི་ཚུལ་དུ་གནས་པའི་དཀར་ཆ་ཕྲ་མོ། ན་ད་ནི་བདེ་བ་སྟེ་མཚན་ཉིད་བཞི་ལྡན་གྱི་ཐིག་ལེའོ། །ཀྵ་ཡིག་ནི་ཀ་ནས་སའམ་ཥའི་བར་གྱི་གསལ་བྱེད་མཐའ་དག་བསྡུས་པ་སྟེ། ཁམས་ལྔ་ཆར་གྱི་མེ་ཁམས་གཅིག་ཏུ་བསྡུས་པ། གསང་བའི་འཁོར་ལོའི་སྟེང་ལྟེ་བའི་འཁོར་ལོའི་འོགཀླུ་དབང་འཁྱིལ་བ་ལྟ་བུའི་རྩ་ལ་གནས་པ། སྲིད་པ་གསུམ་གྱི་འགྲོ་བ་རྣམས་གང་ལས་འཁྲིག་པའི་འདོད་ཆགས་བསྐྱེད་པར་བྱེད་པའོ། །ལྟེ་བའི་རྩ་འདབ་དབྱངས་གསལ་མཐའ་དག་འགོད་པ་ནི། དེ་ལས་ངག་གི་བརྗོད་པ་དང་རླུང་ཐམས་ཅད་འབྱུང་བའི་དོན་དང༌། སྙིང་གའི་ཡི་གེ་རྣམས་ནི། ཕུང་པོ་ལྔ་དང་འབྱུང་བ་བཞི། མགྲིན་པའི་དབྱངས་བཞི་ཀྱང་འབྱུང་བ་བཞི་ཕལ་བ་རྣམས་མཚོན་ཞིང༌། ཕྱི་སྐོར་ལ་དབྱངས་བཅུ་གཉིས་ནི་དབང་པོ་དྲུག་དང་ཡུལ་དྲུག་སྟེ།


TNT08_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་གྱི་རླུང་བཅུ་གཉིས་དང༌། སྤྱི་བོའི་དབྱངས་སོ་གཉིས་ནི་ཁམས་སོ་གཉིས་ལ་དཀར་པོས་དབང་བྱས་པ་མཚོན་ཏེ། སོ་གཉིས་གང་ཞེ་ན། སོ་སེན་ལ་སོགས་པ་ཉེར་བཞིའི་དྭངས་མ་ཉི་ཤུ་རྩ་བཞི་དང༌། སྒོ་བརྒྱད་ཀྱི་དྲི་མའི་བཅུད་དྭངས་མའོ། །རོ་རྐྱང་གི་ཡི་གེ་རྣམས་ལས་དབྱངས་རྣམས་མགོ་གྱེན་བལྟ་དང་ཐུར་བལྟ་ནི། ཁམས་དཀར་དམར་གྱི་འབབ་ཚུལ་མཚོན་པ་ཡིན་ལ། ཀ་ལ་སོགས་པའི་ཡི་གེ་ནི་ཁམས་ལྔའི་དྭངས་མ་རྣམས་དཀར་དམར་གཉིས་པོ་དེས་དབང་བྱས་པའོ། །དེ་ལྟར་ན་གཞིའི་གནས་ལུགས་ལ་ཚུལ་དེ་ལྟ་བུས་གནས་པ་དེ་རྟོགས་པར་བྱ་བའི་ཕྱིར་ཡི་གེའི་རྣམ་གཞག་མཛད་པ་ཡིན་ལ། རྒྱུད་གཞུང་གི་ཚིག་འདི་དག་གི་དངོས་བསྟན་གྱིས། གཞིའི་གནས་ཐབས་གཏན་ལ་ཕབ་བོ། །གཞི་དང་མཐུན་པར་ལམ་སྒོམ་དགོས་པ་ལས། བརྡའ་ཐབས་ཀྱི་ཚུལ་གྱིས་སྒོམ་པའི་དབང་དུ་བྱས་ནས། ཕྲ་ཐིག་འཁོར་ལོ་བཞི་པའི་གཏུམ་མོ་ལ་ཡི་གེ་འགོད་ཚུལ་ཡང་ཞོར་བྱུང་དུ་བསྟན་པ་ནི་ཡིན་ནོ། །ན་རོ་པའི་བཤད་སྒྲོས་འཛིན་པར་འདོད་པའི་ལོ་ཙཱ་བ་རྣམས་གཞུང་འདིའི་ལེའུ་གཉིས་པའི་འགོ་ནས་བརྩམས། གཞུང་ཚིག་འདི་ཡན་ཆད་ཀྱིས་རྒྱུད་ཀྱི་རིམ་པ་ཁོ་ན་བསྟན་པར་བཞེད་དོ། །འོན་ཀྱང་གོང་དུ་གསང་རིམ་གྱི་ས་བཅུ་གཉིས་རྒྱས་པར་བཤད་པ་དང༌། གསང་བའི་སྦྱིན་སྲེག་གིས་སྔགས་རིམ་བཤད་པ་ལ་སོགས་ལམ་སོ་སོའི་


TNT08_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཤིན་ཏུ་མང་བར་བསྟན་པ་དང༌། གཞན་ཕལ་ཆེར་ཡང་གཞིའི་གནས་སྐབས་འཆད་པས། རྒྱུད་རིམ་ཁོ་ནར་མི་འཐད་དོ། །རྒྱུད་རིམ་གྱིས་གཏན་ལ་དབབ་བྱའི་ཡུལ་ཡིན་པས་སོ་སྙམ་ན། གང་རྒྱུད་ཀྱི་རིམ་པས་གཏན་ལ་ཕབ་པ་དེ་ལྷག་དང་བཅས་པར་རིམ་པ་ཕྱི་མ་གསུམ་གྱིས་ཉམས་སུ་མྱོང་བས་གཏན་ལ་དབབ་དགོས་པའི་ཕྱིར། དེ་དག་ཏུ་ཡང་འགྱུར་རོ། །དེའི་ཕྱིར་ཤེས་བྱ་རྒྱུད་ཀྱི་རིམ་པ་ཐོས་བསམས་ཀྱིས་གཏན་ལ་ཕབ་ཅེས་སྨྲ་བ་ཡང་མི་འཐད་དེ། དེ་དང་རྩ་གསུམ་འཁོར་ལོ་བཞི་ལ་ཤིན་ཏུ་གསལ་སྣང་ཐོབ་ན་རྒྱུད་ཀྱི་རིམ་པའོ་ཞེས་པ་ཡང་ནང་འགལ་ཞིང༌། འདིར་གང་དག་བསྐྱེད་པའི་རིམ་པ་སྔོན་མ་ཅན་དུ་བྱས་ནས། ལམ་རིམ་པ་བཞིས་ཟུང་འཇུག་གི་གནས་སུ་བགྲོད་པར་བྱ་དགོས་ན། བསྐྱེད་རིམ་གྱི་ཡང་སྔོན་དུ་འགྲོ་བའི་ཐོས་བསམ་གྱི་ཤེས་པ་འདི། རྒྱུད་ཀྱི་རིམ་པར་ཇི་ལྟར་འགྱུར། ཚོགས་ཀྱི་ལམ་དུ་ཐོས་བསམ་དང་འབྲེལ་བའི་ཕྱིར་རོ་ཞེ་ན། དེ་ཙམ་གྱིས་ཐོས་བསམ་ལ་གནས་པར་མི་འགྱུར་ཞིང༌། ཚོགས་ལམ་དེ་ཡིན་ན་གཞིའི་གནས་ཐབས་རྒྱས་པར་བཤད་པ་རྣམས། རྒྱུད་རིམ་ཡིན་པའི་སྒྲུབ་བྱེད་དུ་མ་འབྲེལ་བར་འགྱུར་རོ། །དེ་ཡང་རིམ་པ་བཞིས་ནི། རྒྱུད་མཐའ་དག་གི་རྫོགས་པའི་རིམ་པའི་ལམ་ཐམས་ཅད་བསྡུས་པ་ཡིན་གྱི། གདམས་ངག་གི་དམིགས་པ་ཕྲ་མོ་རེ་མིན་པས། ཕྲ་ཐིག་འཁོར་ལོ་བཞི་པའི་


TNT08_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་ཉེ་ཚེ་བའི་དམིགས་པ་སྐྱོང་ཚུལ་ཅིག་ལ། རིམ་པ་བཞི་འདུས་པར་སེམས་པ་དང༌། ལས་དང་པོ་པའི་བསྒོམ་བྱ་གདམས་ངག་དམིགས་ཕྲན་ཅིག །གསང་རིམ་ཡིན་པར་རློམ་པ་ནི་དོན་ཇི་བཞིན་མ་རྟོགས་པ་རྣམ་པར་འདྲ་བ་ལ་འཁྲུལ་བ་བྱུང་བ་སྟེ། བྱི་བའི་ལུས་ལ་སྲོག་ཆགས་ཀུན་གྱི་དོན་སྣོད་དང་ལྷུ་ཚིགས་ཐམས་ཅད་འདུས་པར་སེམས་པ་དང༌། ཤུ་ཐག་གི་དུམ་བུ་རིམས་ནད་སེལ་བའི་ནོར་བུར་རློམ་པ་དང་འདྲའོ། །དེས་ན་རྩ་གསུམ་འཁོར་ལོ་བཞིའི་ཡི་གེ་འགོད་ཚུལ་འདི་ཀུན་གྱིས་ཀྱང༌། གཙོ་བོར་གཞིའི་གསང་བ་བསྟན་ཞིང༌། ལམ་རིམ་པ་ནི་བཞི་ཆར་དང་འབྲེལ་ཏེ། རྩ་རླུང་ཐིག་ལེའི་རྣམ་པ་སྒོམ་པ་སོགས་རྒྱུད་རིམ་དང་ཡང་འབྲེལ། ཡི་གེ་ལས་གཏུམ་མོ་རང་བྱུང་དུ་འབར་བའི་ཕྱིར་སྔགས་རིམ་དང་ཡང་འབྲེལ། འཁོར་ལོ་བཞི་ཡི་གནས་སུ་ཞུ་བདེ་འཆིང་ནུས་པའི་ཡེ་ཤེས་ཀྱི་རིམ་པ་དང་ཡང་འབྲེལ། འཁོར་ལོ་བཞི་ལ་མས་བརྟན་གྱི་དགའ་བ་བཞི་བསྟན་པའི་གསང་རིམ་དང་ཡང་འབྲེལ། འཁོར་ལོ་བཞི་རྣམ་པར་དག་པ་སྐུ་བཞི་ཡིན་པས་འབྲས་བུའི་སྐབས་དང་ཡང་འབྲེལ་ལོ། །ཚུལ་འདིར་ལྟ་བུས་གོང་དུ་བསྟན་པ་ཕལ་ཆེར་ཡང་རྟོགས་པར་བྱ་ལ། དངོས་བསྟན་དང་ཤུགས་བསྟན་ཇི་ལྟར་ཡིན་པ་ཡང་ངེས་པར་བྱའོ། །ལེའུ་འདིར་གཞུང་ཚིག་དེ་ཡན་ཆད་ཀྱིས་རྩ་རྒྱུད་ལེའུ་སུམ་ཅུ་སོ་ལྔ་པར། ཁ་དོག་ཕོ་ཉ་ལ་སོགས་


TNT08_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། ཞེས་སོགས་བརྡའ་ཐབས་ཀྱིས་བསྟན་པ་རྣམས་གསལ་བར་བྱས་སོ། །གཉིས་པ་སྐུ་བཞི་ཡེ་ཤེས་ལྔའི་ལམ་འབྲས་རྒྱས་པར་བཤད་པ་ལ། ལམ་གྱི་སྐུ་གསུམ་བཤད་པ། ལམ་དང་འབྲས་བུའི་ཡེ་ཤེས་ལྔ་བཤད་པ། ལམ་གྱིས་ཆོས་སྐུ་བཤད་པའོ། །དང་པོ་ནི། གང་ཚེ་མགྲིན་པར་འདོད་ཆགས་ཆེ། །ཟླ་བའི་གཟུགས་ཀྱིས་ཡང་དག་གནས། །དེ་ཚེ་སངས་རྒྱས་རྣམས་ཀྱི་སྐུ། །དམ་པ་ལོངས་སྤྱོད་རྫོགས་པར་བཤད། །གང་ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེ་ཡང་སྣ་རྩེ་རུའོ། །ཞེས་པ་ནི་ལོངས་སྐུ་སྟེ། ཡེ་ཤེས་ཀྱི་རིམ་པའོ། །དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་ཞུ་བའི་དྭངས་མ་རྣམས། སྤྱི་བོའི་ཧཾ་གི་ཐིག་ལེ་རྒྱུད་ནས་ཞུ་བར་གྱུར་པ། མགྲིན་པའི་ཨོཾ་གི་ཐིག་ལེ་ལ་འདྲེས་པའི་ཚུལ་གྱིས་འཆིང་བ་ལ་རང་དབང་ཐོབ་པ་ནི། ལམ་དུས་ཀྱི་དགའ་བ་དང་པོ་ཡས་བརྟན་གྱིས་བསྡུས་པ་ཡིན་ལ། དེ་བཞིན་དུ་སྙིང་ག་དང༌། ལྟེ་བར་མཆོག་དགའ་དང་དགའ་བྲལ། གསང་བར་བྱང་ཆུབ་ཀྱི་སེམས་དབུས་ཀྱི་ཐིག་ལེ་ལ་ཐིམ་པའི་ཚུལ་གྱིས་འཆིང་ནུས་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་སྟེ། འདི་རྣམས་ཞུ་བདེ་ཇེ་འཕེལ་དུ་སོང་ཞིང་བདེ་བ་ལ་ལོངས་སྤྱོད་པའི་ཕྱིར་ལོངས་སྐུ་ཞེས་བྱའོ། །དེ་ཡང་འདོད་ཆགས་ཆེན་པོ་ཟླ་བ་སྟེ་ཐིག་ལེ་མགྲིན་པར་བརྟན་པ་ན། ལོངས་སྤྱོད་རྫོགས་པའི་སྐུ་དམ་པར་གྱུར་པའི་འགོ་བརྩམས་པ་ནས། གང་གི་


TNT08_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཐབས་ཀྱི་རྡོ་རྗེའི་རྩེར་ཞུ་བདེ་འཕོ་མེད་དུ་གནས་པའི་ལྷན་སྐྱེས་ལ་རང་དབང་འབྱོར་གྱི་བར་དུའོ། །ཤེས་རབ་མའི་རྟེན་ཅན་གྱི་ནི། གང་རྡོ་རྗེའི་རྩེར་གནས་པ་དེའི་དོད་ཀྱི་ཚེའམ་དུས་ནི། པདྨའི་སྣ་རྩེ་རུའོ། །དེའི་རྗེས་སུ་སྤྲུལ་སྐུ་བཤད་པ་ནི། གང་ཚེ་ལོངས་སྤྱོད་རྫོགས་པའི་སྐུ། །ནུབ་པར་གྱུར་པ་དེ་ཡི་ཚེ། །བྷ་གའི་ནང་དུ་ཕྱིན་དེ་ཡང༌། །ཉུང་དཀར་ཙམ་དུ་རྣམ་བརྗོད་པ། །ཉི་མའི་གཟུགས་སུ་ཡང་དག་བཤད། །སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ཡིས་སྐྱེད་ཅིང་འཕྲོ་བའོ། །པདྨ་གར་གྱི་དབང་ཕྱུག་རྒྱལ། །པདྨ་འབྱེད་པའི་སྦྱོར་བ་ཅན། །དེ་ཡང་ལོངས་སྤྱོད་རྫོགས་སྐུ་ནུབ་པ་སྟེ། ཞུ་བདེ་འགགས་ནས་བྱང་ཆུབ་ཀྱི་སེམས་སྟེང་དུ་བགྲོད་དེ། རྩའི་འཁོར་ལོའི་བྷ་ག་རྣམས་སུ་ཕྱིན་པར་གྱུར་ཞིང༌། ཡུངས་ཀར་གྱི་བརྡས་ནི་དཀར་པོ་དང༌། ཉི་མའི་གཟུགས་ནི་དམར་པོ་སྟེ། དེ་གཉིས་གཅིག་ཏུ་འདྲེས་པ་རྩ་ནང་དུ་ཕྱིན་ནས་ཁྱབ་པར་བྱས་པས་སངས་རྒྱས་བྱང་སེམས་ཀྱི་བརྡས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད། བདེ་བར་སྐྱེད་ལ་གཏུམ་མོའི་འབར་སྣང་གི་དཀྱིལ་འཁོར་འཕྲོ་ཞིང་སྤྲོ་བར་བྱེད་པ་ནི། སྐུའི་གསལ་སྣང་སྤྲོ་བ་དང་ཕུང་ཁམས་ཀུན་ལ་ཁྱབ་པར་བྱེད་པའི་ཕྱིར་སྤྲུལ་སྐུའོ། །པདྨ་གར་དབང་ནི་འོད་དཔག་མེད་དེ་ཐིག་ལེ་ཡིན་ལ། རྩ་གནས་ཐིག་ལེས་གང་


TNT08_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བས་པདྨ་སྟེ་རྩ་མདུད་འབྱེད་པའི་སྦྱོར་བ་ལ་ཞུགས་པའོ། །དེ་ནས་ངོ་བོ་ཉིད་སྐུ་བཤད་པ་ནི། སྤྲུལ་པ་ཡི་ནི་སྐུ་ཡི་གཟུགས། །ཉི་མ་དེར་ནི་ནུབ་པ་གང༌། །དེ་ནི་རྫོགས་སངས་སེམས་ཞེས་བྱ། །གོང་བུར་གྱུར་པ་རྙོག་པ་མེད། །འཁོར་བའི་ལམ་ནི་རྣམ་གཅོད་ཅིང༌། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །གཉིས་སུ་མེད་པ་མཆོག་ཏུ་དག །རྡོ་རྗེ་སེམས་དཔའི་རང་བཞིན་ཉིད། །ཧེ་རུ་ཀ་དཔལ་ཞེས་བཤད་དེ། གོང་དུ་ཇི་སྐད་བསྟན་པའི་སྤྲུལ་སྐུའི་རང་བཞིན་ཐིག་ལེ་དཀར་པོ་ཉི་མ་དང་བཅས་པ་ནུབ་པ་སྟེ། སྔར་སྐད་ཅིག་དང་པོ་ལ་ཐིག་ལེ་རྡུལ་གྱི་ཆོས་སུ་གནས་པ་སྟེ། རླུང་ཐིམ་པ་དང་ཐིག་ལེའི་འདུ་འཕྲོད་ཀྱི་རྐྱེན་གྱིས་སྐད་ཅིག་གཉིས་པར་བེམ་ཆོས་ཀྱི་མཚན་ཉིད་དབྱིངས་སུ་དག་ནས་བདེ་སྟོང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པར་གྱུར་པའོ། །དེ་ནི་རྙོག་པ་སྟེ་བེམ་ཆོས་མེད་པ་དང༌། སྤྲོས་པ་གཟུང་འཛིན་གྱི་གཉིས་སྣང་ཞི་བ་དང༌། འཁོར་བའི་ལམ་རྣམ་རྟོག་གཅོད་པ་སྟེ། སྟོང་པའི་མཚན་ཉིད་གསུམ་དང༌། རྫོགས་པའི་སངས་རྒྱས་གྱི་སེམས་ཏེ་མཉམ་བཞག་གི་དུས་ན་རང་གི་རང་བཞིན་རིག་ཅིང༌། རྗེས་ཐོབ་ཏུ་གཞན་དོན་རྟོགས་པར་ནུས་པ་དང༌། གོང་བུར་གྱུར་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་སུ་སྣང་བ་དང༌། རྡོ་རྗེ་ནི་མི་འགྱུར་བ་སེམས་དཔའ་ནི་བདེ་བ་ཡིན་པས་ན། ཐིག་ལེ་མི་འགྱུར་བའི་བདེ་བ་སྟེ་སྣང་ཕྱོགས་ཀྱི་མཚན་ཉིད་གསུམ་དང༌།


TNT08_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་རབ་འབྱམས་སུ་འཆར་ཡང་གཉིས་སྣང་མེད་པ་དང༌། གདོད་ནས་མཆོག་ཏུ་དག་པ་དང༌། ཧེ་རུ་ཀ་དཔལ་ཏེ་ཟུང་འཇུག་གི་མཚན་ཉིད་གསུམ་མོ། །དེ་ལྟར་མཚན་ཉིད་དགུ་དང་ལྡན་པའི་ཡེ་ཤེས་ནི། དང་པོར་གསང་བའི་རིམ་པ་ནས་ཐོབ་སྟེ། འཕགས་པའི་ས་བཅུ་གཉིས་སུ་གོང་འཕེལ་དུ་སོང་ནས། རྫོགས་པའི་སངས་རྒྱས་ཀྱི་སར་ཡོངས་སུ་རྫོགས་པའོ། །དེ་ལྟར་ན་རྩ་རླུང་ཐིག་ལེ་གནས་འགྱུར་བའི་ཡེ་ཤེས་ནི་ངོ་བོ་ཉིད་སྐུ་དང༌། གནས་འགྱུར་བའི་རྒྱུ་ཐིག་ལེ་མི་འགྱུར་བར་བཅིངས་པ་ནི་སྤྲུལ་སྐུ་སྟེ། འདི་གཉིས་ལྷན་ཅིག་སྤེལ་མར་འབྱུང་བ་མས་བརྟན་རྗེས་དྲན་བཅུ་དྲུག་གམ་གསང་བའི་རིམ་པའོ། །སྤེལ་མར་ཇི་ལྟར་འབྱུང་ཚུལ་ནི། སྔར་ས་བཅུ་གཉིས་དང་བྱང་ཕྱོགས་ཀྱི་སྐབས་སུ་བཤད་ཟིན་ཏོ། །འདིར་ཆོས་ཀྱི་སྐུ་ནི་སྔགས་རིམ་གྱི་ཡེ་ཤེས་ཏེ་འོག་ཏུ་འཆད་པར་འགྱུར་རོ། །འདི་དང་ཆོས་མཚུངས་པར་གཞིའི་དུས་སུ་ཡང་རྗེས་ཆགས་ཀྱི་མེ་འབར་བས་རྟོག་པ་རགས་པ་འགགས་པ་ནི་ཆོས་སྐུ། དཀར་ཆ་ཞུ་བ་ནི་ལོངས་སྐུ། ཕྱིར་འཕོས་པ་ལས་མངལ་སྐྱེས་ཀྱི་སེམས་ཅན་སྤྲོ་བ་ནི་སྤྲུལ་སྐུ། དེར་ཆགས་བྲལ་དུ་གྱུར་ནས་སེམས་མི་རྟོག་པར་གནས་པ་ནི་ངོ་བོ་ཉིད་སྐུའོ། །རྫོགས་རིམ་གྱི་སྒྲུབ་པ་སྦྱོར་བའི་སྐབས་ལ་གནས་པ་རྣམས་ཀྱང་རང་ལུས་ལ་བརྟེན་ནས་གཏུམ་མོའི་དྲོད་ཅུང་ཟད་འབར་བའམ། གཞན་ལུས་ལ་བརྟེན་ནས་རྗེས་ཆགས་ཀྱི་


TNT08_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་བ་ནི་ཆོས་སྐུ། དཀར་ཆ་ཞུ་བ་ནི་ལོངས་སྐུ། བཟུང་བཟློག་ཁྱབ་གསུམ་ནི་སྤྲུལ་སྐུ། དེ་ལས་བྱུང་བའི་ཉམས་སྐྱོང་བ་ནི་ངོ་བོ་ཉིད་སྐུའོ། །འདིར་སྔགས་རིམ་ཆོས་སྐུ། ཡེ་ཤེས་ཀྱི་རིམ་པ་ལོངས་སྐུ། གསང་རིམ་སྤྲུལ་སྐུ་དང་ངོ་བོ་ཉིད་སྐུར་སྦྱར་བ་ཡང་ཐོག་མར་འགྲུབ་པའི་དབང་དུ་བྱས་ཀྱི། ཡོན་ཏན་ཡར་ལྡན་ཡིན་པས་གསང་རིམ་ལ་བཞི་ཆར་ཚང་བ་དང༌། ཡེ་རིམ་ལ་གཉིས་ལྡན་དང་སྔགས་རིམ་ལ་གཅིག་ཁོ་ནའོ། །མདོར་ན་གཏུམ་མོ་འབར་བའི་ལམ་ཆོས་སྐུ་དང༌། ཞུ་བདེ་ལོངས་སྐུ་དང༌། ཐིག་ལེ་བརྟན་པའི་ལམ་སྤྲུལ་སྐུ་དང༌། ཐིག་ལེ་དག་པའི་ལམ་ངོ་བོ་ཉིད་སྐུའོ། །དེ་བཞིན་དུ་འདིས་ཉེ་རྒྱུ་མངོན་བྱང་ལྔ་པོ་ཤིན་ཏུ་གསལ་ཞིང་རྒྱས་པར་ཡང་བསྟན་པ་ཡིན་ཏེ། ལོངས་སྐུ་ནི་ཟླ་བ་ལས་བྱང་ཆུབ་པ་དང༌། སྤྲུལ་སྐུ་ནི་ཉི་མ་ལས་བྱང་ཆུབ་པ། ངོ་བོ་ཉིད་སྐུ་ནི་བྱང་ཆུབ་གཞན་གསུམ་མོ། །ཞེས་ཕྱོགས་ཙམ་མཚོན་པའོ། །དེ་ལྟར་ན་ཆགས་ཅན་གྱི་ལམ་འདིས་གྲོལ་བར་མི་འགྱུར་རམ་སྙམ་ན། རྒྱུད་ནི་སྲིན་བུའི་རང་བཞིན་ཉིད། །རྒོད་དང་བལྟས་དང་ལག་འཇུས་པའི། །རྒྱུད་གསུམ་དུ་ནི་རྣམ་གནས་པ། །འདོད་ཆགས་ཉིད་དང་ཆགས་བྲལ་དང༌། །སྤངས་ནས་ཡོན་ཏན་གནས་པའོ། །རྒྱུད་ཅེས་བྱ་བ་ནི་ཆགས་ཆེན་གྱི་ལམ་མོ། །སྲིན་བུའི་རང་བཞིན་སྲིན་བུ་དང་འདྲ་བ་སྟེ། ཇི་ལྟར་ཤིང་གི་སྲིན་བུ་ནི། །ཤིང་ལས་སྐྱེས་ཀྱང་ཤིང་


TNT08_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འཇོམས་པར་བྱེད་པ་བཞིན་དུ། ཞུ་བདེ་འགྱུར་མེད་ཀྱང་འདོད་ཆགས་ཀྱི་རྐྱེན་ལས་བྱུང་མོད། འདོད་ཆགས་ཉིད་སྤོང་བར་བྱེད་པའི་ལམ་མོ། །དེ་ཡང་ཉོན་མོངས་པ་འདོད་ཆགས་དང༌། བདེ་བའི་འགལ་ཟླ་ཆགས་བྲལ་དག་སྤངས་ནས། ཡོན་ཏན་བདེ་ཆེན་ལྷན་ཅིག་སྐྱེས་པ་ནི་རྟག་ཏུ་གནས་སོ། །ཐེག་པ་བླ་ན་མེད་པར་ནི། དེ་ལྟར་ལམ་མ་ཚང་བ་མེད་པར་བསྟན་པ་ཡིན་ལ། བྱ་བའི་རྒྱུད་དུ་བལྟ་བ་དང༌། སྤྱོད་པའི་རྒྱུད་དུ་རྒོད་པ་དང༌། རྣལ་འབྱོར་རྒྱུད་དུ་ལག་བཅངས་ཀྱི་བདེ་བ་ལམ་དུ་བྱེད་ཚུལ་ཙམ་དངོས་བསྟན་ལ་གནས་པ་ཡིན་ནོ། །གཉིས་པ་ཡེ་ཤེས་ལྔ་བཤད་པ་ནི། རྩ་རྣམས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །གསང་བ་སའི་ཁམས་ཞེས་བྱ། །མཆོག་ནི་དེ་བཞིན་ཆུ་ཡིན་ནོ། །དགྱེས་པ་ལ་ནི་མེ་རུ་བཤད། །རླུང་ནི་ཐམས་ཅད་བདག་ཉིད་གནས། །རྟག་ཏུ་བཞུགས་པ་ཞེས་བརྗོད་པས། །སངས་རྒྱས་ཀུན་བདག་སྡོམ་པའོ། །ཡང་ན་མེ་ལོང་ལྟ་བུའི་ཚུལ། །དེ་བཞིན་དུ་ཡང་མཉམ་པ་ཉིད། །སོ་སོར་རྟོག་པ་ཞེས་པ་དང༌། །དེ་བཞིན་བྱ་བ་ནན་ཏན་དང༌། །རྟག་ཏུ་བཞུགས་པར་རབ་གསུངས་འདི། །ཤིན་ཏུ་རྣམ་དག་རང་བཞིན་ནོ། །ཡང་ན་རྣམ་སྣང་མཛད་ཉིད་དང༌། །དེ་བཞིན་རིན་ཆེན་འབྱུང་བ་དང༌། །ཡང་ནི་འོད་དཔག་མེད་པ་དང༌། །སླར་ཡང་དོན་ཡོན་རྟག་བཞུགས་ཏེ། གོང་བུ་བདུད་རྩི་ལྔ་ཡི་དངོས། །


TNT08_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེའི་གཟུགས་ཏེ་ཡི་རང་བཞིན། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་ཉིད། །རྡོ་རྗེ་སེམས་དཔའ་ཞེས་བཤད་ཅིང༌། །བདེ་བ་མཆོག་ཏུ་བརྗོད་པ་ཡིན། །རང་བྱུང་གི་ནི་ངོ་བོ་ཉིད། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །རྩ་རྣམས་ཐམས་ཅད་ཆོས་ཀྱི་དབྱིངས་དོན་གྱི་དབུ་མར་ངོ་བོ་གཅིག་ཏུ་གྱུར་པ་ནི་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཡིན་ལ། གོང་བུ་བདུད་རྩི་ལྔ་ཡི་དངོས། །ཞེས་སོགས་ཀྱི་ཁམས་བདུད་རྩི་ལྔ་མཚོན་བྱེད་དེ། ཁམས་ཐམས་ཅད་ཀྱི་དྭངས་མ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པ་ནི། མི་འགྱུར་བའི་བདེ་བ་རྡོ་རྗེ་སེམས་དཔའ་ཞེས་བྱ་ལ། དེ་ཉིད་དོན་དམ་པའི་བདེ་བ་ཡིན་པའི་ཕྱིར་བདེ་བ་མཆོག་ཏུ་ཡང་བརྗོད་ལ། དེ་ཉིད་ཆོས་ཏེ་ཤེས་བྱ་ཐམས་ཅད་ཀྱི་སྐུའམ་ལུས་སམ་རང་བཞིན་ཡིན་པས་གདོད་མ་ནས་གནས་ལུགས་ཀྱི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་རང་བྱུང་ངོ༌། །དེ་ཉིད་ཐིག་ལེའི་རང་བཞིན་ལས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་ཅན་ཁམས་གསུམ་པའི་གཟུགས་བརྙན་ཅན་ཡིན་ཡང༌། ཕུང་ཁམས་སྐྱེ་མཆེད་ལས་འདས་ཏེ་ཡིད་དམ་ཐུགས་ཆོས་ཉིད་ཀྱི་རང་བཞིན་ནོ། ཁམས་རྣམ་པར་དག་པའི་དཔའ་བོ་དེ་རྩ་རྣམ་པར་དག་པའི་ལྷ་མོ་ཀུན་དང་ངོ་བོ་དབྱེ་བ་མེད་པའི་རང་བཞིན་ནོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཡེ་ཤེས་ཐམས་ཅད་ཀྱི་དབྱེ་གཞི་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ཡེ་ཤེས་དེ་ནི། དོན་དམ་པ་ཐིག་ལེ་འགྱུར་བ་མེད་པའི་བདེ་བ། དོན་དམ་བདེན་པ་དང་


TNT08_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་གདོད་མ་ནས་གྲུབ་པ་ལ། རྐྱེན་ལས་རླུང་དང་རྩ་ཁམས་རྣམ་པར་དག་པའི་ཡེ་ཤེས་མངོན་དུ་གྱུར་པ་དང་རོ་གཅིག་ཏུ་འདྲེས་པའི་དག་པ་གཉིས་ལྡན་གྱི་རྣམ་པ་ཅན་ནོ། །ཞེས་པ་སྟེ་འདིའི་ཆ་ཤས་ནི་གསང་རིམ་དང་འཕགས་པའི་ས་བཅུ་གཉིས་ལ་ཡང་ཚང་ལ། རྩ་ཁམས་རླུང་གསུམ་བག་ཆགས་དང་བཅས་པ་མཐའ་དག་གནས་གྱུར་པ་ནི། འབྲས་བུ་རྫོགས་པའི་སངས་རྒྱས་ཀྱིས་སའོ། །འདིར་བདེ་ཆེན་ལ་དཔའ་བོ་ཀུན་འདུས་ཤིང༌། བདེ་མཆོག་དང་རྡོ་རྗེ་སེམས་དཔའ་ཞེས་བཏགས་པ། བདེ་བའི་ཆ་ནས་བཞག་པ་དང༌། ཡེ་ཤེས་ཀྱི་སྣང་བ་ལ་དཔའ་བོའི་དཀྱིལ་འཁོར་རབ་འབྱམས་སུ་སྣང་བ་ཡང་འཇོག་དགོས་ཤིང༌། རྩ་རྣམས་དག་པའི་སྟོང་ཕྱོགས་ལ་དཔའ་མོ་ཞེས་བཤད་པ་སྟོང་པའི་ཆ་ནི་བསྟན་པ་ཡིན་ཀྱང༌། དཔའ་མོའི་དཀྱིལ་འཁོར་དུ་གདོད་ནས་ཀྱང་གནས། དག་པའི་སྣང་ངོར་ཡང་འཆར་ལ། བདེ་བ་དང་སྟོང་པ་ལྡོག་ཆས་དབྱེ་བ་མ་གཏོགས་ངོ་བོ་གཅིག་པ་བཞིན་དུ། དཔའ་བོ་དཔའ་མོའི་དཀྱིལ་འཁོར་རབ་འབྱམས་ཀྱང་ངོ་བོ་གཅིག་གོ །གསང་བ་ཞེས་པ་ལ་སོགས་པ་བརྡས་བསྟན་པ་ནི། འབྱུང་བ་ལྔའི་དག་པའི་ཕྱོགས་ནས་ཡེ་ཤེས་ལྔ་དང༌། བདུད་རྩི་ལྔའམ་ཕུང་པོ་ལྔའི་དག་པའི་ཕྱོགས་ནས་རྒྱལ་བ་རིགས་ལྔ་ཞེས་བརྗོད་ཅིང༌། ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཐུགས་ཀྱི་ཆ་ནས་བསྟན་ལ།


TNT08_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐུ་དང་གསུང་དང་འཕྲིན་ལས་ཀྱི་ཆ་ནས་སྟོན་མོད་ཀྱི། འབྱུང་བ་ལྔའི་དྭངས་མ་དང༌། ཕུང་པོ་ལྔའི་དྭངས་མ་ཡང་ངོ་བོ་གཅིག་ཅིང༌། ཡེ་ཤེས་ལྔ་དང་རིགས་ལྔ་ཡང་ངོ་བོ་གཅིག་གོ །གསང་བ་ཞེས་པས་ས་ཁམས་དང་གཟུགས་ཕུང་གི་དྭངས་མ་ཆོས་ཉིད། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། སངས་རྒྱས་རྣམ་པར་སྣང་མཛད་དུ་བསྟན་པ་ཡིན་ལ། མཆོག་གི་ཞེས་པས་ཆུ་ཁམས་དང༌། ཚོར་བའི་ཆོས་ཉིད་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་འབྱུང་ལྡན་དུ་བསྟན་དགྱེས་པ་ཞེས་པས་མེ་ཁམས་དང༌། འདུ་ཤེས་ཀྱི་དྭངས་མ་ཆོས་ཉིད། སོ་སོར་རྟོག་པའི་ཡེ་ཤེས་དང་འོད་དཔག་མེད་དུ་བསྟན། ཐམས་ཅད་བདག་ཉིད་ཅེས་པས་རླུང་ཁམས་དང་འདུ་བྱེད་ཀྱི་དྭངས་མ་ཆོས་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་དོན་ཡོད་གྲུབ་པར་བསྟན། རྟག་ཏུ་བཞུགས་ཞེས་པས་ནམ་མཁའི་ཁམས་དང༌། རྣམ་ཤེས་ཀྱི་དྭངས་མ་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའོ། །ཡང་ནི་འོད་དཔག་མེད་པ་དང༌། ཞེས་སོགས་ལ་དཔྱིད་ཐིག་གི་གཞུང་དང༌། ཁ་སྦྱོར་གྱི་རྒྱུད་གཉིས་ཀ་འགོས་འགྱུར་ལས། འོད་དཔག་མེད་དང་དོན་ཡོན་གྲུབ། །རྟག་ཏུ་བཞུགས་པ་རྡོ་རྗེ་སེམས། །ཞེས་འབྱུང་བ་ལྟར་ལེགས་ཤིང༌། འབྲོག་མིའི་འགྱུར་གྱི་གཞུང་དང་རྒྱུད་ལས་རྣམ་སྣང་གི་རྗེས་ལ། གཞན་ཡང་མི་བསྐྱོད་པ་ཉིད་དང༌།


TNT08_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ངོ༌། །དཔྱིད་ཐིག་གི་གཞུང་གི་འགྱུར་གཞན་རྣམས་ལ་རིགས་ལྔ་པ་སྐབས་འདིར་ཆད་སྣང་ངོ༌། །སངས་རྒྱས་ཀུན་བདག་སྡོམ་པ་ཞེས་པ་ལ། སངས་རྒྱས་ཕུང་པོ་ཀུན་གྱི་བདག་ཉིད་དུ་གྱུར་པའི་སྡོམ་པ་ནི་བདེ་བ་ཆེན་པོ་ཡིན་ལ། དེ་ཉིད་ནམ་མཁས་མཚོན་ཏེ། དགྱེས་རྡོར་ལས་ཀྱང༌། བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོ་རྣམས་ཀྱི་ཡོངས་སུ་བསྐོར། ཞེས་སོ། །མེ་ལོང་ལྟ་བུ་ནི། རྟོག་མེད་ལ་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བ་དང༌། མཉམ་ཉིད་ནི་ཆོས་ཐམས་ཅད་རང་བཞིན་སྟོང་པ་དང་སྣང་ཆ་སྒྱུ་མ་ལྟ་བུར་མཉམ་ཞིང༌། དེ་ལས་བདག་དང་སེམས་ཅན་མཚུངས་པར་གཟིགས་པའི་སྙིང་རྗེ་འབྱུང་བ་དང༌། སོར་རྟོག་ནི་རྣམ་རྟོག་མེད་བཞིན་དུ་ཇི་ལྟ་བ་དང་ཇི་སྙེད་པའི་མཚན་ཉིད་རྟོགས་པ་དང༌། བྱ་སྒྲུབ་ནི་རང་གཞན་དུ་འཛིན་པ་སྤངས་བཞིན་དུ། འབད་རྩོལ་དང་བྲལ་བར་གཞན་དོན་སྒྲུབ་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་བདེ་གསལ་མི་རྟོག་གསུམ་འཛོམ་པའི་དབྱིངས་དེ་ནི་ཆོས་དབྱིངས་ཡེ་ཤེས་སོ། །རང་རིག་པའི་སྣང་བ་དང་བཅས་པ་ནི་རྣམ་པར་སྣང་མཛད། འདོད་ཆགས་ལ་སོགས་པའི་དྲི་མས་གདོད་ནས་མ་གོས་པས་དེ་དག་གིས་སྐྱོད་མི་ཐུབ་པ་ནི་མི་བསྐྱོད་པ། རིན་ཆེན་ནམ་ནོར་བུ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་འབྱུང་བས་རིན་ཆེན་འབྱུང་ལྡན། ཡེ་ཤེས་ཀྱི་འོད་ཤེས་བྱ་ཐམས་ཅད་ལ་འཇུག་པས་འོད་དཔག་མེད།


TNT08_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་ཐམས་ཅད་སྒྲུབ་པས་དོན་ཡོད་གྲུབ་པའོ། །དེ་ལྟར་ཡིན་ཞིང་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་སྤངས་པའི་སྣང་མེད་དུ་གནས་ཀྱང༌། དེ་དག་ལ་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་སྣང་ཆ་མེད་པ་མ་ཡིན་ཞིང༌། སྣ་ཆ་དེ་ཡང་གཞན་ངོ་དང༌། ཀུན་རྫོབ་དང༌། འཁྲུལ་སྣང་དང༌། གཞན་རིག་དང༌། གཟུང་འཛིན་དང༌། ཐ་དད་དུ་སྣང་བ་མ་ཡིན་ཏེ། རང་སྣང་དང༌། དོན་དམ་དང༌། མ་འཁྲུལ་བ་དང༌། རང་རིག་དང༌། ཆོས་དབྱིངས་དང༌། རོ་གཅིག་ཏུ་སྣང་བ་ཡིན་ནོ། །དེ་བཞིན་དུ་འདི་དག་ནི་ཕུང་ཁམས་སྐྱེ་མཆེད་ལས་གྲོལ་བའི་ཡེ་ཤེས་ཀྱི་སྣང་བ་དཀར་པོ་འཆར་ཡང༌། ཕུང་ཁམས་སྐྱེ་མཆེད་དུ་གཏོགས་པའི་དཀར་པོ་མ་ཡིན་ཏེ། ཡེ་ཤེས་ཀྱི་དཀར་པོ་ཡིན་པ་སོགས་ཐམས་ཅད་ལ་རིགས་འགྲེས་ཏེ་གོ་བར་བྱའོ། །དེས་ན་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སོགས་དོན་དམ་གྱི་ཤེས་བྱ་ལ་སྲིད་ཚད་འདུས་པར་འདོད་པ་ཡིན་པས་ཐེག་པ་འོག་མའི་གྲུབ་མཐས། ཐེག་པ་བླ་ན་མེད་པ་ལ་ཞུས་དག་མི་བྱའོ། །དེས་ན་གཟུགས་ཕུང་གི་དྭངས་མ་དོན་དམ་པའི་དབང་ཡུལ་སྣ་ཚོགས་པར་སྣང་བ་དང༌། ཚོར་ཕུང་གི་དྭངས་མ་བདེ་བ་ལ་སོགས་པར་མྱོང་བ་དང༌། འདུ་ཤེས་ཀྱི་དྭངས་མ་ཆོས་ཀྱི་མཚན་ཉིད་ཤེས་པ་དང༌། འདུ་བྱེད་ཀྱི་དྭངས་མ་ལས་ལ་འཇུག་འདོད་འདྲ་རུང་བ་དང༌། རྣམ་ཤེས་ཀྱི་དྭངས་མ་ཆོས་ཉིད་ཀྱི་གཟུགས་སྒྲ་མཐོང་བ་སོགས་ཆོས་ཅན་རྣམས་


TNT08_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱོགས་རེ་ནས་རྣམ་པ་འདྲ་ཚུལ་ཏུ་གནས་ཏེ། དེ་ལྟ་མོད་ཀྱི་ཐམས་ཅད་ཀྱང་ཡེ་ཤེས་གཅིག་གི་སྣང་བའོ། །དེ་ལྟར་ན་ཡེ་ཤེས་ལྔ་སྟོན་པའི་གཞུང་འདི་རྣམས་ཀྱི་རྩ་རྒྱུད་ཀྱི་གླེང་གཞི། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པ་དེ་རྒྱས་པར་བཤད་དོ། །ཡེ་ཤེས་ལྔ་པོ་དེ་དག་ལ། གོང་དུ་བཤད་པ་ལྟར་ལམ་གྱི་གནས་སྐབས་ན། རྗེས་མཐུན་པ་ཡང་ཡོད་ལ། གཞན་ཡང་ས་ཁམས་ཀྱི་རླུང་དང་ཐིག་ལེ་ཟིན། ས་ཁམས་སྙིགས་མ་ནི་འགྲིབས། དྭངས་མ་ནི་འཕེལ་བ་ན། ཀུན་རྫོབ་ལས་སྣང་གི་ས་ཁམས་འདི་ལ། སྒྱུ་མ་ལྟ་བུའི་ཉམས་ཤར། ཡེ་ཤེས་ཀྱི་སྣང་བའི་ས་ཁམས་དཔག་ཏུ་མེད་པ་མཐོང༌། དེའི་རང་བཞིན་བདེ་བར་རྟོགས། ས་ཁམས་ཀྱི་ཞུ་བདེ་ལམ་དུ་ལོངས། བརྩིག་པ་དང་རི་ལ་ཐོགས་པ་མེད་པར་འགྲོ་ཞིང༌། རི་བོ་སྐྱོད་པ་ལ་སོགས་པའི་རྫུ་འཕྲུལ་དང༌། ལུས་སྲེད་མེད་ཀྱི་བུའི་སྟོབས་སུ་འགྱུར་བ་སོགས་ས་ཁམས་དྭངས་མའི་ཡོན་ཏན་དུ་མ་ཤར་བའི་དུས་ཀྱི་ཡེ་ཤེས་དེ་ཡང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པར་སྣང་མཛད་ཡིན་ཏེ། དེས་གཞན་རྣམས་ཀྱང་རྟོགས་པར་བྱའོ། །གསུམ་པ་ལམ་གྱི་ཆོས་སྐུ་བཤད་པ་ནི། འདི་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེས་སོན་གནས་པའི་གཟུགས་ཅན་


TNT08_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ལས་ཀྱི་རླུང་གིས་སྦར་བ་ཡིས། ལྟེ་བའི་དཀྱིལ་འཁོར་དུ་ནི་སྦར། །དེ་ལ་ཕག་མོར་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲའི་རྩེ་མོ་བརྒྱ་སྟོང་ཆ། །གློག་འགྱུ་བ་དང་མཚུངས་པའི་འོད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུའི་ཁུང་བུའི་རྩེ་མཚམས་ནས། །བྱུང་སྟེ་ཕྱོགས་མཚམས་ཐམས་ཅད་དུ། །ལྷ་དང་ལྷ་མིན་སྡིགས་པར་བྱེད། །སྙིང་གའི་ཆོས་ཀྱི་འཁོར་ལོ་དང༌། །ལོངས་སྤྱོད་འཁོར་ལོ་སྲེགས་ནས་ནི། །སྣ་ཡི་བུ་ག་གཡས་པ་ནས། །ཀུན་ནས་ངེས་པར་བྱུང་ནས་ནི། །མཛོད་པུ་རུ་ནི་གནས་པ་ཡི། །བུ་ག་ནས་ཏེ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཤངས་ཀྱི་བུ་ག་གཡོན་པ་ནས། །སྤྱི་བོར་ཞུགས་ནས་འཁོར་ལོ་ནི། །ཡང་དག་སྲེགས་ནས་སླར་བྱུང་སྟེ། །སྔར་བསྟན་པ་ཡི་བུ་ག་ནས། །སྤྱི་བོ་ནས་ནི་ཡང་ཞུགས་པས། །སངས་རྒྱས་རྣམས་ནི་སྲེགས་པ་ལ། །སླར་ཡང་དགའ་བ་སྐྱེད་བྱས་ཏེ། །ལྟེ་བའི་དཀྱིལ་འཁོར་དུ་འོང་ནས། །སྔར་བཞིན་དུ་ནི་གནས་པར་གྱུར། །ཞེས་པ་སྟེ། འདི་ལ་ཕལ་ཆེ་བ་དག་གཞུང་འདི་དག་གིས་སྔགས་རིམ་དང་ཡེ་ཤེས་ཀྱི་རིམ་པ་གཉིས་ཀར་བསྟན་པར་འདོད་ཀྱང༌། སྔགས་རིམ་ཁོ་ན་བསྟན་པ་ཡིན་ཞིང༌། རིམ་པ་དེ་གཉིས་ཀྱི་ངོས་འཛིན་ཡང༌། རྟོག་སྒོམ་གྱི་སྒོ་ནས་མེ་སྦར་ཏེ་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་


TNT08_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཧཾ་ལས་བྱང་སེམས་འཛག་པའི་དམིགས་པ་ཙམ་ལ་ངོས་འཛིན་པ་ནི། དངོས་དང་མོས་སྒོམ་གྱི་ཁྱད་པར་མ་ཕྱེད་པ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན་ཞེས་པས། ལས་དང་པོ་པའི་བློ་སྣང་ལ་ཤར་བའི་ཟླ་བའི་དཀྱིལ་འཁོར་དེ། མེ་ལོང་ཡེ་ཤེས་དངོས་ཀྱི་མཚན་ཉིད་དུ་འཛིན་པ་དང་འདྲའོ། །དེས་ན་གཞུང་འདིས་ཀྱང༌། ལུས་ལ་གཏུམ་མོ་དངོས་སུ་སྦར་ཞིང་ཡེ་ཤེས་སྐྱེ་ཚུལ་གཙོ་བོར་སྟོན་པ་ཡིན་གྱི། རྣམ་རྟོག་གིས་དམིགས་པའི་འབར་འཛག་བྱེད་ཚུལ་ཙམ་གཙོ་བོའི་དོན་མིན་ནོ། །དེ་ལ་འདི་ཡི་ཞེས་པ་ནི། ཆོས་ཀྱི་སྐུ་ཞེས་པ་ལས་འཕྲོས་པ་སྟེ། རྟོག་པ་མེད་བཞིན་དུ་བདེ་བ་ཆེན་པོར་སྣང་བ་དང༌། དེར་རོ་གཅིག་པ་དང༌། ཉམས་སུ་མྱོང་བ་དང༌། རྒྱུན་མི་འཆད་པ་དང༌། དེར་ཞེན་པས་མ་གོས་པའི་མཚན་ཉིད་ཅན་ནི། མེ་ལོང་ལྟ་བུ་ལ་སོགས་པའི་ལམ་གྱི་ཡེ་ཤེས་ཏེ། མཚན་ཉིད་ལྔ་པ་དེ་ཚང་བའི་ཉམས་མྱོང་ནི་སྐབས་འདིར་ལམ་དུས་ཀྱི་ཆོས་སྐུ་ཡིན་ལ། འདིའི་རང་བཞིན་བདག་མེད་ཤེས་རབ་སྐྱེད་པར་བྱེད་པ། ལྷན་ཅིག་སྐྱེས་དགའི་རང་བཞིན་ནམ་གནས་ཏེ་དེ་ལས་འབྱུང་བའི་ཕྱིར་རོ། །དེར་སོང་ཞེས་པ་ནི། རོ་རྐྱང་གི་མས་སྣའི་རླུང་དབུ་མར་སོང་བ། ཨཾ་གི་གཟུགས་ཅན་མ་ལ་ཐིམ་པས་གནས་པ་སྟེ། འགོས་འགྱུར་ལས། དེར་འགྲོ་ཨ་ཡི་གཟུགས་ཅན་མ་ཞེས་འབྱུང་ངོ༌། །དེ་ལྟར་


TNT08_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རོ་རྐྱང་གི་རྒྱུ་བ་འགགས་པ་ལས། གསང་བའི་འཁོར་ལོ་དང་དབུ་མའི་མས་སྣར་ལས་ཀྱི་རླུང་སྐྱེ་བར་འགྱུར་ཞིང༌། དེས་ཚངས་པའི་མེ་སྦར། དེས་ལྟེ་བའི་དཀྱིལ་འཁོར་ཏུ་གཏུམ་མོ་ཨཾ་ཡིས་འབར་བར་བྱེད་དོ། །དེ་ནི་ཕག་མོ་སྟེ། ཝཱ་ཡིག་རླུང་དང༌། ར་ཡིག་མེ་དང༌། ཧྲཱི་ནི་ཨ་ཧཾ་ར་མ་ཏི་ཞེས་པ་བདག་ཉིད་བདེ་བར་བྱེད་ཅེས་དང༌། ཨ་ན་ཧ་ཏ་གཞོམ་མེད་དེ། མེ་དང་རླུང་གིས་གཞོམ་དུ་མེད་པའི་དགའ་བ་བྱེད་དོ། །ཞེས་ཝཱ་ར་ཧཱིའི་འོ༌། དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། ཅེས་བྱ་བ་ལ། གཏུམ་མོ་འབར་བ་ཁོ་ན་ལ་དཔྱིད་ཐིག་ཅེས་མི་བྱ་སྟེ་གོང་དུ། དཔྱིད་ཐོབ་པས་ནི་ཆོག་ཤེས་པ། སྙོམས་པར་འཇུག་པས་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ལེར་བརྗོད་པར་བྱ། །ཞེས་དཔྱིད་ཀྱི་དྭངས་མ་ཞུ་བ་དང་འདྲེས་པའི་གཏུམ་མོའི་མེ་ནི་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་ཡིན་པས། རྩ་གསུམ་གྱི་ནང་ནས་འབར་འཛག་གཅིག་སྔོན་དུ་སོང་བར་བསྟན་པ་ཡིན་ལ། དེ་ཡང་ཇི་ལྟ་བུ་སྙམ་ན། རོ་མ་ནས་བརྒྱུད་དེ་རིམ་གྱིས་སྤྱི་བོའི་འཁོར་ལོའི་བར་གྱི་འཁོར་ལོ་གསུམ་པོ་ཅུང་ཟད་སྲེགས། རྩ་མདུད་རྣམས་ཅི་རིགས་པར་ཅུང་ཟད་བཤིག །གཟུང་བའི་རྣམ་རྟོག་ཅི་རིགས་པ་འགགས་པའི་ཉམས་མྱོང་སྐྱེ་སྟེ། འོན་ཀྱང་ལྟེ་བར་མཁྲིས་པ་དང༌། སྙིང་གར་བད་ཀན་དང༌། མགྲིན་པར་ཁྲག་དང༌། སྤྱི་བོར་རླུང་གི་ཁམས་ཤས་ཆེར་འཁྲུག་པ་དང༌།


TNT08_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་མདུད་འཇིག་པའི་ཟུག་རྔུ་སོགས་ཉམས་སྐྱོན་ཅན་ཤས་ཆེ་བར་འབྱུང་ངོ༌། །དེས་སྤྱི་བོའི་ཧཾ་གི་ཕྱི་རོལ་ནས་བྱང་ཆུབ་ཀྱི་སེམས་ཕྱི་གཡོགས་ལྟ་བུ་དག་ཅུང་ཟད་ཅུང་ཟད་ཞུ་སྟེ། རྐྱང་མའི་ནང་ནས་རིམ་གྱི་རིམ་གྱིས་བབས་པ་ལས། འཁོར་ལོ་གསུམ་པོ་ཅུང་ཟད་གསོ་སྟེ། རྩ་མདུད་རྣམས་སྔ་མ་ལས་ཀྱང་ལྷོད་པར་བྱེད། འཛིན་པའི་རྣམ་པར་རྟོག་པ་ཅི་རིགས་པ་ནུབ། བདེ་བའི་ཉམས་མྱོང་ཅུང་ཟད་རྒྱས་སོ། །འོན་ཀྱང་བདེ་སྡུག་དང་མཐོ་དམན་སྤེལ་མར་འབྱུང༌། དེ་ལྟར་འབར་བ་དང་འཛག་པ་འདི། བརྩོན་པ་དང་ལྡན་པའི་སྒྲུབ་པ་པོས་ལོ་ཡི་ཉིན་ཞག་ལ་ཐེ་ཚོམ་མེད་པར་མངོན་དུ་བྱེད་དོ། །རྩ་གནས་གཞན་གྱི་འབར་འཛག་བདེ་དྲོད་ཕྲ་མོ་ནི། འདིའི་སྐབས་དང་འདི་དག་གི་སྔོན་རོལ་ནས་ཀྱང་ཡང་དང་ཡང་དུ་འབྱུང་ངོ༌། །འདིར་བྱང་ཆུབ་ཀྱི་སེམས་འབབ་པ་ན། གོང་མ་གོང་མའི་བྱང་ཆུབ་ཀྱི་སེམས་འོག་མ་འོག་མ་དང་འདྲེས་ཏེ་འབྱུང་བའི་ཕྱིར། རྐྱང་མ་ནས་ལྟེ་བའི་ཨཾ་ཡིག་ལ་ཐིམ་པ་དེ་ལ་སྙིང་གའི་དཔྱིད་ཞུ་བའི་དྭངས་མ་ཡང་ཡོད་པས། དབུ་མའི་ནང་གི་འབར་འཛག་མིན་ཡང༌། དཔྱིད་ཐིག་འདྲེས་པ་ནི་ཡིན་ནོ། །རོ་རྐྱང་གི་འབར་འཛག་འདི་གསང་བའི་སྦྱིན་སྲེག་གི་སྐབས་ལས་བཤད་པའི་དོན། ལམ་སྒོམས་པའི་སྐབས་སུ་གནས་སྐབས་འདིར་འབྱུང་བ་ཡིན་ལ། དེ་ལྟར་དཔྱིད་ཐིག་འདྲེས་པའི་མེ་དེ་ནི་ཤིན་ཏུ་ཕྲ་ཞིང་གཟི་


TNT08_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་དང་ལྡན་པ་སྟེ། སྐྲ་ཡི་རྩེ་མོ་བརྒྱ་སྟོང་ཆ། ཞེས་པ་སྐྲ་རྩེ་བརྒྱ་ཕྲག་སྟོང་སྟེ་འབུམ་དུ་གཤགས་པའི་ཆ་ཞེས་པས་ཤིན་ཏུ་ཕྲ་བའི་དཔེ་ཡིན་པར་འགྲེལ་ཆེན་ལས་བཤད་ལ། ཕྲ་བ་གསལ་བ་མྱུར་བའི་ཕྱིར་གློག་དང་མཚུངས་པའོ། །འགོས་འགྱུར་ལས། སྐྲ་རྩེ་བརྒྱའི་ཆ་ཙམ་སྟེ། འོད་ཟེར་གློག་སྟོང་འཁྱུག་པ་བཞིན། ཞེས་འབྱུང་བ་བརྗོད་ཚུལ་རྣམ་པ་གསལ་ལོ། །མདོར་ན་དངོས་སུ་གཏུམ་མོ་ཕྲ་ཞིང་གསལ་ལ་རྣོ་བར་འགྱུར་ཞིང༌། རྣལ་འབྱོར་བའི་སེམས་ཀྱི་སྣང་བ་ལའང་འབར་སྣང་འབྱུང་སྟེ། ལྟེ་བའི་གནས་སུ་དུ་བ་ལ་སོགས་པའི་རྟགས་ལྔའི་མཐའ་མའོ། །དེ་ནས་བཟུང་སྟེ་གཏུམ་མོའི་ཟེར་མ་ཕྲ་མོས་རྩ་གནས་ཐམས་ཅད་གང་བར་འགྱུར་ལ། རྣལ་འབྱོར་བའི་བློ་སྣང་ལ་ཡང༌། སྲིད་པ་གསུམ་གྱི་གཟུགས་བརྙན་འཆར་ཞིང༌། བ་སྤུའི་བར་དུ་གཏུམ་མོའི་དྲོད་ཀྱིས་ཁྱབ་པས། ཕྱི་རོལ་ཕྱོགས་བཅུར་གནས་པའི་ལྷ་དང་ལྷ་མིན་འབྱུང་པོའི་ཚོགས་རྣམས་ཀྱི་སྒྲུབ་པ་པོ་དེ་མི་མཐོང་ཞིང༌། འབར་བའི་དཀྱིལ་འཁོར་གྱིས་སྲེག་པ་དང༌། སྲིན་པོ་དང་མཁའ་འགྲོ་མས་སྡིགས་པ་ལ་སོགས་པའི་སྣང་བ་འབྱུང་ངོ༌། །ལྷའི་རྣལ་འབྱོར་ཞེས་པ་དཔྱིད་དང་ཐིག་ལེ་ཁ་སྦྱོར་རོ། །དེ་ལྟ་བུའི་མཚན་ཉིད་དང་བྱེད་ལས་སུ་ལྡན་བཞིན་པས། དབུ་མའི་རྩ་མདུད་བཅོམ་བུ་ག་ཕྱེ་ནས། ནང་དུ་འབར་བཞིན་པས། སྙིང་གར་ཕྱིན་པ་ན། ཕུང་པོ་ལྔའི་རླུང་ཞེས་བྱ་བ་འབྱུང་བ་ལྔའི་ཕོ་རླུང་སྙིང་གའི་འཁོར་ལོ་ལ་གནས་པ་དེ།


TNT08_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་སྒོམ་པའི་དུས་སུ་དབུ་མར་ཡང་ཡང་འགགས་པ་ནི་དེ་བཞིན་གཤེགས་པ་ལྔ་སྲེགས་པའི་དོན་ཡིན་ལ། དེས་ཕུང་ལྔའི་རྣམ་རྟོག་ཅི་རིགས་པ་ནུབ། མངོན་ཤེས་ལྔ་ཅི་རིགས་པར་འཆར། ཁམས་ལྔའི་རླུང་སྟེ་འབྱུང་བ་ལྔའི་མོ་རླུང་ནི་སྐབས་འདིར་ཡང་ཅུང་ཟད་འགག་ལ། གཏུམ་མོའི་མེ་མགྲིན་པར་སླེབ་པའི་ཚེ་ཆེད་འགག་པ་ནི་ཡུམ་བཞིའམ་ལྔ་སྲེགས་པའི་དོན་ཡིན་ལ། རྩ་འཁོར་ཐམས་ཅད་ན་གཟུང་འཛིན་གྱི་རླུང་བཅུ་གཉིས་གནས་ཀྱང༌། མགྲིན་པ་ན་གནས་པ་དེ་སྐབས་འདིར་རིམ་པས་འགགཁམས་ལྔའི་རྣམ་རྟོག་ཅི་རིགས་པ་སྤངས། དབང་ཡུལ་རྣམས་བདེ་བའི་རྣམ་པར་ཡང་ཡང་འཆར། བདེན་པའི་ཚིག་འགྲུབ་ཅིང༌། ལྕེ་འཕེལ་བ་དང༌། སྟོབས་རྒྱས་པ་དང༌། མ་བསླབས་པའི་བསྟན་བཅོས་ཤེས་པ་སོགས་འབྱུང་ངོ༌། །འགོས་འགྱུར་སོགས་སུ། སྙིང་ག་ཆོས་ཀྱི་འཁོར་ལོ་ནི། སྲེགས་ནས་ལོངས་སྤྱོད་གནས་སོང་སྟེ། ཞེས་འབྱུང་ཞིང༌། འབྲོག་འགྱུར་ཡང་དོན་དེ་དང་འདྲ་ལ། མན་ངག་ཏུ་འདོད་པ་འགའ་ཞིག་ལས། མགྲིན་པའི་འཁོར་ལོ་མེ་སྲེག་ཟེར་བ་སོགས་ཡོད་ཀྱང་མི་ལེགས་སོ། །སྣ་ཡི་བུ་ག་གཡས་པ་ནས། ཀུན་ནས་ངེས་པར་འབྱུང་བ་ནི་ཞེས་པ་ལ། འགོས་འགྱུར་གྱི་གཞུང་དང་རྒྱུད་ལས། སྣ་བུག་གཡས་ཀྱི་བུ་ག་ནས་བྱུང་སྟེ་གཡོན་དུ་ཞུགས་ནས་ཀྱང༌། ཞེས་འབྱུང་བ་ལྟར་འཆད་


TNT08_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ལ། དེ་ཡང་མགྲིན་པ་མས་སྟེང་དུ་གཏུམ་མོ་འབར་བ་ན། རོ་མས་བསྡུས་པའི་རྩ་གང༌། ནང་ནས་ཕྱི་ལ་ཐིག་ལེ་གཡོ་ཞིང་གསལ་བའི་ཉམས་ཆེར་སྐྱེ་རྐྱང་མས་བསྡུས་པའི་རྩ་གང་བས། ཁམས་རྣམས་ཕྱི་ནས་ནང་དུ་གཡོ་ཞིང༌། སྟོང་པའི་ཉམས་གཙོ་བོར་སྐྱེ་བ་ནི། སྣ་བུག་གཡས་ནས་བྱུང་ཞིང་གཡོན་དུ་ཐིམ་པའི་བརྡས་བསྟན་པའི་དོན་ནོ། །འབར་བ་སྤྱི་བོར་ཕྱིན་པ་ན། ཧཾ་ཡིག་ཅུང་ཟད་ཞུ་ཡང༌། དང་པོ་ཉིད་ནས་དབུ་མའི་ནང་དུ་མི་འཛག་སྟེ་གཏུམ་མོའི་མེ་སྨིན་མཚམས་སུ་སོང་ནས། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་སྟེ། ལུས་ཀྱི་རྩ་ཐིག་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་རིམ་གྱིས་ཁྱབ་པར་འགྱུར་ལ། དེས་སྲེགས་པས་དང་པོར་ལུས་ཀྱི་ཉམས་སྟོབས་བྲི་བར་འགྱུར། དེ་མན་ཆད་དུ་ཉམས་སྐྱོན་ཅན་དང་སྡུག་བསྔལ་གྱི་ཉམས་ཅི་རིགས་པ་འབྱུང་བ་ཡོད་ལ། འདི་ནས་ནི་མེད་དོ། །དེ་ནས་ཕུང་ཁམས་ཀྱི་ནུས་པ་ལྷག་པར་རྒྱས་ཤིང༌། རྩ་ཐིག་མཐའ་དག་གི་དྭངས་མ་ཚངས་བུག་ཏུ་འདུས་དབུ་མའི་ཡས་སྣ་ནས་ཞུགས་ཏེ། སྤྱི་བོའི་རྩ་ཡིག་ལ་འདྲེས་པའི་སྐབས་ནི། ལྷའི་སྐུ་གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་པས་ཁྱབ་པར་འགྱུར་ཏེ། དེ་ནས་གཟུང་ནས་ཧཾ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་ཞུ་བ་དབུ་མའི་ལམ་ནས་བརྒྱུད་དེ། མགྲིན་པ་དང་སྙིང་གར་བདེ་བ་སྐྱེད་བཞིན་དུ། ལྟེ་བའི་ཨཾ་ཡིག་ལ་འབབ་པའི་དཔྱྀད་ཐིག་ཁ་སྦྱོར་མཆོག་དེ་ཐོབ་ནས། རྟག་ཏུ་དེ་ལ་


TNT08_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་འགྱུར་རོ། །དང་པོ་རོ་རྐྱང་གི་འབར་འཛག་དེ་ཐོབ་ནས། གཏུམ་མོ་འབར་ལུགས་སོ་སོའི་གནས་སྐབས་དང་མཐུན་པ་དང༌། རྐྱང་མ་ནས་བྱང་ཆུབ་ཀྱི་སེམས་ལྟེ་བར་འབར་བའི་འབར་འཛག་དེ་ནི། ཐུན་དང་ཐུན་ཐམས་ཅད་ལ་རྟག་ཏུ་ཡོད་དེ། འདི་ཕྱིན་ཆད་ནས་ནི་དབུ་མའི་འབར་འཛག་ཁོ་ནར་འགྱུར་རོ། །དེ་ཡང་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་ཞེས་བྱ་བ་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་ཤངས་ཀྱི་བུ་ག་གཡོན་པ་ནས་ཞུགས་པ་ནི། རང་ལུས་ཀྱི་རྩ་ཐིག་ཕུང་ཁམས་ཐམས་ཅད་ལ་གཏུམ་མོའི་མེས་ཁྱབ་པའི་བརྡའོ། །སངས་རྒྱས་དེ་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞི་སྲེགས་པ་ནི། ཁམས་སྙིགས་མའི་སྟོབས་ཉམས་པ་མཚོན་ནོ། །དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཞུ་བ་སྔར་བསྟན་ཞིང་བཤད་པའི་བུ་ག་སྟེ། ཤངས་ཀྱི་བུ་ག་གཡོན་པ་ནས་སྤྱན་དྲངས་པ་ནི། རྩ་ཐིག་ཕུང་ཁམས་ཀྱི་དྭངས་མ་རྣམས་རྒྱས་ཤིང༌། ཞུ་བ་མཚོན་ལ། སྤྱན་དྲངས་པའི་བྱང་ཆུབ་ཀྱི་སེམས་ཚངས་བུག་ནས་ཞུགས་པ་ནི། ཁམས་དྭངས་མ་རྣམས་སྤྱི་བོར་འདུས་ཏེ་བདེ་ཆེན་འཁོར་ལོ་གང་བ་ཡན་ཆད་མཚོན་ཞིང༌། སངས་རྒྱས་ལ་སོགས་པའི་ཡིག་འབྲུ་རྣམས་སྲེགས་པ་དེ་སླར་ཡང་གསོས་ཤིང་དགའ་བ་སྐྱེད་པ་ནི། སྙིང་ག་དང་མགྲིན་པའི་འཁོར་ལོ་ཐིག་ལེའི་རྒྱུན་གྱིས་གང་བས་ཞུ་བདེས་ཁྱབ་པ་མཚོན་ནོ། །སྔར་བཞིན་དུ་ནི་ཞེས་པ་སྔར་རོ་རྐྱང་གི་འབར་འཛག་ལས་དཔྱིད་ཐིག་ཁ་སྦྱོར་ཐོབ་པ་


TNT08_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། གནས་སྐབས་འདིར་ཡང་ངོ་ཞེས་པ་སྟེ། དབུ་མའི་འབར་འཛག་གི་དཔྱིད་ཐིག་ཁ་སྦྱོར་ཐོབ་པའོ། །རོ་རྐྱང་གི་འབར་འཛག་མི་འཐད་པར་སྨྲ་བས་ནི། དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། ཅེས་དང༌། སྔར་བཞིན་དུ་ནི་གནས་པར་གྱུར་ཞེས་པའི། དཔྱིད་དང༌། སྔར་བཞིན་གྱི་དོན་སྟོར་པ་ཡིན་ནོ། །གནས་པར་གྱུར་ཞེས་པ་ནི་རྟག་ཏུ་གནས་པ་སྟེ། དེ་ནས་བརྩམས་ཏེ་མཉམ་བཞག་དང༌། རྗེས་ཐོབ་སྤྱོད་པ་སྤྱོད་པའི་གནས་སྐབས་ཐམས་ཅད་དུ་འབར་འཛག་དེ་ལ་གནས་པར་འགྱུར་བའོ། །ཁ་ཅིག་གཏུམ་མོ་འབར་བ་སྣ་བུག་གཡས་པ་ནས་འགྲོ་བ་སོགས་བརྡའ་འདི་དག་ཐམས་ཅད་འབར་སྣང་ལ་དངོས་སུ་འབྱུང་བས། འདི་རྣམས་ཉིད་ལམ་རིམ་ཡིན་ནོ་ཞེས་འདོད་མོད། མ་བརྟགས་པར་ཉམས་ཀྱི་ཚུལ་ལ་དེ་ལྟར་འབྱུང་བའང་སྲིད་མོད། དེ་ཁོ་ནར་མ་ངེས་ཏེ་མཐའ་ཡས་པའི་སྣང་བར་འབྱུང་ངོ༌། །ཅི་སྟེ་འགའ་ཞིག་ལ་དེ་ཁོ་ནའི་གསལ་སྣང་འཆར་སྲིད་ཀྱང༌། རྣམ་པ་ལམ་བྱེད་ཀྱི་སྒོམ་པ་གོམས་པའི་གསལ་སྣང་ཙམ་ཡིན་གྱི། ལམ་གྱི་རིམ་པར་མི་འཇོག་གོ །རང་གི་ཕུང་ཁམས་སྐྱེ་མཆེད་གཏུམ་མོའི་མེས་ཁྱབ་པ་དང༌། བྱང་ཆུབ་ཀྱི་སེམས་ཞུ་བའི་སྐབས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས་དངོས་སུ་བྱིན་གྱིས་རློབས་པར་འགྱུར་བ་ནི་ཆོས་ཉིད་དེ། འདི་ལྟར་རབ་ཏུ་འབར་བའི་གཏུམ་མོ་ནི། ངོ་བོ་རྣམ་པ་ཀུན་


TNT08_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་བདེ་བའི་ངོ་བོར་གནས་པ་ཡིན་ལ། དེ་ཉིད་ལུས་ཀྱི་རྟེན་རྩ་དང་རྡུལ་གྱི་ཁམས་ཐམས་ཅད་ལ་ཁྱབ་པར་བརྟེན་ཀྱང༌། གཙོ་བོར་ལྟེ་བའི་ཕག་མོ་ལ་བརྟེན་པ་སྟེ། གདོད་ནས་གནས་ཀྱང་གོང་དུ་ཇི་སྐད་བསྟན་པའི་ལམ་གྱི་རིམ་པ་དེ་དག་སྔོན་དུ་མ་སོང་བར། ས་འོག་གི་གཏེར་བཞིན་མི་མཐོང་ལ། དགོས་དོན་འགྲུབ་པར་ཡང་མི་བཞེད་དོ། །གང་སྔགས་ཀྱི་རིམ་པས་དེ་ལྟར་སྔོན་དུ་གྱུར་པ་ནས། རྟག་ཏུ་རྒྱུན་མི་འཆད་ཅིང་ཡེ་ཤེས་ཀྱི་སྣང་བའི་འདི་ལས་ལམ་གྱི་ཡོན་ཏན་མཐའ་དག་ཐོབ་པ་དང༌། མ་དག་པའི་སྣང་བ་ཐམས་ཅད་འདིའི་ངང་དུ་ཐིམ་པ་དང༌། ཁམས་ཐིག་ལེ་མཐའ་དག་འདིའི་ངོ་བོར་འདྲེས་པ་ལས་མི་འགྱུར་བའི་བདེ་བར་འགྲོའོ། །དེ་ནི་རིགས་ལྡན་མ་ཞེས་བྱ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ལས། རིགས་བདུན་གྱི་རྣལ་འབྱོར་མ་བསྟན་པ་ཡང༌། སྤྱི་བོའི་ཧཾ་ཡིག་ལས་འབར་བ་གཙུག་ཏོར་ནས་འབྱུང་བ་དཀར་པོ་དང༌། དཔྲལ་བ་ནས་འབྱུང་བ་སེར་པོ་དང༌། ནོར་བུ་ནས་འབར་བ་སྔོན་པོ་དང༌། མགྲིན་པ་ནས་འབར་བ་དཀར་པོ་དང༌། སྙིང་ག་ནས་འབར་བ་དཀར་དམར་དང༌། ལྟེ་བ་ནས་འབར་བ་དམར་པོ་དང༌། གསང་བ་ནས་འབར་བ་ལྗང་ཁུ་སོགས་བརྡས་བསྟན་པ་དང༌། ལེའུ་བཅུ་བདུན་པར་བསྟན་པ་གཟུགས་ཡོངས་སུ་བརྗེ་བའི་རིགས་ལྡན་མ་བརྒྱད་ནི། ལྟེ་བའི་ནང་སྐོར་རྩ་བརྒྱད་ལས་འབར་བའི་གཏུམ་མོ་བརྒྱད་དེ། དཔལ་དུས་ཀྱི་


TNT08_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལས། ཙ་ར་ཙི་ཀཱ་སོགས་ལྷག་པའི་ལྷ་དང་སྦྱར་བའི་གཏུམ་མོ་གསུངས་པ་དང་གནད་གཅིག་གོ །དེ་བཞིན་དུ་ཁྱད་པར་གྱི་ཕོ་ཉ་མོ་བརྒྱད་ནི། རྩ་ནང་གཞན་རྣམས་སུ་འབར་བའི་གཏུམ་མོ་ཁམས་བརྒྱད་ལས་བྱུང་བ་རྣམས་དང༌། ལཱ་མིའི་རིགས་དྲུག་ནི་བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་འཆིང་བའི་གཏུམ་མོའི་རིགས་དྲུག་སྟེ། དེ་ལྟར་ནང་གི་རིགས་ལྡན་མའི་རྣམ་གཞག་རྒྱས་པར་ནི། རྩ་བའི་རྒྱུད་དང་སྙིང་པོ་བཏུས་པའི་གཞུང་སྦྱར་བ་ལས་ཤེས་པར་བྱའོ། །ཡང་རྩ་བའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོར་གྱུར་པ། །དེ་ཚེ་དེ་ཡི་ཆོས་སྐུར་བཤད། །ཅེས་བྱ་བ་ལ་སོགས་པས་སྐུ་གསུམ་མམ་བཞི་མདོར་བསྟན་པ་གང་ཡིན་པ་དེ་ནི། གོང་དུ་ལོངས་སྤྲུལ་ངོ་བོ་ཉིད་སྐུ་གསུམ་དང༌། འདིར་ཆོས་སྐུ་བསྟན་པས་རྒྱས་པར་བཤད་པ་ཡིན་ནོ། །ལེའུའི་མཚན་བསྟན་པ་ནི། དཔྱིད་ཀྱི་ཐིག་ལེ་ལས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ། སྐུ་གསུམ་མཚོན་པ་སྔོན་དུ་འགྲོ་བ་དཔལ་ཧེ་རུ་ཀ་དཔྱིད་དང༌། རྡོ་རྗེ་ཕག་མོ་ཐིག་ལེར་བརྗོད་པ། འགྲོ་བ་དང་འོང་བ་དང་རྒྱུད་དང་སྔགས་དང་ཡེ་ཤེས་དང་གསང་བའི་རིམ་པ་དང༌། སྤྲུལ་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། ཆོས་དང༌། བདེ་བ་ཆེན་པོའི་འཁོར་ལོ་པདྨ་བཞི་པོ་དང༌། དབྱངས་ཕྱི་མོ་བཅུ་གཉིས་དང༌། ཡི་གེ་སུམ་ཅུ་རྩ་བཞིའི་རང་བཞིན་དུ། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྒྱས་པར་བསྟན་པ་སྟེ་བཅུ་པའོ། །ཞེས་སོ། །སྐུ་གསུམ་མཚོན་པ་ནི། འབྲས་བུའི་གནས་སྐབས་མཚོན་


TNT08_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ལམ་མོ། །དཔྱིད་ཐིག་སྦྱོར་བ་ནི་ཡེ་ཤེས་ལྔ་དང་ཆོས་སྐུའི་སྐབས་རྣམས་སོ། །འགྲོ་བ་དང་འོང་བ་ནི་རོ་རྐྱང་གི་རྒྱས་བཤད་དོ། །རྒྱུད་ནི་རྩ་གསུམ་འཁོར་ལོ་བཞི། སྤྲུལ་པ་ལ་སོགས་པ་རྣམས་ཏེ། དེ་སྒོམ་པའི་རིམ་པ་ཡང་གསལ་བར་བྱས་སོ། །སྔགས་ནི་གཏུམ་མོ་སྟེ་ལམ་གྱི་ཆོས་སྐུ་བཤད་པའི་སྐབས་རྣམས་སོ། །ཡེ་ཤེས་ནི་དགའ་བཞི་སྟེ། ལམ་གྱི་ལོངས་སྐུ་དང་སྤྲུལ་སྐུའི་ཕྱོགས་གཅིག་བཤད་པའི་སྐབས་རྣམས་སོ། །གསང་བ་ནི་ཡེ་ཤེས་ཀྱི་རླུང༌། རིམ་པ་ནི་དེ་སྒོམ་པའི་ཐབས་ལམ་སྟེ། ལམ་གྱི་སྤྲུལ་སྐུའི་ཕྱོགས་གཅིག་དང༌། ངོ་བོ་ཉིད་སྐུའི་སྐབས་རྣམས་སོ། །པདྨ་ནི་རྩ་འཁོར་ལོ་བཞི་ཡིན་ལ། དབྱངས་ཕྱི་མོ་སོགས་ནི་རྩ་ལ་བཀོད་པའི་ཡི་གེ་རྣམས་ཏེ་རྩ་གསུམ་འཁོར་ལོ་བཞིའི་ཡི་གེ་བཀོད་པ་རྣམས་སོ། །དེ་ལྟར་སྐུ་གསུམ་དང༌། དཔྱིད་ཐིག་མཉམ་སྦྱོར་དང༌། རྩ་འཁོར་ལོ་བཞི་དང༌། འགྲོ་འོང་དང༌། ཡིག་འབྲུ་རྣམས་ཀྱི་ངོ་བོར་དེ་བཞིན་གཤེགས་པ་དུས་གསུམ་དུ་བཞུགས་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་དེ་དང་དེ་དག་བརྡའ་ཙམ་ཡིན་ལ། དེ་དག་གི་ཆོས་ཉིད་དོན་དམ་པའི་ཡེ་ཤེས། ཆོས་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མཐའ་མེད་པའི་ཚུལ་གྱིས་བཞུགས་པར་བསྟན་པ་ཡིན་ནོ། །དེ་དག་ལས་གཞན་རྣམས་གོ་སླ་ལ། རིམ་པ་བཞིའི་ངོ་བོ་ནི་འདི་ཡིན་ཏེ། རྒྱུད་ཀྱི་རིམ་པ་ནི། གང་རྫོགས་པའི་རིམ་པའི་སྒྲུབ་པ་ལས་བརྩམས་ནས། དམིགས་པ་ལ་རྩོལ་བར་བྱེད་པ་ལས། རོ་རྐྱང་གི་རྒྱུ་བ་འགགས་ཤིང༌།


TNT08_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱུ་ཏཱིར་རླུང་རྣམས་ཞུགས་པ་དང༌། གནས་པ་དང་ཐིམ་པའི་རིམ་པ་ཇི་སྲིད་དང་རྩ་གནས་གཞན་གྱི་བདེ་དྲོད་དང་དེས་དྲངས་དྷུ་ཏཱི་ལས་བྱུང་བའི་དགའ་བཞི་ཕྲ་མོ་ཤར་བའི་བར་དུ་ཡིན་ཏེ། རྩ་དང་རླུང་དང༌། ཐིག་ལེའི་རྣམ་པ་ལ་དམིགས་པའི་རྣལ་འབྱོར་ཡིན་ཡང་རུང༌། ལས་ཀྱི་ཕྱག་རྒྱ་ལ་སོགས་པས་སྒྲུབ་ཀྱང་རུང༌། བུམ་པ་ཅན་ལ་སོགས་པ་རླུང་གི་རྩོལ་བ་ལ་བརྟེན་ཡང་རུང༌། མི་རྟོག་པའི་ཡེ་ཤེས་སྒོམ་པ་ཡིན་ཡང་རུང་སྟེ། རྩ་གསུམ་འཁོར་ལོ་བཞི་ལ་གནད་དུ་བསྣུན་པ་ཞིག་ནི་དགོས་སོ། །དེ་ནས་རླུང་རྫོགས་པར་ཐིམ་མ་ཐག་ཏུ་གཏུམ་མོ་སྦོར་བྱེད་ལས་ཀྱི་རླུང་སྐྱེ་བར་འགྱུར་ལ། དེ་ནས་བརྩམས་ཏེ་གོང་དུ་བསྟན་པ་ལྟར་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་རྫོགས་པའི་འབར་འཛག་གི་ཉམས་རྟོགས་སྐྱེས་ཀྱི་བར་དུ་སྔགས་ཀྱི་རིམ་པའོ། །དེ་ནས་རིམ་པས་འཁོར་ལོ་བཞིར་ཞུ་བའི་ཐིག་ལེ་མཐའ་དག་ལ་རང་དབང་འབྱོར་བའི་སྒོ་ནས་བརྟན་པ་ཐོབ་ཀྱི་བར་དུ་ཡེ་ཤེས་ཀྱི་རིམ་པ་སྟེ། འདི་ལ་སྔར་བསྟན་པའི་འཕྲོས་ལས། དབུ་མའི་ནང་ནས་འབར་འཛག་མང་དུ་བྱས་པ་ལས། སྤྱི་བོའི་ཐིག་ལེ་བབས་ནས་མགྲིན་པ་ཡན་ཆད་གང་ཞིང་བརྟན། དེ་ཡན་ཆད་ཀྱི་ཞུ་བདེའི་ཐིག་ལེ་ལ་དབང་འབྱོར་བས། རིགས་སྔགས་མཐའ་དག་གྲུབ་པ་དང༌། འགྲོ་བ་ཐམས་ཅད་དབང་དུ་བསྡུ་བ་དང༌། འགྲོ་བའི་སྐད་ཐ་དད་ཤེས་ཤིང་དེ་དག་ཏུ་ཆོས་སྟོན་པ་དང༌། ངག་གི་དབང་ཕྱུག་ཅི་རིགས་པ་གྲུབ་པར་འགྱུར་རོ། །རིམ་པ་དེས་སྙིང་ག་ཡན་ཆད་གང་


TNT08_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བརྟན་པས་ནི། མཉམ་བཞག་ཏུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བརྟན། རྗེས་ཐོབ་ཏུ་སྒྱུ་མ་ལྟར་བུར་འཆར། སྙིང་རྗེ་ཆེན་པོ་འགྲུབ་ཅིང༌། མངོན་ཤེས་རྒྱ་ཆེན་པོ་དང་རྟེན་འབྲེལ་སྣ་ཚོགས་པ་ཤེས་སོ། །ལྟེ་བར་གང་ཞིང་བརྟན་པས་ནི། འདོད་ཡོན་ཐམས་ཅད་ཡེ་ཤེས་སུ་ཤར་ཞིང༌། ལྷ་མོ་སོགས་ཀྱི་འདུ་བ་མང་དུ་ཐོབ་པར་འགྱུར་རོ། །གསང་བ་སོགས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་ཡན་ཆད་དུ་བསྟན་པས་ནི། ནང་གི་བདེ་བ་རྒྱུན་མི་འཆད་པ་དང༌། འབྱུང་བ་ལྔ་དང་སེམས་ཅན་དུ་བགྲང་བའི་གནོད་པས་མི་ཚུགས་ཤིང༌། ཕར་ཟིལ་གྱིས་གནོན་པར་ནུས། ཁམས་ལྔ་དང་འབྲེལ་བའི་རྫུ་འཕྲུལ་མང་པོ་སྟོན་པར་བྱེད་དོ། །དེ་ལ་སྔགས་ཀྱི་རིམ་པ་ནི། སྦྱོར་ལམ་དྲོད་ཀྱི་སྦྱོར་བ་དང༌། འདི་རྣམས་དྲོད་ཆུང་འབྲིང་ཆེ་རབ་སྟེ་བཞིའོ། །མཚམས་འདིར་སེམས་ཀྱི་སྣང་བ་ཙམ་གྱི་ལྷ་སྐུ་ཡང་དག་པར་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་ལ་གནས་བཞིན་པས། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཕོ་ཉ་མོའི་སྒྲུབ་པས་མི་རིང་བར་གོང་དུ་རྒྱས་པར་བསྟན་པ་ལྟར་འགྱུར་མེད་ཡེ་ཤེས་ཀྱི་ཐིག་ལེ་ནོར་བུར་ཅུང་ཟད་བརྟན་པ་ནས་གཙུག་ཏོར་གྱི་བར་དུ་བརྟན་པས། མས་བརྟན་དགའ་བ་བཅུ་དྲུག་གི་ས་དང༌། གནས་སོགས་ས་བཅུ་གཉིས་འགྲུབ་པ་ནི་གསང་བའི་རིམ་པའོ། །དེ་ལ་ཡེ་ཤེས་ཀྱི་རིམ་པ་རྫོགས་ནས་གསང་རིམ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་སྤྱོད་པ་བྱེད་པ་ནི་རྩེ་མོའི་སྦྱོར་བ་ཡིན་ལ། རྩེ་མོ་ཆུང་ངུ་རྒྱུད་ལ་སྐྱེས་པ་ནས་བརྩམས་ཏེ་ཆོས་མཆོག་ཆེན་པོའི་བར་ནི་གསང་


TNT08_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་མོ། །གསང་བའི་རིམ་པ་དང༌། འཕགས་པའི་ས་བཅུ་རྣམས་སུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ལམ་བགྲོད་པ་ཡིན་ལ། སློབ་དཔོན་འདིས་མཛད་པའི་རྫོགས་རིམ་གྱི་གཞུང་གསུན་པོ་རྣམས་སུ་ས་བཅུའི་རྣམ་གཞག་བརྟན་པས་རིག་བརྟུལ་གྱི་སྤྱོད་པ་རྟོགས་སླ་ཞིང༌། ལས་དང་པོ་པ་ལ་ཉེ་བར་མི་མཁོ་བར་དགོངས་ནས། ཟུར་ཙམ་མ་གཏོགས་ཞིབ་པར་མ་གསུངས་སོ། །འདིར་ཕྱོགས་མཚོན་ཙམ་བཤད་ན། རིག་བརྟུལ་དངོས་དང༌། ཕོ་ཉ་མོ་སྒྲུབ་ཚུལ་གཉིས་ལས། དང་པོ་ནི་ཡེ་ཤེས་ཀྱི་རིམ་པའི་རྟོགས་པ་དང་པོ་དྲོད་ཆུང་ངུ་མ་སྐྱེས་ཀྱི་བར་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱར་མི་རུང་ལ། དེ་ནས་ཡེ་ཤེས་ཀྱི་རིམ་པ་རྫོགས་ཀྱི་བར་ལ་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་རུང་མོད། སྤྱིར་བཏང་ཚེ་དེ་ཉིད་ཀྱིས་སྦྱོར་ལམ་དྲོད་རབ་དེ་ཐོབ་པའི་སྔོན་རོལ་ཏུ། སྤྱིར་ཕོ་ཉའི་ལམ་དང༌། ཁྱད་པར་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་དུས་ལན་གཅིག་ནི་ངེས་པར་སྒྲུབ་དགོས་སོ། །དེའི་འོག་ཏུ་གསང་རིམ་གྱི་སྦྱོར་བ་ནས་བརྩམས་ཏེ། དགའ་བ་བཅོ་ལྔ་དང༌། ས་བཅུ་གཅིག་གི་བར་དུ་རིག་སྤྱོད་དཀྱུས་མ་དེ་སྤྱོད་པ་ཡིན་ལ། སྤྱོད་པ་གསུམ་པོ་གང་སྤྱད་ཀྱང་ཆོག་པས། ལས་ཀྱི་ཕྱག་རྒྱ་སྟོན་པ་ངེས་པར་དགོས་པ་ནི་མ་ཡིན་ནོ། །ས་བཅུ་གཉིས་པ་དང་འཕགས་པའི་མཐོང་ལམ་སྦྲགས་པ་ནི་ཉེ་རྒྱུ་མངོན་བྱང་གི་རིག་སྤྱོད་ལ་བརྟེན་ནས་ཐོབ་བོ། །དེ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ་བརྟེན་ནས། འཕགས་པའི་ས་བཅུ་བགྲོད་ལ། སླར་ཡང་ཉེ་རྒྱུ་མངོན་བྱང་ཆེན་པོའི་སྤྱོད་པ་ལ་


TNT08_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས། ས་ལྷག་མ་གཉིས་བགྲོད་དེ། རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་རོ། །དེ་ལ་ཡེ་ཤེས་ཀྱི་རིམ་པའི་སྐབས་ཀྱི་སྤྱོད་པ་ནི། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་སྟེ། དེ་ཡང་རང་གི་ཉམས་མྱོང་གི་ཡེ་ཤེས་ཕྱི་རོལ་གྱི་རྐྱེན་གྱིས་མི་ཤིགས་པ་ལྟར་སྣང་ན། དེ་བརྟན་གཡོ་བརྟག་པའི་ཕྱིར་དུ། དུར་ཁྲོད་ལ་སོགས་པར་ཀུན་ཏུ་སྤྱོད་པ་ནི་ཨ་ཝ་དྷཱུ་ཏཱི་གསང་སྤྱོད་ཞེས་བྱ་སྟེ། དེར་བརྟན་པ་ཐོབ་འདུག་ན་ཟླ་བ་གཅིག་ཏུ་སྤྱོད་ལ། མི་བརྟན་ན་རེ་ཞིག་སྤྱོད་པ་བསྡུས་ཏེ་སྒོམ་པ་ལྷུར་བླང་ངོ༌། །འདི་ལ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ཀ་འབྱུང་སྲིད་ཀྱང༌། ཕལ་ཆེར་རིག་མ་གཅིག་དང་མཉམ་རོལ་གྱི་སྤྲོས་མེད་དང༌། ལས་རྒྱ་སྤངས་པའི་ཤིན་ཏུ་སྤྲོས་མེད་གང་རུང་ངོ༌། །དེ་ཟླ་བ་གཅིག་ཏུ་སྤྱད་ན་ནུས་པ་འབྲིང་དང་དྲོད་འབྲིང་དུ་འགྱུར་བས་ཕྱི་རོལ་གྱི་རྐྱེན་དྲག་པོས་མི་གནོད་ཅིང༌། ཡུལ་ཐམས་ཅད་དང་བདེ་སྡུག་ཐམས་ཅད་ལམ་གྱི་གྲོགས་སུ་འགྲོ་ལ། དེའི་ཚེ་རིགས་དང་སྤྱོད་པ་གསང་སྟེ་ཡུལ་གཞན་དུ་སྨྱོན་པའམ། ལྐུག་པའམ། མུ་སྟེགས་ཅན་ལ་སོགས་པའི་ཚུལ་གྱིས། བདེ་སྡུག་སོགས་རོ་མཉམ་ཞིང༌། འཁོར་འདས་སྲེ་བར་བྱེད་པ་ཡིན་ཏེ། འདི་ལ་ཡང་སྤྲོས་བཅས་ཅི་རིགས་པར་འཇུག་སྲིད་ཀྱང༌། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ཤས་ཆེའོ། །དེས་ནུས་པ་རབ་དང་དྲོད་ཆེན་པོ་དང་རབ་ཏུ་གྱུར་བའི་ཚེ། ཀུན་ཏུ་བཟང་པོའི་སྤྱོད་པའམ། དཔལ་ལྡན་རྒྱལ་ཚབ་ཀྱི་སྤྱོད་པ་བྱ་སྟེ། འཇིག་རྟེན་གྱི་མངོན་དུ་གསང་སྔགས་པར་ཁས་མཆེ་བ་དང༌། ཇི་ལྟར་འདོད་པའི་བལྟ་སྟངས་ལ་སོགས་


TNT08_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནུས་པ་ཐོགས་པ་མེད་པར་གྲུབ་པས་ཚར་གཅོད་རྗེས་གཟུང་དང་གང་ལ་གང་འདུལ་སྐལ་བ་དང་འཚམ་པར་སེམས་ཅན་གྱི་དོན་བྱེད་པ་དང༌། དགོངས་ཏེ་གསུངས་པའི་དམ་ཚིག་རྣམས་དངོས་སུ་སྒྲུབ་པ་དང༌། མཉམ་པ་ཉིད་ཀྱི་སྤྱོད་པས་དུས་འདའ་བ་ཡིན་ནོ། །འདི་ལ་རང་གི་མོས་པ་དང་བསྟུན་པས་སྤྱོད་པ་གསུམ་ཀར་འབྱུང་ངོ༌། །འདི་དག་ལ་རང་གི་ཁྱིམ་དུ་གནས་ཀྱང་རུང༌། ཞིང་རྣམས་སུ་རྒྱུ་བ་ཡིན་ཀྱང་རུང་བ་ལས། སྤྲོས་བཅས་ཀྱི་སྤྱོད་པའི་སྐབས་རྒྱུད་འདི་དག་གི་ལུགས་ལ་ཞིང་དུ་རྒྱུ་བ་གཙོ་ཆེ་ལ། སྤྲོས་མེད་ལ་དེ་གཉིས་ཆ་མཉམ།།ཤིན་ཏུ་སྤྲོས་མེད་ལ་གནས་གཅིག་ཏུ་འདུག་པ་གཙོ་ཆེའོ། །གང་ཞིག་འཕགས་པའི་ས་ཐོབ་པ། རྣམ་སྨིན་གྱི་ལུས་གནས་གྱུར་ཏེ་ཡེ་ཤེས་ཀྱི་སྐུ་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་དེ་ནི། འཁོར་རི་རབ་ཀྱི་རྡུལ་སྙེད་དང་མཉམ་པའི་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་ལྷན་ཅིག་ཏུ་སྤྱོད་ཅིང༌། བདག་ཉིད་བདུད་བཞི་ལས་རྒྱལ་ཞིང༌། འགྲོ་བ་གཞན་ཡང་བདུད་ཀྱི་གནས་ལས་གྲོལ་བར་བྱེད་པ་ནི། ཕྱོགས་ལས་རྣམ་རྒྱལ་ལོ། །དེ་ལྟར་སྤྱོད་པའི་རིམ་པ་བསྟན་ནས། སྤྱོད་པའི་ངོ་བོ་ལ། སྤྲོས་བཅས་ཀྱི་སྤྱོད་པ་ནི། དཀྱིལ་འཁོར་ཁང་པ་དངོས་སམ་རྗེས་མཐུན་པར། སྒྲུབ་པ་པོ་རང་ཉིད་གྲུབ་པའི་ཕྱག་རྒྱས་བསྐོར་ཏེ། ཐམས་ཅད་ཀྱང་ལྷའི་ཆས་སུ་ཞུགས་ནས་ཚོགས་ཀྱི་འཁོར་ལོའི་བྱ་བ་དང་འབྲེལ་བར་བརྡའ་དང་བརྡའི་ལན་དང༌། ཀླུ་དང་གར་དང་རོལ་མོ་དང་ཕྱག་རྒྱ་དང་


TNT08_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ལན་དང༌། འདོད་པའི་ཡོན་ཏན་ལྔའི་རོལ་པ་རྒྱ་ཆེན་པོ་ལ་རྟག་ཏུ་སྤྱོད་དོ། །སྤྲོས་མེད་ཀྱི་སྤྱོད་པ་ནི། ཡིད་དང་མཐུན་པའི་གནས་སུ་ཕྱག་རྒྱ་མང་པོའང་གཅིག་གིས་ཀྱང་རུང་སྟེ། ལྷའི་མཚན་མ་ཅུང་ཟད་དང་བཅས་པས་འདོད་པའི་ཡོན་ཏན་ལྔ་ལ་རོལ་བའི་ཚོགས་ཀྱི་འཁོར་ལོ་སྟེ་བརྡ་དང༌། གླུ་གར་ལ་སོགས་པའི་སྤྲོས་པ་ཆེར་མི་བྱེད་པའོ། །ཤིན་ཏུ་སྤྲོས་མེད་ནི་རང་རིག་ལས་སྐྱེས་པའི་རིག་མ་དང་མཉམ་པར་སྦྱོར་ཞིང་གཉིས་ཀྱི་བསམ་གཏན་གྱི་ཡང་དག་པར་རོལ་བ་སྟེ། ནང་གི་རྣལ་འབྱོར་ཁོ་ན་ལས། གཞན་སྤྲོས་པ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ་ཡང་སྤངས་པའོ། །གནས་གཅིག་ཏུ་འདུག་པའི་སྤྱོད་པ་ནི། སྤྱོད་པ་དེ་གསུམ་པོ་གང་ཡིན་ཡང་རུང་སྟེ། གནས་གཅིག་ཏུ་ཡུན་རིང་དུ་གནས་ཤིང་སྒྲུབ་པས། ནང་གི་རྩ་ཐིག་དག་པ་ན། ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཡང་གནས་དེ་ཉིད་དུ་ཐོབ་པའོ། །ཞིང་རྣམས་སུ་ཀུན་ཏུ་རྒྱུ་བའི་སྤྱོད་པ་ནི། སྤྱོད་པ་གསུམ་པོ་གང་ཡིན་ཀྱང་རུང་སྟེ། ཞིང་རྣམས་རྒྱུས་པས་ཞིང་སྐྱེས་ཀྱི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཀྱི་འདུ་བ་འབད་རྩོལ་མེད་པར་ངང་གིས་ཐོབ་པར་འགྱུར་ཏེ། འདིའི་ནང་ཚན་གྱི་ཤིན་ཏུ་སྤྲོས་མེད་ལ་ནི། ཞིང་སྐྱེས་དེ་དག་ལ་ཡིད་ཀྱིས་རོལ་པ་ཡིན་ནོ། །སྤྱོད་པ་དེ་ཐམས་ཅད་ཀྱང་རིག་མའི་རྐྱེན་ལས། རང་སེམས་ཞུ་བདེ་འཐུག་ཅིང་བརྟན་པར་མི་འགྱུར་བར་བྱས་ནས། རང་གཞན་གྱི་གནས་ལུས་ལོངས་སྤྱོད་ཀྱི་རྣམ་འགྱུར་དང༌། བདེ་སྡུག་མཐོ་དམན་ཐམས་ཅད་སེམས་


TNT08_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བདེ་བ་དེར་རོ་མཉམ་ནས། དེ་ཐམས་ཅད་བདེ་ཆེན་གྱི་ངོ་བོར་འཆར་བར་བྱེད་པ་ཡིན་ལ། ཁྱད་པར་ཉེ་རྒྱུའི་སྤྱོད་པ་གཉིས་ནི། དེའི་སྟེང་དུ་དབང་བསྐུར་ལེན་པས་ཁྱད་པར་དུ་བྱས་པ་སྟེ། སངས་རྒྱས་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ལས་དབང་བསྐུར་བ་ཐོབ་པའི་དབང་གི་ཡེ་ཤེས་དང་བཅས་པ་ཡིན་ཞིང༌། རྐྱེན་རིག་པའི་ལྷ་མོ་ཡང་རིམ་པ་བཞིན་དུ་ཞིང་སྐྱེས་དང་ལྷན་སྐྱེས་སོ། །གཉིས་པ་ནི་རྒྱུད་འདིའི་ལུགས་ཀྱི་སྤྱོད་པ་དང་འབྲེལ་བ་ལ་གལ་ཆེའོ། །ཕོ་ཉ་མོ་སྒྲུབ་པ་ཡིན་ཏེ། ལེགས་པར་སྦྱངས་པའི་ཕྱག་རྒྱ་ནུས་པ་རྙེད་པར་གྱུར་པའམ། ལྷ་ལ་སོགས་པའི་རིགས་ལས་བྱུང་བ་དམ་ཚིག་ལ་ཞུགས་ཤིང་ཡེ་ཤེས་བརྟན་པར་བྱས་པ་ནི་སྔགས་སྐྱེས་ཀྱི་ཕོ་ཉ་མོའོ། །ཞིང་སྐྱེས་མ་རྣམས་མཆོད་པའི་དོན་དུ་དེ་ཁོ་ན་བསྟེན་ཞིང་གྲུབ་པ་ནི། ཞིང་སྐྱེས་མའི་དངོས་གྲུབ་ཀྱི་ཆོ་ག་ལ་སྤྱོད་པའོ། །སྔགས་སྐྱེས་ལ་བརྟེན་ནས་ཞིང་སྐྱེས་དགྱེས་པ་མཐར་ཕྱིན་པ་ན། ཞིང་སྐྱེས་ཉིད་ཀྱི་འདུ་བ་ཐོབ་པར་འགྱུར་རོ། །དེ་ནས་ས་བཅུ་ལ་སྤྱོད་པའི་གནས་སྐབས་ན། རེ་ཤིག་དང་པོར་ལྷན་སྐྱེས་ཀྱི་སྒྲུབ་པ་ལ་འཇུག་དགོས་པ་མིན་ཡང༌། ས་ལྔ་པ་ཕན་ཆད་ཇི་ལྟར་འོས་པ་ལ་ཞིང་སྐྱེས་གང་ཡང་རུང་བ་ཞིག་ལ་བརྟེན་ནས། ལྷན་ཅིག་སྐྱེས་པའི་ཕོ་ཉ་མོ་རྣམས་མཆོད་པར་བྱའོ། །དེ་ཉིད་མཉེས་པ་རབ་ཀྱི་མཐར་ཐུག་པ་ན། ལྷན་སྐྱེས་ཀྱི་ཕོ་ཉ་མོའི་འདུ་བ་དངོས་སུ་ཐོབ་སྟེ། ས་ལྷག་མ་ཇི་ཙམ་ཡོད་པ་རྣམས་དང༌། །ཉེ་རྒྱུའི་སྤྱོད་པ་ཚུན་


TNT08_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་ལམ་རྣམས་ཐུན་གཅིག་གམ་ཞག་གཅིག་གམ། ཞག་བདུན་ནམ། ཤིན་ཏུ་ཐོགས་ཀྱང་ཟླ་བ་ཕྱེད་ཀྱིས་མི་བགྲོད་པ་མི་སྲིད་དེ། །འཕགས་པའི་ས་མངོན་དུ་བྱེད་དོ། །དེ་ལ་ཕོ་ཉའི་སྒྲུབ་པ་ཡོད་ན་ལམ་ཤིན་ཏུ་མྱུར་བ་ཡིན་ལ། མེད་ཀྱང་སྤྱོད་པ་སྤྱད་ན་འབྲས་བུ་ལ་སྦྱོར་བར་ནི་ནུས་སོ། །སྤྱིར་ཕོ་ཉའི་ལམ་ཞེ་བྱ་བ། གཞན་ལུས་ཤེས་རབ་ཀྱི་ལམ་ཙམ་ལ་གྲགས་པ་ཞིག་སྣང་ཡང༌། ཕོ་ཉ་གསུམ་གྱི་སྒྲུབ་པ་འདི་ནི། སྡོམ་པའི་རྒྱུད་སྡེ་ཉིད་ལས་ལྷག་པར་སྔགས་པ། དྲོད་ཐོབ་པ་ཕན་ཆད་ཀྱི་སྤྱོད་ཡུལ་དུ་སྣང་ཞིང༌། འོན་ཀྱང་དེའི་རྒྱུད་ལས་རིམ་པ་གཉིས་ལ་སློབ་པའི་ལས་དང་པོ་པས་ཀྱང༌། ཕོ་ཉ་གསུམ་ལམ་དུ་འཁྱེར་ཚུལ་བྱེད་དགོས་པ་ཡིན་ནོ། །དེང་སང་བོད་ཀྱི་སྔགས་པ་ཕལ་ཆེ་བ་རྣམས་ལ་ཕོ་ཉ་ལམ་དུ་མ་གྲགས་ཀྱང༌། རྣམ་པར་མ་བརྟགས་པའི་གཏུམ་མོ། ཁམས་གསུམ་གྱི་གཟུགས་བརྙན་གྱིས་སྤྲས་པ། དུས་མཐའི་མེ་དང་མཉམ་པའི་གཟི་བརྗིད་ཅན། བདེ་བ་ལྷན་ཅིག་སྐྱེས་པའི་འབྱུང་གནས་གང་ཡིན་པ་འདི་ནི། བཞི་པའི་ལམ་སྟེ་འདི་ཕོ་ཉའི་ལམ་གྱི་ཡང་མཆོག་ཡིན་ཞིང༌། རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་ལྷན་ཅིག་སྐྱེས་པ་དོན་དམ་པའི་ལམ་མོ། །ལས་རྒྱ་དང་འབྲེལ་བའི་ཆགས་ལམ་གྱི་སྐབས་འདིར་ཕོ་ཉའི་དངོས་གྲུབ་ཀྱི་སྒྲུབ་པ་དང༌། རིག་སྤྱོད་ལ་མུ་བཞི་ཡོད་དེ། གང་སྤྱོད་བསྡུས་སྒྲོན་མེ་སོགས་ལས་གསུང་པའི་དངོས་བསྟན་གྱི་སྤྱོད་པ་དེ་ཙམ་ནི། རིག་སྤྱོད་ནི་ཡིན་ལ། ཕོ་ཉ་མོའི་སྒྲུབ་པ་མ་ཡིན་པའི་མུའོ། །ཚོགས་ཀྱི་འཁོར་ལོ་དང་བདེ་སྡུག་སོགས་རོ་མཉམ་པའི་ཐབས་


TNT08_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྩོལ་བར་མི་བྱེད་པར། སྔགས་སྐྱེས་ལ་བརྟེན་ནས་ཞིང་སྐྱེས་སྒྲུབ་པ་ནི། དེ་ལས་བཟློག་པའི་མུའོ། །ལྷག་མ་གོང་དུ་ཇི་སྐད་བསྟན་པའི་ཕོ་ཉ་མོའི་སྒྲུབ་པ་རྣམས་ནི་གཉིས་ཀ་ཡིན་པའི་མུའོ། །ཡེ་ཤེས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པའི་བརྟན་པའི་དོན་དུ་ཕོ་ཉའི་ལམ་དུ་གྲགས་པ་ཕྱག་རྒྱ་སྒོམ་པ་ནི། གཉིས་ཀ་མ་ཡིན་པའི་མུ་སྟེ་བཞི་པའོ། །ཡེ་ཤེས་ཀྱི་རིམ་པ་དང༌། གསང་བའི་རིམ་པའི་སྐབས་སུ་བྱུང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་ཀྱང༌། རིམ་པ་དེ་དང་དེ་ཉིད་དུ་འདུས་ཤིང༌། འཕགས་པའི་ས་བཅུ་ནི་སྤྱིར་ལམ་ཡིན་ཀྱང༌། གསང་རིམ་གྱི་ལམ་དུ་མི་བསྡུ་བར་དེའི་འབྲས་བུ་ཞེས་བྱའོ། །དེ་དག་ཀྱང་ལམ་གྱི་རྣམ་གཞག་གཞན་དག་གོ་མཚུངས་སྦྱར་ན། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་རིམ་ལྔ་དང༌། སྤྱོད་བསྡུས་ནས་བཤད་པའི་ལུས་དབེན་དང་རྒྱུད་རིམ་ཐད་མཉམ། ངག་དབེན་དང་སྔགས་རིམ་མཉམ། སེམས་དབེན་ཡེ་ཤེས་ཀྱི་རིམ་པ་མཉམ། གསང་རིམ་གྱི་སྦྱོར་བ་དང༌། བདག་བྱིན་རླབས་པའི་རིམ་པ་མཉམ། གསང་རིམ་དངོས་དང་མངོན་པར་བྱང་ཆུབ་པའི་རིམ་པ་མཉམ། གསང་རིམ་གྱི་འབྲས་བུ་ནི་ཟུང་འཇུག་གི་རིམ་པའོ། །དྲིལ་བུ་ཞབས་ཀྱི་རིམ་ལྔ་དང་སྦྱར་ན། བདག་བྱིན་བརླབ་པའི་རིམ་པ་དང་རྒྱུད་རིམ་མཉམ། སྣ་ཚོགས་རྡོ་རྗེའི་རིམ་པ་དང་སྔགས་རིམ་མཉམ། ནོར་བུ་འགེངས་པའི་རིམ་པ་དང་ཡེ་ཤེས་ཀྱི་རིམ་པ་མཉམ། ཛ་ལནྡྷ་རའི་རིམ་པ་དང་གསང་རིམ་གྱི་སྦྱོར་བ་མཉམ། བསམ་མི་ཁྱབ་ཀྱི་རིམ་པ་


TNT08_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསང་རིམ་འདྲའོ། །དཔལ་དུས་ཀྱི་འཁོར་ལོ་དང་སེམས་འགྲེལ་སྐོར་གསུམ་གྱི་དགོངས་པ་རྣལ་འབྱོར་ཡན་ལག་དྲུག་ལས། སོར་སྡུད་བསམ་གཏན་སྲོག་རྩོལ་གསུམ་དང་རྒྱུད་རིམ་སྦྱར། འཛིན་པ་སྔགས་རིམ་དང་ཡེ་ཤེས་ཀྱི་རིམ་པ་ལ་སྦྱར། གསང་རིམ་གྱི་སྦྱོར་བ་རྗེས་དྲན་དང༌། གསང་རིམ་དངོས་ཏིང་ངེ་འཛིན་དང་སྦྱར་རོ། །དེ་ཡང་སློབ་དཔོན་སོ་སོའི་གདམས་ངག་དང༌། རྣམ་གཞག་ཐ་དད་པས་སྦྱོར་རོ་ཞེས་ཐ་སྙད་བྱས་ཀྱི། གང་དེ་དག་རྣལ་འབྱོར་དུ་བྱེད་པའི་ཉམས་མྱོང་དང་ཡེ་ཤེས་ནི་ལམ་ཐད་སོ་མཉམ་ཕྱིན་ཆད་མི་འདྲ་བའི་ཁྱད་པར་ཡེ་མེད་དེ་རྟོགས་པ་རིགས་གཅིག་པར་ཤེས་པར་བྱའོ། །རྒྱས་པར་བསྟན་པ་ཞེས་བྱ་བ་ནི། རྩ་བའི་རྒྱུད་དུ་སྦས་ཤིང་མི་གསལ་བ་རྣམས་བཤད་པའི་རྒྱུད་དུ་གསལ་བར་ཕྱེ་བར་འདིར་བཀོད་པ་སྟེ། པདྨ་ཁ་ཕྱེ་བ་ལ་པདྨ་རྒྱས་པར་བརྗོད་པ་བཞིན་ནོ། །གསུམ་པ་རྗེས་བཤད་ཟིན་གྱི་དོན་ནི། དེའི་འོག་ཏུ་དཔྱིད་ཀྱི་ཐིག་ལེའི་ཕན་ཡོན་དང་མཐུ་སྟོབས་བསྟན་པ་སྟེ། གང་ཞིག་རལ་གྲི་དང་ནི་མིག་སྨན་རྐང་པ་བྱུག་དང་རི་ལུ་ས་འོག་གནོད་སྦྱིན་མོ། །འཇིག་རྟེན་གསུམ་གྱི་ཁོངས་ན་གནས་པའི་མདོ་རྒྱུད་རྟོག་གནས་ལས་ཀྱི་རྗེས་འགྲོ་དངོས་གྲུབ་རྣམས། །གང་ཞིག་ཐམས་ཅད་དུ་ནི་རྫུ་འཕྲུལ་ཆེ་བ་རང་གནས་འདོད་པ་དམ་པ་ལྔ་ལྡན་པ། །དེ་དག་ཐམས་ཅད་དཔྱིད་ཀྱི་ཐིག་ལེའི་རྣལ་འབྱོར་མཐུ་སྟོབས་ལས་ནི་བྱུང་བར་བསྟན། །ཞེས་པ་སྟེ་ཕལ་ཆེར་གོང་དུ་བཤད་པ་ལྟར་ལས། དཔྱིད་ཐིག་ཁ་སྦྱོར་གྱི་ཡེ་ཤེས་གོམས་པས་དེ་དག་འགྲུབ་ཅིང་


TNT08_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གོང་སྔགས་བཏུའི་སྐབས་སུ་བཤད་པ་ལྟར། འཁོར་ལོ་བཞིའི་ཡི་གེའི་སྟོབས་ལས་ཀྱང་ངོ༌། །མཛད་བྱང་ནི། སྤྱོད་པའི་བརྟུལ་ཞུགས་ཅན་དཔལ་སློབ་དཔོན་ནག་པོ་ཞེས་བྱ་བས། བླ་མའི་མན་ངག་ཤེས་པ་དང༌། རྗེ་བཙུན་དཔལ་ཧེ་རུ་ཀ་ཡང་རྨི་ལམ་དུ་གྱུར་པར་རྟོགས་ནས། དཔལ་འཁོར་ལོ་སྡོམ་པའི་མན་ངག་ལས། ཕྱི་རོལ་དང་མཐུན་པའི་ཚུལ་གྱིས་རང་བཞིན་གྱི་བསམ་གཏན་གྱིས་གསལ་བར་བྱས་པ་སྟེ། བློ་གྲོས་དམན་པས་གོ་བར་བྱ་བའི་ཕྱིར། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་འདི་མདོར་མཚོན་པ་སྟེ། རྡོ་རྗེ་ཕག་མོ་དང་དཔལ་ཧེ་རུ་ཀའི་བཀའ་ལུང་གིས་བསྟན་པ་ལས། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་དེ་བརྗོད་པའི་གཞུང་རྫོགས་སོ། །ཞེས་པ་སྟེ་བླ་མའི་མན་ངག་དང༌། དཔལ་ཧེ་རུ་ཀའི་ལུང་བསྟན་པ་དང༌། རང་བཞིན་བསམ་གཏན་གྱིས་གསལ་བར་བྱས་པ་སྟེ། རང་གི་ཉམས་སུ་མྱོང་བ་གསུམ་འཛོམ་པས་འདི་མཛད་དོ་ཞེས་པ་དང༌། དགོས་པ་ནི་བློ་གྲོས་དམན་པས་རྟོགས་པར་བྱ་བའི་ཕྱིར་ཏེ། མདོར་མཚོན་པ་ནི་ཅུང་ཟད་ཙམ་གསལ་བར་བྱས་ཞེས་པའོ། །རྡོ་རྗེ་ཕག་མོ་སོགས་ལ་དཔེ་ཁ་ཅིག་ལས། ཐིག་ལེ་རྡོ་རྗེ་ཕག་མོ་དང༌། དཔྱིད་དཔལ་ཧེ་རུ་ཀ་བསྟན་པས། དེ་བརྗོད་པའི་གཞུང་དཔྱིད་དང་ཐིག་ལེ་ཞེས་བྱ་བ་ཡིན་ཏེ། ཞེས་འབྱུང་ཞིང༌། འགོས་འགྱུར་ལས། དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའི་བ་སན་ཏ་ཏི་ལ་ཀ་སྟོན་ཞིང༌། བརྗོད་པར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་འབྱུང་སྟེ། བརྗོད་བྱ་དཔྱིད་ཀྱི་ཐིག་ལེ་སྟོན་པས། བརྗོད་བྱེད་གཞུང་ལ་ཡང་དཔྱིད་ཀྱི་


TNT08_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཞེས་བཏགས་སོ། །ཞེས་པའོ། །གཞུང་མཛད་པ་པོའི་ཆེ་བ་ནི། འགྲེལ་ཆེན་ལས། སློབ་དཔོན་ཆེན་པོ་དཔལ་ནག་པོ་ཞབས་ཞེས་བྱ་བ། བཞི་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ། རང་དང་གཞན་གྱི་དོན་སྒྲུབ་པ་ལ་བརྟུལ་ཕོད་པ། དཔལ་ཧེ་རུ་ཀ་མངོན་སུམ་དུ་གཟིགས་ཤིང་སངས་རྒྱས་གཉིས་པ་ལྟ་བུ། གདུལ་བྱ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྟོགས་པར་བྱེད་པ། རྣམ་པར་བཀྲ་ཞིང་རྨད་དུ་བྱུང་བའི་རྣལ་འབྱོར་མའི་རྒྱུད་སྟོན་ཞིང༌། ཁྱད་པར་དུ་འཕགས་པའི་སྤྱོད་པ་མཐོང་བ་ལ་བསྐུལ་བ། རང་གི་ཤེས་རབ་ལ་སྣང་བཞིན་པའི་རྣམ་པ་སྣ་ཚོགས་པའི་ཉེ་བར་བསྟན་པ་དང༌། སྣང་བཞིན་པའི་མན་ངག་གི་ཁྱད་པར་དེའི་དོན་གྱི་སླད་དུ་རབ་ཏུ་གསལ་བའི་དགོངས་པ་བརྩོན་པར་མཛད་དོ། །ཞེས་འབྱུང་བ་ལྟར་རོ། །འགྱུར་བྱང་ནི། མཁས་པ་དཔལ་ལྡན་བློ་གྲོས་བཟང༌། །གྲགས་པའི་ཞལ་སྔ་ནས་དང་ནི། །སྒྲ་སྒྱུར་མར་པ་ཡིད་གཞུང་བློ། །ཆོས་ཀྱི་དབང་ཕྱུག་ཅེས་པས་བསྒྱུར། །ཞེས་པ་ནི་མར་པ་དོལ་པའི་འགྱུར་གྱི་འགྱུར་བྱང་ཡིན་ཞིང༌། གློག་སྐྱ་འགྱུར་ལ་ནི། འབྲོག་འགོས་གཉིས་ཀྱི་འགྱུར་བྱང་སྨོས་པའི་རྗེས་སུ། འགར་སྟོན་དགེ་བས་ཀྱང་ཟུར་བཅོས། ཀློག་སྐྱ་ཤེས་རབ་རྩེགས་ཀྱིས་ལེགས་པར་ཞུས་ཏེ་དག་གོ་ཞེས་འབྱུང་ངོ༌། །དུས་ཕྱིས་ཇོ་བོ་སུ་མ་ཏི་ཀིརྟིའི་དཔེ་ལ་ཞུས་དག་བྱས་ཞེས་འབྱུང་བ་ནི་མལ་གྱོས་འགྱུར་


TNT08_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བྱས་པ་ལ་ཡོད་དེ། མར་དོལ་ཀློག་སྐྱ་མལ་གྱོ་སྟེ་འགྱུར་རྐྱང་གསུམ་དང་མར་དོལ་དང་ལོ་ཆུང་གཉིས་འདུས་རྣམས། འགྱུར་ཁྱད་ཅུད་ཟད་ཙམ་ལས་མེད་ལ། དེ་དག་དང་འབྲོག་འགོས་ཀྱི་འགྱུར་རྣམས་ཁྱད་ཆེ་བར་ཡོད་ཅིང༌། རྭ་འགྱུར་ནི་འགོས་དང་ཕལ་ཆེར་འདྲའོ། །འདིར་སྨྲས་པ། ཟབ་ཡངས་དཔྱིད་ཀྱི་ཐིག་ལེའི་གཞུང་ལུགས་ནི། །གྲུབ་པའི་རྗེས་འཇུག་རྣམས་ལ་ཡིད་བཞིན་ནོར། །འོན་ཀྱང་གཞན་གྱིས་གསལ་བར་མ་ཕྱེ་ན། །མ་ནོར་ཇི་བཞིན་འཆད་འདི་ངོ་མཚར་ཆེ། །འདི་ལས་དགེ་བ་ཅུང་ཟད་གང༌། །ཐོབ་པ་དེས་ནི་སེམས་ཅན་རྣམས། །ཧེ་རུ་ཀ་དཔལ་གནས་ཐོབ་སྟེ། ཆོས་ཀུན་ལྷན་སྐྱེས་བདེར་གནས་ཤོག །ཅེས་པ་འཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་ངེས་གསང་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་འདི་ཡང༌། གྲུབ་པའི་དབང་ཕྱུག་སྤྱོད་པའི་རྡོ་རྗེའི་མཚན་གྱིས་བྱིན་གྱིས་བརླབས་པ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།དགེ་ལེགས་འཕེལ། མངྒཾ། ཞུས་དག །རྗེ་བཙུན་པད་དཀར་འཆང་བའི་རྣམ་འཕྲུལ་མགོན། །སྨྲ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། །


TNT08_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །བསྟན་པའི་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་སྦྱ་གསོ་བྱ་བ་སྤེལ་བའི་ཆེད། །འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི། །མི་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་གི །གཙང་བའི་ཆོས་གྲྭར་བསྐྲུན་པའི་དགེ་བ་ཡིས། །མ་གྱུར་འགྲོ་ལ་གནས་སྐབས་བདེ་བ་དང་། །མཐའ་ཐུགས་གཏན་བདེ་བླ་མེད་བྱད་ཆུབ་མཆོག །མྱུར་དུ་ཐོབ་པའི་དཔུང་གཉེར་དམ་པ་རུ། །གཞི་དབྱིངས་མཆོག་གསུམ་དམ་པས་ཤིས་པ་རྩོལ། །འདི་ཡང་བསོད་ནམས་དཔལ་གྱིས་བྲིས་པ་དགེ།


TNT08_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཕགས་པ་དཔྱིད་ཀྱི་ཐིག་ལེའི་གཞུང་རྣམ་པར་བཤད་པ་འགྲེལ་པ་ངེས་གསང་རྒྱ་མཚོའི་སྙིང་པོ།next