Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
དཔལ་བདེ་མཆོག་རིམ་ལྔའི་ཁྲིད་ཡིག
   


 
previousདཔལ་བདེ་མཆོག་རིམ་ལྔའི་ཁྲིད་ཡིགnext

དཔལ་བདེ་མཆོག་རིམ་ལྔའི་ཁྲིད་ཡིག


TNT08_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བདེ་མཆོག་རིམ་ལྔའི་ཁྲིད་ཡིག་བཞུགས།


TNT08_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ་ཙཀྲ་སཾ་བྷ་ར་ཙ་ར་ཎཱ་ཡ། ཟུང་འཇུག་སྔོ་སངས་མཛེས་པའི་དཔལ། །ཐུགས་རྗེ་ཉམས་བརྒྱའི་འོད་སྟོང་ཅན། །སྲིད་གསུམ་རྟ་ལྗང་རོལ་པའི་རྩེར། །བདེ་ཆེན་ཟློས་གར་ཅི་ཡང་བསྒྱུར། །བླ་མར་གཉིས་མེད་ཧེ་རུ་ཀ །མགོན་དེའི་ཞབས་པད་གཙུག་གིས་མཆོད། །གྲུབ་ཆེན་གྷནྚའི་ཞལ་གྱི་ལུང༌། །མདོ་ཙམ་ཡི་གེར་སྤེལ་བར་བྱ། །འདིར་རྣལ་འབྱོར་མའི་རྒྱུད་མཐའ་དག་གི་ངེས་གསང༌། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་བཞེད་པ། དཔལ་འཁོར་ལོ་བདེ་མཆོག་གི་མན་ངག་ཉམས་སུ་ལེན་པར་འདོད་ན། སྔོན་འགྲོ་དང༌། དངོས་གཞི་དང༌། འཕྲོས་དོན་གསུམ་ལས། དང་པོ་ལ་སྐྱབས་སེམས་སྔོན་དུ་འགྲོ་བའི་ཡི་གེ་བརྒྱ་པའི་སྒོམ་བཟླས་དང༌། མཎྜལ་བླ་མའི་རྣལ་འབྱོར་དང་བཅས་པ་གཉིས་ཡིན་པ་ལས་དམིགས་པ་རྣམས་ཕལ་ཆེར་སྤྱི་དང་འདྲ་བ་ལ། སྐྱབས་ཡུལ་གྱི་གཙོ་བོ་དང༌། བླ་མའི་རྣལ་འབྱོར་སྐབས་བླ་མ་འཁོར་ལོ་སྡོམ་པར་སྒོམ་པའམ། མལ་ལུགས་པ་རྣམས་བླ་མ་དཔའ་བོ་རྡོ་རྗེ་ཆོས་སྐུ་སྒོམ་གསུང་བ་ནི་ཁྱད་པར་རོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས།


TNT08_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཞན་དུ་ཤེས་པར་བྱ་ལ། གཉིས་པ་རྫོགས་རིམ་ལ། བདག་བྱིན་བརླབ་པའི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛ་ལནྡྷ་རའི་རིམ་པ། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་ལྔ་ལས། དང་པོ་ལ་ས་བོན་དང་བཅས་པའི་བདག་བྱིན་བརླབ་དང༌། ས་བོན་མེད་པའི་བདག་བྱིན་བརླབ་པ་གཉིས་ལས། དང་པོ་ལ་དམིགས་པའི་གཞི་དང༌། སྤྲོ་བའི་ཚུལ་གཉིས་ལས། དང་པོ་ནི། ལུས་ཀྱི་དཀྱིལ་འཁོར་གྱི་མངོན་རྟོགས་དང་འབྲེལ་ན། དཀྱིལ་འཁོར་བསྡུས་མཚམས་སུ་བསྒོམ་ཞིང༌། མ་འབྲེལ་ན། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། རང་བདེ་མཆོག་ལྷན་སྐྱེས་སུ་ཁྲོང་གིས་བསྐྱེད། འདི་སྐབས་ཡུམ་རྡོ་རྗེ་ཕག་མོ་འོད་དུ་ཞུ། སྣ་སྒོ་ནས་ཞུགས་ཏེ་ལྟེ་བར་ཐིམ། ཞེས་གོང་མ་རྣམས་གསུང་ཡང༌། སྒོམ་ཐུབ་ན་ཡབ་ཡུམ་ཁ་སྦྱོར་གྱི་སྐུར་སྒོམ་པ་ཉིད་བཟང་ངོ༌། །དེ་ནས་རང་གི་སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བའི་ཐད་དུ་ཟླ་བ་དཀར་པོ་སྲན་མ་ཕྱེད་གཤགས་ཙམ་གྱི་གདན་ལ། ཐིག་ལེ་དམར་སྐྱ་ཡུངས་འབྲུ་ཙམ་ཞིག་གསལ་


TNT08_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། དེ་ཉིད་འབའ་ཞིག་ཡང་ཡང་གསལ་བཏབ་ནས་དབུགས་ནང་དུ་འཇུག་པ་ན་རླུང་རྣམས་ཐིག་ལེ་ལ་ཐིམ་པར་བསམས་ཤིང་སེམས་གཟུང༌། དང་པོ་ཐུན་ཆེ་ན་ཐུན་རེ་རེའི་ནང་དུ་གསལ་འདེབས་ཐེངས་ལྔ་བརྒྱ་རེ་བྱ་ཞིང༌། ཕྱིས་གོམས་ནས་གསལ་འདེབས་ཐེངས་ཇེ་ཉུང་དང༌། སེམས་འཛིན་པ་ཡུན་ཇེ་རིང་དུ་བཏང་བས། ཇི་ཞིག་ན་ཐུན་རེའི་ནང་དུ་སེམས་གཞན་དུ་མི་འགྲོ་བར་ཐིག་ལེ་ལ་དམིགས་པ་རྟག་ཏུ་འཁྱོང་ཐུབ་ན་སེམས་ཟིན་པ་ཡིན་ནོ། །གཉིས་པ་ནི། དེ་ནས་སྤྲོ་བར་འདོད་ན། སྙིང་གའི་ཐིག་ལེ་ལས། ཟླ་བ་ལ་གནས་པའི་ཐིག་ལེ་དཀར་པོ་གཉིས་སྤྲོས་ཏེ། མིག་འབྲས་གཉིས་ཀྱི་དབུས་སུ་བཀོད་ལ་སེམས་གཟུང་དེ་ཡང་ཐོག་མར་རླུང་ནང་དུ་འཇུག་པ་དང་བསྟུན་གསལ་འདེབས་ཤིང༌། མིག་བཙུམ་པའམ། མུན་ནག་ཏུ་སེམས་གཟུང༌། དེ་ལ་གོམས་ནས་མེ་ཏོག་ལྟ་བུའི་དངོས་པོ་གཅིག་ལ་བལྟ་ཞིང༌། སེམས་དེ་ལ་མ་ཡེངས་པར་ཐིག་ལེ་ཉིད་ལ་སྔར་བཞིན་བསྒོམ། དེར་ཡང་སེམས་བརྟན་ནས་གཟུགས་རྣམ་པ་སྣ་ཚོགས་ལ་བལྟ་ཞིང༌། སེམས་གཞན་དུ་མ་ཡེངས་པ་སྔར་བཞིན་ཐིག་ལེ་ལ་སེམས་གཟུང༌། འདི་ལ་གོམས་པས། གཟུགས་མཐོང་བ་དེའི་སྟེང་དུ་ཏིང་ངེ་འཛིན་སྐྱེ་ཞིང༌། མིག་གི་སྒོར་རྒྱུ་བའི་རླུང་ནང་དུ་ལྡོག་པ་ཡིན་ཏེ། དེ་ནས་མིག་གི་ཐིག་ལེ་སྙིང་གའི་ཐིག་ལེ་ལ་ཐིམ་པར་བསམ་མོ། །ཕྱིས་མངོན་ཤེས་དང་བདེ་སྟོང་གི་རྒྱུར་འགྲོའོ། །འོག་མ་རྣམས་ལ་ཡང་འདི་ཉིད་ཀྱིས་རིགས་འགྲེ་བར་བྱ་སྟེ། རྣ་བ་གཉིས་སུ་ཐིག་ལེ་སྔོན་པོ་དང༌། རྣ་བའི་འདོམ་སོར་ཐིག་ལེ་སེར་པོ་དང༌། ལྕེའི་རྩ་བར་ཐིག་ལེ་དམར་པོ་དང༌། རྡོ་རྗེའི་རྩེ་མོའི་བུ་གར་ལུས་ནད་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་བྱེད་པའི་ཐིག་ལེ་ལྗང་ཁུ་རྣམས་ལ་སེམས་འཛིན་ཏེ། དམིགས་པ་ཅུང་ཟད་བསྡུ་ན་ཐིག་


TNT08_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་སྤྲོ་བ་རྣམས་ལ་ཟླ་གདན་མེད་ཀྱང་ཆོག་གོ །དང་པོ་ཐོག་མར་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་མི་མྱོང་བར་སེམས་གཟུང༌། དེ་ནས་རླུང་གི་སྒྲའམ་ཆུ་སྒྲ་ལྟ་བུ་སྒྲ་རྒྱུན་ཆགས་དང༌། སྤོས་ཀྱི་རེང་བུ་སོགས་དྲི་རྒྱུན་ཆགས་དང༌། ལྕེའི་སྟེང་དུ་བུ་རམ་གྱི་གོང་བུ་བཞག་པ་ལྟ་བུའི་རོ་རྒྱུན་ཆགས་དང༌། གོས་ཀྱི་རེག་པ་ལྟ་བུའི་རེག་བྱ་རྒྱུན་ཆགས་རྣམས་བསྟེན་ཞིང་སེམས་བཟུང་དེ་རྣམས་ལ་ཡང་བརྟན་ན་སྒྲ་དང་གཏམ་སྣ་ཚོགས་དང༌། དྲི་དང་རོ་དང༌། རེག་བྱ་སྣ་ཚོགས་ལ་རེག་པའི་བར་དུ་བྱེད་ཅིང་སེམས་གཟུང་བས། ཡུལ་གྱི་སྣང་བ་ཐམས་ཅད་ཏིང་ངེ་འཛིན་དུ་འཆར་བར་འགྱུར་རོ། །སྙིང་གའི་སྔར་གྱི་ཐིག་ལེ་དམར་སྐྱའི་སྟེང་དུ་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་གཅིག་བསྒོམས་ལ་སེམས་གཟུང༌། དེ་ལ་ཟིན་ན། རྣམ་རྟོག་ཅིག་ཆེད་དུ་བསྐྱེད་ནས་ཡིད་ཡུལ་དུ་ལམ་མེ་འཆར་བར་བྱ་སྟེ། དེ་མ་ཡལ་ཙམ་གྱི་ངང་ནས་ཐིག་ལེ་ལ་སེམས་གཟུང༌། ཕྱིས་རྣམ་རྟོག་ཅི་ཤར་ཡང༌། ཐིག་ལེ་དེ་ཉིད་ལ་མ་ཡེངས་པ་སེམས་གཟུང་སྟེ་འདི་བསྒོམས་ན། རྣམ་རྟོག་གི་ཤུགས་རང་བབས་སུ་ཆད་ནས། གང་ལ་བསམ་པ་དེའི་སྟེང་དུ་ཏིང་ངེ་འཛིན་ལྷན་ལྷན་སྐྱེའོ། །དེ་ནས་བར་བར་དུ་ཡུལ་ལ་སེམས་འཕྲོ་ན་གང་ལ་འཕྲོ་བ་དེའི་སྟེང་དུ་སྙིང་ག་ནས་ཐིག་ལེ་སྤྲོས་ཏེ་བཀོད་པ་ལ་སེམས་གཟུང༌། ཡུལ་ལ་འཕྲོ་བའི་རྣམ་རྟོག་འགགས་པ་ན། ཐིག་ལེ་དེ་སྙིང་གའི་ཐིག་ལེ་ལ་ཐིམ་པར་བསམ་མོ། །འདིའི་མན་ངག་ཁ་ཅིག་ལས་སྙིང་གའི་ཐིག་ལེའི་དོད་དུ་ཧཱུཾ་སྒོམ་པ་དང༌། ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་ངམ་ཐིག་ལེ་སྒོམ་པར་འདོད་


TNT08_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཀྱང་རུང་བ་ཉིད་དང༌། གཞན་འགའ་ཞིག་ལས་དབང་པོའི་སྒོར་མི་སྤྲོ་བའི་སྐབས། སྙིང་གའི་ཐིག་ལེ་འབའ་ཞིག་ལ་སེམས་བརྟོད་པའི་ཚེ། རྒྱུ་ཞབས་ཚིགས་པ་ལ་གཅེར། འོག་རླུང་བསྐུམས་སྟེང་དུ་དྲངས། ལྕེ་རྐན་ལ་སྦྱར། དབང་གི་ཉམས་མྱོང་དྲན་པར་བྱ་ཞེས་གསུང་སྟེ། ལས་དང་པོ་པ་ལ་ཅུང་ཟད་གེགས་སྡང་ཡང་ཉམས་མྱོང་སྐྱེ་བ་མྱུར་བ་ཞིག་སྣང་ངོ༌། །གཉིས་པ་ས་བོན་མེད་པའི་བདག་བྱིན་བརླབས་པ་ནི། རང་ལྷར་གསལ་བའི་སྣའི་བར་ཀ་མེད་པར་སྒོང་ལྐོགས་སྟོང་པ་ལྟ་བུའི་ནང་དུ། འོད་ཟེར་དམར་སྨུག་རི་སྣ་ལ་རྨུགས་པ་ཆད་པ་ལྟ་བུར་བུན་ནུ་ནུ་འདུག་པར་བསམ། དབུགས་ཕྱིར་འགྲོ་བའི་ཚེ། རྒྱང་རིང་དུ་མི་འགྲོ་བར་སྣ་རྩེ་ཉིད་ཀྱི་ཕྱི་ནང་དུ་ཁྱིལ་ལི་ལི་འདུགརླུང་ནང་དུ་འོང་བའི་ཚེ་སྣ་ནང་གི་འོད་ཟེར་དེ་ལས་བྱུང་བའི་འོད་ཟེར་དམར་སྐྱའི་རྣམ་པ་སྣའི་རྩ་བ་བརྒྱུད་ལུས་ཀྱི་དབུས་ནས་སོང༌། ལྟེ་འོག་སོར་བཞི་ཙམ་དུ་སོང་བ་དང་དེའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པས། བདེ་ཆམ་གྱིས་བྱུང་བར་བསམ། དེ་ཉིད་རྟག་ཏུ་བསྒོམས་པས། བདེ་སྟོང་མཐའ་དབུས་མེད་པར་སྐྱེའོ། །དེ་ལ་གོམས་ནས་དམིགས་པ་དེ་ཉིད་ཁོ་ནའི་སྟེང་དུ་འབྲུ་གསུམ་གྱི་དམིགས་པ་སྦྱོར་ཏེ། རླུང་ནང་དུ་འོང་བ་ན་ཨོཾ་གནས་པ་ན་ཨཱཿ ཕྱི་འགྲོ་བ་ན་ཧཱུཾ་ཞེས་པའི་སྒྲ་ཡིད་ལ་དྲན་པར་བྱའོ། །རྡོ་རྗེའི་བཟླས་པ་འདི་ནི་མན་ངག་ལས་འབྱུང་ཞིང༌། ཇོ་བོ་པུ་རངས་པའི་བཞེད་པ་ཡིན་ནོ། །འདི་ལ་ཉམས་སྐྱེས་ཤིང་བརྟན་ནས་སྔར་གྱི་འོད་ཟེར་དེ་ཉིད་མིག་འབྲས་ཀྱི་ནང་དུ་བསྒོམས་ནས། རླུང་འགྲོ་འོང་དང་


TNT08_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན། སྔར་བཞིན་འབྱུང་འཇུག་བྱེད་པར་བསམ། དེ་བཞིན་དུ་རྣ་བ་གཉིས་དང༌། སྣ་དང་ལྕེ་དང༌། སྙིང་གའི་དབུས་ནས་ཀྱང་བྱ་ཞིང༌། རྡོ་རྗེའི་རྩེ་མོའི་ནང་དུ་བསྒོམས་ནས་སྟེང་རླུང་ནང་དུ་འོང་བའི་ཚེ། རི་སྣ་ལ་རྨུགས་པ་ཆགས་པ་བཞིན་དུ་ཁྱིལ་ལི་ལི་འདུག་ཅིང༌། ཕྱིར་འགྲོ་བའི་ཚེ། འོད་ཟེར་དེས་སྤྱི་བོ་ལ་ཐུག་པའི་ལུས་ནང་ཐམས་ཅད་ཁྱབ་པས་བདེ་ཆམ་གྱིས་སོང་བར་བསམ། དེ་བཞིན་དུ་དབང་པོའི་སྒོ་རྣམས་ནས་ཡི་གེ་འབྲུ་གསུམ་གྱི་བཟླས་པ་ཡང་བྱའོ། །འདི་རྣམས་ཀྱིས་ཀྱང་དབང་པོའི་མངོན་ཤེས་ལྔ་གྲུབ་པ་དང༌། ཡུལ་སྣང་བདེ་སྟོང་དུ་འབར་བའི་གྲོགས་བྱེད་དོ། །ས་བོན་མེད་པའི་སྐབས་འདིར་དབང་པོའི་སྒོར་སྤྲོ་བ་དྲུག་པོ་འདི་ནི་མེད་ཀྱང་ཆོག་ཟེར་ཡང་ཡོད་པའང་ལེགས་སོ། །གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། རྣམ་པ་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་སྟེ་གསུམ་ལས། དང་པོ་ནི། རིམ་པ་སྔ་མས་ཐིག་ལེ་འཛིན་པ་གྲུབ་པའི་དབང་དུ་བྱས་ན། ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་ནོར་བུའི་ནང་དུ་སེམས་རྩེ་གཅིག་ཏུ་བརྟད་ནས་བུམ་པ་ཅན་འཛིན་པའོ། །འོན་ཀྱང་རེ་ཞིག་རང་ལུས་ལ་བརྟེན་པ་གཙོ་ཆེ་བས་སྔོན་འགྲོ་སྔར་ལྟར་བྱས་ལ། ཤེས་རབ་ཕག་མོའི་གསང་བ་ཕྱི་དབྱིབས་མ་འགྱུར་ཀྱང༌། ནང་ལྡོང་མོ་ཆོས་འབྱུང་ཁ་འཕྲེང་ལྟས་དེའི་ནང་དུ་ཐབས་ཀྱི་རྡོ་རྗེ་ཡང་དག་པར་གནས་པ་ཕྱི་དབྱིབས་མ་འགྱུར་བ་ནང་རྡོ་རྗེ་རྩེ་ལྔ་དམར་སྐྱ་དབུས་སྦུབས་


TNT08_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དུ་གནས་པ་དང༌། རང་གི་སྤྱི་བོ་ནས་མཐོ་གང་ཙམ་གྱི་ནམ་མཁར་སྣ་ཚོགས་རྡོ་རྗེ་རྭ་རྣམས་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། ལྟེ་བ་སྔོན་པོ་སྦུབས་སྟོང་དུ་གནས་པའི་ནང་དུ་ཆོས་འབྱུང་གྲུ་གསུམ་དམར་སྐྱའི་དབུས་སུ་རྡོ་རྗེ་རྩེ་ལྔ་དམར་སྐྱ་ཉལ་སྟབས་སུ་གནས་པའི་ལྟེ་བར་ཧཱུཾ་དམར་སྐྱ་ལ་སེམས་རྩེ་གཅིག་ཏུ་བརྟད། དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཧཱུཾ་ལ་ཐིམ། ཧཱུཾ་ལས་འོད་ཟེར་དམར་སྐྱའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང༌། སྤྱི་བོ་ནས་བརྒྱུད་ལུས་ཀྱི་ནང་ནས་མར་སོང་ནས། རྡོ་རྗེའི་རྩེ་མོ་ནོར་བུའི་བུ་གར་ཐིག་ལེ་དམར་སྐྱར་གྱུར་པ་ལ་སེམས་ཡུག་ཅིག་དྲག་ཏུ་བརྟད། དེ་ལྟར་ཡང་ཡང་བསྒོམ། ནོར་བུའི་ཐིག་ལེར་སེམས་འཛིན་པ་ཡུན་ཇེ་རིང་བྱ། འདི་ལ་མན་ངག་རྙིང་པ་འགའ་ལས་ནོར་བུ་ཐིག་ལེ་མ་བཤད་པ་ནི་ཞལ་ཤེས་ལ་བལྟོས་པར་མཛད་པ་ཡིན་ཞིང༌། ཕྱིས་འགའ་ཞིག་དེ་མི་དགོས་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ལ། ཁ་ཅིག་ནོར་བུའི་ཐིག་ལེ་དེ་འབའ་ཞིག་བསྒོམ་པའང་སྣང་མོད། སྤྱི་བོའི་རྡོ་རྗེ་དང་ནོར་བུ་ཐིག་ལེ་གཉིས་ཀ་ཡོད་པ་ཉིད་ལེགས་པའོ། །སྣ་ཚོགས་རྡོ་རྗེ་དབུས་ནག་ཤར་སྔོ་མཛད་པའང་ཡོད་དེ། འོན་ཀྱང་དཀྱུས་ཉིད་ལེགས་སོ། །སྣ་ཚོགས་རྡོ་རྗེའི་རིམ་པའི་སྐབས་འདི་ཐམས་ཅད་དུ་རླུང་སྦྱོར་བུམ་པ་ཅན་དྲག་ཏུ་བྱ་བ་ཁོ་ན་ཡིན་པ་ལས། འདི་ལ་སྟེང་འོག་གི་རླུང་གཉིས་ཆར་གསང་བར་འཛིན་ཚུལ་ལག་ལེན་བཞིན་བྱེད་པ་གལ་ཆེ། གཉིས་པ་ལ། སྔ་མའི་ཡན་ལག་དང༌། འདིའི་སྐབས་ཀྱི་གཙོ་བོ་གཉིས་ལས། དང་པོ་ནི། སྔར་གྱི་ཆོས་འབྱུང་གི་དབུས་


TNT08_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་ལས། རྡོ་རྗེ་ཧཱུཾ་ཡིག་ཐིག་ལེ་དང་བཅས་པ་གཉིས་འཕྲོས་ཏེ། མིག་འབྲས་གཉིས་ཀྱི་དབུས་སུ་བཀོད་པ་ལ་སེམས་དྲག་ཏུ་བརྟད། དེ་བཞིན་དུ་རྣ་བའི་བུ་གའི་ནང་དང༌། སྣའི་འདོམ་སོ་དང༌། ལྕེའི་རྩ་བ་དང༌། རྟགས་ཀྱི་རྩེར་མོར་སྤྲོས་ནས་ཀྱང་རླུང་སེམས་དྲག་ཏུ་བཅུན་པས། ཡུལ་རྣམས་བདེ་བའི་གྲོགས་སུ་འགྱུར་ཞིང༌། སྔར་ལས་ཆེས་ལྷག་པའི་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །འདི་དག་ལ་ལས་དང་པོ་པས་སྒོམ་ན་ལྟེ་བའི་བུམ་ཅན་ལ་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པས་མིག་སོགས་ནས་དངོས་སུ་སྤྲོ་བ་ཡིན་ནོ། །གཉིས་པ་ནི། སྔར་བཞིན་སྤྲོས་ནས་ལྟེ་བར་སྤྲུལ་པའི་འཁོར་ལོའི་དབུས་སུ་བཀོད་པ་ལ་སེམས་འཛིན་ཞིང༌། ལྟེ་བ་ཁ་སྦྱོར་དྲག་ཏུ་འཛིན་པ་དང༌། དེ་བཞིན་དུ་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་འཁོར་ལོའི་དབུས་སུ་ཡང་སྤྲོས་ནས། སོ་སོའི་བུམ་ཅན་གྱི་སྦྱོར་བ་ལག་ལེན་བཞིན་བྱས་པས། དེ་དག་ཏུ་རླུང་སེམས་བརྟན་པའི་རྟགས་འབྱུང་ཞིང༌། མཐར་གོམས་པ་བརྟན་ན་གཞུང་ནས་འབྱུང་བའི་ཕན་ཡོན་རྣམས་འབྱུང་ངོ༌། །གོ་རིམ་འདི་བཞིན་མཛད་པ་ནི་ལག་ལེན་ཡིན་མོད་ཀྱི། གོ་རིམ་གཞུང་གི་དངོས་བསྟན་ལྟར་བྱས་ཀྱང་མི་འགལ་ལོ། །གསུམ་པ་ནི། སྣ་བུག་གཡས་ནས་རླུང་རྒྱུ་བའི་ཚེ། སྨིན་མཚམས་སུ་ཉི་མའི་དཀྱིལ་འཁོར་ཞིག་བསམས་ལ་སེམས་གཟུང་སྟེ་དམིགས་སྐོར་གཅིག་བྱ། དེ་ནས་གཡོན་ནས་རྒྱུ་བའི་ཚེ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཅིག་ཀྱང་བསྒོམས་ལ་སེམས་གཟུང་སྟེ་ཡང་དམིགས་སྐོར་


TNT08_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱ། གཉིས་ཀ་ནས་དངོས་རྒྱུ་བའམ་མིན་ནའང་གང་ཡང་རུང་བའི་མཚམས་ཤིག་ནས། གཉིས་ཀ་ནས་རྒྱུ་བར་མོས་ཏེ་ཟླ་བའི་སྟེང་དུ་ཡང་ཐིག་ལེ། དབུས་སུ་སྔོན་པོ། ཤར་དཀར། ལྷོ་སེར། ནུབ་དམར་བྱང་ལྗང་བ། ཐིག་ལེ་ལྔ་ཚོམ་ཐམས་ཅད་ཀྱང་སྐར་ཕྲན་ལྟར་འོད་འཚེར་བ་ཞིག་གསལ་བཏབ་ལ་སེམས་གཟུང༌། དེ་ཕྱིན་ཆད་མཛོད་པུར་ཉི་ཟླ་སྐར་མ་བརྩེགས་པ་དེ་ཉིད་ཅིག་ཅར་བསྒོམ་པས་སེམས་འཛིན་ཏེ། འདི་སྐབས་གཙུག་ཏོར་གྱི་བུམ་ཅན་སྒོམ་པ་ཐོབ་ཐང་ཡིན་ཡང༌། རེ་ཞིག་རླུང་བུམ་པ་ཅན་དཀྱུས་དང་མཐུན་པར་བྱའོ། །དེ་ལ་དམིགས་སྐོར་གཅིག་བྱའོ། །རླུང་སྐབས་འདིར་གཡས་གཡོན་གང་རུང་ཅིག་རང་དུ་གནས་ནས་ཉིན་ཞག་མང་པོ་འཕོར་མ་བཏུབ་ན། འཕོས་པར་བསྒོམས་པས་ཀྱང་རུང་སྐད་པ་དང༌། ཡང་ཐོག་མའི་དུས་དེར་སྣ་བུག་གཡོན་ནས་རྒྱུ་ན། མཛོད་པུར་ཟླ་བ་དང༌། གཡས་ནས་རྒྱུ་བ་ནམ་བྱུང་ཚེ། དེའི་འོག་ཏུ་ཉི་མ་བསྒོམ་ཞེས་བླ་མ་རྣམས་བཞེད་དོ། །གསུམ་པ་ནོར་བུ་འགེངས་པའི་རིམ་པ་ལ་དབྱེ་ན་ཕྱག་རྒྱ་བཞི་ཡོད་པ་ལས། གོང་མ་རྣམས་ཕལ་ཆེར་ཕྱག་རྒྱ་དང་པོ་གཉིས་ཀྱི་སྐབས་དང་པོ་དམ་ཚིག་ཕྱག་རྒྱ་ཡིད་ཀྱི་རིག་མ། གཉིས་པ་ལག་པའི་བརྡས་བསྟན་པ་ལས་ཀྱི་ཕྱག་རྒྱ་དངོས་ཀྱི་རིག་མ་ཞེས་བཞེད་ཀྱང༌། རང་ལུགས་ལ་ཡིད་རིག་ནི་ཕྱག་རྒྱ་དང་པོ་གསུམ་པོ་གསུམ་ཀའི་ཞོར་ལ་འབྱུང་བས་ལོགས་སུ་མི་འདྲེན་ལ། དེ་ལྟར་ན་དང་པོ་ལས་ཀྱི་ཕྱག་རྒྱ་ལ་བསླབ་པ། གཉིས་པ་ལག་པའི་ཕྱག་རྒྱ་ལ་བསླབ་པ། གསུམ་པ་ཆོས་ཀྱི་ཕྱག་


TNT08_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལ་བསླབ་པ། བཞི་པ་ཕྱག་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ལས་ཀྱི་ཕྱག་རྒྱའི་མན་ངག་གཞན་དུ་བྲིས་ཟིན་པ་དང་བླ་མའི་ཞལ་ལས་ཤེས་སོ། །གཉིས་པ་ནི། སྔོན་འགྲོ་གཞན་རྣམས་སྔར་ལྟར་ལས། རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་ཡབ་ཀྱི་རྡོ་རྗེ་ཕྱི་དབྱིབས་མ་འགྱུར་བ་ལ་ནང་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དམར་སྐྱ་ནོར་བུ་དམར་པོ་ལ་བྱཱཾ་སེར་པོས་མཚན་པ། ཤེས་རབ་ཀྱི་པདྨ་ཨཱཿ ལས་པདྨ་དམར་པོ་འདབ་མ་གསུམ་པ་ལ་དྱཾ་གྱིས་མཚན་པ་ཟེའུ་འབྲུ་དཀར་པོའི་རྩེ་མོར་ཡང་དྱཾ་སེར་པོ། བྱཱཾ་ལས་ཐིག་ལེ་དཀར་པོ། དྱཾ་ལས་ཐིག་ལེ་དམར་པོ། རང་གི་ལྟེ་བར་ཡུམ་གྱི་སྙིང་པོ། སྙིང་ཁར་ཉེ་སྙིང༌། མགྲིན་པ་ཡབ་ཀྱི་སྙིང་པོ། དཔྲལ་བར་ཉེ་སྙིང༌། ཡུམ་གྱི་ལྟེ་བ་དང༌། སྙིང་གར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་སྤྱི་བོར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཀོད་ལ། ཡབ་ཡུམ་སྙོམས་པར་ཞུགས་པར་བསམ་ཞིང་ལག་པའི་ཕྱག་རྒྱ་མན་ངག་བཞིན་དུ་འདུས་བྱས་པས། སྤྱི་བོའི་ཧཾ་ལས་བྱང་སེམས་བབས་པ། རྡོ་རྗེ་ནོར་བུར་ཕྱིན་པས། རིམ་པ་བཞིན་དུ་དགའ་བ་བཞི་སྐྱེས་པར་བསམ། མན་ངག་ལྟར་ཧྲཱིཿཞེས་བརྗོད་པས། བྱང་སེམས་དབུ་མའི་ལམ་བརྒྱུད། སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་ལ་མཉམ་པར་བཞག གསུམ་པ་ཆོས་ཀྱི་ཕྱག་རྒྱ་ནི། མཁའ་གསང་བྱིན་བརླབ་ཡན་ཆད་སྔར་བཞིན་དྲན་པར་བྱས་ལ། ནོར་བུའི་ཧཱུཾ་ལ་སེམས་བརྟད། དབང་གི་ཡེ་ཤེས་དྲན་པར་བྱ་སྟེ་མཉམ་པར་བཞག དེར་བདེ་བ་མི་བཟོད་པ་སྐྱེས་ན། ཡུམ་འོད་


TNT08_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུ་ཧཱུཾ་ལ་ཐིམ། ཧཱུཾ་རྡོ་རྗེའི་རྩ་བར་སྤྲོ། དེར་ཡང་བདེ་བ་སྔར་བཞིན་སྐྱེ་ན། ཡུམ་སྔར་བཞིན་བསྡུས་ཏེ་རིམ་པས་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོ་རྣམས་སུ་ཡང་སྤྲོ། དེ་དག་ཏུའང་བདེ་བ་བརྟན་ན། ཞུ་བདེས་རླན་པའི་སེམས་བདེ་ལམ་ལམ་པའི་བདེ་བ་དེས་ཕྱི་སྣང་བ་ལ་རྒྱས་བཏབ་ཅིང་བསྒོམས་པ། སྣང་བ་ཐམས་ཅད་བདེ་ཆེན་འབར་བའི་གྲོགས་སུ་འགྱུར་རོ། །རྒྱས་འདེབས་ཚུལ་ནི་སྣང་བ་གཅིག་དང་བདེ་བ་ལ་དུས་གཅིག་ཏུ་སེམས་གཏོད་པ་དང་རིམ་གྱིས་རྒྱ་ཇེ་ཆེ་ལ་གཏོད་པའོ། །བཞི་པ་ལ་ཕྱག་རྒྱ་ཆེན་པོ་ནི། བདེ་བ་ལ་དམིགས་ནས་མཐའ་བྲལ་དམིགས་མེད་ཀྱི་ཚུལ་གྱིས་མཉམ་པར་བཞག་པས། ནམ་ཞིག་ན་བདེ་སྟོང་ལ་མཉམ་པར་བཞག་པ་ཁོ་ནས། ཞུ་བདེ་གསར་པ་ཡང་ཡང་འདྲེན་ཐུབ་པ་དེའི་ཚེ། ཕྱག་རྒྱ་ཆེན་པོ་རིམ་པ་གྲུབ་པ་ཡིན་ཏེ་རྣམ་པ་མེད་པའི་ཕྱག་རྒྱ་ཆེན་པོའོ། །ལས་དང་པོ་པས་སློབ་ན་ཕྱི་མ་འདི་གཉིས་ལ་འོག་རླུང་བསྐྱོད་པའི་བདེ་བ་སྐྱེད་ཚུལ་དགོས་སོ། །མན་ངག་ལས་ནི་དེ་ཙམ་ལས་མི་འབྱུང་ལ། གཞུང་གི་དངོས་བསྟན་ལས་རྣམ་པ་དང་བཅས་པའི་ཕྱག་ཆེན་ཡང་གསལ་བར་བསྟན་ནོ། །བཞི་པ་ཛ་ལནྡྷ་རའི་རིམ་པ་ནི། ལྟེ་འོག་སོར་བཞིར་ཆོས་འབྱུང་དམར་སྐྱ་གྲུ་གསུམ་གྱི་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་བསྟན་ལྟེ་བར་སློབ་པའི་ནང་དུ། ཐིག་ལེ་དབུས་སྔོ་བ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ་རྣམས་ལྔ་ཚོམས་སུ་གསལ་བཏབ། བུམ་ཅན་དྲག་ཏུ་འཛིན། རླུང་ནང་དུ་འགྲོ་བའི་ཚེ་དབུས་ཀྱི་ཐིག་ལེ་ལ་ཐིམ་


TNT08_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། གནས་པ་དང་ཕྱིར་འགྲོ་བའི་ཚེ། ཐིག་ལེ་ཉིད་ལ་སེམས་གཏོད་དོ། །དེ་ལ་དམིགས་སྐོར་གཅིག་བྱེད། དེར་གཏུམ་མོ་འབར་བའི་སྣང་བའམ་སྨིག་རྒྱུ་ལ་སོགས་པའི་རྟགས་མཐོང་བའི་ཚེ། སྔར་གྱི་སྟེང་དུ་རྩ་དབུ་མ་ཆོས་བཞི་ལྡན་ཡས་སྣ་སྤྱི་བོ་དང་མས་སྣ་ལྟེ་བའི་ཆོས་འབྱུང་དུ་སླེབ་ཅིང༌། ཐིག་ལེ་ལྔ་པོ་ཡང་དབུ་མའི་མས་སྣར་ཆུད་ཙམ་ཡོད་པ། དབུ་མའི་ཡས་སྣར་ཧཾ་དཀར་པོ་དང༌། དེའི་ཐད་ནས་དབུ་མའི་ཡལ་ཀ་ཕྲ་མོ་ཞིག་སྐྱེས་ཏེ་སྨིན་མཚམས་སུ་ཟུག་པ་ཞིག་གསལ་བཏབ། དེ་ནས་རླུང་བཟུང་བས། ཐིག་ལེ་བཞི་པོའི་འོད་ཟེར་དབུ་མ་ལ་འདུས། དབུས་ཀྱི་ཐིག་ལེ་ལས་མེ་འབར། དབུ་མའི་ནང་ནས་ཡར་སོང༌། ཧཾ་ཡིག་ཞུ་བ་ཙམ་ནི་བྱས་མར་ཐིགས་པ་འབབ་ནི་མ་ཐུབ། མེ་ནི་ཡལ་གའི་ནང་བརྒྱུད་སྨིན་མཚམས་སུ་སོང༌། སྨིན་མཚམས་ཀྱི་སྒོ་ནས་འཐོན། སངས་རྒྱས་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས། སྐུ་གསུང་ཐུགས་ཀྱི་བྱིན་བརླབ་ཡེ་ཤེས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྣམ་པས་ཤངས་བུག་གཡས་ནས་སྤྱན་དྲངས། མེ་དང་བདུད་རྩི་འདྲེས་པ་རང་གི་སྣ་བུག་གཡོན་བརྒྱུད་ཡར་སོང༌། དབུ་མའི་ཡས་སྣ་སྤྱི་བོ་ནས་ཞུགས་ཧཾ་ལ་ཐིམ། ཧཾ་ཞུ་བ་དང་འདྲེས་ཏེ་བབས་པ་ལྟེ་བའི་ཐིག་ལེ་ལ་ཐིམ། དེ་ཡན་ཆད་ཐུན་ཆུང་རེའི་འགོ་ལ་ཚར་རེ་བསྒོམས་པས་ཀ་ཆོག དེ་རྗེས་ལྟེ་བའི་ཐིག་ལེ་ལས་དབུ་མའི་ནང་དུ་གཏུམ་མོ་སོར་བཞི་ཙམ་རྟག་ཏུ་འབར་བ་དང༌། སྤྱི་བོ་ནས་ཐིག་ལེ་ཞུ་བའི་ཐིག་པ་དབུ་མའི་ལམ་བརྒྱུད་གཏུམ་མོའི་མེའི་ནང་དུ་


TNT08_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་རེ་ཐིགས་རེ་འགྲོ་བ་ལ་སེམས་གཏོད་པའོ། །གོང་མ་འགའ་ཞིག་རོ་རྐྱང་གི་འབར་འཛག་ཀྱང་མཛད་མོད་དེ་ཙམ་ཞིག་སྤྱིར་མི་འགལ་ཡང་དབུ་མའི་འབར་འཛག་སྤངས་ན་ནི་མི་རུང་ངོ༌། །ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་ལ། སེམས་སྟོང་པ་ཉིད་ལ་འཇུག་པ་དང༌། སྟོང་པ་ཉིད་སེམས་སུ་འཇུག་པ་གཉིས་ལས། དང་པོ་ནི། བདག་དང་སྣང་བ་ཐམས་ཅད་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བཏབ། དེ་ཡང་ཞལ་བཞི་ཕྱག་བཅུ་གཉིས་པའམ། ཞལ་གཅིག་ཕྱག་གཉིས་པ་གང་དུ་གསལ་བཏབ་ཀྱང་རུང་ལ། སྙིང་གར་ཟླ་བ་ལ་ཧཱུཾ་དཀར་པོར་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུཾ་གི་ན་ད་ཏིང་ངེ་འཛིན་སེམས་དཔའི་ངོ་བོར་མོས། སྣང་བ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ཡུམ་ཡབ་ལ་ཐིམ། གདན་ཡང་རང་ལ་ཐིམ། རང་ཡང་སྙིང་གའི་ཟླ་བ་དང་ཧཱུཾ་དང་བཅས་པ་ལ་ཐིམ། ཟླ་བ་ཧཱུཾ་ལ་ཐིམ། ཧཱུཾ་གི་ཁོག་པའང་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ན་ད་ལ་ཐིམ། ན་ད་ལ་ཡུན་རིང་དུ་སེམས་གཟུང༌། དེ་ཡང་ནམ་མཁའ་ལ་ཡལ་བར་བསམ། དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས། རང་བཞིན་མ་བཅོས་པའི་ངང་ལ་མཉམ་པར་བཞགཐུན་ཆུང་དེ་འཇོག་ན་སྟོང་པའི་ངང་ལས་ན་དར་ལྡང་ངོ༌། །ཐུན་ཆེ་བ་རེ་ལ་ཐུན་ཆུང་དེ་འདྲ་གང་མང་འགྲོ་བ་བྱའོ། །གཉིས་པ་ནི། གོང་བཞིན་བསྒོམས་པའི་རྗེས་ལ། སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་ལྷ་སྐུ་རྐྱང་པའམ་དཀྱིལ་འཁོར་དུ་ཐོལ་གྱིས་བསྐྱེད་ནས། སྔར་


TNT08_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟོང་པའི་ཉམས་ཀྱིས་རྒྱས་བཏབ་ཅིང་མཉམ་པར་བཞག་གོ །གསུམ་པ་འཕྲོས་དོན་ལ། ཐུན་མཚམས་སུ་ཕྱི་སྣང་བ་ཐམས་ཅད་ལྷར་ལམ་གྱིས་བསྐྱེད་ནས། དེའི་རང་བཞིན་མི་དམིགས་པ་ལ་ཡང་དང་ཡང་དུ་མཉམ་པར་འཇོག །གཉིད་ལོག་པའི་ཚེ། སྔར་བཤད་པ་ལྟར་སྙིང་གའི་ཐིག་ལེའམ། རྡོ་རྗེའི་བཟླས་པའམ། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེ་ནོར་བུའི་ཐིག་ལེའམ། འཁོར་ལོ་བཞིའི་རྡོ་རྗེའི་ཐིག་ལེའམ། དཔྲལ་བའི་ཐིག་ལེའམ། ཞུ་བདེའི་ཉམས་མྱོང་ངམ། ལྟེ་བའི་འབར་འཛག་གམ། སེམས་སྟོང་པ་ཉིད་ལ་འཇུག་པའི་དམིགས་པ་རྣམས་ལས་ཉིན་པར་གང་ལ་གོམས་པ་དེ་ཁོ་ན་བསྒོམས་ནས། སེམས་གཟུང་བའི་ངང་ལ་གཉིད་བག་ཙམ་ཡུར་ཏེ་རྣམ་རྟོག་རགས་པ་རྣམས་འགགས་པ་ཙམ་དུ་སོང་བ་ན། དེ་དག་ཡལ་བའི་ངང་ལ་ཐ་མལ་གྱི་རྣམ་རྟོག་གིས་བར་མ་ཆོད་པ་གཉིད་ལོག་པས། གཉིད་འོད་གསལ་དུ་འཇུག་པར་འགྱུར་ཞིང༌། ཉལ་བར་རྨི་ལམ་དུ་བསྒོམ་པ་དེ་དང་དེ་སླེབ་པར་བྱ་སྙམ་པའི་འདུན་པ་ལྷག་པོར་སྦྱར་ན་དང་པོར་རྨི་ལམ་དུ་དམིགས་པ་དེ་དང་དེ་སྒོམ་པ་འོང་ལ། དེ་ནས་དེར་དུ་སོགས་ཀྱི་རྟག་བྱུང་ནས་དེའི་རྒྱུན་ཇེ་འཕེལ་ལ་འགྲོ། དེ་ནས་རྨི་ལམ་སྒྱུ་མ་ལྟ་བུའི་ལྷ་སྐུ་རང་ཤར་དུ་འབྱུང་ངོ༌། །ཡང་སེམས་རང་བཞིན་གྱི་འོད་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ལ། རྣམ་རྟོག་ཐམས་ཅད་སྤངས་པའི་ཚུལ་གྱིས་ཅི་ཡང་བསམ་དུ་མེད་པར་མཉམ་པར་འཇོག་པ་ཡང་བསམ་མི་ཁྱབ་ཀྱི་མན་ངག་གི་གནད་གཅིག་སྟེ།


TNT08_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་དེའི་སྔོན་འགྲོར་སྦྱར་ན་ཤིན་ཏུ་ལེགས་སོ། །ཡང་ལུགས་ཁ་ཅིག་ལ། མགལ་མེ་བསྐྱོད་པའི་རྣམ་པ་ཅན་སོགས་ཀྱི་དོན་ཡིན་གསུངས་ཏེ། བདག་བྱིན་བརླབ་པའི་འགོར་སེམས་ཁྲིད་རེ་མཛད་པའང་ཡོད་དོ། །ས་བོན་དང་བཅས་པའི་བདག་བྱིན་བརླབ་པ་ལ་དམིགས་པ་བདུན། ས་བོན་མེད་པ་ལ་དྲུག །ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེ་ལ་གཅིག །རྣམ་པ་སྣ་ཚོགས་ལ་དགུ །ས་བོན་མེད་པ་ལ་གཅིག་སྟེ་བཅུ་གཅིགཕྱག་རྒྱ་བཞི་ལ་རེ་རེ། རིམ་པ་ཕྱི་མ་གཉིས་ལ་གཉིས་ཏེ། སུམ་ཅུ་རྩ་གཉིས་སམ། ཕྱི་མ་གཉིས་ལ་རེ་རེ་སྟེ་སུམ་ཅུའོ། །ཡང་ན་ས་བོན་དང་བཅས་པ་དང༌། ས་བོན་མེད་པའི་བདག་བྱིན་བརླབ་པ་དང༌། ས་བོན་ཡོད་མེད་ཀྱི་སྣ་ཚོགས་རྡོ་རྗེ་གཉིས་དང༌། རྣམ་པ་སྣ་ཚོགས་ཀྱི་བཞི་དང༌། ཕྱག་རྒྱ་བཞི་དང༌། རིམ་པ་ཕྱི་མ་གཉིས་ལ་རེ་རེ་སྟེ། རྩ་བའི་དམིགས་སྐོར་བཅུ་བཞིའོ། །རྣལ་འབྱོར་དེ་རྣམས་ལ་བརྟེན་ནས་དྲོད་ཐོབ་པ་ན། སྤྱོད་པ་སྤྱད་པས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ།། འདིར་སྨྲས་པ། མ་ལུས་རྒྱུད་སྡེའི་མཐར་ཐུག་འཁོར་ལོ་སྡོམ། །ཉམས་ལེན་ཟབ་དོན་མཐར་ཐུག་རིམ་པ་ལྔ། །མཁས་ཤིང་གྲུབ་པའི་མཐར་ཐུག་དྲིལ་བུ་ཞབས། །གང་དེའི་བཞེད་དོན་མཐར་ཐུག་གསལ་བར་བྱས། །ཞེས་དཔལ་བདེ་མཆོག་རིམ་ལྔའི་ཁྲིད་ཡིག་འདི་ནི་རྗེ་བཙུན་དབང་པོ་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ། བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་ཞེས་བྱ་བའི་གསུང་གི་ཉེ་བར་སྐུལ་ཏེ། ཏཱ་ར་ནཱ་ཐས་སྦྱར་བ་ལས། སླར་ཡང་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་དུ་རང་གི་བློ་ལ་ཅི་འཐད་པ་ཐུན་མོང་མིན་པའི་ཚུལ་གྱིས་ཞུ་དག་བགྱིས་པའོ།། །།ཞུས་དག །མངྒ་ལཾ།། བྷ་ཝནྟུ།། །།


previousདཔལ་བདེ་མཆོག་རིམ་ལྔའི་ཁྲིད་ཡིགnext