cover

ཏཱ་ར་ནཱ་ཐའི་གསུང་འབུམ།

པོད། ཐ༽

ཏཱ་ར་ནཱ་ཐ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གྲུབ་ཆེན་ཛཱ་ལནྡྷ་རའི་དོ་ཧའི་འགྲེལ་པ་གསང་བའི་མཛོད


TNT10_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཛཱ་ལནྡྷ་རའི་དོ་ཧའི་འགྲེལ་པ་གསང་བའི་མཛོད་ཅེས་བྱ་བ་བཞུགས།


TNT10_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཨཱ་ཙཪྱ་མཎྜ་ལ་ཨ་དྷི་པ་ཏ་ཡེ། གྲུབ་ཆེན་ཛཱ་ལནྡྷ་རའི་དོ་ཧའི་འགྲེལ་བ་གསང་བའི་མཛོད་ཅེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མེད་ཡེ་ཤེས་ཆེན་པོའི་དངོས། །མ་ལུས་ཆོས་རྣམས་ཐམས་ཅད་མངོན་སུམ་མཛད། །མཐའ་ཡས་འགྲོ་བ་ཀུན་གྱི་སྐྱབས་གཅིག་པོ། །དཔལ་ལྡན་རྡོ་རྗེ་སློབ་དཔོན་མཆོག་ལ་འདུད། །བདེ་ཆེན་མཚར་སྡུག་ལང་ཚོ་རྒྱས་པའི་སྐུ་ནི་མཚན་དཔེའི་རྒྱན་གྱིས་སྤྲས། །ཡན་ལག་དྲུག་ཅུའི་གླུ་དབྱངས་རྔ་ཟླུམ་སྒྲས་བོས་སྲིད་གསུམ་ཀུན་གྱིས་བཏུད། །སྒྱུ་འཕྲུལ་རོལ་པ་བརྒྱ་ཡིས་ཞི་བའི་དཀྱིལ་འཁོར་ངོ་མཚར་སྟོན་མཁས་པ། །ཟུང་འཇུག་ཟློས་གར་རྩེན་པའི་ཁྱབ་བདག་བདག་གི་སྙིང་ལ་འཇུག་གྱུར་ཅིག། ཟབ་མོའི་མཐར་ཐུག་ཟབ་དང་རྒྱ་ཆེ་བ། །སེམས་དཔའ་ཀུན་གྱིས་སེམས་པར་བྱ་བའི་དོན། །ཟུང་འཇུག་ལས་ཀྱང་ཟུང་གི་ཆོས་སྟོན་པ། །བླ་མེད་ཐེག་པ་བླ་མའི་སྙིང་པོ་མཆོག །གྲུབ་པ་ཀུན་གྱི་གཙུག་གི་བསྟེན་གྱུར་པ། །གྲུབ་མཆོག་གསུང་ནི་ལུང་དང་རིགས་པ་ཡིས། །


TNT10_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གྱུར་འདི་ནི་མཆོག་ཏུ་རྟོན་པའི་གནས། །གྲུབ་བརྙེས་གཞུང་འདི་བདག་གིས་རབ་བཤད་བྱ། །ངེས་པའི་དོན་ནི་ཚིག་གི་ཡུལ་མིན་ཡང༌། །ཡང་དག་འདོམས་མཛད་རྣམས་ཀྱི་གསུང་པའི་དོན། །དོན་མཆོག་རྣམས་ལ་ཅུང་ཟད་ངེས་པ་རྙེད། །རྙེད་བཞིན་ཕན་པའི་སེམས་ཀྱིས་དེང་འདིར་བྲིས། །མན་ངག་ཐོབ་པ་མ་ཡིན་ཞིང༌། །རྒྱུད་སྡེར་རིང་དུ་མ་སྦྱངས་པ། །གཞུང་གཞན་དག་གི་རྒྱས་བཀབ་ནས། །རང་བཟོར་འཆད་ཅིང་བདག་ཉིད་སྒྲོག །མན་ངག་ཇི་བཞིན་ལེགས་རྟོགས་པས། །མདོ་རྒྱུད་ཀུན་ལ་ངེས་སྟེར་ཞིང༌། །རྟོག་གེས་མ་བསླད་རིགས་ཚུལ་ལ། །ལེགས་པར་ཞུགས་འདི་ཡ་མཚན་ནོ། །དེ་ལ་ཕན་པ་དང་བདེ་བ་མ་ལུས་པ་ངེས་པར་དམ་པའི་ཆོས་ལ་བརྟེན་པ་ཡིན་ཅིང༌། དམ་པའི་ཆོས་ཐམས་ཅད་ཀྱི་རབ་དང་ཕུལ་དང་གཙོ་བོ་དང་མཆོག་དང་གྱ་ནོམ་པ་ནི། རྣལ་འབྱོར་བླ་ན་མེད་པའི་ལམ་རྣམས་ཡིན་ལ།


TNT10_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེའི་སྙིང་པོ་ནི་བདེ་སྟོང་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། དེ་ནི་གཞུང་འདིས་ཤིན་དུ་གསལ་བར་མཛད་དོ། །དེ་ལ་འདི་མཛད་པ་པོ་ནི། གྲུབ་པ་བརྙེས་པ་དུ་མས་ཞབས་ལ་བཏུད་པའི་གྲུབ་ཆེན་ཛཱ་ལནྡྷ་རི་པ་ཡིན་ནོ། །འདི་འཆད་པ་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ནི། འདི་ཉིད་ཀྱི་བླ་མ་བརྒྱུད་པ་རྣམས་ཀྱིས། གཅིག་ནས་གཅིག་ཏུ་བརྒྱུད་པའི་གསུང་ལས་ཇི་ལྟར་འབྱུང་བའི་མངོན་པར་རྟོགས་པའི་རིམ་པ་ནི་འདི་ལྟར། དང་པོར་རིགས་ལ་གནས་པའི་ཆོས་ལ་མོས་པ་སྐྱེ་བར་འགྱུར་ཞིང༌། མོས་པས་བླ་མ་བསྟེན་པར་འགྱུར་ལ། དེ་ལས་གདམ་ངག་མནོས་སྟེ་ལམ་སྒོམས་པས། འབྲས་བུ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཐོབ་པར་འགྱུར་རོ། །དེས་ན་འདི་ལྟར་བྱ་སྟེ། རིགས་དང་མོས་པ་དང༌། བླ་མ་བསྟེན་པ་དང༌། གདམ་ངག་ནོད་པ་དང༌། སྒོམ་བྱ་ལམ་དང༌། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་སྟེ་དྲུག་ལས། དང་པོ་རིགས་ལ། རིགས་ཀྱི་ངོ་བོ་དང༌། རིགས་ཐ་དད་པ་དང༌། རྡོ་རྗེ་ཐེག་པའི་རིགས་ངེས་པ་དང༌། མ་ངེས་པ་དང༌། མཆོག་དང་དམན་པ་རྣམས་སོ། །དེ་ལ་དང་པོ་ནི། སེམས་ཀྱི་རྒྱུན་ཀུན་གཞི་ཡེ་ཤེས་རྣམ་པར་ཤེས་པའི་ཚོགས་དང་བཅས་པ་རླུང་སེམས་ཙམ་གྱི་སྣང་བའི་ཡིད་ལུས་དང་ཟུང་དུ་འཇུག་པའོ། །གཉིས་པ་ནི། ཇི་སྐད་དུ། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཡིན་པས། འདིར་ཐེག་པ་ཆེན་པོ་ལ། རྒྱུ་འབྲས་ཀྱི་ཐེག་པའི་རིགས་གཉིས་སུ་དབྱེ་བར་བྱའོ། ། གསུམ་པ་དང་བཞི་པ་ནི། ཡང་དག་པར་བླངས་པའི་རིགས་ཀྱི་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་རིགས་ངེས་པ་ནི། ཁྱད་པར་བཞི་དང་ལྡན་པ་སྟེ། རྒྱུའི་ཁྱད་པར་སྔགས་ཀྱི་ཐེག་


TNT10_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨོན་ལམ་བཏབ་པ། ངོ་བོ་ཁྱད་པར་དབང་སྐུར་བ་སོགས་དགེ་བས་གསོས་བཏབ་པའི་བདེ་བར་གཤེགས་པའི་ཁམས་འཕེལ་བའི་ཆ། ལས་ཀྱི་ཁྱད་པར་ལམ་ལ་འདུན་ཅིང་རྩོལ་བ། རྣམ་པའམ་འཛིན་སྟངས་ཀྱི་ཁྱད་པར་སེམས་ཅན་ཐམས་ཅད་སངས་རྒྱས་ལ་ཆེས་མྱུར་བར་འགོད་པའི་སེམས་བསྐྱེད་དང་འབྲེལ་བ་ཡིན་ལ། གཞན་རྣམས་ནི་མ་ངེས་པ་ཡིན་ནོ། །ལྔ་པ་ནི་ཁྱད་པར་བཞི་ལས། དང་པོའི་སྐབས་སུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཐེག་པར་ཞེས་དང༌། གསུམ་པའི་སྐབས། ཟུང་འཇུག་གི་ལམ་ལ་འདུན་ཅིང་ཞེས་འདོན་པ་སྤོས་པས་རུང་ངོ༌། །དྲུག་པ་ལ་ནི། སྔར་གྱི་ཁྱད་པར་བཞི་ལྡན་ཙམ་པོ་སྟེ། མཆོག་མ་ཡིན་པ་རྣམས་དང༌། ཁྱད་པར་བཞིར་མ་ཚང་བ་གཅིག་ལྡན་ལ་སོགས་པའོ། །གཉིས་པ་མོས་པ་ལ། མོས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། རབ་དང༌། མཆོག་རབ་དང༌། བླ་ན་མེད་པ་སྟེ་དྲུག་ལས། དང་པོ་འཇིག་རྟེན་པའི་དགེ་བ་དང༌། ཐེག་པ་དམན་པ་གཉིས་ལ་འདུན་པའི་ལས་ཅན་ཏེ། ལས་དང་འབྲས་བུ་རྣམས་དང་ཐར་པའི་ཕན་ཡོན་ལ་ཡིད་ཆེས་པ་ལས་བྱུང་བ། སྙིང་སྟོབས་དང་ཤེས་རབ་དམན་པའི་གྲོགས་དང་ལྡན་པའོ། །གཉིས་པ་ནི། འགྲོ་བ་སྒྲོལ་བར་འདོད་པ་དང༌། ཐེག་པ་མཆོག་ལ་ཡིད་ཆེས་པ་ལས་བྱུང་བ། རང་གཞན་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། གཞན་དོན་གྱི་སྙིང་སྟོབས་འབྲིང་གི་གྲོགས་ཅན་བླ་ན་མེད་པའི་བྱང་ཆུབ་ལ་དད་པའོ། །གསུམ་པ་ནི། གཞན་རྣམས་དེ་ཉིད་དང་འདྲ་བ་ལས། རིག་པ་འཛིན་པའི་ཐེག་པའི་ཡོན་ཏན་མཐོང་ནས། དེར་སྨོན་ལམ་བཏབ་པའི་རྒྱུས་འགྲོ་བ་རྣམས་མྱུར་དུ་སྒྲོལ་བའི་འདུན་པས་སད་པ་ཞེས་རྒྱུའི་སྐབས་སུ་སྦྱར་བར་


TNT10_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བཞི་པ་ནི། ཕལ་ཆེར་དེ་ཉིད་དང་འདྲ་བ་ལས། དུས་ཤིན་ཏུ་མྱུར་བ་ཞེས་དང༌། སྡུག་བསྔལ་དང་ཀུན་འབྱུང་འཕྲལ་དུ་འགོག་པར་འདུན་ལས་བྱུང་བ། དག་པའི་གསལ་སྣང་དང་འབྲེལ་བ་ཞེས་ལྷག་པོར་སྦྱར་རོ། །ལྔ་པ་ནི། བདེ་བ་ཆེན་པོའི་སྡོམ་པ་དང་འབྲེལ་བ་བླ་མེད་བྱང་ཆུབ་ལ་འཕྲལ་དུ་འདུན་པ་མཚན་མེད་ཀྱི་ཤེས་རབ་དང་བདེ་ཆེན་གྱི་དགའ་བའི་གྲོགས་ཅན་ནོ། །དྲུག་པ་བླ་ན་མེད་པའི་དད་པ་ནི། རང་ལམ་དང་ཚོགས་སྦྱོར་གྱི་འབྲས་བུ་མངོན་ཏུ་གྱུར་པའི་ཡིད་ཆེས་སྒོམ་བྱུང་དང༌། སངས་རྒྱས་མང་པོ་ལས་དངོས་སུ་གདམ་ངག་ནོད་པའི་ཐོས་པའི་ཤེས་རབ་ཀྱི་རྒྱུ་ཅན། མཚན་མེད་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་འགྲོ་བ་ཀུན་སྟོང་བ་ཉིད་ལ་འཇུག་པ་ལམ་དང་བཅས་པ་ལ་མོས་ཤིང་འདུན་པའོ། །གསུམ་པ་ཡོངས་སུ་འཛིན་པའི་བླ་མ་རྣམ་པ་གསུམ་སྟེ་རྐྱེན་གྱི་བླ་མ་རྡོ་རྗེ་སློབ་དཔོན། རྒྱུའི་བླ་མ་ལམ་གྱི་ཡེ་ཤེས། ལྷན་ཅིག་བྱེད་པའི་བླ་མ་ཕྱག་རྒྱ་རྣམ་གསུམ། དེ་གསུམ་ག་ལ། ངོ་བོ། དབྱེ་བ། བསྟེན་ཚུལ་གསུམ་གསུམ་དུ་དབྱེའོ། །དང་པོའི་ངོ་བོ་ནི། རྡོ་རྗེ་ཐེག་པའི་ལམ་ལ་སློབ་མ་འགོད་པར་མཛད་པའོ། །དབྱེ་བ་ནི། ལས་དང་པོའི་སྐབས་རྣལ་འབྱོར་ཅན་གྱི་བླ་མ་དང༌། བརྟན་པ་ཅུང་ཟད་ཐོབ་ནས་འདོད་པའི་ལྷའི་རྣམ་པ་རང་སེམས་གྱི་སྣང་བ་དང༌། བརྟན་པ་ཐོབ་ནས་གནས་གསུམ་གྱི་མཁའ་འགྲོ་མ་སྤྲུལ་པའི་སྐུ་དང༌། བརྟན་པ་ཆེར་ཐོབ་ནས་སྤྲུལ་པའི་སྐུ་དངོས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེའི་དང་པོ་ལ། དམ་ཚིག་བཟླས་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་པ། །ཞེས་པ་ལྟར་དྲུག་གོ །དེ་དག་ཀྱང་རྒྱས་པར་རྒྱུད་ལས་འབྱུང་བ་ལྟར་སྐྱོན་སྤང་ཤིང་ཡོན་ཏན་


TNT10_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་ཤེས་པར་བྱའོ། །བསྟེན་ཚུལ་ནི་རྒྱས་པར་གཞན་དུ་གོ་བར་བྱ་བས་འདིར་མ་བཀོད་དོ། །གཉིས་པའི་ངོ་བོ་ནི། གོང་མའི་ཡེ་ཤེས་གསལ་བར་མཚོན་པའི་མཐུ་ཅན་ནོ། དབྱེ་བ་ནི། དང་པོའི་བླ་མ་ཞེས་པ་བསྐྱེད་རིམ་ཤིན་ཏུ་མཐར་ཐུག་པའི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་བླ་མ་ཞེས་པ་རྫོགས་རིམ་དངོས་གཞིའི་ཞུ་བདེ་སྐད་ཅིག་མ་དང་པོ་དང༌། བདེ་ཆེན་གྱི་བླ་མ་ཞེས་པ་ཕྱག་ཆེན་ལས་ཐོབ་པའི་ཞུ་བདེ་མཐོང་ལམ་གྱི་སྐད་ཅིག་མ་རེ་རེའི་སྔ་ལོགས་སུ་འབྱུང་བ་དེའོ། །ངེས་པར་འབྱིན་པའི་བླ་མ་ཞེས་པ། ས་འོག་མ་ནས་གོང་མར་འཕར་བའི་དུས་ཀྱི་འོག་སའི་ཡེ་ཤེས་ཡན་ལག་བདུན་ལྡན་ནོ། །བསྟེན་ཚུལ་ནི། ལམ་དེ་ཉིད་དང་རྒྱུ་ཚོགས་ཀྱི་རིགས་མཐུན་རྣམས་གོམས་པར་བྱེད་པ་ཡིན་ནོ། །གསུམ་པའི་ངོ་བོ་ནི། ཞུ་བདེའི་ཐུན་མོང་མ་ཡིན་པའི་རྒྱུའོ། །དབྱེ་བ་ནི། ལམ་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོའོ། །ཡེ་ཤེས་ལ་དམ་ཚིག་གི་ཕྱག་རྒྱ་དང༌། བརྟགས་པའི་རིག་མའོ། །ཕྱག་ཆེན་ལ། རྣམ་བཅས་དང་རྣམ་མེད་གཉིས་སོ། །དངོས་བཏགས་མ་ཕྱེ་བར་དེ་ཀུན་ལ་དང་པོར་བདེ་བ་སྦྱིན་པ་དབང་གི་དུས་དང་སྨིན་བྱེད་ཀྱི་ཕྱག་རྒྱ་བསྐྱེད་རིམ་པའི་སྐབས་དང༌། ཞུ་བདེ་འབྲས་བུར་བྱེད་པ་རྫོགས་རིམ་དངོས་གཞི་མ་ཐོབ་བར་དང༌། རང་བཞིན་གྱི་བདེ་བ་འབྲས་བུར་བྱེད་པ་རྫོགས་རིམ་དངོས་གཞི་ཐོབ་པའི་སོ་སྐྱེའི་ལམ་དང༌། སྤྲོས་བྲལ་རྣམ་པའི་ཕྱག་རྒྱ་འཕགས་པའི་ལམ་དུ་འབྱུང་བ་རྣམས་སོ། །ཇི་ལྟར་བསྟེན་པའི་ཚུལ་ནི། དེ་སྐད་དུ། ཕྱག་རྒྱ་སྒོམ་པའི་དོན་དུ་གསུངས་ཏེ་ཉིན་མཚན་དུས་སུ་ཆགས་པ་ཟད་པའི་དོན་དུ་མིན་པ་ཉིད། ཅེས་པ་ལྟར་འཛག་མེད་ཀྱི་བདེ་བའི་དོན་དུ་འདོད་ཆགས་སྟོང་པ་ཉིད་དང་བསྲེ་ཞིང་སྒོམ་


TNT10_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །བཞི་པ་གདམ་ངག་ལ། དབང་བསྐུར་བ་ལ་གདམས་པ། དམ་ཚིག་ལ་གདམས་པ། བརྟུལ་ཞུགས་ལ་གདམས་པ། གཡོ་མེད་ལ་གདམས་པ། ཟུང་འཇུག་ལ་གདམས་པ། ཉེ་རྒྱུ་ལ་གདམས་པ། ལྟོས་མེད་ལ་གདམས་པ། རང་ཉིད་ལ་གདམས་པ། འབྲས་བུ་ལ་གདམས་པ། ཆ་རྐྱེན་ལ་གདམས་པ་སྟེ་བཅུ་ལས། དང་པོ་ནི། དབང་བསྐུར་བ། འཁོར་གསུམ་མི་དམིགས་པར་སློབ་དཔོན་གྱིས་གདམས་པའོ། །གཉིས་པ་ནི། དགག་སྒྲུབ་ཀྱི་དམ་ཚིག་ཐམས་ཅད་ལ། འཁོར་གསུམ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དམིགས་པ་མེད་པའི་ཚུལ་གྱིས་འཇུག་པའོ། །གསུམ་པ་ནི། ལུས་ངག་ཡིད་གསུམ་གྱི་བརྟུལ་ཞུགས་མཚན་བཅས་དང་མཚན་མེད་གང་ལ་ཡང་དམིགས་པ་མེད་པའི་ཚུལ་གྱིས་ཆེར་འཛིན་མི་བྱེད་པར་གདམས་པའོ། །བཞི་པ་ནི་སྒོ་གསུམ་གྱི་བྱ་བ་རྣམས་ལ་དམིགས་གཏད་ཞིག་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་བདེ་ཆེན་ལྷ་སྐུར་འདྲེས་པས་སྤྱོད་པའོ། །ལྔ་པ་ནི། བདེ་བ་ཆེན་པོ་ལ། སྤྲོས་བྲལ་གྱི་སྟོང་ཉིད་ཀྱི་རྣམ་པ་ཅན་གྱི་དམིགས་ནས་སྒོམ་ཞིང༌། སྟོང་པ་ལ་བདེ་བས་དམིགས་པ་དང༌། གཉིས་ཀ་ཟུང་དུ་འཇུག་པ་ནའང་མཚན་མ་མེད་པར་སྒོམ་པར་བྱའོ། །དྲུག་པ་ནི། རང་དང༌། ཕྱག་རྒྱ་དང༌། བདེ་བ་དང༌། དབང་བསྐུར་བ་བཞི་ཀའང་མཉམ་པ་ཉིད་དུ་སྤྱོད་པའོ། །བདུན་པ་ནི། སྒོ་གསུམ་གྱི་ལོངས་སྤྱོད་ཐམས་ཅད་ལ། རེ་དོགས་ཀྱི་རྩིས་གང་བ་མེད་པ་དང༌། རང་བཞིན་མེད་པ་དང༌། མ་ཆགས་བཞིན་དུ་ཆོ་གའི་སྦྱོར་བ་དང་བཅས་པ་དམིགས་པ་མེད་པར་སྤྱོད་པའོ། །བརྒྱད་པ་ནི། རྣམ་པ་ཐམས་ཅད་དུ་བདག་རང་བཞིན་མི་དམིགས་པ་དང༌། ཀུན་རྫོབ་ཏུ་འགྲོ་བའི་དོན་དུ་བྱང་ཆུབ་ལ་བརྩོན་པ་དང༌། གཞིའི་བྱ་བ་དང་ལམ་ཐམས་ཅད་ཀྱིས་རང་ཉིད་


TNT10_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་བྱེད་པའོ། །དགུ་པ་ནི། ཐོབ་བྱ་དང་ཐོབ་བྱེད་བྱང་ཆུབ་མི་དམིགས་བཞིན་དུ་ཐོབ་པར་འདོད་པའི་ཚུལ་སྒོམ་པ་སྟེ་འབྲས་བུ་རང་བཞིན་མེད་བཞིན་དུ་རང་བཞིན་ཡོན་ཏན་ཐམས་ཅད་དང་ལྡན་པ་ལ་མི་དམིགས་པའི་ཚུལ་གྱི་འདུན་པར་བྱེད་པ་ཡིན་ནོ། །བཅུ་པ་ནི། མངོན་པར་ཤེས་པ་སོགས་གཞན་དོན་སྒྲུབ་པའི་ཆ་རྐྱེན་རྣམས་དང་བདུད་དང་ཉོན་མོངས་པ་ལ་སོགས་པའི་བར་ཆད་ཐམས་ཅད་ལ་རང་བཞིན་མེད་པར་ཤེས་བཞིན་དུ་རང་གཞན་གྱི་དོན་སྤྱོད་པ་ཡིན་ནོ། །ལྔ་པ་སྒོམ་བྱ་ལམ་ལ། ལས་ཀྱི་གཞི་དང༌། རྐྱང་པ་སྒོམ་པ་དང༌། བསྡུས་སྒོམ་དང༌། བསྡུས་སྒོམ་རབ་དུ་གྱུར་པ་རྣམས་སོ། །དང་པོ་ནི། ལམ་གང་དང་གང་ལ་ཇི་སྲིད་སེམས་བརྟན་པར་མ་གྱུར་གྱི་བར་ནན་ཏན་དུ་སྒོམ་པ་ཡིན་ནོ། །གཉིས་པ་ནི། བསྐྱེད་རིམ་དང༌། རྫོགས་རིམ་གྱི་རིམ་པ་སོ་སོར་ཡང་སྔར་གང་གོམས་པ་དེ་ཉིད་བརྟན་པའི་ཕྱིར་སྒོམ་པ་ཡིན་ནོ། །གསུམ་པ་ནི། རིམ་པ་གཉིས་དང༌། རྫོགས་རིམ་གྱིའང་རྩ་རླུང་ཐིག་ལེའི་སེམས་གྱི་རྣལ་འབྱོར་རྣམས་ཡན་ལག་བདུན་ལྡན་གྱི་རྣམ་པ་ཅན་དུ་ཕན་ཚུན་རྒྱས་གདབ་ཅིང་ཕྱོགས་གཅིག་ཏུ་སྒོམ་པ་རྩོལ་བས་འཇུག་པའི་བར་དུ་ཡིན་ནོ། །བཞི་པ་ནི། རྩོལ་མེད་དུ་འཇུག་ཅིང་རྣམ་རྟོག་ཤིན་ཏུ་ནུབ་པས་རྒྱས་གདབ་མེད་པར་རྫོགས་རིམ་ཡན་ལག་བདུན་ལྡན་ཁོ་ནར་སྣང་བ་ཡིན་ནོ། །འདིར་ལམ་གྱི་ངོ་བོ་དེ་ཉིད་བཅུ་བཞི་དང༌། རྡོ་རྗེ་གསུམ་དང༌། ཡན་ལག་དྲུག་དང་ཁ་སྦྱོར་བདུན་དང༌། ཆེད་དུ་བྱ་བ་བཞི་ལ་སོགས་པའོ། །དྲུག་པ་ལ་སྐུ་དང་ཡེ་ཤེས་གཉིས་ལས། སྐུ་ལ་གཞི་དུས་དང༌། བསྐྱེད་རིམ་པའི་སྐབས་དང༌། རྫོགས་རིམ་དངོས་མ་ཐོབ་པ་དང༌། ཐོབ་པ་དང༌། འཕགས་པའི་ལམ་དང༌། མཐར་ཐུག་གི་སྐབས་རྣམས་སོ། །དེ་དག་རེ་རེ་ལ་ཡང༌།


TNT10_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞི་དང༌། རྡོ་རྗེ་བཞི་དང༌། སྐུ་བཅུ་དྲུག་རྣམས་སུ་དབྱེ་བར་བྱ་སྟེ། གཞི་ལ་ཇི་ལྟར་གནས་པ། ལམ་སྔ་མ་སྔ་མས་སྨིན་ཅིང་ཕྱི་མ་ཕྱི་མ་སྒོམ་པས་ཇེ་བཟང་དུ་སོང་སྟེ་འབྲས་བུ་མངོན་དུ་གྱུར་པ་ཡིན་ནོ། །ཡེ་ཤེས་ནི་དེ་ཁོ་ན་ཉིད་བདུན་ཏེ། ཟབ་པ་དང༌། རྒྱ་ཆེ་བ་དང༌། ཁྱབ་པ་དང༌། རྟག་པ་དང༌། བདེ་བ་དང༌། ཡེ་ཤེས་ཀྱི་སྐུ་དང༌། ཟུང་འཇུག་སྟེ་བདུན་པོ་དེ་དག་ལ་ཡན་ལག་བཞི་བཅུ་རྩ་གཉིས་དང༌། དེ་ཀུན་ལ་ལམ་གྱི་རིམ་པ་ནི། རྡོ་རྗེ་འཆང་བླ་མའི་ཞལ་སྔ་ནས༌། འཇིག་རྟེན་འཇིག་རྟེན་འདས་པའི་དབང༌། །བློ་ལྡན་བསྐྱེད་དང་རྫོགས་འབྱུང་བར། །སངས་རྒྱས་འདི་བཞིན་དེ་ཉིད་བདུན། །འབད་དེ་སྒོམ་པར་བྱའོ་ཀྱེ། །ཞེས་བཀའ་སྩལ་ཏེ། སྐུ་དང་ཡེ་ཤེས་ཀྱི་རྣམ་པར་གཞག་པ་ཞིབ་པར་གཞན་དུ་གཏན་ལ་དབབ་པར་བྱའོ། །གཞུང་བཟང་རྨད་བྱུང་བདུད་རྩའི་རྒྱ་མཚོ་ཆེར། །བླ་མ་དམ་པའི་མན་ངག་ལྷུན་པོ་དང༌། །རྣམ་དཔྱོད་ནོར་རྒྱས་བསྲུབ་ཐག་ལེགས་སྦྱར་བས། །མི་ཤེས་མུན་སེལ་བདུད་རྩིའི་འོད་འདི་བྱུང༌། །ཉི་ཟླའི་ལམ་ལས་གྱ་གྱུ་འགྲོ་མཁས་པ། །བཅུ་གཉིས་འཕོ་བའི་སྦྱིན་སྐྱེས་དཔུང་གི་ཚོགས། །སྒྲ་གཅན་ཁྱིམ་དུ་མཐར་བྱེད་དགའ་སྟོན་བྱས། །གང་འདིར་སྲིད་གསུམ་གཡུལ་ལས་རྒྱལ་འདི་མཚར། །གཉིས་པ་གཞུང་གི་དོན་ནི། གཞུང་འདི་ཉིད་གླུའི་རྒྱུད་སོ་སོར་དོན་ཚན་རྣམས་ཁྲིགས་སུ་མ་མཛད་པར་སྤེལ་མར་བཤད་ཅིང༌། གླུའི་རྒྱུད་རེ་རེར་ཡང་ལམ་ཆ་ཚང་བ་རེ་སྟོན། དེ་ཡང་དང་པོས་མདོར་བསྟན། ལྷག་མ་གསུམ་གྱིས་རྒྱས་པར་བཤད་ཅེས་བླ་མའི་ཞལ་སྔ་ནས་བཞེད་ཅིང་དང་པོས་ལམ་གྱི་རྐང་རྣམས་བསྟན། གཉིས་པས་མ་ཚང་བ་ཁ་སྐོང༌། གསུམ་པས་མན་ངག་གི་གནད་གཅེས་པ་རྣམས་སྟོན། བཞི་པས་དོགས་པ་གཅོད་པ་ཡིན་ཞེས་ཤར་ཕྱོགས་པས་གསུང་ངོ༌། །འོན་ཀྱང་འདི་


TNT10_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཤད་ན་ལེགས་པ་ཡིན་ཏེ། དེ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི༌། ཚིགས་བཅད་གཅིག་སྟེ། རང་བཞིན་རྣམ་པར་དག་པ་ཉིད། དག་མ་དག་གི་གནས་སྐབས་ཐམས་ཅད་དུ་ཚུལ་སྣ་ཚོགས་སུ་འཆར་ཡང་འགྱུར་བ་མེད་པ་ཉིད་དོ་ཞེས་སྟོན་པ་ནི། ཨ་རེ་ཧོ་ཞེས་ངོ་མཚར་བའི་ཚིག་སྟེ། གང་ལ་ན་རི་རྒྱལ་ལྷུན་པོ་དང༌། རྒྱ་མཚོ་གླིང་བཞི་ཉི་ཟླ་དང་བཅས་པའི་སྣོད་བཅུད་ཐམས་ཅད་རང་བཞིན་གྱི་དག་པ་ལའོ། ཇི་ལྟར་ན། ཡ་མཚན་དཔལ་ཏེ། བློ་གྲོས་དམན་པ་དག་གི་བློར་མི་ཆུད་ཅིང༌། འགལ་པ་ལྟར་སྣང་ཡང་མི་འགལ་པ་དང༌། བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡ་མཚན་ཅིང༌། རང་གཞན་གྱི་དོན་སྒྲུབ་པའི་དཔལ་ནི་གཞིའི་དུས་སུ། འཁོར་བའི་ཆོས་ཐམས་ཅད་དང༌། ལམ་དུས་སུ་དག་ལམ་དག་གི་སྣང་བ་ཐམས་ཅད་དང༌། འབྲས་བུའི་དུས་རྟེན་བརྟེན་པའི་དཀྱིལ་འཁོར་གཞན་དང་གཞན་དུ་བསྒྱུར་ཡང༌། ངོ་བོ་ཉོན་སྒྲིབ་དག་ཅིང༌། ཤེས་སྒྲིབ་རྣམ་པར་དག་ལ། གློ་བུར་གྱི་དྲི་མ་མེད་ཅིང་གདོད་མ་ནས་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་སེམས་ཀྱི་རང་བཞིན་ནམ་ཡང་འགྱུར་བ་མེད་པ་ནའོ། །སུ་ཞིག་དུས་ནམ་གྱི་ཚེ་ཞེ་ན། ཆོས་ཉིད་རྟོགས་པ་དེང་ནས་ཛཱ་ལནྡྷ་ར་པ་ང་ཡིས་ངོ་མཚར་ཤིན་དུ་ཆེ་བར་མཐོང་ཞེས་སྦྱར་རོ། སྐབས་འདིར་སེམས་ཀྱི་སྟེང་གི་གཉིས་སྣང་སྲབས་པ་ལས་ལམ་གྱི་ཡེ་ཤེས་ཀྱི་སྐུ་དང༌། དག་པ་ལས་འབྲས་བུའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅིང༌། སེམས་རང་བཞིན་གྱི་གཉིས་སྣང་དུ་མ་སྐྱེས་ཤིང༌། ངོ་བོ་ལ་སྔ་ཕྱིར་འགྱུར་བ་བསྟན་པ་མེད་དོ་ཞེས་པ་ནི་གྲུབ་པའི་མཐའ་འོ། །གཉིས་པ་ལ། ལམ་གྱི་སྤྱིའི་འགྲོས་དང་དེ་དག་གི་མཐའ་ཞིབ་མོར་དཔྱད་པ་ལམ་སྒྲུབ་པར་གདམས་པ་གསུམ་ལས། དང་པོ་ལ། བསྐྱེད་རིམ་བཤད་པ་དང༌། རྫོགས་རིམ་


TNT10_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། དང་པོ་ནི། ཚིགས་བཅད་གཅིག་སྟེ། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་ཡེ་ཤེས་ལ་དབང་བའི་སྐབས་ཀྱི་གསལ་སྣང་རབ་འབྱམས་མཆེད་པ་ཡང༌། རྣམ་རྟོག་གི་རབ་ཏུ་བཏགས་པའི་དཀྱིལ་འཁོར་ཏེ། དེའི་ངོ་བོ་ནི་བུད་མེད་དེ། ཕྱག་རྒྱའི་སྦྱོར་བ་ལས། ཧཱུཾ་ཡིག་སོགས་ཀྱི་ཐིག་ལེ་ནོར་བུར་བཀག་པས། རྣམ་རྟོག་ཞི་བར་བྱེད་པས། གཉིད་དང་མཚུངས་པའི་བདེ་བས་མྱོས་པ་སད་པའི་ཚེ། བདེ་བའི་སེམས་དེ། དབང་པོའི་གཞུ་དང་འདྲ་བའི་ལྷ་སྐུར་ཤར་བས། སྣང་བ་ཐམས་ཅད་གང་བ། སེམས་ལྷའི་གཟུགས་སུ་ཤར་བ་དེ་ཡང༌། དངོས་པོ་མེད་པར་རྟོགས་པའི་ཤེས་རབ་དང་རོ་ཅིག་ཏུ་སྒོམས་པའི་གསལ་སྣང་ངོ༌། །འདི་དངོས་རྟོག་མེད་ཡིན་ནའང༌། ཉེ་བའི་རྒྱུ་རྟོག་པ་ཡིན་པས་རབ་བཏགས་ཞེས་གསུང༌། གཉིས་པ་ལ། ཡེ་ཤེས་ཀྱི་སྐུ་རྒྱུ་དང་བཅས་པ་དང་བདེ་ཆེན་རྒྱུ་དང་བཅས་པ་གཉིས་ལས། དང་པོ་ལ། བསྐྱེད་རིམ་རྐྱང་པས་འགྲུབ་པ་བཀག ཡེ་ཤེས་ཀྱི་སྐུའི་ངོ་བོ་དང་ཉེར་ལེན་བསྟན། སྐུ་སྒྲུབ་བྱེད་ཀྱི་ཐབས་གཏུམ་མོ་དང༌། རྩ་རླུང་ཐིག་ལེའི་ངེས་དོན་ནོ། །དང་པོ་ལ། ཟླ་བ་དང༌། ཡི་གེ་ས་བོན་དང་མཚོན་ཆ་སྟེ་ཕྱག་མཚན་རྣམས་ལས་བསྐྱེད་ཅིང་བྱུང་བའི་ཁ་དོག་དང་དབྱིབས་སུ་རྣམ་པར་བརྟགས་པའི་ལྷའི་སྐུ་དེ་ཡིས་ནི། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབས་ཀྱང༌། བསྐྱེད་རིམ་རྐྱང་པ་དེས་བསྐལ་པ་མཐའ་ཡས་པར་འབད་ཀྱང་དེས་ཐོབ་པ་མ་ཡིན་ནོ། །རྣམ་རྟོག་གི་བཅོས་མའི་རང་བཞིན་དཀྱིལ་འཁོར་དེ་ནི་ཆོས་ཅན་བསྐལ་པར་སྒོམས་ཀྱང་ཡེ་ཤེས་ཀྱི་སྐུ་མི་ཐོབ་སྟེ། རྣམ་པར་རྟོག་པས་ཉམས་པ་སྟེ་མི་རྟོག་པའི་ཡེ་ཤེས་ལ་སྒྲིབ་པའི་ཕྱིར་ན། འབྲས་བུ་ཡང་གཞན་ལ། རྒྱུ་ཡང་གཞན་དུ་རྩོལ་བའི་ཕྱིར། འབྲས་ས་ལུ་པ་འདོད་པས། ཀོ་ཊ་པའི་སྙེ་མ་སྲུང་བའི་ངལ་བ་བཞིན་ནོ། །གཉིས་པ་ནི་རྒྱུ་དང་ངོ་བོ་གཉིས་


TNT10_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཉེར་ལེན་གྱི་རྒྱུ་ནི། རླུང་སེམས་ཙམ་གྱི་རང་ལུས་ཏེ། ལུས་ཀྱང་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར། ངོ་བོ་གཅིག་པས་ན། ཡེ་ཤེས་ཀྱི་སྐུའི་སྒྲུབ་གཞི་སེམས་ཡིན་པའི་ཆ་ཁོ་ན་ནས་ནན་གྱི་འཇོག་པ་ཚེགས་ཆེ་ཞིང་དོན་ཆུང་བས་ལུས་ཀྱི་ཆ་ནས་འཇོག་པ་ལེགས་སོ། །དེ་ལྟ་བུའི་རང་ལུས་དེ་ནི་ལྷ་ཉིད་དེ། དེ་ཡང་དེ་ཧ་བྷ་བ་ཞེས་པའི་སྒྲ་ལས་དྲངས་ན་ལུས་ལས་བྱུང་བ་དང་ལུས་འབྱུང་བ་གཉིས་ཀ་ལ་འཇུག་པས། རགས་པའི་ལུས་ལ་གནས་པ། ཁམས་ཕྲ་བ་ཐིམ་པ་ལ་སོགས་པའི་རྐྱེན་གྱི་མངོན་པར་གསལ་བར་འབྱུང་བ་དང༌། ལུས་སེམས་གྱི་འབྲེལ་བའི་བག་ཆགས་ཀྱི་སྣང་བ་དེ་ལུས་གསར་པ་ལེན་པའི་ཉེར་ལེན་དུ་འགྱུར་བའི་དོན་ནོ། །ཡང་གཅིག་དུ་ན། བཞིན་ལག་ཁ་དོག་རྣམ་པ་ནི། །སྐྱེས་པ་ཙམ་གྱི་རྣམ་པར་གནས། །ཞེས་པ་ལྟར། རླུང་སེམས་ཀྱི་ལུས་ཞལ་ཕྱག་སོགས་ལྷ་སྐུའི་རིགས་སུ་རང་བཞིན་གྱི་གནས་པའི་དོན་ཡང་ཡིན་ཞེས་གསུང༌། དེའི་རྣམ་པ་ཇི་ལྟར་འཆར་བའི་ཚུལ་ནི། ཡུལ་དུས་ཐམས་ཅད་དུ་སྣ་ཚོགས་པའི་དངོས་པོ་ཐམས་ཅད་ཀྱི་རྣམ་པར་འཆར་ཞིང༌། རྒྱུན་ཆད་པ་མེད་པས་རྟག་པ་ཡིན་ལ་རྒྱུན་གྱི་རྟག་པའི་ཕྱིར། རྡུལ་ཕྲ་རབ་ལས་གྲུབ་པ་མ་ཡིན་ལ། ཡིད་རྣམ་རྟོག་གིས་བསྒོམས་པ་ལས་ཡོངས་སུ་འདས་པ། དེ་ལྟ་བུའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འདི་ནི་ཀུན་རྫོབ་ཀྱི་དངོས་པོ་ཀུན་རབ་དུ་བྲལ་ཡང༌། དངོས་པོ་ལས་གཞན་པ་མ་ཡིན་ཏེ། ཀུན་རྫོབ་ནི་རང་བཞིན་མེད་པའི་སྟོང་པ། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་པ་ལྟར། གཞི་དང་འབྲས་བུའི་ཆོས་སྣ་ཚོགས་པར་འཆར་བའོ། །དེ་ཉིད་དུས་ནམ་ཞིག་གི་ཚེ་མངོན་དུ་འགྱུར་ཞེ་ན་ནམ་ཞིག་ཀུན་ཏུ་གསལ་བ་སྟེ་མངོན་པར་བྱང་ཆུབ་པའི་དུས་སུ་མངོན་དུ་


TNT10_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང༌། ཆ་ཤས་ནི་ས་དང་པོའི་རྗེས་ཐོབ་དང༌། རླུང་དྷུ་ཏིར་ཐིམ་པའི་ནུས་པ་མཐར་ཕྱིན་པའི་སྐབས་ཞིག་ཏུ་སོ་སོ་སྐྱེ་བོས་ཀྱང་རྗེས་སུ་མཐུན་པ་མངོན་དུ་བྱེད་དེ། དེ་ཡང་ཀུན་ཏུ་གསལ་བ་ཞེས་པ་ནི། བདེ་སྟོང་གི་ཤེས་པས་སྣང་བ་ཀུན་སྒྱུ་མ་ལྟར་གསལ་བར་རྟོགས་པའི་དོན་ཡིན་ནོ། །གསུམ་པ་ནི། སྟོང་པ་ཉིད་ནི་གཏུམ་མོ་སྟེ། དེ་ཡང༌། ཙཎྜ་ལཱི་ཞེས་པའི་སྒྲ་ལས་དྲངས་ན། ཙཎྜི་ཁྲོ་བ་ལའོ་ཞེས་པའི་བྱིངས་དང༌། ཨ་ལི་ཀ་ཕྱུགས་ལ་འཇུག་པས། ཕྱུགས་དང་འདྲ་བའི་རྣམ་རྟོག་ལ་ཁྲོ་ཞིང་མཐར་བྱེད་པ་སྟེ། གང་མཉམ་པར་བཞག་པས་ཀུན་རྟོག་དྲུང་ནས་འབྱིན་པ་ངེས་དོན་གྱི་གཏུམ་མོ་ནི་མཐའ་བྲལ་སྟོང་པ་ཉིད་ཡིན་ལ། དེ་ཡང་ལྟེ་བར་གནད་དུ་བསྣུན་པའི་ཁྱད་པར་ལས་དེ་རྟོགས་པའི་ཐབས་སུ་འགྱུར་བའི་ཕྱིར། སྟོང་ཉིད་དེ་ལྟེ་བའི་མེ་ཡིན་ཞེས་བྱ་ལ། སྟོང་ཉིད་དེ་ཡང་རྣམ་བཅས་གཙོ་ཆེ་བ་ཡིན་ཞིང༌། བདེ་སྟོང་གིས་འཁོར་བ་དང༌། རྣམ་བཅས་དེས་མྱ་ངན་ལས་འདས་པ་ཟབ་སྟེ་འགོག་ཅིང༌། གཏུམ་མོ་དེ་ཉིད་ཡང་དག་པའི་མཐའ་དང་དེ་བཞིན་ཉིད་ཅེས་བྱའོ། །འདིར་འཕགས་ཡུལ་བ་ཁ་ཅིག་ལྟེ་བའི་མེ་སྟོང་ཉིད་ཀྱི་རང་བཞིན་ཞེས་འཆད་པ་ནུས་པ་ཆུང་ཞིང༌། སྲིད་འདས་ཀྱི་མཐའ་གཉིས་གཡས་གཡོན་གྱི་ལམ་ལ་འཆད་པ་མ་འབྲེལ་ཞེས་གུ་རུ་ལྷོ་ཕྱོགས་པས་གསུང༌། རྩ་སོགས་ཀྱི་ངེས་དོན་ནི་རྐང་པ་དྲུག་སྟེ། རྩ་ནི་ཤིང་ལྟ་བུ་སྦུབས་ཅན་དང༌། ཁམས་ནི་བཅུད་དེ་ཁུ་ཁྲག་ལ་སོགས་པ་དང༌། རླུང་ནི་ཤོར་རླུང་ལྟ་བུ་སྟེ་ཡང་བའི་ཁམས་སུ་ལྟ་བ་དེ་དག་ནི། རྨོངས་པ་བ་ལང་བཞིན་ཏེ། འཁྲུལ་ལ། རྗེ་བཽ་དམ་པ་བླ་མའི་དྲིན་གྱིས་ཡེ་ཤེས་འབར་བ་ང་ནི་འདི་སྐད་སྨྲ་སྟེ། དེ་ལ་རྩ་ནི་ནཱ་ཌ་ཞེས་པའི་སྒྲ་ལས་དྲངས་ན་རྒྱུན་མ་ཆད་པ་ལ་འཇུག་པས། སེམས་སྔ་མ་དང་ཕྱི་མར་རང་


TNT10_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགྱུར་བ་མི་བརྟན་པ་སྟེ་དེ་ཉིད་རྩ་ཐམས་ཅད་ཀུན་འདར་དུ་དག་པའི་ལག་རྗེས་ཡིན་ལ། དེའི་ཕྱིར་ངེས་པའི་དོན་གྱི་རྩའི་དེ་ཉིད་དུ་བསྟན་ནོ། །དེ་ལ་རྩ་རྣམས་དྷཱུ་ཏཱིར་དག་པའི་དོན་ནི་རྩའི་ཁམས་རགས་པ་ཐམས་ཅད་ཕྲ་བར་ཐིམ་སྟེ། དེ་ཡང་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པའི་དོན་ཡིན་ཅིང༌། རྩ་དང་ཁམས་དང་རླུང་འབྱུང་ལུས་སུ་སྣང་བའི་གཉིས་སྣང་གི་བག་ཆགས་ཟད་ནས་ཡེ་ཤེས་ཉིད་དཀྱིལ་འཁོར་དུ་སྣང་བ་ནི། དེ་རྣམས་གནས་གྱུར་པའི་དོན་ཡིན་ནོ། །དེ་ལྟ་ན་གཡོ་བ་མེད་པ་ནི་རྒྱུན་མ་ཆད་པ་སྟེ་ངེས་དོན་གྱི་རྩ་དང༌། སྔ་ཕྱིར་འགྱུར་བ་མེད་པ་དེའི་དབུས་སྟེ་རང་བཞིན་དེའི་ངང་ནས་དཔེ་མེད་པའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བར་གནས་པ་ནི། ཁམས་ཐམས་ཅད་འོད་གསལ་དུ་ཞུགས་པ་ལས་མངོན་དུ་འགྱུར་བའི་ཕྱིར། ངེས་པའི་དོན་གྱི་ཁམས་ཀྱི་དེ་ཁོ་ན་ཉིད་དང༌། བསྐྱོད་པ་མེད་པ་སྟེ་རང་བཞིན་མི་འགྱུར་བ་ལས་ཕྱོགས་རྣམས་ཀུན་ཏུ་འགྲོ་བ་སྟེ་ཡུལ་དྲུག་པོ་ཀུན་ལ་སེམས་གཡོ་བའི་ཆ་ནི་རླུང་དང༌། དེ་ཡོངས་སུ་དག་པ་ངེས་དོན་དུ་རླུང་གི་དེ་ཉིད་ཡིན་ཅིང༌། ཆོས་ཀྱི་སྐུ་སྟོང་པ་ཉིད་ལས་བསྐྱོད་པ་མེད་པར་ཡེ་ཤེས་ཀྱི་སྣང་བ་ཕྱོགས་དུས་ཀུན་ཏུ་འགྲོ་བ་རླུང་དག་པའི་ལག་རྗེས་ཡིན་ཏེ་འབྲས་བུ་ལ་སྦྱར་རོ། །དོན་དམ་པའི་སེམས་ནི་ཁ་ཕྱིར་ལྟའི་རྣམ་ཤེས་རྣམས་དང༌། གཉིས་སྣང་ལ། སྒྲོ་འདོགས་པའི་སེམས་བྱུང་རྣམས་དང་ཉོན་ཡིད་རྣམས་མ་ཡིན་ལ། ཀུན་གཞི་ཡང་བག་ཆགས་ཀྱི་བརྟེན་གནས་གྱུར་པ། དྲི་མའི་ཆ་དག་པས་ནམ་མཁའ་བཞིན་གནས་པ་གཉིས་སུ་སྣང་བས་བསམ་དུ་མེད་པ། དངོས་པོ་ཀུན་ཏུ་རང་བཞིན་མེད་པའི་ཚུལ་གྱིས་ཡེ་ཤེས་ཀྱི་སྣང་བ་འཇུག་པ་སྟེ་དོན་དམ་པའི་འོད་


TNT10_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལོ། །དེ་ལྟར་ན་རྩ་རླུང་ཐིག་ལེ་ཐིམ་པའི་སེམས་འོད་གསལ་ནི་ཡེ་ཤེས་ཀྱི་སྐུའི་རྒྱུའོ། །གཉིས་པ་བདེ་བ་ཆེན་པོ་རྒྱུ་བཅས་བཤད་པ་ལ། ཞུ་བདེ་དངོས་སུ་འཛིན་ཚུལ་དེ་ཉིད་དོན་དམ་པའི་ལྷན་སྐྱེས་མ་ཡིན་པར་སྟོན་པ། ལྷན་སྐྱེས་སྒྲུབ་པའི་རྐྱེན། ལྷན་སྐྱེས་དངོས་བཤད་པ་བཞི་ལས། དང་པོ་ནི། ཚངས་པའི་མེ་སྟེ། གསང་བའི་གཏུམ་མོ། རྡུལ་གྱི་ཁམས་དབུ་མར་འབར་བས། སྤྱི་བོའི་རི་བོང་འཛིན་པ་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བ་དབུ་མའི་ནང་ནས་བབས་པ་ལས། ལྟེ་བ་མན་ཆད་དུ་ཕྱིན་པའི་ཚ། ལྷན་ཅིག་སྐྱེས་པའི་དགའ་བ་བླ་ན་མེད་པ་རྣམ་པར་རྒྱས་པ་སྟེ། དབང་བཞིའི་བདེ་བ་ཡས་བབས་ཀྱི་རིམ་པ་རྫོགས་པར་འགྱུར་ལ། གཏུམ་མོའི་མེ་དེ་ཉིད་ཀྱི་སྟོབས་ཀྱིས་ཞུ་བའི་ཁུ་བ་མ་ལུས་པ་སྤྱི་བོར་འཕངས་ནས་ཐམས་ཅད་ལ་ཁྱབ་པར་གྱུར་བའི་མས་བརྟན་ལྷན་སྐྱེས་གྱི་བདེ་བ་ནི་ཞུ་བདེ་གཞན་གོང་ན་མེད་པས་བླ་ན་མེད་པ་སྟེ་དེ་ལ་ཚད་བཟུང་བ་དང་ངག་གི་བརྗོད་དུ་ཡོད་པ་མ་ཡིན་ནོ། ཕྱི་ནང་གི་སྲོག་རྩོལ་གང་ལས་ཞུ་བདེ་འདྲེན་ཀྱང་ཚུལ་འདི་ཚང་བ་ཡིན་ནོ། །གཉིས་པ་ནི། དགོད་པ་དང་གཉིས་སྤྲོད་འཁྲིག་པ་ལ་སོགས་པ་སྡུག་བསྔལ་མི་བཟད་པ་ནི་དུས་མཐའ་མེད་པའི་བར་དུ་བྱུང་བའི་རྒྱུར་གྱུར་པ་ཡིན་ཏེ། བག་ཆགས་དེའི་སྟོབས་ཀྱིས་ཡང་སྲིད་ལེན་པར་བྱེད་དོ། །དེའི་ཕྱིར་སྟོང་པ་དང་སྦྱོར་བ་མེད་པའི་ཞུ་བདེ་དེ་ལ་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་དོན་དམ་པའི་བདེ་བ་ཞེས་འཁྲུལ་བ་ནི་བློ་གྲོས་ངན་པ་ཡིན་ཏེ། དེ་དོན་དམ་ལྷན་སྐྱེས་བདེ་ཆེན་དེ་ཡི་ཉེར་ལེན་གྱི་རྒྱུ་ཡིན་པ་ལ་བསམ་ན་ནི་མི་འཐད་ལ། དེ་ཉིད་དངོས་ནི། དེ་བས་ཀྱང་མ་ཡིན་ནོ། གློ་བུར་བ་གཡོ་བའི་སེམས་ལས་སྐྱེས་པའི་རང་བཞིན་བདེ་བ་ཆེན་པོ་གཡོ་མེད་ག་ལ་ཡོད་དེ་མེད་ལ། གློ་བུར་ལས་


TNT10_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འབྱུང་བ་དང༌། གཡོ་བ་ལས་གཡོ་མེད་འབྱུང་ན་ནི་ཉེར་ལེན་གྱི་རྒྱུའི་རྣམ་གཞག་རྣམ་པར་འཁྲུལ་ཞིང༌། མོ་གཤམ་ལས་སྐྱེས་པའི་སྐྱེས་བུ་མཁས་པ་དེ་ལྟ་བུ་ནི་ཨ་ཧོ་རྨད་དུ་བྱུང་ངོ་ཞེས་མི་རིགས་པར་བརྗོད་པའོ། །ནམ་མཁའི་མེ་ཏོག་ཡ་མཚན་ཅན་ལྟར་རང་བཞིན་དང་བཅོས་མའི་གཞི་མཐུན་པ་འདི་ལྟ་བུ་སུ་ཡིས་མཐོང་སྟེ་མ་མཐོང་ལ། དེ་བཞིན་དུ་གཡོ་བའི་བདེ་བ་ཡང་ཡིན་ལ། རང་བཞིན་བདེ་ཆེན་ཡང་ཡིན་པ། མྱོང་བ་དང་མྱོང་བར་འགྱུར་བའི་སྐྱེས་བུ་དེ་གང་གློ་བུར་དང་རང་བཞིན། གཡོ་བ་དང་མི་གཡོ་བ་གཞི་མཐུན་པ་མེད་དེ། འགལ་བ་མ་འཁྲུལ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཡང༌། བྲམ་ཟེ་ཆེན་པོས། དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །གྲོགས་པོ་ཕག་དང་གླང་པོ་ལྟོས། །ཞེས་གསུངས་སོ། དེའི་ཕྱིར་གང་དག་བདེ་ཆེན་སྟོང་པར་འཆར་བ་མེད་པར། དངོས་དང་ཡིད་ཀྱིས་བསྒོམས་པའི་བུད་མེད་དེ་ཕྱག་རྒྱའི་སྦྱོར་བ་ལས། རང་བཞིན་ལྷན་སྐྱེས་བདེ་ཆེན་སྒྲུབ་པར་འདོད་པ་ནི་རྨོངས་ཏེ། རི་དྭགས་ཤིན་དུ་སྐོམ་པ་ཆུ་འདོད་པས་སྨིག་རྒྱུའི་རྗེས་སུ་འགྲོ་བ་དང་མཚུངས་སོ། །འོ་ན་བདེ་ཆེན་གྱི་དོན་དུ། ལས་ཀྱི་ཕྱག་རྒྱ་བསྟེན་པ་ནི་ཅི་སྙམ་ན། གསུམ་པ་ནི། ཇི་ལྟར་མཚན་མོའི་དུས་སུ་ནོར་བུ་འཚོལ་བ་ན། མར་མེ་བཟུང་བས་བཙལ་ན་མྱུར་དུ་རྙེད་ཅིང༌། རྙེད་པའི་ཕྱི་ནས་སྒྲོན་མེ་རབ་ཏུ་འདོར་བ་བཞིན་དུ། པདྨ་ཅན་ལ་སོགས་པའི་རྩ་རིན་པོ་ཆེའི་ནང་དུ་ཆུད་ཅིང་གནས་པ་ལས་ཐོབ་པའི་ཞུ་བདེར་སྣང་བ་ལྷན་ཅིག་སྐྱེས་པའི་རིན་པོ་ཆེ་རྙེད་ནས། ཕྱི་རོལ་གྱི་ཕྱག་རྒྱའི་བྱ་བ་དང༌། ཡིད་ཀྱི་བསྒོམ་པ་སོགས་རྩོལ་བ་ཅན་གྱི་ངལ་བས་གནས་པར་མི་བྱ་སྟེ། ཞུ་བདེ་ཙམ་གཙོ་བོར་མི་བྱའོ། །བཞི་པ་ལ། ཞུ་བདེའི་དུས་དང། དབྱེ་བ་དང༌། ངོ་བོ་གསུམ་ལས། དང་པོ་ནི། དུས་གང་


TNT10_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་ངོས་བཟུང་ཞེ་ན། གང་གི་ཆུ་སྐྱེས་ཏེ་ཕྱག་རྒྱའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་རྩ་དང༌། བུང་བ་སྟེ་ཐབས་ཀྱི་རིན་པོ་ཆེའི་བར་ན་རབ་ཏུ་གནས་སྟེ། ནོར་བུའི་ནང་དུ་སོན་པ་ལྷན་ཅིག་སྐྱེས་པ་འདི་ནི། རང་བཞིན་གྱི་བདེ་ཆེན་སྐྱེད་པའི་དོན་དུ་མཁས་པ་དག་གི་བླང་བ་སྟེ་བསྒོམ་པར་བྱོས་ཤིག །གཉིས་པ་ནི། རྫོགས་རིམ་གྱི་ལྷན་སྐྱེས་དེ་ཡང༌། དགའ་བ་ལ་སོགས་པ་རྣམ་པ་བཞིའི་བདག་ཉིད་ཡིན་ཏེ། དགེས་པའི་རྡོ་རྗེ་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་རྫོགས་རིམ་མཐོན་པོར་སོང་བའི་སྐབས་ཤིག་གིས། དགའ་བ་བཞི་ཀ་ལྷན་སྐྱེས་ཡིན་པར་གསུངས་པའི་ཕྱིར། འོ་ན། དང་པོ་དགའ་བ་འགྲོ་བའི་གཟུགས། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བར་འགྲོ་བ་ཉིད། །གསུམ་པ་ལྷན་ཅིག་སྐྱེས་པ་མེད། །ཅེས། དགའ་བ་དང་པོ་གསུམ་དང༌། ལྷན་སྐྱེས་གཞི་མཐུན་པ་མེད་པར་གསུངས་པ་མ་ཡིན་ནམ་ཞེ་ན། བཤད་པར་བྱ་སྟེ། དེ་ཉིད་ལས། ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱི་རྣམ་པར་སྤངས། །ཞེས་སྐྱེད་རིམ་པ་དང༌། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱང་མ་ཆུབ་ཀྱི་བར་དུ་ཞུ་བདེའི་དགའ་བ་དང་པོ་གསུམ་ལ། ལྷན་སྐྱེས་ཀྱི་དོན་མ་ཚང་ཞིང༌། དེ་ཕན་ཆད་ཀྱི་རྫོགས་རིམ་གྱི་མས་བསྟན་དགའ་བཞི་ཐམས་ཅད་ལྷན་སྐྱེས་ཀྱི་དགའ་བ་ཁོ་ན་ཡིན་ལ། ལྷན་སྐྱེས་ཡིན་མིན་གྱི་དོན་ཡང༌། ཁམས་ཕྲ་རགས་ཐམས་ཅད་ཐིམ་པའི་ཐམས་ཅད་སྟོང་པའི་རང་བཞིན་ཡིན་པ་དང༌། བདེ་བ་མྱོང་བས་འབད་རྩོལ་དྲག་པོ་མེད་པར་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པའི་རྣམ་པ་ངང་གི་འཆར་བ་ཡིན་མིན་གྱི་ཁྱད་པར་རོ། །ཕྱག་ཆེན་ཐིག་ལེར། དགའ་བ་བཞི་དང་སྣང་བ་བཞི་གཅིག་པར་གསུང་ན།


TNT10_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞི་ལ་ལྷན་སྐྱེས་ཡིན་མིན་གྱི་དབྱེ་བ་ལྟར། ཐམས་ཅད་སྟོང་པ་ཡང་སྣང་བ་གསུམ་ཡིན་མིན་གཉིས་སུ་དབྱེ་མི་དབྱེའི་ཁྱད་པར་དང་འཐད་པ་ཞིབ་མོར་དཔྱོད་ལྡན་ཆེན་པོ་འགས། སྔར་རྣམ་པར་དཔྱད་ཅིང༌། ད་དུང་དཔྱད་པར་བྱ་དགོས་མོད་ཀྱི་ཡི་གེ་མངས་པར་འགྱུར་པའི་ཕྱིར་འདིར་མི་བྲིའོ། །གསུམ་པ་ནི་རྫོགས་རིམ་གྱི་ལྷན་སྐྱེས་ཀྱི་ངོ་བོ་རླུང་དང་ཁམས་གཡོ་བ་མེད་པའི་བདེ་བ་ཡིན་ཏེ། དེ་འདྲའི་བདེ་བ་དེ་ཡིན་ཕྱིན་ཆད། ཞུགས་གནས་ཐིམ་གསུམ་གྱིས་རླུང་གི་གཡོ་བ་འགགས་ཤིང༌། ཐིག་ལེ་འཛག་མེད་ཀྱི་བདེ་བ་ཡིན་པའི་ཕྱིར་རོ། །རྫོགས་རིམ་གྱི་ལྷན་སྐྱེས་ཇི་ལྟར་བཤད་པ་དེ་རྣམས་ལ། ཞུ་བདེ་དང༌། རང་བཞིན་གྱི་དབྱེ་བ་ཞིབ་མོར་འཆད་པ་ནི་འོག་ནས་འབྱུང་ངོ༌། །འདིར་སྨྲས་པ། བདེ་ཆེན་བདེ་བའི་དགའ་སྟོན་རོལ་བ་ཡི། །ཕྱག་ཆེན་ཕྱག་རྒྱའི་མཆོག་གྱུར་ལེགས་བསྟེན་ན། ། ཡེ་ཤེས་ཡེ་ནས་དག་པའི་ལྷ་སྐུ་མཆོག །གཉིས་ཆོས་གཉིས་མེད་ངང་དུ་རོ་མཉམ་གྱུར། །གླུ་ཡི་རྒྱུད་དང་པོ་རྣམ་པར་ཕྱེ་ཟིན་ཏོ། །དེ་ལྟར་ལམ་གྱི་སྤྱིའི་འགྲོས་རྣམས་ལེགས་པར་བསྟན་ནས། གཉིས་པ་དེ་དག་གི་མཐའ་ཞིབ་མོར་དཔྱད་པ་ལ། གླུའི་རྒྱུད་གཉིས་པ་དང༌། གསུམ་པ་དང༌། བཞི་པའི་སྟོད་ཕལ་ཆེ་བ་རྣམས་ཡོད་པ་ལས། གླུའི་རྒྱུད་གཉིས་པ་ལ་དོན་ཚན། བོད་ཀྱི་བཤད་སྲོལ་ལྟར། ས་གཅོད་ཇི་བཞིན་སྒྲིག་དཀའ་ལ༌། རྒྱ་གར་བའི་བཤད་རྒྱུན་ལས་བྱུང་བའི་བསྡུས་དོན་ཇི་ལྟ་བར་བཤད་ན་བདེ་བས་འདི་ལྟར། བདེ་བ་ཆེན་པོའི་རྒྱུ་ཚོགས་དང༌། བདེ་ཆེན་སྒྲུབ་ཚུལ་དང༌། ལས་རྒྱའི་དགོས་པ་དང༌། དེས་ཡེ་ཤེས་ཀྱི་སྐུ་འགྲུབ་ཚུལ་དང༌། ལྷན་སྐྱེས་ཀྱི་ངོ་བོ་དང༌། ལྷན་སྐྱེས་དམན་པའི་སྐྱོན་དང༌། བདེ་སྟོང་སྒོམ་ཚུལ་དང༌། དེས་སེམས་ཀྱི་དྲི་མ་སྦྱོང་ཚུལ་དང༌། ཕྱིའི་ཕྱག་རྒྱ་སྤངས་ནས་ཕྱག་ཆེན་


TNT10_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲུབ་ཚུལ་དང༌། བདེ་སྟོང་སྤྱོད་པ་གསུམ་གྱི་དོགས་སྤྱོད་དང༌། རླུང་ཐིམ་པའི་སྦྱོར་བ་དང༌། བདེ་སྟོང་ལ་ལོག་རྟོག་འགག་པ་དང༌། ལྷན་སྐྱེས་འཆར་བའི་ཐབས་ཀྱི་གཙོ་བོ་ལ་གདམས་པ་དང༌། ལྟ་བ་དང་བཞི་པའི་ཡེ་ཤེས་ལ་འཁྲུལ་པ་དགག་པ་དང༌། སྟོང་པ་རྟོགས་ཚུལ་དང༌། འོད་གསལ་འཆར་ཚུལ་དང༌། སྟོང་པ་སྒོམ་ཚུལ་དང༌། བདེ་བའི་སྐྱོན་མཐའ་གཉིས་དང༌། བདེ་ཆེན་གྱི་ངོ་བོ་དང༌། ཁམས་ཐིམ་ཚུལ་དང༌། ཡེ་ཤེས་ཀྱི་སྐུ་སྒོམ་ཚུལ་དང༌། དེ་རྟོགས་པའི་ཕན་ཡོན་སྤྱོད་ལམ་དང་བཅས་པ་དང༌། མངོན་པར་བྱང་ཆུབ་པའི་ལུས་གནད་དང༌།གནས་དང༌། གྲོགས་དང༌། དུས་དང༌། ལྷན་སྐྱེས་ཕྱི་ནས་ཚོལ་བ་སྤང་བར་གདམས་པ་དང༌། དེ་སྒྲ་རྟོག་གི་ཡུལ་ལས་འདས་པ་དང༌། དེ་ཉིད་འགྲུབ་པའི་ལྟས་དང༌། དོན་དམ་ལ་གཞོལ་བའི་རྣལ་འབྱོར་པས་སེམས་ལུས་འདོད་ཡོན་གསུམ་ལ་གནད་དུ་བསྣུན་པར་གདམས་པ་སྟེ་དོན་ཚན་སུམ་བཅུ་ལས། དང་པོ་ལ། སྣང་བ་ཀུན་ལ་བདེ་བས་རྒྱས་འདེབས་པ། དེས་རྣམ་རྟོག་གཅོད་ཚུལ། བདེ་བ་སྒོམ་ཚུལ། དེ་ཐོབ་བྱེད་རྐྱེན་གྱི་གཙོ་བོ། དེ་འགྲུབ་བྱེད་ཀྱི་སྤྱོད་པ་ལ་འཁྲུལ་པ་བཀག་པ་སྟེ་ལྔ་ལས། དང་པོ་ནི། ཨ་ཨི་ཞེས་བདེ་བ་དང༌། ཨ་རི་ཞེས་སྟོང་པ་ལ་སོ་སོར་ངོ་མཚར་བའི་ཚིག་སྟེ། ཅི་ལྟར་ཞེ་ན། ས་འོག ས་སྟེང༌། ས་བླ་གསུམ་མམ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་གསུམ་མམ། ལུས་ངག་ཡིད་ཀྱི་ཁམས་གསུམ་དང༌། ས་ཆུ་མེ་རླུང་དཀྱིལ་འཁོར་བཞི་དང་ཁམས་གསུམ་གྱི་འགྲོ་བ་སྟེ་སྣོད་བཅུད་ཀྱི་འཇིག་རྟེན་བདུན་ནམ། རིག་དྲུག་དང༌། སྲིད་པ་བར་མའི་འཇིག་རྟེན་ཏེ། སེམས་ཅན་གྱི་འཇིག་རྟེན་བདུན་གྱི་གོས་སྣ་ཚོགས་པ་དག་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་འདོད་ཆགས་ཆེན་པོ་སྟེ་བདེ་ཆེན་གྱི་ཚོན་གྱི་ཁ་དོག་གཅིག་ཏུ་ཁ་བསྒྱུར་པས་ན་ཞེས་


TNT10_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་གྱི་རྒྱུན་གྱི་ཚུལ་དུ་སྦྱར་ཞིང༌། ངག་དོན་ནི༌། ལྷན་སྐྱེས་ཆེ་ཆུང་ཅི་རིགས་བརྟན་ནས། སྣང་བ་ཐམས་ཅད་ལ་བདེ་བ་དེས་རྒྱས་བཏབ་པས། སླར་ཡུལ་སྣང་དེས་གྲོགས་བྱས་ནས་བདེ་བ་ཆེར་འཕེལ་ཞིང༌། སྣང་བ་ཐམས་ཅད་བདེ་བ་གཅིག་གི་རྣམ་རོལ་དུ་འཆར་བ་ལྟ་བ་དང་དར་སོགས་དངོས་པོ་ཐ་དད་པ་དག་ཚོས་གཅིག་ལ་བཙོས་པས་ཁ་དོག་གཅིག་ཏུ་སྣང་བ་བཞིན་ནོ་ཞེས་པའོ། །གཉིས་པ་ནི། སྣང་བ་ལ་བདེ་བས་རྒྱས་བཏབ་པས། མ་དག་པའི་སྣང་བ་མེད་པ་སྟེ་མི་སྣང་ཞིང༌། རྣམ་རྟོག་གི་དྲན་པ་ཉམས་ཤིང་མེད་པར་གྱུར་པ་དང༌། བདེ་བར་ཤར་བའི་ཚེ་བདག་དང་གཞན་དུ་འཛིན་ཅིང་རིག་པར་མི་འགྱུར་བ་སྟེ། དེ་འདྲའི་དེ་མངོན་འགྱུར་པ་འགག་པ་ཡིན་ནོ། །ཞེས་ཡུལ་མཐའ་སྟེ་རྒྱལ་ཁམས་ཀུན་དུ་སྨྲས་སོ། །འདིར་བཟང་མོ་ཞེས་པ་ནི་ཤེས་རབ་ལ་བོད་པ་དང༌། ཡུལ་མཐའ་ཀུན་དུ་སྨྲས་པ་ཡིན་ཞེས་བསྐལ་ལྡན་ལྡན་རྣམས་ལའོ། །གསུམ་པ་ནི། ཡིད་རྣམ་པར་རྟོག་པས་གཡོ་བ་མེད་པས་རེངས་པ་དང༌། མིག་གཉིས་ནི་ནམ་མཁའ་ལ་གཡོ་མེད་དུ་ལྟ་བས་རེངས་པ་སྟེ། དེ་ལྟར་ཡང༌། ནམ་མཁའ་ལ་ནི་ཡིད་དང་རླུང་དང་མིག །དུས་ཅིག་ཏུ་ནི་གལ་ཏེ་ངེས་སྦྱར་ན། ། རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་སྐྱེ། །འདི་དག་མཐའ་དག་དེ་བཞིན་གཤེགས་པས་གསུངས། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་གཏད་ན། །ཕྱོགས་བཅུའི་འཇིག་རྟེན་མཐའ་དག་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་ཐམས་ཅད་འདི་ལས་འཐོབ། །ཅེས་བདེ་ཆེན་སྒྲུབ་པར་བྱེད་པའི་མཆོག་རྣམ་བཅས་ཕྱག་ཆེན་སྒྲུབ་པའི་ཐབས་འདི་གཉིས་གཙོ་བོར་གསུངས་སོ། ཁུ་བ་རླུང་དང་རྣལ་འབྱོར་རམ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མི་གཡོ་བ་སྟེ་འཛག་མེད་དུ་བྱེད་པ་དང༌། རླུང་རྣམས་དྷུ་ཏིར་འཆིང་


TNT10_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དེས་གཏུམ་མོ་འབར་བས་ཁམས་ཞུ་ཞིང་འཁོར་ལོ་བཞིར་བརྟན་པར་བྱེད་པ་དང༌། ཁྱད་པར་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པའི་མཐུ་དང་ལྡན་པའི་ཕྱིར་ཟོ་ཆུན་གྱི་འཁོར་ལོ་དང་མཚུངས་པའི་འཁོར་ལོ་བཞི་ཆུས་ཁེངས་པ་སྟེ་གནས་དེ་དང་དེ་རྣམས་སུ་ཐིག་ལེ་ལུགས་ལྡོག་ཏུ་བརྟན་པར་བྱེད་པའི་བདེ་བ་སྒོམ་པ་དང༌། ལྷན་སྐྱེས་ཀྱི་བདེ་བ་ནམ་ཤར་བ་ན། ལུས་སེམས་ཐམས་ཅད་དགའ་བདེ་རྒྱས་པར་འགྱུར་ཞིང་གཏུམ་མོ་འབར་བས་སྤྱི་བོའི་ཐིག་ལེ་ཞུ་བ་སྙིང་ཁར་ཕྱིན་པ་ནའང་དགའ་བདེ་ཁྱད་པར་ཅན་བསྐྱེད་པས་དཔྱིད་ཀ་དང་མཚུངས་པའི་དུས་ཀྱི་དང་པོ་བདེ་བ་ཤར་བ་རྟེན་མ་ཐག་ཏུ། དེ་ལ་མཚན་མའི་སྤྲོས་པ་དང་བྲལ་བའི་རྣམ་པར་མི་རྟོག་པ་སྒོམ་པ་སྟེ་དྲུག་པོ་འདི་དག་ལ་འབད་པར་གྱིས་ཤིག ཀྱཻ་ཧ་ཊི་བ་ཞེས་གྲུབ་ཆེན་ཉིད་ཀྱི་རང་ལ་རང་ཉིད་ཀྱིས་བསྐུལ་བ་སྟེ། རང་ལ་བོད་པ་སོགས་ནི་ཟབ་མོའི་དོན་གཞན་གྱི་མཚོན་པར་མི་ནུས་པས་རང་ལས་མཚོན་པར་གྱིས་ཤིག་ཅེས་པའི་དོན་ཡིན་གསུང༌། བཞི་པ་ནི། རླུང་བཅུ་པོ་རྣམས་ནི་རྣམ་རྟོག་གི་རི་མོ་སྣ་ཚོགས་འདྲི་བར་བྱེད་ཅིང་ཅུང་ཟད་ཀྱང་གནས་པའི་སྐབས་མེད་ལ། ལས་དང་ཉོན་མོངས་པ་དང་སྡུག་བསྔལ་རྣམ་པ་གསུམ་གྱི་ཐོ་ཆོར་སྤྱོད་པས་འཕྱར་གཡེང་ཅན་ཡིན་ལ། དེ་ཉིད་གཡོ་མེད་དུ་བྱས་ན། དགའ་བའི་གཞིར་གྱུར་པའི་ཕྱིར། བུ་མོ་སྟེ། དེས་རང་གི་ཁྱིམ་དང་འདྲ་བ་དེ་ཉིད་ལས་འབྱུང་ཞིང་དེ་ཉིད་དུ་ཐིམ་པའི་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་གྱི་བཀུག་ལ་དབང་དུ་གྱུར་པའི་འདོད་པ་གྱིས་ཤིག ཅི་ལྟར་བགྱི་ཞེ་ན། ལྟེ་བ་དང་གསང་བའི་ཕུག་ཏུ་ཙཎྜ་ལི་མར་མེ་སྤོར་ཞིག ཀྱཻ་ཧ་ཊི་བ་ཞེས་བོས་ནས། ཡན་ལག་རོ་མ་དང་ཡན་ལག་རྐྱང་མའི་སྒོ་བསྡམས་ཤིང་འཁྱུད་པ་སྟེ་དབུ་མར་གཅིག་ཏུ་དྲིལ་བས། དབུ་མར་ཁུ་བ་འབབ་པའི་འདོད་པའི་བདེ་བ་སྤྱད་


TNT10_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། མཚན་མར་འཛིན་པ་ཐམས་ཅད་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཟ་བ་དང༌། སེམས་ཀྱི་རྒྱུད་བདེ་བ་ཆེན་པོའི་བཅུད་འཐུང་བ་དང༌། འཇུག་གནས་ལྡང་གསུམ་གྱི་རླུང་ཉལ་བ་དང༌། མ་ཆགས་པའི་ཚུལ་གྱིས་འདོད་ཡོན་ལ་རོལ་བའི་རྩེད་མོ་རྣམས་ལས། སྒྲ་དོན་གྱི་རྗེས་སུ་འབྲང་བའི་མཚན་འཛིན་གྱི་ཀློག་པ་དང༌། ཐ་མལ་བའི་ང་རྒྱལ་གྱིས་རླུང་རྒྱུ་བའི་ཁ་དོན་མི་བྱའོ། འདིར་ངག་དོན་ནི། ཞུ་བདེ་ལྷན་སྐྱེས་ཀྱི་རྒྱུའི་གཙོ་བོ་རླུང་དབུ་མར་ཐིམ་པས་གཏུམ་མོ་འབར་བ་ཡིན་ལ། རང་བཞིན་ལྷན་སྐྱེས་ཀྱི་རྒྱུའི་གཙོ་བོ་བདེ་སྟོང་བསྲེ་བའི་ཐབས་ལ་འབད་པ་དང༌། རླུང་གི་བགྲོད་པ་ཕྲ་མོ་འགོག་པར་བྱེད་པ་ཡིན་ལ། སེམས་ཀྱི་རང་བཞིན་བདེ་བ་ཆེན་པོའི་ཁམས་སུ་གནས་པ་ནི་རང་བྱུང་ལྷན་སྐྱེས་སམ་རང་བཞིན་ལྷན་སྐྱེས་ཞེས་བྱ་ལ་ཞུ་བདེའི་བདེ་སྟོང་སྦྱར་བ་ལ་སོགས་པ་ཐབས་ཀྱི་སེམས་དེ་བདེ་ཆེན་དངོས་སུ་གྱུར་པ་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ་ཞེས་བྱའོ། །ལྔ་པ་ནི། ཛཱ་ལནྡྷ་ར་པ་བདག་ནི་རང་གི་ཁྱིམ་སྟེ་གནས་ཅིག་པུ་ན་འདུག་ཅིང་སྤྱོད་པ་སྤྱད་པས་དངོས་གྲུབ་ཐོབ་ལ། ཕྱུགས་རྣམས་ལྟར་རྣམ་པར་རྨོངས་པའི་འགྲོ་བ་ཁ་ཅིག བ་ར་ཎཱ་སི་དང༌། དྭ་རི་ཀ་དག་ཏུ་མི་ལྔ་བསྟེན་པ་སོགས་ཀྱི་རང་ཉིད་སྡུག་བསྔལ་བར་བྱེད་ལ། དེ་ལྟར་ལུས་ལྷ་ཡིན་པ་ལ་བརྙས་ཤིང་གདུང་བ་ཙམ་སྟེ་སྡུག་བསྔལ་སྟེར་བས། བདག་ཉིད་ཀྱི་བདེ་བ་འཕྲོག་པར་བྱེད་པ་འདི་ལྟ་བུའི་ལམ་ངན་པ་སྟོན་པའི་པདྨའི་སྐྱེ་གནས་ཏེ་ཚངས་པ་དེ་ནི་བྱོལ་སོང་ལྟར་བླུན་པ་ཡིན་ཏེ། ལོག་པའི་ལམ་བསྟན་པས། སྡིག་པའི་ཁུར་པོ་ཤིན་ཏུ་ལྕི་བ་དེ་ལྟ་བུ་ཆེད་ཀྱིས་འཆང་བའི་ཕྱིར་རོ། འདིར་ཅུང་ཟད་དཔྱད་ན། ལུས་ལ་གདུང་བ་བརྩམས་པ་ཙམ་གྱིས་ཅི་ལྟར་སྡིག་པར་འགྱུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་ཤ་སྦྱིན་པ་ལ་སོགས་


TNT10_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། ཐབས་དེས་ཚོགས་གཉིས་རྫོགས་པར་ཡང་མི་འགྱུར་རམ། གལ་ཏེ་མུ་སྟེགས་ཅན་དེ་དག་ལ་ཐབས་དེ་མེད་དོ་སྙམ་ན་དེ་ནི་མེད་མོད་ཀྱི། དེ་ལ་ནི་ངལ་ཞིང་དུབ་པའི་མཐའ་ཞེས་གསུངས་ཀྱི་བསོད་ནམས་ཉམས་པར་བྱེད་པར་མ་གསུངས་པས། འདི་ནི་མི་རིགས་སོ་ཞེ་ན། འདིར་སྡིག་པ་ཞེས་བྱ་བ་ནི་ཡང་དག་པའི་དོན་མཐོང་བ་ལ། སྡིག་པ་དང་འདྲ་བར་གེགས་བྱེད་པ་ལ་སྡིག་པ་ཞེས་བརྗོད་པ་སྟེ། འདིས་ཅི་ལྟར་གེགས་བྱེད་ཅེ་ན། ལྷན་ཅིག་སྐྱེས་པའི་བདེ་བ་རྟོགས་པ་ནི་ལུས་ཀྱི་བདེ་བ་ལ་རག་ལུས་ཤིང་ཡེ་ཤེས་ཀྱི་སྐུ་ཡང༌། ལུས་དང་རོ་གཅིག་དུ་གནས་པའི་རླུང་སེམས་གཉིས་ཀྱི་རང་བཞིན་ཡིན་པའི་ཕྱིར། དེ་ལ་སྨད་ཅིང་བདེ་པའི་མི་མཐུན་ཕྱོགས་ལ་འབད་པས། ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་ཐ་མལ་པར་འཛིན་པ་དང༌། སྡུག་བསྔལ་དུ་ཞེན་པ་ལྷག་པར་བརྟན་པ་འགྱུར་ཞིང༌། གཞན་དུ་འགའ་ཞིག་བདེ་བའི་དབང་བསྐུར་བ་ཐོབ་པས་ནི། ཕུང་པོ་སངས་རྒྱས་སུ་གྱུར་པ་ལ་བརྙས་པས་སྡོམ་པ་ཉམས་པར་བྱེད་པའི་རྩ་བའི་ལྟུང་བར་ཡང་འགྱུར་རོ། །གཉིས་པ་བདེ་ཆེན་སྒྲུབ་ཚུལ་ལ། ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པའི་ལྷ་དང་གནས་བཤད། དེས་ཕྱག་ཆེན་གྱི་བདེ་བ་སྒྲུབ་ཚུལ། ལས་ཀྱི་ཕྱག་རྒྱས་བདེ་ཆེན་སྒྲུབ་ཚུལ་ལོ། དང་པོ་ལ། ཧ་ཌི་བ་བདག་གིས་སྤྲོས་པ་ལ་དགའ་བའི་རྣལ་འབྱོར་པ་རྣམས་ལ་སྨྲས་པ། ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པ་འདི་ལ། ལྷ་དང་གནས་མེད་པ་མ་ཡིན་ཏེ། རང་གི་ལུས་ཉིད་ལ་ཡེ་ཤེས་ཀྱི་སྐུ་རྣམ་པ་གཉིས་གནས་པའི་ཕྱིར་ལྷ་ཡིན་ལ། གནས་དང་ཉེ་གནས་ལ་སོགས་པའི་ཡུལ་ཉེར་བཞི་ཡང༌། སྤྱི་བོ་ལ་སོགས་པ་རང་གི་ལུས་ཀྱི་ཆ་ཤས་དག་ཡིན་པས་ན། ཞིང་ཀུན་བགྲོད་པར་འདོད་པས། ཡུལ་ཀུན་ཏུ་འཁྱམས་པའི་རྣལ་འབྱོར་པ་རྣམས་ངལ་བར་མ་གྱུར་ཏམ་སྟེ། དོན་ཆུང་ལ་ངལ་བ་ཆེ་བ་ཁོ་ནར་ཟད་དོ།


TNT10_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྤྱི་བོ་ལ་སོགས་པའི་རྩ་ཉེར་བཞི་པོ་དེ་རྣམས་ཉིད། གནས་ཉེར་བཞིར་འཇོག་པ་ནི། དེ་དག་གི་རླུང་དང་ཁམས་ཐིམ་པས་ཡུལ་སོ་སོའི་ཕོ་ཉ་མོ་རྣམས་དང༌། འདུ་བ་ཐོབ་ཅིང་ཡུལ་སོ་སོའི་ལྷ་མོ་དང་འདུས་པ་ལས་ཀྱང་རྩ་དང༌། རླུང་དང༌། ཁམས་དེ་དང་དེ་ཐིམ་པའི་ནུས་པ་ཡོད་པའི་ཕྱིར་དེ་ལྟར་གཞག་གོ །གཉིས་པ་ནི། ཞུ་བདེ་ལྷན་སྐྱེས་ཀྱི་བདེ་སྟོང་དང་རང་བཞིན་ལྷན་སྐྱེས་མངོན་དུ་གྱུར་པས་ནི། བྱ་བ་མེད་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བར་མཉམ་པར་གཞག་པ་ན། རྣམ་བཅས་སམ་རྣམ་མེད་ཀྱི་སྟོང་པས་བདེ་ཆེན་འདྲེན་ཅིང་སྟོང་པ་དེའི་རིང་ནས་བདེ་བ་སྒོམ་པ་ལས་ཀྱང་བདེ་བ་ཆེན་པོ་འདྲེན་ཅིང་འབྱུང་སྟེ། དེ་འདྲ་བའི་རྣམ་པ་མང་པོ་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་སུ་སྣང་བའི་རྣམ་བཅས་ཀྱི་སྟོང་ཉིད་དང། སྤྲོས་པ་ཐམས་ཅད་རང་བཞིན་མེད་པའི་ཚུལ་ལ་ཞུགས་པ་ཙམ་གྱི་རྣམ་མེད་སྟོང་ཉིད་དེ། བདེ་ཆེན་འདྲེན་པའི་ཕྱག་རྒྱ་ཆེན་མོ་དེ་གཉིས་ནི། དབུགས་དབྱུང་རྣམ་པ་གཉིས་ཀྱི་དོན་དུ་ཤེས་པར་བྱ་སྟེ། བདེ་བ་ཆེན་པོས་སྡུག་བསྔལ་འགོག་ཅིང་དབུགས་འབྱིན་པའི་ཕྱིར་དབུགས་དབྱུང་ཞེས་བྱ་ལ། རྣམ་བཅས་ནི་ཚུལ་ཐ་དད་པར་སྣང་བའི་ཕྱིར། དེ་བཞིན་གཤེགས་པ་རིགས་ལྔའི་དབུགས་དབྱུང་དང༌། རྣམ་མེད་ནི་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པའི་རྣམ་པ་ཅན་གྱི་ཕྱིར། རོ་མཉམ་རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའོ། །གསུམ་པ་ནི། ཕྱག་རྒྱ་བཟང་མོ་ཁྱོད་དེ་སྐྱོན་སྤངས་ཤིང༌། ཡོན་ཏན་རྫོགས་པ་གང་ཞིག་རྣལ་འབྱོར་བ་དྲོད་ཐོབ་པའམ་མ་ཡིན་ཀྱང༌། རླུང་དྷུ་ཏཱིར་ཐིམ་པ་དག་གི་མཐོང་བ་སྟེ་བལྟས་པའི་རྗེས་ཆགས་ལས་ཀྱང༌། རླུང་རྣམས་ཉམས་ཤིང་དབུ་མར་ཐིམ་ནས། བདེ་བ་ཆེན་པོ་ལྷན་ཅིག་


TNT10_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་སྤང་བྱའི་མུན་པ་སེལ་བའི་ཕྱིར་ཉི་མ་དང་འདྲ་བ་འཆར་རོ། །ཀྱཻ་ཞེས་བོད་པའོ། ཁྱད་དགའི་ཡེ་ཤེས་ཁུ་བ་གཡོ་བའི་དྲི་མ་དང་བཅས་ཤིང༌། བདག་ཏུ་རྨོངས་པ་སོགས་མ་རིག་པ་དང་མཚུངས་པར་ལྡན་པས། མུན་པ་ལྟ་བུ་དེར་འོད་གསལ་ཉི་མ་ལྟ་བུ་ཤར་བས་ངོ་མཚར་ཏེ། ཛཱ་ལནྡྷ་ར་བ་ང་གད་མོ་དགོད་དོ། །འདིར་ཤེས་རབ་མ་ལ་བལྟས་པ་སོགས་ལས། བདེ་ཆེན་འདྲེན་ཚུལ་ཐུན་མོང་མ་ཡིན་པ་ནི། རང་བཞིན་ལྷན་སྐྱེས་གསལ་བར་མཚོན་པ་ནི་ཞུ་བདེ་ལྷན་སྐྱེས་ཡིན་ལ། བདེ་བ་དེ་བསྐྱེད་པ་ལ། བྱང་ཆུབ་ཀྱི་སེམས་དབུ་མར་ཞུ་ཞིང་འབབ་དགོས། དེ་ཡང་གཏུམ་མོ་འབར་བ་ལ་རག་ལས། དེ་ཡང་རླུང་ཐིམ་པ་ལས་འབྱུང་བས་ཕོ་ཉ་མོ་མཆོག་ནི་མཐོང་བ་ཙམ་དང༌། ཐོས་པ་ལ་སོགས་པས་ཀྱང་རླུང་བསྡུད་པའི་ཚུལ་ཁྱད་པར་ཅན་གྱིས་བདེ་ཆེན་བསྐྱེད་པ་དེ་ནི། བདེ་བ་དེ་འགལ་རྐྱེན་གང་གིས་ཀྱང་ལྡོག་མི་ནུས་ཤིང་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར། ལམ་དེ་མྱུར་བ་ལ་དགོངས་ནས། རྡོ་རྗེ་གུར་དུ་ཡང༌། བུད་མེད་མཆོག་མཐོང་ལས་བདེ་ཞིང༌། །གླུ་ཐོས་པས་ཀྱང་ཡང་དག་བདེ། །དྲི་ཞིམ་མནམ་ལས་བདེ་བ་ཆེ། །སྐྱེ་གནས་རེག་ལས་ཀྱང་བདེ་ཆེན། །རོ་མཆོག་བཏུང་བ་རབ་སྦྱར་བའི། །བདེ་བ་སུས་ཀྱང་ལྡོག་མི་ནུས། །ཞེས་གསུངས་སོ། དེ་ལྟར་གཟུགས་མཛེས་པ་བལྟས་པ་དང༌། དེ་བཞིན་དུ་འདོད་པའི་གཏམ་དང་གླུ་ལེན་པ་མཉན་པ་དང༌། བྷ་ག་སོགས་ལུས་ལས་བྱུང་བའི་དྲི་ཞིམ་མནམ་པ་དང༌། མ་མཆུའི་རོ་མྱངས་པ་དང༌། སྒྱུ་རྩལ་ཀ་ར་ཎའི་གར་གྱི་རོལ་པ་རྣམས་དང༌། སྐྱེ་གནས་ཀྱི་རེག་བྱ་ལ་སོགས་པ་མདོར་ན། བྱ་བ་ཀུན་ལ་བདེ་བ་ཆེན་པོའི་རང་བཞིན་འདི་འདྲ་བ་འཐོབ་པ་ནི་ངོ་མཚར་ཆེའོ་ཞེས་པའོ། །གསུམ་པ་ལས་རྒྱའི་དགོས་པ་ནི། མེ་དོན་དུ་གཉེར་བས་གཙུབ་


TNT10_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཙུབ་པར་བྱེད་པ་ལྟར། བདེ་བ་ཆེན་པོའི་དོན་དུ། ལས་ཀྱི་ཕྱག་རྒྱ་ཉེ་བར་བསྟེན་པ་ཡིན་ཏེ། ཕྱག་རྒྱ་གསུམ་པོ་གང་ཡང་རུང་བའི་ཤེས་རབ་མ་ལ་སྦྱོར་བ་མེད་པར་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་པ་མེད་ཅིང༌། ཁྱད་པར་རང་བཞིན་ལྷན་སྐྱེས་མཚོན་པའི་ཉེ་རྒྱུ་ཕྱག་ཆེན་དང་སྦྱོར་བ་ཡིན་ལ། ཕྱག་ཆེན་གྱིས་ཞུ་བདེ་རྒྱས་པར་བྱེད་མ་ནུས་པ་དང༌། ཕྱག་རྒྱ་ཆེན་མོ་མ་ཐོབ་པ་ཐོབ་པར་བྱེད་པ་ལ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ངེས་པར་དགོས་ཤིང༌། བསྒོམས་པའི་ཡིད་ཀྱི་ཕྱག་རྒྱ་ལས། བདེ་བ་ཆེན་པོ་འདྲེན་པ་ལ་ལྷག་པར་སྟོབས་ཆེ་བ་ཡིན་ནོ། །དེའི་ཕྱིར་གཙུབ་ཤིང་གཙུབ་པ་མེད་ན། མེ་ནི་གང་དུ་འབྱུང་སྟེ། མི་འབྱུང་ཞེས་དཔེར་མཛད་དོ། །དེ་ཡང་ཧེ་རུ་ཀ་མངོན་འབྱུང་ལས། དཔའ་བོ་གང་ཞིག་ཕྱག་རྒྱ་དམན། །སྒྲུབ་པོ་མཆོད་པ་བྱེད་པ་ནི། ཕུབ་མ་བརྡུང་དང་མཚུངས་པ་སྟེ། །ཞེས་ཕྱག་རྒྱ་མོ་མེད་པར་ལམ་རིང་ལ་ཡོད་ན་མྱུར་བར་གསུངས་ཤིང༌། འོན་ཀྱང༌། བདེ་མཆོག་གི་རྩ་རྒྱུད་ལས། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང༌། །ཞེས་གསུངས་ལ། མངོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་འགྱུར་དང༌། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །ཅེས་ཡུལ་དང་བརྟེན་མཚན་ཉིད་མ་ཚང་ན་ཉེས་དམིགས་ཤིན་ཏུ་ཆེའོ། །འདིར་ཞུ་བདེའི་ལྷན་སྐྱེས་ཐིག་ལེ་དང་མི་དམིགས་སྒོམ་པ་སོགས་རྣལ་འབྱོར་གྱི་གཏུམ་མོ་ལས་ཅི་རིགས་པར་འདྲེན་ནུས་ན་ཡང༌། དེས་གསལ་བར་མ་མཚོན་པའི་རང་བཞིན་དང་སྣང་བ་དང་དགའ་བའི་དབྱེ་བ་དང༌། རྣམ་པ་དང་ཁྱད་པར་རྣམས་ནི་ཕྱི་རོལ་གྱི་ཕྱག་རྒྱས་མཚོན་པར་བྱེད་ཅིང༌། ཞུ་བདེ་ཁྱད་པར་ཅན་གྱི་བདེ་སྟོང་གི་ཕྱག་རྒྱ་ཆེན་མོ་ལས། གཏུམ་མོ་


TNT10_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་བདེ་བ་དྲངས་པའི་ལྷན་སྐྱེས་ཞུ་བདེར་གྱུར་བ་དེས་རང་བཞིན་ལྷན་སྐྱེས་གསལ་བར་མཚོན་པར་བྱེད་ཅིང༌། ཡང་ལས་ཀྱི་ཕྱག་རྒྱའི་བདེ་བས། རླུང་དབུ་མར་གཅིག་དུ་འདུས་པ་མི་ཤིགས་པའི་ཐིག་ལེ་དང་འདྲེས་པས་རྣམ་བཅས་སྟོང་གཟུགས་ཀྱི་རང་བཞིན་ལྷ་མོ་འགྲུབ་ལ། དེ་དང་མཉམ་པར་སྦྱར་བས་ཞུ་བདེ་ལྷན་སྐྱེས་ཀྱིས་ཀྱང༌། རང་བཞིན་ལྷན་ཅིག་སྐྱེས་པ་མཚོན་པ་ཡིན་ནོ། །ཞེས་པ་ནི་གྲུབ་པའི་མཐའ་འོ། །བཞི་པ་ནི། བཅུད་ཀྱི་རེག་པའི་ལྕགས་རྣམས་གསེར་དུ་འགྱུར་བ་ལྟར་བདེ་བ་ཆེན་པོའི་གྲུབ་པའི་དངུལ་ཆུས་ཁམས་བཅོ་བརྒྱད་པོ་རྣམས་ལ་རེག་པས་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་གསེར་དུ་འགྱུར་ལ། བསྒྱུར་བ་དེས་དངོས་པོ་ཐམས་ཅད་ལ་རྒྱས་བཏབ་པས་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྐུའི་གཟུགས་སུ་འཆར་བར་འགྱུར་ཏེ། ཇི་ལྟར་ལྕགས་གསེར་དུ་འགྱུར་བ་ཡང༌། ལྕགས་ཀྱི་དྭངས་མ་མཉེན་པ་དང༌། ཁ་དོག་གསལ་བའི་ཆ་དེ་ཉིད་གསེར་དུ་འགྱུར་བ་ཡིན་གྱི། ལྕགས་ཉིད་དུ་བྱེད་པའི་ཆོས་སྙིགས་མའི་ཆ་ལྕགས་ཀྱི་ཁམས་ནི་མ་ཟད་པར་གསེར་དུ་ག་ལ་འགྱུར་ཏེ་མི་འགྱུར་བ་བཞིན་དུ། སྙིགས་མའི་ལུས་རྡུལ་ཕྲ་རབ་ཀྱི་ཆོས་གཉིས་སྣང་གི་ཆ་འདི་ནི་ཡེ་ཤེས་ཀྱི་སྐུར་མི་འགྱུར་ལ། སེམས་བདེ་བར་གྱུར་ཅིང་ཁམས་དཀར་དམར་འཆིང་ལུགས་ཁྱད་པར་ཅན་གྱིས་བཅིངས་པས། སྙིགས་མ་འདི་ཟད་ནས་ལྕགས་སྲང་གཅིག་ལ་དྭངས་མའི་ཆ་སྲང་གཅིག་གསེར་དུ་འགྱུར་པ་ལྟར། རླུང་སེམས་ཙམ་གྱི་ལུས་བཞིན་ལག་གི་རྣམ་པར་གནས་པ། དེ་ཉིད་ཡེ་ཤེས་ཀྱི་ལུས་མཚན་དཔེས་སྤྲས་པའོ། །ཞེས་བླ་མ་དམ་པ་གསུང་ངོ༌། །ལྔ་པ་ནི། འདོད་


TNT10_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཏེ་མཆོག་དགའ་མ་ཡིན་ཞིང༌། ཆགས་བྲལ་ཁྱད་དགའ་འམ་དགའ་བྲལ་ཡང་མ་ཡིན་ལ། དབུ་མ་དགའ་བར་ཡང་ནི་མི་དམིགས་ཏེ། ལྷན་སྐྱེས་འདི་ནི་གསུམ་ག་ལས་འདས་པ་ཡིན་ནོ། །དྲུག་པ་ལ་གཉིས་ལས། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་ལྷུང་ཞིང་འདོད་ཆགས་ཏེ་ལྷན་སྐྱེས་ཀྱི་བདེ་བ་ཉམས་པས་ནི། གཏི་མུག་དང་ཞེ་སྡང་གིས་ཀུན་ནས་དཀྲིས་པ་དེས་དམྱལ་བར་འགྲོ་སྟེ། འཁོར་བར་རྣམ་པར་འཁྱམས་པར་འགྱུར་རོ། དེ་ལྟར་ཡང་དྲི་མེད་འོད་ལས། འདོད་ཆགས་ཉམས་པས་སྡིག་སྟེ་གང་ཕྱིར་ཤིན་དུ་སྡུག་བསྔལ་ནི་ཞེ་སྡང་སྐྱེ་ཞེས་གསུངས་སོ། །དེ་ཡང་ཞུ་བདེའི་རྐྱེན་གྱིས་སེམས་བདེ་བར་ཤར་བ་ལ་སྲེད་པས། སེམས་ལ་འདོད་ཆགས་ཀྱི་བག་ཆགས་བསྒོས་ཤིང་བདེ་བ་དེ་ཉམས་པའི་ཚེ། མི་འདོད་པའི་ཡུལ་ལ་སྤོང་བའི་སེམས་དྲག་པོ་ཞེ་སྡང་གི་རྣམ་པ་ཅན་གྱིས་སེམས་རྒྱུད་ལ་ཞེ་སྡང་གི་བག་ཆགས་བསྒོ་བར་བྱེད་དོ། ཞེ་སྡང་དེས་སེམས་འཁྲུགས་པས་ཤེས་བྱའི་གནས་ལ་རྨོངས་པའི་གཏི་མུག་གི་རྣམ་པ་ཅན་གྱི་སེམས་འབྱུང་སྟེ། དེས་གཏི་མུག་གི་བག་ཆགས་བསྒོ་བར་བྱེད་དོ། འདི་ནི་བྱང་ཆུབ་ཀྱི་སེམས་མ་བཅིངས་པ་རྣམས་ཀྱི་བགྲོད་པའི་བདེ་བ་ཙམ་ལ་ཡང་ཡོད་པས། འཛག་བདེ་ཕལ་ཆེར་གྱི་བག་ཆགས་བསྒོ་ཚུལ་ཡང་འདི་ཉིད་ཡིན་པས། འཁོར་བའི་རྩ་བར་གསུངས་ཤིང་ཁྱད་པར་ཚེ་གཅིག་ལ་དངོས་གྲུབ་འགྲུབ་པའི་རྒྱུ། བདེ་ཆེན་གྱི་མི་མཐུན་ཕྱོགས་ཉིད་ཡིན་ལ། དོན་གྱི་དབང་འདི་གཟིགས་ནས། དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ན། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས་སོ། །


TNT10_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་མེད་པའི་ལྷན་སྐྱེས་ཀྱི་སྐྱོན་ནི། པྲ་ཙོ་ད་ཞེས་བྱ་བ་ནི། དེ་སྐད་དུ། ཞི་བའི་རྒྱུད་ལས། དབང་ཕྱུག་ནུས་མ་མཉམས་སྦྱོར་བས། །ལྟེ་བར་ཕྱིན་པའི་བདེ་བ་ནི། །ཆུ་ནི་འཐུང་བ་མ་ཡིན་པ། །མཚན་ཉིད་བྲལ་བ་རབ་ཏུ་ཞི། །འདིས་ནི་དྲག་པོ་རབ་དུ་བསྐུལ། །ཞེས་དེ་ཁོ་ན་ཉིད། མེད་ཀྱང༌། ཞུ་བདེ་ཙམ་ལ་སེམས་ཟིན་པ་དེ་ཁོ་ན་ཉིད་དུ་རློམ་ཅིང་ཁུ་བ་འཆིང་བ་ཙམ་གྱིས་ལྷན་ཅིག་སྐྱེས་པའི་བདེ་ཆེན་མ་ཉམས་པའི་དོན་དུ་འགྱུར་ལ། འདིས་སྲོག་ཆགས་རྣམས་ཀྱི་ལུས་ལ་ལྷ་ཆེན་པོ་དབང་ཕྱུག་གནས་པ་དེ་ཉིད་བསྐུལ་བས་གྲོལ་བར་འགྱུར་རོ། །ཞེས་པྲ་ཙོ་ད་ཞེས་པ་བོད་སྐད་དུ་རབ་ཏུ་བསྐུལ་བ་སྟེ་ལམ་འདི་མུ་སྟེགས་ཅན་གྱི་ལུགས་ཡིན་ནོ། སངས་རྒྱས་པ་དེ་ཁོ་ན་ཉིད་མེད་པར་བདེ་བ་སྒོམ་པ་རྣམས་ཀྱང་ལུགས་འདི་ཆོས་སུ་སྟོན་པར་བྱེད་པ་སྟེ། ཕྱུགས་བདག་སྟེ་དབང་ཕྱུག་ཆེན་པོས་འདབ་ཆགས་ཏེ་མཁའ་ལྡིང་གི་རྒྱུད་དུ་བཤད་པའི་འདོད་ཆགས་ཀྱི་སྤོང་བའི་ཚུལ་འདི་ནི་དོར་བར་བྱ་སྟེ། སེམས་ཀྱི་དྲི་མ་སྟུག་པོ་དཔག་དུ་མེད་པ་སྔར་ཡོད་པའི་ཆོག་གིད་ནི་འདིས་ཅི་ཞིག་བྱ། དོ་ཧ་མཛོད་ལས། སྙིང་རྗེ་བྲལ་བའི་སྟོང་པ་ཉིད་ཞུགས་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་སྟེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང༌། །འཁོར་བ་འདིར་གནས་ཐར་བ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་ལ། འདི་ཡི་རྙིང་རྗེ་ཡང་བདེ་བ་ལྷན་ཅིག་སྐྱེས་པའི་ཆ་ནས་འཇོག་ཅིང་བདེ་བ་ལ་སེམས་ཧར་སྒོམ་དུ་ཟིན་པ་ཙམ་པོས། བདེ་བ་ཙམ་བསྒོམས་པ་ལས་གཞན་སྟོང་པ་སྒོམས་པར་མི་འགྱུར་རོ། གཞན་ཡང་བྲམ་ཟེ་ཆེན་པོས། མ་ལུས་དེ་ཉིད་གང་གིས་མི་ཤེས་པར། །ཀུནྡུ་རུ་ཡི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་


TNT10_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྨིག་རྒྱུ་སྙེག་པ་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་དེ་བརྟན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཞེས་རང་བཞིན་སྟོང་པ་ཉིད་མི་ཤེས་པར། བདེ་བ་ཇི་ཙམ་ཆེ་ཞིང་སྲེད་པ་ཡང་ཆེ་བས་དྲི་མའི་བག་ཆགས་ཀྱང་བསྒོས་ཚབས་ཆེ་བར་གསུངས་སོ། །བདུན་པ་ནི། ཡིད་ཅེས་པ། རྣམ་རྟོག་དང་ཁུ་ཁྲག་གི་ཁམས་གཉིས་ཆར་ལ་འཇུག་པས། སྐབས་འདིར་ཡང༌། ཁུ་བ་བཅིངས་པའི་བདེ་བ་དང༌། རྣམ་རྟོག་གི་གཡོ་བ་མཚན་མ་དང་བྲལ་བར་བཅིངས་པས། རྣམ་རྟོག་དང་བདེ་བ་རང་བཞིན་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ཡིན་ལ། དེ་ལ་རྣམ་པར་མི་རྟོག་པས་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་སྒོམ་པར་བྱའོ། །རང་བཞིན་སྟོང་པ་ཉིད་དུ་འཆར་བཞིན་པའི་རྣམ་རྟོག་ལྟར་སྣང་བ་ནི། ཡིད་ནི་གཡོ་ཞིང་བཅིངས་པ་དང་ཞེསཔའི་དོན་ཡིན་ཅེས་འཆད་གསུང༌། །བརྒྱད་པ་ནི། བཅུད་ལེན་ཆེན་པོ་གྲུབ་པའི་དངུལ་ཆུ་དང་མཚུངས་པའི་ཞུ་བདེ་ཁྱད་པར་ཅན་ལ་གོམས་པས། དུས་ཐམས་ཅད་དུ་སྣང་བ་གང་ལྷན་སྐྱེས་དེ་ཉིད་རྟག་དུ་གཡོ་བ་མི་བྱེད་ན། དེའི་ཚེ་སེམས་ཀྱི་ལྕགས་སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱི་གསེར་ནི་དྲི་མ་མེད་པར་གྲུབ་པ་ཡིན་ཏེ། ཇི་ལྟར་དངུལ་ཆུ་གཡོ་བ་མེད་པ་ན་ལྕགས་གསེར་དུ་འགྱུར་བ་བཞིན་ནོ། །འདིར་གྲུབ་པའི་མཐའ་ནི། ཞུ་བདེ་ཕྲ་མོ་རྒྱུན་མཐའི་ཡེ་ཤེས་ཀྱི་བར་དུ་ཡོད་ཅིང༌། སངས་རྒྱས་ཀྱི་ས་ན་མེད་ལ། ཞུ་བདེ་ལྷན་སྐྱེས་བར་མ་ཆད་པར་འཇུག་པ་ནི་འཕགས་པ་ཁོ་ན་ལ་ཡོད་ཅིང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་དེས་ཐམས་ཅད་སྟོང་པ་དང་གཅིག་ཏུ་འདྲིས་པ་ལས་ནམ་ཡང་ལྡང་མི་སྲིད་པ་ནི། ཆོས་སྐུ་མངོན་དུ་བྱས་པ་ཁོ་ན་ལ་ཡོད་


TNT10_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་པ་གསུམ་པོ་འདིའོ། དེའི་ཕྱིར་བཅུད་ལེན་ཞེས་པ་རང་བཞིན་ལྷན་སྐྱེས་ལ་འཆད་པའང་ཡོད་དེ་ལེགས་པ་ཡིན་གསུང༌། འོན་ཀྱང་དཔྱད་ན། དང་པོ་རྒྱུ་མཚན། ལུས་སེམས་རྟེན་བརྟེན་པའི་འབྲེལ་པ་ཁུ་རྡུལ་རླུང་གི་ཚོགས་པ་ཕྲ་མོ་དེ་སྲིད་དུ་ཡོད་པའི་ཕྱིར་དང༌། གཉིས་པའི་རྒྱུ་མཚན་རྩ་ཁམས་རླུང་གསུམ་གྱི་བགྲོད་པ་དངོས་རྣམས་ཐམས་ཅད་དབུ་མར་ཐིམ། ཕྱིན་ཆད་རང་བཞིན་ལྷན་སྐྱེས་དང་སྟོང་བ་ཙམ་བསྒོམས་པས་ཀྱང་ཞུ་བདེ་ངེས་པར་འདྲེན་པའི་རྣམ་མེད་ཕྱག་ཆེན་དངོས་འགྲུབ་པ་ཡིན་ལ། དེ་བས་ན་མཐོང་ལམ་སྐྱེས་ཕན་ཆད། མཉམ་གཞག་གི་ཚེ་འོད་གསལ་ཐམས་ཅད་སྟོང་པའི་སྟོབས་ཀྱི་ཞུ་བདེ་དང་ལྷན་ཅིག་ཏུ་འཇུག་པའི་རང་བཞིན་ལྷན་སྐྱེས་གསལ་བར་སྣང་ལ། རྗེས་ཐོབ་ཀྱི་ཚེ་དེས་དྲངས་པའི་ཞུ་བདེ་ཁོ་ན་རྒྱ་ཆེར་འབྱུང་བ་ཡིན་ནོ། །ཞུ་བདེའི་ལྷན་སྐྱེས་ཀྱི་བདེ་སྟོང་ཁུ་རྡུལ་རླུང་གསུམ་ལས་སྐྱེས་པ་ཡིན་ཀྱང༌། དེ་ཇི་ཙམ་ཡུན་རིང་བ་ཙམ་གྱིས་དེ་གསུམ་གྱི་ཚོགས་པ་འཇིག་ཚབས་ཆེ་བ་འདི་ལ་དགོངས་ནས། སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་འབྱུང་བ་དེ་དེ་ཉམས་པར་བྱེད། །ཅེས་གསུང་པ་ཡིན་ནོ། །དེ་བས་ན་བཅུད་ལེན་ཞུ་བདེ་དང་གསེར་རང་བྱུང་གི་བདེ་བའི་དཔེར་སྦྱར་བ་ལེགས་སོ་ཞེས་ཁོ་བོ་སྨྲའོ། །གསུམ་པའི་རྒྱུ་མཚན་དྲི་མ་སྤངས་པའི་རང་བཞིན་གྱི་བདེ་ཆེན་དང༌། ཡང་དག་པའི་མཐའ་དོན་གཅིག་ལ། བྱང་སེམས་རྒྱུན་མཐའ་པ་ལ་ཡང་གཉིས་སྣང་གི་བག་ཆགས་ཕྲ་མོ་ཡོད་པའི་ཕྱིར་དེ་ལས་ལྡང་མི་སྲིད་པ་མ་ཡིན་ནོ། །དགུ་པ་ནི། གཟུགས་བཟང་ཞིང་མཛེས་པ་དང་ཡན་ལག་རྣམས་མ་གོད་པའི་ཕྱིར་མཆོག་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་སོགས་ཕྲ་བ་དང༌། བདེ་བ་ཆེན་པོ་མཆོག་


TNT10_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྟེན་ཀུན་ད་རྒྱས་པའི་སྟོབས་ཀྱི་སྐྲ་བཟང་བ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་ལ་སྦྱངས་པས་དུལ་བ་སྟེ། དངོས་གྲུབ་ཀྱི་དོན་དུ་བསྟེན་པའི་ལས་ཀྱི་ཕྱག་རྒྱ་གང་ཅི་ཡང་རུང་བ་ཐམས་ཅད་ལ། མཚན་ཉིད་དེ་རྣམས་ཚང་དགོས་ཤིང༌། དེ་ལྟ་བུའི་ཕྱག་རྒྱས་གཡས་གཡོན་གྱི་རྒྱུ་བ་དྷཱི་ཏཱིར་ཆུད་པའི་རྐྱེན་གྱིས་ལྷན་སྐྱེས་ཀྱི་བདེ་བ་སྦྱིན་པར་བྱེད་ལ། ཤེས་རབ་ཕྱག་ཆེན་ཐོབ་ནས་ནི། ལས་ཀྱི་ཕྱག་རྒྱས་ཅི་ཞིག་བྱ་སྟེ་གང་གི་དོན་དུ་ཞུ་བདེ་དགོས་པའི་རང་བཞིན་གྱི་བདེ་བ་ཐོགས་པ་མེད་པར་འདྲེན་པའི་ཕྱག་རྒྱ་ཐོབ་ཟིན་པའི་ཕྱིར་རོ། །དེ་ལྟར་ཡང་བྲམ་ཟེ་ཆེན་པོས། མིག་ནི་མི་འཛུམ་སེམས་འགོག་དང༌། །རླུང་འགག་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། །འཆི་བའི་ཚེ་ན་རྣལ་འབྱོར་མས་ཅི་བྱ། །ཞེས་བླ་མའི་མན་ངག་གི་སྤྲོས་པ་སྤངས་ནས། རླུང་གཡོ་མེད་དུ་བྱས་པ་ཁོ་ནས་འབྱུང་བ་ཐིམ་རིམ་འཆི་བ་ཇི་ལྟ་བ་བཞིན་དང༌། འོད་གསལ་བདེ་བ་ཆེན་པོ་འདྲེན་ནུས་པ་དེའི་ཚེ། རྣལ་འབྱོར་མ་སྟེ་ལས་ཀྱི་ཕྱག་རྒྱ་ཅི་ཞིག་བྱ་ཞེས་པའོ། །ཕྱག་རྒྱ་ཆེན་པོ་མ་ཧཱ་མ་ཡའི་སྟེ་སྒྱུ་འཕྲུལ་ཆེན་མོའི་དོན་རྣམ་བཅས་ལ་ནི་སྒྱུ་ལུས་ཀྱི་རང་བཞིན། དཔེ་བཅུ་གཉིས་ཀྱིས་མཚོན་པའི་ལྷ་མོར་སྣང་བ་དང༌། རྣམ་མེད་ཀྱི་ཕྱོགས་ལ་སྟོང་པ་ཉིད་ཀྱིས་ཐམས་ཅད་སྤྲུལ་པའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་སྟེ། དེ་ལ་རྟག་ཏུ་འཁྱུད་པ་སྟེ་བདེ་སྟོང་སྦྱོར་བས་བསྒོམས་ཤིང༌། རིགས་ངན་ཧ་ཌི་བ་ཞེས་རང་ལ་བོས་པའོ། །བཅུ་པ་ནི། རྟོག་གེ་སྟེ་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་རྗེས་དཔག་ཚད་མས་ངེས་པའི་སྟོང་ཉིད་དུ་འཛིན་པའི་ཤེས་རབ་ནི་སྟོང་ཉིད་སྡིག་བཅས་དང་བུ་མོ་སྟེ་ལས་རྒྱ་ལས་ཐོབ་པའི་བདེ་བའང་བདེ་བ་སྡིག་པ་ཅན་ནོ། །ཧུ་ཞེས་པ་ནི་ཉམས་


TNT10_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ང་བའི་ཚིག་གོ འདིར་སྡིག་པ་དང་བཅས་པའི་དོན་ནི། རང་བཞིན་དགེ་བ་ལ་སྒྲིབ་པའི་དོན་ཡིན་ལ། ལས་དང་པོ་པའི་གནས་སྐབས་སུ་ནི་ཐབས་སུ་གྱུར་པའང་ཡོད་པས་གོང་དུ་བཤད་པ་ནི་ལམ་མཐོན་པོའི་དབང་དུ་བྱས་པའི་ངེས་དོན་ཡིན་ནོ། །རང་གི་ལུས་ལ་སྔར་བཤད་པ་ལྟར་གོམས་པར་བྱས་པས། གནས་ལ་སོགས་པ་ས་བཅུ་ལ་བཞུགས་པའི་ལྷ་མོ་སྟེ་ཕོ་ཉ་མོ་རྣམས་ཀྱིས་འདུ་བ་ཁྱད་པར་ཅན་གྱི་བདེ་བ་སྟེར་བས་ལུས་ཉིད་ཞིང་མཆོག་ཡིན་ཏེ། བྲམ་ཟེ་ཆེན་པོས། ཞིང་ཀུན་གནས་དང་ཉེར་བའི་གནས་ལ་སོགས། །ཕྱིན་ཏེ་བལྟས་པས་རྟོགས་པར་གང་སྨྲ་བ། །ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། །དགེ་བ་ང་ཡིས་ངེས་པར་ཡང་དག་མཐོང༌། ཞེས་གསུངས་སོ། །དེ་བས་ན། དེ་ཁོ་ན་ཉིད་མེད་པར་ཡུལ་སྣ་ཚོགས་པ་ཀུན་དག་ཏུ་ཕྱིན་པས་ཐང་ཆད་ན་ཕུང་པོ་སངས་རྒྱས་ཀྱི་རང་བཞིན་ལ་སྡུག་བསྔལ་སྟེར་བའི་སྡིག་པ་བརྩམས་པས་དེ་ཁོ་ན་ཉིད་ལ་སྒྲིབ་པ་མཚམས་མེད་དང་འདྲ་བ་མ་བྱེད་ཅིག །རང་ལ་བདེ་ཆེན་ཐོག་མ་ཉིད་ནས་ཡོད་པས་བདེ་བ་ཅན་ཞེས་སེམས་ཅན་རྣམས་ལ་བོས་པ་སྟེ། ཧ་ཌི་བས་མན་ངག་རྟོགས་ནས་ཇོ་གི་ཀུན་ལ་སྨྲས་པའོ། །དེ་ལྟར་ཡང༌། ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་འདི་ཁོ་ན་ལ་གནས། །དེ་བས་དེ་རུ་བསྐོར་བ་ཡིས། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །ཞེས་དང༌། གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བ་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རྣམ་དག་ཡེ་ཤེས་སྤྱན་རྣམས་ཀྱིས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་གཟིགས། །ཐུགས་རྗེས་ཁྱབ་པའི་ཐུགས་


TNT10_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། །ཅེས་མངོན་སྤྱོད་བླ་མར་གསུངས་སོ། །བཅུ་གཅིག་པ་ལ་གཉིས་ལས། དང་པོ་སྟེང་སྒོའི་རླུང་ཐིམ་པའི་སྦྱོར་བ་དངོས་ནི། འཁོར་ལོ་བརྒྱད་ཀྱི་ལྟེ་བ་སྟེ། སྙིང་མགྲིན་སྤྱི་བོ་གཙུག་ཏོར་ལྟེ་བ་གསང་བ་རྡོ་རྗེ་ནོར་བུ་རྣམས་ཀྱི་དྷཱུ་ཏཱིའི་དབུས་སུ་གནས་པའི་ཐིག་ལེའི་དྭངས་མ་རྣམས་ལ། ཆ་ཤས་དང༌། ཚུལ་དང༌། ཐིག་ལེ་དང༌། ཡེ་ཤེས་དང༌། ཚུལ་དང༌། མཆོག་དང༌། ཡང་དག་དང༌། མཆོག་གཉིས་པ་ཞེས་བྱའོ། །དེ་རྣམས་སུ་སེམས་ཞོག་ཤིག་སྟེ། མན་ངག་དང་བཅས་པའི་སྒོ་ནས་སེམས་ཟུང་ཞིག་དང༌། སོ་སོར་རང་གི་རིག་པ་བརྗོད་པ་ཚིག་གི་ལམ་ལས་འདས་ཤིང་ཆད་པ། རང་བཞིན་དང་ཞུ་བདེས་བསྡུས་པའི་ལྷན་སྐྱེས་མངོན་དུ་འགྱུར་རོ། །དེའི་རྒྱུ་མཚན་རྩ་དང་དཔའ་བོ་སྟེ་ཁམས་དང་རླུང་གི་རྣལ་འབྱོར་བསྒོམས་པས་ཀུན་རྟོག་གི་རྒྱུ་རླུང་རྣམས་རང་ཁྱིམ་ཨ་བ་དྷཱུ་ཏཱིར་ཐིམ་ཞིང་སོང་བའི་ཕྱིར་རོ། །འདིར་ཅུང་ཟད་བཤད་ན། ཞུ་བདེ་དང་རང་བཞིན་ལྷན་སྐྱེས་མངོན་དུ་བྱེད་པའི་རྒྱུ་རྐྱེན་བཤད་པ་ལ། རྒྱུའི་ངོ་བོ། དབྱེ་བ། མཚན་གཞི། ལྷན་སྐྱེས་ཇི་ལྟར་སྐྱེད་པའི་ཚུལ། ས་མཚམས་དང་གནས་སྐབས་ཏེ་ལྔ་ལས། དང་པོ་ལ། སྤྱིར་རྒྱུ་དང་རྐྱེན་གྱི་རྣམ་དབྱེ་མང་མོད་ཀྱང༌། འདིར་ངེས་པར་དགོས་པ་ནི། ཉེར་ལེན་གྱི་རྒྱུ་དང༌། ལྷན་ཅིག་བྱེད་རྐྱེན་གཉིས་ཡིན་ཅིང༌། ལྷན་སྐྱེས་མངོན་དུ་བྱེད་པའི་ནུས་མཐུ་རང་ལ་ཡོད་པ་ཆོས་ཉིད་ཀྱི་ཐོབ་པ་ན་རང་བཞིན་ལྷན་སྐྱེས་ཀྱི་ཉེར་ལེན་དང༌། ལྷན་ཅིག་བྱེད་རྐྱེན་ནི་ཤིན་ཏུ་མང་ཡང་གཙོ་བོར་ཞུ་བདེ་ཡིན་ལ། ཞུ་བའི་ལྷན་སྐྱེས་ཀྱི་ཉེར་ལན་ནི། གཙོ་བོར་ལུས་དབང་དང་ཡིད་ཀྱི་རྣམ་ཤེས་ཡིན་ལ། རྐྱེན་


TNT10_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རླུང་དབུ་མར་ཐིམ་པས་ཞུ་ཚུལ་ཁྱད་པར་ཅན་གྱིས་བྱང་ཆུབ་ཀྱི་སེམས་ཡིན་ཅིང༌། དེ་ཉིད་ལུས་ཀྱི་ཆ་ནས་རྟེན་དང༌། བདེ་བ་ནི་སེམས་ཀྱི་ཆ་ནས་བརྟེན་པར་བཞག་པས་དེ་ལྟར་ན་འདི་སྐད་ཅེས་བྱ་སྟེ། །དངོས་སམ་ཉེ་བའི་སྒོ་ནས། གཙོ་བོར་ལྷན་སྐྱེས་སྐྱེད་བྱེད་ཀྱི་ཐབས་ནི། ལྷན་སྐྱེས་ཀྱི་རྒྱུའི་ངོ་བོ་སྟེ་མཚན་ཉིད་དོ། །དེ་ལ་ཉེ་བའི་གོ་དོན་ལམ་གཞན་གྱིས་བར་མ་ཆོད་པ་ཡིན་པས་ན། ལས་དང་པོ་པའི་རྫོགས་རིམ་རྣམས་དངོས་བཏགས་ཕྱེ་བའི་ཚེ། རྫོགས་རིམ་དང་དེའི་ལྷན་སྐྱེས་བཏགས་པ་བར་འཇོག་སྟེ། རྫོགས་རིམ་ཉིད་ཀྱི་ལྷན་སྐྱེས་དངོས་རྒྱུ་དང་བཅས་པ་ཁོ་ན་དངོས་སུ་འཇོག་པ་ཡིན་ནོ། །གཉིས་པ་ནི། ངོ་བོའི་སྒོ་ནས་རང་ལུས་ལ་བརྟེན་པ་དང་གཞན་ལུས་ལ་བརྟེན་པ་གཉིས་ཀྱི་དང་པོ་ལ། རྩ་དང་རླུང་དང་ཐིག་ལེ་རེ་རེ་བསྒོམས་ཤིང་དེ་དག་ལ་གནད་དུ་བསྣུན་པ་དང༌། གསུམ་ཆར་སྒོམ་པ་སྟེ་བཞིའོ། །གཞན། ལུས་ཀྱི་རྫོགས་རིམ་ལ་ནི། གསུམ་ཆར་སྒོམ་ཤིང་གནད་དུ་བསྣུན་པ་ཤས་ཆེའོ། །འབྲས་བུ་འགྲུབ་པའི་དུས་ཀྱི་སྒོ་ནས་ཕྱེ་ན། བརྟགས་པ་བ་རིང་རྒྱུ་དང༌། དངོས་ཉེ་རྒྱུའོ། །ཕྱི་མ་ལ་ཉེ་བ་ཙམ་པོ་དང༌། དངོས་རྒྱུའོ། །འབྲས་བུ་སྐྱེ་ཚུལ་གྱི་སྒོ་ནས། ཉེར་ལེན་དང༌། ལྷན་ཅིག་བྱེད་པའོ། །དེ་ཐམས་ཅད་དུ་ལྷན་སྐྱེས་གཉིས་ཀའི་རྣམ་དབྱེ་ཤེས་དགོས་སོ། །གསུམ་པ་ནི། ཅི་ཙམ་དུ་རང་ལུས་ལ་བརྟེན་པ་བཞི་ལ། སྒོམ་པ་དང༌། གནད་དུ་བསྣུན་པ་ལ་མུ་བཞི་ཡོད་དེ། དཔེར་ན། རྩ་སྒོམ་ལ། གནད་དུ་མི་བསྣུན་པ་ནི། རྩ་ཙམ་སྒོམ་པ་ལས་གཞན་དུ་སེམས་འཛིན་ཚུལ་མེད་པ་རྣམ་དང༌། གནད་དུ་བསྣུན་ཀྱང་མི་སྒོམ་པ་ནི་རིམ་འཛིན་རྗེས་གཞིག་དང་འོད་གསལ་འཆར་བ་སོགས་ཏེ། རྩ་ཉིད་མ་བསྒོམས་པར་ཕྱོགས་དེར་


TNT10_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཏད་པས་རླུང་འདུ་བའི་གནད་ཡོད་པ་རྣམས་སོ། །གཉིས་ཀ་ཡོད་པ་ནི་ཤིན་ཏུ་མང་ལ། དང་པོ་ནི། རྫོགས་རིམ་རྣམ་པར་དག་པར་མི་འགྱུར་རོ། །དེས་གཞན་རྣམས་ཀྱང་མཚོན་ཅིང༌། དེས་ན། རྫོགས་རིམ་གྱི་ཡན་ལག་ཁ་ཅིག རྩ་རླུང་ཐིག་ལེ་རེ་རེ་གཉིས་གཉིས་ཙམ་ལ་གནད་དུ་བསྣུན་པའང་ཡོད་ཅིང་རྫོགས་རིམ་གྱི་འགངས་རྣམས་ནི་གསུམ་ག་ལ་གནད་དུ་བསྣུན་པ་ཁོ་ནའོ། །དེ་བཞིན་དུ་རྩ་སྒོམ་ལ་རླུང་མི་སྒོམ་པ་སོགས་རྣམ་དབྱེ་ཞིབ་མོར་བྱའོ། །རྩ་སྒོམ་པ་ནི་ནག་པོ་པའི་རྒྱུད་ཀྱི་རིམ་པ་ལྟ་བུ་དང༌། ཐིག་ལེ་སྒོམ་པ་དྲིལ་བུ་རིམ་ལྔའི་བདག་བྱིན་བརླབ་པ་ལྟ་བུ་དང༌། རླུང་སྒོམ་པ་རྡོ་རྗེའི་བཟླས་པ་ལྟ་བུ་དང༌། གསུམ་ཆར་སྒོམ་པ་མི་དམིགས་ཀྱི་གཏུམ་མོ་ལྟ་བུའོ། །སྤྱིར་གཏུམ་མོ་ལ་རང་བཞིན་གྱི་གཏུམ་མོ་དང༌། རྣལ་འབྱོར་གྱི་གཏུམ་མོ་དང༌། ལས་ཀྱི་གཏུམ་མོ་གསུམ་ལས། དང་པོ་ནི། ལྷན་སྐྱེས་ཀྱི་བདེ་སྟོང་དང༌། གཉིས་པ་ནི། རྩ་འཁོར་དུ་ཐིག་ལེ་སྒོམ་པ་སོགས་དམིགས་བཅས་ཀྱི་རྫོགས་རིམ་སྟེང་སྒོ་ལ་བརྟེན་པ་ཕལ་ཆེ་བ་རྣམས་དང༌། གསུམ་པ་ནི། ལས་རྒྱ་དང༌། ཡེ་རྒྱ་དང༌། དམིགས་བཅས་ཀྱི་ཕྱག་ཆེན་རྣམས་ཡིན་པར་མན་ངག་སྙེ་མ་སོགས་སུ་བཤད་དེ། སྔར་བཤད་པའི་གཏུམ་མོའི་སྒྲ་དོན་ཚང་ཞིང་རྫོགས་རིམ་ཐམས་ཅད་གཏུམ་མོར་བསྡུད་པའི་ལུགས་སོ། །རླུང་མི་སྒོམ་པར་གནད་དུ་བསྣུན་པ་ནི། དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྲོག་རྩོལ་སྐབས་སུ་བསྟན་པའི་བུམ་ཅན་ལྟ་བུ་ཡིན་ལ། ཐིག་ལེའི་དོན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་གནས་སྐབས་ན་མང་དུ་འབྱུང་ཞིང༌། རྩ་ལ་གནད་དུ་བསྣུན་པ་ནི་རྫོགས་རིམ་ཐམས་ཅད་ཡིན་པས་གོ་སླ་ལ། བཞི་ཀ་མ་སྒོམས་པར་གནད་དུ་བསྣུན་པ་


TNT10_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་དེ། ཕྱག་ཆེན་གྱི་བདེ་ཆེན་འདྲེན་པ་ཐམས་ཅད་དེ་ལྟ་བུ་ཡིན་ཅིང༌། གཞན་ཡང་འཕགས་རྒྱུད་ཀྱི་རྫོགས་རིམ་ཕལ་ཆེ་བ་དང༌། སོ་སོ་སྐྱེ་བོའི་སྐབས་ན་ཡང་ཅི་རིགས་པ་ཡོད་དོ། །རིང་བའི་རྒྱུ་ནི། རླུང་དབུ་མར་ཐིམ་མ་ཟིན་གོང་གི་རྩ་རླུང་ཐིག་ལེ་ཕྱག་རྒྱའི་རྣལ་འབྱོར་ཐམས་ཅད་ཡིན་ལ། ཉེ་བའི་ཙམ་པོ་ནི། ཐིམ་མ་ཐག་གི་གནས་སྐབས་ཀྱི་རྫོགས་རིམ་རྣམས་དང༌། དངོས་ཀྱི་རྒྱུ་ནི། སྐད་ཅིག་གཉིས་པར་ལྷན་སྐྱེས་སྐྱེ་བར་འགྱུར་བའི་འབར་འཛག་གི་བདེ་སྟོང་དེ་ཉིད་ཡིན་ལ། ལྷན་སྐྱེས་ཀྱི་རིང་རྒྱུ་ནི་དེ་ཡན་ཆད་ཐམས་ཅད་དང༌། སྐད་ཅིག་གཉིས་པར་སྟོང་པ་ལ་ཐིམ་པར་འགྱུར་པའི་སྒྱུ་ལུས་མ་གཏོགས་མ་དག་པའི་སྒྱུ་མའི་སྐུ་ཐམས་ཅད་ཡིན་ལ། དེ་ནི་ཉེ་བའི་རྒྱུ་ཡིན་ཅིང༌། དངོས་རྒྱུ་ནི་སྐུ་དེ་སྟོང་པ་ལ་ཐིམ་པར་བྱེད་པ་པོ། ཕྱག་ཆེན་དང་འབྲེལ་བའི་ཕྱག་རྒྱ་གང་ཡང་རུང་བའི་དྲངས་བའི་ཞུ་བདེ་ནི་དངོས་རྒྱུ་ཡིན་ལ། ལྷན་སྐྱེས་གཉིས་གང་ཡིན་ཡང་རུང་སྟེ། དངོས་ཐོབ་ཕན་ཆད་དུ། རང་འདྲའི་ཉེར་ལེན་དང༌། ཕྱག་རྒྱ་བཞི་པོ་གང་རུང་རྐྱེན་དུ་འབྱུང་བ་ཡིན་ནོ། །སྤྱིར་ཞུ་བདེ་ལྷན་སྐྱེས་ཀྱང་ལས་དང་པོ་ནས་མཐར་ཐུག་པའི་བར་ཡོད་མོད་ཀྱི། དངོས་ལམ་གྱི་ལྷན་སྐྱེས་དངོས་གཞི་ཞུ་བདེ་ཆེན་པོའི་མིང་ཅན་ནི། རླུང་དབུ་མར་ཐིམ་པར་བརྟན་པར་སོང་ཕན་ཆད་ནས་འཇོག་པ་ཡིན་ཅིང༌། དེ་ཡང་འོག་ནས་འཆད་པ་ལྟར། ཁམས་ཕྲ་བ་རྣམས་ཤིན་ཏུ་ཕྲ་བ་ལ་ཐིམ་པའི་སྐབས་ཡིན་ལ། དེས་ན་མིང་གསལ་མེད་པར་ཞུ་བདེ་ལྷན་སྐྱེས་ཞེས་འདིར་བྲིས་པ་རྣམས་ལམ་གྱི་ཞུ་བདེ་ལྷན་སྐྱེས་དངོས་གཞི་ལ་གོ་བར་བྱའོ། །བཞི་པ་ལ། དྷཱུ་ཏཱིར་གནད་དུ་བསྣུན་པས་རླུང་འགོག་ཚུལ། དེ་ལས་ཞུ་བདེ་འཆར་ཚུལ། དེས་ལྷན་སྐྱེས་མཚོན་ཚུལ་ལོ། །དང་པོ་ནི། སྤྱིར་རྩ་འཁོར་གྱི་ལྟེ་བ་བརྒྱད་ཀར་དུ་སྒོམས་པས། གནས་དེ་ནས་ཐོག་མར་རླུང་ཟློག་པ་དང༌། ཕྱིས་བྱང་


TNT10_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འབབ་པའི་སྐབས་དེར་རླུང་ཞི་བའི་སྟོབས་ཀྱི་ཡུན་རིང་དུ་གནས་པས། དགའ་བའི་སྐད་ཅིག་མ་སོ་སོ་གསལ་བར་འཆར་བའི་དགོས་པ་ཡོད་དོ། །འོན་ཀྱང་གཙོ་བོ་ནི་སྙིང་ཁ་དང་དབུ་མའི་ཡས་སྣ་དང་མས་སྣ་རྣམས་ཡིན་སྟེ། འོད་གསལ་འཆར་བའི་གནས་ཀྱི་གཙོ་བོ་ཡིན་པ་དང༌། ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་རྫོགས་པར་འཆར་བའི་གནས་ཡིན་པའི་ཕྱིར་དེ་སྐད་དུ་ཡང༌། མངོན་བརྗོད་བླ་མ་ལས། ཕག་མོ་ལྟེ་བའི་རྩར་གནས་པ༌། །ལྷན་ཅིག་སྐྱེས་པ་ཁྲག་འཐུང་མཆོག །ཅེས་ལྟེ་བ་དང༌། །ལྟེ་བ་སྙིང་པད་ནུ་མའི་དབུས། །ལྕེའི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །ཞེས་པ་དང༌། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་སྤྱི་བོ་དང༌། གང་དུ་སྙིང་གི་པདྨ་ཁ་སྦྱོར་དབུས་ན་གསལ། །ཕྲ་བར་ལྟ་བ་རང་བྱུང་མྱོས་པའི་སེམས་འཇུག་པ། ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །བསལ་བའི་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་སྦྱར་བ། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་གྱུར། །ཅེས་སྙིང་ག་རྣམས་བསྔགས་པ་ཡིན་ནོ། །རླུང་ནི་སྤྱིར་བཅུ་ཀར་ལ་གནད་དུ་བསྣུན་ཀྱང༌། གཙོ་བོ་ནི་སྲོག་ཐུར་གཉིས་ཡིན་ལ། དེའི་ཡང་རྩ་བ་སྲོག་འཛིན་གྱི་རླུང་ཡིན་ནོ། ཁམས་སོ་དྲུག་དང༌། ཉེར་བཞི་དང༌། བཅུ་དྲུག་རྣམས་ཁུ་ཁྲག་གཉིས་ཀྱི་རྣམ་འགྱུར་ཡིན་པས། དེ་གཉིས་སུ་འདུ་ལ། དེའི་གང་ལ་གནད་དུ་བསྣུན་པར་ནི་འཁོར་ལོའི་རྩ་རྣམས་དང༌། རྩ་སུམ་ཅུ་རྩ་གཉིས་ལ་འབབ་པ་རྣམས་ཡིན་ཅིང༌། དེའི་གཙོ་བོ་འཁོར་


TNT10_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཞི་ལ་གནས་པ་དང༌། ཁྱད་པར་སྙིང་ཁའི་མི་ཤིགས་པ་དང༌། ལྟེ་བའི་གཏུམ་མོ་དང༌། སྤྱི་བོའི་ཧཾ་ཡིག་རྣམས་ལ་གནད་དུ་བསྣུན་པ་ཡིན་ནོ། །དེ་ལྟར་ན། ལྟེ་བ་དང་སྤྱི་བོར་གནད་དུ་བསྣུན་ནས་ཀྱང་མཐར་སྙིང་ཁར་ཐིམ་པའི་ཚུལ་དགོས་པས། ཐམས་ཅད་ཀྱི་གཙོ་བོ་སྙིང་ཁའི་རྩ་དང་རླུང་དང་ཐིག་ལེ་རྣམས་ཡིན་ནོ། །དེ་ལྟར་ཡང་མངོན་བརྗོད་ལས། དབུས་ན་གསལ་བྱེད་རྣམ་པར་ཤེས། །ཡེ་ཤེས་མཆོག་ནི་ཤེས་རྣམ་ཀྱིས། །ཤིན་ཏུ་སྒོམ་པ་གོམས་པ་ལས། །འབར་བ་འདི་ལ་ཐེ་ཚོམ་མེད། །གྲོལ་བའི་ཐིག་ལེ་ལས་ཀྱང༌། །དེ་གསལ་མི་ཤིགས་ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །འོད་ཟེར་སྣ་སྔ་འབར་འཛག་པའི། །ཚུལ་ཅན་སྙིང་དབུས་རྟག་ཏུ་གནས། །དེ་ལ་བལྟས་པའི་ཡེ་ཤེས་ཆེ། །སྐད་ཅིག་ཙམ་གྱི་རྣལ་འབྱོར་ལ། །འབར་བ་འདི་ལ་ཐེ་ཚོམ་མེད། །གཉིས་པ་ནི། རླུང་དབུ་མར་ཐིམ་པས། ཐིམ་མ་ཐག་དུ་དབུ་མར་གཏུམ་མོ་འབར་ཞིང་དེས་དཀར་ཆ་ཞུ་བའི་བདེ་བ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་ལྷན་ཅིག་སྐྱེས་པའི་རླུང་ཁྲ་མོ་རང་གནས་སུ་གནས་པས་སེམས་རང་བཞིན་མེད་པའྀ་ཚུལ་གྱི་སྟོང་པས། རྣམ་པར་མི་རྟོགས་པ་ལ་འཇུག་སྟེ་བདེ་ལ་མི་རྟོག་པ་ཞེས་བྱའོ། ། དེ་ལྟར་ཡང༌། རྣལ་འབྱོར་མ་ཙི་ན་ཏོས། དཔེར་ན་ནམ་མཁའི་ངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེ་ངེས་པར་གྱུར་པ་ན་གང་དུ་སོང་བ་མི་ཤེས་པ་དེ་བཞིན་དུ། རླུང་འདི་ཡང་སྔར་རྒྱུན་མི་འཆད་པར་འབྱུང་བ་ལས། དེ་ལྟར་ཐིམ་པར་གྱུར་པ་ན། མཆོག་ཏུ་ཟློག་ཅིང་ཚིམ་པ་ཐོབ་པས་གང་དུ་འགྲོ་བར་མི་འགྱུར་རོ། །ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང༌། སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེས་ཏེ། འདི་ལྟར་འཁོར་བ་འདིར་སྔོན་


TNT10_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐུགས་རྗེ་ཆེན་པོ་མང་དུ་ཐུགས་རྗེ་ཆེན་པོ་མང་དུ་རྒྱུན་མི་འཆད་པ་གོམས་པར་བྱས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས་དོན་མཛད་པའི་རྒྱུ་འཐོབ་བོ་ཞེས་དངོས་པོ་གསལ་བའི་དེ་ཉིད་གྲུབ་པར་གསུང་ཤིང༌། བྲམ་ཟེ་ཆེན་པོས་ཀྱང༌། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང༌། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་བརྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང༌། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ༌། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུང་ཞིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང༌། །ཞེས་གསུངས་ཤིང༌། མཆོག་གི་དངོས་གྲུབ་ལྷན་སྐྱེས་ཀྱི་བདེ་བ་ལ་རག་ལས་ཤིང༌། དེ་སྲོག་འཛིན་དྷཱུ་ཏཱིར་ཐིམ་པ་ལ་རག་ལས་པས། མཁའ་འགྲོ་རྒྱ་མཚོ་ལས། ཨ་བ་དྷཱུ་ཏཱིར་སྲོག་གི་རླུང༌། །བརྟེན་པ་ཕག་སོགས་རྣལ་འབྱོར་མ། །མ་བརྟེན་སྲོག་གི་རླུང་རྣམས་ཀྱིས། །དངོས་གྲུབ་གསལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །འདིར་འཁོར་ལོ་སོ་སོ་རུ་བསྒོམས་པ་ལས། རླུང་འདུས་ནས་དབུ་མར་འཇུག་ལུགས་དང༌། གནས་ཚུལ་དང་ཐིམ་ཚུལ་སོ་སོར་འབྱུང་ཞིང༌། དེས་དྲངས་པའི་བདེ་སྟོང་ཡང་རྒྱ་ཆེ་ཆུང་སྣ་ཚོགས་པ་འབྱུང་ངོ༌། །གསུམ་པ་ནི། ཞུ་བའི་རྐྱེན་གྱིས་ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་ཁྱད་པར་ཅན་སྐྱེ་བ་དེ་ལ་ཞུ་བདེར་རགས་པ་ཞེས་བྱ་ཞིང༌། དེས་ཉེར་ལེན་བྱས་ནས་ཡིད་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་ཁྱད་པར་ཅན་འབྱུང་ཞིང༌། དེས་ཡེ་ཤེས་བདེ་བའི་ངོ་བོར་སྐྱེ་བ་ནི། ཞུ་བདེ་ཕྲ་མོ་ཞེས་བྱའོ། །དེ་ཤར་བའི་ཚེ་ཀུན་གཞི་སེམས་རང་བཞིན་གྱིས་འོད་གསལ་བདེ་བ་ལྟ་བུར་སྣང་བའི་དོན་སྤྱིའི་ཚུལ་གྱིས་མཚོན་ཅིང༌། མཐར་ཞུ་བདེ་དེ་སྟོང་པར་


TNT10_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས་བདེ་བ་ནམ་ཤར་དུས་སྟོང་པ་ཡུལ་དུ་བྱེད་ནུས་པའི་བདེ་སྟོང་གོམས་པས། སེམས་ཀྱི་དྲི་མ་དག་ནས་རང་བཞིན་ལྷན་སྐྱེས་མངོན་དུ་གྱུར་པ་ཡིན་ནོ། །ལྔ་པ་ནི། ལམ་གྱི་དངོས་གཞིའི་ལྷན་སྐྱེས་ཐོག་མར་ཐོབ་པ་ནས་སྦྱོར་ལམ་དྲོད་ཀྱི་མགོ་འཛིན་པ་ཡིན་པས། ཕྲ་ཐིག་གི་རྣལ་འབྱོར་ལ་ཞི་ལྷག་ཟུང་འཇུག་མཐར་ཕྱིན་ནས། དངོས་གཞིའི་ཞུ་བདེ་དེ་མ་ཐོབ་པའི་གོང་གི་རིམ་གཉིས་ཀྱི་ལམ་ཐམས་ཅད་ཚོགས་ལམ་ཆེན་པོར་བསྡུ་དགོས་ལ། དཔེའི་འོད་གསལ་ཆེན་པོ་དང༌། དངོས་གཞིའི་ཞུ་བདེ་ལྷན་སྐྱེས་ཆེན་པོ་གཉིས་དོན་ཅིག་ཅིང༌། དེ་ཉིད་སེམས་དབྱེ་ན་མཐར་ཐུག་ཡིན་ལ། དེ་ལྟ་བུ་དེ་དྲོད་ཆེན་པོར་འཇོག་ཅིང་དེའི་སྐད་ཅིག་གཉིས་པར་ཐོབ་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པ་ནས་སྦྱོར་ལམ་རྩེ་མོར་འཇོག་ཅིང༌། དེའི་མཉམ་བཞག་ཏུ་སྐུ་དང་ཡེ་ཤེས་ཟུང་འཇུག་ཁོ་ནར་འབྱུང་བ་ནས་རྗེས་ཐོབ་ཏུ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་འགྱུར་བ་འགགས་ཀྱི་བར་བཟོད་པར་འཇོག་ཅིང༌། དེ་ནས་དོན་གྱི་འོད་གསལ་ལམ་རང་བཞིན་ལྷན་སྐྱེས་མ་ཐོབ་ཀྱི་བར་དུ་ཆོས་མཆོག་ཡིན་ནོ། །འདིར་ལས་ཀྱི་རླུང་རགས་པ་རྣམས་དབུ་མར་ཐིམ་པ་ལན་ཅིག་བྱུང་ནས་རིང་པོར་མི་ཐོགས་པར་ཡང་ལྡང་ཞིང༌། བརྟན་པོར་སོང་ཀྱང་སླར་ཡེ་མི་ལྡང་བ་མ་ཡིན་ལ། ཤིན་དུ་ཕྲ་བའི་རླུང་མཐོང་ལམ་གྱི་ཚེ་ཐོག་མར་འགག་ཅིང༌། འཚང་རྒྱ་སའི་སྐད་ཅིག་སྔ་མ་ལ་གཏན་ནས་འགག་གོ །ཕྲ་མོ་ཙམ་པོའི་རླུང་ཞུ་བདེ་དངོས་གཞི་ཐོབ་པའི་ཚེ་དང་པོར་འགག་ཅིང༌། །དོན་གྱི་ཡེ་ཤེས་སྐྱེས་པའི་ཚེ་གཏན་ནས་འགག་པ་ཡིན་ནོ། །འདིར་ཞུགས་གནས་ཐིམ་གསུམ་སོགས་ཞིབ་ཏུ་དཔྱད་རྒྱུ་མང་དུ་ཡོད་མོད་ཀྱི་རེ་ཤིག་བཞག་གོ །དེ་ཙམ་ཤེས་པས་ཀྱང་རྫོགས་རིམ་དང་རྫོགས་རིམ་ལྟར་སྣང་གི་རྣམ་དབྱེ་ལ་མཁས་པར་འགྱུར་རོ། །གཉིས་པ་ཕྱི་རོལ་གྱི་ཕྱག་རྒྱའི་སྦྱོར་བའི་རླུང་ཐིམ་ཚུལ་ནི།


TNT10_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་དབུས་སུ་གནས་པའི་ཐབས་ཀྱི་མེའི་འཁོར་ལོ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ཤེས་རབ་ཀྱི་མེའི་འཁོར་ལོ་སྟེ། དེ་གཉིས་སྤྲོད་ན། ཞུ་བའི་བདེ་བ་རྒྱ་ཆེན་པོ་འབྱུང་ཞིང༌། བདེ་བའི་དེ་ཉིད་ཡེ་ཤེས་སུ་བྱེད་པའི་སྟོང་པ་དེ་སུ་ཞེ་ན། བདེ་བ་དེ་ནི་ངོ་བོ་རང་བཞིན་དུ་མ་གྲུབ་པས་རང་གི་ངོ་བོས་སྟོང་པ་ཡིན་ཏེ་ཞུ་བདེའི་ལྷན་ཅིག་སྐྱེས་པ་ནི་བདེ་བར་སྣང་བ་མི་འགག་ཀྱང༌། སྣང་བའི་དུས་ཉིད་ན་བརྟགས་ན་མི་རྙེད་ཅིང༌། མ་བརྟགས་གཅིག་པུར་ཉམས་དགའ་བའི་ཚེ་བདེ་བ་སྣ་ཚོགས་པར་སྣང་བ་ཡིན་ཏེ། གྲུབ་ཆེན་ནག་པོ་སྤྱོད་པས། དཔེར་ན་གཙུབ་ཤིང་གཙུབ་སྟན་ལག་པ་ཡིས། །རྩོལ་བ་ལ་བརྟེན་མེའི་རྩེ་དམིགས་པ། །བརྟགས་ན་གཙུབ་ཤིང་དེ་དག་ལ་ཡོད་མིན། །འགྲོ་བ་གཡོ་བ་ལ་སོགས་བཞིན་ནོ། །འགྲོ་བ་མཐའ་དག་སོ་སོར་སྣང་བ་ཙམ། །བདེ་སོགས་ངོ་བོ་མ་བརྟགས་ཉམས་དགའ་བ། །འདི་སྐད་བདག་གིས་ཞེས་བྱ་ལ་སོགས་དག །བསམ་གྱི་མི་ཁྱབ་ཇི་ལྟ་དེ་ལྟའོ། །ཞེས་གསང་བའི་དེ་ཉིད་ལས་གསུངས་སོ། །འདིར་གྲུབ་པའི་མཐའ་ནི། ཕོ་ཉའི་ལམ་གྱི་གནད་ཐབས་ཤེས་ཀྱི་རྩའི་སྦྱོར་ལ་རག་ལས་པ་དང༌། དེ་ལས་ཐོབ་པའི་ཞུ་བདེ་རང་བཞིན་མེད་པའི་སྟོང་པ་ཉིད་སྒོམ་པ་འདི་ཡིན་ནོ། །ཞེས་པའོ། །གཉིས་པའི་རྒྱུ་མཚན་སྔར་བཤད་ཟིན་ལ། དང་པོ་ནི། རྡོ་རྗེ་འཕྲེང་བའི་ལེའུ་བཞི་པར། དཔའ་བོ་དང་ནི་རྣལ་འབྱོར་མ། །གང་ཚེ་གསང་བའི་རྩ་གཉིས་འདི། །ཡང་དག་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང༌། །དེ་ཡི་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རྩ་རྣམས་རབ་གསང་མེ་དེ་ཡིས༌། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོ་བྱང་ཆུབ་སེམས། །རྣམ་པར་


TNT10_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ནས་རྩར་གནས་པ། །ཞེས་གསུངས་ཤིང༌། བདེ་མཆོག་ཉུང་ངུའི་དབུགས་འབྱིན་སྐྱོད་དང་དགོད་པ་དང་ཞེས་པའི་འགྲེལ་པར་གྲུབ་ཆེན་ལྭ་བ་པས་ཤེས་རབ་ཀྱིས་རླུང་རྣམས་ཀྱིས་འབབ་པའོ། །ཞེས་གསུངས་ཤིང༌། སྤྱིར་གཏུམ་མོ་སྦོར་བྱེད་ལས་ཀྱི་རླུང་ནི་དབུ་མའི་མས་སྣར་གསར་དུ་སྐྱེས་པའི་ཐུར་སེལ་གྱི་རླུང་ཞིག་ཡིན་ལ། དེ་ཡང་སྟེང་སྒོ་ལ་བརྟེན་ན་རོ་རྐྱང་གཉིས་ཀྱི་རྒྱུ་བ། དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པས། སྔར་དབུ་མའི་མས་སྣ་ཟུམ་ཞིང་ལྟེ་བས་ས་དེ་རྒྱས་པར་འགྱུར་བས། དེར་རླུང་སྐྱེ་བ་ཡིན་ལ། འདིར་ཕྱག་རྒྱའི་དབུ་མའི་རླུང་ཐབས་ཀྱི་དབུ་མར་ཆུད་པས་བཙན་ཐབས་སུ་རོ་རྐྱང་གི་རྒྱུ་བ་འགག་ཅིང༌། དེས་གཏུམ་མོ་འབར་ཕུལ་ཤིན་དུ་ཆེའོ། །དེ་ཙམ་གྱིས་འཁོར་ལོ་རྣམས་ཀྱི་རྩ་མདུད་གྲོལ་བ་ལ་ཡང་སྟོབས་ཆེ་བས། འདི་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་ཚུལ་མཆོག་ཏུ་གྱུར་པ་ཡིན་ལ། འདི་ཉིད་རྟོགས་དཀའ་ཞིང་འདིའི་དོན་ཕྱག་ཆེན་ཐིག་ལེ་ལས་ཀྱང་རྒྱས་པར་གསུངས་སོ། །བཅུ་གཉིས་པ་ནི། བདེ་བ་ལ་སེམས་ཟིན་པ་ཙམ་དང༌། རྣམ་རྟོག་བཀག་པའི་མུན་སྒོམ་ཙམ་གྱིས་རྨོངས་པའི་གནས་ལ་སྟོང་པ་ཉིད་སྒོམ་པ་ཡིན་སྙམ་དུ་མ་སེམས་ཤིག་ཅེས་པའོ། །བཅུ་གསུམ་པ་ནི། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །བདག་གིས་བསོད་ནམས་ལས་ཤེས་བ། །ཞེས་ལྷན་སྐྱེས་མཚོན་པའི་རྒྱུ་ཚོགས་ཀྱི་གཙོ་བོ། བླ་མ་དམ་པ་བསྟེན་པ་དང༌། ཀུན་རྫོབ་དང་དོན་དམ་པའི་གཏུམ་མོ་རྒྱས་པ་ལ་རགས་ལས་པས། དང་པོ་ནི། དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་དུ་གསལ་བར་བསྟན་པ་གང་ཡིན་པ་དེ་ཉིད་ཤེས་པ་དང༌། རྣལ་འབྱོར་ཅན་གྱི་དབང་ཕྱུག་ལྭ་བ་པའི་བཀའ་དྲིན་ལས་


TNT10_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡིན་ལ། ཟླ་བ་དང་ཉི་མའི་རླུང་སྟེ་གཡས་གཡོན་དང་སྲོག་ཐུར་གྱི་རྒྱུ་བ་གང་དུ་ཐིམ་པ་དང༌། སེམས་འོད་གསལ་ཐོག་མར་ཤར་བ་མེད་ཅིང༌། མཐར་ནུབ་པ་མེད་པ་མངོན་དུ་གྱུར་པ་ནི། ཀུར་མ་པཱ་དའི་མཚན་ཅན་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སྤྱན་དེ་རྡོ་རྗེ་འཆང་གི་རང་བཞིན་ཆོས་ཀྱི་སྐུ་མངོན་དུ་མཛད་པའི་ཕྱིར། དག་པ་གཉིས་ལྡན་དེ་ཆོས་ཐམས་ཅད་ལ་ཉེ་རིང་མེད་པར་ཁྱབ་པས། གདོད་མ་ལྷན་ཅིག་སྐྱེས་པའི་བླ་མ་དེ་བཞིན་གཤེགས་པའི་ས་ལ་སྤྱོད་པའི་ཞལ་སྔ་ནས་ཀྱིས་སེམས་ཅན་ཐམས་ཅད་བདག་ཏུ་ཞེན་པ་ལ་སོགས་པའི་རྣམ་པར་རྟོག་པ་སྡིག་པའི་རང་བཞིན་མ་བྱེད་ཅེས་གདམས་པ་ཐོས་པའི་རྐྱེན་གྱིས་མངོན་དུ་གྱུར་པ་ཡིན་ནོ། །དེ་བས་ན། བདག་གྲོལ་བ་བླ་མའི་དྲིན་ཡིན་པ་བཞིན་དུ། ཐམས་ཅད་ཀྱི་ཡོན་ཏན་ཅུང་ཟད་ཐོབ་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་སློབ་དཔོན་གྱིས་དྲིན་ལས་བྱུང་པས་རྣ་རྒྱན་མགོན་པོ་སྟེ་ཛཱ་ལནྡྷ་ར་པ་ངས་ད་སྨྲ་བར་བྱ་བ་ནི་འདི་ཡིན་ཏེ། རྡོ་རྗེ་སློབ་དཔོན་སྟོན་པ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་མཉེས་པར་མ་བྱས་ན་འདོད་པའི་དངོས་གྲུབ་ཅི་ལྟར་ཐོབ་སྟེ་མི་ཐོབ་ལ། དེའི་རྒྱུ་མཚན་ཡང༌། བྲམ་ཟེ་ཆེན་པོས། དེ་མི་མཚོན་པའི་ལྟ་བ་ཡོད་མིན་ཏེ། འོན་ཀྱང་གཅིག་པུ་བླ་མའི་ཞལ་ལ་བལྟས་པ་ཡིན། ཞེས་གསུངས་ཤིང༌། སློབ་དཔོན་ལེགས་པར་བསྟེན་ཅིང་བཀའ་བཞིན་བསྒྲུབ་ན་དངོས་གྲུབ་ཡུད་ཙམ་གྱིས་འབྱུང་ཞིང་ཐོབ་པ་ཡིན་ཏེ། ཕྱག་རྒྱའི་དངོས་གྲུབ་སྟེ་མཆོག་གི་དངོས་གྲུབ་འདི་ནི་བླ་མའི་ཞལ་གྱི་རྗེས་སུ་འབྲང་བ་ལ་ངོ་མཚར་སྐྱེས་པས་ཨ་ཧོ་ཞེས་བརྗོད་པའོ། །དེ་ལྟར་ཡང༌། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མའི་བསྟན་པ་རྟོགས། །ཞེས་དང༌། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་བའི་གཏེར་མཐོང་འདྲ། །ཞེས་གསུངས།


TNT10_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཏུམ་མོ་མི་ཉམས་པར་གདམས་པ་ནི། བདེ་བ་ཆེན་པོའི་རྒྱུར་འགྱུར་བ་ལ་ངོ་མཚར་བའི་ཨ་རེ་ཞེས་བརྗོད་ནས་རྒྱལ་པོ་གོ་བི་ཙཎྜ་ཁྱོད་ལྷན་སྐྱེས་བདེ་བའི་སྟོབས་ཀྱི་སྤང་བྱའི་ཚོགས་ལས་རྒྱལ་བར་གྱུར་ཅིག ཇི་ལྟར་ན། ཀུ་སུམ་བྷ་ཡི་མེ་ཏོག་ནི། ལྟེ་བའི་གཏུམ་མོ་སྟེ་རྡུལ་ལ་མེ་ཏོག་ཅེས་གྲགས་པ་ཡིན་ནོ། །དེ་ལྟ་བུའི་གཏུམ་མོ་དེ་གསོས་ཀ་སྟེ་བྱང་ཆུབ་ཀྱི་སེམས་ལྟེ་བར་ཕྱིན་པ་ལྷན་སྐྱེས་ཀྱི་བདེ་བ་མྱོང་བའི་ཚེ་ལྷག་པར་རྒྱས་པར་འགྱུར་བ་དེ་ལྟ་བུའི་སྒོ་ནས་མེ་ཏོག་སྟེ་གཏུམ་མོ་ཉམས་པར་མ་གྱུར་ཅིག འདིར་གསོས་ཀ་ཞེས་བྱ་བ་རླུང་ཞི་བའི་དུས་ཡིན་པས་གཡས་གཡོན་གྱི་རྒྱུ་བ་དབུ་མར་ཐིམ་པའི་སྐབས་ཏེ་འགོག་པའི་དུས་ལ་སྦྱར་ཞིང་ཉམས་པར་མ་གྱུར་ཅིག་ཅེས་པ། གྲུབ་པའི་དཔྱིད་ཀྱི་སྦྱོར་དུས་ལ་སྦྱར་ན་ལེགས་གསུང༌། བྱང་ཆུབ་ཀྱི་སེམས་ལྟེ་བར་ཕྱིན་པའི་ཚེ་བསིལ་བར་བྱེད་ཅེས་པ་ནི་བདེ་བ་སྐྱེས་པས་གདུང་བ་དང་བྲལ་བའི་དོན་ཡིན་གྱི། མེའི་ཁམས་ཉམས་ཏེ་དྲོད་ཆུང་ངུ་སོང་བ་མ་ཡིན་ནོ། །ཇི་ལྟར་མེ་འབར་བ་ལ་ཞུན་མར་གྱི་ཐིག་པ་བླུག་ན་ཆེར་འབར་བ་ལྟར་ཞུ་བས་ཀྱང་གཏུམ་མོ་ཆེར་འབར་ཏེ་འབར་འཛག་གི་བདེ་བ་འདྲེན་པ་རྒྱུན་མི་འཆད་པར་འབྱུང་བ་ནི། དབུ་མར་ཞུགས་གནས་ཐིམ་གསུམ་བརྟན་པོར་བྱས་པའི་ཞུ་བདེ་ཕལ་ཆེར་ལ་འབྱུང་བ་ཡིན་ནོ། །བཅུ་བཞི་པ་ནི། ནམ་མཁའ་ལྟ་བུ་སྟེ་སྤྲོས་པ་དང་བྲལ་བའི་ཚུལ་ལ་རྗེས་དཔག་གི་དཔྱོད་པ་ལྷུར་ལེན་པ་སྟོང་ཉིད་མཐར་ཐུག་སྒོམ་པར་བྱས་པའི་ལྟ་བ་དང༌། དབང་གསུམ་པའི་ཡེ་ཤེས་ཉིད་ཇེ་བཟང་དུ་སོང་བ་བཞི་པ་དོན་དམ་པའི་ཤེས་རབ་ཡེ་ཤེས་ཡིན་ཅེས། གསུམ་པ་ཞུ་བདེ་ལ་བཞི་པ་རང་བཞིན་གྱི་བདེ་བར་འཁྲུལ་བའི་སྨྲ་བ་པོ་དེ་རྣམས་སངས་རྒྱས་པ་ཡིན་ཡང་ཐོག་མ་དང་བར་དང་ཐ་མར་དགེ་བའི་ལམ་ལས་གོལ་བའི་ཕྱིར་སྡིག་པ་དང་བཅས་པ་ཡིན་ནོ། །དང་པོར་རྟོག་པས་བཏགས་པའི་


TNT10_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྒོམ་པ་དང༌། དེ་ནས་ལས་ཀྱི་ཕྱག་རྒྱའི་བདེ་བ་སྒོམ་པ་དང༌། དེ་ནས་ཕུང་པོ་རྣམ་དཔྱད་ཀྱི་སྟོང་ཉིད་སྒོམས་པ་བདེ་སྟོང་སྦྱོར་བར་འདོད་པ་ནི་ཐོག་མཐའ་བར་གསུམ་དུ་དགེ་བའི་ལམ་མ་ཡིན་པར་དྲི་མེད་འོད་དུ་གསུངས་པ་དང་འདི་མཐུན་ལ། དེ་ཡང་གཙོ་བོར་ལམ་མཐོན་པའི་སྐབས་ཏེ་ངེས་དོན་གྱི་དབང་དུ་བྱས་པའོ། །ཞི་བའི་རྗེས་སུ་འབྲང་བྱེད་ཅེས་པ་ནི། དབང་ཕྱུག་གིས་བསྟན་པའི་ལམ་གྱི་ཞུ་བདེ་དང༌། ཞི་བ་པ་རྣམས་རྫས་ཡོད་དྲུག་ལས་གཞན་པའི་དངོས་པོ་ཐམས་ཅད་རྗེས་སུ་དཔག་པ་ཡང་དག་དང་ལྟར་སྣང་གི་མེད་པར་སྒོམ་པ་ངེས་པའི་མཐའ་ཡིན་ནོ་ཞེས་སྟོན་པའི་རྗེས་སུ་འབྲང་བར་བྱེད་པ་ཞི་བའི་རིང་ལུགས་ཚད་མར་ཁས་ལེན་པའི་ཕྱིར་ཉེ་དུ་མོ་ལ་བགྲོད་ནས་ཡུལ་པྲ་ཡ་གའི་སའི་ཆར་ཆུ་བོ་གཾ་ག་དང་ཡ་མུ་ན་འདུས་མཚམས་གཾ་གའི་སྒོ་ཞེས་པར་མཆོངས་ནས་འཆི་བའི་དུས་བྱེད་པའི་བརྟུལ་ཞུགས་སམ། ཡང་ན་ཡུལ་འཕྲོག་བྱེད་ཀྱི་སྒོར་བ་ལང་སྟོང་གི་རྗེས་སུ་རང་ཉིད་མཆོད་སྦྱིན་དུ་བྱ་བར་འོས་ཏེ་ཞི་བའི་རྒྱུད་ལས་ནི་དེ་གཉིས་ཀྱང་ཐར་བའི་རྒྱུར་བཤད་པའི་ཕྱིར་རོ། །བཅོ་ལྔ་པ་ནི། འོ་ན་སྟོང་པ་ཉིད་རྟོགས་ཚུལ་ཇི་ལྟ་བུ་ཞེ་ན། རྟོག་པ་དང་བྲལ་བའི་མངོན་སུམ་གྱིས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དོན་རྟོགས་ཤིང་ཚད་མར་བྱས་ཞེས་པ་སྟེ། འདི་དངོས་ནི་སོ་སོ་སྐྱེ་བོ་ལ་མེད་ཀྱང་ཡིད་ལ་མི་བྱེད་པས་སྟོང་པ་ཉིད་སྒོམ་པ་རྣལ་འབྱོར་མངོན་སུམ་གྱི་རྟོགས་ཚུལ་དང་ཆ་འདྲ་བ་ཡོད་ལ། དེས་ན་སོ་སོ་སྐྱེ་བོའི་སྟོང་པ་ཉིད་རྗེས་དཔག་ཁོ་ནས་སྒོམ་དགོས་པ་ཡང་མ་ཡིན་ཅིང་བློ་རིགས་སོ་སོར་བསྡུས་པའི་ཚེ་མ་རྟོགས་པའི་བློར་འདུ་ཡང༌། རྣལ་འབྱོར་མངོན་སུམ་བསྐྱེད་པའི་ཐབས་ཆེན་པོར་འགྱུར་བ་ཡོད་དེ་ཐབས་ལ་མཁས་པའི་ཁྱད་པར་རོ། །བཅུ་དྲུག་པ་ནི། རང་ལུས་ཀྱི་ཡུལ་ཏེ་རྩ་ཁམས་ཀུན་དབུ་མར་ཐིམ་ཞིང་བགྲོད་ན་རྟོག་མེད་


TNT10_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྟེ་དབུ་མས་ཉི་མ་གཡས་ཀྱི་རྒྱུ་བ་དང་ཟླ་བ་གཡོན་གྱི་རྒྱུ་བ་ཟོས་པས་གཟུང་འཛིན་གཉིས་ཐིམ་པའི་འོད་གསལ། ཉི་ཟླ་མུན་ནག་སོགས་འགྱུར་བྱེད་ཀྱི་རྐྱེན་དང་བྲལ་བའི་ནམ་མཁའ་ལ་སྐྱ་རེངས་ཤར་བ་ལྟ་བུའི་འོད་གསལ་མངོན་དུ་འགྱུར། གཞན་ཡང་རྟོག་མེད་མ་སྙིང་ཀའི་ཐིག་ལེ་ཉི་ཟླ་ཁམས་དཀར་དམར་རྟོག་མེད་མི་ཤིགས་བའི་རླུང་ཉི་ཟླ་སྣང་བ་གསུམ་ལ་འཆད་པའང་ཡོད་དོ། །བཅུ་བདུན་པ་ནི། ཡུལ་ཅན་བསམ་པ་དང༌། ཡུལ་བསམ་པར་བྱ་བ་མཐའ་དག་ཡོངས་སུ་སྤངས་ནས་དངོས་པོ་རྣམས་ཡོད་དང་མེད་པ་དང་གཉིས་ཡིན་དང་གཉིས་མིན་དང་གང་ཟག་རྟག་པ་དང་ཆད་པ་དང་གང་དུ་ཡང་རྣམ་པར་རྟོག་པ་མི་བསམ་ཅིང༌། མི་བསམ་པར་བྱའོ་ཞེས་ཀྱང་མི་བསམ་མོ། །ཞེས་པ་ནི། བྲམ་ཟེ་ཆེན་པོས། བསམ་དང་བསམ་བྱ་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་གནས་བྱ་ཞིང༌། །བསྒྲིམས་ཏེ་བླ་མའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་པ་ལྟར་ཏེ། འོད་གསལ་ཤར་བའི་ཚེ་རྣམ་པར་མི་རྟོག་པའི་བདེ་སྟོང་སྒོམ་ཚུལ་ལོ། །འོན་ཀྱང་པཎྜི་ཏ་མཁས་པ་ཁ་ཅིག་ཡུལ་ཡུལ་ཅན་རྫས་ཐ་དད་པ་དང༌། མཐའ་བཞི་དང༌། རྟག་ཆད་འགོག་པའི་རིག་པ་སྐབས་འདིར་འཆད་ཅིང་སྒོམ་ཅེས་ཀྱང་གསུང༌། བཅོ་བརྒྱད་པ་ནི། ཡུལ་ལ་ཆགས་པ་དང་བྲལ་བ་སྟེ་དབང་པོ་ལྔའི་བདེ་བས་ཞུ་བདེ་འདྲེན་ཚུལ་སྔར་བཤད་པ་ལྟ་བུ་དང་བྲལ་ན་ལྷན་སྐྱེས་མངོན་དུ་བྱེད་མི་ནུས་པས་ཀུན་ཏུ་སྤང་ལ་སྟོང་པ་ཉིད་དང་སྦྱོར་བ་མེད་པའི་འདོད་ཆགས་ཀྱི་བདེ་བས་ནི་སྲིད་པའི་སྐྱེ་བ་སོགས་སྡུག་བསྔལ་གྱི་ཉེས་པ་མཐའ་དག་བསྐྱེད་པ་སྟེ་སྔར་བཤད་པ་ལྟར་རོ། །ཡང་ན་ཡུལ་ལ་ཆགས་བྲལ་ནི་ཡུལ་ལ་ཉེས་དམིགས་སུ་ལྟ་བས་སྤོང་བ་ཡིན་གསུང༌། བཅུ་དགུ་པ་ནི། དགའ་བ་དང་པོ་གསུམ་དང་སྣང་བ་གསུམ་ལས་འདས་པ་རྣམ་རྟོག་གི་མཚན་མ་མཐའ་དག་ནུབ་པས་ཡིད་ལ་མི་བྱེད་པ་སེམས་དབང་ཤེས་ལྔ་དང་སེམས་


TNT10_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་འདུ་བྱེད་དང་འདུ་ཤེས་མ་རིག་པ་ཉོན་ཡིད་འཁོར་བཅས་ལས་འདས་པ་རང་བཞིན་བདེ་བ་ཆེན་པོ་སྐད་ཅིག་མ་བཞི་པའི་དུས་སུ་འཆར་བ་ངོས་གཟུང་བར་བྱའོ། །ཉི་ཤུ་པ་ལ་སྤྱི་དོན་ནི། ལུས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། ལུས་སེམས་ཐུན་མོང་གི་གནས་ཚུལ་ལོ། །དང་པོ་ནི། བཞིན་ལག་དང༌། སྐྲ་སེན་ལ་སོགས་རྡུལ་ཕྲ་རབ་ཀྱི་ཐོགས་བཅས་ནི་ལུས་རགས་པ་ཡིན་ལ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་དཀར་དམར་ནི་ཕྲ་བ་ཡིན། སྣང་བ་གསུམ་གྱི་བཞོན་པའི་རླུང་འོད་ཟེར་ལྔ་པ་དང༌། ཁྱད་པར་དུ་ལྷན་སྐྱེས་ཀྱི་རླུང་ངམ་མི་ཤིགས་པའི་རླུང་འོད་གསལ་གྱི་བཞོན་པ་ནི་ཤིན་དུ་ཕྲ་བའི་ལུས་ཡིན་ནོ། །གཉིས་པ་ནི། དབང་ཤེས་ལྔ་རགས་པའི་སེམས་ཡིན་ལ། ཡིད་དང་སེམས་བྱུང་སོགས་ནི་ཕྲ་བ་དང༌། སྣང་བ་བཞི་དང༌། དགའ་བ་བཞི་དང༌། ཁྱད་པར་འོད་གསལ་ཀུན་གཞི་ནི་ཤིན་ཏུ་ཕྲ་བའོ། །གསུམ་པ་ནི་སྤྱིར། དབང་ཡུལ་བཅུ། ཕུང་ཁམས་བཅུ། ཡེ་ཤེས་ལྔ་སྟེ། རགས་པ་ཉེར་ལྔ། ཕྲ་བ་སྣང་གསུམ། རང་བཞིན་བརྒྱད་བཅུ་དང་བཅས་པ། ཤིན་ཏུ་ཕྲ་བ་འོད་གསལ་བཞོན་པ་དང་བཅས་པའོ། །ཞིབ་མོར་ན་ས་ཆུ་སོགས་ཉེར་ལྔ་པོ། ལྔ་མཚན་ལྔ་ཚན་དུ་སྦྱར་བ་ལྔའི་ཕྱི་མ་ཕྱི་མ་ཕྲ་ཞིང༌། སྣང་གསུམ་ཡང་ཕྱི་མ་ཕྱི་མ་ཆེས་ཕྲ་ལ། བཞོན་པ་ལུས་ཀྱི་ཆོས་ལས་ཀྱང་བརྟེན་པ་སེམས་ཕྲ་བ་དང༌། ཕུང་ཁམས་ཡུལ་དབང་ཡེ་ཤེས་རྣམས་ཀྱང་ཕྱི་མ་ཕྱི་མ་ཕྲའོ། །རགས་པ་མངོན་ཆེ་བའི་ཚེ། ཕྲ་བ་གསལ་བར་མི་སྣང་ལ། རགས་པ་མ་ཐིམ་པར་ཕྲ་བ་མངོན་དུ་མི་འགྱུར་བ་དང༌། ཕྲ་བ་ཉེར་ལེན་དུ་བྱས་ནས་རགས་པ་རྩོམ་པ་ཡིན་ཏེ། དེ་སྐད་དུ། ས་ལ་སོགས་པ་བཞི་པོ་དང༌། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེད་དང་འཇིག་པའི་རྒྱུ་ཉིད་དུ། །དངོས་པོ་བརྒྱད་པོ་རྣམས་ཤེས་བྱ། །ཤིན་ཏུ་ཕྲ་བའི་འོད་གསལ་རླུང་བཞོན་པར་བཅས་པ་དེ་ཉིད་


TNT10_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་སྣང་བ་ཐམས་ཅད་འཆར་བའི་རྒྱུ་ཡིན་ནོ། །ཡན་ལག་གི་དོན་ནི་རྣམ་པ་གཉིས་ཏེ། ནང་ཕྲ་བ་ཐིམ་ཚུལ་དང་ཕྱི་རགས་པ་ཐིམ་ཚུལ་ལོ། །དང་པོ་ནི་ཆུ་སྟེ་སྤྱི་བོའི་ཧཾ་རྩ་བ་ནས་ལྷུང་སྟེ་སྙིང་ཁར་ཕྱིན་པ་དང༌། དེ་བཞིན་དུ་མེ་སྟེ་ལྟེ་བའི་དམར་ཆ་དང༌། ས་སྟེ་ཐུར་སེལ་གྱི་རླུང་དང༌། རླུང་སྟེ་སྲོག་འཛིན་རྣམས་རིམ་པ་བཞིན་གཅིག་ནས་གཅིག་ཏུ་ཐིམ་ཞིང་ལོག་པར་གྱུར་ཅེས་པའོ། །འདི་དག་ཁམས་ཕྲ་བ་ཐིམ་ཚུལ་དུ་འགྱུར་བ་ཡང་འདི་ལྟར་ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ་པའི་སྐབས། ཐོག་མར་སྤྱི་བོའི་ཧཾ་ཡིག་ཆུའི་ཁམས་ལྷག་མ་མེད་པར་ཞུ་སྟེ་སྙིང་ཁར་ཕྱིན་པ་ན་སྣང་བའི་ཡེ་ཤེས་འཆར་ཞིང་ལྟེ་བ་ནས་མ་ལས་ཐོབ་པའི་དམར་ཆའི་དྭངས་མ་ལྷག་མ་མེད་པར་སྙིང་ཁར་ཕྱིན་པ་དཀར་ཆ་དང་འཕྲད་པས་མེའི་ཁམས་དྲོད་བསྟན་ནས་ལོག་པའི་ཚེ་སྣང་བ་མཆེད་པ་འཆར་ཞིང༌། དེ་ལྟར་ཁམས་གཉིས་ཐིམ་པས་ཐོག་མར་རྡུལ་གྱི་ཁམས་ལ་བརྟེན་པའི་ཐུར་སེལ་ཡང་སྙིང་ཁར་ཕྱིན་ཏེ་ལྷག་མ་མེད་པར་ཡལ་ལ་སྔན་ཆད་སྟེང་འོག་གི་རླུང་གཉིས་གོང་བུའི་རྣམ་པ་སྲབ་སའི་ཁམས་ཀྱི་ཆ་ཤས་ཅུང་ཟད་ཡོད་པ་ཡང་དེར་ཐིམ་པ་ན། སྣང་བ་ཐོབ་པའི་ཐོག་མའི་ཆ་བརྩོམ་ཞིང༌། དེ་ནས་སྙིང་ཁའི་གནས་དེར་སྲོག་གི་རླུང་ཕྲ་མོ་ཡང་ཐིམ་པས་ཡིད་ཀྱི་གཡོ་བ་མཐའ་དག་འགགས་ཏེ་ཐམས་ཅད་སྟོང་པ་འོད་གསལ་འཆར་བར་འགྱུར་རོ། །གཉིས་པ་ནི། ས་ཆུ་ལ་ཐིམ་ཞིང༌། དེ་མེ་ལ། དེ་རླུང་ལ། དེ་ཡང་ནམ་མཁའ་ལ་ཐིམ་ཞིང༌། དེ་ནས་ནམ་མཁའི་རླུང་ཕྲ་མོ་ཡང་ནམ་ཞིག་ན་སེམས་ཏེ་སྣང་བ་བཞི་ལ་ཐིམ་པ་ཡིན་ནོ་ཞེས་པ་སྟེ། དེ་ཡང་ས་ཐིམ་པའི་ཚེ་གཟུགས་ཕུང་དང༌། མིག་དང་གཟུགས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཐིམ་པར་འགྱུར་ཞིང་འོག་མ་རྣམས་ལའང་འདི་བཞིན་དུ་ཤེས་པར་བྱ་ལ། དེ་ལྟར་ནམ་མཁའ་རྣམ་ཤེས་ལ་ཐིམ་ཞེས་བྱ་བ་རྣམ་ཤེས་གསུམ་གཅིག་དུ་བསྡོམས་


TNT10_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེ་འོད་གསལ་ལ་ཐིམ་པ་ནི་ཐམས་ཅད་སྟོང་པ་ལ་ཐིམ་པ་ཡིན་ནོ། །འོད་གསལ་དེ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་པས། བྲམ་ཟེ་ཆེན་པོས། རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་སེམས་ནི་རླུང་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ཏུ་ནི་གྱུར་པ་ཡིས། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །ཁྱིམ་དང་ཁྱིམ་ན་དེའི་གཏམ་སྨྲ་ཡང༌། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་དང༌། །ཞེས་གསུངས་པ་ལྟར། འཆི་བའི་ཚེ་དང༌། ཞུ་བདེ་ལྷན་སྐྱེས་ཆེན་པོའམ། དཔེའི་འོད་གསལ་ཆེན་པོའི་སྐབས། སེམས་དབེན་མཐར་ཐུག་པ་ལ་ཕྲ་རགས་ཡོངས་སུ་རྫོགས་པའི་ཐིམ་ཚུལ་དངོས་སུ་འབྱུང་ཞིང༌། གཉིད་ཀྱི་ཐིམ་རིམ་དང༌། བརྒྱལ་བ་དང༌། དབང་པོ་གཉིས་སྦྱོར་དང༌། གླལ་བ་ལ་སོགས་པའི་གནས་སྐབས་ན་ཡང༌། ཐིམ་རིམ་དེ་རྣམས་ཆ་མཐུན་དུ་འབྱུང་པས་ན། སྐྱེ་བོ་ཐམས་ཅད་འོད་གསལ་འདི་ལ་རྟག་དུ་སྤྱོད་ཀྱང༌། བདེ་བ་ཆེན་པོའི་གནས་ནི་མི་ཤེས་ཤིང་རྨོངས་པ་ཡིན་ནོ། །ཇི་ལྟར་འཆི་བ་འོད་གསལ་གྱི་རང་བཞིན་དང་གཉུག་མ་རླུང་སེམས་ཀྱི་ལུས་ཕྱེ་ནས། དྭངས་མའི་ལུས་བར་དོ་མངོན་དུ་འགྱུར་བ་བཞིན་དུ། འཆི་བའི་དུས་ཀྱི་ཐིམ་རིམ་ཇི་མ་ཇི་བཞིན་གྱི་འོད་གསལ་དེ་ཡང་ཕྲ་རགས་ཀྱི་ལུས་འབྱེད་བྱེད་དུ་འགྱུར་བས་འོད་གསལ་དེའི་རྗེས་ཐོགས་ཉིད་ལ་རླུང་སེམས་དྭངས་མའི་ལུས་མ་དག་པའི་སྒྱུ་མའི་སྐུ་མངོན་དུ་འགྱུར་ཞིང༌། རླུང་གི་བགྲོད་པ་ཕྲ་མོ་རྣམས་གཏན་ནས་ལོག་པའི་དོན་གྱི་འོད་གསལ་ལས་དག་པའི་སྐུར་ལྡང་བ་དང༌། ཤིན་དུ་ཕྲ་བའི་རླུང་སེམས་ཀྱི་བགྲོད་པ་གཞི་ནས་འགགས་པས་ཡང་དག་པའི་མཐའ་ཐོབ་ཅིང་དེ་ལས་ལོངས་སྐུར་སྣང་བ་ཡིན་ཏེ། དེ་སྟོན་པ་ཉེར་གཅིག་པ་ནི། དེ་འདྲའི་བདེ་ཆེན་འོད་གསལ་


TNT10_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ནི། འོད་དེ་རླུང་སེམས་ཙམ་ལས་གྲུབ་པའི་དཀྱིལ་འཁོར་མཚན་དཔེས་སྤྲས་པའི་སངས་རྒྱས་ཀྱི་སྐུ་ཐོབ་མ་ཐག་སྣང་བ་ཐམས་ཅད་ལ་སྤྲོས་ཤིང་སྲེས་པས་སྲིད་པ་གསུམ་པོ་ཐམས་ཅད་ཡེ་ཤེས་ཀྱི་སྐུ་གཅིག་པོའི་རང་སྣང་དུ་འགྱུར་བར་བྱོས་ཤིག ཡེ་ཤེས་ཀྱི་སྐུ་དེ་མངོན་དུ་གྱུར་པ་ན་ཆོས་ཀུན་སྒྱུ་མ་ལྟར་རྟོགས་པར་འགྱུར་ཞིང༌། ཆོས་ཐམས་ཅད་རྐྱེན་འདི་བ་ཙམ་མ་གཏོགས་རང་བཞིན་མེད་པས། སྒྱུ་མ་ལྟ་བུ་དང༌། སྐད་ཅིག་གིས་འཇིག་པས་སྨིག་རྒྱུ་ལྟ་བུ་དང༌། བག་ཆགས་ཀྱི་སྟོབས་ཀྱི་སྣང་བ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུར་ཤེས་བར་འགྱུར་རོ། །དཔེ་གསུམ་པོ་འདི་སྒྱུ་ལུས་ཀྱི་དཔེ་བཅུ་གཉིས་ལྟར་ཡེ་ཤེས་ཀྱི་སྐུ་ཉིད་ལ་སྦྱར་ནའང་རུང་མོད་ཀྱི། མན་ངག་ལས་སྤྱི་དོན་གྱི་སྒྱུ་ལུས་ལ་སྦྱོར་ཞིང་གནད་ཆེ་བ་ཞིག་ཀྱང་ཡོད་དོ། །ཉེར་གཉིས་པ་ནི། ཡེ་ཤེས་ཀྱི་སྐུ་དེ་ཐོབ་བམ་མ་ཐོབ་ན་ཡང༌། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་ནས་ལུས་རྣམས་བསྐྱོད་པ་ཙམ་ལ་ཡང༌། ཕྱག་རྒྱ་བཅིངས་བ་དང་དོན་མཉམ་པར་འགྱུར་ཏེ་ཐམས་ཅད་དག་པའི་ལྷར་སྣང་ཞིང༌། དེའི་ཡན་ལག་གི་འགྱུར་བ་ཡིན་པའི་ཕྱིར། ཅ་ཅོ་སྨྲ་ན་ཡང་སྔགས་སུ་འགྱུར་ཏེ། རླུང་ལྡང་འཇུག་གནས་གསུམ་སྔགས་སུ་ཤེས་པའི་ཕྱིར། ས་ལ་དོན་མེད་པའི་རི་མོ་འབྲི་བར་བྱེད་ན་ཡང་ཇི་ལྟར་དཀྱིལ་འཁོར་བྲིས་པ་དང་དོན་མཉམ་སྟེ། དེ་ཉིད་ཀྱང་དེས་མཐའ་ཡས་པའི་ལྷའི་གནས་སུ་ཤེས་པའི་ཕྱིར། དེ་ལྟར་ཡང༌། ཀྱཻ་རྡོ་རྗེ་ལས། ལག་པ་སྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་སོགས་གསུངས་ཤིང༌། རྣལ་འབྱོར་མ་ཀུན་སྤྱོད་ལས་ཀྱང༌། ཧེ་རུ་ཀ་བ་གོ་འཕང་གནས། །ཡན་ལག་གི་ནི་བསྐྱོད་པ་དང༌། །ཚིག་གི་རབ་འབྱམས་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །ཅེས་གསུངས་གསུངས་སོ། །དེ་ལྟར་ཕན་ཡོན་བསྟན་ནས་སྤྱོད་


TNT10_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནི་འཛག་མེད་ཀྱི་བདེ་བ་ཆེན་པོའི་དོན་དུ་ཕྱག་རྒྱ་གསུམ་པོ་གང་ཡང་རུང་བ་དང༌། གྲོང་གི་ཆོས་ནི་སྤྱད་པར་བྱ་ཞིང་སངས་རྒྱས་ཀྱི་ངོ་བོ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོས་མཆོད་པར་བྱ་སྟེ། ལྷན་ཅིག་སྐྱེས་པའི་བདེ་ཆེན་སྒྲུབ་པའི་སྤྱོད་ལམ་ཐམས་ཅད་དུ་འདི་ཉིད་སྒོམ་པར་བྱའོ། །ཉེར་གསུམ་པ་ནི། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་རབ་ཏུ་བཅིངས་ཤིང༌། མིག་གཉིས་རྡོ་རྗེའི་ལམ་ཨ་བ་དྷཱུ་ཏཱིའི་སྒོ་སྨིན་མཚམས་སུ་ནམ་མཁའ་ལ་བལྟ་བ་དང༌། སངས་རྒྱས་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་འདུག་སྟངས་རྡོ་རྗེ་སྐྱིལ་ཀྲུང་ཅན་དུ་བྱས་ལ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་སྒོམ་པ་འདི་ནི་ཡང་དག་མཁའ་སྤྱོད་ཆེན་པོ་སྟེ་འོད་གསལ་དུ་ཉེ་བར་འགྲོ་ལ། གཞན་མུ་སྟེགས་ཅན་དག་རྐང་བ་ཡ་གཅིག་བགྲེང་བ་དང༌། མེ་ལྔ་བསྟེན་པ་ལ་སོགས་པའི་ངལ་བ་ཅན་རྣམས་ནི་ངལ་བ་དེས་ཀྱང་འཁོར་བར་འཁོར་བ་ལས། གཞན་ཐར་བའི་ཐབས་སུ་མ་སོང་བས་ལུས་ལ་གདུང་བ་བཅོམ་པ་དེ་དག་ནི་དོན་མེད་པའོ། །ཉེར་བཞི་པ་ནི། མངོན་པར་བྱང་ཆུབ་པའི་གནས་ནི་ལུས་ཉིད་ཡིན་ནོ་ཞེས་པ། འབྲས་བུའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་ནུས་པ་ནི་རང་གི་ལུས་ལ་གནས་པས་འདི་ལ་གནད་དུ་བསྣུན་པར་རིགས་སོ། །རྣ་ཆ་མགོན་པོ་:ད་[དེ་]བཱི་ཀོ་ཊ་སྟེ་ལྷ་མོའི་མཁར་ཞེས་པ་ལ། ལྷ་མོ་ནི་རྩའི་ཚོགས་ཡིན་ལ། དེའི་མཁར་རམ་གནས་ནི་ཨ་བ་དྷཱུ་ཏཱི་ཡིན་པས། དེར་རང་གི་སེམས་ཐིམ་ཞིང་སོང་ཞེས་པའོ། ཉེར་ལྔ་པ་ནི། གྲོགས་ཀྱི་གཙོ་བོ་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གིའོ། ཕྱི་ནི་མཁའ་འགྲོ་མ་གནས་གསུམ་གྱི་ཕོ་ཉ་མོ་དང་འདུས་པ་ལས་ནང་གི་གྲོགས་ཟླ་བ་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་སྟོང་ཉིད་ཀྱི་རྣམ་པར་ཤར་བའི་ཕྱག་རྒྱ་ཆེན་མོ་སྟེ་གྲོགས་ནི་དེ་ལྟར་


TNT10_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་པའོ། །ཉེར་དྲུག་པ་ནི། དེ་ལྟར་ཡང༌། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམས་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པ་འགྱུར། །ཞེས་པའི་དོན་ནི་རྒྱས་པར་གཞན་དུ་ཤེས་ལ། ངག་དོན་ནི་ནང་གི་མངོན་པར་བྱང་ཆུབ་པའི་རྟོག་པ་ཁྱད་པར་ཅན་སྐྱེ་བ་ཡང་ཕྱི་རོལ་གྱི་དུས་ཁྱད་པར་ཅན་ལ་བསྟེན་ནས་འབྱུང་བ་ཡང༌། ཉི་མ་དམར་ཐག་ཆད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བ་དཀྱིལ་འཁོར་དང་བཅས་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་དབང་བསྐུར་བ་ན་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་རྐྱེན་གྱི་སྣང་བ་གསུམ་དཔྱིས་ཕྱིན་པར་མངོན་དུ་གྱུར་ནས་ཐོ་རངས་ཀྱི་ཚེ་འོད་གསལ་རབ་གྱི་མཐར་ཐུག་པ་ཞིག་གི་སེམས་རྟེན་ལ་དོན་གྱི་འོད་གསལ་ལམ་ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་ཡེ་ཤེས་དེ་གཉིས་ཀའང་སངས་རྒྱས་ཞེས་མིང་བརྟགས་ལ། དེ་ཉིད་ཀུན་གཞིའི་རང་བཞིན་ཡིན་པའི་ཕྱིར་གཞན་ལ་བཙལ་དུ་མེད་དོ། །དེ་ལྟར་ཡང༌། དེའི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱྀ་ཞག་ལ་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། ཞེས་གསུངས་སོ། །དེ་བས་ན་གཞུང་དོན་ནི་ནམ་ལངས་སུ་ཉེ་བས་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཚོལ་ཤིག་དང་སངས་རྒྱས་རང་ལ་ཡོད་དོ་ཞེས་པའོ། །ཉེར་བདུན་པ་ནི། རང་གི་སྙིང་པོ་སྟེ་བདེ་བར་གཤེགས་པའི་སྙིང་པོའོ། དེ་གཞན་དུ་རྙེད་པ་མ་ཡིན་ཞིང་སེམས་ཀྱི་རྒྱུད་ཉིད་གློ་བུར་གྱི་དྲི་མས་མ་གོས་ཤིང་ཡོན་ཏན་ཐམས་ཅད་ནུས་པའི་ཚུལ་གྱི་ལྡན་པའོ། །དེ་ལྟར་ཡང༌། གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། ཁམས་གསུམ་མ་ལུས་པར་ནི་ཁྱབ་པར་སོང༌། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །སྟོང་བའི་སྡོང་པོ་དམ་པ་མེ་ཏོག་རྒྱས། །སྙིང་རྗེ་


TNT10_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་མིན་ནོ། །ཞེས་སྙིང་རྗེ་ཆེན་པོ་གཞན་ཕན་གཟུགས་ཀྱི་སྐུ་དང་ཁམས་གསུམ་ཀུན་ལ་སྟོང་པ་ཉིད་གཅིག་པའི་ཚུལ་གྱིས་ཁྱབ་པའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཡང་ས་བོན་གྱི་ཚུལ་གྱིས་ལྡན་ཞེས་པའོ། དེས་ན་ཁམས་འདི་ལས་གཞན་ཕྱི་རོལ་ནས་མ་ཚོལ་ཞིག གཞན་ཡང་རང་གི་སེམས་ངོ་བོས་སྟོང་ཡང་རྩལ་འགག་པ་མེད་པའི་སྟོང་ཉིད་དང་རྟེན་འབྲེལ་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་དང་རྟེན་འབྲེལ་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་གཞན་ཡི་གེ་དང༌། དཔེ་དང༌། གཏན་ཚིག་སྣ་ཚོགས་ལ་མ་འབྲི་ཞིག སྟོང་བཞིན་དུ་སྣང་བ་འདི་རང་ཉིད་ཀྱི་མཚོན་པར་གྱིས་ཤིག་ཅེས་པའོ། ཉེར་བརྒྱད་པ་ནི། རྟོག་གེ་སྟེ་དངོས་སྟོབས་ཀྱི་རིགས་པ་དང༌། ལུང་ལ་ཡིད་ཆེས་པའི་རྗེས་དཔག་དང༌། འཇིག་རྟེན་ཐ་སྙད་དུ་ཡོངས་སུ་གྲགས་པའི་ཚད་མ་དང༌། མཚོན་བྱེད་ཀྱི་དཔེ་སྣ་ཚོགས་དང༌། མདོར་ན་ཚིག་གི་བརྗོད་པས་ཇི་ཙམ་བསྟན་ཀྱང་ནམ་ཡང་མཚོན་དུ་མེད་ལ། དེའི་ཕྱིར་རྣམ་གཞག་ཐོས་པས་རྟོགས་པ་མ་ཡིན་ཅིང༌། དེ་ཁོ་ན་ཉིད་དེ་རྣལ་འབྱོར་པའི་མངོན་སུམ་གྱི་མཐོང་ན་རྟོགས་པས་གྲོལ་བར་འགྱུར་རོ། །ཉེར་དགུ་པ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གྲུབ་པར་འགྱུར་པའི་ཚེ་རྣལ་འབྱོར་པ་ལྷའི་དཀྱིལ་འཁོར་དུ་སྣང་བའི་ལུས་ལས་འོད་ཟེར་དཔག་ཚད་བྱེ་བ་འབར་ཞིང་ཁམས་གསུམ་གྱི་ལྷ་མོ་ཐམས་ཅད་ཀྱི་མཆོད་པར་བྱེད་ལ། འོད་ཟེར་གྱི་སྟོང་གསུམ་མཐའ་དག་སྣང་བར་བྱེད་ཅིང༌། སེང་གེ་ཞེས་བྱ་བ་ཁྱབ་འཇུག་དང༌། འཕྲོག་པ་པོ་སྟེ་དབང་ཕྱུག་དང༌། མེས་པོ་ཚངས་པ་རྣམས་ཀྱི་ཕྱག་བྱེད་ཅིང་ལྷ་རྣམས་ཀྱི་རིན་པོ་ཆེ་དང་མེ་ཏོག་གི་ཆར་འབེབས་ལ། ས་རྣམ་པ་དྲུག་ཏུ་


TNT10_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་ཤིང༌། ཕྱོགས་ཐམས་ཅད་སྒྲ་འབྱིན། བདུད་ཀྱི་གནས་གཡོས་པས་དེངས་བར་བྱེད་ཅིང་དེར་རྡོ་རྗེ་སྟེ་ཐོག་གི་ཆར་འབབ་ལ། དེར་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་དེ་འགྲོ་བ་ཐམས་ཅད་ལ་ཕན་པའི་བླ་མར་འགྱུར་རོ། །དངོས་གྲུབ་ཀྱི་ལྟས་འདི་རྣམས་སཾ་བྷུ་ཊིར་རྒྱས་པར་བཤད་ཅིང༌། མཐོང་ལམ་ཐོབ་པ་དང་འཚང་རྒྱ་བའི་དུས་གཉིས་ཀར་དུ་འབྱུང་ལ། ཕྱོགས་འདྲ་ཙམ་ནི་སྔ་རོལ་ནས་ཀྱང་འབྱུང་ངོ༌། །གཞན་ཡང་མཆོག་གྀ་དངོས་གྲུབ་ཐོབ་པའི་ལྟས། དབང་ཕྱུག་གི་ཡོན་ཏན་བརྒྱད་འབྱུང་ངོ༌། །སུམ་ཅུ་པ་ནི། རྫོགས་རིམ་དངོས་གཞི་ཐོབ་པ་ཕྱག་ཆེན་གྱི་བདེ་བ་གྲུབ་པ་ཞིག་གིས་ཕྱི་རོལ་གྱི་བྱ་བ་གཙོ་བོ་མི་བྱེད་པ་ནང་ལ་གཞོལ་པས་གང་ལ་གནད་དུ་བསྣུན་པའི་གཙོ་བོ་ནི། སེམས་བདེ་སྟོང་དུ་ཤར་བ་དེ་ཁོ་ན་ཡིན་ལ། ལམ་འདི་ནི་དབང་པོ་རྟུལ་པོ་རྣམས་ཀྱིས་སྒྲུབ་དཀའ་ཞིང༌། ཤིན་ཏུ་མྱུར་བ་ཡིན་ཏེ། འདི་ལ་སྤྲོས་མེད་ཀྱི་ལམ་ཞེས་བྱའོ། །དེ་ལྟར་ན། དཀྱིལ་འཁོར་དང༌། སྔགས་དང༌། ཆོ་ག་དང༌། སྔར་བཤད་པ་ལྟར་རླུང་དང༌། ཐིག་ལེ་དང༌། གཏུམ་མོའི་མེ་དང༌། ཕྱག་ཆེན་གྱི་མེ་མོ་ཐམས་ཅད་སེམས་ཉིད་ལྷན་སྐྱེས་སུ་ཤར་བའི་སྣང་བ་སྟེ། དེ་ཡང་རང་བཞིན་ཉིད་དུ་མ་གྲུབ་པའི་ཕྱིར། དགེ་བ་སྡིག་པ་གང་ཡང་རང་གི་ངོ་བོས་མེད་པས་ན། ཁ་ཏོན་དང་སྨྱུང་བར་གནས་པ་སོགས་ཕྱི་རོལ་གྱི་བྱ་བས་ཅི་ཞིག་བྱ་སྟེ། རང་སེམས་བདེ་སྟོང་སྒོམས་པ་ཉིད་ཀྱིས་གཞན་པས་མྱུར་དུ་གྲོལ་བར་འགྱུར་བའི་ཕྱིར་ཞེས་སེམས་ལ་གནད་དུ་བསྣུན་པ་དང༌། སེམས་ཉིད་བདེ་སྟོང་གི་རྣམ་པར་ཤར་བ་རྒྱས་པར་བྱ་བའི་ཕྱིར་ལུས་ལ་བདེ་བ་སྣ་ཚོགས་པས་མཆོད་པར་བྱེད་པས། རྟེན་བྱང་ཆུབ་ཀྱི་སེམས་སྤེལ་བར་བྱའོ། །ཞེས་ལུས་ལ་གནད་དུ་བསྣུན་པ་དང༌། ཡིད་དུ་འོང་བའི་ཕྱག་རྒྱ་རྣམ་པ་གསུམ་གང་ཡང་རུང་བ་དང༌། འདོད་


TNT10_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་ཅི་འདོད་པ་སྤྱད་པར་བྱའོ། །ཞེས་འདོད་ཡོན་གྱི་གཙོ་བོ་རིག་མའི་ཁ་སྦྱོར་གྱི་འདོད་ཡོན་ལ་གནད་དུ་བསྣུན་པ་སྟེ། དེ་ལྟ་བུའི་སྤྲོས་མེད་ཀྱི་ལམ་འདི་སྒོམ་པས་དངོས་གྲུབ་ཐམས་ཅད་གཞན་པས་ཆེས་མྱུར་བར་ཐོབ་བོ་ཞེས་ཡེ་ཤེས་འབར་བ་ངས་སྨྲས་སོ་ཞེས་པའོ། །འདིར་སྨྲས་པ། གང་ལ་བདེ་ཆེན་འོད་བརྒྱའི་མདངས་བཀྲ་བ། །སྔོན་མེད་ལྷན་ཅིག་སྐྱེས་པ་ཨ་དིའི་བུ། །གསུང་རབ་རྒྱ་མཚོ་སྲུབས་པའི་སྙིང་པོ་ཞིག །གང་བློ་རྟ་ལྗང་རོལ་བའི་རྩེ་མོར་སོན། ། གླུའི་རྒྱུད་གཉིས་པ་རྣམ་པར་ཕྱེ་ཟིན་ཏོ།། །།༈ གླུའི་རྒྱུད་གསུམ་པ་ལ། བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་འདིར་སྟོན་ནོ་ཞེས་པ། མདོར་བསྟན་པ་ནི་ཡི་གེ་ལྔ་སྟེ། ཨ་ཡིག་གི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པའི་སྟོང་པ་ཉིད་དང་ཝ་ཡིག་གསུམ་གྱི་དགའ་བ་དང་པོ་གསུམ་དང༌། ཧོ་ཡིག་གི་ལྷན་ཅིག་སྐྱེས་པ་རྣམས་བསྟན་པ་ཡིན་ནོ། ། དེ་རྒྱས་པར་འཆད་པ་ལ་གསུམ་སྟེ། བདེ་སྟོང་གི་རང་བཞིན་གཏན་ལ་ཕབ་པ་དང། དེ་སྒྲུབ་པར་བྱེད་པའི་ཐབས་དང༌། ལམ་གྱི་འབྲས་བུ་བྱེད་ལས་དང་བཅས་པ་བསྟན་པའོ། ། དང་པོ་ལ་བདེ་བ་བཤད་པ་དང༌། སྟོང་པ་བཤད་པ་དང༌། བདེ་སྟོང་ཟུང་འཇུག་ཏུ་མ་སོང་བའི་སྐྱོན་དང༌། རང་བཞན་གྱི་བདེ་བ་ངོས་འཛིན་པར་གདམས་པའོ། །དང་པོ་ནི། འདིར་འགྱུར་བ་མེད་པ་ཞེས་བྱ་བ་ཁམས་ཀྱི་བགྲོད་པ་འགགས་པའི་བདེ་བ་ཆེན་པོ་ཡིན་ཏེ། དེ་ཡང་འདིར་བརྡའི་སྒོ་ནས་གསུངས་པ་ནི། ལྕི་བའི་ཐལ་བ་སྟེ། ཕྱི་རོལ་དུ་འཕོ་བ་མེད་པའི་བྱངཆུབ་ཀྱི་སེམས་ལུས་ཀུན་ལ་ཁྱབ་པར་བྱུགས་ཤིང༌། འདོམས་དཀྲིས་ནི་ཀཱ་ཙ་ཞེས་པ། སྨད་གཡོགས་ཏེ་རྡོ་རྗེ་ནོར་བུར་ཉི་མ་སྟེ་དམར་ཆ་བཞུ་བའི་ཁུ་བས་རབ་ཏུ་སྦགས་


TNT10_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྤྱི་བོ་ནས་ནོར་བུའི་བར་གཏུམ་མོ་འབར་བའི་ཁྱིམ་བཅུ་གཉིས་སུ་རྡུལ་གྱི་ཁམས་གཡོ་བ་མེད་པར་བཅིངས་བས་རླུང་གི་བགྲོད་པ་འགགས་པར་འགྱུར་ཞིང༌། ཆ་བཅུ་དྲུག་ཡོངས་སུ་རྫོགས་པའི་རི་བོང་འཛིན་པ་ནོར་བུ་ནས་སྤྱི་བོའི་བར་དུ་ལུགས་ལྡོག་ཏུ་བརྟན་པས་རྒྱན་དུ་བྱས་ཞེས་ཁམས་ཀྱི་འཕོ་བ་བཅུ་དྲུག་འགགས་ཤིང༌། བདག་པོ་སྟེ་ཁྱབ་བདག་གི་ངོ་བོར་འགྱུར་ལ། ཡིད་ཀྱི་ལུས་ཀྱི་སྲིད་པའི་དཀྱིལ་འཁོར་དང༌། ཡེ་ཤེས་ཀྱི་རང་སྣང་ལ་སྲིད་པ་གསུམ་གྱི་ཚོགས་བ་སྤུ་རེ་རེ་ནས་ཀྱང་སྤྲོ་ཞིང་སྡུད་པའི་བདག་ཉིད་ངའོ་ཞེས་པ་སྟེ་ཁམས་ཀྱི་བགྲོད་པ་འགགས་པས་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་སྐུ་གྲུབ་པའོ། །འདིར་བདེ་བ་དང་སྐུ་ཟུང་འཇུག་ཏུ་བསྟན་ནས་སྟོང་པ་ཉིད་:བརྟན་[གཏན་]ལ་འབེབས་པ་གཉིས་པ་ནི། ཀ་ཡེ་ཞེས་བོས་ནས། ཇི་ལྟར་ནམ་མཁའ་ལ་ཐོག་མ་དང་ཐ་མའི་མཐའ་དང་དབུས་མེད་པ་བཞིན་དུ། སེམས་འདི་ལ་ཡང་ཐོག་མཐའ་མེད་ཅིང༌། དེ་མེད་པས་དབུས་ཀྱང་ངས་མ་མཐོང་ཞེས་པས་སེམས་ཅན་སར་དུ་བྱེད་པ་པོས་སྤྲུལ་བ་དང། འཁོར་བ་ལ་ཐོག་མཐའ་མེད་པར་བསྟན་ནོ། །ཇི་ལྟར་རྒྱ་མཚོའི་ཀློངས་ཏེ་སྟེང་ནི་རླུང་དྲག་པོས་ཀྱང་བསྐྱོད་མི་ནུས་པས་ཅི་ཡང་གཡོ་བ་མེད་པ་བཞིན་དུ། སེམས་གྱི་རང་བཞིན་གཟུང་འཛིན་དུ་སྣང་བའི་རྣམ་པར་རྟོག་པས་སླད་ཅིང་འདྲེར་མེད་ལ་སེམས་དྲི་མ་དེའི་ངོ་བོར་ནམ་ཡང་མ་སྐྱེས་པ་ཡིན་ནོ། །འདི་ཡི་སེམས་གཟུང་འཛིན་གཉིས་མ་ཡིན་པར་བསྟན་ཅིང་དཔེར་ན། སྒྱུ་མའི་ཟློས་གར་ཏེ་སྤྲུལ་པ་ལ། རྟེན་འབྲེལ་གྱི་སྟོབས་ལས་རྟ་གླང་སོགས་སུ་སྣང་བ་ཙམ་མ་གཏོགས་ངོ་བོས་གྲུབ་པ་མེད་པ་བཞིན་དུ་གཟུང་འཛིན་གཉིས་ཀྱང་སེམས་ཀྱི་རྟེན་འབྲེལ་ལས་སྣང་བ་མ་གཏོགས་སེམས་ལས་གཞན་དུ་ཕྱི་རོལ་ཏུ་གྲུབ་པའི་སྙིང་པོ་སུ་ཡི་མཐོང་སྟེ་མ་མཐོང་ཞེས་པའི་སེམས་ལས་ལོགས་སུ་


TNT10_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དོན་མེད་པར་བསྟན། ཇི་ལྟར་རིན་པོ་ཆེའི་དྭངས་མ་བཻཌཱུཪྱ་ནི་རང་བཞིན་གྱི་འོད་གསལ་བ་བཞིན་དུ་སེམས་ཉིད་དུས་ཀུན་ཏུ་ཀུན་ནས་ཏེ་ཡེ་ནས་གསལ་བའི་ངོ་བོར་གནས་ལ། ཇི་ལྟར་རླུང་གི་མ་བསྐྱོད་པར་རྒྱ་མཚོའི་བརླབས་འབྱུང་བ་མེད་པ་བཞིན་དུ། བག་ཆགས་ལས་གཞན་དུ་གཉིས་སྣང་མི་འབྱུང་ཞེས་པ་སྟེ། འདི་རྣམས་ཀྱིས་གཟུང་འཛིན་གཉིས་པོ་སེམས་ཀྱི་སྣང་བ་ཡིན་ལ་རང་བཞིན་མེད་པར་བསྟན་ནོ། །དེ་ལྟར་ཡང་བྲམ་ཟེ་ཆེན་པོས། ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམས་དཔའ། །དེས་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །གཟུང་འཛིན་གྱི་སྡོང་པོ་གཉིས་ཀའང་བག་ཆགས་ཀྱིས་སླད་པའི་སེམས་ཀྱི་སྣང་བ་འཁྲུལ་པ་མ་གཏོགས། རྩ་བ་ས་བོན་སེམས་གཅིག་པུ་ཡིན་པས། འབྲས་བུ་ཡང་གཉིས་སུ་སྣང་བ་མེད་པ་ཁོ་ནའོ། །གཉིས་སྣང་མེད་པའི་སེམས་དེ་ཡང་ཡུལ་ཅན་བདེ་བ་དང་ཡུལ་སྟོང་ཉིད་མིང་འདོགས་ཐ་དད་མ་གཏོགས་ངོ་བོ་དབྱེར་མེད་ཅིག་དུ་གྱུར་པ་སེམས་ཤིང་བསྒོམས་པས་སྲིད་ཞིའི་མཐའ་ལས་གྲོལ་བར་འགྱུར་ཞེས་པ་ཡིན་ཏེ། ཡང་གཅིག་ཏུ་ན། དེ་ལྟ་བུའི་སེམས་ལ་མཐའ་དབུས་ཏེ་ངོ་བོས་སྐྱེ་འགག་གནས་གསུམ་མེད་པས་རང་བཞིན་མེད་པར་སྟོན་པའང་ཡིན་གསུང༌། ཇི་ལྟར་ཞགས་པས་བཅིངས་པ་རྣམས་ནི་དྲངས་ན་ཆེས་དམ་པོར་འགྱུར་བ་བཞིན། བདེ་སྟོང་ལ་ཞེན་ན་སེམས་འགྱུར་བ་དེའི་ཞགས་པར་ཆུད་པ་དྲངས་པ་ལྟར་སོང་བས་ཆེས་བག་ཆགས་དམ་པོར་འགྱུར་བ་དང༌། ཀླུ་ཡི་སྟེ་སྦྲུལ་ལ་འདུད་པར་བྱས་ན་འདུད་པ་ལྟར་སྣང་ཡང་ངོ་བོ་ཉིད་ཀྱི་རང་སར་གྲོལ་བའི་རང་བཞིན་དུ་འདུག་པ་ལྟར་སྟོང་ཉིད་དང་སྦྱོར་བའི་བདེ་བས་སེམས་འདོད་ཆགས་ལྟར་སྣང་བ་ནི་བདེ་བའི་སེམས་སྐྱེས་ཙམ་ཉིད་ནས་ངོ་བོ་ཉིད་ཀྱི་གྲོལ་བ་ཡིན་ཅིང༌། དེ་ཙམ་དུ་མ་ཟད་སྤང་བྱ་མ་


TNT10_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཇོམས་པ་ལ་གཞན་ཐམས་ཅད་པས་ཀྱང་སྟོབས་ཆེ་བ་ཡིན་ནོ། ཚུལ་དེ་ལ་ངོ་མཚར་བས་ཨ་རེ་ཞེས་བརྗོད་ནས། གཽ་བི་ཙ་ཎ་རྒྱལ་གྱུར་ཅིག་ཅེས་པ་ནི་གོང་བཞིན་ནོ། །ཇི་ལྟར་ཆུ་རླབས་ཆུ་ཉིད་མ་ཡིན་པ་གང་དུའང་མ་མཐོང་བ་བཞིན་དུ། གཞི་དང་ལམ་དང་འབྲས་བུ་ཐམས་ཅད་དེ་བཞིན་ཉིད་སྟོང་པ་ལས་གཞན་དུ་མེད་དོ། །སེམས་རང་བཞིན་གྱི་འོད་གསལ་བ་ཅུང་ཟད་གསལ་བར་སྣང་བ་ཐོབ་ནས། རྟོག་གེས་དཔྱད་པའི་ངེས་པའི་ཤེས་པས་ཅི་ཞིག་བྱ་སྟེ། རྣམ་པར་མི་རྟོག་པའི་ཚུལ་གྱིས་འཇུག་པར་བྱའོ། །གསུམ་པ་ནི། སེམས་ཀྱི་རྒྱུད་བདེ་བ་ཆེན་པོ་མི་རྟོགས་པའི་སྟོང་པ་ཉིད་མཐའ་བྲལ་དང་རྟེན་འབྲེལ་ཟུང་འཇུག་ཏུ་གོ་བ་ཡིན་ཡང༌། དེས་ཚེ་གཅིག་གི་སངས་རྒྱས་སྒྲུབ་པ་ལ་ཅི་ཞིག་བྱ་སྟེ། མི་འགྲུབ་ན་ཉི་ཚེ་བའི་སྟོང་ཉིད་རྣམས་ཀྱི་ལྟ་ཅི་སྨོས། དེ་ལྟར་ཡང་དུས་ཀྱི་འཁོར་ལོ་ལས། སྐད་ཅིག་གང་གིས་འགྱུར་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་གོས་པ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་ཉམས་དང་བལ་སྟོང་པ་གཞན་དག་གང་ཞིག་སྒོམ་བྱེད་པ། །དེ་ཡིས་བསྐལ་བ་བྱེ་བ་དུ་མ་རྣམས་ཀྱི་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་རིང༌། །ཞེས་གསུངས་སོ། །འོན་ཏེ་ཤེས་རབ་སྟོང་པ་ཉིད་དང་བྲལ་བའི་བདེ་བ་ཙམ་ལ་སེམས་འཛིན་པ་ནི། ཕྱུགས་དང་འདྲ་བར་འདོད་པའི་བདེ་བ་ཙམ་དོན་དུ་གཉེར་བ་ལས། དེ་ཁོ་ན་ཉིད་ཀྱི་ཚུལ་མཐོང་བ་མེད་དེ། འདིར་བདེ་བ་སྐྱེས་པ་ན། སེམས་བདེ་བ་འཆར་ཞིང༌། གང་སྣང་ཐམས་ཅད་དེས་རྒྱས་བཏབ་པས་རོ་གཅིག་ཏུ་སྣང་བ་ན་དེའི་སྟེང་དུ་སྣང་བཞིན་དུ་དམིགས་བཏད་ཐམས་ཅད་ཞིག་བའི་རང་བཞིན་གང་དུ་ཡང་མ་མཐོང་བ་ནི་བདེ་སྟོང་སྦྱོར་བའི་ཚུལ་རྣམ་པར་དག་པ་ཡིན་ཅིང༌། དེའི་ཐབས་སུ་བསམ་བྱུང་དང་སྒོམ་བྱུང་གི་རྗེས་དཔག་དགག་གཞི་བདེ་བའི་སྟེང་དུ་དགག་བྱ་སྤྲོས་


TNT10_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་མ་བདག་གཉིས་སུ་འཛིན་པ་བཀག་པའི་ངེས་ཤེས་སྐྱོང་བའང་ཐབས་སུ་འགྱུར་བ་ཡོད་ཀྱང༌། གང་ཟག་ཐམས་ཅད་ལ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ལ། འདིར་ཁ་ཅིག་བདེ་ལ་མི་རྟོག་པ་དང་ཐོས་བསམ་གྱི་ལྟ་བ་སྲེ་བ་གཞན་སུ་ལའང་མེད་པའི་སློབ་བཤད་ཀྱི་མན་ངག་ཏུ་བྱེད་ལ། ཉམས་སུ་མྱོང་བ་སྐད་སྨྲ་ཞིང་ཡི་གེར་འབྲི་བ་སྣང་ངོ༌། །འདི་མི་འཐད་པ་ལ་གསུམ། འདི་མན་ངག་གི་མཆོག་མ་ཡིན་པ་དང༌། སློབ་མ་ལ་བཤད་པའི་དོན་དུ་མི་འགྱུར་པ་དང། ཐོས་བསམ་སྒོམ་གསུམ་གྱི་རྣམ་དབྱེ་མ་ཕྱེད་ཅིང་ཉམས་སུ་ལོངས་དཀའ་བའོ། །དང་པོ་ནི། ཁྱེད་ཀྱི་ཐོས་བསམ་གྱི་ལྟ་བ་དེ་ཅི། གཞུང་ལུགས་རྣམས་ལས་མ་བཤད་པའམ། བཤད་ཀྱང་ཤིན་ཏུ་སྦས་པ་སྙན་རྒྱུད་ཁོ་ན་ལས་གསལ་བ་ཞིག་གམ། འོན་ཏེ་གཞུང་རྣམས་ལས་དངོས་སུ་འབྱུང་བ་འདི་ཉིད་ཡིན། དང་པོ་གཉིས་ལྟར་ན་ནི། དེ་དག་གི་ལུང་དང་རིག་པ་སྟོན་ཡང་དགོས་ལ། དེ་ཡང་དཔྱད་དེ་སྒོམ་པ་ཞིག་ཡིན་ན་ནི། རིག་པ་གཞན་གྱིས་མཐའ་བྲལ་དུ་གཏན་ལ་ཕབ་པ་དང་དགོས་ནུས་མཆོག་ཏུ་ཁྱད་ཞུགས་པ་མེད་ཅིང༌། འོན་ཏེ་འཇོག་སྒོམ་ཞིག་ཡིན་ན་ནི། དེར་བདེ་བ་ལ་སེམས་འཛིན་པ་ཉིད་ཡིན་ནམ་གཞན་ཞིག་སྒོམ་པར་བྱེད། དངཔོ་ལྟར་ན་ནི། ལུང་དང་རིག་པ་ལ་མ་བརྟེན་པའི་ཕྱིར་ཐོས་བསམ་གྱི་ལྟ་བར་ཇི་ལྟར་རུང༌། དེ་ཙམ་ནི་མན་ངག་མཆོག་ཀྱང་མ་ཡིན་ནོ། །འོན་ཏེ་བདེ་བ་དོན་དམ་པར་མེད་དོ་ཞེས་པ་ཙམ་ལ་སེམས་འཇོག་ན་ནི། མིང་ཙམ་ལ་སེམས་བཟུང་བར་ཟད་ལ། འོན་ཏེ་ལུང་རིག་གིས་གཏན་ལ་འབེབས་ཤིང་སྒོམ་ན་ནི། སྔ་མ་ལྟར་བས་སོ། །གཞན་ཡང་དེ་འདྲའི་བདེ་སྟོང་སྒོམ་པ་ནི་རྡོ་རྗེ་འཛིན་པ་ལས་དང་པོ་བ་ཤས་ཆེར་ལ་ཡང་ཡོད་པས། གཞན་ལ་མེད་པའང་ག་ལ་ཡིན། གཉིས་པ་ནི། དེ་འདྲ་དེ་


TNT10_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སློབ་བཤད་ཀྱི་དོན་ཡིན་ཅེས་པ་ནི་ཅི་སློབ་བཤད་དེ། རྒྱུད་དང་གྲུབ་ཆེན་གྱི་བཤད་པ་ལྟར་རམ། རང་གང་གི་རྗེས་སུ་འབྲང་བའི་ལུགས་ཀྱི་བླ་མ་གོང་མས་བཤད་པ་ལྟར་ཡིན། དང་པོ་ལྟར་ན་ནི། སྟོང་ཉིད་སྒོམ་ཚུལ་དེ་འདྲ་སྤྱི་དོན་ཡིན་ཅིང་དེ་ནི་ཚོགས་ལ་བཤད་པར་གསུངས་པས་མི་འཐད་ལ། གཉིས་པ་ལྟར་ན་ནི། མངོན་རྟོགས་མདོར་བསྡུས་འཆད་པ་ཚོགས་བཤད་དང༌། གཞུང་དོན་ཞིབ་མོར་འཆད་པ་སློབ་བཤད་ཅེས་ཟེར་བས་དགོས་ནུས་གང་ཡང་མ་གྲུབ་བོ། ཁྱེད་ཅག་གི་བསམ་པ་ཁོངས་སུ་ཆུད་པ་དེ་བཤད་པ་བཟང་མི་བཟང་ཙམ་ལ། ཚོགས་སློབ་ཀྱི་བཤད་པར་བཟུང་སྣང་བས་བསྟན་བཅོས་འཆད་པའང་དེ་ཉིད་ཀྱི་དབྱེ་བ་བྱེད་པ་དང་ཚོགས་བཤད་ཚིག་གི་སྤུ་འཕྲེང་ཙམ་ཡིན་པས་སྙིང་པོའི་དོན་ལེན་པའི་ཚེ་མི་དགོས་ཟེར་བ་དང། ཚོགས་སློབ་གཉིས་ཤིང་རྟའི་སྲོལ་ཐ་དད་དུ་འདོད་པ་སོགས་ནི་མཁས་པའི་ཚོགས་སུ་དབྱུང་བྱ་མ་ཡིན་པ། ཤིན་ཏུ་མ་སྦྱངས་བའི་བླུན་པོ་དག་ངོ་མཚར་སྐྱེད་པའོ། །གསུམ་པ་ནི། ཐོས་བསམ་གྱི་ལྟ་བ་དང་སྲེ་ཞེས་པ། གཉིས་ཀའམ་རེ་རེ་དང་སྲེ། དང་པོ་ལྟར་ན་ནི། རྟོག་གཉིས་ཅིག་ཅར་འཇུག་པར་ཐལ་ལ། ཐོས་པ་དང་སྲེ་ན་ནི། རིག་པ་དང་འབྲེལ་ཡང་རུང་ལུང་གི་རྗེས་སུ་འཇུག་པས་ཞུ་བདེ་སྐྱེས་པའི་ཚེ་ལུང་དྲན་དགོས་པའི་གྲུབ་མཐའ་ངོ་མཚར་ཅན་འབྱུང་ལ། བསམ་བྱུངགི་ཤེས་རབ་དགོས་ན་ནི། དཔྱད་སྒོམ་མན་ངག་གི་མཐར་ཐུག་ཏུ་འདོད་དགོས་ན། དེ་ནི་ཁྱེད་ཉིད་མི་སྨྲ་ལ་རག གལ་ཏེ་སྨྲ་ན་ནི་ལེགས་ཏེ། རྒྱ་ཆེར་བརྟགས་པར་བྱའོ། །གལ་ཏེ་འདི་བདེན་མེད་དོ་སྙམ་པ་ཙམ་ཞིག་འཛིན་ན་ནི་ཡིད་དཔྱོད་ཙམ་གྱི་འདུ་ཤེས་ཡིན་གྱི་ངེས་པ་རྙེད་པའི་ཤེས་རབ་ཏུ་མི་རུང་ངོ༌། །འོན་ཏེ་རེས་འཇོག་ཏུ་བྱེད་ན་ནི་སྐྱོན་གཉིས་ཀར་ཐལ་ལ། ཡོངས་ཡེ་དཔྱད་སྒོམ་གྱི་ངེས་ཤེས་སྒོམ་བྱུང་ལ་ཤིན་ཏུ་


TNT10_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མང་བ་དང༌། ཐོས་བསམ་ལས་བྱུང་བའི་ཤེས་རབ་དང་སྒོམ་བྱུང་གཞི་མཐུན་པ་མེད་པ་ཞིག་ཡིན་ནའང་དེ་མ་རྟོགས་ཤིང་ཡིད་ལ་མི་བྱེད་པའི་སྔགས་པས་ཡིད་དྲངས་ཀྱང་བློས་མ་ཁེལ་བའི་ཅལ་ཅོལ་ཙམ་ལས་གྲུབ་མཐའ་རྟིང་མ་ཚུགས་པ་སྟེ། བདེ་བ་ལ་མི་རྟོག་པར་གནས་ན། ཐོས་བསམ་གྱིས་དྲངས་བའི་ངེས་ཤེས་ཅི་ལྟར་འབྱུང༌། ཐོས་བསམ་ཞེས་པའི་ཚིག་ཀྱང་སྤོམས་ཤིང༌། རང་གང་ལ་ཚད་དུ་བྱེད་པའི་བླ་མ་རྣམས་ཀྱིས་ཀྱང༌། ལྟ་བ་དེ་དུག་ཅན་དུ་བཤད་པས་འདིར་ཉེས་པ་ཐམས་ཅད་ནི། ཉམས་སུ་མྱོང་བ་ལྟ་ཅི་སྨོས། བླ་མའི་མན་ངག་མེད་པར་རྩོལ་བཤད་དུ་བྱས་ཤིང་གོ་བ་རགས་པ་ལ་མྱོང་བར་འཁྲུལ་བའི་སྐྱོན་ནོ། །སྤྲོས་པས་ཆོག་གོ །བཞི་པ་ནི། དེ་བས་ན་སེམས་ཀྱི་རང་བཞིན་བདེ་བ་ཆེན་པོ་ནི་ངོས་བཟུང་བར་བྱོས་ཤིག་ཅེས་པའོ། །གཉིས་པ་སྒྲུབ་པར་བྱེད་པའི་ཐབས་ལ་གསུམ་སྟེ། ཐབས་དངོས་བསྟན་པ་དང༌། དེ་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་དང༌། མན་ངག་ལས་གཞན་དུ་ལྷན་སྐྱེས་མི་རྙེད་པར་བསྟན་པ་སྟེ་གསུམ་ལས། དང་པོ་ལ། ཡན་ལག་དྲུག་དང༌། གཡོ་མེད་གསུམ་དང༌། རྣལ་འབྱོར་བཞི་དང༌། ཆེད་དུ་བྱ་བ་གཉིས་དང༌། དེ་ཉིད་བཅུ་བཞི་རྣམས་ལས། དང་པོ་ཡན་ལག་དྲུག་ནི། ཨེ་མ་ཞེས་པ་ནི། མན་ངག་འདི་དག་ལས་རང་བཞིན་ལྷན་ཅིག་སྐྱེས་པ་མངོན་དུ་འགྱུར་བའི་ཆོས་ཉིད་ཀྱི་རིག་པ་ལ་ངོ་མཚར་སྐྱེས་པའོ། །དྲུག་ཅེས་བྱ་བ་ནི། རྣལ་འབྱོར་ཡན་ལག་དྲུག་པ་ཡིན་ལ། སླར་ཡང་དྲུག་ཅེས་གསུངས་པ་ནི་ཕུང་ཁམས་དབང་ཡུལ་དྲུག་དྲུག་ཡན་ལག་རེ་རེས་སྦྱོང་བར་འགྱུར་རོ་ཞེས་པ་སྟེ། དེ་ལ་ཡན་ལག་དྲུག་གི་དང་པོ། སོ་སོར་སྡུད་པ་ནི། དབུ་མའི་ཡས་སྣར་རླུང་སེམས་བསྡུད་པར་བྱེད་པའི་ཐབས་དམ་པ་སྟེ། ནམ་མཁའ་ལ་གཡོ་བ་མེད་པར་


TNT10_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའོ། །འདིས་རྟགས་མཚན་རྣམས་བརྟན་པོར་གྱུར་པ་ན། བསམ་གཏན་ནི་སྟོང་གཟུགས་ཏེ་ཁྱད་པར་ཅན་དུ་སྒྲུབ་པའི་ཕྱིར་སེམས་དང་སྣང་བ་གཞན་ཐམས་ཅད་སྟོང་གཟུགས་དང་བསྲེས་པས་རྟགས་སྣང་རགས་པ་ཙམ་ལ་སེམས་གནས་པའི་རྟོག་པ་དང༌། སྣང་སེམས་ཞིབ་མོར་ངེས་པའི་སྤྱོད་པ་དང༌། སྣང་སེམས་གཅིག་ཏུ་རྟོགས་པས་དྲངས་པའི་ཡིད་དགའ་བ་དང༌། དེས་དྲངས་བའི་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་དང༌། ཡུལ་སེམས་གཅིག་ཏུ་ཤེས་པའི་སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་ཤེས་རབ་སྟེ་ཡན་ལག་ལྔ་རིམ་གྱིས་སྐྱེ་བར་འགྱུར་བ་ནི་བསམ་གཏན་གྱི་ཡན་ལག་གོ །དེ་ནས་གཟུགས་བརྙན་གྱི་བདེ་བ་འདྲེན་པའི་རྒྱུར་རླུང་དག་པར་བྱ་དགོས་པས། ཐོག་མར་གཡས་གཡོན་གྱི་རྒྱུ་བ་འགག་ཅིང་སྲོག་ཐུར་གོང་བུ་གཅིག་ཏུ་བྱ་བའི་ཕྱིར་སྲོག་རྩོལ་སྒོམ་པར་བྱ་སྟེ། བུམ་པ་ཅན་ལ་སོགས་པའི་སྦྱོར་བས་གཡས་གཡོན་གྱི་རླུང་རྒྱུ་བ་དབུ་མར་འགགས་ཤིང། སླར་ཡང་བུམ་པ་ཅན་གྱི་སྦྱོར་བས་སྲོག་ཐུར་རོ་གཅིག་ཏུ་གྱུར་གྱི་བར་སྒོམ་པར་བྱའོ། །སྲོག་ཐུར་གཅིག་ཏུ་གྱུར་བ་དེ་ཉིད་འཁོར་ལོ་ལྔའི་ཐིག་ལེ་རྣམས་དང། ཁྱད་པར་དུ་ལྟེ་བའི་ཐིག་ལེ་ལ་ཐིམ་གྱི་བར་དུ་ཐིག་ལེ་སྒོམ་པ་ཡིན་ཏེ། འདིས་སྟོང་གཟུགས་ཁྱད་པར་ཅན་དྷཱུ་ཏཱིའི་ནང་དུ་ལྷ་མོའི་རྣམ་པས་ཞུ་བདེ་ཁྱད་པར་ཅན་འདྲེན་པ་ནི་འཛིན་པས་དྲངས་པའི་རྗེས་དྲན་ཞེས་བྱ་སྟེ་འཛིན་པ་རྫོགས་པ་ཡིན་ནོ། །དེ་ནས་གཟུགས་བརྙན་གྱི་བདེ་བ་རྒྱ་ཆེར་འདྲེན་པའི་ཕྱིར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པས། མས་བརྟན་གཙོ་བོར་གྱུར་པའི་ཞུ་བདེ་ཡང་ཡང་གོམས་པར་བྱེད་ཅིང་ཞུ་བདེ་དང་སྟོངགཟུགས་གཉིས་གཅིག་གི་གཅིག་འདྲེན་པར་བྱེད་པ་ནི་རྗེས་དྲན་ནོ། །དེ་ནས་སྟོང་གཟུགས་ཀྱི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་དཀར་པོ་ནོར་བུ་ནས་སྟེང་དུ་རིམ་པས་དབུ་


TNT10_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ནང་གི་ཡང་གནས་སོ་སོར་འཕོ་བ་མེད་པར་བཅིངས་ཤིང་དམར་པོའང་སྤྱི་བོ་ནས་དེ་བཞིན་དུ་རིམ་པར་བཅིངས་པས་འཕོ་བ་བཅུ་གཉིས་དང་ཁམས་ཀྱི་བགྲོད་པ་བཅུ་དྲུག་འགགས་པས་མ་དག་པའི་ལུས་གནས་གྱུར་ཏེ་རྡོ་རྗེ་སྐུ་འགྲུབ་པ་ནི་ཏིང་ངེ་འཛིན་ཡིན་ནོ། །དེས་མཐོང་བའི་ལམ་མངོན་དུ་གྱུར་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས་འབྲས་བུ་ལ་སྦྱར་བ་ཡིན་ནོ། །གཉིས་པ་ནི། ལུས་ནི་ཐ་མལ་གྱི་རྣམ་པར་རྟོག་པས་མི་གཡོ་ཞིང་ལུས་ཀྱི་ཐིག་ལེ་གཡོ་བ་མེད་པར་འཆིང་པས་སྐུ་རྡོ་རྗེ་རྣལ་འབྱོར་དུ་བྱེད་པ་དང༌། འདིས་མཚོན་ནས་ངག་དང་ཡིད་ལའང་གསུང་དང་ཐུགས་རྡོ་རྗེ་གཡོ་བ་མེད་པའི་རྣལ་འབྱོར་ཞེས་སྦྱར་ཏེ། མདོར་ན་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཡིན་ནོ། །གསུམ་པ་ནི། དང་པོར་ཙཎྜ་ལིའི་རྣལ་འབྱོར་ཏེ། རླུང་དབུ་མར་ཐིམ་ནས་གཏུམ་མོ་འབར་བར་བྱེད་པའི་སྦྱོར་བ་དང༌། གཉིས་པ་རླུང་གི་རྣལ་འབྱོར་ནི། འབྱུང་བ་རྣམས་རིམ་པས་ཐིམ་པར་འགྱུར་བའི་རླུང་གི་སྦྱོར་བ་དང༌། འོད་གསལ་བས་རིམ་མིན་ཏེ་ལུགས་ལྡོག་ཏུ་ཁམས་ཀྱི་རིམ་པ་འབྱུང་བའི་སྦྱོར་བའོ། །གསུམ་པ་ནི། དགའ་བ་བཞིའི་རྣལ་འབྱོར་ནི་གཏུམ་མོ་འབར་བ་ལས། དགའ་བ་ཡང་ལུགས་འབྱུང་ལུགས་ཟློག་ཏུ་འབྱུང་བའི་སྦྱོར་བའོ། །ཧ་ཧེ་བརྒྱད་དང་ཁྱོགས་སོགས་ལུས་སྒྱུར་དགའ་བའི་སྐད་ཅིག་མ་བརྒྱད་དང་ཁྱོགས་ལ་སོགས་པའི་སྦྱོར་བའི་ཐབས་དྲུག་བཅུ་རྩ་བཞི་པོ་ཡང་ཕྱག་རྒྱ་གཅིག་པུ་དང་སྦྱོར་བའོ། །བཞི་པ་ཕྱག་རྒྱ་གཅིག་པོའི་རྣལ་འབྱོར་ནི་སྔར་བཤད་པའི་རྣམ་མེད་ཀྱི་ཕྱག་ཆེན་དེ་ཉིད་ཡིན་ཏེ། རྣལ་འབྱོར་འདི་བཞི་རྫོགས་རིམ་གྱི་རྟོག་པ་ཆ་ཚང་བ་ཐམས་ཅད་ལ་འབྱུང་བ་ཡིན་ནོ། །བཞི་པ་ནི། གང་གི་ཆེད་དུ་བྱ་བ་རང་གི་སྤང་བྱ་ལས་གྲོལ་བའི་དོན་དང༌། དེ་ཁོ་ན་ཉིད་དེ། རྒྱུ་དངའབྲས་བུའི་བདེ་སྟོང་གི་དོན་དུ་སྒོམས་


TNT10_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫོགས་པའི་རིམ་པ་གཉིས་སོ། །དང་པོ་ལ་སོ་སོ་སྐྱེ་བོའི་དུས་སུ་ཅུད་ཟད་གྲོལ་བའི་ཕྱིར་སྒོམ་པ་དང༌། འཕགས་པའི་ལམ་གྱིས་ས་བོན་སྤོང་བའི་ཆེད་དུ་བྱ་བ་གཉིས། ཕྱི་མ་ལ་སོ་སྐྱེའི་དུས་རྒྱུའི་བདེ་བའི་དོན་དང༌། འཕགས་ལམ་དུ་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་ནས་ས་གོང་མ་ལ་སྦྱོར་བའི་དངོས་ཀྱི་ལམ་མངོན་དུ་མ་བྱས་ཀྱི་བར་དུ་སྔ་མའི་ཡེ་ཤེས་རྣམ་པར་འཕེལ་བའི་དོན་དུ་སྒོམ་པ་ནི་འབྲས་བུའི་བདེ་བ་སྒོམ་པ་ཆེད་དུ་སྦྱར་བའི་སྦྱོར་བས་སོ། །ལྔ་པ་ནི། དེ་དག་བཅུ་བཞི་བཅུ་བཞིའི་བདག་ཉིད་ཅེས་བྱ་བ་ནི། རྫོགས་པའི་རིམ་པའི་རྟོག་པ་ཚང་བ་ཡན་ལག་དངབཅས་པ་ཐམས་ཅད་ལ་དེ་ཁོ་ན་ཉིད་བཅུ་བཞི་ཚང་བ་ཡིན་ཏེ། ཇི་ལྟར་བསྐྱེད་རིམ་ལ་དེ་ཉིད་བཅུ་བཞི་ཡོད་པ་བཞིན་དུ། དེའི་སྔས་དོན་རྫོགས་པའི་རིམ་པ་ལ་ཡང་དེ་ཁོ་ན་ཉིད་བཅུ་བཞི་ཚང་དགོས་པ་ཡིན་པས། དེ་ཡང་རྫོགས་རིམ་གྱི་དེ་ཉིད་བཅུ་བཞི་ལ་མི་འདྲ་བ་མང་དུ་ཡོད་ནའང་འདིར་རང་ལུགས་ནི། དང་པོ་གོས་ཀྱི་དེ་ཉིད་ལ། གོས་ཀྱི་སྐད་དོད་པ་ས་ནམ་ཞེས་པ་གནས་ལ་ཡང་འཇུག་པས། རྫོགས་རིམ་གང་དུ་འཇུག་པའི་གནས་འཁོར་ལོ་བཞི་ལ་སོགས་པའི་ལུས་ཡིན་ལ། གཉིས་པ་ཕྱག་རྒྱ་ལྔའི་དེ་ཉིད་ནི། ལྷའི་ཆས་སུ་འཇུག་པ་སྟེ། སྤྲོས་བཅས་ཀྱི་སྤྱོད་པ་ལ་སོགས་པ་སྤྱོད་པ་ཐམས་ཅད་ཡིན་ལ། གསུམ་པ་ཤེས་རབ་ཡན་ལག་གི་དེ་ཉིད་ནི། ཕྱག་རྒྱ་གསུམ་གང་ཡང་རུང་བའི་སྐྱེ་གནས་ཀྱི་བདེ་བ་ཆེན་པོ་འདྲེན་པ་དང༌། བཞི་པ་ཕུར་བུའི་གུར་ཏེ། བསྲུངའཁོར་གྱི་དེ་ཉིད་ནི། བྱང་ཆུབ་ཀྱི་སེམས་འཁོར་ལོ་ལྔར་གཡོ་མེད་དུ་བཅིངས་པ་དང༌། ལྔ་པ། ཨཱ་ལི་ཀཱ་ལིའི་དེ་ཉིད་ནི། གཡས་གཡོན་དང་སྟེང་འོག་གི་རླུང་དབུ་མ་དང་མི་ཤིགས་པའི་ཐིག་ལེར་འགགས་པ་གང་ཡིན་པ་དང༌། དྲུག་པ། རྒྱུ་སོགས་སྟོང་པའི་དེ་ཉིད་ནི། རྣམ་པར་ཐར་པའི་


TNT10_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བཞིའི་རྣམ་པ་ཅན་གྱི་བདག་མེད་རྟོགས་པའི་ཤེས་རབ་བོ། །བདུན་པ་ནཱ་ད་ལ་སོགས་པ་དེ་ཉིད་ནི། རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་དང༌། བརྒྱད་པ། བསྡུས་པའི་སྦྱོར་པའི་དེ་ཉིད་ནི། ཕྲ་རགས་ཀྱི་རིམ་པའི་ཁམས་རྣམས་འོད་གསལ་དུ་འཇུག་པ་དང༌། དགུ་པ། བདུད་རྩི་ཚིམ་བྱེད་ཀྱི་དེ་ཉིད་ནི། སྤྱི་བོའི་ཧཾ་ཡིག་ཞུ་བའི་དགའ་བ་བཞིའི་བདེ་སྟོང་རྣམས་དང༌། བཅུ་པ། མི་གནས་པའི་མྱང་འདས་ཀྱི་དེ་ཉིད་ནི། འོད་གསལ་ལས་ལོངས་སྐུར་ལྡང་བ་དང༌། བཅུ་གཅིག་པ་ལག་མཆོད་ཀྱི་དེ་ཉིད་ནི། ཕྱག་རྒྱ་ཆེན་མོ་གཉིས་ཀྱིས་འབྱུང་བ་སོ་སོའི་དྭངས་མ། འཁོར་ལོ་སོ་སོའི་ལྟེ་བའི་རང་གནས་སུ་བཅིངས་པ་དང༌། བཅུ་གཉིས་པ། དབང་བསྐུར་བའི་དེ་ཉིད་ནི། ཉེ་རྒྱུ་སྤྱོད་པའི་མཐར་སངས་རྒྱས་ལ་དབང་བསྐུར་བ་ཐོབ་པའོ། །བཅུ་གསུམ་པ། གོ་ཆའི་དེ་ཉིད་ནི། ཡུལ་ཉེར་བཞིའི་རླུང་ཐིམ་པ་དང༌། ལོངས་སྤྱོད་པ་དང་བདག་པོར་གྱུར་པའི་རིམ་པས་དབུ་མར་ཐིམ་པའོ། །བཅུ་བཞི་པ་སྔགས་མཆོད་ཀྱི་དེ་ཉིད་ནི། རྡོ་རྗེ་བཟླས་པ་དང༌། རླུང་དབུ་མར་གནས་པ་དང་ཐིམ་པ་རྣམས་ཀུན་རྫོབ་དང༌། རང་བཞིན་ལྷན་སྐྱེས་དོན་དམ་གྱི་བསྡུས་པ་སྟེ། དེ་ལྟར་ན། དེ་ཁོ་ན་ཉིད་བཅུ་བཞི་པོ་འདི་དག་གིས་རྫོགས་པའི་རིམ་པ་ཐམས་ཅད་བསྡུས་པ་ཡིན་ནོ། །ཚིགས་སུ་བཅད་པ་གཅིག་པོ་འདི། ཤིན་དུ་བྱིངས་ཆེ་བས་མཐའ་དཔྱོད་རྒྱས་པར་བྲིས་ན་ཡི་གེ་མངས་པར་འགྱུར་བས་རེ་ཤིག་དེ་ཙམ་མོ། ཁྱད་པར་ཡན་ལག་དྲུག་པ་ནི། སེམས་འགྲེལ་བསྐོར་གསུམ་གྱི་ལུགས་དང་ཁྱད་པར་མེད་པས། ལུགས་དེའི་ཕྱོགས་ཀྱང་ཞིབ་མོར་གཏན་ལ་དབབ་པར་བགྱིའོ། །གཉིས་པ་ནི། ཕ་རོལ་དུ་ཕྱིན་པའི་མདོ་སྡེ་རྣམས་དང༌། སློབ་དཔོན་རྣམས་ཀྱི་བྱས་པའི་སྒྲ་སོགས་ཀྱི་གཞུང་ལུགས་དང༌། སྔགས་ཀྱི་རྒྱུད་


TNT10_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས། དེ་ཁོ་ན་ཉིད་འདི་ཉིད་སྟོན་ཞེས་པའོ། གསུམ་པ་ནི། དེ་ལྟར་རྒྱས་པར་སྟོན་ཡང༌། བླ་མའི་མན་ངག་མེད་པར་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཀྱི་རང་བཞིན་མི་ཤེས་པས། དེ་རྣམས་ཀྱི་ངལ་བ་འབྲས་བུ་མེད་པ་ཡིན་ཏེ། ཐུན་མོང་མ་ཡིན་པའི་བདེན་གཉིས་ཟུང་འཇུག་སྒྲུབ་པའི་ཐབས་མི་ཤེས་པའི་ཕྱིར་རོ། །དེ་སྒྲུབ་པར་བྱེད་པ་ལའང་བླ་མའི་མན་ངག་ལུང་དང་རིག་པས་ཚད་མར་གྲུབ་པ་འདིས་ཆོག་སྟེ། རྟོག་གེ་དང་སྡེབ་སྦྱོར་དང་ཟློས་གར་ལ་སོགས་པ་བློ་གྲོས་ངན་པ་སྤོངས་ཤིག བརྡ་སྤྲོད་ལ་སོགས་པ་དེ་དག་གི་ཐར་པ་འདོད་པ་ཅི་ཞིག་བྱ་སྟེ། ངན་གཡོའི་བློ་གྲོས་ཀྱི་བྱིས་པ་འབྲིད་པར་བྱེད་པ་ཡིན་པའི་ཕྱིར་རོ། །བསྟན་བཅོས་ངན་པ་དེ་དག་ལྷུར་ལེན་པ་སྤང་བར་བྱ་ཞིང༌། སྡེ་སྣོད་གསུམ་དང༌། དགོངས་འགྲེལ་གྱི་གཞུང་ལུགས་རྣམས་དང༌། རྣལ་འབྱོར་གྱི་ཚོགས་ཤིན་ཏུ་རྒྱས་པར་འཆད་པ་རྣལ་འབྱོར་སྤྱོད་པའི་གཞུང་སྟེ། བྱམས་པ་དང་ཐོགས་མེད་ཀྱིས་མཛད་པའི་རང་རྐང་གི་གཞུང་ཤོ་ལོ་ཀ་འབུམ་ཕྲག་ཕྱེད་དུ་ལོངས་པ་རྣམས་ཀྱང་བདག་གིས་མ་ཐོས་ཞེས་ཤིན་ཏུ་འགྱོད་ཅིང་ཆེས་གདུང་བར་ནི་མི་བྱ་སྟེ། བླ་མའི་མན་ངག་ཐོབ་པ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་ཚོགས་ལ་མཁས་པར་འགྱུར་བ་ཡིན་ནོ། །ཀྱཻ་བཟང་མོ་ཞེས་བོས་ནས། མན་ངག་གསུང་རབ་ཐམས་ཅད་ཀྱི་བཅུད་བདུད་རྩི་ལྟ་བུ་འདི་ནི་དེ་རིང་བསྟན་པ་ཡིན་ནོ། །ཞེས་སོ། །གསུམ་པ་ལམ་གྱི་འབྲས་བུ་བྱེད་ལས་དང་བཅས་པ་ལ། འབྲས་བུ་དང་བྱེད་ལས་གཉིས་ལས། འབྲས་བུ་ནི་དེ་ཉིད་བདུན་ཏེ་ཤིན་ཏུ་རྟོགས་དཀའ་བའི་ཕྱིར་ཕྲ་བ་ཟག་མེད་ཀྱི་སེམས་ཀྱི་རྒྱུན་ནི་ཟབ་པ་དང། དེ་ཉིད་དངོས་པོ་ཐམས་ཅད་ཀྱི་རྣམ་པར་སྣང་བས་རྒྱ་ཆེ་བ་དང༌། འཇིག་རྟེན་གསུམ་པོ་ཐམས་ཅད་དུ་དངོས་པོ་ཀུན་གྱི་རྣམ་པས་ཡུལ་དུས་ཐམས་ཅད་


TNT10_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དངོས་པ་ཀུན་གྱི་རྣམ་པས་ཡུལ་དུས་ཐམས་ཅད་དུ་ཆད་པ་མེད་པར་འབྱུང་པའི་ཁྱབ་པ་དང༌། མི་འགྱུར་པའི་བདེ་བ་ཆེན་པོ་རང་བཞིན་གྱི་ངོ་བོར་གནས་པའི་ཕྱིར་བདེ་བ་ཆེན་པོ་དང༌། ངོ་བོ་སྐད་ཅིག་སྔ་ཕྱིར་འགྱུར་བ་མེད་པའི་ཕྱིར་རབ་ཏུ་རྟག་པ་དང༌། ཡེ་ཤེས་གསུམ་དང་ཐམས་ཅད་སྟོང་པའི་དབུས་ཏེ་རང་དུ་གནས་པའི་འཇའ་ཚོན་ལྟར་སྣང་བའི་རྡོ་རྗེ་སྐུ་སྟེ་ཡེ་ཤེས་ཀྱི་སྐུ་དང༌། བདེན་གཉིས་ཟུང་འཇུག་དེ་ཉིད་ཆོས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ངོ་བོར་རྟོགས་པ་ཟུང་འཇུག་སྟེ། དེ་འདྲའི་དེ་ཉིད་བདུན་དང་ལྡན་པ་རིན་པོ་ཆེ་མཆོག་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བའི་དོན་བྱེད་པའི་སེམས་ཀུན་གཞིའི་རྣམ་ཤེས་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །དེ་ལྟར་དེ་ཁོ་ན་ཉིད་བདུན་ནི་ལྡོག་ཆས་ཕྱེ་བའི་ཚེ་མིང་ཐ་དད་པ་ཡིན་གྱི་དོན་ནི་གཅིག་པོ་ཉིད་དོ། །དེ་ལྟར་ཡང་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པ་རྗེ་བཙུན་བླ་མ་དམ་པའི་ཞལ་སྔ་ནས། ཟབ་དང་རྒྱ་ཆེ་ཁྱབ་པ་དང༌། །རྟག་པ་སྐུ་དང་ཟུང་འཇུག་བདེ། །གཅིག་གི་རང་བཞིན་བདུན་དུ་སྒྲགས། །ངོ་བོ་དང་པོའི་རྒྱུད་དུ་བརྗོད། །ཅེས་བཀའ་སྩལ་ཏོ། །འདི་ནི་ཤིན་ཏུ་གལ་ཆེ་ཞིང་བརྗོད་བྱ་མང་བ་ཡིན་མོད་ཀྱི། རྗེ་བཙུན་བླ་མས་གཞུང་རང་གང་དུ་མཛད་པ་ཉིད་ཀྱི་ཕྱིར་དེ་ཉིད་ལ་རྣམ་བཤད་བྱ་བར་འདོད་པས་འདིར་མ་བྲིས་སོ། གཉིས་པ་ལ། ལྷའི་དེ་ཉིད་ཀྱི་བྱེད་ལས་དང༌། སྔགས་ཀྱི་དེ་ཉིད་ཀྱི་བྱེད་ལས་དང༌། རགས་པའི་སྒྱུ་ལུས་ཀྱི་དེ་ཉིད་ཀྱི་བྱེད་ལས་དང༌། ཡེ་ཤེས་ཀྱི་དེ་ཉིད་ཀྱི་བྱེད་ལས་སོ། །དང་པོ་ལ། བྱེད་ལས་དངོས་དང༌། མིང་དོན་གཉིས་ལས། དང་པོ་ནི། བདེན་པ་གཉིས་ལ་ངོ་མཚར་བས། ཨ་རེ་དང་ཨ་ཧོ་ཞེས་བརྗོད་ནས། རྣམ་པར་རྟོག་པའི་དྲི་མ་དག་པའི་ལྷའི་སྐུ་བསྒོམས་པས། ཕྲ་རགས་ཀྱི་ལུས་ལེན་པས་སྐྱེ་བའི་བག་ཆགས་འགགས་ཏེ། ཕུང་ཁམས་


TNT10_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་ཀུན་གྱི་རང་བཞིན་གྱི་ཆ་ལ་སྐྱེ་འཇིག་མེད་པའི་བདེ་བ་སྦྱིན་པར་བྱེད་དོ། །དེ་ཉིད་བདེ་བ་ཆེན་པོ་རྣམ་རྟོག་ནུབ་ཅིང་སྤྲོས་པས་རབ་ཏུ་དབྱེ་ན་པ་རྣམ་པར་རྟོག་པ་མང་བའི་ཡེ་ཤེས་ཀྱི་རང་སྣང་སྟེ། འོན་ཀྱང་རྣམ་རྟོག་ལྟ་བུར་སྣང་བའི་འཕེན་པ་རྟོག་མེད་ཀྱི་སྟོབས་ཀྱིས་རྣམ་པ་ཐམས་ཅད་དུ་མཐོང་ཞིང་ཚིག་གི་ལམ་ལས་འདས་པས་རང་བཞིན་ཇི་ལྟ་བ་སྨྲ་རུ་མེད་པ་ཡིན་ནོ། །དེ་ལྟར་ཡང་དུས་ཀྱི་འཁོར་ལོ་ལས། ལྷ་ཡི་རྣལ་འབྱོར་དག་ཀྱང་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མེད་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་རྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་ལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམས་པའི་དོན། །ཞེས་རྫོགས་རིམ་པའི་ལྷ་ལ་མངོན་སུམ་གྱི་ལྷ་དང༌། བསྐྱེད་རིམ་པ་ལ་རྗེས་དཔག་གི་ལྷ་དང་མ་སྨིན་པས་སྒོམ་པར་གསུངས་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་ཡང་བསྟན་ནོ། །གཉིས་པ་ནི། རང་གི་ལུས་ལས་བྱུང་བས་ཕྱིར་ལྷ་ཞེས་བྱ་སྟེ་སྔར་བཤད་ཟིན་ཏོ། །གཉིས་པ་སྔགས་ཀྱི་བྱེད་ལས་ནི། རླུང་ཐིམ་པའི་སྦྱོར་བས་ནང་གི་དཀར་དམར་འདྲེས་པའི་འདུ་འཕྲོ་བ་འབྱུང་ཞིང༌། དེ་ཡང་སྙིང་ཁར་ཁུ་ཁྲག་སྲེས་ཤིང་ཐིམ་པས་འཆི་མེད་འོད་གསལ་སྟོང་པ་ཉིད་ཀྱི་ཁང་པར་མྱུར་དུ་འགྲོ་ཞིང༌། འཁོར་ལོ་སོ་སོའི་ལྟེ་བར་ནུས་པ་མས་རིམས་ཀྱི་བརྟན་པར་བྱས་པས། སྟེང་དུ་འགྲོ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཆུ་བོ་གདུང་བ་སེལ་བའི་ཕྱིར་རི་བོང་ཅན་ཏེ་ཟླ་བ་དེ་ནི་སྤྱི་བོ་ནས་འོག་ཏུ་འབེབས་པས་འཕོ་བའི་བདེ་བ་དང༌། སླར་སྟེང་དུ་འགྲོ་བའི་ཚེ་འཁོར་ལོ་སོ་སོར་བརྟན་པར་བྱས་པས་སྤྱི་བོ་དང་ནོར་བུར་ལྷན་སྐྱེས་ཀྱི་བདེ་བ་རྣམས་


TNT10_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང་བརྒྱས་པར་བྱས་ཏེ། མི་འཛག་པའི་བདེ་བ་ཆེན་པོ་དེས་ཐིག་ལེ་བཞིའི་དྲི་མ་རྣམ་པ་བཞི་དང་བྲལ་བས་སྒྲིབ་བྲལ་དུ་བྱེད་དོ། །གསུམ་པ་ནི། ཕྲ་བའི་ཡེ་ཤེས་ཀྱི་སྐུ་རགས་པའི་དངོས་པོར་སྣང་བ་ཐམས་ཅད་ལ་འཇུག་ཚུལ་གྱི་དམིགས་པ་བསྒོམས་པས་སྐྱེ་བའི་མཐའ་མ་ལུས་པ་འཇུག་སྟེ། སྐྱེ་བ་སྤྲུལ་སྐུའི་ཚུལ་ཕྱོགས་བཅུ་དུས་གསུམ་གྱི་སྐྱེ་བའི་རྣམ་པ་མཐའ་ཡས་པས་སེམས་ཅན་གྱི་དོན་བྱེད་དོ། །བཞི་པ་ལ། རྐྱེན་གྱི་ཉེ་བར་མཚོན་པ་དང༌། གནས་ཚུལ་མངོན་དུ་གྱུར་པའི་ཚུལ་ལོ། །དང་པོ་ནི། ཇི་ལྟར་ཆུ་འཛིན་ནམ་མཁའ་ལས་བྱུང་ཞིང༌། ནམ་མཁའ་དེངས་ནས་རྣམ་པར་དག་པ་བཞིན་དུ། ནམ་མཁའི་དབུ་མའི་ལམ་དུ་རླུང་ཐིམ་པས་བདེ་བ་ཐོབ་པར་འགྱུར་ཏེ། ཀུན་རྟོག་གི་གཡོ་བ་ཐིམ་པའི་ཕྱིར་རོ། །གཉིས་པ་ནི། རྣམ་དཔྱད་གྱི་ཕྱོགས་ནས་གང་ཡང་འཆི་བ་སྟེ་འགྱུར་བ་མེད་པ་རྒྱ་མཚོ་ལྟར་གཉིས་སྣང་གིས་གཡོ་བ་མེད་པ་སྟེ་གསེར་གྱི་ངོ་བོ་གཡའ་ནམ་ཡང་མ་ཡིན་པ་བཞིན་དུ་སེམས་ཀྱི་ངོ་བོ་གཟུང་འཛིན་དུ་ནམ་ཡང་མེད་པའོ། །དངོས་པོ་རྟེན་འབྱུང་དང་དངོས་མེད་སྟོང་པ་ཉིད་དུ་འཛིན་པ་དང་རྣམ་པར་བྲལ་བ་སྟེ་དེ་གཉིས་ཀ་མ་དམིགས་པའི་ཕྱིར་གནས་ཚུལ་མངོན་སུམ་དུ་གྱུར་པའོ། །ཡོངས་སྤྱོད་ཀྱི་ཆ་ནས། རང་གི་ངོ་བོ་རིག་ཅིང་གསལ་བ་དང༌། ཕྱི་མའི་མཐའ་མེད་པའི་ཡེ་ཤེས་སྔོན་གྱི་ཐོག་མའི་མཐའ་མེད་པ། ཡེ་ཤེས་དེ་ཁོ་ན་ཉིད་སྤྲོས་བྲལ་རང་བཞིན་ཇི་ལྟ་བ་ཁོ་ན་ལས་སྒྲིབ་བྱེད་མེད་ཅིང་གཞན་གོང་ན་མེད་པའི་ཕྱིར་བླ་ན་མེད་པའི་སྲིད་ཞི་ཀུན་གྱི་གཞིར་གྱུར་པ། ངོ་བོ་ལུས་སེམས་འགྱུར་མེད་ཀྱི་བདེ་ཆེན་ལྷན་སྐྱེས་ཀྱི་དགའ་བའི་སེམས་རྟག་ཆད་གང་དུ་མ་ལྷུང་ཞིང་ཆད་པ་མེད་པ་སྟེ། ངོ་བོ་རྟག་ཆད་གང་ཡང་མ་ཡིན་པའི་ཟག་མེད་ཀྱི་སེམས་འདི་མངོན་སུམ་གྱིས་མཐོང་


TNT10_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བས། དང་པོའམ་གདོད་མའི་མགོན་པོའི་རིགས་སུ་གནས་པ་དེ་ཉིད་མངོན་དུ་གྱུར་པ་ཡིན་ནོ། །འདིར་སྨྲས་པ། རྒྱལ་པོའི་རིང་ལུགས་འཛིན་རྣམས་ཁེངས་པའི་གཏམ། །སྨྲ་བ་དེ་དག་བླུན་པོའི་ཡིད་ཆེས་གནས། །ཟབ་མོའི་དོན་ལ་རིག་དང་གྲོལ་ལྡན་པར། །སྤོབས་པ་ཆུ་བོ་ལྟ་བུ་འདི་ན་སུ། །གླུའི་རྒྱུད་གསུམ་པ་བཤད་ཟིན་ཏོ།། །།གླུའི་རྒྱུད་བཞི་པའི་སྟོད་ལ་ཤར་ཕྱོགས་པའི་ཞལ་ནས་སྔགས་ཀྱི་རྣལ་འབྱོར་དང༌། ཕྱག་རྒྱའི་རྣལ་འབྱོར་དང༌། བདེ་བའི་རྣལ་འབྱོར་དང༌། འབྲས་བུ་སྐུ་བཞིར་བསྡུས་ནས་གསུང་ལ། འདིར་རྗེ་བཙུན་རྡོ་རྗེ་འཆང་ལྷོ་ཕྱོགས་པའི་ཞལ་ནས་འདི་ལྟར་གསུང་སྟེ། ལམ་གྱི་གསང་བ་དང༌། འབྲས་བུའི་གསང་བ་གཉིས་ལས། དང་པོ་ལ་སྲོག་རྩོལ། འཛིན་པ། རྗཻས་དྲན། ཏིང་ངེ་འཛིན་བཞི་ལས། དང་པོ་ལ། སྔགས་ཀྱི་དེ་ཁོ་ན་ཉིད། དེའི་སྦྱོར་བ། སྦྱོར་བའི་བྱེད་ལས་ཏེ་གསུམ་ལས། དང་པོ་ལ་གཉིས་ཀྱི་དང་པོ་དེ་ཁོ་ན་ཉིད་མི་ཤེས་པའི་སྐྱོན་ནི། སྦྱོར་བ་གང་ལས་ཀྱང་སྔགས་ཀྱི་དེ་ཁོ་ན་མི་ཤེས་པའི་བྲམ་ཟེ་ལ་སོགས་པའི་ཨོཾ་ཞེས་གླུར་ལེན་པ་སྐད་གསང་མཐོན་པོས་མགྲིན་པ་བསྔལ་པར་བྱེད་ཅིང༌། མཁན་པོས་རྡེག་པ་དང༌། ངལ་ཤིང་ཐང་ཆད་པའི་བར་དུ་ཀློག་པའི་ངལ་བ་འདིས་ཅི་ཞིག་བྱ་སྟེ། དེ་ཁོ་ན་ཉིད་མི་ཤེས་པས་འབྲས་བུ་མཆོག་མི་ཐོབ་པའི་ཕྱིར་མཁས་པའོ་སྙམ་དུ་ཁེངས་ཀྱང་བོང་བུ་ལྟར་བླུན་ཅིང་སྐད་འབྱིན་པ་དེ་དག་གང་ན་འདུག །རིགས་བཟང་བ་གྲོལ་བའི་རྒྱུ་ནུས་པ་ཐོགས་མེད་དུ་སྨྲ་ན་དེའི་ཕྱིར་ཁྱེད་ཅག་རིགས་མཆོག་མ་ཡིན་པ་རིགས་ངན་ཏེ། མ་གྲོལ་ཞིང་མི་གྲོལ་བའི་ཕྱིར་ཏེ། གྲོལ་བའི་མཚན་མ་ཀུན་ནས་ཉོན་མི་མོངས་པ་ཡིན་ན་ཁྱེད་ཅག་གནས་མ་ཡིན་པར་ཉོན་མོངས་པའི་ཕྱིར་ཞེས་དངོས་འབྲས་མ་དམིགས་པའོ། །ཞེས་ཤར་ཕྱོགས་པའི་ལུགས་ཏེ། འོན་ཀྱང་བླ་མ་རྗེ་ནི་འདི་སྐད་གསུངས་ཏེ། རྒྱལ་བའི་རིགས་འཕེལ་བའམ་སད་པའི་ནུས་པ་དང་རྐྱེན་དམན་པའི་ཕྱིར་རིགས་ངན་ནོ་ཞེས་


TNT10_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སྟེ་འདི་ལེགས་སོ། །གཉིས་པ་དོན་དངོས་ནི། དེ་ཡང་སེམས་འགྲེལ་སོགས་སུ་འབྱུང་བ་གཡོན་དང་འཇུག་པ་གཡས་ལ་སྦྱར་བའི་སྐབས་མང་ཞིང་རླུང་ནང་དུ་མ་བསྡུས་པར་དབུ་མར་མི་འཇུག་ལ། དེ་ལ་ཟླས་པའི་མཐའ་གནས་པ་བྱས་ན་དེ་འགྲུབ་སླ་བ་ཡིན་པས་ཨོཾ་ཨཱཿཧཱུཾ་འབྱུང་འཇུག་གནས་གསུམ་ལ་རིམ་པས་སྦྱར་ཞིང༌། ཨོཾ་ཨཱ་ལི་གཡོན་གྱི་རྒྱུ་བ་དཀར་ཆ་ཟླ་བ་དང་ཨཱཿཚེག་དྲག་གི་ཆོས་ཀཱ་ལི་གཡས་ཀྱི་རྒྱུ་བ་དམར་ཆ་ཉི་མ་དང༌། ཧཱུཾ་མཉམ་རྒྱུ་སྒྲ་གཅན་ཐིག་ལེ་མུན་པའི་ཁམས་ཡིན་ཅིང༌། གཡོན་ཕྱིར་འབྱུང་རིམ་དང། གཡས་ནང་དུ་བསྡུད་རིམ་ཡིན་པ་དང་ཤིན་ཏུ་མཐུན་པ་ཡིན་ནོ། །སྤྱིར་རྫོགས་རིམ་རྣམས་གནས་ཚུལ་བཞིན་བསྒོམས་པ་ཡིན་པས། དང་པོར་གང་ནས་རྒྱུ་བ་དེ་དང་མཐུན་པར་རྣལ་འབྱོར་སྒོམ་པ་དེ་ཉིད་ཀྱི་གཞིའི་གློ་བུར་དྲི་མའི་བྱ་བྱེད་རྣམས་ཇེ་ཕྲར་སོང་ནས་མཐར་བཞིའི་ཆོས་བཟང་ཤོས་གཉུག་མའི་གཞི་དང་ལམ་མཇལ་ཏེ་ཡོན་ཏན་ཇེ་རྒྱས་ཀྱི་འབྲས་བུ་ཐོབ་པ་ཡིན་ལ། དེས་ན་རྡོར་ཟླས་རྩ་ལམ་སྦྱོང་བ་ཙམ་དུ་གོ་བ་དང༌། བུམ་ཅན་དང་པོར་སྒོམ་མི་བཏུབ་ཟེར་བ་དང། རྩ་མ་བསྒོམས་ན་རྡོར་ཟླས་རྐྱལ་སྟོང་བརྡབས་པ་ལྟར་འགྲོ་ཟེར་བ་སོགས་དོན་ཇི་བཞིན་མ་གོ་བའི་ཅལ་ཅོལ་དུ་སྣང་ངོ༌། །རྒྱུ་མཚན་ཞིབ་ཏུ་མ་སྤྲོས་ཀྱི་གཞན་དུ་བཤད་པར་བྱའོ། །དེས་ན་ཇི་སྐད་དུ། ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱིས་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་ཟླས་པ། །ཞེས་གསུངས་པ་ལྟར། འདིར་ཨཱ་ཨི་ཞེས་པ་གླུ་རྟ་ཡིན་ལ་ཨཱ་ཟླ་བ་གཡོན་ཨོཾ་དང་ཉི་མ་ཨཱཿགཡས་ཀྱི་རླུང་དང་དབུས་ཏེ་མཉམ་རྒྱུ་སྒྲ་གཅན་དང་ཐིག་ལེའི་ཆོས་ཧཱུཾ་སྟེ་སྔགས་ཀྱི་དེ་ཉིད་ནི་འདི་ཡིན་ནོ་ཞེས་ཧ་ཌི་བ་སྨྲ་བར་བྱེད་དོ། །གཉིས་པ་ནི། འདི་ལྟར་རླུང་དྷཱུ་ཏཱིར་འཇུག་གནས་ཐིམ་པའི་སྦྱོར་བ་འདི་ལ་


TNT10_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྤྲོས་པའི་སྔགས་ཟླས་པ་དང་ཆོ་གའི་སྦྱོར་བ་མེད་ཅིང་ལྡང་འཇུག་གནས་པ་གསུམ་ནི་གནས་པ་གཅིག་དུ་བྱ་བ་དང༌། རླུང་གི་རང་བཞིན་གནས་པ་སྟེ་སྟོང་པར་ཐིམ་པ་ཉིད་ལ་ཞོག་ཅེས་རྡོར་ཟླས་ཀྱི་ཐོག་མར་རླུང་གནས་པ་དང་མཐར་ཐིམ་པར་འགྱུར་རོ། །ལྡང་འཇུག་གནས་པ་གསུམ་པོ་འདི་འདྲ་བ་ནི་ཡི་གེ་གསུམ་གྱི་གསང་སྔགས་ཀྱི་གདངས་སུ་ཐོག་མ་ནས་གནས་པ་དང་མཐུན་པར་སྒོམ་པ་ཡིན་ནོ་ཞེས་རྡོར་ཟླས་ཀྱི་སྦྱོར་བ་དང་གསུམ་ལ། བྱེད་ལས་ནི་པདྨ་སྟེ་རྩ་འཁོར་བརྒྱད་པོའི་ལྟེ་པའི་མདུད་པ་ཕུག་ཅིང་གྲོལ་བར་བྱས་ལ། དབུ་མའི་ནང་གི་ལམ་དེ་ནས་འགྲོ་འོང་བྱས་ཤིང་ཕྱིན་པས་ལྟེ་བ་རྣམས་སུ་ཐིམ་ནས་འགྲོ་འོང་ཆད་པ་ངོ་མཚར་ཆེ་སྟེ་ཨཱ་ཧོ་ཧེ྅་ཞེས་བོས་སོ། །འོ་ན་དྷཱུ་ཏཱིར་ཇི་ལྟར་ཐིམ་པར་འགྱུར་ཞིང༌། ཡི་གེ་གསུམ་གྱི་གདངས་སུ་ཇི་ལྟར་འགྱུར་ཞེ་ན། འདི་ལ་བརྗོད་པར་བྱ་བ་ཆེས་མང་མོད་རྒྱས་པར་འདུས་པ་ལུགས་གཉིས་ལས་རྟོགས་པར་བྱ་ལ། མདོར་བསྡུ་ན་སྙིང་པོ་ནི། སྙིང་ཀའི་སྲོག་རླུང་ཨ་ཡིག་གདངས་ཅན་མགྲིན་པའི་གྱེན་རྒྱུ་ཨུའི་གདངས་ཅན་གྱི་གནས་སུ་ཕྱིན་པས་ཨོ་རུ་འགྱུར་ཏེ། ཨ་ཡི་ཡི་གེ་ཨུ་ཡི་ཡི་གེ་ལ་ཨོའོ་ཞེས་པ་ལྟར་རོ། དེ་སྤྱི་བོའི་ཐིག་ལེ་ཁྱབ་བྱེད་ཀྱི་རླུང་དང་འབྲེལ་བས་ཀླད་སྐོར་དུ་གྱུར་པས་ཨོཾ་སྟེ་ཕྱྀར་འགྲོ་བ་དང༌། སྙིང་ཀའི་ཨ་དང་ནང་དུ་འོང་དུས་གྱེན་དུ་རྒྱུ་ཡང་ཨའི་སྒྲར་སོང་སྟེ་མཚུངས་འདྲར་འགྱུར་ལ། དེ་ཐུར་སེལ་ཧ་སྲོག་མེད་དང་འབྲེལ་བས་རྣམ་བཅད་དུ་གྱུར་ནས་ཨཱཿའི་སྒྲར་འགྱུར་རོ། །གནས་པའི་ཚེ་ཐུར་སེལ་ཧ་སྲོག་མེད་དང༌། གྱེན་དུ་རྒྱུ་ཨཱུ་མི་ཤིགས་པའི་ཐིག་ལེ་ལ་རེག་པ་ན་ཧཱུཾ་དུ་འགྱུར་པ་སྟེ་གཞི་དུས་སུ་ཡོད་པ་ལྟར་སྒོམས་པས་དཔེར་ན་སྨྱུག་མའི་སྦུགས་འགགས་པ་ན། དེར་ཐུར་མ་རིང་པོ་འབྱུང་འཇུག་ཡང་ཡང་བྱས་ནས་སེལ་བ་ལྟར་ཟླས་པའི་འབྱུང་འཇུག་གིས་ཀྱང་མདུད་པ་འཇིག་པ་ཡིན་ནོ། །


TNT10_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སྔགས་བཏུབ་འདི་ཞིབ་ཏུ་རྡོ་རྗེ་ཕྲེང་བར་ཤེས་པར་བྱའོ། །རྡོར་ཟླས་སྔགས་ཀྱི་དེ་ཉིད་འདི་བུམ་པ་ཅན་ལའང་དོན་གྱིས་ཚང་བ་ཡིན་ནོ། །གཉིས་པ་ནི། ཧེ྅ཛཱི་ཞེས་པ་ཀྱཻ་ལགས་ཤེས་བོས་ནས་མཐོ་རིས་སྲོག་དང་ས་འོག་ཐུར་སེལ་ཉི་མའི་རང་དང་ཟླ་བའི་རླུང་གི་ངོ་བོ་དྷཱུ་ཏཱིའི་ལྟེ་བའི་ནམ་མཁའི་དབུས་ཀྱི་ཐིག་ལེར་རླུང་རྣམས་དེངས་ཤིང་ཐིམ་པ་ན། འདི་འདྲ་བ་ལས་ཐོབ་པའི་བདེ་བ་དེ་ནི་གཞན་ཐ་མལ་གྱི་ལས་དང་བྱ་བ་ལ་ལྟ་ཅི་སྨོས། ཏིང་ངེ་འཛིན་གཞན་ལ་འདི་ཡོད་པ་མ་ཡིན་ནོ། རླུང་དང་སེམས་འགགས་པས་སྤྲོས་བྲལ་གྱི་ཡེ་ཤེས་ཤར་བ་ན་དེ་དང་མཉམ་དུ་རྨོངས་པ་སྟེ་གཏི་མུག་གི་རབ་རིབ་འགགས་པ་ཡིན་ལ་རླུང་དྷཱུ་ཏཱིར་ཐིམ་པའི་བདེ་སྟོང་སྒོམ་པ་འདི་མན་ངག་ཐམས་ཅད་ཀྱི་སྙིང་པོ་སྟེ་ངས་ནི་བསྟན་པ་ཡིན་ནོ། །ཇི་སྐད་དུ། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་དཔའ་འཛིན་པའོ། །ཞེས་གསུངས་ལ། སྲོག་ནི་སྤྱི་བོའི་ཧཾ་དང་འབྲེལ་བས་ཟླ་བ་དང༌། ཐུར་སེལ་གཏུམ་མོ་དང་འབྲེལ་བས་ཉི་མ་ཞེས་བརྟགས་ལ་དེ་འཁོར་ལོ་སོ་སོའི་ལྟེ་བའི་ཐིག་ལེ་དང་ཁྱད་པར་གཙོ་བོར་ལྟེ་བ་དང་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བྱེད་པ་ནི་འཛིན་པའོ། །གསུམ་པ་རྗེས་དྲན་ནི། སྲོག་ཐུར་གོང་བུ་གཅིག་ཏུ་སྔ་ནས་གྱུར་ཟིན་པ་བཟུང་བའི་སྐབས་ཁམས་ཕྲ་རགས་ཀྱི་རིམ་པས་རིམ་གྱིས་ཐིམ་པས་དེས་ཞུ་བདེ་ཆེན་པོ་སྐྱེས་ནས་དེ་ལས་ལངས་པའི་སྣང་བ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པའི་སྐུའི་ཕྱག་རྒྱ་སྣང་བར་འགྱུར་བ་ཡིན་ཏེ་དུས་ཀྱི་འཁོར་ལོའི་རྒྱུད་དུའང༌། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་དེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམས་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་


TNT10_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས་སོ། །དེ་བཞིན་དུ། གཏུམ་མོའི་སྣང་བར་གང་ཞིག་གྱུར་བ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཞེས་མདོར་ན་ལྟེ་བའི་གཏུམ་མོའི་སྣང་བ་ཕྱག་རྒྱ་ཆེན་མོ་དང་སྦྱོར་བའི་ཞུ་བདེ་འབྱུང་བའི་ཐབས་ལ་འབད་པ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དངོས་གྲུབ་པའི་སྦྱོར་བ་སྟེ་རྗེས་དྲན་གྱི་ངོ་བོ་འདི་ཁོ་ན་ཡིན་ལ། དེ་འདྲའི་ཕྱག་ཆེན་ཁོ་ནས་བདེ་བ་འཕེལ་མ་ནུས་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། དེས་ཀྱང་མ་ནུས་ན་ལས་རྒྱ་བསྟེན་དགོས་པས། འདི་ལ་གསུམ། ལས་ཀྱི་ཕྱག་རྒྱའི་རྗེས་དྲན། ཡེ་ཤེས་ཀྱི་ཕྱག་རྒྱའི་རྗེས་དྲན། དམ་ཚིག་ཕྱག་རྒྱའི་རྗེས་དྲན། ལས་རྒྱའི་གསང་བ་དང༌། ཕྱག་ཆེན་གྱི་རྗེས་དྲན་ཏེ་ལྔ་ལས། དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས། རྩུབ་ཅེས་བྱ་བ་ནི་བ་ལང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི་པདྨ་ཅན་ཞེས་བྱ་བའོ། །འཁྲང་བ་ནི་ཁུ་བ་སྲ་བ་སྟེ་གང་གི་ཁུ་བ་འཐས་པར་གྱུར་པའོ། འཛེར་པ་ཅན་ནི་དུང་ཅན་མ་སྟེ་པདྨ་ལ་ཤ་མཛེར་ཡོད་པའོ། །བུད་མེད་འདི་དག་ནི་བཅུད་འཆིང་བ་ལ་དབང་བར་གྱུར་པ་ཡིན་ནོ། །ཞེས་གསུངས་པ་ལྟར། རྩུབ་པ་སྟེ་གླང་པོ་ཅན་མ་དང༌། འཇམ་པ་པད་མ་ཅན་དང༌། སྲ་བ་རི་མོ་ཅན་དང༌། འཛེར་བ་ཅན་ནི་དུང་ཅན་མ་དེ་པད་མ་སྟེ་སྐྱེ་གནས་ཀྱི་རྩ་མཆོག་དང་ལྡན་པའི་རིགས་བཞི་པོ་དང༌། གདོལ་བ་མོ་སོགས་རིགས་ལྔ་དང༌། གླང་ཆེན་མ་ལོ་བཅུ་གཉིས་ལོན་པ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་དང༌། དེས་མཚོན་ནས་རི་མོ་ཅན་མ་ལོ་ཉེར་ལྔ་ལ་སོགས་རིན་པོ་ཆེའི་རིགས་སོགས་ཀྱང་བཟུང་ངོ༌། །སྐྱེ་གནས་སྲ་ཞིང་སྐྲ་དང་ཡན་ལག་ཐུང་བ་མྱུར་བ་དང༌། ཡང་ན་སྐྱེ་གནས་སྙི་ཤིང་སྐྲ་དང་ཡན་ལག་རིང་བ་བརྟན་པའི་བདེ་བའི་


TNT10_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་བསྟེན་པ་དང༌། མ་དང་སྲིང་མོ་སོགས་རིག་མ་བཞིའམ་བརྒྱད་ཀྱང་བསྟེན་ཏེ་འདི་རྣམས་ལས་རྒྱའི་སྐབས་སུ་དབང་བསྐུར་བའི་མ་དང་སྤུན་སོགས་བཟུང་བ་ཡིན་ནོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་དེ་རྣམས་ལ་སྦྱོར་ཐབས་དྲུག་ཅུ་རྩ་བཞི་ལ་སོགས་པ་རྣམ་པ་མང་པོའི་སྦྱོར་བས་སྤྱོད་ཅིང་བྷ་གའི་ཁྱིམ་དུ་རྡོ་རྗེ་ནོར་བུའི་ཐིག་ལེ་འཛག་མེད་དུ་བཀག་ཅིང་ལྷན་ཅིག་སྐྱེས་པའི་བདེ་བ་སྒོམ་པར་བྱ་སྟེ་སླར་ཡང་སྤྱི་བོའི་བར་དུ་ཆ་བཅུ་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། སྔར་སྲོག་མི་ཤིགས་པའི་ཐིག་ལེར་ཐིམ་ཟིན་པ་ཕྱག་ཆེན་མངོན་དུ་མ་གྱུར་པ་ལ་འདིས་མངོན་དུ་འགྱུར་ཞིང༌། འཛིན་པས་དྲངས་པའི་རྗེས་དྲན་ཐོབ་ཀྱང་དེས་བདེ་ཆེན་འདྲེན་མི་ནུས་པ་ལ་ཡང་འདིས་བདེ་བའི་དཀྱིལ་འཁོར་དུ་སྟོང་གཟུགས་ཀྱི་ལྷ་མོ་འགྲུབ་ཅིང་གཞན་ཡང་དེས་དཀྱིལ་འཁོར་དཔག་ཏུ་མེད་པ་བ་སྤུའི་བུ་ག་སོགས་ལུས་ཀྱི་རྩའི་གནས་ཐམས་ཅད་ནས་རབ་ཏུ་འཕྲོ་བའི་ཕྱག་ཆེན་གྱི་རྗེས་དྲན་འཐོབ་པར་འགྱུར་རོ། །གཉིས་པ་ནི་ཡང་ན་ཡིད་ཀྱི་བསྒོམས་པའི་བུ་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་ཀ་ར་ཎའི་སྦྱོར་བ་དྲུག་བཅུ་རྩ་བཞི་ལ་སོགས་པ་དངོས་དང་བསྒོམས་པའི་ཁྱད་པར་མ་གཏོགས་ལས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བྱས་པས་ཀྱང་ཕྱག་ཆེན་གྱི་རྗེས་དྲན་ཐོབ་པར་འགྱུར་རོ། །གསུམ་པ་ནི། ཡང་ན་ལྟེ་བའི་དབྱུག་པ་མ་ལ་སྤྱོད་དེ་འབར་འཛག་གི་གཏུམ་མོ་བསྒོམས་པས་ཀྱང་ཕྱག་ཆེན་འདྲེན་པའི་བདེ་བ་རྒྱས་པར་འགྱུར་རོ། བཞི་པ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩའི་རླུང་གིས་འཁོར་ལོའི་ལྟེ་བའི་ཐིག་ལེ་རྣམས་ཞུ་ཞིང་ནོར་བུར་སོན་པའི་ཚེ་སླར་ཡང་ཤེས་རབ་ཀྱི་རྩའི་རླུང་གི་གཏུམ་མོ་འབར་ཏེ་དབུ་མའི་ལམ་ནས་གྱེན་དུ་ཟློག་པར་བྱེད་ལ། ལྷན་སྐྱེས་རྣམ་པ་གཉིས་ཀྱི་སྦྱོར་བ་ལ་སྐྱེ་བོ་ཀུན་གནས་ཤིང༌། རྟག་ཏུ་བརྩོམ་པར་བྱེད་ལ་གཞན་དག་ལ་སྟོན་པར་ཡང་བྱེད་མོད་ཀྱི།


TNT10_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་བླ་མ་དམ་པའི་མན་ངག་གི་འདོམས་པ་མེད་པའི་ཕྱིར་སུས་ཀྱང་མ་གོ་བ་ནི་ཀྱེ་མ་ཕྱུགས་ལྟར་བླུན་པའོ་ཞེས་པའོ། །ལྔ་པ་ནི། རང་གི་ལུས་ལས་བྱུང་ཞིང་ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་གློག་གི་མེ་ལྕེ་དང་མཚུངས་པའི་ཕྱག་རྒྱ་ཆེན་པོ་སྟོང་གཟུགས་ཀྱི་རང་བཞིན་མི་འགྱུར་བའི་བདེ་བ་སྦྱིན་པ་ཆུང་མ་དམ་པ་འདི་ལྟ་བུ་རྙེད་ནས། གཞན་སུ་ལ་ཡང་མ་བསྟན་ཞིག་སྟེ། དེ་སྐད་དུ་ཡང་བླ་མས་བསྟན་པར་བྱ་བའང༌། སློབ་མའི་གོ་བྱ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ།།སུ་ལ་སུ་ཞིག་གིས་ནི་བརྗོད། །ཞེས་པ་ལྟར། ཕྱག་རྒྱ་ཆེན་མོ་དེ་ཡང༌། ངག་གི་ལམ་ལས་འདས་པར་སྟོན་ནོ། །དེ་ལྟར་ཕྱག་རྒྱ་དེ་ནི། ཇི་སྐད་དུ། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ནི་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བའི་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་དང་སེམས་དག་གིས་ནི་བདག་གི་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་གཅིག་པུའོ། །ཞེས་པའི་དོན་གྱི་སྙིང་པོ་གསལ་བར་བརྗོད་ན། གཟུགས་ཀུན་ཉེར་ལེན་ཤིན་དུ་ཕྲ་བའི་རླུང༌། སྤྲོ་བྱེད་ནུས་པའི་ངོ་བོ་ཞེས་བྱ་བ། གཏུམ་མོའི་སྣང་བ་བཞིན་ལག་གི་རྣམ་པ་ཅན་དུ་གདོད་མ་ནས་བཞུགས་པའི་རྐྱེན་གྱི་སར་དུ་འདུས་བྱས་ལ། རླུང་ཐིམ་པ་སོགས་ཀྱི་མངོན་དུ་གྱུར་པ་དེ་ཉིད་བདེ་ཆེན་དུ་ཤར་པ་སྟེ་སེམས་ཀྱི་རང་སྣང་ཡིན་གྱི། ལས་སྣང་གི་དབང་ཡུལ་ལྟར་གྲུབ་པ་མེད་ཅིང་ཡེ་ཤེས་ཀྱི་རང་བཞིན་རླུང་འོད་ཟེར་ལྔ་པས་བེམ་ཆོས་མཐའ་དག་སྲེག་པ་སྲིད་གསུམ་ཅིག་ཆར་སྣང་བར་བྱེད་ནུས་ལ། ངོ་བོ་དངོས་པོ་ཀུན་ལ་ཆ་མེད་དུ་འགྲོ་བས་ཁྱབ་ཀྱང་རྣལ་འབྱོར་པའི་སྣང་བ་ལ་ལྟེ་བའི་དྷཱུ་ཏཱིར་ལྷ་སྐུ་ཡབ་


TNT10_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དུ་ཤར་ནས་མི་འགྱུར་བའི་བདེ་བ་གཏེར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱག་རྒྱ་དེ་ཐོབ་ནས་ཕྱི་རོལ་གྱི་ཕྱག་རྒྱ་སོགས་སྤྲོས་པ་སྤང་བ་ནི་ཕྱག་ཆེན་གྱི་བདེ་ཆེན་རྒྱུན་ཆད་མེད་པར་འདྲེན་ནུས་ན། རྣམ་རྟོག་གི་བསྒོམ་པའི་ཡེ་རྒྱ་དང་མི་མོའི་ལས་རྒྱས་ཁྱོད་ལ་ཅི་ཞིག་བྱ། དེ་ལྟར་ཡང༌། སྙིང་ནི་སྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བཏགས་པའི་ཡེ་ཤེས་ཕྱག་རྒྱ་བཏང་བྱས་ནས། །ཡང་དག་རྫོགས་པའི་བྱང་ཆུབ་སླད་དུ་རྒྱལ་བ་མཆོག་གི་བསྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གི་བགྲོད་བྱ་ཐེར་ཇུག་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་བྱེད་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་བསྒོམ་པར་བྱ། །ཞེས་གསུངས་སོ། དེ་ལྟར་ན། ལས་རྒྱ་ལ་བསྟེན་པས་བྱང་ཆུབ་ཀྱི་སེམས་དབུ་མའི་ནང་གི་འཁོར་ལོ་སོ་སོར་འཇོག་པས་ལས་རྒྱ་འཛག་པའི་བདེ་བ་སྦྱིན་པ་དང་ཡེ་རྒྱ་དང་སྦྱར་བ་ལས་འཁོར་ལོ་སོ་སོའི་ལྟེ་བ་ནས་གཞན་དུ་མི་འཕོ་ཡང་དེ་ཉིད་དུ་གཡོ་ཞིང་གནས་པའི་ཕྱིར་གཡོ་བའི་བདེ་བ་སྦྱིན་པ་དང་ཕྱག་ཆེན་གྱིས་རང་གནས་སུ་མི་གཡོ་བར་བྱེད་པས་ན་མི་འགྱུར་བའི་བདེ་བ་སྦྱིན་པར་བཞག་ལ། ཕྱག་རྒྱ་གོང་མ་གཉིས་བརྟེན་པ་ཡང་སྟོང་གཟུགས་ཕྱག་ཆེན་སྒྲུབ་པ་ཁོ་ནའི་ཆེད་ཡིན་ཏེ། སེམས་འགྱུར་མེད་ཐོབ་པ་ལ་བརྟེན་ཐིག་ལེ་འགྱུར་མེད་ཐོབ་དགོས་པའི་ཕྱིར་རོ། །དབང་མདོར་བསྟན་ལས་ཀྱང༌། ཁུ་བ་མི་འགྱུར་རང་བཞིན་གྱིས། །མཆོག་ཏུ་མི་འགྱུར་སྒྲུབ་པར་བྱ། །བརྟེན་ནི་འཕོ་བ་ཐོབ་པ་ན། །བརྟེན་པའི་འདོད་ཆགས་བྲལ་བ་ཉིད། །ཅེས་གསུངས་སོ། །བཞི་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་གི་ངོ་བོ་མི་འགྱུར་བའི་བདེ་བ་ཡིན་ནོ་ཞེས་སྟོན་པ། ལུས་ཀྱི་རེག་པའི་བདེ་བ་ནི་འགྱུར་བའི་


TNT10_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གཅིག་པུ་ཡིན་པས། སེམས་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཁོ་ན་ནི་དོན་དམ་པའི་བདེ་བ་ཡིན་ནོ་ཞེས། རང་བཞིན་སྔོན་དུ་མ་བྱས་གོང་གི་བདེ་ནི་དོན་དམ་ཡིན་པ་བཀག ལུས་ཀྱི་སེམས་ཀྱི་རང་སྣང་ཡིན་པའི་ཕྱིར་སེམས་ལས་གཞན་ན་ལུས་མེད་པས་ལུས་སེམས་མཉམ་པ་ཉིད་དུ་ཤེས་པའི་འཕགས་ལམ་ན་ལུས་ཀྱི་བདེ་བར་སྣང་ཡང་རང་བཞིན་གྱི་བདེ་བ་དང་རོ་གཅིག་ཏུ་འཇུག་པའི་ཕྱིར་དྲི་མེད་དེ་ཟག་མེད་ཡིན་ནོ། །དེས་ན། འགྱུར་མེད། བདེ་བའི་བརྟེན་ཁུ་བ་རྡོས་བཅས་རིམ་པར་བརྩེགས་པར་འདོད་པ་དང༌། ལོངས་སྤྱོད་རྫོགས་སྐུ་བེམ་ཆོས་ཕྲ་མོའི་རླུང་ལས་གྲུབ་པར་འདོད་པ་ནི་མེ་ལོང་ཡེ་ཤེས་ཀྱི་ངོས་འཛིན་རྗེ་བཙུན་གྱི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། ཅེས་གསུངས་པ་ལ། སེམས་ཙམ་པའི་ལུགས་སོ་ཞེས་འདོར་ན་ཡང༌། དབང་མདོར་བསྟན་དུ། རྟེན་དང་བརྟེན་པ་ལེགས་རྫོགས་པས། །ཇི་སྲིད་འགྱུར་མེད་ཉིད་དུ་འགྲོ། །སེམས་ནི་འགྱུར་མེད་ཉིད་ཐོབ་ན། །རྟེན་དང་བརྟེན་པའི་མཚན་ཉིད་མེད། །ཅེས་སངས་རྒྱས་ལ་ལུས་སེམས་ཐ་དད་མེད་པར་བཤད་པ་དང་འགལ་ཞིང༌། བེམ་ཆོས་ཕྲ་མོའི་སྐུ་དེ་ཡེ་ཤེས་དང་ངོ་བོ་གཅིག་ཅེས་སྨྲས་པས་བེམ་ཤེས་གཞི་མཐུན་པ་ཁས་བླངས་པ་སོགས་འཁྲུལ་པ་དཔག་ཏུ་མེད་པ་བྱུང་བ་ཡིན་ཏེ་གཞན་དུ་རྒྱ་ཆེར་བརྟག་པར་བྱའོ། །ནོར་བ་འདི་འབྱུང་བའི་རྩ་བ་ནི་སྣང་བ་སེམས་སུ་བཤད་པ་བློར་མ་ཆུད་ཅིང༌། ཕྱི་དོན་ཚད་གྲུབ་ཏུ་ཞེན་པ་ལས་བྱུང་ངོ༌། །གཉིས་པ་ལ། བདེ་བས་སྟོང་པ་རྟོགས་ཚུལ་དང༌། བདེ་སྟོང་གཉིས་ཀྱི་མཐའ་གཉིས་སེལ་ཚུལ། དེས་འབྲས་བུ་ལ་སྦྱོར་ཚུལ། འབྲས་བུ་སྐུའི་འགྲུབ་ཚུལ་ཏེ་བཞི་ལས། དང་པོ་ནི། གང་གི་བློ་སྟེ་སེམས་ཀྱི་རྒྱུད་བདེ་བ་དམ་པར་གནས་པ་ནི་ཤིན་དུ་ཕྲ་བ་ཡིན་ལ་སྤྲོས་པ་ཐམས་ཅད་བྲལ་བའི་སྟོང་པ་ཉིད་ཀྱང་


TNT10_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཕྲ་བ་ཡིན་ཏེ། ཤིན་དུ་ཕྲ་བ་དེ་དག་ཡུལ་ཡུལ་ཅན་གྱི་ཐ་སྙད་དུ་འགྱུར་པ་ཡིན་པས། སེམས་བདེ་གསལ་མི་རྟོག་པས་ནམ་མཁའ་ལྟར་ཕྲ་བའི་སྟོང་པ་ཉིད་ལ་གཏད་ཅིང་བསྒོམས་ན། སྤྲོས་བྲལ་གྱི་དབྱིངས་ཡིད་ཀྱི་རྟོགས་པར་འགྱུར་རོ། །དེ་ལ་ལོག་རྟོག་དགག་པ་ནི། དངོས་པོ་དང༌། རང་བཞིན་གྱི་གྲུབ་པའི་དངོས་པོར་མེད་པར་རྣམ་པར་དཔྱད་ཅིང་བསྒོམས་པས་ནི་བདེ་བ་ཆེན་པོ་མི་གཏེར་ཏེ། ཤེས་རབ་ངན་པ་རྗེས་དཔག་དེ་ཁོ་ན་ལ་ཇི་ཙམ་འབད་ཀྱང་ལམ་གྱི་རྟགས་དུ་བ་ཙམ་ཡང་མི་མཐོང་ན་དག་པའི་དཀྱིལ་འཁོར་ཕྱག་ཆེན་མཐོང་བ་མེད་པར་ལྟ་ཅི་སྨོས། ནམ་མཁའ་ལག་པས་འཛིན་ནོ་ཞེས་པ་ལྟར་ཤིན་ཏུ་ཕྲ་བའི་སྤྲོས་བྲལ་གྱི་དབྱིངས་རྗེས་དཔག་གི་རྟོག་པ་རགས་པས་རྟོགས་ཤིང་འཛིན་པར་བྱེད་དོ་ཞེས་རྟོག་གེ་བ་རྣམས་སྨྲ་བ་དེ་ནི་མི་འཐད་དེ། ཡུལ་ཕྲ་མོ་ཡུལ་ཅན་རགས་པས་འཛིན་མི་ནུས་པའི་ཕྱིར་རོ། །དེ་བས་ན་གྲུབ་པའི་དོན་ནི་ཤེས་པ་རྣམ་པ་གསུམ་པོ་སྔ་མ་སྔ་མ་ལས་ཕྱི་མ་བཟང་ཞིང་རྣོ་བ་དང་ཁྱད་པར་དུ་ཟབ་མོའི་དབྱིངས་ལ་ཅུང་ཟད་ཀྱང་བསམ་དུ་མེད་ཅིང་མི་དམིགས་པར་བསྒོམས་པས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་ཁྱད་པར་ཅན་མྱུར་དུ་མཐོང་ཞིང་མཐོང་མ་ཐག་ཏུ་འོད་གསལ་གྱི་སེམས་རྗེས་མཐུན་ཐོབ་པ་ཡིན་པས་ན། དང་པོའི་ལས་ཅན་གྱིས་ཀྱང་འོད་གསལ་གྱི་དཀྱིལ་འཁོར་དུ་བ་སོགས་མཐོང་ཞིང་ཡེ་ཤེས་མེ་ལྟ་བུ་སྐྱེ་བའི་སྔ་རྟགས་སྟོང་གཟུགས་དུ་བ་ལྟ་བུ་མཐོང་བའི་ཕྱི་རོལ་གྱི་དོན་སོགས་ལ་བདེན་པར་ཞེན་པའི་རབ་རིབ་ཞི་བར་འགྱུར་རོ་ཀྱཻ་ཞེས་བོས་སོ། །དེས་ན་སྒཽམ་བྱུང་གི་ཚེ་ཡང་འཕགས་ལམ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་རྗེས་དཔག་ཁོ་ན་དགོས་ན། འཕགས་པའི་མི་རྟོག་ཡེ་ཤེས་ལ་མི་རྟོག་པའི་ཉེར་ལེན་མེད་པར་འགྱུར་བ་དང༌། ལས་དང་པོ་


TNT10_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་བསམ་མེད་སྒོམ་ཚུལ་དྲི་མེད་འོད་དུ། དང་པོར་སྟོང་ཉིད་བྱང་ཆུབ་ནི། མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །ཞེས་གསུངས་ཤིང༌། གཞན་དུའང༌། རྟོག་པ་ཉམས་པས་བློ་ཉམས་ཤེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ལས་ནི་བློ་བཟང་པོ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །ཞེས་རྣམ་རྟོག་ཉམས་པས་བློ་སྟེ་ཤེས་རབ་ཀྱང་ཉམས་ནས་རྨོངས་པར་འགྱུར་བས་རྟག་ཏུ་རྗེས་སུ་བརྟག་པར་བྱའོ་ཞེས་བློ་ངན་དག་ཟེར་རོ་ཞེས་འདི་ལ་དམིགས་ཀྱིས་བཀར་བའོ། །གཞན་ཡང་རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོར་མཉམ་བཞག་ནམ་མཁའ་ལ། །ལྟས་ཤིང་ལྟས་ཤིང་མཐོང་བ་འགག །ཅེས་པ་དང་སེམས་ཀྱི་རྩ་བ་དབྱུང་བྱས་ཏེ། །སྟོང་པ་ཉིད་ལ་གོམས་བྱེད་པ། །མ་རིག་རབ་རིབ་ཀྱིས་ལྡོངས་ལ། །མིག་སྨན་འདི་ལས་གཞན་ཅི་ཡོད། །ཅེས་དང༌། གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་སོགས་ཀྱང༌། འདིའི་དོན་ཡིན་ཏེ། འདིར་རིགས་པས་དཔྱད་པའི་སྟོང་ཉིད་དང༌། ཧར་སྒོམ་གཉིས་ཀའང་ལུང་རིགས་ཚད་མས་གྲུབ་པའི་ཕྱིར། གཅིག་བློ་ལ་འཛེམ་པ་ན། ཅིག་ཤོས་ལ་དགྲ་ལྟར་ལྟ་བར་མི་བྱའོ། །འོ་ན་བརྒྱལ་བ་དང་གཉིད་འཐུག་པོས་ཀྱང་གྲོལ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེ་དག་ནི་ཡིད་བྱེད་བཀག་ཙམ་གྱི་ཧར་སྒོམ་ཡིན་ན་ཐལ་བར་འགྱུར་གྱི། འདི་ནི་སེམས་ཀྱི་གསལ་རིག་གི་ཆ་ལ་བརྟེན་ནས་མི་དམིགས་པར་འཇུག་པས་སོ། །དེ་ལྟར་ན་ཡང་འདོད་སེམས་རྩེ་གཅིག་པའི་བདེ་གསལ་མི་རྟོགས་པ་དང༌། བསམ་གཏན་གྱི་ས་བའི་ཞི་གནས་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་སྒོམ་པར་ཐལ་བར་འགྱུར་རོ་སྙམ་ན། བདེན་མོད་ཀྱི་འོན་ཀྱང༌། རྣལ་འབྱོར་ལ་གོམས་པ་རྣམས་ལ་ནི་དོགས་པ་དེ་མི་འབྱུང་སྟེ། འདིར་ནི་གང་སྣང་ཐམས་ཅད་ལ་ཆེར་གྱིས་བརྟགས་པའི་ཚེ་དམིགས་གཏད་ཀྱི་ཡུལ་རང་སར་ཞིག་པའི་བརྗོད་


TNT10_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལ་དམིགས་སུ་མེད་པར་སྒོམ་པ་ཡིན་ལ། དེ་དག་ལ་ནི་སེམས་གསལ་ཙམ་ལ་དམིགས་ནས་འཇོག་པ་ཙམ་ཡོད་ཀྱི་ཚུལ་འདི་ནི་མེད་པས་ཁྱད་ཆེ་ལ། གལ་ཏེ་མི་རྟོག་པས་ཆོག་ན་རིག་པས་དཔྱོད་པ་དཀའ་ལ་དོན་ཆུང་ཞིང༌། དེ་དགོས་ན་ཐོག་མ་ནས་ཧར་སྒོམ་བྱེད་པ་འཁྲུལ་སྙམ་ན། འདི་གཉིས་གནོད་བྱ་གནོད་བྱེད་ཡིན་ན་བདེན་མོད་ཀྱི། དེ་གཉིས་འགལ་བ་མ་ཡིན་པས་ཕྱིར་རིགས་པས་དཔྱད་པའི་སྟོང་ཉིད་ཀྱི་སྒྲུབ་བྱེད་རྣམས། ཧར་སྒོམ་འགོག་བྱེད་དོ་སྙམ་པ་འདི་རང་བློ་དམན་པའོ། །དེ་བཞིན་དུ་དེ་གཉིས་སྟོང་ཉིད་སྒོམ་པ་ལ་ཕུང་གསུམ་སེལ་བའི་འགལ་བ་ཡིན་ན་དེ་ཡང་རིགས་པ་ལྟར་སྣང་མོད། སྟོང་ཉིད་ལ་འཇུག་པ་ལ་རྟོག་པ་དང་མི་རྟོག་པ་ཕུང་གསུམ་སེལ་བ་ཡིན་ཡང༌། རིག་པའི་དཔྱད་སྒོམ་དང༌། བརྗོད་བྲལ་གྱི་ཧར་སྒོམ་གཉིས་ཀ་མ་ཡིན་པ་སྟོང་ཉིད་ལ་དམིགས་པའི་ཕུང་གསུམ་མང་དུ་ཡོང་བ་ཡིན་ནོ། །སྤྲོས་པས་ཆོག་གོ །གཉིས་པ་ནི། ཨཱ་རེ་ཞེས་ངོ་མཚར་བའི་ཚིག་སྟེ་གང་ལ་ན་བདེ་བ་ཆེན་པོས་སྡུག་བསྔལ་ཏེ་མ་དག་པའི་ལས་སྣང་མཐའ་དག་ལས་སྐྱོབ་ཅིང་སྡུག་བསྔལ་འགོག་པ་སྟེ་འདི་སྙིང་རྗེའི་རང་བཞིན་ཡིན་ལ། སྙིང་རྗེ་ཡང་ཇི་སྐད་དུ། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོའོ། ཞེས་པ་ལྟར་རོ། གཞན་ཡང༌། བདེ་བ་ཆེན་པོས་དངོས་པོ་ཀུན་ལ་རྒྱས་བཏབ་པའི་ཚེ་ཞིང་སྦྱོང་བ་དང་སེམས་ཅན་སྨིན་པའི་རྟེན་འབྲེལ་ཁྱད་པར་ཅན་དུ་འགྱུར་རོ། །གཉིས་སུ་སྣང་བ་ནུབ་པར་འགྱུར་བ་ནི་དགེ་བའི་མགོན་པོས་ཀྱང༌། །གང་ཚེ་སྐྱེས་པའི་བདེ་བ་ཆེ་གོམས་པ། །བདེ་ལས་གཞན་པའི་དངོས་པོ་མཐོང་མེད་ཅིང༌། །སྣ་ཚོགས་སྣང་བའི་དངོས་ནི་མ་ལུས་པ། །རང་བཞིན་བདེ་བ་ཆེན་པོ་འཆར་བར་འགྱུར། །དེ་ཚེ་མིག་སོགས་དབང་པོའི་ཡུལ་སྣང་བའི། །


TNT10_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པའི་དངོས་འདི་མ་ལུས་པ། །སྒྱུ་མ་སྨིག་སྒྱུ་དྲི་ཟའི་གྲོང་ཁྱེར་དང༌། །བར་མའི་སྲིད་དང་ཆུའི་ཟླ་བ་དང༌། །སྣང་བརྙན་སེང་གེ་ཟླ་བའི་གྲོང་བཞིན་དུ། །མ་ལུས་རང་བཞིན་གཅིག་པ་སྣང་བར་འགྱུར། །ཞེས་པ་ལྟར། བདེ་སྟོང་སྤྲོས་བྲལ་གྱིས་མ་དག་པའི་ལས་སྣང་འགགས་ནས་བདེ་ཆེན་གཅིག་པུར་སྣང་བ་ཡིན་ནོ། །རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཀྱི་གསལ་སྟོང་གཟུགས་ཀྱི་དཀྱིལ་འཁོར་མཐའ་ཡས་པས་ནི་ཞི་བའི་མཐར་མི་ལྟུང་ཞིང་མཐའ་དེ་ལས་བརྒལ་བར་འགྱུར་ཏེ་དེ་ནི་གཟུགས་སྐུའི་རྒྱུ་དངོས་ཡིན་ལ་གཟུགས་སྐུས་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་མཛད་པའི་ཕྱིར་རོ། །དངོས་བསྟན་འདིར་མ་ཟད་སྟོང་གཟུགས་ཀྱིས་ཀྱང་འཁོར་བའི་བེམ་ཆོས་ཟློག་པ་དང༌། བདེ་སྟོང་འགྱུར་མེད་ཀྱིས་ཀྱང་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་མི་བཟློག་པར་རང་འཁོར་བ་ལས་ཐར་ཙམ་གྱི་མྱང་འདས་དོན་གཉེར་ཟློག་ཚུལ་ནི་རང་གཞན་སྲིད་གསུམ་ཐམས་ཅད་བདེ་ཆེན་གཅིག་ཏུ་སྣང་བ་དང༌། དེས་འོད་གསལ་གྱི་དཀྱིལ་འཁོར་རབ་འབྱམས་སྤྲོ་བས་བཟློག་པ་ཡྀན་ཏེ་དེ་ལྟར་ན་བདེ་སྟོང་ངོ་བོ་གཅིག་ཀྱང་ལྡོག་ཆའི་སྒོ་ནས་ཕན་ཚུན་རྒྱས་བཏབ་པ་ཡིན་ནོ།། དེའི་ཕྱིར་གཟུང་འཛིན་གཉིས་ཀྱི་སྣང་བ་སྡུག་བསྔལ། ཐམས་ཅད་མི་སྣང་སྟེ་ཐ་ན་རྣམ་བྱང་གི་སྡུག་བསྔལ་བདེན་པ་ཡིན་གྱི་ལུས་དང་ཞིང་ཙམ་ཡང་མི་སྣང་བར་གཞན་བདེ་བ་ཆེན་པོས་སྤྲོས་བྲལ་སྟོང་པ་ཉིད་དུ་སྣང་བ་དང་དག་པའི་སྣང་བ་རབ་འབྱམས་སུ་སྣང་ངོ༌། །དེ་ལྟར་གྲུབ་ཆེན་མཚོ་སྐྱེས་ཀྱིས་ཀྱང༌། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པས་འགྲེལ་བར། རང་གིས་རིག་པ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་དག་པའི་རྣམ་པར་དག་པ་ཡིན་གྱི། གཞན་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་དག་པའི་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །


TNT10_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་རང་གིས་རིག་པ་ཙམ་ཕར་ཕྱིན་ཐེག་པར་ཡང་བཤད་ཀྱི་དེ་བདེ་བ་ཆེན་པོར་ནི་བླ་མེད་ཀྱི་རྒྱུད་སྡེ་ཁོ་ནར་བསྟན་ཏེ། དེས་ན། རང་རིག་དང་བདེ་བ་ཆེན་པོ་ནི་འདིར་ཤིན་ཏུ་གལ་ཆེ་བས་སྡང་སྨྲས་མི་བྱའོ། གསུམ་པ་ནི། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་འདིས་སེམས་ཀྱི་འོད་གསལ་གྱི་དྲི་མའམ་ལྷན་ཅིག་སྐྱེས་པའི་དྲི་མ་འགྱུར་བདེའི་བག་ཆགས་ཕྲ་མོ་ཡང་བྲལ་བར་བྱེད་ཅིང༌། སྙིང་ཁ་མན་ཆད་དབུ་མ་ན་མུན་པའི་དབུགས་རྒྱུ་བ། སྙིང་ཁ་མན་ཆད་ཀྱི་སྣང་བ་རླུང་གིས་ཕུག་པ་ཐིག་ལེ་འབར་འཛག་གི་ཐ་མ་འདིས་ཁུ་རྡུལ་གྱི་ཚོགས་པ་ཞིག་ནས་སྣང་བའི་རླུང་སྟེ་འོད་གསལ་མཐར་ཐུག ཆོས་སྐུ་འཆར་ལ་དེ་དང་མཉམ་དུ་རླུང་གི་སྒྲོད་པ་དེ་སྙིང་ཁའི་དབུས་དང་ཁམས་ཀྱི་སྒྲོད་པ་དེ་སྤྱི་བོར་ཐིམ་ལ། སོ་སོར་རང་གི་རིག་པའི་ཡེ་ཤེས་སུ་གྱུར་པའི་ཟག་མེད་སེམས་ཀྱི་རྒྱུན་འདི་ནི། འོད་གསལ་མཐར་ཐུག་བ་གསར་དུ་ཐོབ་པ་ཡིན་ཡང་རང་བཞིན་གྱིས་དག་པ་ལ་ཐོག་མཐའི་དབྱེ་བ་མེད་པ་སྟེ། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་སྤྲོས་པ་གང་ཡིན་ཐམས་ཅད་ཉེ་བར་ཞི་བའི་སེམས་རྫོགས་སངས་རྒྱས་ཀྱི་ཡེ་ཤེས་འདི་ངོ་མཚར་ཆེའོ། །ཞེས་འབྲས་བུ་རང་བཞིན་ལྷན་སྐྱེས་ཀྱི་ངོ་བོ་བཤད་དེ། གྲུབ་པའི་དོན་ནི་རླུང་དང་ཁམས་ཟད་པ་དང་འདི་མངོན་དུ་བྱེད་པ་དུས་མཉམ་ཞེས་པ་ཡིན་ནོ། །བཞི་པ་ནི། རླུང་གི་རང་བཞིན་རྣམ་པར་དག་པའི་སྣང་བ་གཟུགས་སྐུ་དང་སེམས་ཀྱི་རང་བཞིན་དག་པ་ཆོས་སྐུ་ནི་མིང་ཐ་དད་ཀྱང་ངོ་བོ་དབྱེར་མེད་པས་གཅིག་ཡིན་ནོ། །འབྱུང་བ་ཕྲ་མོ་དང་ཡང་བྲལ་བར་མ་ཟད། ཟག་མེད་ལས་ཀྱིས་སད་པར་བྱས་པའི་མ་རིག་བག་ཆགས་ཀྱི་འཁྲུལ་སྣང་དང་མ་འདྲེས་པས་སེམས་ཅན་གྱི་སྤྱོད་ཡུལ་མ་ཡིན་ཅིང༌།


TNT10_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུ་ཡང་ཡིན་ལ་བདེ་བ་ཡང་ཡིན་པ་ནི་ལྷན་སྐྱེས་ཀྱི་སྐུའམ་ངོ་བོ་ཉིད་སྐུའོ། །ཐུགས་མི་འགྱུར་བའི་བདེ་བ་ནི་སྒྲིབ་པ་ཕྲ་མོ་ལས་ཀྱང་གྲོལ་བའི་ཡེ་ཤེས་ཆོས་སྐུ་དང༌། གསུང་རྣམ་པ་ཐམས་ཅད་པའི་སྐད་ཀྱིས་འགྲོ་བའི་སྙིང་ལ་བརྟེན་འབྱུང་གི་ཚུལ་གྱིས་འཇུག་པ་གཞོམ་མེད་ནཱ་དའི་ངོ་བོ་མཐར་ཐུག་རླུང་སེམས་ཟག་པ་མེད་པའི་ལས་སྣང་གི་རྣམ་པ་ཅན་ས་བཅུའི་སེམས་དཔའ་ལ་སྣང་བ་ལོངས་སྐུ་དང༌། ཟག་བཅས་དག་པའི་ལས་སྣང་ལ་འབྱུང་ལུས་ཕྲ་རགས་སུ་སྣང་བ་གང་ལ་གང་འདུལ་གྱི་འཕྲིན་ལས་ཅན་སྤྲུལ་པའི་སྐུ་རྣམས་ལ་རིམ་པའི་རྣམ་པའི་མཆོག་ཀུན་དང་ལྡན་པའི་སྐུ་དང༌། རབ་མཆོག་ལྷན་སྐྱེས་བདེ་བའི་སྐུ་དང༌། མཆོག་གི་སྐུ་དང་འབྱུང་བའི་སྐུ་ཞེས་བྱ་སྟེ། གཞི་ལ་དེ་ལྟར་གནས་པ་དེ་བཞིན་དུ་ལམ་ཡང་བསྒོམས་པས་ཁམས་འགགས་པ་སོགས་ཚུལ་དེ་འདྲ་བས་འབྲས་བུ་སྐུ་བཞི་དེ་ལྟ་བུ་ནི། ཐེ་ཚོམ་མེད་པར་ཐོབ་ཅེས་ཧ་ཊི་བས་ཧ་ཐ་སྟེ་བོད་སྐད་ཚོང་འདུས་ཀྱི་སའི་དབུས་སུ་དེ་རིང་བསྟན་པ་ཡིན་ནོ། །གཞི་ཇི་ལྟར་གནས་ཤེ་ན། ཟག་མེད་ཀྱི་སེམས་རྒྱུན་དེ་རྣམ་པ་ཐམས་ཅད་དུ་རྩལ་མ་འགགས་པར་འཆར་བ་དང་རང་བཞིན་བདེ་བར་ཡོད་པ་དང༌། རླུང་སེམས་ཙམ་གྱི་ལུས་དང༌། སྐྱེ་བའི་སྲིད་པ་ལེན་ཅིང་གནས་པ་སྟེ་དེ་ལྟར་རིམ་པས་ཡིན་ནོ། །དེས་ན་སེམས་དང་ཐིག་ལེ་དང་རླུང་དང་རྩ་རྣམས་གནས་གྱུར་ཅིང་འགགས་པའི་འབྲས་བུ་རིམ་པས་སྐུ་བཞིའོ། །དེ་སྐད་དུ། ལུས་ནི་དྭངས་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ཏུ་ཆད་པ་མེད་པ་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་


TNT10_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པས་འཁྱུད་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་སངས་རྒྱས་ནམ་མཁའ་ལྟ་བུ་དངོས་མེད་ཡིན་ན་ཡེ་ཤེས་གཞན་ནས་ཚོལ་དགོས་ནའང་དེ་ལྟར་མ་ཡིན་པས་གཞན་དུ་མ་ཚོལ་ཅིག་ཅེས་ནམ་མཁའ་ལྟ་བུར་མ་ཚོལ་སེམས་ལས་གཞན་དུ་མ་ཚོལ་ཞེས་སོ། །དེ་ལྟར་སྐུ་བཞི་སྤྱིར་བསྟན་ནས་ཡེ་ཤེས་ཀྱི་སྐུ་དང་བདེ་ཆེན་གྱི་སྐུ་རང་ལ་གནས་པ་བསྟན་པ་ལ་ཡེ་ཤེས་ཀྱི་སྐུ་རང་ལ་གནས་པར་བསྟན་པ་དང༌། རང་ལ་གནས་པའི་བདེ་ཆེན་གྱི་སྐུ་བཤད་པའོ། དང་པོ་ལ། ཡེ་ཤེས་ཀྱི་སྐུ་དངོས་བཤད། དེའི་བྱེད་ལས་བསྟན་ཅིང་དོགས་པ་བཅད་པའོ། །དང་པོ་ནི། ཁྱད་པར་བྱེད་བཞི་ལྡན་ཏེ། དུས་ཀྱི་ཁྱད་པར་རང་ལ་ཐོག་མ་མེད་པའི་དུས་ནས་ཡོད་པའི་སེམས་ཀྱི་སྣང་ཡུལ་རང་བཞིན་གྱི་ཁྱད་པར་ལྟེ་བས་དབུས་སུ་གནས་པའི་གཏུམ་མོ་མཆོག་གི་དབང་ཕྱུག་མའི་མིང་ཅན། ངོ་བོ་ཁྱད་པར་ནམ་མཁའ་དང་མཉམ་པར་ཁྱབ་པའི་སྟོང་པ་ཉིད་གཞིའམ་བརྟེན་གྱི་ཁྱད་པར་རང་གི་ལུས་ལ་གསེར་དང་དངུལ་ཆུ་ལྟར་ཁྱབ་ཅིང་ཞལ་ཕྱག་ལ་སོགས་པ་ལྷའི་རྣམ་པའི་གཟུགས་ཅན་དུ་འགྲོ་བ་དྲུག་དང་བར་དོར་སྐྱེས་པ་ཙམ་གྱིས་མཚན་དཔེ་ལ་སོགས་པའི་རྣམ་པར་གནས་པའོ། །འོན་ཀྱང་ལམ་གྱི་དུས་སུ་རྣལ་འབྱོར་བས་ནི་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་རླུང་འགགས་པ་ན། དྷཱུ་ཏཱིའི་ནང་དེ་ཉིད་ཀྱི་ཁུ་རྡུལ་གྱི་ཐིག་ལེ་ཡས་མས་སུ་བརྩེགས་པར་སྣང་བས་གདོད་པའི་ཡེ་ཤེས་བསྐྱེད་པར་བྱེད་པའོ། །གཉིས་པ་ནི། དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ལམ་དུས་སུ་མངོན་དུ་གྱུར་པས་ནི། བེམ་པོ་ལུས་ཀྱིས་མས་རིམ་གྱི་གཅོད་པར་བྱེད་དོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་འབྱུང་ལུས་ལས་གྲུབ་པ་མ་ཡིན་ནམ་ཞེ་ན། ཡེ་ཤེས་ཀྱི་སྐུ་བེམ་པོ་རྡུལ་ཕྲ་རབ་ལས་གྲུབ་པར་མ་ལྟ་ཞིག་ཅེས་པའོ། །གཉིས་པ་ལ། འགྱུར་བས་འགྲོ་བའི་ཚུལ་དང༌། རྟེན་བརྟེན་པ་འགྱུར་མེད་ཀྱི་ཚུལ་གཉིས་ལས། དང་པོ་ནི། ཉི་མ་རྡུལ་དང་ཟླ་བ་


TNT10_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བའི་དབུས་ན་རླུང་སེམས་དབྱེར་མེད་གཞོམ་དུ་མེད་པའི་ནཱ་ད་གནས་པ་འདི་ནི་ཁུ་རྡུལ་རླུང་གི་ཚོགས་པ་ཕྲ་མོ་ཞེས་བྱ་བ་མི་ཤིགས་པའི་ཐིག་ལེ་ཡིན་ཏེ། དུས་ཀྱི་འཁོར་ལོའི་འགྲེལ་བར་སྤྱན་རས་གཟིགས་ཀྱིས། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ་རྟག་ཏུ་ནཱ་དའི་མཚན་ཉིད་དོ། །ཞེས་སོ། །དེས་ན་འདིའི་སེམས་ཀྱི་རང་བཞིན་ལ་ཐོག་མཐའ་མེད་པའི་སེམས་དཔའ་དང༌། ལུང་འདི་ཉིད་དུ་ཡེ་ཤེས་ཞེས་ཀྱངགསུངས་པས། ཁ་བ་ཅན་གྱི་ཕྱོགས་འདིར་ཀུན་མཁྱེན་གཉིས་པའི་ཞལ་སྔ་ནས། མ་རིག་པ་གཞོམ་མེད་ཅེས་གསུང་བ་དང༌། དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་འཇོམས་ཞེས་གསུངས་བའང་མི་ལེགས་ཏེ། ཡེ་ཤེས་དང་མ་རིག་པ་འགལ་ཞིང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བཅོམ་ནས་ཕྱི་མཐའ་བྱུང་བའི་ཕྱིར། དེས་ན་ཁམས་ཀྱི་ཚོགས་པ་དྲི་མ་རྣམ་ཤེས་ཀྱི་ཆ་དེས་འཇོམས་ཀྱི་སེམས་ཀྱི་ཁམས་ཡེ་ཤེས་ཀྱི་ཆ་མི་འཇོམས་པ་ཡིན་ནོ། །གང་ལྟར་ཐིག་ལེ་འདི་ལ་བརྟེན་ནས་རླུང་འཕོ་བ་བཅུ་གཉིས་འབྱུང༌། དེས་རྡུལ་གྱི་ཁམས་འབར་ཏེ་དཀར་ཆ་འཛུལ། དེ་ལ་དགའ་བ་བཅུ་དྲུག་འབྱུང༌། དེར་ཐིག་ལེ་ཉམས་པས་མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་འབྱུང༌། དེས་རྒྱུད་ལ་བག་ཆགས་བརྟས་ཏེ་འཕོ་བའི་རྒྱུ་བ་སོགས་འཁོར་ལོ་ལྟར་འཁོར་བའི་འཁོར་ལོ་བསྐོར་བས། ས་ཆུ་མེ་རླུང་ཁུ་རྡུལ་ནམ་མཁའ་རྣམ་ཤེས་ཏེ་ཡོན་ཏན་བརྒྱད་བོ་རགས་པ་བླངས་པས་བག་ཆགས་བསྒོས་ནས་རགས་པ་དོར་བའི་ཚེ་ཕྲ་བ་ཙམ་ལ་སེམས་བརྟེན། ཡང་བག་ཆགས་དང་བརྟེན་གྱི་དབང་གིས་རགས་པ་ལེན་པར་བྱེད་པ་ཡང་འཁོར་ལོ་འཁོར་བ་ལྟར་རམ། ས་བོན་དང་ལོ་ཏོག་ལྟར་འབྱུང་ངོ༌། །གཉིས་པ་ནི། དེ་འདྲའི་འཁོར་བ་གང་དུ་ལྡོག་པའི་དུས་ཡོད་དམ་ཞེ་ན། ལུས་དང་སེམས་དབྱེར་མེད་


TNT10_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རོ་གཅིག་དུ་རྟོགས་པར་གྱུར་པ་དེའི་ཚེ་རྫོགས་པའི་སངས་རྒྱས་ལུས་སེམས་འགྱུར་བ་མེད་པ་ཐོབ་པ་ཡིན་ནོ། །གང་འགྱུར་བ་མེད་པ་ཡིན་ཅེ་ན། གཙོ་བོ་ནི་ཐིག་ལེ་ཡིན་མོད་ཀྱི་སྤྱིར་རྟེན་བརྟེན་པ་བཅུ་གཉིས་འགྱུར་བ་མེད་པ་སྟེ། བླ་མའི་ཞལ་སྔ་ནས། འདིར་ནི་རེ་ཤིག་ཁུ་བ་གསུམ། །དོན་ནི་རླུང་ཡང་རྣམ་པ་གསུམ། །སེམས་དང་ཡེ་ཤེས་རྣམ་གསུམ་ནི། །འགྱུར་མེད་བདེ་བ་དམ་པ་ཡིན། །ཅེས་སོ། ཁམས་དང༌། རླུང་དང༌། སྣང་བ་དང༌། དགའ་བ་རྣམས་ལ་གསུམ་གསུམ་དུ་ཕྱེ་བ་རྟེན་བརྟེན་པ་བཅུ་གཉིས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་འདི་ལྟར་སྟེ། སེམས་འཁོར་འདས་ཀུན་གྱི་ཉེར་ལེན་དུ་བསྟན་པ། སངས་རྒྱས་ཀྱི་སྐུའི་སྒྲུབ་བཞིར་བཤད་པ། ཇི་ལྟར་འཁོར་བ་འབྱུང་བའི་ཚུལ་ལོ། །འདི་ལས་བརྩམས་ཏེ་ལུང་རིགས་ཀྱི་དགག་སྒྲུབ་རྒྱ་ཆེར་སྤྲོ་བས་དཔྱོད་ལྡན་དགའ་བར་བྱེད་པ་ཡིན་མོད་ཀྱི་འདིར་ཡང་སྙིང་པོ་བསྡུ་ན་དང་པོ་ནི་རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེའི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་དང༌། འདིར་ནི་འགའ་ཡང་སྐྱེ་བ་མེད། །འགའ་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །ཞེས་པའི་དོན་སེམས་ཀྱི་རང་བཞིན་ནམ་འོད་གསལ་གྱི་རང་བཞིན་ནི་འཁོར་བའི་རྒྱུ་མ་ཡིན་ཏེ་གྲོལ་ཐིག་ལས་ཀྱང༌། ཐམས་ཅད་རྣམ་རྟོག་དང་བྲལ་བས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །ཅེས་དོན་མེད་བཞིན་སྣང་བའི་འཁྲུལ་པ་ཡིན་ལ། སེམས་ཀྱི་རང་བཞིན་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེས་ན་དྲི་བཅས་འོད་


TNT10_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་ཆ་འཁོར་བ་སྟེ། དྲི་མ་ཅུང་ཟད་ཡོད་པའི་སྐབས་ནའང་འཁོར་བའི་སྣང་བ་ཅུང་ཟད་ཡོད་དོ། །སྨྲས་པ། ཆོས་ལྔ་རང་བཞིན་གསུམ་དང་རྣམ་ཤེས་བརྒྱད། །བདག་མེད་རྣམ་གཉིས་ཐེག་ཆེན་ཁྱད་ཆོས་སུ། །གསུངས་པའི་རྣམ་ཤེས་བརྒྱད་ལ་བཀུར་མི་བཏབ། །ཟག་མེད་སེམས་རྒྱུན་རྣམ་དག་ལ་སྡང་བས། །ངེས་དོན་མདོ་ལ་སྡང་སྨྲ་མི་འཚལ་ལོ། །སློབ་དཔོན་རྣམས་ཀྱི་གཞུང་ནི་དམད་ཀྱང་སླ། །རྒྱལ་བའི་བཀའ་ལ་དམད་ན་དམ་ཆོས་སྤོང༌། །སྡིག་པའི་རི་བོ་འདི་འདྲ་སུ་ཡིས་འཇོམས། །ནོར་པ་རྒྱུད་མར་འབྱུང་ཕྱིར་མཁས་རྣམས་ཁྲེལ། །འདིར་འཁོར་ལོ་རིམ་པ་གསུམ་གྱི་གནས་སྐབས་དང་མཐར་ཐུག་གི་ངེས་དོན་གདན་ཐོག་གཅིག་ཏུ་འགལ་མེད་དུ་ཉམས་སུ་ལེན་ཤེས་པ་ཤིན་ཏུ་གལ་ཆེ་ནའང་རེ་ཤིག་མ་སྦྲོས་སོ། །གཉིས་པ་ལ་སྐུ་གཉིས་དང༌། སྐུ་བཞིའི་སྒྲུབ་གཞི་སྟེ། ཕྱི་མ་ནི་ཤེས་རབ་ཕལ་པ་ཐོས་བསམ་ལས་བྱུང་བས་ནི་གནས་ལུགས་ལ་དམིགས་ཀྱང་ལམ་གྱི་མཚན་མ་ཙམ་ཡང་མྱུར་བར་འབྱུང་དཀའ་ཞིང༌། དཔྱད་འཇོག་གི་སྒོམ་བྱུང་ཕལ་བས་མཚན་མ་ཙམ་འབྱུང་སླ་ཡང་ཇི་བཞིན་མི་རྟོགས་ལ། མཚན་མེད་ཀྱིས་འཇུག་ན་སྤྱིར་ཇི་བཞིན་རྟོགས་མོད་ཀྱི་འོན་ཀྱང་བདེ་ཆེན་དང་མ་འབྲེལ་ན་ཡུན་རིང་དུ་ཐོགས་པ་ལས་ཡུལ་ཅན་བདེ་ཆེན་གྱིས་ནི་མྱུར་དུ་རྟོགས་པ་ཡིན་ནོ། དེ་ལ་གཞི་ཟག་མེད་ཀྱི་སེམས་ལ་འཛིན་སྟངས་སྤྲོས་པ་ཐམས་ཅད་ཉེར་ཞིའི་རྣམ་པ་ཅན་དུ་གཞི་དུས་ནས་ཡོད་ལ། དེ་ཡང་རང་བཞིན་ལྷན་སྐྱེས་སུ་གནས་པ་ནི་ཐུགས་ཆོས་སྐུའི་ཉེར་ལེན་ཡིན་ཅིང༌། ངའི་སྣང་ཡུལ་སེམས་ཀྱི་བཞོན་པའི་རླུང་ལུས་ཀྱི་ཆོས་སྣང་བའི་ཆ། མཚན་དཔེ་སོགས་རྗེས་མཐུན་པ་ལོངས་སྐུའི་རྣམ་པ་ཅན་ཏེ། མདོ་རྣམས་སུ་མཚན་དཔེ་


TNT10_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ་སེམས་ཅན་ལ་ཡོད་པར་གསུངས་བའང་འདི་ལ་དགོངས་སོ། །འདི་སྐུའི་ཉེར་ལེན་དང་སྒྲུབ་བཞི་ཡིན་པ་རང་ལ་གདོད་མ་ནས་ཡོད་པ། དབང་པོའི་རིམ་པས་རིམ་གྱི་རང་ངོ་ཤེས་ནས་ཇེ་བཟང་དུ་སོང་ནས་མངོན་དུ་གྱུར་པ་ཡིན་ནོ། །དོན་དམ་པར་འཁོར་བ་དང་དྲི་མ་མེད་ཀྱང་མ་དཔྱད་འཁྲུལ་ངོར་བཅིངས་གྲོལ་གཉིས་ཀའི་བྱེད་ལས་མི་འགལ་ཤིང་ལམ་ལ་འབད་མི་དགོས་པའི་སྐྱོན་མེད་དེ་[དོ]། བདེན་ཏེ་འོན་ཀྱང་རྨོངས་ལས་འདོད། །ཅེས་པ་ལྟར་རོ། །ཀུན་གཞི་ལ་རྣམ་ཤེས་ཡེ་ཤེས་ཀྱི་ཆ་གཉིས་ལས་ཡེ་ཤེས་ཀྱི་ཆ་ལ་འགྱུར་མེད་ཀྱི་ཐིག་ལེ་བཞིའི་ཆ་གནས་པ་ནི་ངོ་བོ་དྲི་བྲལ་ཟད་དེ་སྐུ་བཞིའི་སྒྲུབ་གཞི་སངས་རྒྱས་ཀྱི་རྒྱུད་དངོས་འདི་ངོ་བོ་མི་འགྱུར་བ་ནི་ཐོག་མ་མེད་པའི་དུས་ཀྱི་དེ་ནས་སངས་རྒྱས་པའི་སྐབས་ཀྱི་ལ་བཟང་ངན་དང་རྣམ་པ་སོགས་སྐད་ཅིག་མ་སོ་སོར་མི་འདྲ་བ་ཡེ་མི་འབྱུང་བ་དང༌། ལམ་སོགས་ཀྱི་འགོག་པ་དང་འཇོམས་པ་མེད་པས་གཞོམ་མེད་དོ། །གསུམ་པ་ནི། འདི་ཡོད་ཙམ་ཉིད་ནས་སྐྱེས་པའི་དྲི་མ་ཀུན་གཞི་རྣམ་ཤེས་ནི་གསེར་དང་གཡའ་ལྟར་རྣམ་པ་དབྱེར་མེད་དུ་འདྲེས་པ་སྔ་མ་ལས་རགས་ཤིང་ངོ་བོ་དབྱེར་ཡོད་པ། དྲི་མ་སོགས་པའི་གཞིའམ་བརྟེན་དྲི་བཅས་རྣམ་ཤེས་ཕྲ་མོ་འདིའི་སྟེང་གི་འགྱུར་བཅས་ཀྱི་ཐིག་ལེ་བཞི་ལས་གནས་སྐབས་གཞིའི་བག་ཆག་སོགས་འཁྲུལ་པ་རྣམས་འབྱུང་ངོ༌། །འདི་ལའང་གཞོམ་མེད་དང་མི་ཤིགས་པའི་མིང་འདོགས་ཏེ་ལྷན་སྐྱེས་ཀྱི་སྒྲིབ་པ་དང་མ་རིག་བག་ཆགས་ཀྱི་སའོ། །དེས་ན་དྲི་བཅས་ཀྱི་སྐབས་ལྟར་བཤད་པ་ལྟར་གཞོམ་མེད་ཀྱི་ནད་ལས་བག་ཆགས་ཀྱི་སྟོབས་ཀྱིས་གཉིས་སྣང་འབྱུང་ཤིང་དེར་གཟུང་འཛིན་གྱི་རླུང་ཕྲ་མོ་རྣམས་འབྱུང་ངོ༌། །དེས་རྐྱེན་བྱས་རླུང་ཅུང་ཟད་ཕྲ་བ་རྣམ་པ་བཅུ་རྩ་དང་བཅས་པ་འགྲུབ་པར་བྱེད། དེ་ནས་


TNT10_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་རགས་པའི་འབྱུང་འཇུག་གིས་སྡུག་བསྔལ་འཁོར་ལོ་སྣ་ཚོགས་པ་འབྱུང་ངོ༌། །ནད་སྐྱོད་པའི་ཚེ་གཟུང་འཛིན་གྱི་རྣམ་རྟོག་གིས་ལས་དང་ཉོན་མོངས་སྣ་ཚོགས་པས་སྣོད་བཅུད་སྣ་ཚོགས་པར་འགྲུབ་པ་ཡིན་ལ། རླུང་གིས་མེ་སྦར་དེས་དགའ་བ་བཅུ་དྲུག་ཤར། དེའི་ལྷན་སྐྱེས་ཀྱི་མཐར་ཉམས་ནས་དུག་གསུམ་གྱི་དྲི་མ་བགོ་ཚུལ་སྔར་བཤད་ལ། ཁྱད་པར་མ་རིག་པའི་སྐབས་སུ་ཕྱིན་ཅི་ལོག་བཞི་དངགཟུང་འཛིན་རང་བཞིན་གྱིས་གྲུབ་པར་རྨོངས་ཤིང་ང་རྒྱལ་བའི་མ་རིག་པ་འབྱུང་ངོ༌། །དེས་ལས་བྱས་པ་ནས་སྲིད་པ་གསུམ་གྱི་མཐར་རྒ་ཤིའི་སྐབས་འབྱུང་བ་ན་ཕྲ་རགས་རིམ་པས་ཐིམ་ཞིང༌། སྤྱི་བོ་ཧཾ་གི་ཆུས་ལྟེ་བའི་མེབསང་ཁུ་རྡུལ་རགས་པའི་ཚོགས་པ་དེར་ཞིག་ནས་ཡོན་ཏན་བརྒྱད་རགས་པ་དོར་ཕྲ་བ་ཙམ་གནས་ཤིང་ཡང་རགས་པ་ལ་འཇུག་གོ ། འདིར་ཀུན་གཞིའི་ཡེ་ཤེས་དེ་རང་བཞིན་གྱི་གྲུབ་བམ་མ་གྲུབ་ཞེ་ན་འདིར་བླ་མའི་བཞེད་པས། བྲམ་ཟེ་ཆེན་པོའི་ཞལ་ནས། ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་པའི་ཡེ་ཤེས་བླ་མེད་པའོ། ཁ་སང་དེ་རིང་དེ་བཞིན་སང་ནི་གཞན། །དོན་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད། །ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །འཛག་པ་བཞྀན་དུ་ཉམས་པ་མ་ཚོར་རོ། །བྱ་བ་བྱེད་དང་བྱ་བ་མི་བྱེད་པ། །ངེས་པར་རྟོགས་ན་འཆིང་གྲོལ་མེད། །ཅེས་པའི་ཁ་སང་གི་སེམས་དེ་རིང་བཟང་དུ་སོང་ཟེར་བ་ལྟ་བུ། སྙིམ་པ་ཆུས་གང་བ་ཟགས་པ་མ་ཚོར་བ་དང་འདྲའོ་ཞེས་པས་དུས་ལ་ལྟོས་ནས་གཅིག་དུ་བྲལ་གྱིས་གཏན་ལ་ཕབ་པ་ཡིན་པའི་རིགས་པས་དཔྱད་མི་བཟོད་པས་རང་བཞིན་མེད་པ་ཡིན་གསུང༌། བོད་ཀྱི་སློབ་དཔོན་མཁས་པའི་ཞལ་ནས་ཀྱང༌། སངས་རྒྱས་ཉིད་ཀྱང་ཡང་མིན་ན། །ཞེས་གསུང་པ་དང་མཐུན་པར་སྣང་ངོ༌། །གསུམ་པ་ལམ་སྒྲུབ་པར་གདམས་པ་ལ། ལམ་གྱི་རྩ་བ་གཡོ་མེད་ལ་གདམས་པ། ལམ་


TNT10_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངོ་བོ་ཟུང་འཇུག་ལ་གདམས་པ། ལམ་གྱི་མཐར་ཐུག་ཉེ་རྒྱུ་ལ་གདམས་པ། ལམ་གྱི་ཆ་རྐྱེན་ལྟོས་མེད་ལ་གདམས་པ། ལམ་གྱི་རང་བཞིན་རྩ་བྲལ་དུ་གདམས་པ་སྟེ་ལྔ་ལས། དངཔོ་ལ་གཡོ་མེད་ཀྱི་རྒྱུ་དང༌། གཡོ་མེད་དངོས་དང༌། དེའི་འབྲས་བུ་གསུམ་ལས་དང་པོ་ནི། ལྟོས་མེད་ཆུང་ངུ་སྟེ། འདོད་ཡོན་ལ་བརྐམ་ཞིང་ཆགས་ལ་ཡིད་གཡེང་བས་རྨོངས་ན་དཀའ་བ་ཇི་ཙམ་བྱས་ཀྱང་དངོས་གྲུབ་མི་འགྲུབ་སྟེ། དེ་བས་ན་འདོད་ཡོན་ལ་གཡེང་པའི་གནས་ཁྱིམ་ནི་འཆིལ་མའི་ཐལ་བ་སྟར་ཡིད་འཁྲེན་པ་དང་འགྱོད་པ་མེད་པར་བོར་བར་བྱས་ལ། སྒེག་འཆོས་མི་བྱེད་པར་མགོ་བོའི་སྐྲ་ཅི་དགར་བྲེགས་ཤིང་ལག་ཏུ་དབྱུག་པ་དང་ཁ་ཕོར་ངན་པ་གཞན་གྱིས་བོར་བ་ཐོགས་ནས་སློང་མོ་སྤྱོད་པར་བྱའོ། །གཉིས་པ་ནི། རྣམ་རྟོག་སྣ་ཚོགས་པའི་བསམ་པ་དང་ལུས་ངག་བྱ་བ་བྱེད་པའི་སྡུག་བསྔལ་དེ་བོར་ལ། ལྐུག་པའི་དངོས་པོ་ཇི་ལྟ་བར་ངག་མི་སྨྲ་བས་སེམས་གཉུག་མ་སྟེ་སྟོང་པ་ཉིད་ལ་ཞོག་ཤིག ཅེས་ལུས་དང་ངག་དང་སེམས་མི་གཡོ་བར་སྒོམ་ཅེས་པའོ། །སྒོམ་པ་དང་སྒོམ་བྱ་སྒོམ་བྱེད་གསུམ་མ་དམིགས་པས་ཅུང་ཟད་ཀྱང་སྒོམ་དུ་མེད་པར་སེམས་ཞོག་ཤིག་ཀྱཻ་ཧ་ཌི་བ་ཞེས་བོས་སོ། །འཕྲོས་པའི་དོན་ནི། དེའི་རྒྱུ་མཚན་ཇི་ཙམ་རྩོལ་བས་མཚན་མ་སྒོམ་པ་དང་ངག་གི་ཀློག་པ་དང་ཁྱིམ་གྱི་ལས་སོགས་གཡེང་བ་མང་པོས་ལམ་གྱི་ལྷན་སྐྱེས་དངོས་གཞི་ཐོབ་པ་རྣམས་ཀྱང་དངོས་གྲུབ་མྱུར་དུ་མི་འགྲུབ་ཅིང་སྔར་མ་ཐོབ་ན་ཐོབ་པ་ལ་གེགས་བྱེད་པའི་ཕྱིར། ལུས་སེམས་དུབ་ཅིང་ངལ་བས་སྡུག་བསྔལ་གྱི་རྒྱུའོ། །དེ་བས་ན་རྒྱལ་པོ་གོ་བི་ཙཎྜ་ཁྱོད་ཀྱང་རྒྱལ་སྲིད་ཀྱི་རང་གཞན་གྱི་ཕན་བདེ་རྒྱ་ཆེན་པོ་འགྲུབ་སྙམ་ན། ཕན་པ་དང་བདེ་བ་ལྟར་སྣང་ཉི་ཚེ་འགྲུབ་ཀྱང་འདི་ཡི་ཆེད་དུ། རང་གཞན་ལ་གནོད་པ་དཔག་ཏུ་མེད་པ་འབྱུང་བའི་རྒྱལ་སྲིད་དེ་བོར་ན་རུང་སྟེ་འདི་ལ་གཡེང་བས་ཏིང་


TNT10_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མི་འགྲུབ་ལ་ཕན་བདེ་ཤིན་དུ་རྒྱ་ཆེ་བ་ནི་ཏིང་ངེ་འཛིན་ལས་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། བདག་གིས་རྒྱལ་སྲིད་ཀྱི་བདེ་བ་སྤོང་བར་མི་ནུས་སྙམ་ན། གཡོ་མེད་གསུམ་གོམས་པའི་འབྲས་བུ་སེམས་གཉུག་མའི་བདེ་བར་ཤེས་པའི་ཚེ་ནང་གི་བདེ་བ་དེ་ལ་མ་ཆགས་བཞིན་དུ་དགའ་བ་སྐྱེས་པ་དེས་དེ་དགའ་བདེ་དེ་ཉིད་ལ་ཡང་མི་ཆགས་ན་རྒྱལ་སྲིད་སོགས་འཁོར་བར་འདོད་པའི་བདེ་བ་མི་གཙང་བ་གྱ་ནོམ་པ་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ལ་ག་ལ་ཆགས། གཉིས་པ་ལ་ཐབས་ལ་འབད་པར་གདམས་པ་དང༌། ཟུང་འཇུག་དངོས་ལ་གདམས་པ་གཉིས་ལས་དང་པོ་ནི། གཟུགས་གང་ཡང་རུང་བ་ཅི་མཐོང་བ་དང་སྒྲ་གང་ཐོས་པ་དང༌། དྲི་གང་སྣམ་པ་དང་རོ་གང་མྱངས་བ་དང༌། རེག་བྱ་གང་རེག་པ་ཐམས་ཅད་ལས་གཉུག་མ་བདེ་བ་ཆེན་པོ་མཚོན་པར་བྱེད་དེ། བདེ་སྟོང་ཤར་བ་ན་དེས་རྒྱས་བཏབ་པས། ཡུལ་སྣང་དེས་ཀྱང་བདེ་བ་ཆེར་འབར་བའི་རྐྱེན་དུ་སོང་ནས། བདེ་ཆེན་ཚད་མེད་པས་དུས་འདས་པས་བཟའ་བཏུང་ཉེར་སྤྱོད་སོགས་ལ་དགའ་བ་མེད་པར་སྨྱོན་པའི་སྤྱོད་པ་སྤྱོད་པའི་རྣལ་འབྱོར་པ་ཧ་ཌི་བ་ངས་ནི་ནགས་སུ་གནས་ནས་འདུ་འཛིའི་ལང་ལོང་སྤངས་བ་ཡིན་ཏེ། ཁྱོད་ཀྱང་ཁྱིམ་སྤོངས་ཤིག་སྤངས་ནས་སླར་ཡང་དགོན་པར་འདུ་འཛི་མ་བྱེད་ཅིག་ཅེས་པ་སྟེ་འདིས་བདེ་སྟོང་འཕེལ་བའི་ཐབས་བསྟན་ནོ། །གཉིས་པ་དངོས་ནི། བདེ་བས་སྟོང་ཉིད་མཐོང་ཡང་ཡུལ་ཡུལ་ཅན་རྒྱང་ཆད་ཐ་དད་པའི་ཚུལ་གྱིས་གཉིས་སུ་མཐོང་བ་མེད་དེ། གཉིས་སུ་བལྟས་ན་དེ་ཡང་གཟུང་འཛིན་གཉིས་ཀྱི་སྣང་བའི་འཁྲུལ་བ་ཡིན་པས་དེས་ཐར་པ་ག་ལ་ཐོབ། དེ་བས་ན་བདེ་བ་དང་སྤྲོས་པའི་མཚན་མའི་དམིགས་བཏད་གདོད་མ་ནས་རང་ཞིག་ཏུ་རྟོགས་པའི་སྟོང་པ་གཉིས་སུ་ཐ་དད་མི་བྱ་བར་རོ་གཅིག་སྲེ་བར་བྱོས་ཤིག འདིའི་ཟུང་འཇུག་ནི་བདེ་


TNT10_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཟུང་འཇུག་སྟེ། དེ་ལྟར་ཡང༌། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུའང་བྲི་བར་མི་བྱའོ། །ཞེས་ཡུལ་སྣང་གི་བདེ་བ་སེམས་སུ་བསྟན་པ་དང༌། དེ་ཡང་རང་བཞིན་མེད་པའི་སྟོང་པར་བསྟན། འདི་རྟོགས་པས་བདག་ཉིད་གཉིས་འཛིན་གྱི་འཁྲུལ་པའི་སེམས་ཆད་ཅིང༌། ཐེ་ཚོམ་ལས་གྲོལ་བར་བསྟན་ནོ། །གསུམ་པ་ཉེ་རྒྱུ་ལ། གནས་ལ་གདམས་པ། གྲོགས་ལ་གདམས་པ། དབང་བསྐུར་པ་པོ་ལ་གདམས་པ། དབང་གི་ཡེ་ཤེས་ལ་གདམས་པ། འབྲས་བུ་ལ་གདམས་པ་ལྔའི་དང་པོ་ནི། ཡུལ་དང་ཡུལ་འཁོར་ཐམས་ཅད་ས་བཅུ་སྟེ་ཡུལ་ཉེར་བཞིའི་རང་བཞིན་ཡིན་པ་ཐམས་ཅད་རང་བཞིན་སྟོང་པ་ཉིད་དང་ཀུན་རྫོབ་ནུས་པ་མཉམ་པར་ཤེས་པས་ཡུལ་འཁོར་གང་ཡང་རུང་བར་སྤྱོད་པའོ། །གཉིས་པ་ལ། སྤྱི་དང་ཁྱད་པར་གྱི་གྲོགས་བཤད་པ་དང༌། གྲོགས་ཀྱི་མཆོག་བསྟན་པ་གཉིས་ལས། དང་པོ་ནི་། རྣལ་འབྱོར་པ་ཡེ་ཤེས་དང་ལྡན་པ་ལ་འཇིག་རྟེན་པའི་ཕོ་ཉ་མོ་སྔགས་སྐྱེས་རྣམས་དང་ཞིང་ལས་སྐྱེས་པའི་ཕོ་ཉ་མོ་ས་ལ་གནས་པ་དང༌། མཆོག་སྟེ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་མཁའ་འགྲོ་མ་རྣམས་མངོན་ཤེས་དང་རྫུ་འཕྲུལ་གྱི་རྐང་པར་ལྡན་པས་ན། དེ་དག་བགྲོད་པ་ལ་ཐག་རིང་ཐུང་བྱེ་ཕྲག་མེད་པའི་ཕྱིར། རིང་ནས་ཀྱང་མྱུར་དུ་འོངས་ནས་རིག་པའི་དངོས་གྲུབ་གྲུབ་པའི་སྐྱེས་བུ་ལ་སྙོམས་པར་འཇུག་པ་དང་གདམས་པ་སོགས་ཀྱི་སྒོ་ནས་དངོས་གྲུབ་དམ་པ་ཀུན་སྟེར་བར་མཛད་པས་ན། པུརྞཱ་གི་རི་སོགས་སུ་ལུས་ཀྱི་དངོས་སུ་འགྲོ་ཡང་མི་དགོས་ལ། འགྲོ་དགོས་ཀྱང་ཡེ་ཤེས་ཀྱི་སྐུས་སྐད་ཅིག་ལ་འགྲོ་བས་ཛ་ལནྡྷ་ར་པ་ང་ཡིས་ཡུལ་གཞན་མི་སྐོར་


TNT10_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རོ། དེ་ལྟར་ཡང༌། མངོན་བརྗོད་བླ་མར། ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པད་མའི་འབྱུང་གནས་ཉམས་དགའ་ལ། །ངང་བའི་ཚོགས་འདུ་ཇི་བཞིན་ནོ། །ཞེས་དང༌། བདེ་མཆོག་ཉུང་ངུར་ཡང༌། དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་པོ་ནས་ཀྱང་གཟིགས་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་སྔགས་སྐྱེས་སོགས་གསུམ་གྱིས་བདེ་བ་སྦྱིན་པ་ལས་དེའི་ནང་གི་ཁྱད་པར་གྱི་ཕྱག་རྒྱ་ནི། ལྷ་མོ་སོགས་མཁའ་ལ་སྤྱོད་མ་དང༌། གླུ་མོ་སོགས་ས་འོག་ན་སྤྱོད་མ་དང༌། མི་མོ་སོགས་ས་སྟེང་ན་སྤྱོད་མ་དང༌། གནོད་སྦྱིན་མོ་དང་རིག་འཛིན་མོ་སོགས་གསུམ་ཅར་དུ་སྤྱོད་མ་རྣམས། ཕྱིའི་ཡུལ་ཉེར་བཞི་སོ་སོར་རྒྱུ་བ་དང༌། ནང་གི་རྩ་ཁམས་རླུང་སོ་སོར་ཐིམ་པར་བྱེད་པ་ལ་སྔགས་པ་ནི། དཔེར་ན་ལྷ་མོ་སོགས་མཁའ་སྤྱོད་མའི་ཕོ་ཉ་མོ། ཡུལ་པུརྞགི་རི་སོགས་ཞིང་བཞིར་སྤྱོད་པ་ལ་ཕྱག་རྒྱའི་དངོས་གྲུབ་སྟེར་བ་མང་ཞིང༌། རྣལ་འབྱོར་པའི་སྤྱི་བོ་སོགས་ཀྱི་རླུང་ཐིམ་པར་བྱེད་པ་ལ་མཐུ་ཆེ་བ་ཡིན་ནོ། །དེ་ལ་ལྷ་མོ་ནི་ཐིག་ལེ་མཆོག་མ་སོགས་དང༌། གནོད་སྦྱིན་མོ་ནོར་རྒྱུན་མ་ལྟ་བུ་དང༌། རིག་པ་འཛིན་པའི་བུ་མོ་དཀའ་ཟློག་མ་ལ་སོགས་པ་མ་མོ་རྣམས་ཡིན་ནོ། །གཉིས་པ་ནི། ལྷན་ཅིག་སྐྱེས་མ་དང༌། མཉམ་པར་སྦྱར་བས་ཉི་མ་གཅིག་གིས་ཀྱང་དངོས་གྲུབ་མཆོག་འགྲུབ་སྟེ། དེ་ཡང་སྤྱངས་པ་ལས་བྱུང་བའི་ཕྱག་རྒྱའི་སྟོབས་ཀྱིས་བདེ་སྟོང་འདྲེན། དེས་ཁམས་དང་རླུང་འགགས་པས་སྔགས་སྐྱེས་སོགས་ཀྱི་འདུ་བ་རིམ་གྱིས་ཐོབ་ནས། དང་པོར་དངོས་གྲུབ་མཆོག་མཐོང་ལམ་དང༌། མཆོག་མཐར་ཐུག་པ་སངས་རྒྱས་ལ་སྦྱོར་བ་ན་ངེས་པར་ཞིང་སྐྱེས་ཀྱིས་


TNT10_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ནས་ལྷན་སྐྱེས་ལ་སྦྱོར་བས། དེ་ལ་ནི་བདེ་སྟོང་གི་ཡེ་ཤེས་སྐྱེད་པ་ལ་གང་དང་ཡང་མི་མཉམ་པའི་སྟོབས་ཡོད་པས་ཉི་མ་གཅིག་ཁོ་ནས་འགྲུབ་བོ། །གསུམ་པ་དབང་བསྐུར་བ་པོ་ནི། སངས་རྒྱས་གཤེགས་པ་གཤེགས་མ་རྣམས་དང༌། ས་སྙིང་དང་གཟུགས་རྡོ་རྗེ་མ་སོགས་བྱང་ཆུབ་སེམས་དཔའ་དང་སེམས་མ་རྣམས་དང༌། ཁྲོ་བོ་ལྷ་མོ་དང་བཅས་པ་རྣམས་སྐད་ཅིག་གཅིག་པོ་དེ་ལ་ནམ་མཁའ་ཐམས་ཅད་བར་སྐབས་མེད་པར་གང་བར་སྣང་བའི་དབང་བསྐུར་ཞིང་མཆོད་པ་དང་གདམས་པ་ཐོབ་པ་སྟེ། མཐོང་ལམ་ཐོབ་པའི་དུས་སྤྲུལ་སྐུ་དང༌། རྒྱུན་མཐའི་སྐབས་ལོངས་སྐུའི་དཀྱིལ་མཁོར་དུ་དབང་བསྐུར་བ་མནོས་པ་དང༌། རྫོགས་རིམ་དངོས་གཞིའི་དུས་བླ་མས་དབང་བསྐུར་བ་གཙོ་བོ་ཆེ་བ་ཡིན་ནོ། །དེ་སྐད་དུ་དུས་ཀྱི་འཁོར་ལོར། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་མ་སོགས་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་གསུངས་སྟེ་གོ་སླའོ། །བཞི་པ་ནི། གླུ་གར་མཁན་གྱི་བུ་མོ་སོགས་ལས་ཀྱི་ཕྱག་རྒྱ་དང་ཡིད་ཀྱི་ཕྱག་རྒྱ་ཡང་གནས་སྐབས་དང་པོ་གཉིས་སུ་ཡོད་ཅིང༌། སྐབས་གསུམ་པའི་ཚེ་ནི་ལས་རྒྱ་དང་རྣམ་བཅས་དང་རྣམ་མེད་ཀྱི་ཕྱག་ཆེན་གསུམ་པོ་ཁོ་ན་ལ་བརྟེན་པ་ཡིན་པས། ཕྱག་རྒྱ་སྔོན་མ་དེ་གཉིས་ཀྱི་ཆོས་འབྱུང་བྷ་གས་དྲངས་པའི་བདེ་བ་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོའི་ལྷན་སྐྱེས་ཀྱི་རྒྱལ་


TNT10_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཆོས་ཀྱི་སྐུ་ལ་ཧ་ཌི་བ་བདག་སྤྱོད་བར་བྱེད་དོ། །ལྔ་པ་ནི། ནམ་མཁའ་དང་རོ་མཉམ་པའི་སྤྲོས་བྲལ་ངང་སེམས་ཀྱི་བདེ་དགའ་དང་རོ་གཅིག་པའི་རྡོ་རྗེ་སེམས་དཔའ་རྡོ་རྗེ་རྩེ་གཅིག་པའི་ངེས་པའི་དོན་ཡིན་ཏེ་དེ་ཡན་ཆད་ཐམས་ཅད་དུ་ཡང་གདམས་པའི་དོན། འཁོར་གསུམ་ཡོངས་སུ་མི་དམིགས་པར་སྒོམས་ཤིག་ཅེས་བཤེས་གཉེན་ཀྱིས་གདམས་པར་བྱའོ། །བཞི་པ་ནི། ཁྱིམ་དང་ལྷ་ཁང་གི་ཡོ་བྱད་དེ་གཙུག་ལག་ཁང་དང༌། འཁོར་གཡོག་མང་པོ་སྐྱོང་བ་དང༌། གཉེན་འདུན་གྱི་ཕྱིར་དང་མཐོ་བ་དང་གཞན་དམན་པར་སྟོན་པའི་ཕྱིར་རང་གཞན་འབད་བ་ཆེ་ཐད་དུ་བྱེད་པའི་བྱ་བས་བཅིངས་པའི་གང་ཟག །དཔའ་བ། བརྟུལ་ཕོད་པ། ཡིད་གཞུང་པ། ཚིག་འཛིན་པ་དང་དོན་དཔྱོད་པའི་བློ་རྣོ་ཞིངབཟང་བ་དེ་ལྟ་བུ་ནི་རང་གི་རང་ལ་ཆེན་པོར་ལྟ་བའི་ང་རྒྱལ་དང་ལྡན་ཡང་དོན་གྱི་མཆོག་ལས་བསྟན་ནས་འཁྱམས་པ་ཤེས་རབ་འཆལ་པའོ། །ཞེས་ལོངས་སྤྱོད་དང་བྱ་བ་ལ་ལྟོས་པ་མེད་པའི་ལྟོས་མེད་ཆུང་ངུ་དང༌། ཁྱད་པར་དུའང་རང་ལ་ཆེད་དུ་ཆེ་བ་སྟེ་བདག་ལ་ཆགས་པས་མཚན་མར་བཟུང་སྟེ། ཐ་ན་བྱང་ཆུབ་ཀྱི་ཆེད་དུ་ཡང་ཡིད་ཀྱིས་ཀུན་ནས་སླངས་བའི་ཆེ་ཐབས་མ་བྱེད་ཅིག་ཅེས་ལམ་སྒྲུབ་པའི་དུས་བྱ་བྱེད་གང་ལའང་མཚན་མར་མི་འཛིན་ན། རང་ལ་གཅེས་འཛིན་ཕལ་པ་ལྟ་ཅི་སྨོས། དེ་བས་ན་རང་གིས་རང་ཉིད་ཅི་དགའ་བར་བོར་ན་རུང་སྟེ་རང་གི་ཆེད་དུ་རྩོལ་བར་མི་བྱའོ། །འདིར་གནས་ལུས་ལོངས་སྤྱོད་གང་ལའང་མ་ལྟོས་མ་ཞེན་པ་ནི་ལྟོས་མིང་ཆུང་ངུ་དང༌། རང་གཞན་ལ་གང་དུའང་མཚན་མར་མི་འཛིན་པ་དམིགས་སུ་མེད་པ་ནི་ལྟོས་མེད་ཆེན་པོ་སྟེ་གཉིས་ཀ་ལ་ཡང༌། ལུས་ངག་ཡིད་གསུམ་གྱི་བྱ་བ་ལ་ལྟོས་པ་མེད་པ་དང༌། ལོངས་སྤྱོད་ལ་ལྟོས་པ་མེད་པ་སྟེ་དྲུག་དྲུག་གོ དེ་བས་ན་གནས་


TNT10_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་འཛིན་པ་སྟེ། ད་ནི་གཙོ་བོའི་གནས་ཐོབ་བོ་མཁས་པའི་གནས་དང་རྒྱལ་པོ་གནས་ཐོབ་པོ་སེམས་ཀྱི་བརྟེན་འདི་ཙམ་ཐོབ་བོ་ཞེས་པ་ལྟ་བུ་དང་ལུས་མཆོག་ཏུ་འཛིན་པ་སྟེ། ད་ནི་མིའི་ལུས་ཏེ་བ་ལང་ལས་ལྷག་གོ་ཞེས་པ་ལྟ་བུ་གནས་དང་ལུས་ལ་ཁྱད་པར་དུ་སྒྲོ་འདོགས་པ་བོར་ནས་བསམ་མེད་དུ་བཞག་ན་ཤིན་ཏུ་རུང་སྟེ་འདིས་སྟོང་ཉིད་རྟོགས་པའི་ཐབས་ཀྱི་མཆོག་དུ་གྱུར་ཏེ། དེ་སྐད་དུ། མ་རིག་རབ་རིབ་ཀྱིས་ལྡོང་ལ། །མིག་སྨན་འདི་ལས་གཞན་ཅི་ཡོད། །ཅེས་གསུངས། དེ་ལྟར་ན་སྒོ་གསུམ་གྱི་ལོངས་སྤྱོད་ཀུན་གྱིས་བཅིངས་པ་མེད་པར་སྤྱད་པར་བྱའོ། །བཅིངས་པ་ནི་སྒྲོག་གི་མིང་ངོ༌། །ལྔ་པ་ནི། གང་སྣང་ཐམས་ཅད་རྩ་བ་དང་བྲལ་བའི་བདེ་བ་རྒྱུན་མི་འཆད་པར་བསྒོམས་པས་ཡེ་ཤེས་རྟག་ཏུ་ཆད་པ་མེད་པ་སངས་རྒྱས་ཐོབ་པར་བྱ་ཞེས་པའོ། ཅི་ལྟར་རྩ་བྲལ་ཡིན་ཞེ་ན། གཟུང་འཛིན་གྱི་སྣང་བ་ཀུན་ལ་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་རང་བཞིན་མ་དམིགས་པས་སེམས་ཀྱི་ངོ་བོ་རྐྱེན་གྱིས་སྒྱུར་བས་འགྱུར་བ་མི་རྟེན་ཅིང༌། སེམས་ངོ་བོ་རང་བཞིན་སྤངས་པར་རང་ངོ་ཤེས་པའོ། །དེ་ལ་རྩ་བྲལ་གྱི་དོན་ནི་འདི་ལྟར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོར་ཡང་བསྟན་པ་ཡིན་གསུངས་ཏེ། ཇི་སྐད་དུ། ཀཽ་ཤི་ཀ དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི། གཉིས་སུ་ལྟ་བ་མ་ཡིན། གཉིས་མེད་པར་ལྟ་བ་མ་ཡིན། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན། བླང་བར་མ་ཡིན། དོར་བ་མ་ཡིན། དབྲི་བར་མ་ཡིན། བསྣན་པར་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན།


TNT10_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བར་མ་ཡིན། མི་བཟུང་པར་མ་ཡིན། ལེན་པར་མ་ཡིན། དོར་བར་མ་ཡིན། གནས་པར་མ་ཡིན། མི་གནས་པ་མ་ཡིན། ཡང་དག་པར་མ་ཡིན། ལོག་པར་མ་ཡིན། ལྡན་པར་མ་ཡིན། མི་ལྡན་པར་མ་ཡིན། འདྲེ་བར་མ་ཡིན། མི་འདྲེ་བར་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མེད་པར་མ་ཡིན། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་མ་ཡིན། དེ་བཞིན་ཉིད་དུ་མ་ཡིན། དེ་བཞིན་ཉིད་དུ་མ་ཡིན་པར་མ་ཡིན། ཡང་དག་པའི་མཐར་མི་དམིགས། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ་ཞེས་གསུངས་པ་ལ། གཉིས་སུ་ལྟ་བ་ནི་ཡུལ་དང་ཡུལ་ཅན་ཐ་དད་པ་སྣང་ཞིང་འཛིན་པ་ལ་བྱ་ཞིང༌། གཉིས་སུ་མེད་པ་ནི་གཅིག་ཏུ་ཞེན་པའི་དོན་ནོ། །དེ་ཡང་ཐ་མལ་གྱི་སྣང་བ་ཕལ་པ་ཙམ་ལ་མི་བྱ་ཡི། ཡུལ་ཅན་སེམས་དང་ཡུལ་སྟོང་པ་ཉིད། གཅིག་དང་ཐ་དད་པར་རྟོགས་པར་མ་ཡིན་ཞེས་པའོ། །མཚན་མར་འཛིན་པ་མ་ཡིན་པ་དང༌། ལས་རྣམས་བླངས་ཤིང་བྱར་འོས་པ་དང་རྣམ་སྨིན་དོར་བྱར་མི་རྟོག སོ་སོ་སྐྱེ་བོའི་དུས་ནའང་ཀུན་ནས་ཉོན་མོངས་དབྲི་བར་བྱ་བར་རང་བཞིན་མེད་པ་དང༌། འཕགས་དུས་རྣམ་བྱང་བསྣན་པར་བྱ་རྒྱུར་རང་བཞིན་མེད་པ་དང༌། རང་བཞིན་གྱི་སྐྱེ་འགག་མེད་པ་དང༌། ལམ་ལ་སློབ་པའི་ཚེ་ཡོན་ཏན་རང་བཞིན་གྱིས་བཟུང་བ་མེད་པ་དང༌། བླང་དོར་རང་བཞིན་གྱིས་མ་གྲུབ་པ་དང༌། ས་གོང་འོག་དུ་གནས་མི་གནས་དང༌། སྒྲུབ་པ་ཡང་དག་དང་ལོག་པ་དང༌། རིགས་མི་རིགས་ཀྱི་ཡིད་བྱེད་ལྡན་མི་ལྡན་དང༌། སེམས་ཀྱི་ངོ་བོ་སྒྲིབ་པ་དང་མི་འདྲེ་བ་དང༌། རྐྱེན་མེད་པར་ཡོན་ཏན་གོང་མ་མི་སྐྱེད་ཀྱང་རྐྱེན་རང་བཞིན་མ་དམིགས་པ་དང༌། ཆོས་ཆོས་མིན་རང་བཞིན་མེད་པར་མཉམ་པ་དང༌། སེམས་དམིགས་སུ་མེད་


TNT10_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་དེ་བཞིན་ཉིད་མ་ཡིན། ལོགས་སུ་དེ་བཞིན་ཉིད་མ་དམིགས་པ་དེ་རང་བཞིན་མེད་པས་དེ་བཞིན་ཉིད་དོ་ཞེས་དང༌། དོན་དམ་པ་ནི་འབྲས་བུ་ཡང་དག་མཐའ་དམིགས་སུ་མེད་པས་དེ་དང༌། དེ་མ་ཡིན་པའང་དམིགས་སུ་མེད་པས་མ་ཡིན་པ་མ་ཡིན་ཞེས་པ་སྟེ། མདོར་ན་སེམས་རིག་ཙམ་གནས་སམ་འགྱུ་ཡང་ཁྱད་མེད་དུ་དྲན་པས་ཟིན་པ་ཙམ་དང༌། ཧར་སྒོམ་ལ་གང་གཞག་འཇོག་ཐོབ་ཙམ་མམ། ཡིད་ཡུལ་གང་ཤར་ལ་བདེན་མེད་དོ་ཞེས་འདུན་པ་རྒྱུན་ཆགས་ལ་རྩ་བྲལ་ཞེས་མི་བྱ་ཡི། མཉམ་གཞག་གམ་ཕྱི་ཡུལ་སྣང་ལ་སེམས་འཕྲོ་བ་གང་ལ་རྩོལ་མེད་དོ་ཡང་ཤེས་ཤིང༌། དེར་མ་ཟད་རྣམ་རྟོག་སོགས་ནམ་སྐྱེ་བ་ལྟར་སྣང་བ་བྱུང་བའི་དུས་ཉིད་ནས་དེ་ཉིད་རང་བཞིན་མེད་པའི་ཚུལ་རང་གི་ཆེད་དུ་མ་རྩོལ་ཞིང་ངོ་ཤེས་རྟག་དུ་འབྱུང་བ་རྣམ་རྟོག་སོགས་ཡེ་སྐྱེ་རྒྱུ་མེད་པ་ལ་འཆར་སྒོ་ཅུང་ཟད་ཀྱང་མ་འགགས་པ་དེའི་ཚེ་སྟོང་པ་དང་རྟེན་འབྲེལ་མི་འགལ་བ་རྩ་བྲལ་ཤེས་པ་ཞེས་བྱ་སྟེ། འདི་ལའང་དངོས་འཕགས་ལམ་དང་རྗེས་མཐུན་ནི་སྔ་མོ་ནས་ཀྱང་འབྱུང་ངོ༌། །རྩ་བའི་དོན་ནི་རང་གི་ངོ་བོས་གྲུབ་པའི་དོན་ཡིན་ལ། དེ་དང་བྲལ་ཡང་བཏགས་པ་ཙམ་དུ་སྣང་བ་མི་འགལ་བར་མ་ཟད་རང་བཞིན་གྱི་གྲུབ་པས་སྟོང་བའི་ཕྱིར་བྱ་བྱེད་ཐམས་ཅད་འབྱུང་ལ། བྱ་བྱེད་ཀུན་རྟེན་ཅིང་འབྱུང་ལ་ལྟོས་པའི་གྲུབ་པའི་ཕྱིར་དོན་དུ་མེད་པ་ཡིན་ཏེ། དེ་སྐད་དུ། བཏགས་པའི་ཆོས་ཉིད་མི་འགལ་བར། སྟན་པའི་རྣམ་པ་དྲོད་འགྱུར་ཏེ། །ཞེས་དང༌། བཅོམ་ལྡན་འདས་མ་ལས་ཀྱང༌། དེའི་མདོར། ཀཽའུ་ཤི་ཀ་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ནོ། །ཞེས་སོགས་རྣམ་མཁྱེན་གྱི་


TNT10_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མི་འགལ་རྣམ་པར་མི་འགལ་ལོ་ཞེས་འཇིག་རྟེན་གྱི་བཏགས་པ་དང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པར་བཤད་པ་ནི་དེ་ལྟར་ཡིན་ཏེ། འགའ་ཞིག་ལྟར་གཞན་སྟོང་ལ་སྡང་བས་ཀུན་གཞི་དངོས་འབད་ནས་འགོག་པ་དང༌། སེམས་ཀྱི་ངོ་བོ་རང་བཞིན་མེད་ན་སངས་རྒྱས་གང་ལས་སྒྲུབ་ཅེ་སྨྲར་གཉི་ག་མི་འབྱུང་བའི་ལྟ་བ་བཟང་པོ་འབྱུང་བ་ཡང་འདི་རྟོགས་པ་ལ་རག་ལས་པའི་དོན་གྱི་དབང་འདི་ལ་དགོངས་ནས། བྲམ་ཟེ་ཆེན་པོས་ཀྱང༌། རྩ་བར་བྲལ་བར་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་ཐོབ་པ་དེ་ཡིས་ཆོག །ཅེས་གསུངས་སོ། འདིར་སྨྲས་པ། གངས་བ་མཆོག་གི་ཐེག་པར་ལམ་བཟང་གི། ཇི་བཞིན་རིམ་པའི་མཚན་མ་ལེགས་ཤེས་ནས། །ངེས་དོན་རྒྱུད་སྡེ་རྒྱ་མཚོར་འཇུག་འདོད་ན། །གྲུབ་མཆོག་གསུང་གི་གྲུ་ཆེན་འདིར་ཞུགས་ཤིག ། དེ་ལྟར་བཤད་ཟིན་པའི་བྱ་བ་ནི་ངེས་པའི་དོན་ཤིན་ཏུ་གསལ་བར་འདོམས་པའི་ཚིག་འདི་ཡང༌། རྣམ་པར་གྲོལ་བའི་ཡེ་ཤེས་ཁྱད་པར་ཅན་རང་གིས་ཐོབ་པའི་འབྲས་བུ་ཡིན་པའི་ཕྱིར་རྣམ་པར་གྲོལ་པའི་སྙེ་མ་ཞེས་བསྟན་བཅོས་འདི་ལ་ཡང་མིང་དུ་བཏགས་ལ། དེ་ལྟར་ན་ཨ་རེ་ཧོ་ཞེས་པ་ནས་བཅིང་བ་མེད་པར་སྤྱད་ཅེས་པའི་བར་གྱི་ཚིག་འདི་རྣམས་ནི་རྣམ་པར་གྲོལ་བའི་སྙེ་མ་ཞེས་བྱ་སྟེ། དོན་དམ་གསལ་བར་སྟོན་པའི་གླུ་དབྱངས་བདེ་བ་དང་སྟོང་པ་མཉམ་པ་སྟེ་ཟུང་འཇུག་ངེས་པར་བྱེད་པ། རྒྱུད་ཐམས་ཅད་ཀྱི་ཡི་གེ་སྟེ་འགྱུར་བ་མེད་པའི་ཚིག་ངེས་དོན་མཆོག་གི་དོན་དང་ལྡན་པའི་


TNT10_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་མཆོག་འདི་ནི། དང་པོ་མགོན་པོ་ཛཱ་ལནྡྷ་རའི་ཞབས་ཀྱིས་མཛད་པ་སྟེ་རྫོགས་སོ། །གཞུང་ཤོ་ལོ་ཀ་ནི་དགུ་བཅུ་རྩ་གཅིག་གོ །རྒྱུད་སྡེ་ཀུན་གྱི་ངེས་གསང་ལྷན་སྐྱེས་དགའ། །སྙིང་པོའི་དོན་ལ་ཐེ་ཚོམ་ཀུན་སེལ་བ། །འགྲན་ཟླ་ཀུན་བྲལ་གཞུང་བཟང་རིན་ཆེན་འདི། །ཕྱོགས་འདིར་རྙེད་པ་བདག་ཀྱང་སྐལ་བ་བཟང༌། །བསམས་ཤིང་དཔལ་ལྡན་བླ་མ་རྡོ་རྗེ་འཆང༌། །དེ་འི་བཀའ་དྲིན་སྙིང་ནས་དྲན་གྱུར་པས། །རྟག་ཏུ་གུས་པས་གསོལ་བ་འདེབས་ལགས་ན། །མྱུར་དུ་བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །ཇི་ལྟར་སྐྱལ་བས་རྒྱ་མཚོ་རྒལ་འདོད་བཞིན། །བདག་ཀྱང་གནས་འདིར་བརྩོལ་བར་གྱུར་མོད་ཀྱི། །བྱིས་པའི་བློ་ཡིས་འཁྲུལ་པར་བཤད་སྲིད་ན། །འཕགས་པ་རྣམས་ཀྱིས་དེ་དག་བཟོད་མཛད་རིགས། །འོན་ཀྱང་དིང་སང་ཕྱོགས་འདིར་ངེས་དོན་ལ། །བློ་གྲོས་སྐྱེས་པ་ཤིན་ཏུ་ཉུང་བའི་ཕྱིར། །བདག་གི་བཤད་པ་འདི་ཙམ་ངེས་གྱུར་ཀྱང༌། །མཁས་པའི་མདུན་སར་སྤོབས་པ་མཆོག་ཏུ་འགྱུར། །དེ་ལྟར་


TNT10_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ཀྱི་བསྐྱེད་མཛད་ཤེས་རབ་ཕ་རོལ་ཕྱིན་ཟབ་མོ། །ཐུན་མོང་མིན་པའི་ཐེག་པའི་ཚུལ་ལས་བྱུང་རྣམས་ཇི་བཞིན་འདིར་བཤད་ལས། །བསོད་ནམས་གང་ཐོབ་དེས་ནི་རྒྱལ་བ་སྲས་བཅས་ཕྲིན་ལས་མ་ལུས་པ། །བདག་གི་སྐད་ཅིག་རེ་རེར་སྤྱོད་ཅིང་འགྲོ་བའི་མགོན་པོ་མཆོག་ཐོབ་ཤོག །བླ་མའི་ཞལ་ནས་སྤྱིར་གཞུང་འདི་ལ་རྒྱལ་པོ་གོ་བི་ཙཎྜའི་ཞུ་བའི་གླུ་དབྱངས་དང་སྦྲེལ་བར་སྦྱར་བ་ཞིག་རྒྱ་གར་ནུབ་ཕྱོགས་ན་ཡོད་པར་སྣང་ཡང་མ་གསན། །ཤར་ལྷོ་དབུས་སོགས་ན་འདི་ཁོ་ན་ཡིན་གསུངས། ཞེས་ཛཱ་ལནྡྷ་རའི་དོ་ཧ་རྣམ་གྲོལ་སྙེ་མའི་འགྲེལ་བ་གསང་བའི་མཛོད་བཅས་བྱ་བ་འདི་ནི་བཤད་པ་དངོས་རྣམས་དང་གྲུབ་མཐའི་འཇོག་མཚམས་བླ་མའི་བཞེད་པ་ཁོ་ན་དང་བསྟུན་ཅིང་མཐའ་བཅོད་ཐོར་བུ་དང་བོད་དང་མཐུན་པར་ས་སྤྱད་[བཅད་]རྣམས་སྦྱར་བའང་ངེས་དོན་གྱི་ཕྱོགས་ལ་ལེགས་པར་འགྲིས་པར་བྱས་ཏེ། རང་གི་བློ་གྲོས་ཀྱི་རྣམ་པར་གཞག་པའང་ཅུང་ཟད་དང་བཅས། འཕགས་ཡུལ་གྱི་བླ་མ་དམ་པ་རྣམ་པ་གསུམ་གྱི་བཞེད་པ་སོ་སོའང་ཅི་རིགས་སུ་བཀོད་པ་སྟེ། ལུང་འདྲེན་དང༌། མཐའ་གཅོད་སོགས་མ་སྤྲོས་པར་གོ་བདེའི་


TNT10_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གིས་ཤིན་ཏུ་འཁྱེར་བདེ་བར་ཤཱཀྱའི་དགེ་སློང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལ་སེར་འཕྱང་གི་ལོ་ཁྲུམས་སྟོད་ཀྱི་ཡར་ཚེས་བཅུ་ལ་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའི་ཡི་གེ་པ་ནི་གྲགས་པ་བཟང་པོའོ།། །།དགེ་འོ། འདི་ལྟར་པ་གྱིས་པའི་རྣམ་དཀར་དགེ་བའི་མཐུས། །བདག་ལ་དྲིན་གྱིས་བརྐྱང་བའི་ཕ་མ་དང་། །སེམས་བསྐྱེད་ཞུ་སའི་བླ་མ་སློབ་དཔོན་དང་། །དམ་ཆོས་གཅིག་པའི་རྡོ་རྗེ་སྟུན་གྲོགས་དང་། །རྒྱུ་རྫས་འབྲེལ་བ་ཡོད་པའི་མི་རྣམས་ཀུན། །ཞོན་བཀླ་སྲོག་གཅོད་འོ་ཞོ་འཐུང་བ་དང་། །ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ། མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱིས་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱིས་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག ། བཀྲ་ཤིས་པར་གྱུར་ཅིག །

གྲུབ་ཆེན་ནག་པོ་སྤྱོད་པའི་དོ་ཧའི་འགྲེལ་པ་ཟབ་དོན་ལྡེ་མིག


TNT10_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ནག་པོ་སྤྱོད་པའི་དོ་ཧའི་འགྲེལ་པ་ཟབ་དོན་ལྡེ་མིག་ཅེས་བྱ་བ་བཞུགས།


TNT10_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། གང་གི་ཐུགས་རྗེའི་ཟླ་འོད་ཀྱིས། །སྙིང་གི་ཀུ་མུད་ཁ་འབྱེད་པ། །བླ་མའི་ཞབས་ལ་ལེགས་བཏུད་ནས། །ཟབ་མོའི་གཞུང་མཆོག་བཤད་པར་བྱ། །འདིར་གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི། དོ་ཧ་རྡོ་རྗེའི་གླུ་འདི་འཆད་པར་བྱེད་པ་ལ། དང་པོར། རྒྱ་གར་སྐད་དུ། དོ་ཧ་ཀོ་ཤ་ཅེས་པ་ལ། དོ་ཧ་ནི་འགྱུར་བྱེད་འགའ་ཞིག་གིས་ཚིགས་སུ་བཅད་པ་དང༌། ཁ་ཅིག་གིས་མི་ཟད་པ་ཞེས་པར་བསྒྱུར་ཞིང༌། ས་སྐྱ་པནྚི་ཏའི་ཞལ་ན་རེ། རྒྱ་སྐད་དོ་ཧ་ཞེས་བྱ་བ། །བོད་སྐད་ལྷུག་པ་མ་བཅོས་པ། །ཞེས་གསུངས་པ་ལྟར་ཡང་ཡིན་ཏེ། དོན་ཤུགས་འབྱུང་གི་ཚིག་ཅེས་བྱའོ། །བོད་རྙིང་མང་པོ་ཞིག གང་བའི་དོན་དུ་འཆད་པ་ལ། རྩེ་ཐང་བ་རྗེ་གཞོན་ནུ་དཔལ་བས་ནི་སྒྲུབ་བྱེད་འགོད་དེ། རྒྱ་སྐད་ལ། དུ་ཧ་


TNT10_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཇོ་བ་ལ་འཇུག དུ་དོར་འགྲོ་བ་ནི་ཆེན་པོར་སོང་བའི་དོན་ཡིན་པས། འོ་མ་ལྟ་བུ་མང་དུ་བཞོས་པས་སྣོད་གང་བ་ལྟ་བུའོ། །ཞེས་འཆད་ཀྱང༌། ཨུ་ཤ་ཊ་རའི་བཤད་པ་བཞིན་དུ། གཞན་དག་མགོ་རྨོངས་བྱེད་དུ་འདུག་པ་དང༌། ཁྱད་པར་དུ་ཡང༌། གངབའི་དོན་འཇོ་བ་ནས་རིམ་པས་སྐོར་ལོག་ཏུ་སྒྲུབས་དགོས་པ་ཧ་ཅང་ཐལ་ཞིང་མི་འགྲིག་བཞིན་དུ་སྒྲིག་པ་ཕོངས་པའི་རྒྱུ་ཁོ་ནར་གནང་ངོ༌། །ཀོ་ཤ་ནི་མཛོད་དོ། །དེ་ལྟར་ན་མཚན་གྱི་དོན་ནོ། །དཔལ་ཧེ་རུ་ཀ་ལ་ཕྱག་ཚལ་ལོ། །ཞེས་པ་ནི་འགྱུར་གྱི་ཕྱག་ཀྱང་ཡིན་མོད་ཀྱི། །རྒྱ་དཔེ་ཉིད་ལའང་ཡོད་པར་མངོན་ནོ། །ད་ནི་གཞུང་དངོས་བཤད་པ་ལ། དེ་ཁོ་ན་ཉིད་རྟོགས་པར་དཀོན་པར་བསྟན་པ་དང༌། དེ་ཁོ་ན་ཉིད་རྒྱས་པར་བཤད་པ་དང༌། དོན་བསྡུའི་ཚིགས་སུ་བཅད་པ་སྟེ་གསུམ་ལས། དང་པོ་ནི། ང་ནི་


TNT10_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་དོན་མཁས་པར། །འཇིག་རྟེན་སྙེམས་པ་ཡང་དག་འཆད། །བྱེ་བའི་ནང་ན་གལ་ཏེ་གཅིག །དྲི་མ་མེད་པར་ཞུགས་པར་གྱུར། །ལུང་དངརིག་བྱེད་སྔོན་རབས་ཀྱིས། །མཁས་པར་ང་རྒྱལ་བྱེད་པ་དང༌། །དཔལ་འབྲས་སྨིན་པའི་ཕྱི་རོལ་གྱི། །བུང་བ་བཞིན་དུ་དེ་དག་འཁྱམ། །ཞེས་པ་སྟེ། ཚིག་རྐང་དངཔོ་གཉིས་ལ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས། ང་ནི་དོན་དམ་ལ་མཁས་ཞེས། །འཇིག་རྟེན་པ་ནི་ང་རྒྱལ་བྱེད། །ཅེས་སྒྱུར་བ་དང༌། ཚིག་རྐང་ཐ་མ་གཉིས་ནི། རྒྱ་གར་བཻ་རོར་ཡང་གྲགས་པ། གྲུབ་ཐོབ་བེ་རོ་ཙཱ་ན་བཛྲ་གྱི་རང་འགྱུར་ལས། དཔལ་འབྲས་སྨིན་པ་ལ་ནི་བུང་བ་བཞིན། །དེ་ནི་ཕྱི་རོལ་དག་ཏུ་འཁོར་བར་བྱེད། །ཅེས་འབྱུང་བ་གོ་བདེའོ། །འཇིག་རྟེན་ཅེས་པ་ནི་མུ་སྟེགས་བྱེད་དང༌། ཉན་ཐོས་སྡེ་པ་དང༌། ཐེག་ཆེན་ཚུལ་གཉིས་ལ་ཞུགས་པར་རློམ་པའི་ཡང༌། ཐ་སྙད་གཙོ་བོར་བྱེད་པ་རྣམས་ཏེ། དེ་ལྟར་ཐམས་ཅད་ལ་འཇུག་ཀྱང༌། སྐབས་འདིར་གཙོ་བོར་ནང་བའི་འཇིག་རྟེན་པ་དེ་རྣམས་ཀྱང༌། རང་རང་སོ་སོའི་གནས་ན་འདུག་སྟེ། གཞན་དག་གིས་ནི་དེ་ཁོ་ན་ཉིད་མི་ཤེས་ཏེ། ང་ཉིད་ཁོ་ན་དམ་པའི་དོན་ལ་མཁས་སོ་ཞེས། །ཤིན་ཏུ་ང་རྒྱལ་ཆེན་པོས་སྙེམས་པ་འཆད་པ་བྱེད་དོ། །དེ་ལྟ་ན་དེ་ཁོ་ན་ཉིད་རྟོགས་པར་ཁས་འཆེ་བ་ན། ཤིན་ཏུ་མང་ནི། དེ་དག་གིས་དོན་དམ་རྟོགས་པ་བདེན་ནམ་ཞེ་ན། མ་ཡིན་ཏེ། དེ་ལྟར་ཁས་འཆེ་བ་བྱེ་བའི་གྲངས་ཙམ་གྱི་ནང་ན། གལ་ཏེ་ཅིག་ཙམ་ཞིག དྲི་མ་མེད་པ་


TNT10_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྡུལ་དང་བྲལ་བའི་ཡེ་ཤེས་ལ་ཞུགས་པར་གྱུར་པ་ནི་སྲིད་པ་ཙམ་མོ། །གལ་ཏེ་ཞེས་པའི་ཚིག་གིས་ཅི་སྟེ་ན། བྱེ་བའི་ནང་ན་དེ་ལྟ་བུ་གཅིག་ཀྱང་མེད་པ་ཡང་སྲིད་ཅེས་པའོ། །འདིར་དྲི་མ་མེད་པའམ་རྡུལ་དང་བྲལ་བ་ནི། བདེན་པ་མཐོང་བ་འམ་གནས་ལུགས་རྟོགས་པ་ལ་བྱེད། དེའི་ཚད་ཀྱང༌། སྤྱི་ལ་གྲགས་པའི་མཐོང་ལམ་ཁོ་ན་ལ་འཇོག་དགོས་པའངམིན་ཏེ། རྫོགས་རིམ་གྱི་ཡེ་ཤེས་མངོན་སུམ་ལམ་བྱེད་ཐོབ་པ་ནས། བདེན་པའི་གནས་ལུགས་རྟོགས་པ་དང༌། དེའི་ཚེ། ཉོན་མོངས་ལམ་བྱེད་ཇི་བཞིན་དུ་ནུས་པའི་ཕྱིར། རྡུལ་བྲལ་དང་དྲི་མ་མེད་པར་ཡང་འཇོག་གོ །དེའི་ས་མཚམས་ཀྱང་ངོ་མི་ཤེས་ན། །རྡོ་རྗེའི་བཟླས་པའི་རིམ་པ་མཐར་ཕྱིན་པའམ། སྔགས་ཀྱི་རིམ་པའི་རྟོག་པ་སྐྱེས་པའམ། ཐོག་མར་དགེ་བ་མཐར་ཕྱིན་ཏེ། སྲོག་རྩོལ་ལ་ཞུགས་པ་ལྟ་བུ་ལ་མཚོན་པར་བྱ་སྟེ། ས་མཚམས་ཆ་ཤས་ཕྲ་མོ་ལ་ནི་ངེས་པ་མེད་དོ། །ཚིག་བཅད་གཉིས་པ་མུ་སྟེགས་ཅན་ལ་འགོག་པ་ནི། ལུང་དང་སོགས་ཏེ། ཚིག་གི་དངོས་བསྟན་ལ། སྔོན་རབས་སོགས་ཤེས་པའི་ང་རྒྱལ་ཅན་རྣམས་ལ་དཔེ་དང་སྦྱར་བ་ཙམ་ལས་མེད་ཀྱང༌། དེའི་ཁོངས་ན་དོན་འདི་གནས་ཏེ། གོང་དུ་སྨོས་པ་ལྟར། མུ་སྟེགས་འདི་དག་གིས་ནི་དེ་ཁོ་ན་ཉིད་རྟོགས་པ་མ་ཡིན་ཏེ། དྲག་པོ་དབང་ཕྱུག་ཆེན་པོས་བཤད་པའི་ལུང་རྒྱུད་སྡེ་འབུམ་པ་དང༌། རིག་བྱེད་བཞི་ཡན་


TNT10_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དྲུག་དྲན་པའི་གཞུང་ལྟ་བ་དྲུག་གི་གཞུང་དང་བཅས་པ་དང༌། སྔོན་རབས་བཅོ་བརྒྱད་བྷ་ར་ཏ་སྒོམ་པའི་ཆོས་དང་བསྟན་བཅོས་བཅུ་བཞིར་བཅས་པ་སྟེ། མུ་སྟེགས་བྱེད་ཀྱི་གཞུང་ལུགས་གྲགས་ཆེ་བ་རྣམས་དང༌། གཞན་ཡང་འཇིག་རྟེན་རྒྱང་ཕན་དང༌། གཅེར་བུའི་གཞུང་ལ་སོགས་པ། ཕྱིན་ཅི་ལོག་གི་གཞུང་ལུགས་རྣམས་ལ་མངོན་པར་ཞེན་པའི་འཇུག་པ་ཙམ་ཡིན་པའི་ཕྱིར་དང༌། འགའ་ཞིག་ལུང་རིགས་ལྟར་སྣང་ལ། ཡང་དག་པར་འཁྲུལ་པའི་ཕྱིར་དང༌། ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་རྣམས་ཀྱང༌། དེ་ཁོ་ན་ཉིད་རྫུས་མ་ལ་འཇུག་པའི་ཕྱིར་རོ། །དཔེར་ན་ཤིང་ཐོག་དཔལ་གྱི་འབྲས་བུ་ཞེས་བྱ་བ། ཁ་དོག་མཛེས་ཤིང་དྲི་བཟང་ཅུང་ཟད་ཡོད་པ་ལ། བུང་བ་རྣམས་སྦྲང་རྩི་འདོད་པས། ཕྱི་རོལ་དུ་འཁོར་ཞིང་འཁྱམས་པ་བྱེད་དེ། དེ་ནི་ཁ་དོག་དང་དྲི་ཡིད་དུ་འོང་བ་ཙམ་གྱིས་བསླུས་པར་ཟད་ཀྱི། སྦྲང་རྩི་ཐོབ་རྒྱུ་མེད་པ་བཞིན་ནོ། །དེས་ན་ཚིགས་བཅད་སྔ་མ་ནི་སྐལ་བ་བཟང་ཞིང་དད་པ་དང་ལྡན་པ། མོས་པའི་དགེ་བ་ཅན། བླ་མ་དམ་པས་ཡོངས་སུ་བཟུང་བ་རེ་རེ་ཙམ་ཡོད་པ་ནི་མ་གཏོགས། རྩོད་དུས་བྱུང་བའི་སངས་རྒྱས་པར་མཁས་འཆེ་བ་དག་གིས་ཀྱང་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། གནས་ལུགས་མངོན་སུམ་དུ་མཚོན་པའི་ལམ་མ་རྙེད་པའི་ཕྱིར་དང༌། སྒྲ་ཙམ་གྱི་རྗེས་སུ་འབྲངས་བའི་ལེན་འདོར་གྱི་རྣམ་རྟོག་མང་པོས་གཡེན་བཅོས་པའི་ཕྱིར་དང༌། ང་རྒྱལ་དང་རྟོག་དཔྱོད་དང༌། ཆགས་སྡང་


TNT10_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དཀྲུགས་པས་བླ་མ་དམ་པའི་བྱིན་རླབས་མི་འཇུག་པའི་ཕྱིར་རོ། །ཚིགས་བཅད་ཕྱི་མས་ནི། སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་རྣམས་ལ་ནི་རྣམ་པ་ཀུན་ཏུ་གྲོལ་བ་མེད་དེ། གནས་ལུགས་ལ་ཕྱིན་ཅི་ལོག་པའི་འདུ་ཤེས་དམ་པོར་འཛིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་སྟོན་ལ། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཕལ་གྱིས་ཀྱང༌། ད་ལྟ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་མི་ནུས་ཀྱང༌། མ་འོངས་པ་ཞིག་ན་རིམ་པས་རྟོགས་པར་འགྱུར་བའི་བག་ཆགས་འཇོག་ལ། མུ་སྟེགས་པ་རྣམས་ལ་དེ་ཡང་མེད་ཅིང༌། བྱེ་བའི་ནང་ན་གལ་ཏེ་གཅིག་ཅེས་པ་ལྟ་བུའི་གཅིག་སྲིད་པའང་མིན་པས། ངལ་བ་འབྲས་མེད་ཁོ་ནའོ། །ཞེས་པའི་དོན་ནོ། །གྲུབ་ཐོབ་ས་ར་ཧའི་དོ་ཧ་ལས་ཀྱང༌། གཞུང་གི་ཐོག་མར། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་འགོག་བྱེད་མཛད་པ་དང༌། གཞུང་འདིར་ཡང་ཐོག་མར་དེ་ལྟར་འཆད་པ་གཉིས། འཆད་ཚུལ་མཚུངས་པ་ཡིན་ནོ། །འོ་ན་གཞན་རྣམས་དེ་ལྟར་བདེན་སྲིད་ཀྱང༌། དབུ་མའི་ཚུལ་ལུགས་ལ་ཞུགས་པ་རྣམས་ནི་ངེས་པར་གྲོལ་བ་འགྱུར་ཏེ། མཐའ་བྲལ་གྱི་གནས་ལ་ཐེ་ཚོམ་ཟ་བ་ཡང༌། སྲིད་པ་ཧྲུལ་བོར་བྱེད་ན། ངེས་པ་སྐྱེད་པ་རྣམས་ལྟ་ཅི་སྨོས་སྙམ་ན། གྲུབ་མཐའ་སྨྲ་བ་སྡེ་བཞིའི་ནང་གི་དབུ་མ་པའི་སྡེ་པར་ཆུད་པའི་དབུ་མ་པ་ཡིན་པ་ཙམ་གྱིས་ནི་ཅིར་ཡང་མི་ཕན་ཏེ། དེ་ཙམ་གྱི་ནང་ན་ནི་ཆོས་སུན་འབྱིན་ཅིང་མཚམས་མེད་ལ་སོགས་པ་བྱེད་པའི་སྡིག་ཅན་ཡང་ཆེས་


TNT10_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་ཡོད་པའི་ཕྱིར་དང༌། བློ་གྲིམ་པོ་ཅིག་གིས་རིག་པ་བསླབས་ན། སྡིག་པ་ཆེན་པོ་ལ་སྤྱོད་བཞིན་དུ་ཡང༌། གཞུང་ལུགས་མང་པོ་འཆད་པར་ནུས་པའི་ཕྱིར། ག་གེ་མོ་ནི་དབུ་མ་པའི་པནྚི་ཏ་ཆེན་པོ་ཡིན་ནོ། །ཆེ་གེ་མོ་ནི་དབུ་མ་པའི་སློབ་དཔོན་ཡིན་ནོ། །ཞེས་ངོམ་པ་ནི། དོན་གྱིས་སྟོང་པའི་ཚེ་ཚིག་ཙམ་དུ་ཟད་ལ། ཡང་འདི་དང་འདི་དག་ནི་སྡིག་པ་སྤྱོད་ཅིང་མི་མཁས་ཀྱང༌། དབུ་མ་པ་ཡིན་པས་བཟང་ལ། དེ་དང་དེ་དག་ནི། ཚུལ་ཁྲིམས་དང་ལྡན་ཞིང་མཁས་ཀྱང༌། བྱེ་མདོ་དང་སེམས་ཙམ་པ་ཡིན་པས། ངན་ནོ་ཞེས་སྨྲ་བ་ནི། ཁོག་ནས་བདུད་ཀྱིས་བྱིན་གྱིས་རླབས་ཤིང༌། དངོས་སུ་ན་ཕྱོགས་འཛིན་ཀོ་ལོང་ཤིན་ཏུ་དམ་པའི་ཁྲེལ་མེད་ཀྱི་སྨྲ་བ་ཡིན་པས་ཤེས་ལྡན་སུས་ཀྱང་རྟོགས་ནུས་ལ། དཔེར་ན། འཇིག་རྟེན་སྐྱེ་བོ་ཕྱོགས་ཡོ་ཅན་ཞིག རང་ཕྱོགས་ཀྱི་མི་ཕ་བསད་པ་ཞིག་ཡིན་ཀྱང༌། མི་བཟང་ཡིན་པའི་རྒྱུ་མཚན་འཆད་པ་དང༌། ཕ་རོལ་པོ་སྐྱེ་བོ་ཐམས་ཅད་བདེ་བར་བྱེད་ནུས་པ་ལའང༌། སྐྱོན་མེད་བཞིན་དུ་སྐྱོན་སྣ་ཚོགས་འཚོལ་བར་བྱེད་པ་དག་དང་འདྲ་སྟེ། རྒྱ་བོད་ཀྱི་མཁས་པར་གྲགས་པ་མང་པོ་ཞིག་ལ་ཡང་སྐྱོན་འདི་ནི་རིགས་ཀྱི་རང་བཞིན་དུ་བབས་སོ། །ལེགས་ལྡན་དང༌། ཟླ་གྲགས་དང༌། ཡེ་ཤེས་སྙིང་པོ་དང༌། པདྨའི་ངང་ཚུལ་སོགས་ཀྱང་ནན་ཏར་ན་དམ་པ་མ་ཡིན་ཏེ། སྡིག་པའི་སྤྱོད་པ་ཅན་གྱི་ཕྱིར་ཏེ། ཕྲག་དོག་གི་གདོན་གྱིས་ཟིན་པའི་ཕྱིར་ཏེ། རྩོད་བྲལ་གྱི་དམ་པ་མཆོག་ལ་སྐུར་པ་འདེབས་པའི་ཕྱིར་དང༌། གཡོ་སྒྱུའི་ཚིག་མ་རུང་བ་སྨྲ་བའི་


TNT10_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་མ་ངེས་སོ་སྙམ་ན། འོ་ན་དེ་བཞིན་གཤེགས་པ་སྐྱོན་མེད་དང༌། ཚངས་པ་ཁྱབ་འཇུག་སོགས་སྐྱོན་དང་ལྡན་པར་སྒྲུབ་པའི་རིགས་པ་རྣམས་ཀྱང་མ་ངེས་པར་ཐལ་བར་འགྱུར་པ་དང༌། ལྷ་ལས་ཕུལ་དུ་བྱུང་བ་དང༌། ཁྱད་པར་འཕགས་བསྟོད་དང༌། དཔའ་བོ་དང༌། ཤྲཱིཧརྵ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་བསྟོད་པ་བྱས་པ་དེ་དག་ཀྱང༌། ངག་གི་སྒྲིབ་པ་བསགས་པར་ཐལ་བར་འགྱུར་རོ། །གོང་གི་འཕྲོས་ལས་བརྩམས་ན། འདི་དག་དམ་པ་མཆོག་ལ་སྨོད་དེ། རྒྱལ་བས་ལུང་བསྟན་པའི་འཕགས་པ་ཐོགས་མེད་སོགས་མང་པོ་ཞིག་ལ་སྐུར་པ་འདེབས་པའི་ཕྱིར་རོ། །གཡོ་སྒྱུའི་སྤྱོད་པ་ཡིན་ཏེ་ལྟག་གཅོད་ཀྱི་རིགས་པ་མང་དུ་སྨྲ་བའི་ཕྱིར་དང༌། ལག་ཏུ་མི་ལེན་པའི་ཚིག་གི་མཛེས་ཁྲིགས་ཀྱང་མང་དུ་འདུག་པའི་ཕྱིར་དང༌། ཀླུ་སྒྲུབ་ལུང་བསྟན་པ་ཡང་ཡང་ངོམས་ཞིང༌། ཐོགས་མེད་ལུང་བསྟན་པ་དང༌། འཕགས་པ་མིན་ལ་འཕགས་པའི་མིང༌། །ཞེས་གསུངས་པ་སོགས། ཤིན་དུ་རྦེད་ཅིང་གསང་བར་བྱེད་པའི་ཕྱིར་རོ། །དེ་ལྟ་ན་ས་ར་ཧས་ཀྱང༌། ཁ་ཅིག་ཐེག་ཆེན་དེ་ལ་རྒྱུ་བྱེད་ཅིང༌། །ཞེས་པ་དང༌། གཞན་དག་སྟོང་པ་ཉིད་ལ་བལྟ་བྱེད་དེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །ཞེས་དབུ་མ་པའི་སྡེ་བ་རྣམས། ཕལ་ཆེར་ཐེག་ཆེན་གྱི་དོན་འཆད་པ་ལ་གཡོ་སྒྱུ་བྱེད་ལ། མཐར་ཐུག་སྤྲོས་བྲལ་གྱི་སྟོང་པ་ཙམ་ལ་བློ་གཏད་འཆའ་བ་ནི། གནས་ལུགས་ལ་མི་མཐུན་པར་ཞུགས་པའོ། །ཞེས་གསུངས་པ་དང༌། ལྷ་ལྕམ་ལཀྵྨི་ག་རས། ལྷན་ཅིག་སྐྱེས་གྲུབ་ལས་ཀྱང༌། དབུ་མའི་


TNT10_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལུགས་གཞུང་གི་ཚུལ། །དེ་ནི་རྩོད་པ་ཀུན་ལ་མོས། །བསྐལ་བ་ཡལ་ག་ངལ་བས་ཀྱང༌། །བྱང་ཆུབ་ཐོབ་པར་མི་ནུས་སོ། །ཞེས་སྡོང་པོ་ཤིན་ཏུ་རྒྱས་པའི་ཡལ་གའི་གྲངས་ཙམ་གྱིས་བསྐལ་བར་འབད་ཀྱང༌། རང་སྟོང་གི་ལྟ་བ་ཙམ་གྱིས་བྱང་ཆུབ་ཐོབ་པར་མི་ནུས་ཤིང༌། རྩོད་པས་འཇུག་པས་ཕྱིར། བྱིན་གྱིས་བརླབས་པའི་རིམ་པ་མེད་པའོ། །ཞེས་པའོ། །རྩོད་པས་འཇུག་པ་ནི་ངེས་པར་ཡིན་ཏེ། རྩོད་པ་ལ་མ་ཞུགས་ན་རང་སྟོང་གི་གྲུབ་མཐའ་སྟོན་མི་ཤེས་པའི་ཕྱིར་དང༌། གཞུང་ཐམས་ཅད་རྩོད་ཡིག་འབའ་ཞིག་ཏུ་འདུག་པའི་ཕྱིར་དང༌། སྟོང་པ་ཉིད་ཀྱི་རྩད་བྱས་ཚེ། །ཞེས་སོགས་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་རིགས་ཚོགས་རྩོད་ཆོས་ཡིན་པར་གསུངས་པའི་ཕྱིར་དང༌། གྲུབ་མཐའ་སྨྲ་བ་གཞན་ཐམས་ཅད་ལ་ཡང༌། རིགས་ཚོགས་རྗེས་འབྲང་དང་བཅས་པ་རྩོད་ཆོས་ཡིན་པར་ཁ་མཐུན་དུ་གྲགས་པའི་ཕྱིར་དང༌། རྗེས་འབྲང་རྣམས་ཀྱིས་ཀྱང་མནོང་ཁུར་ཏེ། རྩོད་ཆོས་མ་ཡིན་པའི་རྒྱུ་མཚན་འགངས་ཆུང་ཐར་ཐོར་རེ་ཡང་ཡང་འཆད་ཀྱིན་འདུག་པའི་ཕྱིར་རོ། །དེས་ན་རྩོད་ཆོས་ནི་རྒོལ་བ་ཟློག་བྱེད་ཡིན་གྱི། གནས་ལུག་མངོན་སུམ་དུ་རྟོགས་བྱེད་མ་ཡིན་ནོ། །དེ་ལྟ་བས་ན་སློབ་མ་སྣོད་དང་ལྡན་པ་ལ། ཁ་བཤད་ཙམ་མ་ཡིན་པར་བླ་མ་དམ་པའི་བྱིན་གྱིས་བརླབས་ཤིང༌། དཔེ་དངདོན་གྱི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ལག་ལེན་དང་སེམས་ཐོག་ཏུ་གཏན་ལ་ཕབ་ན་ནི། གནས་ལུགས་དེ་དངོས་སུ་རྟོགས་པར་ནུས་ཀྱི། ཐབས་གཞན་གྱི་ནི་མ་ཡིན་ནོ། །འཕྲོས་པས་ཆོག་གོ །༈ གཉིས་པ་དེ་


TNT10_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་རྒྱས་པར་བཤད་པ་ལ། གནས་ལུགས་ཀྱི་གསང་བ་བཤད་པ་དང༌། ལམ་དང་འབྲས་བུའི་གསང་བ་བཤད་པའོ། ། དང་པོ་ལ། རྟེན་འབྲེལ་གྱི་གསང་བ་བཤད་པ་དང༌། དོན་དམ་པའི་གསང་བ་བཤད་པ་གཉིས་སོ། །དང་པོ་ལ་སྲིད་པ་འཆར་བའི་གཞི་ལུས་ཀྱི་གནས་ཐབས། ལུས་དེ་ལ་འཁོར་བའི་སེམས་ཇི་ལྟར་བརྟེན་པའི་ཚུལ། སྲིད་པ་སྐྱེ་བའི་རིམ་པ་བཤད་པའོ། །དང་པོ་ནི། །བྱང་ཆུབ་སེམས་དང་རྡུལ་གྱིས་བརྒྱན། །མི་བསྐྱོད་པ་ཡིས་འཁྱུད་གྱུར་པ། །པདྨའི་ས་བོན་རང་བཞིན་གྱིས། །དག་པ་སྙུག་[གཉུག་]མའི་ལུས་ལ་མཐོང༌། །ཞེས་པ་སྟེ། འགྲེལ་པ་ན། འདིའི་གོང་དུ། སྤྲོས་པའི་རྣམ་པ་ལས་སྐྱེས་པ། །སྤྲོས་པས་སྤྲོས་པ་མེད་པ་བྱ། །ཞེས་པའི་ཚིག་ལ་བཤད་པ་མཛད་པ་ཞིག་བྱུང་ནའང༌། ལུང་འདྲེན་ལ་འབྲུ་བཤད་མཛད་པར་མངོན། གཞུང་རྩ་བ། མར་དོ་དང་རྣམ་སྣང་རྡོ་རྗེའི་འགྱུར་གཉིས་ཀ་ལ་མི་སྣང་ཞིང༌། སྔ་ཕྱིའི་ཚིག་དང་འགྲེལ་བར་ཡང་མི་འདུག་པས་མ་སྨོས་སོ། །དེས་ན་རྒྱུ་རྒྱུད་སེམས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། པདྨའི་བརྡས་བསྟན་པ་ཐིག་ལེ་འགྱུར་བདེའི་བག་ཆགས་ཀྱི་ས་བོན་གནས་པ་ས་བོན་དང་རང་བཞིན་དག་པའི་སེམས་དེ་ཡང་དབྱེར་མེད་པར་འདྲེས་སོ་ཞེས་བྱ་བ་འགྱུར་བདེ་ལ་པདྨའི་བརྡས་བསྟན་པ་ནི། ཇི་སྐད་དུ། ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང༌། །ཕྱི་ནས་དགའ་བ་མེད་འགྱུར་པ། །འོད་ཆགས་དགའ་བ་དེ་བཞིན་ནོ། །ཞེས་གསུངས་


TNT10_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རོ། །ཇི་ལྟར་ན་དབྱེར་མེད་དུ་འདྲེས་པ་ཡིན་ཞེ་ན། ངོ་བོ་གཅིག་པ་ནི་མ་ཡིན་ཞིང༌། རྫས་ཐ་དད་པ་གཅིག་ཏུ་འདྲེ་བ་ཡང་མི་སྲིད། མཚན་ཉིད་ཀྱི་སྒོ་ནས་ནི་ཤིན་ཏུ་ཐ་དད་པ་ཡང་ཡིན་པའི་ཕྱིར། ངེས་པར་གཅིག་ཏུ་འདྲེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་ཅན་རྣམས་ལ་རང་བཞིན་དག་པ་དེ་ཉིད། རང་བཞིན་དག་པར་སྣང་ཡང་མི་སྣང༌། དག་པའི་བྱ་བ་སེམས་ཅན་རྣམས་ཉིད་ལ་བྱེད་ཀྱང་མི་བྱེད་དེ། བག་ཆགས་ཀྱི་ས་བོན་ཉིད་ཀྱིས་ཆོ་འཕྲུལ་སྣང་ཞིང༌། དེའི་བྱ་བ་ཡང་བྱེད་པས། ཀུན་རྫོབ་སེམས་ཅན་རྣམས་ཉིད་ལ། རང་བཞིན་དག་པ་དང་ས་བོན་དབྱེ་བ་མེད་པར་སོང་བ་ཡིན་ནོ། །དོན་དམ་པར་བག་ཆགས་ཀྱི་ས་བོན་དེ་ཡང༌། གདོད་ནས་ཡོད་མ་མྱོང་བའི་ཕྱིར། གནས་ཚུལ་ལ་དབྱེ་བ་ཡོད་མེད་གཉིས་ཀ་མ་ཡིན་ནོ། །རང་བཞིན་དག་པ་བག་ཆགས་དང་བཅས་པ་དེ་ཡང༌། གཉུག་མའི་ལུས་ལ་གནས་པ་ཡིན་ཏེ། གཉུག་མའི་ལུས་ཞེས་བྱ་བ་ནི། དག་པའི་སེམས་ས་བོན་དང་བཅས་པ་དེའི་སྣང་ཆ་རླུང་གི་དྭངས་མར་ཤར། དྭངས་མ་དེའི་ཁྱད་ཆོས་ནི། ཁམས་གསུམ་འཁོར་འདས་ཐམས་ཅད་ཀྱི་ལུས་སུ་སྣང་དུ་རུང་བའི་ནུས་པ་ཅན་ཡིན་ཞིང༌། དངོས་སུ་ན་རྐྱེན་གང་གིས་སད་པར་བྱས་པ་དེར་སྣང་ངོ༌། །དེ་འདྲ་བའི་ལུས་སེམས་དབྱེ་བ་མེད་པ་དེ་ལ། བྱང་ཆུབ་ཀྱི་སེམས་ཏེ་དཀར་པོའི་ཆ་དང༌། རྡུལ་ཏེ་དམར་པོའི་ཆ་དང༌། ཐུགས་མི་བསྐྱོད་པའི་བརྡས་བསྟན་པ་མུན་པའི་ཡོན་ཏན་གསུམ་པོ་མཉམ་པར་འདྲེས་པས་ཁྱབ་པ་སྟེ། འདིར་རྒྱན་ཞེས་པ་དང༌། འཁྱུད་གྱུར་པ་ཞེས་པ་ནི། ཚིག་རྒྱན་


TNT10_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སྟེ་དེ་ལ་དེ་ལྡན་པའི་དོན་ནོ། །ཚིག་རྒྱན་དེ་ཡང་ཏིང་ངེ་འཛིན་གྱི་རྒྱན་ཞེས་བྱའོ། །དེ་ལྟར་ཡང༌། དང་པོའི་སངས་རྒྱས་ལས། ཐིག་ལེ་ཟླ་བ་ཁུ་བའི་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུངས། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། མཁའ་ཁམས་ཨ་ལ་རྣམ་པར་གནས། །ཞེས་གསུངས་པ་ལྟར། རང་བཞིན་དག་པའི་སེམས་མཁའ་ཁམས་ལ་དེ་གསུམ་གནས་པས། འཁོར་བ་སྐྱེད་པར་བྱེད། ཅེས་བྱའོ། །དེ་ལྟར་ན་སྙིང་སྟོབས་རྡུལ་མུན་གསུམ་པོ་དེས་ཉོན་མོངས་པ་མངོན་གྱུར་པ་སྐྱེད། དེས་འགྱུར་པའི་བདེ་བ་སྐྱེད་པར་བྱེད་ལ། དེ་རྗེས་འགྱུར་བདེའི་ས་བོན་སེམས་ལ་གནས་ནས། ཡང་ཕྱིས་ཡོན་ཏན་གསུམ་པོ་དེ་སྐྱེ་བར་འགྱུར་ཞིང༌། དེ་ལས་དུག་གསུམ་གྱི་རྣམ་རྟོག་མངོན་གྱུར་བ་དག་བྱུང་ནས། ལས་བསགས་ཏེ་སྡུག་བསྔལ་ལ་སྦྱོར་བར་བྱེད་དེ་འཁོར་ལོ་བཞིན་དུ་འཁོར་བར་བྱེད་དོ། །དེ་ལ་འགྱུར་བདེའི་ས་བོན་ནི། ས་བོན་གྱི་རྣམ་ཤེས་དང་དོན་གཅིག་ལ། ཡོན་ཏན་གསུམ་མཉམ་པར་གནས་པ་ནི། རྣམ་སྨིན་གྱི་རྣམ་ཤེས་དང་དོན་གཅིག་གོ །དེ་ལྟ་བུའི་དཀར་དམར་རླུང་གསུམ་ལ། རིམ་ལྔ་སྤྱོད་བསྡུས་སོགས་ལས་གསུངས་པའི་སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་དུ་མ་དང་བཅས་པ་འགྲེལ་པར་བྲིས་མོད་ཀྱང་འདིར་མངས་པར་འགྱུར་པའི་མི་འབྲི་ལ། གནད་འབྱེད་པའི་སྒོ་སོགས་དང༌། མྱུར་བ་དང༌། རླངས་པ་སོགས་དང༌། དེ་ཁོ་ན་ཉིད་བཞི་སོགས་དང༌། སྦྱོར་བ་བཤད་འདུག་ནའང་འབྲེལ་མི་ཆེའོ། །འགྲེལ་པ་རྣམ་སྣང་རྡོ་རྗེའི་འགྱུར་ལས། ར་ཧུ་དུས་མེ་


TNT10_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་སེམས་འདི་ནི། །ཨེ་དང་ཝཾ་ནི་འགྲོ་ཀུན་ས་བོན་གཅིག །ཅེས་ལུང་འདྲེན་གྱི་ཚུལ་དུ་བྱུང་ཞིང༌། ཆོས་སྐྱོང་བཟང་བོའི་འགྱུར་གསར་ལས་འགྲེལ་པའི་ཚིག་ཏུ་བྱས་སོ། །དེའི་དོན་ནི། ཨེ་དུས་མེ་དང་ཝཾ་སྒྲ་ཅན་ཏེ། དེ་གཉིས་རོ་མཉམ་པ་ནི་སྤྱིར་དངོས་པོ་ཐམས་ཅད་དང༌། ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱི་ས་བོན་ནོ། །དེ་ལ་སྒྲ་གཅན་ནི་ཤེས་རབ་དང་འདྲེས་པའི་ཐབས་ཀྱི་མཆོག་སྟེ། རང་བཞིན་དག་པའི་སེམས་དེ་ཡིན་ལ། དུས་མེ་ནི་ཐབས་དང་རོ་གཅིག་པའི་ཤེས་རབ་སྟེ་གཉུག་མའི་ལུས་སོ། །དེ་གཉིས་ནི། རིམ་པས་མི་འགྱུར་བའི་བདེ་བ་དང༌། རྣམ་ཀུན་མཆོག་ལྡན་ཡིན་པས། ངོ་བོ་ཡང་གཅིག་ཅིང་ཆོས་གཞན་བཞི་པོས་མ་གོས་པ་ཡིན་མོད་ཀྱི། དེ་རྣམས་ཀྱི་རོ་བཅུད་གདོད་ནས་གནས་པའང་ཡིན་ནོ། །ཡོན་ཏན་གསུམ་དང༌། དག་པ་དང༌། བག་ཆགས་དང༌། གཉུག་མའི་ལུས་རྣམས་གཅིག་ཏུ་སྡོམ་པ་དེ་ནི། ཨེ་ཝཾ་ཡི་གེ་ཞེས་བྱ་སྟེ། གཉུག་མའི་ལུས་ནི་ཨེ་ཡིག་དང་རྣམ་དག་ས་བོན་དང་བཅས་པ་ནི་ཝཾ་ཡིག་དང༌། ཡོན་ཏན་གསུམ་ནི། དེ་གཉིས་ཀ་ལ་འཇུག་མོད་ཀྱི། དངོས་སུ་ན་ཝ་ཡིག་གི་ན་རོ་ཐིགས་པ་སྟེང་ཆ་རྣམས་ཡིན་ནོ། །ཡོན་ཏན་གསུམ་དང་གཞི་གསུམ་སྟེ། ལྡོག་ཆའི་སྒོ་ནས་དྲུག་ཏུ་ཕྱེ་ཡང༌། ལྔ་པོ་ནི་རྫས་གཅིག་ཅིང་ལྡོག་ཆ་དང་མཚན་ཉིད་སོ་སོས་ཕྱེ་བ་ཡིན་ལ། རྣམ་དག་གི་སེམས་ནི་དེ་ཀུན་ལ་ཁྱབ་པའི་རང་བཞིན་ཆོས་ཉིད་དོ། །དེ་ལྟ་བུའི་ཨེ་ཝཾ་ཡི་གེ་དེའི་རྟེན་འབྲེལ་ལས། འཁོར་བའི་ཆོས་འདི་ཐམས་ཅད་གསལ་


TNT10_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་བ་ཡིན་ཏེ། ཡང་གལ་ཏེ་རྒྱུ་གཅིག་ལས་འབྲས་བུ་དུ་མ་འབྱུང་བ་མི་འཐད་དོ་སྙམ་ན། མ་ཡིན་ཏེ། ཡང་དག་པར་ན་རྒྱུ་ལའང་གཅིག་དང་དུ་མ་མེད༌། འབྲས་བུའང་གཅིག་དང་དུ་མར་བྲལ་མོད་ཀྱི། སྣང་བ་མ་འགགས་པ་ཙམ་གྱི་དབང་དུ་ན། རྒྱུ་གཅིག་ལས་འབྲས་བུ་གཅིག་དང་དུ་མའི་རྣམ་གཞག་ཀྱང་རུང༌། རྒྱུ་གཅིག་དང་དུ་མ་ལས་འབྲས་བུ་གཅིག་དང་དུ་མའི་རྣམ་གཞག་ཀྱང་རུང་སྟེ། འཁྲུལ་ངོར་སྣང་བ་ཙམ་ལ། ངེས་པ་མེད་ཅིང་སྤྱད་པ་མི་འཇུག་པས། རྒྱུ་རྐྱེན་ཇི་ལྟར་སྣང་བ་ལྟར་གཞག་དུ་རུང་བའི་ཕྱིར་རོ། །འདིར་རྟེན་འབྲེལ་ཙམ་གྱི་སྐྱེ་བ་དང༌། མཐའ་བཞི་འགོག་ཚུལ་ཟུར་སྨོས་ཙམ་འགྲེལ་པ་ན་ཡོད་དོ། །གཉིས་པ་ནི། གནམ་ཆུ་འོད་དཔག་མེད་འདམ་བྱས། །རྩ་བར་རྣམ་པར་རྟོག་པར་བྱས། །སྡིག་སྤང་རྩ་བའི་སྡོང་བུར་བྱས། །ཡི་གེ་ཧཾ་གི་རྣམ་པར་སྐྱེས། །རྐྱང་མ་རོ་མའི་ཚལ་གཉིས་ནི། །ལོགས་གཉིས་སུ་ནི་གནས་པ་སྟེ། །འདབ་བཞིའི་རིམ་པས་རྩ་ལག་བཞི། །བདེ་བ་ཆེན་པོའི་གནས་ན་གནས། །ཞེས་པ་སྟེ། དེ་ཡང་གོང་དུ་བཤད་པའི། རྟེན་བརྟེན་པ་རླུང་སེམས་ཀྱི་ཆོས་དྲུག་ལ། སྙུག་གཞུག་མའི་ལུས་དང༌། ཤིན་དུ་ཕྲ་བའི་དཀར་པོ་སྙིང་སྟོབས་གཉིས་ལུས་ཀྱི་ཆོས་དང༌། ཤིན་དུ་ཕྲ་བའི་དམར་པོ་རྡུལ་ངག་དང༌། རྣམ་རྟོག་དང་ལྷན་ཅིག་པའི་རླུང་གི་དྭངས་མ་དང༌། ནག་པོའི་ཁམས་མུན་པ་དང༌། བག་ཆགས་ཀྱི་ས་བོན་ཏེ་གསུམ་པོ་དེ་སེམས་ཀྱི་ཆོས་སུའང་འཇོག་ཅིང༌། ཡང་རྡུལ་དང་རླུང་དག་དང༌། རྣམ་


TNT10_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་དང་བག་ཆགས་སེམས་སོ་ཞེས་ཆ་ཤས་ཀྱི་སྒོ་ནས་འཇོག་མོད་ཀྱི། ངེས་པར་ན་དེ་ཐམས་ཅད་སེམས་ཁོ་ན་ཡིན་ནོ། །དེ་ལ་རེ་ཞིག་ལུས་སེམས་ཐ་དད་པར་སྣང་བ་འདི་ཉིད་གཞིར་བཞག་སྟེ། དཔྱད་པ་མེད་པར་བཤད་ན། དེ་ལྟར་གོང་དུ་བཤད་པའི་ཨེ་ཝཾ་འཁོར་བཅས་ཀྱི་སེམས་དེ་ནི། ད་ལྟར་ལུས་ལ་བརྟེན་ཅིང་གནས་ལ། ས་བོན་དང་ཡོན་ཏན་གསུམ་དང༌། གཉུག་མའི་ལུས་ཀྱི་ནང་ནས་འབྱུང་ལུས་ཕྲ་མོ་དང་བཅས་པ་སྟེ། ཚོགས་པ་གསུམ་པོ་དེ་ལས་སྔོན་དུས་ཀྱི་ཚོགས་པ་གསུམ་ནི། ད་ལྟའི་སྒོ་གསུམ་གྱི་རྒྱུ་ཡིན་ཅིང༌། ད་ལྟའི་སྒོ་གསུམ་པོ་འདི་དག་མ་འོངས་པའི་ཚོགས་པ་གསུམ་ལ་ཐིམ་པར་འགྱུར་བས། མ་འོངས་པའི་ཚོགས་པ་གསུམ་ནི་འདི་དག་གྀ་འབྲས་བུའོ། །དེའི་རྒྱུ་མཚན་ནི་ཐིམ་པའི་གོ་དོན་དུས་མཉམ་པ་ཅིག་གི་ནང་དུ་ཅིག་ཤོས་ཞུགས་པ་ལྟ་བུ་དོན་མ་ཡིན་གྱི། མར་གསར་བཞུ་བ་ལས་དེའི་སྙིགས་མ་རྣམས་རིམ་གྱིས་ཟད་དེ། ཞུན་མར་གྱི་སྙིང་པོར་གྱུར་པ་ན། མར་གྱི་གོང་བུ་ཞུའོ་འདི་ལ་ཐིམ་མོ་ཞེས་ཟེར་བ་ལྟ་བུ་སྟེ། དེའི་ཚེ་ཞུན་མར་ནི་གོང་བུའི་འབྲས་བུའོ། །དེ་བཞིན་དུ་རགས་པའི་ལུས་འདི་ལས་དང་དུས་ཀྱི་དབང་གིས་དེངས་པར་གྱུར་པ་ན། སྲིད་པ་བར་མ་ལ་ཚོགས་པ་གསུམ་ཁོ་ན་གནས་སོ། །འདིར་མ་ཟད་རགས་པ་ཕྲ་བའི་དབྱིངས་སུ་སངས་པ་ལ་ཐིམ་པའི་ཐ་སྙད་གཞན་ལ་ཡང་ཡོད་དེ། སྤྲིན་རྣམས་ནམ་མཁའ་ལ་ཐིམ་པ་ཞེས་པ་ལྟ་བུའོ། །ཡང་དེ་ལྟ་བུའི་སྲིད་པ་བར་མ་ཚོགས་པ་གསུམ་


TNT10_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་སླར་ཡང་རགས་པའི་ལུས་འདི་འབྱུང་ཞིང༌། དེ་ལ་བརྟེན་བཅས་ཏེ་གནས་པར་ཡང་བྱེད་དོ། །ཞེས་བྱ་བ་འདི་སྤྱིར་ངེས་པར་བྱས་ནས། ཚིག་དོན་ནི། གནམ་སྟེ་ནམ་མཁའི་ཆུ་ཞེས་བྱ་བ་ལ། ནམ་མཁའ་ནི། བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ཞེས་པ་ལྟར། འདོད་ཆགས་ཀྱི་རྣམ་པར་རྟོག་པ་མངོན་འགྱུར་བ་ས་བོན་དང་བཅས་པ་རྣམས་ཡིན་ལ། དེ་ཉིད་ཆུ་དང་འདྲ་སྟེ་རིག་པའི་བདག་ཉིད་ཀྱི་ཕྱིར་གསལ་ཞིང་དྭངས་པས་སོ། །འོད་དཔག་མེད་ཀྱི་བརྡས། རྟེན་ཞུ་བ་སྟེ། དངོས་སུ་དཀར་པོ་སྨོས་ཀྱང༌། རྡུལ་ཡང་ཞོར་ལ་འཕངས་པ་ཡིན་ཏེ། ཁུ་རྡུལ་གཉིས་ཚོགས་པ་ལས་བདེ་བ་རྫོགས་པ་ཡིན་གྱི་དཀར་པོ་ཉག་གཅིག་གིས་མ་ཡིན་པའི་ཕྱིར་རོ། །འབྱུང་ལུས་རགས་པའི་དཀར་དམར་དེ་གཉིས་ནི། རགས་པ་ཉིད་ཀྱི་ཕྱིར་སའི་གོང་བུ་དང་འདྲ་ཞིང༌། དེ་བརྟེན་པ་ཆགས་རྟོག་གི་བདེ་བའི་ཆུ་དང་བསྲེས་པ་ལས་འདམ་དུ་བྱེད་པ་ཞེས་འགྱུར་བ་དེ་བརྟེན་དང་བཅས་པ་ནི། ལུས་ཀྱི་ཆོས་དེ་དག་འབྱུང་བའི་གཞི་ཡིན་པའི་ཕྱིར། པདྨའི་སྡོང་བོ་གང་ལས་སྐྱེས་པའི་འདམ་དང་འདྲ་བར་དགོངས་སོ། །རྩ་བ་སོགས་ལ་རྣམ་སྣང་འགྱུར་ལས། དེ་ནི་རྩ་བ་རབ་ཏུ་སྤངས་ནས་བྱས། །ཞེས་འབྱུང་སྟེ། པི་ཀལྤ་དང༌། བི་བརྫའི་ཡི་གེའི་ཁྱད་པར་ཏེ་རྒྱ་དཔེ་མི་འདྲ་བ་ལས་བྱུང་བར་མངོན། འགྲེལ་པ་འགྱུར་གསར་རྙིང་གཉིས་ཀར་དུ། པདྨའི་རྩ་བ་སྡོང་བུ་ཅན་ཞེས་པ་ཅིག་ལ་འབྲུ་མནན་ཏེ་དཔེར་ན་ས་བོན་དང་ཆུ་དང་འདམ་ལས་མྱུ་གུ་


TNT10_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡོང་བུ་འབྱུང་བ་བཞིན་དུ། ཆོས་དབྱིངས་ཀྱི་ས་བོན་དང༌། ནམ་མཁའི་ཆུ་དང༌། ཁུ་རྡུལ་གྱི་འདམ་ལས་སྲིད་པ་གསུམ་གྱི་ཆུ་བ། སྡོང་བོ། འདབ་མ། མེ་ཏོག་རྣམས་བྱུང་ཞེས་འཆད་ལ། འགྱུར་བདེ་དེ་ཡང་བདེ་ཆེན་དུ་རོ་མཉམ་པར་གནས་པས། དེའི་མིང་གིས་བཏགས་ཏེ། དང་པོའི་དབྱངས་ཀྱི་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས། །ཞེས་ལུང་དྲངས་སོ། །ཡང་ཙ་བ་རབ་ཏུ་སྤངས་ཞེས་པ་ལྟར་ན། དོན་དམ་པར་སྐྱེ་བའི་རྒྱུ་མེད་པས་རྩ་བ་སྤངས་ཞེས་འཆད་དགོས་ཀྱང༌། དཀྱུས་ཀྱི་འགྱུར་ལྟ་ན། འགྱུར་བའི་ས་བོན་དང་ཁུ་རྡུལ་དྭངས་མ་རྟེན་བརྟེན་པའི་འགྲེལ་པ་ཅན་དེ། ལུས་འབྱུང་བའི་བཞི་རྩ་ཡིན་ཡང༌། སྲིད་པ་མངོན་འགྱུར་བ་མེད་ན་ལུས་ལེན་མི་ཐུབ་པས། ལུས་ལེན་པའི་རྩ་བར་འགྱུར་བདེ་འདོད་ཆགས་ཀྱི་རྣམ་པར་རྟོག་པ་མངོན་འགྱུར་བ་ཉིད་རྣམ་པར་བཞག་པར་བྱས་ཞེས་པ་སྟེ། འགྱུར་འདི་ལྟར་དོན་ལ་གནས་ཤིང༌། རྩ་བ་དེས་ལུས་བླང་ཏེ་སྡོང་བུ་ནི། སྡིག་སྤངས་ཏེ་རྩ་དབུ་མ་སྡོང་བུའི་གཟུགས་རྒྱན་དུ་བཀོད་པར་བྱས་ལ། ལུས་ཀྱི་ཡན་ལག་དང་ཉིང་ལག་དང༌། རྩ་ཁམས་གཞན་ཐམས་ཅད་ནི་སྡོང་བུ་དེའི་ཡལ་གའོ། །སྤྱི་བོའི་ཡི་གེ་ཧཾ་ཡིག་མི་ཤིགས་པ་ནི། སྡོང་བུ་དེའི་མེ་ཏོག་ས་བོན་དང་བཅས་པའི་རྣམ་པ་སྙན་ངག་གི་གཟུགས་སུ་སྐྱེས་པ་སྟེ་བཀོད་པའོ། །སྐབས་འདིར་གཟུགས་ཞེས་བརྗོད་པ་རྣམས་གཟུགས་ཅན་གྱི་རྒྱན་དུ་གོ་བར་བྱའོ། །དབུ་མའི་སྡོང་བུ་ལས་གཡོན་དུ་རྐྱང་མ་དང༌། གཡས་སུ་རོ་མ་གྱེས་ཤིང༌།


TNT10_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ལས། རྩ་དང་རླུང་གི་བཀོད་པ་དུ་མ་བྱུང་བ་ནི། མེ་ཏོག་གི་ཚལ་དངའདྲ་བ་སྟེ། པད་ཚལ་གཉིས་པོ་དེ་ནི་གཡས་དང་གཡོན་གྱི་ལོགས་གཉིས་སུ་གནས་པའོ། །སྐབས་འདིར་རོ་རྐྱང་དབུ་མ་གསུམ་འདུས་པ་ལས། མི་ཕྱེད་མ་སོགས་རྩ་ལྷག་མ་ཉེར་དགུ་དང༌། འཁོར་ལོ་བཞི་སོགས་རྩའི་རྣམ་གཞག་རྒྱས་པར་རྟོགས་པར་བྱ་ཞིང༌། རླུང་ཡང་དུས་སྦྱོར་བཅུ་གཉིས་དཀྱིལ་འཁོར་དྲུག་བཅུ་འབབ་ཚུལ། དཔལ་དུས་ཀྱི་འཁོར་ལོར་གསུངས་པ་དང༌། མགོན་པོ་དང་ལྷ་མོའི་རླུང༌། རྡོ་རྗེ་འཕྲེང་བར་གསུངས་པ་སོགས་ཀྱང༌། རྒྱས་པར་ཤེས་པར་བྱ་སྟེ། འདིའི་འགྲེལ་པ་ན་ཡང་ཅི་རིགས་པར་དྲངས་སྣང་སྟེ། རྒྱས་པར་གཞན་དུ་བཤད་ཟིན་པས་འདིར་མ་སྤྲོས་སོ། །འདབ་བཞི་ཞེས་པ་ལ། བཻ་རོ་དང༌། འགྱུར་གསར་གྱི། པདྨ་འདབ་བཞི་རྩ་བ་བཞི་ཞེས་བསྒྱུར་ཏེ། རྩ་དེ་ཐམས་ཅད་ལས་ཀྱང་གཙོ་བོར་གྱུར་པ་གཙུག་ཏོར་གྱི་འཁོར་ལོ་ནི་འདབ་མ་བཞི་པ་སྟེ། རྩ་ལག་བཅས་པ་ལྟར་ན་རྩ་འཁོར་གཞན་རྣམས་སྐྱེད་ཅིང་ཕན་འདོགས་པའི་དོན་ཡིན་ལ། རྩ་བ་ཞེས་པ་ལྟར་ནའང་སྐྱེད་བྱེད་ཡིན་པས། དོན་གཅིག་ལ་འབབ་པར་བཤད་དུ་རུང་ནའང༌། རྩ་བ་དང་རྩ་ལག་སྐད་དོད་མི་གཅིག་པར་སེམས་སོ། །གང་ལྟར་ནའང༌། འདབ་མ་བཞྀའི་རིམ་པས་རྩ་འཁོར་གཞན་བཞི་སྐྱེད་དེ། མདུན་གྱི་འདབ་མས་སྙིང་ག་དང༌། གཡས་པས་མགྲིན་པ་དང་གཡོན་པས་དཔྲལ་བ་དང༌། རྒྱབ་མས་ལྟེ་བའི་འཁོར་ལོ་རྣམས། དང་པོར་བསྐྱེད་ཅིང་ཕྱིས་ཕན་འདོགས་


TNT10_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དོ། །དངོས་བསྟན་ལ་དེ་ལས་མ་གསུངས་ཀྱང༌། ལྟེ་བས་ནི། གསང་བའི་འཁོར་ལོ་རྣམས་བསྐྱེད་པ་ཡང་དོན་གྱིས་ཐོབ་བོ། རྩ་རྣམས་ཀྱིས་དང་པོའི་བསྐྱེད་གཞི་གཙུག་ཏོར་ཡིན་པའི་ཕྱིར། མཐར་རྩ་རྣམས་ཐམས་ཅད་གཙུག་ཏོར་དུ་ཐིམ་འགྲོ་བ་ཡིན་པས། དེ་ལྟར་ཐིམ་འགྲོ་བའི་གནད་འདི་གཞུང་འདི་ཁོ་ན་ལས་གསལ་བར་བྱུང་ངོ༌། །རྩ་ཐམས་ཅད་ཀྱི་རྩ་བ་འདབ་མ་བཞི་པོ་དེ་དག་གང་ན་གནས་ཞེ་ན། བདེ་བ་ཆེན་པོའི་གནས་གཙུར་ཏོར་ན་གནས་ཞེས་པ་སྟེ། སྦྱོར་བ་ཡན་ལག་དྲུག་ལ་སོར་སྡུད་ཡེ་ཤེས་ཀྱི་ཁམས་ཡིན་པས་ཀུན་ལ་ཁྱབ་པ་དང༌། བསམ་གཏན་ཡང་ནམ་མཁའི་ཁམས་ཡིན་པའི་ཕྱིར། ཡན་ལག་དང་འབྱུང་བ་ཕྱི་མ་ཀུན་གྱི་སྤྱི་ཁྱབ་དུ་འཇུག་ཅིང༌། སྤྱི་ཁྱབ་ཀྱི་ཡན་ལག་དེ་གཉིས་གཙུག་ཏོར་གྱི་འཁོར་ལོར་གནད་དུ་བསྣུན་པ་ལས་འབྱུང་བ་དང༌། གཙུག་ཏོར་དུ་བསྒོམས་པས་གསང་བའི་རྩ་མདུད་འབྱོངས་པ་དང༌། འཛིན་པའི་སྐབས་གསང་བའི་བུམ་ཅན་གྱི་གཙུག་ཏོར་དུ་ཐིག་ལེ་བརྟན་པར་བྱེད་པ་དང༌། ཏིང་ངེ་འཛིན་གྱི་མཐར་རྩ་ཁམས་རླུང་གསུམ་གཙུག་ཏོར་དུ་ཐིམ་པར་བྱེད་དགོས་པའི་རྒྱུ་མཚན་རྣམས་གནད་འདི་གཅིག་པུས་རྟོགས་ནུས་པས། འདབ་བཞིའི་རིམ་པས་རྩ་ལག་བཞི། །བདེ་བ་ཆེན་པོའི་གནས་ན་གནས། །ཞེས་པའི་ཚིག་རྐང་གཉིས་པོ་འདི་ཁོ་ནས་ཀྱང༌། དུས་འཁོར་སོགས་ཀྱི་རྒྱུད་སྡེ་མང་པོ་ལ་ངེས་པ་སྟེར་པ་འདི་ནི་ངོ་མཚར་ཆེའོ། །མན་ངག་གི་གཞུང་བྱ་བ། རྒྱུད་དོན་གྱི་མདུད་པ་འགྲོལ་ནུས་པ་འདི་ལྟ་བུ་དགོས་ཀྱི། མན་ངག་དང་རྒྱུད་


TNT10_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱབ་འགལ་དུ་འགྲོ་བ་དང༌། གྲུབ་ཐོབ་ཀྱི་གསུང་ཡིན་ཟེར་ནས་སངས་རྒྱས་ཀྱི་གསུང་དང་འགལ་བ་མང་པོ་དག་སྣང་སྟེ། རྩོད་དུས་ཀྱི་མཐའ་མ་འདིར། སྐལ་མེད་རྣམས་ཀྱི་སྙིང་ལ་ནི་ཤིན་ཏུ་:འགྲོད་[འཕྲོད་]ཀྱང༌། ཟབ་དོན་གྱི་སྐལ་བ་ཅན་བློ་གྲོས་མཆོག་རྣམས་ཀྱིས་ནི། མཛོད་ཕུགས་མི་གཙང་བས་བཀང་བ་དང་འདྲ་བར་མཐོང་ངོ༌། །༈ གསུམ་པ་ནི་ཨེ་ཝཾ་ས་བོན་བླངས་ནས་ནི། །པདྨའི་མེ་ཏོག་ཁ་བྱེ་བར། །བུང་བའི་གཟུགས་ཀྱིས་རབ་དགའ་བའི། །དཔའ་བོ་སྦྲང་རྩི་མནོམ་པར་བྱེད། །ཅེས་པ་སྟེ། འདི་ལ་ཤུད་ཀེ་ལོ་ཙཱ་བ་གྲགས་རྒྱལ་གྱིས། ཨེ་ཝཾ་ཡི་གེའི་ས་བོན་ལེན། །ཆུ་སྐྱེས་ཀྱི་ནི་མེ་ཏོག་ལ། །སྦྲང་རྩིར་བྱེད་པའི་གཟུགས་ཀྱིས་ནི། །རབ་དགའི་དཔའ་བོ་སྦྲང་རྩི་མནོམ། །ཞེས་འདོན་པ་གོ་བདེ་ཞིང་བརྗོད་བླ་བ་ཙམ་སྣང་ངོ༌། །འདིའི་དོན་འགྲེལ་བར། ཨེ་ཝཾ་ཕ་མའི་ས་བོན་བླངས་པ་དང༌། པདྨ་མངལ་གནས་དང༌། བུང་བ་དྲི་ཟ་དང༌། རབ་དགའ་དཀར་དམར་གྱི་དབུས་སུ་སེམས་རྒྱལ་བ་ལ་འཆད་ཀྱང་དེ་གཞུང་གི་དོན་དུ་མི་སྣང་ངོ༌། །ཨེ་ཝཾ་ནི་གོང་དུ་བཤད་པ་ལྟར་གྱི། སྒྲ་གཅན་དང་དུས་མེ་ཡིན་ཅིང༌། དེ་ཡང་སྐབས་འདིར་བདེ་བའི་ཕྱོགས་ནས་བསྟན་པས། རྡོ་རྗེ་ཧཾཀྵཿ དང་ངོ་བོ་གཅིག་གོ །དེ་ཡང་བློ་ཡུལ་དུ་ཡིད་འོང་གི་རྣམ་པ་ཤར་བ་ལ། སེམས་ཀྱི་ཀུན་ཏུ་ཆགས་པར་བྱེད་པ་ནི། ལུས་མེད་དེ་བདུད་ཀྱི་ལས་ཡིན་ལ། ཡིད་འོང་དང་ཆགས་པ་དེ་གཉིས་རྫས་གཅིག་ཀྱང༌། རྟེན་བརྟེན་པ་དང༌། ཡུལ་ཡུལ་ཅན་གྱི་རྣམ་པར་འདུག་གོ །དེའི་


TNT10_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཤེས་པས། ཡིད་འོང་གི་རང་བཞིན་རྣམ་པ་ཀུན་ལྡན་དང༌། ཆགས་པའི་རང་བཞིན་འགྱུར་མེད་བདེ་བ་ཡིན་ཞིང༌། དེ་གཉིས་ཀྱང་ཡུལ་ཡུལ་ཅན་དང༌། རྟེན་བརྟེན་པའི་ཚུལ་དུ་ཡོད་ཀྱང་ངོ་བོ་གཅིག་ཡིན་ནོ། །དེ་ལྟ་བུའི་རང་བཞིན་བདེ་བ་དང༌། དེ་རྟོགས་པའི་ཡེཤེས་ལ་ནི། ལུས་མེད་རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་ཧཾ་ཀྵཿས་མཚོན་པའོ། ། ཞེས་པའོ། །དེ་ལྟ་བུའི་ཨེ་ཝཾ་ལུས་མེད་རྡོ་རྗེ་དེ་ལུས་མེད་ཀྱི་ས་བོན་འཛག་བདེའི་བག་ཆགས་རྒྱུད་ལ་བླངས་པས་ནི། པདྨའི་མེ་ཏོག་སྟེ་རྩ་འཁོར་ལོ་རྣམས་རབ་ཏུ་རྒྱས་པའི་དབུས་སུ་སེམས་བུང་བ་ལྟ་བུའི་གཟུགས་སྟེ་ཚུལ་གྱིས་རང་བཞིན་འགྱུར་མེད་ཡིན་ཀྱང༌། རྣམ་པ་འགྱུར་བདེའི་རབ་ཏུ་དགའ་བས་མྱོས་པའི་སེམས་ཀྱི་བུང་བ་དཔའ་བོ་དེ་ནི་རྩ་འཁོར་གྱི་ལྟེ་བའི་དབུ་མ་མི་ཤིགས་པས་ཐིག་ལེའི། སྦྲང་རྩིའི་དྲི་མནོམ་ཞིང་རོ་མྱང་བར་བྱེད་དོ། །ཅེས་པ་སྟེ། འགྱུར་བདེའི་བག་ཆགས་ཡོད་པའི་ནུས་པས་སེམས་རྩ་འཁོར་གྱི་ཐིག་ལེ་ལ་གནས་ཏེ། ལུས་སེམས་ཀྱི་འབྲེལ་པ་མ་ཆད་པར་བྱེད་དོ། །དེས་ན་ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་མ་སྤངས་ན། གྲོལ་བ་མེད་ཅིང༌། འགྱུར་མེད་ཐོབ་ན་དེ་སྤོང་ཞེས་བཤད་པའི། རྟེན་བརྟེན་པའི་འབྲེལ་པ་ནི་ཡིད་འོང་དང་ཆགས་པ་ཉིད་དོ། །འདི་ལ་མར་པ་དོ་བའི་གསུང་སྒྲོས་མཆན་བུ་ཞིག་ན། ཨེ་ནི་ལྟེ་བ་དང། སྤྱི་བོ། ཝཾ་སྙིང་ག་དང༌། མགྲིན་པར་བྱས་པས། དེ་རྣམས་ཉིད་པདྨའི་མེ་ཏོག་བཅས་པ་དང་གཅིག་པར་སྦྱར་ནས། ས་བོན་ཞེས་པ་སོ་སོའི་ཡིག་འབྲུ་ཐིག་ལེ་ལ་ངོས་བཟུང༌། རྩ་འཁོར་ཁ་སྦྱོར་དུ་གནས་པའི་ནང་ན། སེམས་ཀྱི་བུང་བ་རོལ་ཞེས་འཆད་དོ། །༈ བཞི་པ་ནི། འབྱུང་ཆེན་ལྔ་ཡིས་ས་བོན་ནི། །བླངས་ཏེ་ཚོགས་པ་ལས་སྐྱེ་བ། །སྲ་བ་ས་སྟེ་གཤེར་བ་ཆུ། །ཚ་བ་


TNT10_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་ཟར་ཡང་དག་སྐྱེས། །ཡང་དག་སྐྱོད་རླུང་བདེ་ནམ་མཁའ། །ཡོངས་སུ་རྫོགས་པ་མ་ལུས་པའི། །ལྷ་དང་ལྷ་མིན་འདི་ལས་སྐྱེས། །ཞེས་པ་སྟེ། དེ་ཡང་སེམས་ཀྱི་ཆོས་ཉིད་གདོད་མའི་ཡེ་ཤེས་ལྔར་གནས་ལ། དེའི་གློ་བུར་གྱི་དྲི་མ་འབྱུང་བ་ལྔའི་སེམས་སུ་ཤར་རོ། །དེ་ཡང་དགྱེས་རྡོར་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་འབྱུང་ཞིང༌། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པ་ཡང་འདིའི་ཁོ་ནའོ། །འབྱུང་བ་ལྔ་ཡི་སེམས་དེ་ཡང༌། འགྱུར་བདེའི་བག་ཆགས་ཀྱིས་བརླན་པ་ཡིན་པས། འབྱུང་བ་རགས་པ་གཞན་རྣམས་ལེན་པའི་ནུས་པ་ཅན་ནོ། །དེའི་ཕྱིར་ཡང་འབྱུང་བ་ལྔའི་སེམས་དེ་འབྱུང་བ་ཆེན་པོ་ལྔའི་ས་བོན་ཞེས་བྱ་སྟེ། འབྱུང་བ་རགས་པ་རྣམས་དེ་ལས་སྐྱེ་བའི་ཕྱིར་རོ། །དེས་ན་སེམས་དེས་འབྱུང་བའི་ས་བོན་དེ་དག་བླངས་ཏེ། དེ་ལ་བརྟེན་ནས་སྐྱེ་བ་ལེན་པར་འགྱུར། དེ་ཡང་རྒྱུད་གཞན་གྱི་ཚོགས་པ་བླངས་པ་ལ་བརྟེན་ནས་སྐྱེ་སྟེ། སེམས་ཀྱི་ས་བོན་བླངས། ས་བོན་གྱིས་རགས་པ་བླངས་པའོ། །དེ་ཡང་མངལ་སྐྱེས་ཀྱི་དབང་དུ་བྱེད་ན། ཇི་སྐད་དུ། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །ཞེས་པ་ལྟར། ས་ཁམས་ཀྱི་སེམས་དེ་འགྱུར་བདེས་བརླན་པའི་ཕྱིར། ཕ་མ། རྡོ་རྗེ་པདྨ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སྲ་བ་སའི་ཁམས་ཀྱི་འཛག་བདེ་ཉམས་སུ་མྱོང་བ་དང་ཕྲད་པ་ན། འགྱུར་བདེ་རིགས་མཐུན་གྱི་དབང་


TNT10_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གིས། ཕ་མའི་ཐིག་ལེའི་ས་ཁམས་ཀྱི། ས་ཁམས་ཀྱི་རྣམས་ཤེས་འདྲེས་པའི་ཚུལ་གྱིས། རྣམ་ཤེས་དེས་ས་ཁམས་རགས་པ་ལེན་པར་འགྱུར་ཏེ། དེ་བཞིན་དུ་དེས་རིགས་འགྲེ་སྦྱར་ནས། བྱང་སེམས་ཁུ་བའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །ཞེས་པ་ལྟར་ཕ་མ་གཤེར་བའི་འཛག་བདེ་ཉམས་སུ་མྱོང་བ་དང༌། ཆུ་ཁམས་ཀྱི་སེམས་ཕྲད་པ་ལས། ཆུ་ཁམས་རགས་པ་ལེན་པ་དང༌། སྐྱཽད་པ་ལས་ནི་དྲོད་སྐྱེ་སྟེ། །ཞེས་པ་ལྟར། ཚ་བ་དྲོད་ཀྱི་འཛག་བདེ་མྱོང་བ་ལ། མེ་ཁམས་ཀྱི་སེམས་འདྲེས་པས། སྲེག་བཟའ་མེ་རགས་པ་ཡང་དག་པར་སྐྱེས་པར་འགྱུར་བ་དང༌། ཐིག་ལེ་གནས་ནས་སྐྱོད་ཅིང་པདྨར་འགྲོ་བ་རླུང་གིས་བྱེད་པའི་འཛག་བདེ་མྱོང་བ་དང༌། རླུང་གིས་སེམས་འདྲེས་པས་རླུང་རགས་པ་ལེན་པ་དང༌། དེ་དག་ཐམས་ཅད་ལ་ཁྱབ་པར་ཕ་མས་འགྱུར་བའི་བདེ་བ་ཙམ་མྱོང་པ་ལ། བར་དོའི་ནམ་མཁའི་སེམས་འདྲེས་པས། ནམ་མཁའི་ཁམས་རགས་པ་བླང་སྟེ། འབྱུང་བ་ལྔ་དང་ལྡན་པའི་ལུས་རགས་པ་ལེན་པར་འགྱུར་རོ། །དེ་ལྟར་ཐོག་མར་མངལ་དུ་ཞུགས་ཙམ་ན། ལྔ་པོ་དེ་བླངས་ལ། དེ་རྗེས་རིམ་པར་ས་ཁམས་ཀྱི་ཤ་རུས་ལྤགས་པ་སོགས་དང༌། ཆུས་ཁྲག་དང་ཆུ་སེར་སོགས་མེས་དྲོས་དང་འཁྲིས་པ་སོགས། རླུང་གིས་དབུགས་རྒྱུ་བ་དང༌། གཡོ་འགུལ་སོགས། ནམ་མཁས་ལུས་ནང་གི་ཁོག་སྟོང་སོགས་སྐྱེད་ནས། མ་ལུས་ཤིང་ལུས་པ་མེད་པའི་ལུས་ཡོངས་སུ་རྫོགས་པར་བྱེད་པའོ། །བཻ་རོས། བླངས་ནས་རྫོགས་པར་བྱེད་པ་དག་ཏུ་་འགྱུར། །ཞེས་པ་གོ་བདེའོ། །མངལ་སྐྱེས་


TNT10_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ཟད་ལྷ་དང་ལྷ་མིན་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱང་འབྱུང་བ་ལྔའི་ས་བོན་འདི་ལས་སྐྱེས་ཏེ། སྒོང་སྐྱེས་ནི། མངའ་སྐྱེས་དང་ཕལ་ཆེལ་འདྲ་ལ། དྲོད་གཤེར་སྐྱེས་དང་བརྫུས་སྐྱེས་ནི། སེམས་ཅན་གྱི་རྒྱུད་དུ་མ་སྐྱེས་པའི་ཕྱིའི་འབྱུང་བ་ལས་འབྱུང་བ་གཞན་ལེན་པ་བྱེད་དོ། །དེ་ལ་ཕ་རོལ་པོས་བདེ་བ་མྱོང་བ་མེད་ཀྱང༌། ཕྱིའི་འབྱུང་བ་དང༌། འབྱུང་བའི་སེམས་རིགས་མཐུན་འདྲེས་པས་ལེན་པའང་ཡིན། ཡང་སྐྱེ་བ་ཐམས་ཅད་སྲེད་པས་མཚམས་སྦྱོར་བར་ཀུན་ཏུ་གྲུབ་ལ། དེའི་དུས་ཀྱི་དྲི་དང་གནས་ལ་སྲེད་པ་གང་ཡིན་པ་དེའང༌། འགྱུར་བདེ་ལ་སྲེད་པའི་ས་བོན་གྱི་ནུས་པ་ཡིན་ཏེ། དཔེར་ན་གཉིས་སྦྱོར་གྱི་སྲེད་པ་མངོན་གྱུར་ཡོད་པའི་ནུས་པས། ཕོ་མོ་ལུས་ཀྱི་གཟུགས་སྒྲ་དྲི་རོ་དང༌། ཡོ་བྱད་དང༌། གནས་དང༌། འཁོར་གཡོག་དང༌། ཉེ་དུ་སོགས་ལའང་སྲེད་པ་སྐྱེ་བ་བཞིན་ནོ། །དེའི་ཕྱིར། སྐྱེ་གནས་གཞན་གཉིས་ཀྱང༌། འཛག་བདེའི་ས་བོན་གྱིས་སྐྱེད་པས་སྲིད་པས་མཚམས་སྦྱོར་བ་ཡིན་པའི་ཕྱིར། སྲིད་པར་སྐྱེ་བ་ཐམས་ཅད་འགྱུར་བདེ་བྱེད་པ་ཁོ་ནའོ། །འདིས་ལུས་འགྲུབ་ཚུལ་ལ། འགྲེལ་བ་ལས་འདི་སྐད་ཅེས་འབྱུང་སྟེ། ཕ་དང་མའི་དཀར་དང་དམར། །དེ་བཞིན་སྲོག་དང་ཐུར་སེར་གཉིས། །ཐུགས་ཀྱི་རྡོ་རྗེ་ཡང་དག་ལྡན། །ལུས་ཀྱིས་སྐྱེད་པར་བྱེད་པའི་རྒྱུ། །འོད་དཔག་མེད་དང་རིན་ཆེན་འཛིན། །སྲོག་དང་ཐུར་སེལ་རིམ་ཇི་བཞིན། །ལུས་ངག་ཡིད་དང་ཆགས་པ་རྣམས། །ཐུགས་ཀྱི་རྡོ་རྗེའི་ཞལ་རྣམས་སོ། །ཁུ་བ་ལས་ནི་ཟླ་


TNT10_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེད། ཁྲག་ལས་ཉི་མ་ཡང་དག་འབྱུང༌། །སྲོག་ལས་སྒྲ་གཅན་འགྲུབ་པ་སྟེ། །དུས་ཀྱི་མེ་ནི་ཐུར་སེལ་ལས། ཁུ་བ་ལས་ནི་རྩ་རྣམས་དང༌། །རུས་པ་ཡང་དག་འབྱུང་བ་སྟེ། །རྡུལ་ལས་ཁྲག་ནི་ཀུན་དུ་འབྱུང༌། ཁྲག་ལས་ཤ་ནི་འབྱུང་བར་འགྱུར། །ཤ་ལས་ལྤགས་པ་སྐྱེ་འགྱུར་ཏེ། །རུས་པ་ལས་ནི་རྐང་འབྱུང་ངོ༌། །ཟླ་བ་ལས་ནི་ཆུ་སྐྱེ་ཞིང༌། ཁྲག་ལས་མེ་ནི་འབྱུང་བར་འགྱུར། །སྒྲ་གཅན་ལས་ནི་སྲོག་སྐྱེ་ཞིང༌། །མེ་ལས་ཐུར་དུ་སེལ་བར་བརྗོད། །ལུས་ཅན་རྣམས་ཀྱི་ལྕེ་དང་ནི། །ལྕེ་ཆུང་ཁུ་བ་དག་གིས་སྐྱེད། །གཡས་པ་དང་ནི་གཡོན་པ་ཡི། །མིག་དག་རྡུལ་གྱིས་སྐྱེད་པ་སྟེ། །དེ་བཞིན་སྣ་ཡི་བུ་ག་གཉིས། །སྲོག་གིས་ངེས་པར་སྐྱེད་པ་ཡི། །དེ་བཞིན་སྣ་བའི་བུ་ག་གཉིས། །སྟོང་པ་ལས་ནི་ངེས་པར་སྐྱེ། །དེ་བཞིན་འོག་གི་བུ་ག་གཉིས། །ཐུར་སེལ་གྱིས་ནི་ཀུན་ཏུ་སྐྱེད། །དེ་བཞིན་ནུ་མའི་བུ་ག་གཉིས། །སྒྲ་གཅན་གྱིས་ནི་བསྐྱེད་པར་འགྱུར། །དེ་བཞིན་འབྲས་བུ་ཟུང་དག་ནི། །ཐུར་སེལ་རྒྱས་ལས་ཡང་དག་འབྱུང༌། ཞེས་སོ། དེ་ལྟར་ན་སྐྱེ་བ་འཇུག་ཚུལ་གཞུང་འདིར་གསལ་བར་གསུངས་པ་དེ་ཡིན་ལ། བཟློག་པ་འཆི་བའི་ཚུལ་ཤུགས་ལ་རྟོགས་པར་འགྱུར་བས། གཞུང་དུ་གསལ་བར་མ་སྨོས་སོ། །ཡང་ཨཱཪྱ་དེ་བས་བདག་བྱིན་རླབས་པ་ལས། ས་ལ་སོགས་པ་བཞི་པོ་དང༌། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་ཉིད་དུ། །དངོས་པོ་རྒྱད་པོ་རྣམས་ཞེས་བྱ། །འོད་གསལ་ལས་ནི་སྟོང་ཆེན་སྟེ། །དེ་ལས་ཐབས་ནི་འབྱུང་བར་འགྱུར། །དེ་ལས་ཀྱང་ནི་ཤེས་རབ་འབྱུང༌། །དེ་ལས་རླུང་ནི་འབྱུང་བར་


TNT10_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །རླུང་ལས་མེ་ནི་འབྱུང་འགྱུར་ཏེ། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །ཆུ་ལས་ས་ནི་འབྱུང་འགྱུར་ཏེ། །འདི་ནི་སེམས་ཅན་རྣམས་འབྱུང་པའོ། །ས་ཁམས་ཆུ་ལ་ཐིམ་གྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བ་ཁམས་ལ་ཐིམ། །རླུང་ནི་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་བྱུང་ལ་ཐིམ་འགྱུར། །སེམས་ལས་བྱུང་བས་མ་རིག་པར། །དེ་ཡང་འོད་གསལ་བར་འགྲོ་སྟེ། །སྲིད་པ་གསུམ་པོ་འདི་ལྟར་འགག །ཅེས་འབྱུང་བ་ལྟར། ཕྲ་རགས་ཐིམ་ཚུལ་སོགས་རྒྱས་པར་རྟོགས་དགོས་མོད་ཀྱི། རིམ་ལྔའི་འགྲེལ་པར་བཤད་ཟིན་ཏོ། །གཉིས་པ་དོན་དམ་པའི་གསང་བ་བཤད་པ་ལ། དོན་དམ་པའི་རང་བཞིན། ཡོད་མེད་ཀྱི་དབྱེ་བ། དེ་རྟོགས་དཀའ་བར་བསྟན་པའོ། །དང་པོ་ནི། རྨོངས་པས་འདི་དག་སྟོང་ཉིད་ཡིན། །ས་ཆུ་མེ་དང་རླུང་དང་མཁའ། །ཡུལ་གྱི་བློས་བླང་ཡོངས་ཤེས་ཀྱིས། །བརླབས་མེད་མཉམ་པ་ལྷན་སྐྱེས་ཚུལ། །ཉེས་པ་མ་ལུས་དང་བྲལ་པ། །དེ་ལ་སྡིག་གསོད་གཅིག་ཀྱང་མེད། །གསལ་བ་ནག་པོས་སྨྲས་པ་ཡིན། །ཅེས་པ་སྟེ། ཀྱཻ་རྨོངས་པ་ཞེས་བོས་ནས། རྟེན་འབྲེལ་སྣ་ཚོགས་འཆར་བའི་གཞི་དང༌། རྟེན་འབྲེལ་གྱི་དངོས་པོ་ལུས་སེམས་དང༌།ཇི་ལྟར་འབྲེལ་ཚུལ་སྐྱེ་སོགས་ཀྱི་རྣམ་འགྱུར་འདི་དག་ཐམས་ཅད་རང་བཞིན་གང་དུ་ཡང་མ་གྲུབ་པའི་སྟོང་པ་ཁོ་ན་ཉིད་ཡིན་ནོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཏེ། ཕྱི་རོལ་གྱི་དངོས་པོར་སྣང་བ་འདི་རྣམས། ཡུལ་གྱི་བློ་སྟེ་ཡུལ་གཟུང་དོན་ཕྱི་རོལ་དུ་འཛིན་པའི་བག་ཆགས་ཀྱི་བློ་སྟོབས་ཆེ་


TNT10_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བརྟན་པ་དེ། གསལ་བར་མངོན་འགྱུར་དུ་བླངས་བས་ཡུལ་གཟུང་དོན་དུ་སྣང་བ་ཡིན་པར་ཡོངས་སུ་ཤེས་པར་གྱིས་ཤིག བླང་བའི་དོན་སྔར་མི་གསལ་བར་གབ་པ། མངོན་གྱུར་དུ་ལངས་པ་ལྟ་བུར་འཆད་པའང་ཡོད་མོད། དོན་ལ་མི་འགལ་བར་འདུག་ཀྱང༌། ཚིག་གི་སྒོ་ནས་མི་ལེགས་ཏེ། སྐད་དོད་དང་ཡང་མི་འགྲིག་པའི་རིགས་སུ་འདུག་ཅིང༌། བོད་ཡིག་གི་བརྡ་དང་འགལ་ཏེ། བླངས་པ་དང་བསླངས་པ་བརྡ་དོན་ཐ་དད་པའི་ཕྱིར་རོ། །དེས་ན་བླངས་པའི་དོན་ནི། གཟུང་འཛིན་ཞེས་པའོ། །བཻ་རོས། བློ་ཡི་ཡུལ་དུ་བླངས་པ་ཤེས་པར་གྱིས། །ཞེས་འགྱུར་རོ། །དེ་ལྟར་ན་གཟུང་བའི་ཆོས་ཐམས་ཅད་དང་བྲལ་བ་ཡིན་པ། དེར་མ་ཟད་འཛིན་པ་སེམས་བྱུང་གི་རྦ་རླབས་མེད་དེ། རྦ་རླབས་ཀྱི་དོན་ནི་རྣམ་འགྱུར་སྣ་ཚོགས་དང་སྐྱེ་འཇིག་འབྱུང་ཟློག་སྣ་ཚོགས་པའོ། །དེའི་ཕྱིར་ན་འཛིན་པའི་ངོ་བོ་ཡང་མ་གྲུབ་སྟེ། གཉྀས་མེད་སྤྲོས་པ་ཐམས་ཅད་དང་བྲལ་བ། བདེ་བ་ཆེན་པོ་ནི། ཟུང་འཇུག་མཉམ་པ་ཉིད་ཡིན་ལ། དེ་ཡང་ལྷན་ཅིག་སྐྱེས་པ་གདོད་མའི་གནས་ཚུལ་ལ་ཞུགས་པའོ། །འགྲེལ་པ་ལས། སྐབས་འདིས་ས་སོགས་སྣ་བུག་དུ་རྒྱུ་བའི་ས་རླུང་གི་དཀྱིལ་འཁོར་སོགས་ལ་འཆད་པ་དང༌། རྦ་རླབས་མེད་པ་རླུང་འབྱུང་འཇུག་མེད་པ་དང༌། མཉམ་པ་བུམ་པ་ཅན་ལས་འདས་པ་ཞེས་རླུང་ཐིམ་པ་ལ་འཆད་པ་སོགས། སྐབས་དོན་ལས་ཕྱིར་ཕྱོགས་པ་ཡིན་པས་ལེགས་པར་མ་མཐོང་ངོ༌། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ནི། སྒྲིབ་པ་གཉིས་ཀྱིས་བསྡུས་པའི་


TNT10_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མ་ལུས་པ་དང་གདོད་ནས་བྲལ་བ་ཡིན་ཏེ། དེའི་ཕྱིར་ལྷན་སྐྱེས་དེ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི། སྡུག་བསྔལ་མྱོང་བའི་རྒྱུ་སྡིག་པ་དང༌། འཁོར་བའི་བདེ་བ་སྐྱེད་པའི་བསོད་ནམས་མ་ཡིན་ཏེ། རྣམ་པར་གྲོལ་བ་ཁོ་ནར་བྱེད་པ་བྲལ་བའི་རྒྱུ་ཟག་པ་མེད་པའི་དགེ་བ་ཁོ་ནའོ། །ལྷན་སྐྱེས་སྒོམ་པ་ཆོས་ཅན། སྡིག་བསོད་གང་ཡང་མ་ཡིན་ཏེ། ཁྱོད་ཀྱི་དམིགས་པ་དོན་དམ་ལྷན་སྐྱེས་དེ་ལ། སྡིག་པ་དང་བསོད་ནམས་གཅིག་ཀྱང་གྲུབ་པ་མེད་པའི་ཕྱིར་རོ། །གཟུང་འཛིན་གྱི་སྣང་བ་ཡོད་མ་མྱོང་ཞིང༌། ཉེས་པ་ཀུན་གྱིས་གོས་མ་མྱོང་བའི། གདོད་མ་ལྷན་སྐྱེས་ཀྱི་བདེ་ཆེན་འདི་ཉིད། ཤེས་བྱ་གཤིས་ཀྱི་གནས་ལུགས་སོ་ཞེས། གསལ་བར་ནག་པོ་སྤྱོད་པ་བདག་གིས་སྨྲས་པ་ཡིན་ནོ་ཞེས་སོ། །གང་ཡང་འདི་ན་ཐེག་ཆེན་པར་ཁས་འཆེ་བ་དག་ལ། ཆོས་དབྱིངས་མེད་དགག་གི་མཚན་ཉིད་ཅན་དུ་འདོད་པའང་སྣང༌། ཟུང་འཇུག་ཡིན་ཅེས་མིང་འདོགས་པ་དང༌། ཡེ་ཤེས་ཙམ་མོ་ཞེས་སྨྲ་བའང་སྣང་སྟེ། རང་བཞིན་སྒྲིབ་པས། མ་གོས་པར་འདོད་བཞིན་དུ། ཡོན་ཏན་དང་ལྡན་པ་ལ་ཞེ་སྡང་པ་དེ་དག་ལ་བརྗོད་པ། ཤེས་བྱ་ལ་མི་སྲིད་པ་ནི་དཔྱད་གཞིར་མི་ཡོང་བར་གོ་བར་གྱིས། གཤིས་ཀྱི་གནས་ལུགས་སམ་ཆོས་དབྱིངས་སམ་དོན་དམ་བདེན་པའམ། གཉིས་མེད་ཀྱི་ཡེ་ཤེས་སམ། སངས་རྒྱས་ཀྱི་སྙིང་པོ་ཞེས་པ་སོགས་སོ་སོ་འདོད་པའམ་ཁས་བླང་བསྟུན་ནས་ཆོས་ཅན་དུ་བཟུང་ནས། ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཏེ་ཁྱོད་སྲིད་སྐྱོན་གང་གིས་ཀྱང་མ་གོས་


TNT10_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། ཡོན་ཏན་དང་མི་ལྡན་པ་དེ་ཉིད་སྐྱོན་ཡིན་པའི་ཕྱིར། དེས་ན་ཡོན་ཏན་མེད་པ་དེ་སྐྱོན་གྱི་ངོ་བོ་ཡིན། གཞི་གཅིག་ལ་སྦྱར་ན། ཆོས་དབྱིངས་ཆོས་ཅན། ཁྱོད་གནས་དང་གནས་མ་ཡིན་པ་མི་ཤེས་པའི་སྒྲིབ་པས་མ་གོས་པ་མ་ཡིན་པ་ཐལ། ཁྱོད་ཀྱིས་གནས་དང་གནས་མ་ཡིན་པ་མི་ཤེས་པའི་ཕྱིར། དེ་ལ་བེམ་པོ་སོགས་ཀྱིས་མ་ངེས་སོ་སྙམ་ན། རིགས་པས་དཔྱད་པའི་སྐབས་འདིར་བེམ་པོ་རང་མཚན་པ་ཁས་མི་ལེན་ཀྱང༌། རེ་ཞིག་ཡོད་རུང་དུ་ཞོག་ལ། བརྟན་པའི་དངོས་པོའང༌། དངོས་མེད་རྣམས་ཆོས་ཅན། དེ་ལྟ་བུའི་སྒྲིབ་པ་དང་བཅས་པ་ཡིན་ཏེ། ཁྱོད་སྒྲིབ་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། འཁྲུལ་སྣང་ཙམ་གྱིས་བཞག་པ་ཡིན་པའི་ཕྱིར། དེས་མཚོན་ཏེ་ཡང༌། སྒྲིབ་པ་རང་བཞིན་གྱིས་མེད་པ་ཡིན། སྤྱིར་དེ་ལ་དབྱིངས་ལ་སྒྲིབ་པ་ཡོད་དོ་སྙམ་ན། འོ་ན་རང་བཞིན་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྲུབ་སྟེ། རང་བཞིན་གྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་འདོད་ན་ཁོ་བོ་ཅག་གི་འདོད་པ་དེས་གྲུབ་བོ། །ཡང་ཆོས་དབྱིངས་ཆོས་ཅན། ཁྱོད་ལ་མཚན་དཔེའི་ཡོན་ཏན་ཡོད་པར་ཐལ། ཁྱོད་ལ་མཚན་དཔེ་འབྱུང་བ་ལ་བར་དུ་གཅོད་པའི་སྒྲིབ་པས་མ་གོས་པའི་ཕྱིར། ཡང་སྒྲིབ་པས་མ་གོས་ཀྱང་ཐོབ་བྱེད་ཀྱི་རྒྱུ་ལ་བསགས་པའི་ཕྱིར། དེ་མེད་དོ་སྙམ་ན། ཁོ་བོ་ཅག་གི་ལུགས་ལ་གདོད་མའི་ཡོན་ཏན་ཡིན་པའི་ཕྱིར། ཐོབ་བྱེད་ཀྱི་རྒྱུ་གསོག་མི་དགོས་ཀྱང༌། རེ་ཞིག་ཁྱེད་ཀྱི་ངོར་གཏམ་འདི་བོར། འོ་ན་དེ་ཆོས་ཅན། དེ་ཐོབ་པ་ལ་བར་དུ་


TNT10_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་སྒྲིབ་པའི་ཉེས་སྐྱོན་གྱིས་གོས་པར་ཐལ། དེ་ཐོབ་བྱེད་ཀྱི་རྒྱུ་མ་བསྒྲུབས་པ་གང་ཞིག མ་བསྒྲུབས་པ་དེ་སྐྱོན་ཡིན་པའི་ཕྱིར། ཞེས་པ་འདི་ཁྱེད་ལ་ཟློག་ཏུ་མེད་ལ། ཐལ་བ་དེ་ངེད་ལ་སླར་ཟློག་པར་བྱེད་ན། ཁོ་བོ་ཅག་ནི་མཚན་དཔེ་སོགས་ཡོན་ཏན་རྣམས། ཆོས་ཀྱི་དབྱིངས་ལ་རང་བཞིན་གྱིས་གྲུབ་པ་རེ་རེ་དང༌། འཕགས་པའི་གང་ཟག་གི་རྒྱུད་ལ། རྐྱེན་གྱིས་སྒྲུབས་པ་རེ་རེ་སོ་སོར་ཡོད་པས། གང་ཟག་ལ་ནི་སྐྱོན་གྱིས་གོས་པར་འདོད། ཆོས་དབྱིངས་ལ་ནི་དེ་དང་དེ་ཐབས་ཀྱིས་མ་སྒྲུབས་པ། སྐྱོན་ཡིན་པ་རྟགས་མ་གྲུབ་བོ། །ཡང་གདོད་མའི་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་གནས་དང་གནས་མ་ཡིན་པ་ཤེས་པ་ཡིན་ཏེ། ཁྱོད་ལ་གནས་དང་གནས་མ་ཡིན་པ་ཐམས་ཅད་ཤེས་པ་རང་གི་ངོ་བོར་ཡོད་པའི་ཕྱིར་ཏེ། ཁྱོད་ལ་གནས་དང་གནས་མ་ཡིན་པ་མི་ཤེས་པ་རང་གི་ངོ་བོར་མེད་པའི་ཕྱིར། མ་གྲུབ་ན་གནས་དང་གནས་མ་ཡིན་པ་མི་ཤེས་པའི་སྒྲིབ་པ་དང་སྐྱོན་གྱིས་གོས་པར་ཐལ་པར་འགྱུར་རོ། །དེ་ལ་མ་ཁྱབ་སྙམ་ན། དུད་འགྲོ་ལ་གནས་དང་གནས་མ་ཡིན་པ་མི་ཤེས་པའི་སྒྲིབ་པས་མ་གོས་པར་ཐལ། གནས་དང་གནས་མ་ཡིན་པ་མི་ཤེས་པས་ནི་དེའི་སྒྲིབ་པའི་གོ་མི་ཆོད། དོན་འདི་གནས་དང་གནས་མ་ཡིན་པ་མི་ཤེས་པ་ལས་ལྷག་པའི། གནས་དང་གནས་མ་ཡིན་པ་མི་ཤེས་པའི་སྒྲིབ་པར་འཇོག་བྱེད་གཞན་མི་འདུག་པའི་ཕྱིར། ལན་མེད་དོ། །དེ་ལྟར་ན་གང་མི་ཤེས་པ་དང༌། དགོས་པ་མ་བསྒྲུབས་པ་དང༌། དོན་མ་བསྒྲུབས་པ་དང༌། མ་གྲུབ་


TNT10_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་དང༌། ལེགས་པའི་ཆོས་དང་མི་ལྡན་པ་ཐམས་ཅད་སྐྱོན་ཡིན། སྐྱོན་ཐམས་ཅད་དང་བྲལ་ཙ་ན་དེ་དག་ཐམས་ཅད་དང་བྲལ་དགོས། མི་ཤེས་པ་ལས་ལོག་ཙ་ན་ཤེས། མ་བསྒྲུབས་པ་ལས་ལོག་ཙ་ན་གྲུབ། མི་ལྡན་པ་ལས་ལོག་ཙ་ན་ལྡན་པ་མ་ལགས་སམ། དེ་དག་མ་ཡིན་ན། དེ་དང་དེ་ལས་ལོག་པ་ཡང་མི་འགྱུར་རོ། །དེས་ན་སྐྱོན་ཐམས་ཅད་དང་གདོད་ནས་བྲལ་བ་དེ་ནི། ཡོན་ཏན་ཐམས་ཅད་དང་གདོད་ནས་ལྡན་པར་གྲུབ་བོ། །དེས་ན་ཚུལ་འདི་ནི་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་དུ་སྒོ་ཐམས་ཅད་ནས་གསུངས་ཀྱང༌། བོད་ཡུལ་འདིར་ནི་དཔལ་ཇོ་ནང་བའི་མཁས་པ་རྣམས་མ་གཏོགས། གཞན་ཆེས་མཁས་པར་གྲགས་པ་རྣམས་ཀྱིས་ཀྱང་མ་རྟོགས་ན། སྲང་ཁར་འཁྱམས་པའི་རྟོག་གེ་པ་རྣམས་དང༌། སྒོམ་ཆེན་པར་རློམ་པར་གླེན་བླུན་རྣམས་ཀྱིས་ཏ་ག་ལ་རྟོགས། འཕགས་ཡུལ་ན་ཡང་མཆོག་གཟིགས་པའི་མཁས་གྲུབ་ཀྱིས་ནི་རྟོགས་ཤིང་བཤད་མོད་ཀྱི། གྲུབ་ཐོབ་ཕལ་པ་རྣམས་དང༌། མདོ་སྔགས་ཀྱི་པཎྜི་ཕལ་རྣམས་ཀྱིས་མ་རྟོགས་ཏེ། དེའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་ཡོན་ཏན་ཅན་གྱི་གཏམ་ལ་སོགས་པ་ངེས་དོན་ཆོས་སྐད་མཐའ་ཡས་པ་ཞིག་གཞན་ལ་མ་བརྟེན་པར་རང་གི་མཁྱེན་རབ་ཀྱི་སྟོབས་ཀྱིས་གསལ་བར་མཛད་པ། ཀུན་མཁྱེན་དོལ་པོ་པ་དེ་ནི། སྟོན་པ་སངས་རྒྱས་ཉིད་སླར་ཡང་བྱོན་པ་ཁོ་ནའོ། །ཧ་ཅང་སྤྲོས་སོ། གཉིས་པ་ནི། ཕྱི་རོལ་དུ་ནི་བྱུང་བ་དཔྱོད་པ་ལས། སྟོང་དང་སྟོང་པ་མ་ཡིན་པ་ལ་ཞུགས། །སྟོང་དང་སྟོང་མིན་དེ་གཉིས་ཀྱི་དབུས་སུ། །ཀ་ཡེ་


TNT10_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་ཅི་ཡང་མ་མཐོང་ངོ༌། །ལྷན་སྐྱེས་འབའ་ཞིག་གཅིག་པུ་དེ་ཉིད་ཡོད། །ཅེས་པ་སྟེ། ཚིག་རྐང་དང་པོ་ལ། བཻ་རོས། ཕྱི་རོལ་འབྱུང་བ་དག་ནི་དཔྱད་བྱས་ནས། །སྟོང་དང་སྟོང་མིན་དག་ལ་འཇུག་པར་གྱིས། །ཞེས་བསྒྱུར་བ་གོ་བདེའོ། །དེ་ཡང་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་སུ་སྣང་བ་རྣམས་ནི། བློ་ལ་ཕྱི་དོན་དུ་འབྱུང་བ་ལྟར་སྣང་ཡང༌། ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱོད་པ་ལས། ཇི་ལྟར་སྣང་བ་དེ་དག་ནི། རྟེན་འབྲེལ་སྣང་བ་སྣ་ཚོགས་པར་འཆར་པའི་ཕྱིར། སྟོང་པ་མ་ཡིན་པ་ལའང་ཞུགས་ལ། རང་བཞིན་ནི་གང་དུ་ཡང་མ་གྲུབ་པའི་ཕྱིར། སྟོང་པ་ལ་ཡང་ཞུགས་སོ། །འདིར་ཕྱི་རོལ་ཅེས་པ་ཕྱི་རོལ་གྱི་དོན་གཅིག་པུར་མ་ཟད། རྟགས་[བཏགས་]ཆོས་ཐམས་ཅད་བསྡུས་པ་ཡིན་ཏེ། དེ་དག་ཀྱང༌། འདོགས་བྱེད་ཀྱི་བློ་ལས་ཕྱི་རོལ་དུ་སྣང་བའི་ཕྱིར་རོ། །དེ་བས་ན་བཟུང་བའི་རྣམ་པ་ཐམས་ཅད་སྣང་བ་དང་དབྱེ་བ་མེད་པའི་ཕྱིར། ཕྱི་རོལ་མེད་ན་གཟུང་རྣམ་མ་གྲུབ་ལ། དེ་མ་གྲུབ་ན་འཛིན་རྣམ་ཡང་མ་གྲུབ་སྟེ། གཟུང་རྣམ་ཀྱི་རང་གཟུགས་ཙམ་ཡིན་པའི་ཕྱིར། ཏིལ་མེད་ན་ཏིལ་མར་མི་འབྱུང་བ་བཞིན་ནོ། །དཔེར་ན་གསེར་ལས་བྱས་པའི་རྒྱན་བརྒྱད་ཡོད་ན། གོ་ས་དེ་ན་གནས་པའི་གསེར་གྱི་དངོས་པོ་ཙམ་ནི། འཛིན་རྣམ་དང་འདྲ་ལ། རྣ་རྒྱན་དང༌། མགུལ་རྒྱན་དང༌། གདུ་བུ་ལ་སོགས་པ་རྒྱན་ཡིན་པའི་ཆ་ནི། གཟུང་རྣམ་སྟེ་ཤེས་པ་གཅིག་ཉིད་རང་གི་ངོ་བོ་རིག་པ་ཙམ་ཡིན་པ་ལ་འཛིན་རྣམ་དང༌། སྣང་བ་སྣ་ཚོགས་པར་ཤར་བའི་སྒོ་ནས་གཟུང་རྣམ་དུ་བཞག་གོ །དེའི་


TNT10_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་གཉིས་དངོས་པོ་གཅིག་པས་ན། བདེན་བརྫུན་གྱི་དབྱེ་བ་མི་འོས་སོ། །འོན་ཀྱང་བཏགས་པ་རྣམས་ནི་བྱ་བ་བྱེད་ནུས་སུ་མེད་ལ། ཤེས་པ་ཙམ་ནི་བྱ་བ་བྱེད་ནུས་སུ་ཡོད་དོ། །དེ་ལ་སྣ་ཚོགས་སུ་སྣང་བས་ནི། རྒྱུ་འབྲས་ཀྱི་བྱ་བ་བྱེད་ལ། རང་རིག་པ་ཙམ་གྱིས་ནི། རྒྱུ་འབྲས་གཉིས་ཀའི་བརྟེན་གྱི་བྱ་བ་བྱེད་དོ། །དེ་ཡང་རྣམ་པར་ཤེས་པའི་ངོ་བོ་ཡིན་གྱི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གཟིགས་ངོར་ནི་མ་ཡིན་ཅིང༌། དོན་དམ་དཔྱོད་བྱེད་ཀྱི་རིག་ངོར་ཡང་མ་ཡིན་ནོ། །དབུ་མ་པར་ཁས་འཆེ་བ་གང་དག །ཐག་ཁྲིའི་སྦྲུལ་གྱིས་དངངས་པར་བྱེད་པ་དང༌། རྨི་ལམ་གྱི་སེམས་ལ་བདེ་སྡུག་འབྱུང་བ་སོགས་རྒྱུ་མཚན་དུ་བྱས་ནས། འཁྲུལ་ངོར་བྱ་བ་བྱེད་ནུས་ཙམ། སྣང་བ་ལོག་པ་དེ་དག་ལ་ཡང་ཡོད་ལ། དོན་དམ་པ་ནི་རྣམ་ཤེས་ཙམ་གྱིས་ཀྱང་བྱ་བ་མི་བྱེད་པའི་ཕྱིར། དེ་གཉིས་ལ་དོན་བྱེད་ནུས་མི་ནུས་ཀྱི་ཁྱད་པར་མེད་དོ་ཞེས་སྨྲ་ཡང༌། མ་བརྟགས་པའི་ཧལ་ཧོལ་རྒྱུ་མཚན་དུ་བྱས་པའི་ལྟག་མཆོད་ཡིན་པས་སྙིང་པོ་མེད་དོ། །ཇི་ལྟར་ཞེ་ན། ཐག་ཁྲའི་སྦྲུལ་གྱིས་ཀུན་རྫོབ་ཏུ་སྦྲུལ་གྱི་བྱ་བ་བྱེད་ནུས་ན། ཐག་ཁྲར་རིག་པས་འཁྲུལ་ངོར་དུག་ནད་འབྱུང་དགོས་པ་ལས་མ་ཡིན་པའི་ཕྱིར་དང༌། ཐག་ཁྲའི་སྦྲུལ་དེ་སྦྲུལ་མ་ཡིན་པ་གཞན་ཞིག་གི་བྱ་བ་བྱེད་ན། གང་གི་བྱ་བ་བྱེད་མོད་སྨྲོས་ཤིག །དེས་ན་འཇིགས་སྐྲག་སྐྱེད་པའི་བྱ་བ་བྱེད་མཁན་དེ་ནི། སྦྲུལ་འཛིན་གྱི་ཤེས་པ་ཡིན་པས། གཞན་དབང་གི་བྱ་བ་བྱས་པ་ཡིན་གྱི། ཐག་པ་ལ་སྦྲུལ་ནི་གཏན་ནས་མེད་ན། བྱ་བ་གང་ཞིག་བྱེད་སྦྲུལ་འཛིན་གྱི་རྟོག་པའི་འཛིན་སྟངས་ཀྱི་གཟུང་


TNT10_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། ཐག་སྦྲུལ་གྱི་དོན་སྤྱི་དེ་ཡང༌། རྟཽག་པ་དེའི་ཞེན་སྟངས་ཀྱི་འཁྲུལ་ལུགས་ཙམ་ཡིན་གྱི། དེས་འཇིགས་སྐྲག་བསྐྱེད་པ་ཡང་མ་ཡིན་ལ། དེས་སྦྲུལ་འཛིན་གྱི་རྟོག་པ་དེ་བསྐྱེད་པ་ཡང་མ་ཡིན་ནོ། །དེས་ན་རེ་ཞིག་ཀུན་རྫོབ་མི་འགགས་པའི་དབང་དུ་བྱས་ནས། ཐག་ཁྲར་སྣང་བའི་ཤེས་པ་ལས་སྦྲུལ་འཛིན་གྱི་རྟོག་པ་འཁྲུལ་པ་སྐྱེ། དེས་འཇིགས་སྐྲག་སྐྱེད་པས་གསུམ་ཀར་ཤེས་པ་ཡིན་པས་ཤེས་པས་ཤེས་པ་སྐྱེད་པའི་བྱ་བྱེད་ཡིན་གྱི། དངོས་མེད་ཀྱི་དངོས་པོ་སྐྱེད་པ་མ་ཡིན་ནོ། །དེ་བཞིན་དུ་རྨི་ལམ་གྱི་མེས་རྨི་ལམ་དུ་ཚིག་པའི་བྱ་བ་བྱེད་དོ་ཞེས་པ་ཡང་མི་འཐད་དེ། རྨི་ལམ་གྱི་མེས་རྨི་ལམ་དུ་མེའི་བྱ་བ་མི་བྱེད་དེ། རྨི་ལམ་དུ་མེ་བསིལ་བར་སྣང་བ་ཡང་འབྱུང་བའི་ཕྱིར་རོ། །གལ་ཏེ་མེ་མ་ཡིན་པའི་བྱ་བ་བྱེད་ན་དེ་སྨོས་ཤིག །དེས་ན་རྨི་ལམ་དུ་མེ་མེད་པས་བྱ་བ་བྱེད་རྒྱུ་མེད་ལ། རེས་འགའ་རྨི་ལམ་དུ་མེས་ཚིག་པ་ལྟར་སྣང་བ་འབྱུང་བ་དེ་ནི། སྐབས་དེར་མེར་འཛིན་པའི་རྣམ་རྟོག་དང༌། སྔར་མེའི་རེག་པ་རྒྱུས་ཡོད་པའི་བག་ཆགས་འཛོམས་པ་ལས་བྱུང༌། དེ་མེར་སྣང་བ་ལས་བྱུང་སྟེ། མེར་སྣང་དེ་ཡང་རྣམ་པར་རིག་པ་ཙམ་ཡིན་པས། རྣམ་རིག་ལས་རྣམ་རིག་བྱུང་བ་ཡིན་ཏེ། མེར་འཛིན་གྱི་བློས་བཏགས་པའི་བཏགས་ཆ་མེའི་དོན་སྤྱི་ནི། མེར་འཛིན་གྱི་ཞེན་ཡུལ་ཙམ་ཡིན་གྱི། དེས་མེར་འཛིན་སྐྱེད་པ་ཡང་མ་ཡིན་ལ། དེས་ཚ་བར་སྣང་བ་ཡང་མ་ཡིན་ནོ། དེས་ན་ཐག་ཁྲར་སྣང་བ་དང༌། རྨི་ལམ་དུ་དམར་ལམ་པར་སྣང་བ་ནི། འཁྲུལ་སྣང་ནི་


TNT10_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མོད་ཀྱི། བྱ་བ་ཅུང་ཟད་བྱེད་པ་ནི་ཤེས་པ་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་ལྟ་བུ་ལ་སྦྲུལ་དང་མེ་ནི་ནམ་ཡང་མེད། དེ་དག་ལ་དམིགས་ནས་སྦྲུལ་འཛིན་དང་མེར་འཛིན་གྱི། སྦྲུལ་དང་མེར་བཏགས་པའི་བཏགས་ཆ་དེ་ནི། རྟོག་པ་དེ་དག་ལ་མི་གསལ་བར་ཤར་བ་ཙམ་ཡིན་གྱི། བྱ་བ་གང་ཡང་མི་བྱེད་དོ། ། དེས་ན་སྦྲུལ་དང་མེར་སྣང་བ་ཡང་མ་ཡིན། སྦྲུལ་འཛིན་མེར་འཛིན་གྱི་བཏགས་ཆ་ཡང་མ་ཡིན། ཐག་ཁྲ་དང་མེ་ཡང་མ་ཡིན་པའི། ཐག་སྦྲུལ་དང་རྨི་ལམ་གྱི་མེ་ཞིག བསྟན་བཅོས་དང༌། འཇིག་རྟེན་གྲགས་པ་དང༌། མངོན་སུམ་གང་གིས་ཀྱང་མ་གྲུབ་ན། འཁྲུལ་ངོར་ཡང་དེ་འདྲ་འཇོག་ཏུ་མི་རུང་བས། ཁྱེད་ཀྱི་སྣང་ལོག་བྱ་བ་བྱེད་ནུས་དེ་གོང་ན་ཡོད། འཇིག་རྟེན་གཞན་ངོར་ཁས་ལེན་ནོ་སྙམ་ན། དེ་འདྲ་འཇིག་རྟེན་པ་སུ་ལ་ཡོད། སུ་ཟེར། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད་ཅེས་སོགས་འཇིག་རྟེན་པ་རྣམས་མི་འདོད་ཚུལ་ཁོ་ན་ལ། ལྕེ་དང་མཆུ་ངལ་བར་གྱུར་པ་དེ་ཡང་སྐབས་འདིར་དོན་མེད་དུ་བྱས་སོ། ཁོ་བོ་ཅག་ཐ་སྙད་རྣམ་པར་འཇོག་པའི་ཚེ། ཐག་ཁྲར་སྣང་བའི་ཤེས་པ་ལས་སྦྲུལ་འཛིན་གྱི་རྣམ་རྟོག་སྐྱེ་བ་དང༌། །དེ་ལས་སྐྲག་སེམས་སྐྱེ་བར་འདོད་པ་འདི་ནི་རྟགས་མངོན་སུམ་གྱིས་གྲུབ་པ་ཡིན་ཅིང༌། དེ་ཡང་ཐག་ཁྲར་སྣང་བའི་ཤེས་པ་ལས་སྦྲུལ་འཛིན་སྐྱེ་ཡི། ཐག་ཁྲ་ལས་སྦྲུལ་འཛིན་སྐྱེ་བ་མ་ཡིན་ཏེ། ཡིན་ན་ཐག་ཁྲ་མཐོང་ཚད་ལ་སྦྲུལ་འཛིན་སྐྱེ་བར་ཐལ་བ་དང༌། དེ་ཡོད་ཀྱི་བར་དུ་སྦྲུལ་འཛིན་རྒྱུན་མི་ཆད་པར་འཇུག་བར་ཐལ་བའི་ཕྱིར་རོ། །དེས་ན་ཀུན་བཏགས་ལོག་པའི་ཀུན་རྫོབ་


TNT10_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས། འཁྲུལ་ངོར་ཡང་བྱ་བ་མི་བྱེད་པ་དང༌། གཞན་དབང་རྣམ་པར་རིག་པ་ཙམ་ཀུན་རྫོབ་ཏུ་དོན་བྱེད་ནུས་པར་འཇོག་པ་ནི་འཐད་པའི་ཕྱོགས་ཁོ་ནའོ། །དབུ་མ་པར་ཁས་འཆེ་བ་རྣམས་ཡང་ལོག་གི་དབྱེ་བ་མི་བྱེད་ཟེར་བ་ན། ཀུན་བཏགས་རང་དང་ཀུན་བཏགས་ཀྱི་རྣམ་ཆ་དེ་དང་དེར་སྣང་བའི་རྣམ་རིག་གི་དབྱེ་བ་གཏན་ནས་མ་ཕྱེད་པས་ཉེས་པ་འབའ་ཞིག་གོ །དེ་ལྟར་ན། མཚན་ཉིད་ཀྱིས་སྟོངས་པ་ཀུན་བཏགས་དང༌། དེས་སྟོངས་པ་མ་ཡིན་པ་གཞན་དབང་སྟེ། མདོར་ན་ཀུན་རྫོབ་གཟུང་འཛིན་ཆར་གཏོགས་དང་བཅས་པ་དེ་རྣམས་ཀྱི་དབུས་ཏེ་གཞན་དབང་དང༌། ཀུན་བཏགས་དེ་དག་གི་ནང་ནི། ཡང་དག་པར་བདེན་དངོས་སུ་གྲུབ་པ་ནི་ཅི་ཡང་མ་མཐོང་ངོ༌། །ཀྭ་ཡེ་རྨོངས་པ་ཞེས་འཇིག་རྟེན་རྣམས་ལ་བོད་པའོ། །འོ་ན་དེ་འདྲ་བའི་སྟོང་པ་དང༌། སྟོང་མིན་གྱི་ཆོས་དེ་དག་ལ་ཡོད་པ་མི་སྲིད་ན། ཁྱེད་དོན་དམ་པར་ཡོད་པ་ཞེས་བྱ་བ་གཏན་ནས་མི་འདོད་དམ་ཞེ་ན། དོན་དམ་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པ། བདེ་གཤེགས་སྙིང་པོ། རང་བཞིན་གྱི་འོད་གསལ་བའི་སེམས་ཉིད་འབའ་ཞིག་གཅིག་པུ་དེ་ཉིད་ཡོད་དེ། ཀུན་ཏུ་ཁྱབ་པའི་ཆོས་དབྱིངས་སོ། །དེ་ལྟར་ན་སྟོང་པ་དང་སྟོང་མིན་གྱི་ཆོས་རྣམས་ངོ་བོས་མ་གྲུབ་པ་དང༌། དོན་དམ་བདེ་ཆེན་ནམ་ཡང་མི་འཇིག་པར་ཡོད་དོ་ཞེས་ནག་པོ་སྤྱོད་པ་ང་ཡིས་རབ་ཏུ་ཤེས་སོ། །ཞེས་བདག་ཉིད་ཀྱི་ཉམས་མྱོང་ཚད་མ་རྗེས་སུ་དྲན་པས་ལྷུག་པར་བརྗོད་པའོ། །གསུམ་པ་ནི། བསྟན་བཅོས་དང་


TNT10_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལུང་མང་ཀློག་ཉན་ཀྱང༌། །རྨོངས་པ་དག་གིས་ཅི་ཡང་མི་ཤེས་སོ། །འདི་ལ་བསྟན་བཅོས་ནི༌། ཕྱི་ནང་གི་སྐྱེ་བོས་བྱས་པ་དང༌། ལུང་ནི་དེ་བཞིན་གཤེགས་པའི་བཀའ་ཞེས་འཆད་པ་ལྟར་བདེ་ལ། ཡང་བསྟན་བཅོས་གྲུབ་མཐའ་ལུང་སྔགས་རྒྱུད་ཀྱི་སྦྱོར་བ་ལ་ཟེར་བའང་ཡོད་དོ། །འདིར་སྐལ་བ་དང་ལྡན་པ་འགའ་ཞིག་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པའི་རིམ་པ་དེ་སྐྱེས་པར་གྱུར་ན། དོན་དམ་པའི་གསང་བ་འདི་རྟོགས་པ་འགྱུར་གྱི། གཞན་ཐོས་བསམ་ལ་སོགས་པའི་ཐབས་གང་གིས་ཀྱང༌། ལྷན་སྐྱེས་བདེ་ཆེན་རྟག་པ་འདི་ཤེས་པ་མ་ཡིན་པས། སྡེ་སྣོད་གསུམ་དང་རིག་གནས་ལྔ་ལ་བྱང་ཆུབ་པས་ཀྱང་དགོས་དོན་མཐར་ཐུག་ནི་མི་ཤེས་པས་ཀྭ་ཡེ་རྨོངས་པ་ཞེས་བོས་པའོ། །གཉིས་པ་ལམ་དང་འབྲས་བུའི་གསང་བ་བཤད་པ་ལ། རྩ་བ་གྱུར་པའི་ལམ་གཉིས་བཤད། འབྲས་བུའི་གནས་ཐབས་མདོ་ཙམ་བསྟན། མངོན་པར་འགྲུབ་བྱེད་ཀྱི་ལམ་རིམ་བསྟན་པའོ། །དང་པོ་ལ། ལས་རླུང་འགོག་བྱེད་ཀྱི་རྣལ་འབྱོར་འཕྲོས་དང་བཅས་པ་དང༌། སྟོང་གཟུགས་སྒྲུབ་བྱེད་ཀྱི་རྣལ་འབྱོར་འཕྲོས་དང་བཅས་པའོ། །དང་པོ་ལ་དངོས་དང་འཕྲོས་དོན་གཉིས། དང་པོ་ནི། འོག་དུ་མི་འགྲོ་བ་དང་སྟེང་མི་འབྱུང༌། །གཉིས་བྲལ་དེ་ནི་མི་གཡོ་བར་གནས་ཏེ། །ཡིད་གར་མི་འགྲོ་བར་ནི་ནག་པོས་སྨྲས། །མི་གཡོ་བ་རླུང་ཁྱིམ་བདག་མོ་ཁྱིམ་གནས། །ཅེས་པ་སྟེ། འདི་ལ་ཤུད་ཀེས། འོག་དང་སྟེང་དུ་འཇུག་གཉིས་དང༌། །བྲལ་ཞིང་དེ་ལ་མི་གཡོར་གནས། །ཀྭཧྞས་སྨྲས་པ་སེམས་ཉིད་ནི། །གང་དུ་མི་གཡོ་


TNT10_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་མེད། །མི་གཡོ་བ་ཡི་རླུང་ཉིད་ཀྱིས། །ཁྱིམ་མི་མོ་ཡི་ཁྱིམ་ན་འཁོར། །ཅེས་བསྒྱུར་བ་དོན་ལ་ཁྱད་མེད་ཀྱང་ཚིག་ལེགས་ཤིང་གོ་བདེ་བར་སྣང་ངོ༌། །དེ་ཡང༌། རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དབུ་མར་བཀག་པས། འོག་གི་རྩ་གསུམ་ལས། གཡས་གཡོན། བཤང་གཅིའི་ལམ་གྱི་རྩ་ལ་རྒྱུ་བའི་རླུང༌། དབུས་དུང་ཅན་མ་ཁུ་བའི་ལམ་གྱི་རྩར་འགགས་ཤིང༌། དེ་ཡང་འོག་ཏུ་མི་འགྲོ་བར་ལྟེ་བར་བཅིངས་པ་དང༌། སྟེང་གཡས་གཡོན་རོ་རྐྱང་གི་རྩ་ལ་རྒྱུ་བའི་རླུང༌། དབུས་ཨ་ཝ་དྷཱུ་ཏཱིར་འགགས་ཤིང༌། དེ་ཡང་སྟེང་དུ་འབྱུང་འཇུག་མི་བྱེད་པར་ལྟེ་བར་བཅིངས་ལ། ལྟེ་བའི་གནས་དེ་ཉིད་དུའང་གཉིས་ཀྱི་མཚན་ཉིད་དང་བྲལ་ཏེ་གཅིག་ཏུ་འདྲེས་པ་སྟེ། སྲོག་རྩོལ་གྱི་རིམ་པའི་གནས་སྐབས་སུ། སྲོག་ཐུར་ཁྱུ་གཅིག་ཏུ་འདྲེས་པ་དང༌། འཛིན་པའི་རིམ་པ་ལ་དངོས་པོ་གཅིག་ཏུ་འདྲེས་པ་གཉིས་ཀ་བསྟན་ནོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ལས། གཟུགས་བརྙན་མཐོང་ན་དེ་ནས་ནི། །བར་མ་ཆད་པར་སྲོག་རྩོལ་བྱ། །སྟེང་འོག་རྩ་གསུམ་པོ་རྣམས་ལ། །ལུས་ངག་སེམས་ནི་འགོག་པ་ལས། །ཆུ་མི་སྟོང་པ་ས་རླུང་དང༌། །ཡེ་ཤེས་ཁམས་རྣམས་སྐྱེས་རྣམས་ལ། །གང་ཞིག་ཟླ་ཉི་མུན་ཅན་དང༌། །བཤང་གཅི་ཁུ་བ་འབབ་མ་རྣམས། །སྲོག་དང་ཐུར་སེལ་རིམ་པ་ལས། །ལུས་ངག་སེམས་ཀྱི་རྩ་རྣམས་སོ། །ཞེས་པ་དང༌། སྟེང་འོག་རིགས་དྲུག་འདི་རྣམས་ནི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཤེས་རབ་ཐབས་དངོས་ཡན་ལག་གི །ལུས་ཅན་ཀུན་ལ་ཡང་དག་གནས། །


TNT10_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར། ཁམས་དྲུག་གི་རང་བཞིན་ཏེ་རྡོ་རྗེ་གསུམ་ལ་ཐབས་ཤེས་ཀྱིས་ཕྱེ་བའི་དྲུག་གི་ངོ་བོ་རྩ་དྲུག་གི་རླུང་རྣམས་ཚོགས་པ་གཅིག་ཏུ་འཆིང་པ་ནི་སྲོག་རྩོལ་ཡིན་ལ། དེ་ལྟ་བུའི་རྒྱུན་དེ་སླར་ཡང་ལྟེ་བ་ལ་སོགས་པ། དབུ་མ་དངོས་ཀྱི་རྩ་འཁོར་བཞིའམ་དྲུག་ལ་སོགས་པ་དེར་ནི། མི་ཤིགས་པའི་ཐིག་ལེ་རྣམས་ལ་ཐིམ་ཞིང་མི་གཡོ་བར་གནས་པའི་སྒོ་ནས་བཅིངས་པས། རླུང་ཐམས་ཅད་བདེ་བའི་རླུང་དུ་གྱུར་པ་ན། འཛིན་པའི་རིམ་པ་སྟེ། དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་ལས། རང་གནས་ལ་གནས་ལྷན་ཅིག་སྐྱེས་པའི་རླུང༌། །རྟོག་པའི་དྲ་བ་དག་ལས་རབ་དུ་གྲོལ། །རང་གི་ནང་དུ་དགའ་སྐྱེད་བརྗོད་དུ་མེད། །དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་ཏེ། རླུང་རྣམས་ཐིག་ལེ་ལ་ཐིམ་པས་ལྷན་སྐྱེས་ཀྱི་རླུངདུ་གྱུར་པ་ན། རྣམ་རྟོག་འགགས་པའི་སྟོང་ཉིད་དང༌། བདེ་ཆེན་རྒྱུན་མི་ཆད་པའོ། །ཡིད་རྣམ་པར་རྟོག་པ་ཉོན་མོངས་པའམ། འཛིན་ཞེན་དང་བཅས་པ་གང་དུ་ཡང་མི་འགྲོ་བ་སྟེ། མདོར་ན། མཉམ་གཞག་ཏུ་རྣམ་རྟོག་མེད་ཅིང༌། བདེ་སྟོང་གི་རིག་པ་རྒྱུན་མི་འཆད་པ་དང༌། རྗེས་ཐོབ་ཏུའང་ཉོན་མོངས་རྣམ་རྟོག་གཟུགས་བརྙན་ཙམ་མ་གཏོགས་སྟོབས་དང་ལྡན་པའི་གཡོ་བ་མི་འབྱུང་ཞིང༌། བདེ་སྟོང་གི་བརླན་དང་མ་བྲལ་བ་སྟེ། དེའི་རྒྱུ་ཁྱིམ་བདག་མོ་ཡེ་ཤེས་ཀྱི་གཏུམ་མོའི་ཁྱིམ་རྩ་ཨ་ཝ་དྷཱུ་ཏཱིར། བདེ་བ་མི་གཡོ་བ་ལྷན་ཅིག་སྐྱེས་པའི་རླུང་རྟག་པར་གནས་པ་ཡིན་ནོ། །འཛིན་པའི་རིམ་པ་གྲུབ་པའི་རྣལ་འབྱོར་པ་ནི་དེ་འདྲའོ་ཞེས།


TNT10_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྤྱོད་པ་བདག་གིས་སྨྲས་ཏེ། རང་གི་ཉམས་མྱོང་ཚད་མ་ཅན་ནོ། །གཉིས་པ་ལ། འགྱུར་བའི་ཉེས་པ་དང༌། འགྱུར་མེད་མ་ཐོབ་ན་གནས་ལུགས་མི་རྟོགས་པའི་ཚུལ་གཉིས་སོ། །དང་པོ་ནི། རི་བོ་མཆོག་གི་སུལ་ཟབ་ནས། །འགྲོ་རྣམས་མ་ལུས་ཆད་པར་འགྱུར། །དྲི་མེད་ཆུ་ནི་སྐམས་གྱུར་ཏེ། །དུས་ཀྱི་མེ་ནི་འཇུག་པར་འགྱུར། །ཞེས་པ་སྟེ། འཛིན་པ་གྲུབ་ན་ཞུ་བདེ་འགྱུར་མེད་ཐོབ་པ་ཡིན་ཀྱང༌། དེ་མ་ཐོབ་པའི་འཁོར་བ་པ་རྣམས་ཀྱི་ཞུ་བདེ་ནི་འཛག་བཅས་ཡིན་ནོ། དེ་ཡང་གཉིས་སྦྱོར་གྱི་འདོད་ཆགས་ལས་དམར་ཆ་དྲོད་ཀྱི་རང་བཞིན་རྩ་ནང་དུ་རྒྱས་པ་ན། རི་བོ་མཆོག་མགོན་པོའི་སུལ་ཟབ་མོ། །སྤྱི་བོའི་འཁོར་ལོའི་དབུས་ནས། བྱང་ཆུབ་ཀྱི་སེམས་ཞུ་བ་འཛག་པའི་ངང་ཚུལ་ཅན་དང༌། འགྲོ་བ་སྟེ་འབྱུང་བ་ལྔ་པོ་མ་ལུས་པའི་དྭངས་མ་རྣམས་ཀྱང་ཆད་ཅིང་ཉམས་པར་འགྱུར་བ་དང༌། དེ་ཡང་གཙུག་ཏོར་ནས་ནོར་བུའི་བར་དུ་རབ་ཏུ་གང་ཞིང་རྒྱས་པའྀ་ཚུལ་ཡིན་ཡང༌། ནོར་བུ་ནས་ལྷུང་བའི་འགོ་བརྩམས་ནས། འབྱུང་བ་རྣམས་རིམ་པས་ནུས་པ་མ་ལུས་བར་ཆད་ཅིང༌། དྲི་མ་མེད་པའི་ཆུ་རྒྱུན་བྱང་ཆུབ་ཀྱི་སེམས་ནི། ནང་གི་འཁོར་ལོའི་གནས་ཐམས་ཅད་དུ་སྐམ་པར་འགྱུར་ཏེ། དུས་ཀྱི་མེ་སྒྲ་གཅན་རབ་ཏུ་འཇུག་པར་འགྱུར་ཞེས་པ་སྟེ། དཔེར་ན། ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཟླ་བའི་འཕེལ་བ་རྫོགས། བཅུ་དྲུག་གི་མཚམས་སུ་སྒྲ་གཅན་དུས་མེ་རབ་ཏུ་ཞུགས་ནས་ཟླ་བའི་ཆ་ཐམས་ཅད་སྒྲིབ་པར་བྱེད་དོ། །དེ་བཞིན་དུ་གཙུག་


TNT10_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་ནས་ནོར་བུ་བར་དུ། དགའ་བ་བཅོ་ལྔའི་བར་དུ་གོང་འཕེལ་དུ་རྒྱས་ཀྱང༌། བཅུ་དྲུག་པ་ནོར་བུ་ལས་ཉམས་པ་དང་ལྷན་ཅིག །དུས་མེ་འབར་བས་ནོར་བུ་ནས་གཙུག་ཏོར་གྱི་བར་གྱི་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཐམས་ཅད་དེའི་འོད་ཀྱིས་ཁྱབ་ཅིང༌། དེའི་མཐར་དུས་མེའི་མདངས་ཀྱང་སྟེང་ཕྱོགས་སུ་ཡལ་བར་འགྱུར་རོ། །དུས་མེ་ཞེས་པ་ནི་སྤྱིར་འབྱུང་བ་ལྔའི་དྭངས་མ་ཟོས་པའི་དམར་ཆ་ཤིན་ཏུ་དྭངས་བ་ཞིག་གི་མིང་ཡིན་ཡང༌། འདིར་སྒྲ་གཅན་དུས་མེ་གཉིས་འདུས་ཡིན། སྤྱིར་སྒྲ་གཅན་ཡང་འབྱུང་བ་ལྔའི་དྭངས་མ་དམར་ཆ་ཟོས་པའི་དཀར་ཆ་དྭངས་པོ་ཞིག་ཡིན་ཡང་ཁ་དོག་ནག་པོར་སྣང་བས་མུན་པ་ཞེས་བྱའོ། །འདི་གཉིས་ལམ་དུ་བྱས་ན་རྡོ་རྗེའི་སྐུ་འགྲུབ་ཀྱང༌། ལམ་དུ་མ་བྱས་པ་རྣམས་ལ་རྒ་ནད་འཆི་བ་སོགས་སྡུག་བསྔལ་ཐམས་ཅད་སྟེར་བ་ཡིན་ཏེ། སྐབས་འདིར་ཡང་ཐིག་ལེ་ཉམས་པའི་མཐར། མེ་དང་མུན་པས་སྡུག་བསྔལ་སྟེར་བའོ། །སྐབས་འདིར་འབྱུང་བ་ལྔ་ནི་རེག་པ་སྲ་བ་སོགས་རགས་བཤད་དུ་བྱས་ཀྱང་རུང་ལ། དུས་འཁོར་ནས་འབྱུང་བ་ལྟར། ཆ་བཅོ་ལྔ་ལ་འབྱུང་བ་ལྔ་ལན་གསུམ་དུ་ལྔ་བས་པ། །ཚེས་བཅོ་ལྔ་དབྱངས་བཅོ་ལྔ་སོགས་དང་སྦྱར་བའི་བཤད་པའང་རུང་ངོ༌། །དེ་ལྟར་དབང་མདོར་བསྟན་ལས། ཁུ་བ་ཟླ་འཆར་གཙུག་ཏོར་དུ། །རྫོགས་པ་གསང་བའི་མཚོ་སྐྱེས་ལ། བཅུ་དྲུག་ཆ་གང་དེ་ནོར་བུའི། །པདྨ་རྡོ་རྗེའི་རྩེ་མོར་གནས། །དེ་སྟེང་འཕོ་བའི་དུས་སུ་འགྱུར། ནག་པོའི་ཚེས་གཅིག་འོངས་པ་ན། །


TNT10_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་བྲལ་བའི་གནམ་སྟོང་ལ། །ཉི་མ་མཛོད་པུའི་གནས་སུ་འགྲོ། །དེ་ཡི་ཆ་ཤས་བཅུ་དྲུག་ལ། །གཙུག་ཏོར་པདྨར་སོན་པའོ། །ཟླ་བ་ཉམས་པ་ཞེས་བརྗོད་དེ། །ཆགས་པའི་བདེ་ལས་ཆགས་བྲལ་ཕྱིར། །ཞེས་གསུངས་པ་དང་གནད་ཅིག་སྟེ། གཞུང་འདིར། དུས་མེ་འཇུག་ཅེས་གཟའ་འཛིན་དང་སྦྱར་ནས། མར་ངོ་དང་དངོས་སུ་མ་སྦྱར་ཡང༌། ཤུགས་ལ་ནག་ཕྱོགས་ཀྱི་ཚེས་བཅུ་དྲུག་དང་སྦྱོར་ཚུལ་ཡང་གོ་བར་བྱའོ། །གཉིས་པ་ནི། འདི་དེ་ས་འཛིན་ལས་ནི་བཟུང་བར་དཀའ། །མཉམ་དང་མི་མཉམ་རྒལ་པར་མི་ནུས་སྟེ། མཚོན་དཀའ་གཏིང་དཔག་དཀའ་བར་ནག་པོ་སྨྲ། ཞེས་པ་སྟེ། འདི་ལའང་ཤུད་ཀེས། འདི་ནི་གཟུང་དཀའི་རི་བོ་ཡི། །མཉམ་དང་མི་མཉམ་འཛིན་པར་བྱེད། །ཀཧྞས་སྨྲས་པ་མཚོན་དཀའ་དང༌། བརྗོད་དཀའ་གང་གི་ཡིད་ཀྱིས་སྒོམ། །ཞེས་བསྒྱུར་བ། ཚིག་དོན་གཉིས་ཀར་གྱི་ཕྱོགས་ནས་འགྱུར་ལེགས་པར་སྣང་ངོ༌། །དེ་ཡང་ས་འཛིན་ནི་རི་བོ་སྟེ། སྒལ་ཚིགས་ཀྱི་དབྱུ་གུའོ། །དེ་དང་ལྷན་ཅིག་སྲོག་རྩ་དང༌། ཨ་ཝ་དྷཱུ་ཏཱིའང་གནས་པའི་ཕྱིར། མདོར་ན་ཨ་ཝ་དྷཱུ་ཏཱིའི་མས་སྣ་གསང་བའི་འཁོར་ལོ་ཡན་ཆད་ནི། ས་འཛིན་རི་བོའི་བརྡས་བསྟན་ནོ། །མཉམ་དང་མི་མཉམ་ཅེས་པ་འབྲེལ་པ་ལས། ལུག་སོགས་དང་གླང་སོགས་ཀྱི་དུས་སྦྱོར་གྱི་རླུང་སོགས་ལ་བཤད་ལ། དེ་ཡང་མི་འགལ་མོད། སྐབས་འདིར་རོ་རྐྱང་གི་མས་སྣ་བཤང་གཅི་འབབ་པ། ལུག་དང་སེར་སྐྱ་ཞེས་བྱ་བའི་རྩ་གཉིས་རླུང་དང་བཅས་


TNT10_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ངོས་འཛིན། མཉམ་དང་མི་མཉམ་འཛིན་པར་བྱེད་ཅེས་བསྒྱུར་བ་ལྟར། འོག་བཤང་གཅིའི་རྩ་གཉིས་བསྡམས། རླུང་གི་རྒྱུ་བ་བཀག་པས་དབུས་དྲུང་ཅན་མར་རྒྱུ་བའི་རླུང་ཡར་ལོག་པས་ཐིག་ལེ་འཛིན་པར་བྱེད་པའི་དོན་དུ་འཆད་པ་ལེགས་སོ། །དཀྱུས་ཀྱི་འགྱུར་ལྟར་ན། འདི་སྟེ་ཐིག་ལེ་ས་འཛིན་གྱི་མས་སྣ་གསང་བ་མན་ཆད་ནས་འགྲོ་བ་ནི། རྣལ་འབྱོར་དང་མི་ལྡན་པ་རྣམས་ཀྱིས་བཟུང་བར་དཀའ་ལ། མཉམ་མི་མཉམ་རོ་རྐྱང་གི་མས་སྣ་གཉིས་ཀྱིས་ཀྱང༌། དུང་ཅན་མ་འགོག་པ་ལ་རྒལ་ཞིང་རྩོལ་བར་མི་ནུས་ཏེ་ཞེས་པར་འགྱུར་རོ། །ཚིག་རྐང་ཐ་མ་ནི་འགྱུར་གཉིས་ཀ་ལའང་དོན་ཅིག་སྟེ། ཞུ་བདེ་འགྱུར་མེད་ཐོབ་ན་དེའི་གནས་ལུགས་མཚོན་པའི་སྒོ་ནས་རྟོགས་པར་ནུས་ཀྱང༌། དེ་མ་ཐོབ་ན་ཐབས་གཞན་གྱི་དཔེ་དོན་གྱི་སྒོ་ནས་མཚོན་དཀའ། ངོ་བོའི་སྒོ་ནས་མི་རྟོགས་ཤིང་གཏིང་དཔག་དཀའ་བར་ནག་པོ་པ་ང་སྨྲའོ། །མཆན་རྙིང་འགའ་ལས། མཉམ་པ་ཆོས་དབྱིངས། མི་མཉམ་པ་ཀུན་རྫོབ། རྒལ་བ་ངོས་འཛིན་པའི་དོན་དུའང་འཆད་པར་ཡང་སྣང་ངོ༌། །གཉིས་པ་སྟོང་གཟུགས་སྒྲུབ་བྱེད་ཀྱི་རྣལ་འབྱོར་འཕྲོས་དང་བཅས་པ་ལ། དངོས་དང༌། འཕྲོས་དོན་གཉིས་ལས། དང་པོ་ལ། སོ་སོར་སྡུད་པའི་མཚན་ཉིད་དང༌། བསམ་གཏན་གྱི་མཚན་ཉིད་དོ། །དང་པོ་ནི། སུ་ཞིག་གིས་ནི་ཡིད་ཀྱིས་ཡོངས་སུ་རྟོགས། །གང་ཞིག་ཉིན་རེར་ལྷན་སྐྱེས་འཕྲོ་བའོ། །ཞེས་པ་སྟེ། བཻ་རོའི་འགྱུར་དང་འགྱུར་གསར་ལས། ཡིད་ཀྱི་རིན་ཆེན་ཞེས་འབྱུང་


TNT10_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བ་རིན་ཆེན་གྱི་དོན། རྣམ་པ་ཐམས་ཅད་པར་རྗེས་སུ་འགྲོ་བའི་སྟོང་གཟུགས་ཡིན་ནོ། །དེས་ན། སྟོང་བར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །ཅེས་པའི་ཚུལ་དུ་སྒྲུབ་པོ་སུ་ཞིག་གིས་ནི། མུན་པའམ་སྤྲིན་དང་བྲལ་བའི་ནམ་མཁའ་ལ་བལྟ་ཞིང་སྟོང་པའི་ཚུལ་དུ་ཡིད་ཀྱིས་བསྒོམས་པས། སེམས་ནམ་མཁའི་རྣམ་པ་སྤྲོས་བྲལ་དུ་ཤར་ཞིང་རྟོགས་པ་ན། གང་ཞིག་རྣལ་འབྱོར་པ་དེ་ལ། ཉིན་རེ་བཞིན་དུ་ལྷན་ཅིག་སྐྱེས་པའི་འོད་ཟེར་སྟོང་གཟུགས་ཀྱི་རྟགས་སྣང་རྣམས། གོང་ནས་གོང་དུ་འཕྲོ་ཞིང་རྒྱས་པར་འགྱུར་ཏེ། དང་པོའོ་སངས་རྒྱས་ལས། དུ་བ་རྨིག་རྒྱུ་ཁ་སྣང་དང༌། །སྒྲོན་མེ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་པའི་ཚུལ་གྱིས་འཆར་བ་སྟེ། གཙུག་ཏོར་དུ་རླུང་སེམས་ཀྱི་བྱེད་པ་བཅིངས་བ་ལས་སོ། །འགྲེལ་པར་ཚིག་འདི་རྗེས་དྲན་ལ་སྦྱོར་བ་ནི། ལྷན་སྐྱེས་འཕྲོ་བ་ཞེས་པའི་ཚིག་དང༌། གོང་སྲོག་འཛིན་བཤད་པའི་རྗེས་ཐོགས་སུ་བྱུང་བ་ལ་བསམ་པར་འདུག་ནའང༌། རྒྱུ་མཚན་དེ་ཙམ་ནི་མ་ངེས་ཤིང༌། འགྲེལ་བ་རང་དུའང་དེ་མ་ཐག བསྙེན་པའི་དུས་སུ་གཙུག་ཏོར་ཆེ། ། སོགས་དང༌། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །སོགས་ལུང་དྲངས་ནས། ཡིད་ནི་རིན་ཆེན་སོགས་ཀྱི་གཞུང༌། །སོར་བསམ་ལ་སྦྱོར་བའི་ཕྱིར། སྔ་ཕྱིའི་ཚིག་མི་འགྲིག་པར་འགྱུར་རོ། །དེ་བས་ན་གཞུང་དོན་ནི་བཤད་ཟིན་འདི་ལས་མི་འདའོ། །གཉིས་པ་བསམ་གཏན་གྱི་མཚན་ཉིད་ནི། ཡིད་ནི་རིན་


TNT10_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཡང་དག་པར་རིག་པ། དེ་འབའ་ཞིག་གིས་ཆོས་ཀྱི་ངོ་བོ་ཤེས། །བརྗོད་ཀྱང་གཞན་གྱིས་ཤེས་པར་འགྱུར་རམ་ཅི། ཞེས་པ་སྟེ། འདི་ལ་གཉིས་ལས། དོན་ཚན་དང་པོ་བསམ་གཏན་གྱི་རིམ་པའི་ངོ་བོ་ནི། ཡིད་སོགས་ཏེ་དེ་ཡང་རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། ཞེས་པའི་ཚུལ་གྱིས་དང་པོར་ཤེས་རབ་ཀྱི་རིམ་པས།རང་ཡིད་སྟོང་གཟུགས་ལ་དྲག་ཏུ་གཏད། རྟོག་པའི་རིམ་པས་བག་ཙམ་འདྲེས། སྤྱོད་པའི་རིམ་པས་རང་གི་ཡིད་ནི་སྟོང་གཟུགས་ཀྱི་རིན་པོ་ཆེར་ཡང་དག་པར་གྱུར་པར་རིག་ཅིང་དེ་ལས་དགའ་བ་དང་བདེ་བའི་རིམ་པ་འབྱུང་ངོ༌། །འདིར་ཡིད་ཅེས་པ་དྲུག་ཡིད་ཁོ་ན་མིན་ཏེ། ལུས་ངག་ཡིད་གསུམ་ཟེར་པའི་དུས་ཀྱི་ཡིད་དེ་ཡིན་པས། རང་གི་ཤེས་པ་ཞེས་པའི་དོན་ཡིན། དེའི་ནང་ཚན་ན་དྲུག་ཡིད་ཡོད་པའང་མི་འགལ་མོད། གནས་ཚུལ་ལ་ཆོས་ཉིད་ཀྱི་སེམས། འོད་གསལ་སྟོང་གཟུགས་སུ་གདོད་ནས་གྲུབ་པ་ཡིན་ཡང༌། བློའི་འཆར་ཚུལ་ལ་སྟོང་གཟུགས་དང་རིམ་པས་འདྲེས་ཏེ་གཅིག་དུ་གྱུར་པའི་སྣང་བ་འབྱུང་བ་ལྟར་འདིར་ཡང་བཤད་པ་ཡིན། དེ་ཡང་ཤེས་པ་ཙམ་གྱི་ངོ་བོར་རྟོག་པ་ཡིན་གྱི། བསམ་གཏན་གྱི་རིམ་པས་སྐབས་འདིར། ཆོས་ཉིད་ཀྱི་སེམས་དང༌། འཁོར་བའི་སེམས་དབྱེ་བ་ཕྱེད་པ་ནི་མེད་དོ། །དོན་ཚན་གཉིས་པ་བསམ་གཏན་གྱི་ཡན་ལག་གི་བྱེད་ལས་ནི། དེ་འབའ་ཞིག་སོགས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས་ཀྱང༌། དེ་ལ་གཅིག་ཏུ་བྱེད་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱི་ནི་དངོས་པོ་རྣམ་པར་སྤོང་བར་བྱེད། ཅེས་


TNT10_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ལ་བསམ་གཏན་གྱི་རིམ་པ་ནས་བརྩམས་ཏེ། ཏིང་ངེ་འཛིན་གྱི་རིམ་པའི་བར་དུ་ཡོད་པའི་བསམ་གཏན་གྱི་ཡན་ལག་དེ་ཐམས་ཅད་ཀྱི་བྱེད་ལས་ནི། མ་དག་པའི་སྣང་བ་སྟོང་གཟུགས་སུ་རིམ་པས་སྦྱོང་བ་ཡིན་པས། གཟུགས་སེམས་དབྱེར་མེད་པ་དེ་འབའ་ཞིག་ལ་མཉམ་པར་བཞག་པའི་རྣལ་འབྱོར་གྱིས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་ནས་སྟོངས་པ་ལས། རང་བཞིན་རྣམ་པ་ཐམས་ཅད་པར་ཡོངས་སུ་ཤེས་ཀྱི། དཔེ་དང་གཏན་ཚིགས་དང༌། གཞུང་ལུགས་ཀྱི་བྱེ་བྲག་མང་པོ་བརྗོད་ཀྱང༌། གཟུགས་སེམས་དབྱེར་མེད་བསྒོམ་པ་ལས་གཞན་གྱི་གནས་ལུགས་དེ་ཤེས་པར་འགྱུར་རམ་ཅི་སྟེ་མི་འགྱུར་ཞེས་པའོ། །ཐབས་འདི་དང་བྲལ་ན་མི་རྟོག་པ་ཙམ་བསྒོམས་པས་ཀྱང་མ་ཡིན། རིག་པའི་དཔྱད་སྒོམ་ཙམ་གྱིས་ཀྱང་མ་ཡིན། སྦྱིན་སོགས་ཚོགས་ཙམ་བསགས་པས་ཀྱང་མ་ཡིན་ཏེ། ཚེ་གཅིག་གམ་སྐྱེ་བ་བདུན་ཚུན་ཆད་དུ། ཀུན་རྫོགས་བདེན་མེད་ཙམ་ཡང་རྟོགས་པར་མི་འགྱུར་ན། རྣམ་པ་ཐམས་ཅད་པ་དངོས་སུ་རྟོགས་པ་ལྟ་ཅི་སྨོས། གསུམ་པ་འཕྲོས་དོན་སོར་བསམ་གཉིས་ཀྱི་ཡོན་ཏན་ཕྱིས་འབྱུང་བ་ལ། དོན་དེ་སྤྱིར་བཤད་པ་དང༌། མི་འགྱུར་བ་བྱེ་བྲག་ཏུ་འགྲུབ་ཚུལ་གཉིས་ལས། དང་པོ་ནི། ལམ་དུ་འགྲོ་བ་གཉུག་མའི་ཡིད། །གང་ཞིག་གིས་ནི་བཅིངས་བྱས་ཏེ། །དེ་ཡི་གནས་གསུམ་མ་ལུས་པ། །སྤྲོས་ཏེ་སླར་ཡང་བསྡུས་པ་ཡིན། །ཞེས་པ་སྟེ། གཟུགས་ལ་སོགས་པ་


TNT10_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་ཀྱི་ལམ་དུ་འགྲོ་བ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་རྣམས། གཉུག་མའི་ལུས་ཀྱི་ངོ་བོ་ཡིད་ཀྱི་རང་བཞིན་གྱི་རླུང་དང་ལྷན་ཅིག་ཏུ་ལྟོས་མེད་བཞིའམ་མི་གཡོ་བ་གསུམ་མམ། དབེན་པ་གསུམ་མམ། ཉིན་མཚན་གྱི་རྣལ་འབྱོར་གཉིས་སམ། སྣ་རྩེ་གསུམ་གཅིག་ཏུ་བསྡུ་བ་ལྟ་བུའི་རྩོལ་བྲལ་རྣམ་པར་མི་རྟོག་པའི་ཐབས་གང་ཞིག་གིས་བཅིང་པར་བྱས་པ་ལས། ཞེས་པ་སྟེ། བྱེད་པ་བཅིང་བའི་སྦྱོར་བ་འདི་ནི། སོ་སོར་སྡུད་པའམ་བསམ་གཏན་གྱི་ཡན་ལག་གི་ངོ་བོ་ཡིན་ལ། རྣལ་འབྱོར་རྣམ་པ་གཉིས་པོ་དེ་ནི་ལས་དང་པོ་པ་ནས་མཐར་ཐུག་གི་བར་དུ་རྒྱུན་མ་ཆད་པར་ཡོད་པའི་ཕྱིར། སོར་བསམ་གྱི་རིམ་པ་ཁོ་ན་ལ་བརྩི་བར་མི་བྱའོ། །དེ་ལྟ་བུའི་མི་རྟོག་པ་དང་སྟོང་གཟུགས་ལ་དམིགས་པའི་རྣལ་འབྱོར་དེ་ཡིས་ནི། ཡེ་ཤེས་ཀྱི་གཏུམ་མོ་འབར་ཏེ། ལུས་ངག་ཡིད་ཀྱི་གནས་གསུམ་མ་ལུས་པར། ཡས་བབས་ཀྱི་དགའ་བ་བཞི་དང་བཅུ་དྲུག་གི་རིམ་པས་བདེ་བ་སྤྲོས་ཏེ། སླར་ཡང་ནོར་བུ་ནས་མས་བརྟན་གྱི་དགའ་བ་བཞི་དང་བཅུ་དྲུག་གི་རིམ་པས། གཙུག་ཏོར་གྱི་བར་དུ་ཐིག་ལེའི་བགྲོད་པ་བསྡུས་པར་གྱུར་པ་ཡིན་ནོ། །བྱེད་ལས་འདི་རྗེས་མཐུན་པ་སྲོག་རྩོལ་གྱི་རིམ་པའི་སྐབས་ཀྱི། སོར་བསམ་ལ་ཡང་ཡོད་ཅིང༌། དངོས་ཐོག་མར་གྲུབ་པ་ནི་འཛིན་པའི་སྐབས་ཀྱི་སོར་བསམ་ཡིན་ཅིང༌། དྲན་ཏིང་སྐབས་ཀྱི་སོར་བསམ་ལ་བྱེད་ལས་ལྷག་པོ་དང་བཅས་པར་ཡོད་དོ། །ཡང་མི་རྟོག་པ་དང་སྟོང་གཟུགས་ཀྱི་རྣལ་འབྱོར་དེ་ཡིས། ལུས་དང་ངག་དང་ཡིད་ཀྱི་གནས་གསུམ་མ་ལུས་


TNT10_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པར། ཁམས་གསུམ་གྱི་གཟུགས་བརྙན་གྱི་སྟོང་གཟུགས་དང༌། གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པ་དང༌། ཞུ་བདེ་འགྱུར་མེད་ཀྱི་བདེ་བ་རྣམས། རྣལ་འབྱོར་པའི་བློ་ངོར་གསར་དུ་སྤྲོས་ཏེ། སླར་ཡང་བདེ་སྟོང་ཙམ་དུ་བསྡུ་བའི་སྤྲོ་བསྡུ་ཡང་ཡང་འབྱུང་བ་ཡིན་ནོ། །བྱེད་ལས་འདི་ནི་འཛིན་པའི་རིམ་པ་ལ་སོར་བསམ་གཉིས་ཀྱིས་ཅུང་ཟད་བྱེད་ཅིང༌། ཕྱི་མ་གཉིས་ཀྱི་གནས་སྐབས་ཀྱི་སོར་བསམ་གཉིས་ཀྱིས་རྒྱ་ཆེར་བྱེད་དོ། །གཉིས་པ་ནི། ཅི་ཡི་ཕྱིར་ན་དེ་བཞིན་གཤེགས། །ལྷ་མོ་ཁྲོ་བོའི་ཚོགས་ལ་ཆགས། །དཀྱིལ་འཁོར་འཁོར་ལོ་རྣམ་སྤངས་ཏེ། །ལྷན་ཅིག་སྐྱེས་པའི་དགའ་བར་བསྡད། །ཅེས་པ་སྟེ། འདིར་དཀྱིལ་འཁོར་འཁོར་ལོ་ཞེས་པ་ལ། འཆད་ཚུལ་མི་འདྲ་བ་གསུམ་ཡོད་དེ། འགྲེལ་པ་ལས་བསྐྱེད་རིམ་ལ་འཆད་པ། སྤྱིར་བསྐྱེད་རིམ་གྱི་རྣམ་རྟོག་སྤངས་པ་ནན་ལྟར་ཡིན་མོད། དེ་ནི་རྫོགས་རིམ་ལ་ཞུགས་པའི་དུས་ནས་སྤངས་ཟིན་པས། སྐབས་འདིར་སྦྱར་ཀྱང་ནུས་པ་ཆུང་ངོ༌། །ཡང་ཁ་ཅིག་དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ་སོགས་ཀྱི་དོན་དུ་བསམས་ནས། ཞུ་བདེ་ལ་འཆད་མོད་ཀྱང༌། ཞུ་བདེ་འགག་པའི་དུས་དེ་གནས་སྐབས་འདིར་ཡིན་པས། དོན་ལ་འགལ་བ་མེད་ཀྱང༌། དགྱེས་རྡོར་དུ་དཀྱིལ་འཁོར་འཁོར་ལོར་གསུངས་པ་དེ། ཞུ་བདེ་ཁོ་ན་མ་ཡིན་བདེ་ཆེན་སྤྱི་ལ་གསུངས་པ་ཡིན་པས། ཚིག་དོན་ལ་མི་འགྲིག་གོ །དེས་ན་མ་དག་པའི་ལུས་སེམས་ཀྱི་སྣང་བ་ལ་འཆད་པ་ལྟར་ལེགས་སོ། །དེས་ནས་འདི་སྐད་ཅེས་བྱ་


TNT10_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཐ་མལ་པའི་ལུས་སེམས་ཀྱི་རང་བཞིན་ཁུ་རྡུལ་རླུང་གསུམ་གྱིས་བསྡུས་པའི་མ་དག་སྣང་བའི་དཀྱིལ་འཁོར་གྱི་འཁོར་ལོ་འདི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་གནས་གྱུར་པའི་ཚུལ་གྱིས་རྣམ་པར་སྤངས་ནས། དེ་ཉིད་མི་འགྱུར་བའི་ཐིག་ལེར་གྱུར་པས། དེ་ཕྱིན་ཆད་རྟེན་ཐིག་ལེ་དང༌། བརྟེན་པ་བདེ་བ་ངོ་བོ་གཅིག་ཅིང༌། འཕོ་འགྱུར་ཉམས་ཆད་གང་ཡང་མེད་པས། རྟག་ཏུ་ལྷན་ཅིག་སྐྱེས་པའི་དགའ་བ་མི་འགྱུར་པ་ལ་བསྡོད་ཅིང་གནས་པར་འགྱུར་རོ། །བཻ་རོས། ལྷན་སྐྱེས་སྐད་ཅིག་ལ་ནི་བདག་གནས་བྱ། །ཞེས་པར་བསྒྱུར་རོ། །དེ་ལྟར་གནས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སངས་རྒྱ་ཡབ་ཡུམ་ཕུང་ཁམས་དང༌། །བྱང་ཆུབ་སེམས་དཔའ་དབང་པོ་དང༌། །ལྷ་མོ་གཟུགས་སོགས་ཡུལ་དྲུག་དང༌། །ཁྲོ་བོ་ཁྲོ་མོ་ལས་དབང་ངམ་ལུས་ཀྱི་ཁེག་པ་སྟེ། དེ་ཐམས་ཅད་ཀྱི་རང་བཞིན་དྭངས་མ་གནས་ལུགས་ནི། བདེ་ཆེན་དང་གཟུགས་བརྙན་ཟུང་འཇུག་དེ་ཡིན་ལ། འདིར་དེ་ལ་ཡང་དག་པར་ཆགས་པ་སྟེ། དངོས་སུ་སྦྱོར་ནུས་པ་གང་ཞིག གནས་ཚུལ་ལ་དངོས་སུ་འབྱོར་ན་འཇིག་པ་མི་འཐད་པའི་ཕྱིར་རོ། །གཞུང་གི་དཀྱུས་ལ་དགའ་བར་བསྡད་ཅེས་འབྱུང་བ་ནི། སློབ་དཔོན་རང་ཉིད་རྣལ་འབྱོར་ཅན་མཆོག་ཏུ་ཞལ་གྱིས་བཞེས་པ་སྟེ། ནག་པོ་པ་རང་ཉིད། སེམས་ལྷན་ཅིག་སྐྱེས་པའི་དགའ་བར་མི་འགྱུར་བར་བསྡད་ཅེས་པའོ། །གཉིས་པ་འབྲས་བུའི་གནས་ཐབས་མདོར་བསྟན་པ་ནི། གཉུག་མའི་ཡིད་རྒྱལ་རོ་མཉམ་པར། །ལྷན་སྐྱེས་མི་གཡོར་གང་གིས་བྱས། །


TNT10_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དུས་དེར་འགྲུབ་པ་སྟེ། །རྒས་དང་འཆི་བའི་འཇིགས་པ་མེད། །མི་གཡོ་རྣམ་པར་མི་རྟོག་མི་འགྱུར་བ། །འཆར་དང་ནུབ་པ་དང་བྲལ་དེ་སྙིང་པོ། །གང་ལ་ཡིད་དང་ཡིད་བྱུང་ཅང་མི་བྱེད། །དེ་ལྟ་བུ་དེ་མྱ་ངན་འདས་པར་བརྗོད། །གང་གིས་ཨེ་ཝཾ་ཡི་གེ་ཤེས། །མ་ལུས་པ་ཀུན་ཤེས་པ་ཡིན། །ཀྱཻ་དེ་ཆོས་ཀྱི་ཟ་མ་ཏོག །མངའ་བདག་གཉུག་མའི་ཆ་བྱེད་དོ། །ཞེས་པ་སྟེ། གཉུག་མ་སྟེ་གདོད་མའི་ཡིད་ཀྱི་རྒྱལ་པོ། །དེ་བཞིན་གཤེགས་པའི་སྙིང་པོ་བདེ་ཆེན་རྣམ་པ་ཐམས་ཅད་པ་དེ་ལ། ཀུན་རྫོབ་ལས་སྣང་རྣམས་ནུབ་ཅིང༌། ལམ་གྱི་ཡེ་ཤེས་རྣམས་ཀྱང་རོ་མཉམ་པར་ཐིམ་པ་ན། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། རྐྱེན་གང་གིས་ཀྱང་ཁ་དོག་མི་བསྒྱུར་བས། རྣལ་འབྱོར་པ་གང་གིས་ཐོབ་པར་བྱས་པ་དེའི་ཚེ། སྐྱེས་བུ་མཆོག་དེ་ནི། དུས་དེར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྫོགས་པའི་སངས་རྒྱས་འགྲུབ་པ་ཞེས་བྱ་སྟེ། དེ་ནས་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དེ་ལ། རྣམ་པ་འགྱུར་བའི་རྒས་པ་དང༌། ངོ་བོ་སྐད་ཅིག་གིས་འཇིགས་པའི་འཆི་བ་སོགས། ལས་ཉོན་སྡུག་བསྔལ་གྱིས་བསྡུས་པའི་འཇིགས་པ་ཅུང་ཟད་ཀྱང་མེད་ཅེས་བྱའོ། །དེ་ཡང་དོན་དམ་པར་སྤངས་ཐོབ་དང༌། བྲི་གང་དང༌། གསལ་མི་གསལ་གྱི་རིམ་པ་གང་ཡང་མེད་དེ། གདོད་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །མེད་བྱ་བ་ཡང་བདེན་མེད་ཙམ་མ་ཡིན་གྱི་དོན་དམ་ལ་དེ་དག་གཏན་ནས་མེད་པའོ། །འོན་ཀྱང་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་ཁ་མའི་རྣལ་


TNT10_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཅན་གྱི་བློའི་སྣང་ཚུལ་ལ། རྒྱུན་མཐའི་སྔ་ལོགས་སུ་ལས་སྣང་གཟུང་འཛིན་ཐམས་ཅད་མེད་པར་མཐོང༌། རྒྱུན་མཐའི་སྐད་ཅིག་མ་ལ། གཉུག་མའི་སེམས་དེ་ཉིད་གཟུང་འཛིན་ཐམས་ཅད་ཀྱི་གནས་ལུགས་སུ་མྱོང་བས། སྣང་བ་ཐམས་ཅད་ཡེ་ཤེས་སུ་ཐིམ་ཞེས་ཐ་སྙད་ཐོབ། དེའི་སྐད་ཅིག་གཉིས་པར་ལམ་གྱི་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པ་དེ་ཡང་གཉུག་མའི་སེམས་བདེ་ཆེན་གྱི་ངོ་བོར་རང་བཞིན་མཉམ་པར་རྟོགས་ཤིང༌། ལམ་གྱི་རྣམ་པ་མཐའ་ཡས་པ་རྣམས་ཀྱང་གཉུག་མའི་རྣམ་པ་མཐའ་ཡས་པ་རྣམས་ལས་གཞན་དུ་མེད་པར་མྱོང་པས་ལམ་རྣམས་ཀྱང་ཆོས་དབྱིངས་སུ་ཐིམ་པ་ཞེས་མིང་ཐོབ་པོ། །དེ་ནས་ནི། གཞི་ལམ་འབྲས་གསུམ་གྱི་སྤྲོས་པ་ཐམས་ཅད་ཐིམ་ཟིན་པས། གཉུག་མའི་སེམས་ཉིད་བདེ་ཆེན་པོ་ཟུང་འཇུག་ཁྱབ་བརྡལ་འབའ་ཞིག་གོ །འོ་ན་རྒྱུན་མཐའི་དུས་སུ་ལམ་དབྱིངས་སུ་མི་ཐིམ་པར། དེའི་སྐད་ཅིག་གཉིས་པ་ཞེས་པ་ཅི་སྙམ་ན། རྒྱུན་མཐའ་ནི་འབྲས་བུ་ལ་མ་སླེབ་པར། ལམ་ཉིད་ཁོ་ན་ཡིན་པས་ལམ་དངོས་ལ་གནས་བཞིན་པ་ལམ་མ་དོར་བའི་སྐབས་ཡིན་པས་ལམ་ཐིམ་པ་མི་ཤེས་ཏེ། གཟིངས་ནང་དུ་གནས་བཞིན་པས་གཟིངས་འགྲོ་བ་མི་ཤེས་པ་བཞིན་ནོ། །དེ་དང་མུ་འབྱོར་བའི་སྐད་ཅིག་མ་གཉིས་པ་རྣམ་གྲོལ་ལམ་གྱི་མིང་ཅན་དེ་ནི། ལམ་ལས་འཕགས་ཏེ་འབྲས་བུར་སླེབ་ཙམ་ཡིན་པས་དེ་ནི་ལམ་ལས་མཆོག་གི་གནས་སྐབས་སུ་སླེབ་པས། ལམ་རང་བཞིན་མེད་པར་རྟོགས་པ་མཐར་ཕྱིན་ནས། ལམ་ཀུན་གཅིག་ཀྱང་མ་ལུས་པ་མདོར་


TNT10_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པའི་སྐབས་ཡིན་པས་སོ། །དེ་ཕྱིན་ཆད་ནས་ཀུན་ཁྱབ་ཀྱི་ཆོས་ཉིད་འབའ་ཞིག་མ་གཏོགས་གང་ཡང་མེད་མོད་ཀྱི། རྣམ་གྲོལ་ལམ་ཚུན་ཆད་ཀྱི་གང་ཟག་སྒྲུབ་པོ་དེ་ལ་ལྟོས་ནས། དེ་ཕན་ཆད་ཁྱད་པར་ལམ་ཞེས་བརྗོད་ཀྱི་དངོས་གནས་ལ་དེ་ཡང་མ་ཡིན་ནོ། །དེ་ནི་འབྲས་བུའི་དོན་ཚན་དང་པོ་འབྲས་བུ་འགྲུབ་ཚུལ་བཤད་པའོ། །ཉམས་པའི་གནས་སྐབས་མེད་པས་མི་གཡོ་བ། གཟུང་འཛིན་གཉིས་སྣང་གི་འཁྲུལ་པ་ཐམས་ཅད་སྤངས་པས་རྣམ་པར་མི་རྟོགས་པ་དང༌། འདོད་ཆགས་ཆགས་བྲལ་ལས་འདས་པའི་བདེ་བ་ཆེན་པོ་མི་འགྱུར་བ་དང༌། རྣམ་པར་འགྱུར་བ་ཅན་གྱི་སྐྱེ་འཇིག་ལྟ་ཅི་སྨོས། ངོ་བོ་འཕོ་བའི་སྐད་ཅིག་གི་སྐྱེ་འཇིག་ཀྱང་མེད་པས། འཆར་བ་སྐྱེ་བ་དང༌། ནུབ་པ་འཇིག་པ་དང་བྲལ་བའོ། །འགྲེལ་པ་ལས། བར་འདིར་ཤིན་ཏུ་མཛེས་པ་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཕྱིར་ཅེས་འབྱུང༌། རྩ་བའི་འགྱུར་རྙིང་གཉིས་ཀར་དུ། མཛེས་པ་ཞེས་བྱ་བའི་ཚིག་མ་བྱུང་སྟེ། རྒྱ་དཔེའི་ཁྱད་པར་ཞིག་གོ །རང་བཞིན་གྱིས་འོད་གསལ་བ་རྣམ་འགྱུར་མེད་པའི་ཕྱིར་སྙིང་པོའོ། །གང་ལ་ཞེས་སོགས་ལ་བཻ་རོས། དེས་ནི་ཡིད་ཀྱི་ང་རྒྱལ་ཅི་ཡང་མི་བྱེད་དོ། །ཞེས་ཟེར་ཞིང༌། འགྱུར་གསར་ལས། གང་ལ་སེམས་དང་སེམས་ལས་བྱུང་བ་མེད། ཅེས་འབྱུང༌། འགྲེལ་པ་ལས། སྣང་མཆེད་ཐོབ་གསུམ་དང༌། རང་བཞིན་བརྒྱད་ཅུ་སྤངས་པ་ལ་བཞེད་དོ། །གང་ལྟར་ཡང་མི་འགལ་མོད་ཀྱི། འདིར་ནི་ཡེ་ཤེས་གང་ལ་ཡིད་རྣམ་པར་ཤེས་


TNT10_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཡིད་བྱུང་རྣམ་པར་རྟོག་པའི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པ་དེ་ལྟ་བུ་ནི། མྱ་ངན་ལས་འདས་པ་ཆོས་ཀྱི་སྐུ་ཡིན་པར་བརྗོད་དོ། །འདིར་དགག་པའི་སྒོ་ནས་ཆོས་ཀྱི་སྐུའི་མཚན་ཉིད་བསྟན་པས། ཤུགས་ལ་སྒྲུབ་པའི་མཚན་ཉིད་བསྟན་ཏེ། འཆར་ནུབ་བྲལ་བ་དང་མི་གཡོ་བས། རྟག་པ་དང༌། མི་རྟོག་པ་དང༌། ཡིད་ཡིད་བྱུང་བྲལ་བས། སྤྲོས་བྲལ་དང༌། མི་འགྱུར་བས་བདེ་བ་དང༌། སྙིང་པོས་གསལ་བ་རྣམ་པ་ཐམས་ཅད་པ་བསྟན་ནོ། །དེས་ནི་དོན་ཚན་གཉིས་པ་ཆོས་སྐུའི་མཚན་ཉིད་བསྟན་ནོ། །ཨེ་ཝཾ་ཞེས་བྱ་བ་ནི། ལྷའི་དབང་པོས་ཞུས་པ་ལས། ཨེ་ནི་སྟོང་པའི་རང་བཞིན་ཏེ། །ཝཾ་ནི་ཐུགས་རྗེ་ཆེན་པོར་བརྗོད། ཐིག་ལེ་གཉིས་མེད་སྦྱོར་བ་ཡིས། །འདི་ཡིས་ཟུང་འཇུག་དྲན་པར་བྱ། །ཞེས་གསུངས། ཨེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང༌། ཝ་ཡིག་ཐུགས་རྗེ་ཆེན་པོ་མི་འགྱུར་བའི་བདེ་བ། ཐིག་ལེ་དེ་གཉིས་ཟུང་དུ་འཇུག་པ་སྟེ། ཟུང་འཇུག་དེ་ལ་ཨེ་ཝཾ་གྱི་ཡི་གེ་ཞེས་བྱའོ། །དེ་ཉིད་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་སྐུ་ཡིན་ཏེ། དེ་ཐོབ་པ་ནི་དེ་ཤེས་པའོ། །རང་ཉིད་ཨེ་ཝཾ་དེའི་ངོ་བོར་གྱུར་ན་ཨེ་ཝཾ་ཤེས་པ་ཡིན་གྱི། རྣམ་གཞག་ཕྱོགས་རེ་འཆད་ཤེས་པ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་སྐྱེས་བུ་གང་གིས་ཨེ་ཝཾ་གྱི་ཡི་གེ་ཐོབ་པའི་སྒོ་ནས་ཤེས་པ་དེས་ནི། ཤེས་བྱ་མ་ལུས་པ་ཀུན་གྱིས་ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་ཤེས་པ་ཡིན་ནོ། །དེས་ན་ཡེ་ཤེས་གཅིག་ཉིད་ཡིན་ཡང༌། བདེ་བ་ཆེན་པོའི་སྒོ་ནས་ཇི་ལྟ་བ་དང༌། རྣམ་པ་ཐམས་ཅད་པའི་སྒོ་ནས་ཇི་སྙེད་པ་མཁྱེན་ཞེས་


TNT10_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ། དེ་ཡང་མཚན་ཉིད་སོ་སོའི་བྱ་བ་ཐ་དད་པ་བྱེད་པ་མ་ཡིན་གྱི། ཡེ་ཤེས་གཅིག་པུས་ཤེས་བྱ་ཐམས་ཅད་མཁྱེན་པ་དེ་ལ་རྣམ་པ་ཐམས་ཅད་པ་ཟེར་ཞིང༌། མཁྱེན་མཁན་དེ་ཁོ་ནས་ཇི་ལྟ་བ་ཡང་མཁྱེན་པ་ལ་བདེ་བ་ཆེན་པོར་བཞག་པས་ན། ཇི་ལྟ་བ་གནས་ལུགས་བདེ་བ་ཆེན་པོ་དེ་ཡི་ངོ་བོར་སོང་བའི་སྒོ་ནས་མཁྱེན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་བྱ་ཐམས་ཅད་ཀྱི་ཇི་སྙེད་པ་མཁྱེན་པའི་ཆ་ནས་ཨེ་ཝཾ་གྱི་ཡེ་ཤེས་དེ་ཉིད་སྤྲུལ་པའི་སྐུར་བཞག་གོ །ཀྱཻ་ཨེ་ཝཾ་གྱི་ཡི་གེ་དེ་ནི། སངས་རྒྱས་ཀྱི་ཆོས་ལུང་དང་རྟོག་པས་བསྡུས་པ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ཏེ། ཆོས་ཐམས་ཅད་དེར་ཆུད་པ་དང༌། དེ་ལས་འབྱུང་བའི་ཕྱིར་རོ། །ལུང་གི་ཆོས་འབྱུང་བའི་ཕྱིར་གསུང་རྡོ་རྗེ་ཡིན་ལ། དེ་ཉིད་ནི་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་སོགས་དག་པའི་འཁོར་རྣམས་ཀྱི་གཙོ་བོ་མངའ་བདག་ཆོས་གསུང་བ་པོ་སྟེ། མཚན་དཔེ་དང༌། ཡབ་ཡུམ་དང༌། འཁོར་ཚོགས་དང༌། གཞལ་མེད་ཁང་དང༌། ཞིང་ཁམས་དང༌། མཆོད་པའི་བཀོད་པ་དང༌། བ་སྤུའི་ཁུང་བུ་གཅིག་ནས་ཀྱང༌། དུས་གསུམ་གྱི་ཤེས་བྱ་མཐའ་དག་གི་སྣང་བརྙན་འཆར་བ་སོགས་རོལ་པ་མཐའ་ཡས་པའི་ཆ་བྱད་ཅན་ཡིན་ལ། ཆ་བྱད་དེ་ཐམས་ཅད་ཀྱང་རྐྱེན་ལས་བྱུང་བའི་གསར་པ་མ་ཡིན་གྱི། གདོད་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར། གཉུག་མའི་ཆ་བྱད་ཅེས་བྱའོ། །ཚིག་རྐང་ཐ་མ་གཉིས་ཀྱིས་ནི་ལོངས་སྐུ་བསྟན་ཏེ། དེ་ལྟར་ན་དོན་ཚན་གསུམ་གྱི་ཐ་མ་སྐུ་ལྷག་མ་གསུམ་བཤད་པའོ། །


TNT10_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་མངོན་པར་འགྲུབ་བྱེད་ཀྱི་ལམ་རིམ་བསྟན་པ་ལ། རྗེས་དྲན་གྱི་དོན་བཤད་པ། ཏིང་ངེ་འཛིན་གྱི་དོན་བསྟན་པ། འཕྲོས་དོན་ལྷན་ཅིག་སྐྱེས་པ་སྒོམ་པར་གདམས་པའོ། །དང་པོ་ནི། གལ་ཏེ་རླུང་ནི་འགྲོ་བའི་སྒོར། །སྒོ་ལྕགས་དམ་པོར་འཇུག་བྱེད་ཅིང༌། །གལ་ཏེ་མུན་པ་དྲག་པོ་དེར། །ཡིད་ཀྱི་མར་མེ་གཏོང་བར་བྱེད། །རྒྱལ་བའི་རིན་པོ་ཆེ་སྟེང་དུ། །ནམ་མཁའ་གལ་ཏེ་འཇུག་པ་ན། །སྲིད་པར་རོལ་ཞིང་མྱང་འདས་ཀྱང༌། །འགྲུབ་པ་རུ་ནི་ནག་པོ་སྨྲ། །ཞེས་པ་སྟེ། གལ་ཏེ་རླུང་འགྲོ་བའི་སྒོ། དབུ་མའི་སྟེང་འོག་གི་སྒོ་དང༌། བུ་ག་དགུ་དང༌། བ་སྤུའི་བུ་ག་ལ་སོགས་པ་རྣམས་སུ་རླུང་དགག་པའི་སྒོ་ལྕགས་དམ་པོ་ཞུ་བདེ་འགྱུར་མེད་འཇུག་པར་བྱེད་ཅིང་སྟེ། ཞུ་བདེ་འགྱུར་མེད་གྲུབ་པ་ན། རྗེས་ཆགས་ཀྱི་མེ་སྦར་བས་ཀྱང༌། བ་སྤུའི་ཁུང་བུ་ཕྱིན་ཆད་ཀྱི་རྩ་རྣམས་དང༌། དབང་པོ་རྣམས་ཀྱི་དྭངས་མ་དཀར་ཆ་རྣམས་ཞུ་བ་འཁོར་ལོའི་རིམ་པས་འོངས་ཏེ། ནོར་བུར་ཕྱིན་པ་རྩོལ་མེད་དུ་བཅིངས་པས། འབད་རྩོལ་མེད་པར་གཙུག་ཏོར་དུ་སོང་ནས། ལུས་ཀྱི་ཆ་ཐམས་ཅད་དུ་ཁྱབ་ཅིང་བརྟན་པ་ན། དབང་པོའི་སྒོ་དང་བ་སྤུ་སོགས་ཕྱིར་འགྲོ་བའི་སྒོ་ཐམས་ཅད་དཀར་ཆས་བཀག་པས། དམར་ཆ་ཕྱིར་འགྲོས་མེད་དེ། ནང་དུ་འདུས་ཐུར་དུ་ལོག་ནས། ནོར་བུའི་ནང་ཡན་ཆད་དུ་གནས་ཏེ། ཕྱག་རྒྱ་གསུམ་ལས་ཞུ་བདེ་འགྱུར་མེད་དེ་ལྟར་སྒྲུབ་པ་དང༌། གལ་ཏེ་ཀུན་དར་མ་དང་དུང་ཅན་མའི་ནང་གི་མུན་པ་དང་དུས་མེའི་སྡུག་བསྔལ་དྲག་པོ་སྐྱེད་བྱེད་དེ་དག་གནས་པའི་སར། ཡིད་དེ་སེམས་


TNT10_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་བ་ཙམ་གྱི་སྟོང་གཟུགས་ཀྱི་གཏུམ་མོའི་མར་མེ་གཏོང་བར་བྱེད་དེ། དེ་ལས་རྒྱལ་བའི་རིན་པོ་ཆེ་ཁམས་གསུམ་གྱི་གཟུགས་བརྙན་དང་བཅས་ཏེ་སྟེང་དུ་གནས་པའི་ནམ་མཁའི་ཕྱོགས་ཞེས། སྟོང་གཟུགས་ཀྱི་གཏུམ་མོ་སྟེང་དུ་འབར་བས། དང་པོར་ཐིག་ལེ་བཞུ། སླར་ཐིག་ལེ་ལྡོག་པས་རང་གི་ལུས་ནང་དང༌། ཕྱི་རོལ་གྱི་ནམ་མཁའ་ལ། འདོད་པའི་ལྷ་དང་དོན་དམ་སྲིད་གསུམ་འཇུག་ཅིང་འཆར་བ་ན། སྲིད་པ་ཕྱག་རྒྱའི་རོལ་པ་འདོད་ཆགས་ཆེན་པོའི་སྤྱོད་པ་ལ་གནས་བཞིན་དུ། ཟག་མེད་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་ཡང་འགྱུར་རོ། །ཞེས་འཆད་པ་ལྟར་ཡང་རུང་ལ། བདག་གི་རྣམ་པར་རྟོག་པ་ནི། འབྲས་བུའི་དུས་སུ་སྟོང་གཟུགས་རྣམ་པ་ཐམས་ཅད་པས། སྐུ་སྣ་ཚོགས་བསྟན་པས་སྲིད་པར་རོལ་ཞིང༌། བདེ་བ་འགྱུར་བ་མེད་པས་མྱ་ངན་ལས་འདས་པའི་མཆོག་ཏུ་འགྱུར་བ་བཞིན། །རྗེས་དྲན་གྱི་སྐབས་འདིར་ཡང༌། རྗེས་མཐུན་ཙམ་གྲུབ་པའི་དོན་དུ་སེམས་སོ། །དེ་ལྟར་ན་བདེ་བ་དང་གཟུགས་བརྙན་ལས། མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པོ་ཞེས། རང་གི་ཉམས་མྱོང་ལ་བརྟེན་ནས། ནག་པོ་སྤྱོད་པ་བ་ང་ཉིད་སྨྲའོ། །དེ་ལྟར་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། དབུ་མར་སྲོག་ནི་རབ་གཞུག་ཉི་མ་དང་བཅས་རི་བོང་ཅན་གྱི་སྒྲོད་པ་གཡས་དང་གཡོན་ལ་བཅིངས། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བླང་བ་ཡང༌། །པདྨར་རྡོ་རྗེའི་སྒྲའམ་རང་གི་ལག་གི་ཆུ་སྐྱེས་དག་


TNT10_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གསོར་བ་བདེ་པའི་སླད་དུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་དཔལ་ལྡན་བླ་མའི་ཞལ། །ཞེས་གསུངས་སོ། །གཉིས་པ་ཏིང་ངེ་འཛིན་གྱི་དོན་བསྟན་པ་ནི། ཆོས་གྱི་ཡི་གེ་དེ་དག་ལ། མི་གཡོར་གྱིས་ལ་ཡིད་སྦྱོར་ཞིག །དེ་མ་ཐག་ཏུ་རླུང་འཆིང་ཞིང༌། །ཡུལ་ལའང་རེ་བ་མེད་པར་འགྱུར། །གང་དུ་མཆོག་དང་ཁྱད་དགའ་གཉིས་མཐོང་བ། །དབུས་དེར་ཆོས་ཀྱི་ཡི་གེ་མཚོན་པར་གྱིས། །འདི་ལྟའི་མན་ངག་གལ་ཏེ་བསྒྲུབ་པ་ན། །དེ་ཚེ་ཁྱིམ་བདག་མོ་རླུང་མི་གཡོ་འཆིང༌། །རི་བོ་མཆོག་རྩེ་མཐོ་བའི་ཐང༌། །གང་དུ་རི་ཁྲོད་གནས་བཅས་པས། །སེང་གེ་ཡིས་ཀྱང་མ་མཆོད་ན། །གླང་ཆེན་རེ་བ་ལྟ་ཐག་རིང༌། །ཞེས་པ་སྟེ། འདི་ལ་དོན་ཚན་གསུམ་མོ། །དང་པོ་ཏིང་ངེ་འཛིན་གྱི་རིམ་པའི་ངོ་བོ་ནི། ཝཾ་ཡིག་ཐིག་ལེ་ཞུ་བ་ཨེ་ཡིག་སྟོང་གཟུགས་ཀྱི་ནོར་བུར་བཅིངས་པའི། །ཨེ་ཝཾ་ཆོས་ཀྱི་ཡི་གེ་དེ་དག་ལ། ཡིད་མི་གཡོ་བར་སེམས་རྩེ་གཅིག་པར་གྱིས་ལ། བདེ་བ་ཆེན་པོའི་ཡིད་སྟོང་གཟུགས་ལ་སྦྱོར་བར་གྱིས་ཤིག དེ་མ་ཐག་ཏུ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས། གཅིག་ནི་ངེས་པར་འཆིང་ཞིང་འགག་པར་འགྱུར་ཏེ། དེའི་ཚེ་ཁམས་དཀར་པོའི་ཆ་ཤས་གཅིག་ནོར་བུར་བཅིངས་པས་གཙུག་ཏོར་དུ་ལོག་ཅིང་ཐིམ། དེ་རྗེས་དམར་ཆ་གཅིག་རང་ཤུགས་ཀྱི་གཙུག་ཏོར་དུ་འཆིང་ནས། མར་ལོག་སྟེ་ནོར་བུར་ཐིམ་པས་དཀར་དམར་རླུང་གསུམ་གྱི་ཚོགས་པ། རྣམ་པ་ཐམས་ཅད་པའི་སྟོང་པར་གྱུར་ནས་ཡེ་ཤེས་ཀྱི་སྣང་བས་ཀུན་ཏུ་ཁྱབ་པས་ན། གཟུགས་སོགས་ཐ་མལ་གྱི་


TNT10_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་ལ་རེ་བ་སྟེ་ཆགས་པ་སྤངས་ཏེ་མེད་པར་ཡང་འགྱུར་རོ། །དེ་ཡང་དམར་པོ་ཐིམ་པས་ནི་ཡུལ་དང༌། དཀར་པོ་ཐིམ་པས་ནི་དབང་པོ་དང༌། རླུང་ཐིམ་པས་ནི་རྣམ་པར་ཤེས་པ་ཡིད་བྱེད་དང་བཅས་པ་མི་འགྱུར་བའི་ཐིག་ལེ་དང་བདེ་བ་ཟུང་དུ་འཇུག་པའི་ངོ་བོར་གནས་གྱུར་བ་ཡིན་ནོ། །འདིར་དེ་དག་ལ་ཞེས་འབྱུང་བ་ནི། མང་པོའི་དོན་ལ་གཉིས་ཚིག་སྟེ། དག་ཅེས་པ་ཆོས་ཀྱི་ཡི་གེ་དེ་ཡང་ཡང་བསྒོམ་པས། སྔ་ཕྱི་རྣམ་གྲངས་མང་པོ་སྟེ། ལན་གཅིག་ཁོ་ན་མ་ཡིན་པའི་དོན་ནོ། །གཉིས་པ་དུ་མཚམས་ནི། གང་དུ་ཞེས་པའི་གང་ནི་སྤྱི་སྒྲ་ཡིན་ཡང༌། འདིར་ཚིག་གྲོགས་ཀྱི་དབང་གིས། གཙུག་ཏོར་གྱི་ཐིག་ལེ་དབུ་མའི་ལམ་ནས་བརྒྱུད་དེ་འོངས་པ་དེ། གང་ནོར་བུའི་རྩེ་མོའི་གནས་སུ་འོངས་པའི་དུས་སུ་ཞེས་པའོ། །དེ་ཡང་དགའ་བ་དང༌། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྔོན་དུ་འདས། མཆོག་དགའ་རྣམ་པར་སྨིན་པའི་སྐད་ཅིག་མ་ཡང་འདས་མོད་ཀྱི། གཞན་གྱིས་བར་མ་ཆོད་པའི་འདས་མ་ཐག་པའི་ཕྱིར་མཐོང་བ་ཞེས་བྱ། འདིར་ཁྱད་དགའ་ནི་མས་བརྟན་ཡིན་ཏེ། རྣམ་ཉེད་ཁྱད་དགའ་དང༌། འདིའི་བར་དུ་ཡང་དུས་གཞན་གྱི་བར་མཆོད་པའི་ཕྱིར་ཁྱད་དགའ་མཐོང་ཞེས་བྱ་སྟེ། ལྷན་སྐྱེས་སྐད་ཅིག་མ་གཅིག་གིས་སྔ་ཕྱི་གཉིས་ཅར་ལ་ལྟ་བ་ཡིན་ཡང༌། སྐད་ཅིག་ཐོག་མཐའ་གཉིས་ཀྱི་ལྟ་བའི་ཕྱིར་ཡང༌། དགའ་བ་དང་ཁྱད་དགའ་གཉིས་མཐོང་བ་ཞེས་སྨོས་ཏེ། དཔེར་ན་ལག་སྡང་གི་འགྲོ་བ་བཞིན་ནོ། །ཞེས་ཟེར་རོ། །


TNT10_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་མཆོག་དགའ་དང་ཁྱད་དགའ་གཉིས་ཀྱི་བར་རམ་དབུས་དེར། །ཨེ་ཡིག་གིས་ཝཾ་ཡིག་བཅིངས་པའི་ཆོས་ཀྱི་ཡི་གེ་མཚན་བྲལ་ལྷན་ཅིག་སྐྱེས་པ་ཞུ་བདེ་དེས་རྣམ་པ་ཀུན་ལྡན་གྱི་གཟུགས་ལ་རྩེ་གཅིག་ཏུ་དམིགས་པའི་དོན་གྱིས་མཚོན་པར་གྱིས་ཤིག །གལ་ཏེ་འདི་ལྟ་བུའི་མན་ངག་གིས་བསྒྲུབས་པ་ན། དེའི་ཚེ་ཁྱིམ་ཨ་ཝ་དྷཱུ་ཏཱིའི་བདག་མོ་ཡེ་ཤེས་ཀྱི་རླུང་མི་གཡོ་བར་གནས་པས་ཐ་མལ་གྱི་རླུང་དབྱིངས་སུ་འཆིང་བར་འགྱུར་རོ། །འདི་ནི་མི་འགྱུར་བའི་ཐིག་ལེ་འཕྲལ་དུ་འགྲུབ་བྱེད་ཀྱི་རྒྱུ། ཞུ་བདེ་འགྱུར་མེད་ཁྱད་པར་ཅན་སྒོམ་པའི་དུས་མཚམས་བསྟན་པ་ཡིན་ལ། ལྷན་སྐྱེས་དེས་མཆོག་ཁྱད་གཉིས་མཐོང་བའི་གོ་དོན་དངོས་ནི། བྱང་ཆུབ་ཀྱི་སེམས་ནོར་བུར་དྲག་ཏུ་བཅིངས་པའི་སྐབས་དེར། ཐིག་ལེ་དེ་ལ་རྗེས་ཆགས་ཀྱི་མཐུས། འབར་ཞིང་གཡོ་བའི་ཆ་ཅིག་ཀྱང་ཡོད། དྲག་ཏུ་བཅིངས་པའི་སྟོབས་ཀྱིས། ཡར་ཟློག་ཚད་པའི་ཆ་ཅིག་ཀྱང་ཡོད་དེ། ཉི་མའི་རླུང་འགྲོས་རང་འགྲོས་གཉིས་ཐུག་པ་དང༌། གྱད་ཀྱིས་སྟག་མོ་བཟུང་བའི་དཔེ་དང་སྦྱར་རོ། །དེ་ཡང་འབར་གཡོའི་ཆ་ཡོད་པས། རྩ་གནས་ན་གནས་པའི་དྭངས་མ་གཞན་རྣམས་ཀྱང་ཞུ་ཚད་ཚད་པ། ཞུ་བ་ལ་ཕྱོགས་རུང་བ་ཡོད་པས། མཆོག་དགའ་ཡོད་ལ་ཁད་ཀྱང་ཡོད་པ་ལྟར་སྣང་ལ། བཅིངས་པའི་ནུས་པས་ཐིག་ལེ་དེ་རྣམས་ཀྱང༌། ཟློག་ཚད་ཚད་པ་རང་གནས་སུ་ཐིམ་རུང་དུ་ཡོད་པས། ཁྱད་དགའ་འཆར་ཚད་པ་ལྟར་སྣང་བའོ། །འདི་མ་གོ་ན། མཆོག་གི་མཐའ་དང་དགའ་བྲལ་དབུས། །


TNT10_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོན་ཞིང༌། བཤད་པ་ཡལ་ཡུལ་འདྲ་བྱེ་པ་རྣམས། འདི་ང་ལ་བླ་མས་ཀྱང་མ་བཤད། ང་རང་གིས་ཀྱང་མ་གོ་ཟེར་བའི་དཔེ་དང་འདྲ་ལ། འདི་གོ་ན་མཻ་ཏྲི་པས་ཀྱང་གཉིས་ཤོར་གཉིས་མཉམ་ཡང་སྐྱོད་མེད་དུ་སྒྲུབ་ཐུབ་པ་ཡོད་དོ། །གསུམ་པ་མཐར་ཐུག་པའི་གནས་སྐབས་ནི། རི་བོ་མཆོག་གི་རྩེ་དབུ་མའི་ཡས་སྣ་གཙུག་ཏོར་གྱི་འཁོར་ལོ་དེ་ཡེ་ཤེས་ཀྱི་སྣང་བ་དཔག་ཏུ་མེད་པར་རོལ་ཞིང་རྩེ་བའི་གནས་ཡིན་པའི་ཕྱིར། ཐང་ཆེན་པོའམ་མཆོག་གོ །གང་གནས་དེ་ལྟ་བུར་མི་ཤིགས་པའི་ཧཾ་ཡིག་སོགས། བྱང་ཆུབ་ཀྱི་སེམས་སུམ་བཅུ་རྩ་གཉིས་ཀྱི་རི་ཁྲོད་པ་དག་གནས་པར་བྱས་པའོ། །དེ་ཡང་རི་རྩེའི་ས་བདེ་མོ་ལ་རི་ཁྲོད་པ་རི་དྭགས་རྔོན་པ་དག་སྡོད་པའི་དཔེ་ཚུལ་གྱིས་བརྡ་ཐབས་མཛད་པའང་ཡིན་ལ། ཡང་རི་ཁྲོད་པ་ཞེས་པ་ཧེ་རུ་ཀ་དཔའ་བོའི་མཚན་གྱི་རྣམ་གྲངས་སུ་མངོན་བརྗོད་སྣ་ཚོགས་གསལ་བ་ལས་བཤད་པ་ལྟར་ཡང་ཡིན་པས། ཧཾ་ཡིག་མི་ཤིགས་པའི་ཐིག་ལེ་དཔལ་ཧེ་རུ་ཀའི་ངོ་བོ་དེ་གནས་པ་ལ་ཡང་བྱ་བས། སྦྱར་བའི་རྒྱན་ལྟ་བུར་ཡང་རུང་ངོ༌། །སེང་གེ་ནི་གདོང་ལྔ་པ་ཞེས་བྱ་སྟེ། གདོང་དང༌། སྦར་ཁྱིམ་བཞི་སྟེ་ལྔ་ཀས་སྲོག་ཆགས་རེ་རེ་དུས་མཉམ་དུ་གསོད་ནུས་པས། གདོང་ངམ་ཁའི་བྱ་བ་བྱེད་པ་ལྔ་ཡོད་པའི་ཕྱིར་རོ། །དེ་དང་མཚུངས་པར་འབྱུང་བ་ལྔའི་དཀྱིལ་འཁོར་ཅན་གྱི་ལས་རླུང་ནི། སེང་གེའི་བརྡས་བསྟན་ཏོ། །གླང་ཆེན་ནི་ཕྱུགས་ཏེ། ཤིན་ཏུ་བླུན་པའི་གཏི་མུག་བསྐྱེད་པའི་ཕྱིར་ཉི་ཟླ་རོ་རྐྱང་གི་བྱེད་པ་ཅན་གྱི་རྩ་རླུང་ཐིག་ལེར་རྣམས་སོ། །


TNT10_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འགའ་ཞིག་ས་བོན་གྱི་ངོ་བོ་དང༌། འགའ་ཞིག་མངོན་འགྱུར་བ་དང༌། འགའ་ཞིག་རྐྱེན་གྱི་ནུས་པའི་ངོ་བོར་གནས་པ་ལས། ཁམས་གསུམ་སྲིད་པ་མཐའ་དག་གི་ཆོས་རང་རྒྱུད་ལ་ཡོད་པ་རྣམས་ལ་སྔར་རོ་རྐྱང་གི་དབང་བྱས་པའི་ཆ་ཤས་རེ་ཐམས་ཅད་ལ་ཡོད་ཅིང༌། ཁམས་ལྔའི་དྲི་མས་བསྒྲིབས་པ་ལས། འདིར་རོ་རྐྱང་ཁམས་ལྔའི་ཆོས་རྣམས་གཙུག་ཏོར་ཏུ་ཐིག་ལེ་བཅིངས་པའི་ནུས་པས། རང་སངས་ལ་སོང་ནས་དབུ་མ་འབའ་ཞིག་གིས་དབང་བྱེད་པ་དང༌། དྲི་བྲལ་ཡེ་ཤེས་ཀྱི་ཁམས་ཁོ་ནར་འགྱུར་རོ། །དེས་ན་རོ་རྐྱང་དང་ཁམས་ལྔ་པོ་དེ་གཙུག་ཏོར་དུ་དྲངས་པའི་རྗེས་ལ། བཅིངས་ཀྱང་འཆིང་མ་ནུས་པར་གཞན་དུ་སོང་བའམ། གནས་དེར་རྒྱས་པར་གྱུར་ན། གནས་དེ་ནས་མཆོངས་ཏེ་ཕར་སོང་བ་དང་འདྲ་ཡང༌། དེ་རྣམས་གནས་དེར་སླེབས་ནས། ཐིམ་ཞིང་གནས་གྱུར་པ་ནི། གནས་དེ་ནས་མཆོངས་མ་ནུས་པར་ལུས་པའམ། མཆོངས་ཀྱང་ཕ་རོལ་ཏུ་མ་སླེབས་པར་ལྷུང་སྟེ་ཤི་བ་དང་འདྲ་བར་དགོངས་ན། མི་ཤིགས་པའི་རི་ཁྲོད་པ་གནས་པའི་ཐང་དེར། ཁམས་ལྔའི་སེང་གེས་ཀྱང་མཆོངས་མ་ཐུབ་ན། རོ་རྐྱང་གི་སྟོབས་གླང་ཆེན་གྱི་རེ་བ་ལྟ་ཡང་ཐག་རིང་སྟེ། རེ་ཐག་ཆད་དོ་ཞེས་པའོ། །དེ་ཡང་ཁམས་ལྔ་ཕྲ་ལ། རོ་རྐྱང་རགས་པས། གནས་གྱུར་ཞིང་སྤོང་པ་ལ་དཀའ་མི་དཀའི་ཁྱད་པར་ཡོད་པ་ལྟར་སྣང་བས། ཕྲ་བ་ཡང་གནས་གྱུར་ན་རགས་པ་ལྟ་ཅི་སྨོས། ཞེས་པའི་དོན་ནོ། །དེས་ན་ཏིང་ངེ་འཛིན་གྱི་མཐར་ཐུག་ཏུ། རྩ་རླུང་ཐིག་ལེའི་བགྲོད་པ་ཐམས་ཅད་གཙུག་ཏོར་དུ་


TNT10_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་ནས། ལུས་ངག་ཡིད་གསུམ་རྡོ་རྗེའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའོ། །གསུམ་པ་འཕྲོས་དོན་ལྷན་ཅིག་སྐྱེས་པ་སྒོམ་པར་གདམས་པ་ནི། འདི་སྟེ་རི་མཆོག་ཏུ་ངས་བརྗོད། དེ་ཉིད་བདེ་བ་ཆེན་པོའི་གནས། བདེ་ཆེན་མ་ཐོབ་བར་དུ་འདིར། །ཀྭ་ཡེ་ལྷན་ཅིག་སྐྱེས་དགའ་སྒྲུབས། ཞེས་པ་སྟེ། གཉིས་སུ་མེད་པའི་སྐུ་ཟུང་འཇུག་གི་ཡེ་ཤེས་འདི་ཉིད་དེ། ནམ་དུ་ཡང་མི་འཇིག་ཅིང་མི་གཡོ་ལ། རྣམ་པར་རྟོག་པ་དང་ཡང་བྲལ་བའི་ཕྱིར། རི་བོ་མཆོག་དང་འདྲ་བ་ཉིད་དུ་ངས་བརྗོད་དོ། །མདོ་ལས་ཀྱང༌། བརྟན་རྣམས་རི་བོའི་སྤོ་དག་ལས། ས་སྟེང་བྱིས་པ་རྣམས་ལ་བལྟ། །ཞེས་དང༌། མདོ་སྡེ་རྒྱན་ལས་ཀྱང༌། བྱང་ཆུབ་སེམས་དཔའ་དེ་ནི་དེར་བཞུགས་ཏེ། །རི་དབང་མཐོ་སྟེང་བཞུགས་ཤིང་འགྲོ་ལ་གཟིགས། །ཞི་ལ་མངོན་དགའི་འགྲོ་ལ་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་སྐྱེ་བོ་གཞན་ཅི་སྨོས། །ཞེས་གསུངས་པ་བཞིན། རང་ཉིད་བརྟན་ས་ཟིན་ནས་འབད་རྩོལ་དང་དཀའ་བ་མེད་པར་གཞན་དོན་མཛད་པའོ། །དེ་ལྟར་ན་ཟུང་འཇུག་འདི་ཉིད། བདེ་བ་ཆེན་པོའི་གནས་འཕོ་འགྱུར་མེད་པ་དེ་ཡིན་པས། བདེ་ཆེན་མ་ཐོབ་བར་དུ་ལམ་འདིར་ཞུགས་ནས་ལྷན་ཅིག་སྐྱེས་པ་འབད་པས་སྒྲུབས་པར་གྱིས་ཤིག ཀྭ་ཡེ་ཞེས་སོ། །དེ་འདྲའི་བདེ་བ་ཆེན་པོའི་གནས་དེ་ཡང་ཅི་ཞེ་ན། གསུངས་པ། འགྲོ་ཀུན་ལུས་ངག་ཡིད་བསྡུས་ནས། །ཀྭ་ཡེ་དེར་ནི་རྣམ་འཕྲོ་དེ། །དེ་ཉིད་གཅིག་པུ་ཉམས་རྣམས་ཀྱི། །བདེ་ཆེན་རྗེ་བོ་ཉིད་ཡིན་ནོ། །འགྲོ་བ་ནི་ཕུང་པོ་


TNT10_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྐྱེ་མཆེད་ལ་སོགས་པ་སྟེ། འཁོར་བའི་ཆོས་འདི་རྣམས་ཀུན་གྱི་རང་བཞིན་ནི། སྣང་སྟོང་རྣམ་པ་ཐམས་ཅད་པའི་ལུས་དང༌། གྲག་སྟོང་བརྗོད་བྲལ་གཞོམ་མེད་སྒྲ་སྐད་ཐམས་ཅད་པའི་ངག་དང༌། བདེ་སྟོང་ཐམས་ཅད་རིག་ཅིང་དམིགས་པ་མེད་པའི་སྙིང་རྗེའི་ཡིད་དེ། སྐུ་གསུང་ཐུགས་རྡོ་རྗེ་དེ་ཡང་བདེ་བ་ཆེན་པོའི་ངོ་བོར་གཅིག་ཏུ་བསྡུས་ནས། ཡང་དེར་དག་པའི་སྣང་བ་རབ་འབྱམས་འཁོར་འདས་ཐམས་ཅད་ཀྱི་རྣམ་པར་འཕྲོ་བར་བྱེད་དེ། ཇི་སྐད་དུ། འཁོར་ལོ་སྡོམ་པ་ལས། ཧེ་རུ་ཀ་དཔལ་རྒྱལ་ཆེན་པོ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང༌། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་སྙན་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་པས་རྣམ་པར་བཞུགས། །ཞེས་གསུངས་པའི་དོན་རྗེས་མཐུན་པ་གྲུབ་པ་དང༌། དགྱེས་རྡོར་ལས། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །ཞེས་སོ། །བདེ་བ་ཆེན་པོ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེ་བོ་སྟེ། གཙོ་བོ་དང༌། རྒྱལ་པོ་དང༌། སྲོག་དང༌། དྭངས་མ་དང༌། ཆོས་ཉིད་ཡིན་ཅིང༌། རང་བཞིན་དེ་ཉིད་གཅིག་པུ་དེ་ཤེས་བྱ་ལ་སྲིད་ཚད་ཀྱི་ཉམས་འགྱུར་སྣ་ཚོགས་རྣམས་རོལ་ཞིང་སྣང་བར་བྱེད་དོ། །དེ་ལྟར་ཡང༌། རྣལ་འབྱོར་མ་ཀུན་སྤྱོད་ལས། འགྲོ་བ་འདི་དག་སངས་རྒྱས་ལྔ་དག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང༌། །གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་གསུངས་པའི་དོན་ཉིད་དོ། །མི་སློབ་པའི་ཟུང་འཇུག་ནི་འབྲས་བུ་


TNT10_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཡིན་ལ། སློབ་པའི་ཟུང་འཇུག་ཀྱང་དེ་དང་རྣམ་པ་འདྲ་བའི་ཕྱིར། ཚིག་འདི་དག་གིས་འབྲས་བུའི་རྣམ་གཞག་ཀྱང་བསྟན་པ་ཡིན་ལ། ལར་ནི་ཚིགས་བཅད་སྔ་མའི་འདི་སྟེ་རི་མཆོག་སོགས་ཀྱི་འཕྲོས་དོན་ནོ། །ཡང་གསུངས་པ། སྔགས་དང་རྒྱུད་དག་གཅིག་ཀྱང་མི་བྱ་སྟེ། །གཉུག་མའི་ཁྱིམ་བདག་མོ་བླང་རོལ་པར་བྱེད། །ཇི་སྲིད་རང་ཁྱིམ་ཁྱིམ་མོ་མི་གནས་པ། །དེ་སྲིད་རིགས་ལྔ་དག་ལ་སྤྱོད་དམ་ཅི། །བཟླས་པ་སྦྱིན་སྲེག་དཀྱིལ་འཁོར་ལས་འདི་ཡིས། །ཉི་མ་རེ་རེ་ཀུ་རེས་ཅི་ཕྱིར་གནས། །ཞེས་པ་སྟེ། སྤྲོས་བཅས་ཀྱིས་སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་འཇུག་པ་གཅིག་ཀྱང་མི་བྱ་སྟེ། འབད་པར་མེད་པར་ཡུན་ཙམ་རེས་རང་གཞན་གྱི་དོན་དཔག་ཏུ་མེད་པར་འགྲུབ་པར་འགྱུར་པའི་ལྷན་སྐྱེས་སྒོམ་པ་དོར་ནས། དོན་མེད་དམ་དོན་ཆུང་ངུ་ཙམ་གྱི་ཕྱིར། ཀུ་རེ་རྩེད་མོ་དང་འདྲ་བའི་ལས་ཚོགས་དང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ཐབས། བཟླས་པ་དང༌། སྦྱིན་སྲེག་དང༌། དཀྱིལ་འཁོར་གྱི་ལས་འདི་དང་འདིས། ཉི་མ་རེ་རེ་བཞིན་དུས་འདས་ནས་ཅིའི་ཕྱིར་གནས་ཏེ། ཟབ་མོའི་ལམ་རྙེད་པའི་སྐབས་འདིར། རྣམ་གཡེང་དེ་དག་བྱེད་ལོང་མེད་དེ། དོན་ཆུང་ངུ་དེ་དག་ལ་མགོ་མ་འཁོར་བར། ལྷན་ཅིག་སྐྱེས་པ་ལ་བརྩོན་པར་བྱ་དགོས་སོ། །གཉུག་མ་གདོད་མའི་ཁྱིམ་བདག་མོ་རྣམ་པ་ཀུན་ལྡན་གྱི་ཕྱག་རྒྱ་ཆེན་མོ་བླངས་ཤིང་ཐོབ་པར་བྱས་ནས། རྟག་ཏུ་སྒོམ་པའི་ཐབས་ཀྱིས་རོལ་བར་བྱེད་དོ། །ཞེས་ཏེ། སློབ་དཔོན་བདག་ཉིད་ཀྱིས་དེ་ལྟར་མཛད་པ་བཞིན་དུ། སྐྱེ་བོ་རྣམས་ལའང་དེ་ལྟར་


TNT10_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག །ཅེས་གདམས་སོ། །ཇི་སྐད་དུ། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱི་བསྟེན་པ་རྣལ་འབྱོར་དབང་པོས་བརྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང༌། །ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་ཉམས་སྟེར་བར་བྱེད། །ཅེས་གསུངས་སོ། །འོ་ན་སྤྲོས་བཅས་ཀྱི་སྤྱོད་པའི་རིམ་པ་སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་འཇུག་པ་ནི། རྣལ་འབྱོར་ཆེན་པོའི་སྤྱོད་པ་མ་ཡིན་ནམ། སྔགས་རྒྱུད་ཅིའི་ཕྱིར་སྤོང་སྙམ་ན། ཇི་སྲིད་རང་ཁྱིམ་རྩ་ཨ་ཝ་དྷཱུ་ཏཱིའི་ཁྱིམ་བདག་མོ་ཡེ་ཤེས་ཀྱི་སྣང་བའི་གཏུམ་མོ་བརྟན་ཅིང་གཡོ་བ་མེད་པར་མི་གནས་པ། དེ་སྲིད་དུ་རིགས་ལྔ་དག་ལ་སྤྱོད་དམ་ཅི་སྟེ། སྤྱོད་པ་དེ་སྤྱད་ཀྱང་འབྲས་བུ་མེད་པས་སྤྱོད་དུ་མི་རུང་ལ། དེ་གྲུབ་ནས་ནི་དེ་ཉིད་སྔགས་དང་རྒྱུད་དང་དཀྱིལ་འཁོར་སོགས་ཐམས་ཅད་ཀྱི་ངོ་བོ་ཡིན་པས། སྤྲོས་བཅས་དེ་དག་ངེས་པར་སྤྱོད་དགོས་པའང་མིན་ལ། གཡེང་རྐྱེན་དུ་མི་འགྱུར་ན་དེ་དག་སྤྱོད་ཀྱང་འགལ་བ་མེད་དེ། དེ་ཐམས་ཅད་ཀྱང་ཡེ་ཤེས་དེའི་རྣམ་རོལ་དུ་འགྱུར་བའི་ཕྱིར་རོ། །འདིར་རིགས་ལྔ་ཞེས་པ་བཻ་རོ་དང་འགྱུར་གསར་ལས། དེ་སྲིད་འདོད་ཡོན་ལྔ་ལ་སྤྱོད། །ཅེས་བསྒྱུར་ཞིང༌། འགྲེལ་པར་མངོན་བྱང་ལྔ་ལ་བཤད་པའང་ཡོད་དེ། གཞུང་གི་ཚིག་དོན་ནི། སྤྲོས་བཅས་ཀྱི་དུས་


TNT10_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རིགས་ལྔ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་མོའམ། ཡང་ན་རྒྱལ་བ་རིགས་ལྔའི་ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་བྱ་དགོས་སོ། །དེས་ན་འདིར་ཉེ་རྒྱུའི་སྤྱོད་པ་ལ་ནི་སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱིས་ཀྱང་ཆོག་པས། སྤྲོས་བཅས་ངེས་པར་དགོས་པ་མིན་ཅིང༌། ཕྱག་ཆེན་སྒོམ་པ་ལ་སྤྲོས་བཅས་གཡེང་རྐྱེན་དུ་མི་འགྱུར་ཞིང༌། གཞན་དོན་དུ་འགྱུར་ན་བྱེད་པའང་ཡིན་མོད་ཀྱི། ཡེ་ཤེས་ཀྱི་གཏུམ་མོ་མ་བཞེངས་པར་ལ། རྫོགས་རིམ་གྱི་སྤྱོད་པ་དོན་ཆུང་བར་དགོངས་སོ། །དེས་ན་འདིས་ནི། དྲོད་ཆུང་ངུའམ། སྲོག་རྩོལ་གྱི་རིམ་པ་མ་ཐོབ་བར་དུ། རྫོགས་རིམ་གྱི་སྤྱོད་པ་ལྟར་སྣང་བྱེད་པ་ངན་སོང་གི་རྒྱུ་ཡིན་ཅིང༌། དེ་ཐོབ་ཀྱང་དྲོད་ཆེན་པོའམ་འཛིན་པ་ཕྲ་མོ་མ་ཐོབ་ཀྱི་བར་དུ་སྤྲོས་བཅས་ཀྱི་སྤྱོད་པ་དཀའ་ལ་དོན་ཆུང་བ་དང༌། སྤྲོས་མེད་ཀྱི་སྤྱོད་པའང་དེ་དང་ཕྱོགས་འདྲ་ལ། སྤྱིར་ཤིན་ཏུ་སྤྲོས་མེད་ཙམ་ཡོད་དུ་ཆུག་ཀྱང༌། རྫོགས་རིམ་གྱི་ཤིན་ཏུ་སྤྲོས་མེད་ནི་སྐབས་དེར་མི་འབྱུང་ངོ༌། །ཚིག་རྐང་གཉིས་པོ་འདི། སྔགས་རྒྱུད་གཅིག་ཀྱང་མི་བྱ་བའི་དོགས་གཅོད་འཕྲོས་དོན་ཡིན་མོད། ལམ་གྱི་བོགས་འདོན་སྤྱོད་པ་ཡང་ཟུར་གྱིས་བསྟན་པ་ཡིན་ནོ། །གསུམ་པ་དོན་བསྡུའི་ཚིགས་སུ་བཅད་པ་ནི། །ན་ཆུང་མ་ལ་ཆགས་པ་དེ་མེད་ན། ལུས་འདི་ཡིས་ནི་བྱང་ཆུབ་འགྲུབ་བམ་ཅི། །གང་གིས་བར་མེད་ལྷན་ཅིག་སྐྱེས་དགའ་རྟོགས། །རིག་བྱེད་སྔོན་གྱི་རབས་ཀྱིས་ཅི་ཞིག་བྱ། །དེས་ནི་འགྲོ་བའི་རྣམ་རྟོག་མ་ལུས་དང༌། །ང་རྒྱལ་མ་ལུས་པ་ནི་འཇོམས་པར་གྱུར། །གཉུག་མའི་ཁྱིམ་


TNT10_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་བླངས་ནས། །རིན་ཆེན་ཡིད་ནི་མི་གཡོར་བྱས། །ཀྭ་ཡེ་དེ་ཉིད་རྡོར་སེམས་མགོན། །དམ་པའི་དོན་དུ་བདག་གིས་བརྗོད། །ཇི་ལྟར་ལན་ཚྭ་ཆུར་ཞུགས་པ། །དེ་ལྟར་ཁྱིམ་བདག་མོ་བླངས་སེམས། །དེ་དང་གལ་ཏེ་ལྷན་ཅིག་ན། །ཀཱ་ཡེ་དུས་དེར་རོ་མཉམ་འགྱུར། །ཞེས་པ་སྟེ། སྔར་བསྟན་པའི་དོན་ཐམས་ཅད་བསྡུ་ན། ཕྱག་རྒྱ་ཆེན་པོའི་བདེ་བ་སྤེལ་བ་དང༌། རང་སེམས་སྟོང་པ་མཉམ་ཉིད་དུ་མཉམ་པར་འཇོག་པ་གཉིས་སུ་འདུས་ཤིང༌། དེ་གཉིས་ཀྱང་ཐ་དད་རེས་འཇོག་ཏུ་མ་ཡིན། མཉམ་ཉིད་ཀྱི་སེམས་དེ་བདེ་ཆེན་དུ་ཤར་བར་བྱེད་དགོས། དེ་ཁོ་ནས་སྒྲིབ་པ་ཐམས་ཅད་རང་སངས་དང༌། དོན་དམ་པའི་ཡོན་ཏན་ཐམས་ཅད་མངོན་འགྱུར་དང༌། ཟུང་འཇུག་གདོད་མའི་མགོན་པོ་སྤངས་ཐོབ་མེད་པའི་ཚུལ་གྱིས་འཕྲལ་དུ་ཐོབ་པར་འགྱུར། ཞེས་འཆད་པ་ཡིན་ནོ། །དེ་ཡང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྣམས་ཀྱི་ན་ཆུང་མ་ལ་ཆགས་པའི་སྦྱོར་བ་སྒོམ་པ་དེ་མེད་ན། ཚེ་གཅིག་དང་ལུས་གཅིག་འདི་ཡིས་ནི། ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཟུང་འཇུག་འགྲུབ་བམ་ཅི་སྟེ་འགྲུབ་པ་མེད་དོ། །དེ་ཡང་སྟོང་གཟུགས་ཕྱག་རྒྱ་ཆེན་པོས་ཐིག་ལེ་བཞུ་ཞིང་བཅིང་བ་མེད་ན། ལུས་གནས་གྱུར་བའི་ཟུང་འཇུག་འགྲུབ་པ་མེད་ལ། སྟོང་གཟུགས་ཕྱག་ཆེན་གྱི་ནུས་པ་འཕེལ་བ་ལ་གཞན་གཉིས་དགོས་ཤིང༌། ཁྱད་པར་ཡེ་རྒྱ་མེད་ཀྱང་རུང་ཙམ་ཡིན་མོད། ལས་རྒྱ་ནི་ལན་ཅིག་ངེས་པའོ། །དེ་ལྟར་ཡང༌། ཕྱག་རྒྱ་འགྲོགས་པ་རབ་ཉམས་


TNT10_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ལ་མཆོག་གི་བདེ་བ་སྟེར་བ་མེད། །ཅེས་གསུངས་ཏེ། སྐབས་འདིའི་ཕྱག་རྒྱ་ནི་ལས་རྒྱའོ། །དེ་ལྟར་གང་གིས་བར་ཆད་མེད་ཅིང་རྒྱུན་མི་འཆད་པར། ཕྱག་རྒྱ་གསུམ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས་ཏེ་བསྒོམ་པར་བྱ་ཡི། རིག་བྱེད་དང་སྔོན་རབས་ལ་སོགས་པ་ཐ་སྙད་མང་པོ་རྣམས་ཀྱིས་ཅི་ཞིག་བྱ་སྟེ་རྙེད་པ་དང་གྲགས་པའི་དོན་ཙམ་ཡིན་པའི་ཕྱིར་རོ། །གཉུག་མའི་ཁྱིམ་བདག་མོ་སྤྲོས་བྲལ་ནམ་མཁའི་རྣལ་འབྱོར་རྣམ་པ་ཐམས་ཅད་པར་ཤར་བ་དེ། དམིགས་པའི་ཡུལ་དུ་བླངས་ནས། ཡིད་བཞིན་ནོར་བུ་རིན་པོ་ཆེ། ཡིད་ཐིག་ལེ་ནི་གཡོ་བ་མེད་པར་བྱའོ། །དེ་ལྟར་རྟག་ཏུ་འཆར་བའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་པའི་སེམས་དེས། རྣམ་པ་ཐམས་ཅད་པའི་ཁྱིམ་བདག་མོ་བླངས་ནས། དེ་དང་དེ་གལ་ཏེ་ལྷན་ཅིག་ཏུ་སྒོམ་པ་གོམས་པར་བྱས་ནས། མི་རིང་བར། ཇི་ལྟར་ལན་ཚྭ་ཆུ་ལ་ཞུགས་པ་དེ་ལྟར། དབྱེར་མེད་རོ་མཉམ་ཟུང་འཇུག་ཏུ་འགྱུར་ཏེ། ཤིན་ཏུ་གོམས་པའི་དུས་དེར་སྐད་ཅིག་གཅིག་ལ་དེ་ལྟར་མངོན་དུ་འགྱུར་རོ། །ཐིག་ལེ་མི་གཡོ་བར་བྱེད་པ་དང༌། སྟོང་གཟུགས་བརྟན་པར་བྱེད་པའི་ཐབས་ནི། ནམ་མཁའི་རྣལ་འབྱོར་དང༌། ལས་རླུང་དགག་པའོ། །དེ་ལྟར་སྒོམ་པ་དེས་ནི་འགྲོ་བའི་རྣམ་པར་རྟོག་པ། འདོད་ཆགས་ཞེ་སྡང་ལ་སོགས་པ་མ་ལུས་པ་དང༌། ང་རྒྱལ་ཞེས་པ་ཅུང་ཟད་སྒྲ་ཡང་བར་བྱས་ཏེ། བདག་མེད་ལ་བདག་ཏུ་ང་རྒྱལ་བའི་བདག་འཛིན་དང༌། བདེན་མེད་ལ་བདེན་པར་ང་རྒྱལ་བའི་དངོས་འཛིན་དང༌།


TNT10_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་གྱི་རྣམ་རྟོག་དང་འཛག་བདེའི་བག་ཆགས་ཀྱི་བདག་ལ་ཆགས་པའི་ང་རྒྱལ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་མ་ལུས་པ་ནི། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ། རང་སངས་པའི་ཚུལ་གྱིས་འཇོམས་པར་འགྱུར་ལ། སེམས་ཉིད་གདོད་ནས་བདེ་བ་རྣམ་པ་ཐམས་ཅད་པར་བཞུགས་ཤིང༌། ལམ་གྱི་ཡེ་ཤེས་ལ་དེ་ལྟར་ཤར་བ་དེ་ཉིད། དཔལ་རྡོ་རྗེ་སེམས་དཔའ་དང་པོའི་མགོན་པོ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་ཅིང༌། དེ་ཉིད་དམ་པའི་དོན་གྱི་གནས་ལུགས་མཆོག་ཏུ་ཡང༌། སྤྱོད་པའི་རྡོ་རྗེ་བདག་གིས་བརྗོད་ཅིང་བསྟན་ནོ། །ཀྭ་ཡེ་ཞེས་སྐྱེ་བོ་རྣམས་ལ་བོད་པར་མཛད་དོ། །རྡོ་རྗེ་ཞེས་པས་སྤངས་པའི་ཡོན་ཏན་རྣམས་དང༌། སེམས་དཔའ་ཞེས་པས་རྟོགས་པའི་ཡོན་ཏན་རྣམས་དང༌། མགོན་པོ་ཞེས་པས་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པས་འཕྲིན་ལས་དང༌། ཆོས་ཐམས་ཅད་ཀྱི་མགོན་དུ་གྱུར་པས། ཆོས་དབྱིངས་ཀུན་ཁྱབ་ཏུ་བསྟན་ཅིང༌། ཡོན་ཏན་དེ་ཐམས་ཅད་ཀྱང་དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཚིགས་སུ་བཅད་པའི་མཛོད་རྫོགས་སོ།། །།འདི་ནི་ནག་པོ་སྤྱོད་པའི་ཞལ་སྔ་ནས་མཛད་པའོ། །ཞེས་པ་ནི་མཛད་བྱུང་ངོ༌། །བཻ་རོ་ཙཱ་ནའི་འགྱུར་ལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་ནག་པོ་སྤྱོད་པའི་རྡོ་རྗེས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་རྫོགས་སོ། །ཞེས་པ་སྣང་ངོ༌། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་རཀྵི་ཏའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་ཨཱ་ཙཪྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


TNT10_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་འགྱུར་བྱང་ངོ༌། །འདིའི་པཎྜི་ཏ་དེ་ནི་བལ་པོ་ཐུགས་རྗེ་ཆེན་པོ་མེ་ཙ་གླིང་པར་གྲགས་པ་དེ་ཡིན་ལ། ལོ་ཙཱ་བ་ནི་མཁས་པ་མར་བ་དོ་པ་ཞེས་གྲགས་པའོ། །ཡང་སྤྱོད་པའི་གླུའི་མཛོད་འགྲེལ་ཞེས་བྱ་བ་ན། གཞུང་འདིའི་ལུང་དྲངས་པ་རྣམས་འགྱུར་ལེགས་ཁྱད་ཆེ་བར་འདུག་ཀྱང༌། གཞུང་རྫོགས་པར་མི་སྣང་ཞིང༌། འགྱུར་ཁྱད་ཅི་རིགས་པ་མ་གཏོགས། རྒྱ་གར་བཻ་རོ་ཙཱ་ནའི་འགྱུར་དང༌། འགྱུར་གསར་གཉིས་ལས་མར་དོ་འགྱུར་ཉིད་དབྱིངས་ཆེ་ཞིང་བཟང་བར་མཐོང་ངོ༌། །བོད་ཀྱི་མཁས་པ་གཞན་གྱིས་མ་བཤད་པའི། །གཞུང་བཟང་འདི་ཡང་ཏཱ་ར་ནཱ་ཐས་བཤད། །དེ་ལྟར་བཤད་པའི་དགེ་བ་གང་ཡིན་པ། །འགྲོ་ཀུན་བདེ་ཆེན་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པའི་དོ་ཧ་མཛོད་ཀྱི་རྣམ་བཤད། ཟབ་དོན་ལྡེ་མིག་ཅེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། །།རྒྱལ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་༡༩༩༧ལོར། རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། །ཀུན་མཀྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། ཤིང་བར་འཛམ་ཐང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མ་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོག་ཤོག། དགེ་ལེགས་འཕེལ། །མངྒ་ལཾ། །

ཀཧྣ་པའི་དོ་ཧ་ཐོར་བུ་རྣམས་ཀྱི་འགྲེལ་པ་ངོ་མཚར་འབར་བ།


TNT10_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཀཧྣ་པའི་དོ་ཧ་ཐོར་བུ་རྣམས་ཀྱི་འགྲེལ་པ་ངོ་མཚར་འབར་བ་ཞེས་བྱ་བ་བཞུགས།


TNT10_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་རྡོ་རྗེ་མཁའ་འགྲོ་མའི་ཚོགས་ལ་ཕྱག་འཚལ་ལོ། །རྒྱུད་ལས་གསལ་བར་ལུང་བསྟན་ཅིང༌། །གྲགས་པ་ནམ་མཁའི་མཐའ་དང་མཉམ། ། བརྟུལ་ཞུགས་སྤྱོད་པ་བླ་མེད་པ། །ནག་པོའི་གསུང་དོན་ཆ་ཙམ་སྤྲོ། །འདིར་གྲུབ་པའི་སློབ་དཔོན་ཆེན་པོ་སྤྱོད་པ་པའི། དོ་ཧ་ཐོར་བུ་པ་རྣམས་ཀྱི་དོན་ཅུང་ཟད་བཤད་ན། །༈ དང་པོར་པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུ་དབྱངས་ནི། ཨེ་ཝཾ་ཡི་གེ་བརྟན་བྱས་ཀ་གཉིས་ཉིད། །རྣམ་པ་སྣ་ཚོགས་ཁྱབ་བྱེད་འཆིང་བ་བཏོན། །ཀཧྣ་རྩེ་ཞིང་སྦྲང་རྩི་ཆང་གིས་མྱོས། །ལྷན་སྐྱེས་པདྨའི་ཚལ་ཞུགས་སེམས་མེད་གྱུར། །ཇི་ལྟ་ཇི་ལྟར་གླང་ཆེན་གླང་མོར་ཆགས། །དེ་ལྟ་དེ་ལྟར་དེ་ཉིད་ངོས་འགྲམ་འབབ། །འགྲོ་དྲུག་མཐའ་དག་རང་བཞིན་དག་པ་སྟེ། །དངོས་དང་དངོས་


TNT10_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་ཆགས་མ་དག་པ། །སྟོབས་བཅུའི་རིན་ཆེན་ཕྱོགས་བཅུ་རྣམས་སུ་འཕྲོ། །རིག་པའི་གླང་པོ་ཉོན་མོངས་ཉིད་ཀྱི་བཙལ། །ཞེས་པ་སྟེ། རྐང་པ་གཉིས་གཉིས་ཀྱི་མཚམས་སུ། རྒྱ་སྐད་ལ་དྷྲུ་ཞེས་བྱ་བའི་ཡི་གེ་རེ་ཡོད་པ་ནི། སྤྱིར་ནི་རིགས་འགྲེའི་ཚིག་རྐང་འཇུག་པའི་བརྡར་བྱེད་པ་དང༌། གླུ་རྟའི་དབྱངས་ཚིག་འཇུག་པའི་བརྡ་གཉིས་ཡོད་པ་ལས་འདིར་སྔ་མའོ། །དེ་ཡང་སྔ་མའི་ཚིག་དྷྲུ་ཡོད་པ་དེ་ཕྱི་མ་སོ་སོའི་མགོར་སྦྱར་བ་ཤས་ཆེའོ། །ཚིག་དོན་ནི། དགོངས་པའི་སྐད་ཀྱི་དབང་ལས། སེམས་ཉིད་གླང་པོ་ཆེའི་གཟུགས་ཅན་གྱི་རྒྱན་དུ་བཀོད་དེ། གླང་པོ་ཆེ་མྱོས་པ་ནི། རང་གང་ལ་བརྟོད་པའི་ཀ་བ་འཇོམས་པ་དང༌། སྣ་ཞགས་ཀྱིས་ཤིང་ལྡུམ་བུ་རྣམས་རྩ་བ་ནས་


TNT10_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་དང༌། ཆང་གིས་མྱོས་པ་དང༌། པདྨའི་ཚལ་ལ་ཞུགས་ཏེ་ཟ་བར་དགའ་བ་དང༌། གླང་མོ་ལ་ཆགས་པ་དང༌། འགྲམ་པའི་ངོས་ལ་ཆུ་འཛག་པ་དང༌། སྟོབས་དང་ལྡན་ཅིང་ཕྱོགས་བཞིར་རྒྱུག་པ་ལ་སོགས་པ་བྱེད་དོ། །སེམས་ཀྱི་རྒྱལ་པོ་དེ་ལྟ་བུའི་གཟུགས་སུ་བཀོད་པ་སྟེ། ཨེ་ཡིག་གཏུམ་མོ་འབར་བ་དང༌། ཝཾ་ཡིག་ཐིག་ལེ་ཞུ་བ་ཁ་སྦྱོར་མི་འགྱུར་བའི་ཡི་གེ ཡེ་ཤེས་ཀྱི་ལུས་སྟོབས་བརྟན་པོར་བྱས་པ་དེ། ཉིན་མོ་དང་མཚན་མོའི་ཀ་བ་རང་བཞིན་གྱི་རྣམ་རྟོག་བརྒྱད་ཅུ་ཚར་གཉིས་ཉེད་པ་སྟེ་བཅོམ་ཞིང་འགྱེལ་ནས་མི་སྣང་བར་བྱེད་པའོ། །དེ་ནི་སེམས་རྣམ་པར་དབེན་པ་ཡིན་ལ ལུས་དང་དབང་པོ་རྣམ་པ་སྣ་ཚོགས་ལ་ཁྱབ་པར་བྱེད་པའི་འཆིང་བ། ཕྲ་རགས་ཀྱི་རླུང་སྣ་ཚོགས་པའི་ཤིང་ལྡུམ་བུ་རྣམས་སྔར་རྣམ་རྟོག་བསྐྱེད་པའི་རྩ་བ་བ་ཐག་བརྟན་པོར་ཡོད་པ་ལས། སྐུ་གསུང་ཐུགས་ཀྱི་རླུང་གིས་བཟླས་པའི་ཤུགས། མཆེ་བ་གཉིས་དང༌། སྣའི་སྟོབས་ཏེ་གསུམ་གྱིས། རྩ་བ་བཏོན་ནས་སྟོང་པའི་ངང་དུ་བྱེད། ཅེས་པ་རྡོ་རྗེའི་བཟླས་པའི་ཡེ་ཤེས་དང༌། ཀཧྣ་པའི་སེམས་ཉིད་གླང་པོ་འདི། བྱང་ཆུབ་ཀྱི་སེམས་འགྲོ་འོང་གི་སྦྲང་རྩིའི་ཆང་གིས་མྱོས་ཤིང༌། འདོད་ཆགས་ཆེན་པོའི་རོལ་པ་སྣ་ཚོགས་ཀྱི་རྩེད་མོ་རྩེ་བར་བྱེད་ལ། ཉོན་མོངས་ཀྱི་འདམ་དང་འགྲོགས་ཀྱང༌། ཉོན་མོངས་ཀྱིས་མ་གོས་པ། ལྷན་ཅིག་སྐྱེས་པའི་པདྨའི་ཚལ་དུ་ཞུགས་ཤིང༌། རྣམ་རྟོག་གི་སེམས་མེད་པའི་བདེ་བའི་པད་རྩ་དག་ཟ་བར་བྱེད་དོ། །འདིས་ནི་ཆགས་ཆེན་གྱི་སྤྱོད་པ་སྤྱིར་བསྟན་ནོ། །དེ་ལས་འཕྲོས་པའི་ཚིག་ནི། ཇི་ལྟ་སོགས་ཚིག་རྐང་བཞི་སྟེ། ཇི་ལྟ་ཇི་ལྟར་སེམས་བདེ་བའི་གླང་པོ་ཆེ་སྟོང་པ་ཉིད་ཀྱི་གླང་མོ་ལ་ཆགས་པ། དེ་ལྟ་དེ་ལྟར་དེ་ཁོ་ན་ཉིད། བདེ་སྟོང་ཟུང་འཇུག་གི་མྱོས་བྱེད་ཀྱི་ཆུ་


TNT10_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་གི་འགྲམ་པའི་ངོས་ལ་འབབ་པར་འགྱུར་རོ། །འདིས་ནི་ཇི་ཙམ་དུ་རླུང་སེམས་དབུ་མར་འགགས་པའི་བདེ་བ་རྒྱས་པ་དེ་ཙམ་དུ། རང་བཞིན་སྟོང་པ་ཉིད་ཀྱི་གནས་ལུགས་རྟོགས་ཚབས་ཆེ་བས། ཟུང་འཇུག་གནས་ལུགས་ཀྱི་དོན་ལ་འབབ་པར་འགྱུར། ཞེས་པ་སྟེ། ན་གརྫཱ་ནས་ཀྱང༌། ཕྱི་རོལ་གང་དེ་བདེན་མེད་རང་བཞིན་བྲལ། །ཤེས་པ་ཡང་ནི་ཕྱི་རོལ་དོན་བཞིན་ནོ། །གང་ཞིག་སྟོང་པར་ཡོངས་སུ་རྟོག་བྱེད་ན། །དེ་ཡང་སྟོང་ཉིད་འདོད་པ་འབའ་ཞིག་མིན། །དེ་ཉིད་ཡོངས་སུ་རྟོག་པའི་དངོས་ཚོགས་ནི། །དེ་ཉིད་མེད་ལ་དེ་ཉིད་གཅིག་པའི་བློས། །སྒྱུ་མའི་གར་མཁན་གར་གྱི་བྱ་བ་ལ། །རབ་མཁས་རྣལ་འབྱོར་དབང་ཕྱུག་རྩེ་བར་བྱེད། །ཅེས་སློབ་དཔོན་ཐུབ་པས་སྦྱིན་གྱིས་ལུང་དྲངས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་དེ་ཡང་སྟོང་རྐྱང་མ་ཡིན་ཏེ། དངོས་པོའི་དེ་ཉིད་མེད་ཀྱང་བདེ་བ་ཆེན་པོའི་དེ་ཉིད་གཅིག་པུ་རྣམ་པ་ཐམས་ཅད་དུ་འཆར་བའི་སྒྱུ་མའི་གར་མཁན་ནོ། །དེས་ན་འགྲོ་བ་དྲུག་པོ་མཐའ་དག རང་བཞིན་རྣམ་དག་བདེ་བ་ཆེན་པོ་དེ་ཁོ་ནར་གནས་ཏེ། ངོ་བོ་ལ་སྒྲིབ་པ་བསལ་རྒྱུ་དང༌། ཡོན་ཏན་བཞག་རྒྱུ་མེད་དོ། །དེ་ལྟར་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འོ་ན་མ་དག་པ་གང་ཞེ་ན། དངོས་པོ་དང་དངོས་མེད་ལ་ཆགས་པའི་རྣམ་པར་རྟོག་པ་དེས་ནི་སེམས་ཉིད་རྟོགས་པ་ལ་སྒྲིབ་པའི་ཕྱིར། དེ་ལ་མ་དག་པ་ཞེས་བྱ། དོན་དུ་ནི་དེ་ཡང་གྲུབ་པ་མེད་དོ། །དེ་དག་གིས་ནི་བདེ་སྟོང་སྒོམ་པར་གཤིས་ཀྱི་གནས་ལུགས་རྟོགས་ནུས་པའི་རྒྱུ་མཚན་ལ། རང་བཞིན་གྱིས་དག་པ་བཀོད་པ་ཡིན་ནོ། །དེ་ལས་


TNT10_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པ་ནི། རང་བཞིན་གྱིས་དག་ན། ཡོན་ཏན་རྣམས་གསར་སྐྱེས་མ་ཡིན་དགོས་པ་ལས། ཡོན་ཏན་གསར་དུ་མངོན་པར་སྒྲུབ་པའི་ཕྱིར། འདི་ནི་ཅི་ཞེས་དོགས་པ་ལ། སེམས་ཉིད་ཀྱི་གླང་པོ་འདི་ནི། སྟོབས་བཅུའི་རིན་པོ་ཆེ་གདོད་ནས་ཡོད་ཅིང༌། དེའི་ཕྱིར་སྒོམ་པའི་སྟོབས་ཀྱིས་སྒྲིབ་པ་སྤངས་པ་ན། ཡོན་ཏན་དེ་གསལ་བར་མངོན་དུ་འགྱུར་ཏེ། ཕྱོགས་བཅུ་རྣམས་སུ་འགྲོ་ཞིང་རྒྱུག་པར་བྱེད་ལ། དེ་བཞིན་ཉིད་ཡོན་ཏན་གྱི་རིན་པོ་ཆེའི་རང་བཞིན་ཡོད་པའི་མཐུས། རིག་པའི་གླང་པོ་ཉིད་ཀྱིས། ཉོན་མོངས་པ་བཙལ་ཏེ་འཇོམས་པར་བྱེད་དོ། །རིག་པའི་གླང་པོ་ཉིད་ཀྱིས་ཉོན་མོངས་བཙལ་ཞེས་བསྒྱུར་ན་བདེའོ། །བཙལ་བའི་དོན་འཇོམས་པ་ཡིན་ཏེ། ཚིག་འདིའི་རྒྱ་སྐད་དུ། བི་དྱཱ་ཀ་རི་ད་མཾ་ཀི་ལི་སེ་ཅེས་ཏེ། བི་དྱཱ་རིག་པ། ཀ་རི་གླང་པོ། ད་མ་བཙའ་བའམ་འཇོམས་པ། ཀི་ལི་སེ་ནི་ཉོན་མོངས་ལ་ཞེས་པའོ། །བསྟན་བཅོས་ལས་འབྱུང་བའི་གླུ་རྣམས་ཕལ་ཆེར་ཟུར་ཆག་ཤས་ཆེ་བ་ཞིག་ཡིན་པར་སྣང་སྟེ། རྒྱུད་ལས་འབྱུང་བའི་རྡོ་རྗེའི་གླུ་ཕལ་ཆེར་དང༌། གྲུབ་ཐོབ་ཀྱི་དོ་ཧ་རྣམས་དེ་བཞིན་དུ་སྣང་བ། སྐད་རིགས་གཞན་རྣམས་ཀྱང་ཅི་རིགས་པ་བསྲེས་པ་ནི་ཡོད་དོ།། ཤུབྷཾ།། །།༈ གཉིས་པ་པ་ཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་གཉིས་པ་བཤད་པ་ལ། སྔ་མ་ནི་ལོ་ཙཱ་བས་པ་ཊ་ཧའི་སྙེ་མར་བསྒྱུར། སྐབས་འདིར། རྔའི་ཚོགས་པ་ཞེས་བྱ་བར་བསྒྱུར་ཏེ། རྒྱ་སྐད་གཅིག་ཀྱང་བོད་སྐད་རྣམ་གྲངས་སུ་བྱས་པའོ། ། དེ་ལ་རྔའི་ཚོགས་པ་ཞེས་བྱ་བའི་གླུ་དབྱངས་ནི། འཇིགས་བྱེད་དུས་མཚན་མ་ཡིས་ལམ་ནི་བཀག །དེ་མཐོང་ཀཧྣ་སེམས་ནི་རྣམ་མི་དགའ། །ཀཧྣ་གང་དུ་ཕྱིན་ནས་གནས་འཆའ་བྱེད། །ཡིད་ཀྱི་སྤྱོད་ཡུལ་


TNT10_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེ་བཏང་སྙོམས་འདུག ། གསུམ་གསུམ་གསུམ་པ་གསུམ་ཀྱང་སོ་སོར་འདུག །ཀནྷས་སྨྲས་པ་སྲིད་པ་ཡོངས་སུ་གཅོད། །གང་དང་གང་བྱུང་དེ་དང་དེ་ཡང་སོང༌། །བདག་ཉིད་འོངས་ནས་ཀཧྣ་ཡིད་མི་བདེ། །འདི་ནི་ཀཧྣ་རྒྱལ་པོའི་ཕོ་བྲང་ཉེ། །ཀཧྣས་སྨྲས་པ་བདག་གི་སྙིང་མི་འཇུག །ཅེས་པ་སྟེ། འཇིགས་བྱེད་དུས་མཚན་ཞེས་པའི་རྒྱ་སྐད་ལ། ཨཱ་ལི་ཉེ་ཀཱ་ལི་ཉེ་ཞེས་འབྱུང་སྟེ། ཟུར་ཆག་གི་སྐད་ལ་འཇིག་དུས་ཀྱི་སྐད་དོད་དེ་ལྟར་འབྱུང་བའང་ཡིན་ཏེ་མཆི། ཡང་ན་ཨཱ་ལི་ཉེ་འཁོར་བྱེད་ཀྱིས་ཀཱ་ལི་ཉེ་ནག་མོས་ཞེས་པ་ལ་དོན་འགྱུར་བྱས་པར་ཡང་མངོན་ཏེ། འཁོར་བྱེད་དབང་ཕྱུག་ཆེན་པོ་དང༌། ནག་མོ་ཨུ་མའི་མིང་གི་རྣམ་གྲངས་ནི་ཡིན་ནོ། །དེ་ལྟ་ན་ཡང་འདི་ནི། ཨཱ་ལི་ཀཱ་ལི་ཨ་སོགས་ཀཱ་སོགས་རང་ཡིན་པར་མངོན་ཏེ། དོན་ཡང་དེ་ལྟར་འཆད་དགོས་པས། ཨ་སོགས་ཀྱིས་ཀ་སོགས་ཀྱིས་ཅེས་པ་ཡིན་པར་ཁོ་བོ་སྨྲའོ། །གང་ལྟར་ནའང་འཇིགས་བྱེད་ཨ་སོགས་རྐྱང་མ་དང༌། དུས་མཚན་མ་ཀ་སོགས་རོ་མ་གཉིས་ཀྱིས་ཨ་ཝ་དྷཱུ་ཏཱིའི་ལམ་ནི་བཀག་པ་ལས། དེའི་རང་བཞིན་མཐོང་བས་ཨ་སོགས་ཀ་སོགས་གཟུང་འཛིན་གཉིས་པོ་དེ་དག་གདོད་མ་ནས་རང་བཞིན་མེད་པར་ཤེས་ཏེ། ཀཧྣ་པ་བདག་གི་སེམས་ནི། གཟུང་འཛིན་འཁྲུལ་པའི་སྣང་བ་རྣམས་ལ་རྣམ་པར་མི་དགའ་འོ། །སྔར་ཀཧྣ་པའི་ཡིད་ནི་རླུང་རྟ་ལྟ་བུ་ལ་ཞོན་ནས་འགྲོ་བ་ཡིན་ན། རོ་རྐྱང་གི་རླུང་གི་རྒྱུ་བ་འགགས་པར་གྱུར་པས། ད་ནི་རྟ་མེད་པས་ཡིད་ནི་གང་དུ་ཕྱིན་ནས། གནས་ག་རུ་འཆའ་བར་བྱེད། ཅེས་འགྲོ་མི་ནུས་ཤིང༌། གནས་འཆའ་ས་མེད་པར་བསྟན་ཏེ། འགྲོ་མཁན་རླུང་ནི་ཟད།


TNT10_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རོ་རྐྱང་གི་ནུས་པ་ནི་ཉམས་པའི་ཕྱིར་རོ། །གནས་གང་དུ་འཆའ་ཞེས་དྲིས་པའི་ལན་དུ། ཡིད་ཀྱི་སྤྱོད་ཡུལ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་གང་དེ་ལ། བཏང་སྙོམས་ཏེ་རྩོལ་བ་མེད་པའི་ཚུལ་གྱིས་འདུག་ཤིག ཅེས་པ་སྟེ། དེའི་དོན་ནི། རོ་རྐང་གི་རྒྱུ་བས་དབུ་མའི་ལམ་བཀག་པ་ལས། རོ་རྐྱང་གཟུང་འཛིན་གཉིས་ཀྱི་གནས་ལུགས་སྟོང་ཉིད་སྤྲོས་བྲལ་ཡིན་པས་སྤྲོས་བྲལ་སྟོང་ཉིད་ལ་མཉམ་པར་བཞག་པ་ན། གཟུང་འཛིན་གཉིས་པོ་དབྱིངས་སུ་དེངས། དེའི་ཚེ་རོ་རྐྱང་གི་རླུང་ཡང་དེངས་ཏེ། དབུ་མའི་ལམ་གྲོལ། རླུང་སེམས་ཀྱི་རྒྱུ་བ་འགགས་ནས། སེམས་མཉམ་ཉིད་ལ་གནས་སོ་ཞེས་པ་ཡིན་ནོ། །འདི་ནི་སྟོང་ཉིད་བསྒོམས་པས་རླུང་འཆིང་བ་སོར་སྤོང་གི་དོན་ཡིན་ཏེ། བྲམ་ཟེ་ཆེན་པོས་ཀྱང༌། གང་དུ་རླུང་དང་ཡིད་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མ་ཤེས་པ་དག་གནས་དེར་སེམས་ཞིང་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང༌། །ཞེས་པ་དང༌། མཁའ་འདྲར་བྱས་ན་རླུང་ནི་རྣམ་པར་འཆིང༌། །ཞེས་གསུངས། །དབང་ཤེས་དང༌། ནམ་མཁའ་དང༌། རླུང་གསུམ་བཅིངས་པས། རྩ་གསུམ་འཆིངས། དེ་བཅིངས་བས། དུག་གསུམ་དང༌། འགྲོ་འོང་གནས་གསུམ་དང༌། ལུས་ངག་ཡིད་ཀྱི་རྣམ་རྟོག་སྟེ། གསུམ་ཚན་པ་གསུམ་ཡང༌། རང་རང་གི་གནས་ཚུལ་སྟོང་པ་ཉིད་ལ་ཞུགས་པའི་ཚུལ་གྱིས་འདུག་སྟེ། སྲིད་པ་གསུམ་གྱི་ལོག་པའི་སྣང་བ་དེ་ལྟར་དབྱིངས་སུ་གཅོད་པའོ་ཞེས་ཀཧྣ་པ་བདག་སྨྲ་བར་བྱེད་དོ། །དེ་ལྟར་འབྱུང་བའི་རྒྱུ་མཚན། སྲིད་པ་གསུམ་པོ་དང་པོ་གང་དང་གང་ལས་བྱུང་པའི་ས། སྟོང་པ་ཉིད་དུ། ཕྱིས་དེ་དང་དེ་ཡང་འགྲོ་བའི་


TNT10_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། བྱེད་བཅིངས་དང་བཅས་པའི་སྟོང་པ་ཉིད་ལ་མཉམ་པར་བཞག་པས། གསུམ་མཚན་པ་རྣམས་སྟོང་ཉིད་དུ་ངེས་པར་ཐིམ་པར་འོས་སོ། །སེམས་བདག་ཉིད་ཀྱི་རང་བཞིན་བདེ་བ་ཆེན་པོ་འོངས་ནས། ཀཧྣ་པ་བདག་ནི་ཐ་མལ་ཀུན་རྫོབ་ཀྱི་ཆོས་རྣམས་ལ། ཡིད་མི་བདེ་ཞིང་མི་དགའ་སྟེ། ནང་གི་རིག་པ་བདེ་བའི་སྟོབས་ཀྱིས། དེ་དག་ཟིལ་གྱིས་མནན་པའི་ཕྱིར་རོ། །ནམ་མཁའི་རྣལ་འབྱོར་ལ་སེམས་གནས་པར་གྱུར་པ་འདི་ནི། ཀཧྣ་བདག་རྒྱལ་བའི་ཕོ་བྲང་བདེ་བ་ཆེན་པོ་ལ་ཉེ་སྟེ། དེ་ལྟར་ཀཧྣ་བདག་གིས་སྨྲས་ཀྱང་བརྗོད་པར་མི་ནུས་ཤིང༌། རྣམ་རྟོག་གིས་བསམས་ཀྱང་བདག་གི་སྙིང་ལ་མི་འཇུག་སྟེ། སྒྲ་རྟོག་དང་བྲལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་མི་རྟོག་པའི་ཡེ་ཤེས་ཀྱི་ཉམས་སུ་ནི་མྱོང་ཞེས་པའོ།། །།དགེའོ།།༈ གསུམ་པ་དེ་ཤ་ཁ་ཞེས་བྱ་བའི་གླུ་དབྱངས་ནི། གྲོང་ཁྱེར་ཕྱི་རོལ་གཡུང་མོ་ཁྱོད་ཀྱི་ཁྱིམ། །རེག་གིན་རེག་གིན་འགྲོ་སྟེ་བྲམ་ཟེའི་བུ། །ཀྱེ་ཀྱེ་གཡུང་མོ་ཁྱོད་དང་མཉམ་འགྲོགས་བྱ། །ཀཧྣ་ཐོད་པའི་རྣལ་འབྱོར་སྐྱུག་བྲོ་སྤངས། གཅིག་ཉིད་པད་འདབ་དྲུག་ཅུ་རྩ་བཞི་ལ། །དེར་གནས་གཡུང་མོར་གར་བྱེད་པ་སུ་ལཱི། །བདག་གིས་གཡུང་མོ་ཁྱོད་ལ་བདེན་དངོས་བྲིས། །འོད་དང་འགྲོ་བ་གང་གི་གྲུ་ལ་བྱེད། །རྒྱུད་འཆད་གཡུང་མོ་གཞན་ཡང་མེ་ཏོག་སྟེགས། །ཁྱོད་ཀྱི་ཕྱིར་དུའམ་བུ་ཡི་སྟན་བཞག་གོ །ཀྱེ་ཁྱོད་གཡུང་མོ་བདག་ནི་ཀ་པཱ་ལཱི། ཁྱོད་ཀྱི་ཆེད་དུ་བདག་གིས་རུས་འཕྲེང་བཅིངས། །རྫིང་བུ་བཅོམ་ནས་གཡུང་མོས་པད་རྩ་ཟོས། །གཡུང་མོ་བླངས་ནས་བདག་གིས་ཕ་རོལ་གསོད། །ཅེས་པ་སྟེ། འདིར་ཐེག་མཆོག་གསང་སྔགས་བླ་ན་མེད་པའི་ཐུན་


TNT10_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་བདག་མེད་པ་སྟོན་པར་བྱེད་དེ། དེ་ཡང་འདིའི་བརྡ་ཐབས་ནི། རིགས་ངན་གཡུང་མོ་ཞེས་བྱ་བ་ཉ་བ་རྔོན་པ་སོགས་དང་ཟས་ལྷན་ཅིག་ཏུ་སྤྱོད། ཤ་འཚོང་ས་མེད། མེ་ཏོག་འབྲས་བུ་འཚོང༌། གྲོང་ཁྱེར་གྱི་ཕྱི་རོལ་དུ་སྡོད་སའི་ཁྱིམ་བྱེད་པ་ལས་ནང་དུ་བྱེད་དབང་མེད། གླུ་གར་གྱི་བྱ་བ་ཡང་ཅུང་ཟད་བྱེད། བྲམ་ཟེ་ལ་སོགས་པ་རིགས་མཐོ་བ་རྣམས་ནི། ཕན་ཚུན་དུ་དངོས་སུ་རེག་པ་ལྟ་ཅི་སྨོས། གྲིབ་མ་ཙམ་ཡང་མ་ཕོག་པར་བྱེད་དོ། །སློབ་དཔོན་ཉིད་བྲམ་ཟེའི་རིགས་ཡིན་ལ། རིག་མ་སེང་ག་ལའི་རྣལ་འབྱོར་མ་ནི་གཡུང་མོ་སྟེ། དེ་མི་རིགས་པ་ལྟར་སྣང་བ་ལས། གཙང་སྦྲ་ནི་སེམས་ཀྱི་གཙང་སྦྲ་ཉིད་ཡིན་པའི་ཕྱིར། རིགས་ངན་བརྟེན་ཀྱང་རིགས་མཆོག་མ་ཉམས་པ་སྟེ་དཔེར་བྱས་ནས། དེ་སྐད་གསུང་བའི་ཚུལ་གྱིས་ནང་ངེས་པའི་དོན་གཞན་སྟོན་པ་ཡིན་ཏེ། དེ་ཡང་གྲོང་ཁྱེར་ནི་རང་གི་ལུས་ཏེ། དེའི་ཕྱི་རོལ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ཏེ། གཡུང་མོ་ཨ་ཝ་དྷཱུ་ཏཱིར་རླུང་སེམས་མཉམ་པར་ཐིམ་པ་ན། གཟུགས་སོགས་དེ་དག་བདེ་སྟོང་དུ་གྱུར་པ་ནི། གཡུང་མོ་ཨ་ཝ་དྷཱུ་ཏཱིའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། དེ་རྣམས་གཡུང་མོ་ཁྱོད་ཀྱི་ཁྱིམ་ཡིན་ནོ། །དེ་ནས་ཕྱག་རྒྱ་རྣམ་པ་གསུམ་གྱིས་གཏུམ་མོ་འབར་བས། སེམས་ཉིད་གདོད་ནས་གཙང་སྦྲ་དང་ལྡན་པའི་བྲམ་ཟེའི་བུ་ང་ནི། ཀུན་ད་ལྟ་བུ་དང་རོ་གཅིག་ཏུ་གྱུར་པས་གཡུང་མོ་ཨ་ཝ་དྷཱུ་ཏཱིའི་ལུས་ཀྱི་ཆ་ཤས་འཁོར་ལོ་དྲུག་དང༌། རྡོ་རྗེ་ནོར་བུར་རེག་གིན་རེག་གིན་འགྲོ་ཏེ། རིག་མའམ། ཕྱི་རོལ་གྱི་འདོད་ཡོན་ལྔ་བདེ་སྟོང་དུ་ཤར་བའི་ཁྱིམ་དུ་སྤྱོད་པར་བྱེད་དོ། །རེག་གིན་རེག་གིན་ཞེས་ལན་གཉིས་སྨྲས་པ་ནི། སྐད་ཅིག་མའི་དགའ་བ་ལ་སྦྱོར་ན། ཡང་ཡང་འཆར་བའི་དོན་དང༌། དགའ་བའི་ས་དང་


TNT10_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ན། འཁོར་ལོ་དྲུག་ཏུ་ཡར་མར་གྱི་རིམ་པས། དགའ་བ་བཞིའམ་བཅུ་དྲུག་གི་ས་རྣམས་འབྱུང་བའི་དོན་ནོ། །ཀྱཻ་གཡུང་མོ་ཞེས་ལས་ཀྱི་རིག་མ་ལ་བོད་པའི་ཟོལ་གྱིས། རྩ་ཨ་ཝ་དྷཱུ་ཏཱི་བརྗོད་པ་སྟེ་ཀཧྣ་སྟེ་རང་སེམས། ཐོད་པ་བདེ་བ་ཆེན་པོའི་རྣལ་འབྱོར་པ་ང༌། གཡུང་མོ་ཨ་ཝ་དྷཱུ་ཏཱི་ཁྱོད་དང༌། རྟག་ཏུ་མཉམ་པར་འགྲོགས་པས་སྐྱུག་བྲོ་འཛག་བདེའི་རྣམ་པར་རྟོག་པ་སྤངས་སོ། །འདིས་ནི། དབུ་མའི་ལམ་ཁོ་ནར་འགྲོ་འོང་གི་རྗེས་ཆགས་གཏུམ་མོ་དང༌། དགའ་བཞིའི་བདེ་བས་སྤང་བྱ་རྣམས་སྤོང་བར་འགྱུར་ཏེ། །བདེ་ཆེན་དེ་ནི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཨ་ཝ་དྷཱུ་ཏཱི་ཡང༌། ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱི་གཙོ་མོ་ཡིན་ཅིང༌། །དེ་དང་བདེ་སྟོང་གི་ཡེ་ཤེས་ངོ་བོའི་སྒོ་ནས་དབྱེ་བ་མེད་པས། བདེ་བ་གཟུགས་ཅན་མ་ཡིན་པ་དང༌། སྣང་བ་གཟུགས་ཅན་གཉིས་རོ་མཉམ་དུ་གྱུར་པ་བདག་གིས་རྟོགས་སོ་ཞེས་པ་འགྲེལ་པར་བཤད་དོ། །ནང་གི་གཡུང་མོ་དེ་དང་འགྲོགས་པའི་ཐབས་ནི། གཅིག་ཉིད་དེ་ལྟེ་བའི་པད་འདབ་དྲུག་ཅུ་རྩ་བཞི་ལ། འདབ་མ་སོ་སོའི་དབུས་དེར་གནས་པའི། ཁམས་དྲུག་ཅུ་རྩ་བཞིའི་གཏུམ་མོ་རྣམས། འཁོར་ལོའི་ལྟེ་བའི་གཏུམ་མོ་ལྷན་ཅིག་སྐྱེས་པ་ལ་གཅིག་ཏུ་འདྲེས་ཤིང༌། །དེའི་འོད་ཀྱི་སྣང་བས་སྤྲུལ་འཁོར་གང་བ་ན། དབུས་ཀྱི་ལྷན་ཅིག་སྐྱེས་མ་ཉིད་ཀྱང༌། རྣམ་པ་དྲུག་ཅུ་རྩ་བཞིར་ཤར་རོ། །དེ་ལྟར་ན་གཡུང་མོ་ལྟེ་བའི་གཏུམ་མོ་དེ་ནི་ཚུལ་དེ་ལྟ་བུའི་སྤྲོ་བསྡུའི་གར་བྱེད་པ་ལ། ངོ་མཚར་སྐྱེས་ཏེ་བ་སུ་ལཱི་ཞེས་བརྗོད་པ་ཡིན། དེ་ལ་ཁམས་དྲུག་ཅུ་རྩ་བཞི་ནི། འབྱུང་ཆེན་ལྔ་ལ་འབྱུང་ཆུང་དྲུག་དྲུག་གིས་ཕྱེ་བས་སུམ་ཅུ། དེ་ལ་རོ་རྐྱང་ཉི་ཟླ་ཐབས་ཤེས་ཀྱིས་ཕྱེ་བས་དྲུག་ཅུ་དང༌། སྟོང་པའི་ཐིག་ལེ་འབའ་ཞིག་བཞི་སྟེ། །


TNT10_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དག་སེམས་དང་བདེ་བའི་དབྱེ་བས་སོ། །དེ་རྣམས་ཀྱི་ནུས་པ་དབུས་ཀྱི་གཏུམ་མོ་ལ་འགྲིལ་ཞིང་དབུས་ཀྱི་གཏུམ་མོ་ཡེ་ཤེས་ཀྱི་སྣང་ཆ་དེ། དེ་རྣམས་ལ་ཕར་འདྲེས་པས་ཀྱང༌། དེ་དག་ཡེ་ཤེས་ཀྱི་གཏུམ་མོར་གྱུར་པ་ནི། གར་བྱེད་པའི་དོན་ཡིན་ལ། དེའི་ཚེ་རླུང་དབུ་མར་ཐིམ་པ་དང༌། གཏུམ་མོ་འབར་བ་དང༌། ཐིག་ལེ་འབབ་པ་གང་བྱུང་ཡང༌། བདག་མེད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྐྱེ་བས། གཡུང་མོ་རྩ་དབུ་མ་དེ་ལ་བདག་མེད་མ་ཞེས་བྱའོ། །སྔར་གྱི་གཏུམ་མོ་དེ་ལ་གཡུང་མོ་ཞེས་བརྗོད་པ་ནི། རྩ་དབུ་མའི་བཅུད་ཀྱི་བཟང་ཤོས་མཆོག་ཡིན་པར་དགོངས་ཏེ། དེ་གཉིས་དགོས་དོན་གཅིག་པས་སོ། །རིག་པ་སེམས་ཀྱི་རྒྱལ་པོ་བདག་གིས་གཡུང་མོ་ཁྱོད་ལ། བདེན་པའི་དོན་ཞིག་འདྲི་སྟེ། བདག་ཅག་ཀུན་རྫོབ་སྣང་བ་སྣ་ཚོགས་ལྷན་ཅིག་སྐྱེས་པར་ཐིམ་ཞིང་འགྲོ་བ་དང༌། ཡང་ལྷན་ཅིག་སྐྱེས་པ་ལས། སྣང་བ་སྣ་ཚོགས་བདེ་བར་འཆར་ཞིང་འོང་བ་ན། འཁོར་བ་རྣམ་པར་རྟོག་པའི་ཆུ་བོ་ལས་ཕན་ཚུན་དུ་སྒྲོལ་བ་ནི། གང་གི་གྲུ་ལ་བྱེད་ཅེས་པ་ལས་ལན་ནི། ཁ་བསྐང་བ་སྟེ་དེའི་གྲུ་ཞུ་བདེ་འཛག་མེད་དུ་བཅིངས་པ། སྙིང་རྗེ་ཆེན་པོར་ཤར་བ་ལ་བྱེད་དོ་ཞེས། འགྲེལ་པར་བཤད་དེ་དོན་ལ་ཤིན་ཏུ་འབྱོར་རོ། །བྱང་ཆུབ་སེམས་ཀྱི་མེ་ཏོག་ཕྲེང་རྒྱུད། རྩ་གནས་ཐམས་ཅད་དུ་ཁྱབ་ཅིང་འཚོང་བར་བྱེད་པའི། གཡུང་མོ་ལྟེ་བའི་གཏུམ་མོ་ཁྱོད་འབར་ཞིང་རྒྱས་པའི་དོན་གྱི་ཆེད་དུ། ཤེས་རབ་མའི་རྩ་ཁོང་སྟོང་ཅན་གྱི་འདམ་བུའི་སྟན་ནོར་བུའི་གནས་སུ་བཞག་གོ །དེ་ལས་གཞན་ཡང་མེ་ཏོག་ཚངས་པའི་མེ་འབར་བའི་སྟེགས་ཀྱང་ངོ༌། །ཡང་རང་ལུས་ལ་སྦྱར་ན། འདམ་བུའི་སྟན་ནི་དབུ་མའི་མས་སྣ་རྒྱས་པའི་ཁོང་སྟོང་ལས་ཀྱི་རླུང་དང་བཅས་པའོ། །ཀྱེ་ཀྱེ་གཡུང་མོ་ཞེས་ཨ་ཝ་དྷཱུ་ཏཱི་ལ་བོས་ནས། བདག་


TNT10_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ནི་ཀ་པཱ་ལི་སྟེ། བདེ་བ་སྐྱོང་ཞིང་མི་ཉམས་པར་བསྲུང་སྟེ། རྩ་དབུ་མ་ཁྱོད་ཀྱི་ཆེད་དུ་རིག་པ་སེམས་བདག་གིས་འཁོར་ལོ་དྲུག་ཏུ་མི་ཤིགས་པའི་ཐིག་ལེའི་རུས་འཕྲེང་ཕྱག་རྒྱ་དྲུག་དག་བཅིངས་པ་སྟེ་རླུང་སེམས་ཐིག་ལེར་ཐིམ་པའོ། །དེ་ལྟར་ཞུ་བདེ་འགྱུར་མེད་དུ་བཅིངས་པ་འདིས་ནི། ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཕྱིར། མ་དག་འཁོར་བའི་ལུས་ངག་ཡིད་གསུམ་གྱི་རྫིང་བུ་བཅོམ་ནས། གཡུང་མོ་ཨ་ཝ་དྷཱུ་ཏཱིས་རྩ་བདུན་ཁྲི་ཉིས་སྟོང་གི་པདྨའི་རྩ་བ་རྣམས་ཟོས་པ་སྟེ་ཁོང་དུ་ཆུས་པས་དབང་བསྒྱུར་པའོ། །ཡང་གཡུང་མོ་ཡེ་ཤེས་ཀྱི་གཏུམ་མོ་བླངས་ཏེ་གྲོགས་སུ་བཟུང་ནས། རིག་པ་སེམས་ཀྱི་རྒྱལ་པོ་བདེ་ཆེན་དུ་ཤར་བ་བདག་གིས་ཕ་རོལ་ལས་ཀྱི་རླུང་མ་ལུས་པ་གསོད་པ་བྱེད་དོ། །ཞེས་པ་སྟེ། དེ་ལྟར་ན་འཛིན་པ་ནས་འགོ་བརྩམས་པ་ཡན་ཆད་དུ། ཁམས་རྣམས་ཐིམ་པའི་ཚེ་རང་གཞན་སྣང་བ་སྒྱུ་མ་ལྟ་བུར་རྟོགས། མཐར་རླུང་ཐིམ་པ་ན་མ་དག་པའི་སྣང་བ་འགགས་པའི་མི་རྟོག་པ་སྤྲོས་བྲལ་ནམ་མཁའ་ལྟ་བུ་སྣང་མེད་ཅིག་འཆར་ཞིང༌། གཏུམ་མོ་འབར་བ་ན། གསལ་བ་ཡེ་ཤེས་ཀྱི་སྣང་བ་ཅན་ཤར་བས། ཤུགས་ལ་ལས་སྣང་སྒྱུ་མ་ལྟ་བུར་ཤེས། ཡང་ཞུ་བདེ་སྐྱེས་པ་ན། ལས་སྣང་སྒྱུ་མའི་སྣང་བ་ནུབ་སྟེ། སེམས་ཀྱི་རང་བཞིན་བདེ་བར་རྟོགས་པ་ཞིག་འབྱུང་སྟེ། འདི་ནི་བདག་མེད་རྟོགས་ཚུལ་ཟབ་དོན་མཐར་ཐུག་ཡིན་ནོ། །དེ་ཡང་བདེ་ཆེན་རྒྱུད་ལ་ཤར་དུས་བདེ་ཆེན་ལྷན་སྐྱེས་ཀྱི་དབྱིངས་ལས་གཞན་གང་ཡང་མ་གྲུབ་པར་མཐོང་བའི་ང་བདག་མེད་པར་མཐོང་བའི་ཆ་ནས་གང་ཟག་བདག་མེད་དང༌། ཕུང་སོགས་མ་གྲུབ་པར་མཐོང་བའི་ཆ་ནས་ཆོས་ཀྱི་བདག་མེད་མཐོང་བའི་ཡེ་ཤེས་ཡིན་ནོ།། །།༈ བཞི་བ་པ་ཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་


TNT10_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གསུམ་པ་ནི། ནཱ་ཌཱི་ནུས་ལྡན་བརྟན་བཟུང་ཁ་ཊྭཱཾ་ག །གཞོམ་མེད་ཌ་མ་རུ་སྒྲོག་དཔའ་བོའི་གདངས། །ཀཧྣ་ཐོད་ཅན་རྣལ་འབྱོར་ཞུགས་ནས་སྤྱོད། །ལུས་ཀྱི་གྲོང་ཁྱེར་ཞེས་བྱར་རིགས་གཅིག་བརྗོད། །ཨཱ་ལི་ཀཱ་ལི་དྲིལ་བུ་རྐང་གདུབ་ཅན། །ཟླ་བ་ཉི་མ་རྣ་རྒྱན་རྒྱན་དུ་བྱས། །འདོད་ཆགས་ཞེ་སྡང་གཏི་མུག་ཐལ་བས་བྱུགས། །མཆོག་གི་ཐར་ཐོབ་མུ་ཏིག་དོ་ཤལ་དཔྱངས། །སྒྱུག་མོ་ཨ་ནེ་སྐུད་པོ་ཁྱིམ་དུ་གསོད། །མ་ནི་གསོད་པས་ཀཧྣ་ཀ་པཱ་ལི། །ཞེས་སོ། དོན་དམ་རབ་ཏུ་རྟོགས་པའི་ཕྱིར་བདེ་བ་ཆེན་པོའི་ཆེད་དུ་བརྗོད་པ་སྟེ། ནཱ་ཌཱི་ནི་རྩ་སྟེ་དཔའ་མོའི་བདག་ཉིད་ཀྱི་ཕྱིར། མོ་རྟགས་ཨཱི་རིང་པོ་སྨོས་སོ། །རྩ་སུམ་བཅུ་རྩ་གཉིས་པོ་རྣམས་ཀྱི་ནང་ནས། ནུས་པ་མཆོག་དང་ལྡན་པའི་གཙོ་མོ་ནི། །ཨ་ཝ་དྷཱུ་ཏཱི་སྟེ་དེ་ཡང་གསང་བའི་འཁོར་ལོ་ལ་རོ་རྐྱང་གི་རྩ་བཅིངས་པའི་ནུས་པས་དབུ་མ་རྒྱས་པ་དེ། བརྟན་པར་བཟུང་བ་ནི་ནང་གི་ཁ་ཊྭཱཾ་ག་ཡིན་ལ། དབུ་མ་རྒྱས་པ་ལས་གཞོམ་མེད་སྟོང་པའི་སྒྲ་སྒྲོག་པ་ནི་དཔའ་བོའི་གདངས་ཏེ། ལས་སྣང་མ་དག་པའི་སྒྲ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་དཔའ་བོའོ། །ངེས་དོན་གྱི་ཌ་མ་རུ་སྒྲོག་པ་ནི་དེ་ཡིན་ལ། ཀཧྣ་རང་སེམས་ད་ནི་ཐོད་པ་སྤྱི་བོའི་འཁོར་ལོར་དྭངས་མ་སུམ་ཅུ་རྩ་གཉིས་དང༌། གཏུམ་མོ་སྦྱོར་བའི་རྣལ་འབྱོར་ཞུགས་ནས་གསལ་སྟོང་མི་རྟོག་པའི་ཡེ་ཤེས་སྤྱོད་པར་བྱེད་ལ། ཞེས་པ་ཐོས་པས་ཟས་ལ་ལོངས་སྤྱོད་པའི་ངེས་དོན་དང༌། ལུས་ཀྱི་གྲོང་ཁྱེར་འདིར་ཁམས་འབྱུང་བ་ལྔའི་རིགས་སྣ་ཚོགས་པ་རྣམས། དམར་པོ་འབར་བའི་གསལ་སྣང་དང༌། དཀར་པོ་ཞུ་བའི་བདེ་བའི་ངོ་བོར་མཉམ་ཉིད་རིགས་གཅིག་ཏུ་སྤྱོད་པར་བྱེད་དེ། གྲོང་ཁྱེར་དུ་རིགས་ལྔའི་ཁྱིམ་སོ་སོར་འཁྱམ་པའི་ངེས་དོན་ནོ། །ཨཱ་ལི་རྐྱང་མའི་རླུང་དང༌། ཀཱ་ལི་རོ་མའི་རླུང་དབུ་མར་ཐིམ་པས། གཞོམ་མེད་


TNT10_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲ་འབྱུང་བ་ནི། དྲིལ་བུ་གཡེར་ཀའི་འཕྲེང་བ་དང༌། རྐང་གདུབ་སྒྲ་ཅན་གྱི་ངེས་དོན་ཡིན་ལ། ཟླ་བ་ཁམས་དཀར་པོ་དང༌། ཉི་མ་དམར་པོའི་བགྲོད་པ་དབུ་མར་ཡང་ཡང་འདྲེས་པས་ཀྱང༌། གཞོམ་མེད་ཀྱི་སྒྲ་འཕེལ་བ་ནི། རྟག་ཏུ་ཐོས་པའི་ཕྱིར། རྒྱན་གྱི་མཆོག་རྣ་རྒྱན་དུ་བྱས་པ་ཡིན་ཅིང༌། ལྟེ་བ་དང༌། རོ་མ་གཏུམ་མོས་ཁྱབ་པས་འདོད་ཆགས་དང༌། སྤྱི་བོ་དང༌། རྐྱང་མ་ཁྱབ་པས་ཞེ་སྡང་དང༌། དབུ་མ་དང༌། སྙིང་ག་ཁྱབ་པས། གཏི་མུག་རྣམས་བསྲེགས་པའི་ཐལ་བས་ལུས་ལ་བྱུགས་པ་སྟེ། རྩ་གསུམ་དང་འཁོར་ལོ་གསུམ་སྦྱངས་པས། རྩ་གཞན་ཐམས་ཅད་ཀྱང་ཡེ་ཤེས་སྐྱེད་པའི་རྒྱུར་འགྱུར་བའི་དོན་ནོ། །འདིར་ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་འབར་སྣང་གིས་ཁྱབ་པ་ནི་མཚོན་བྱེད་དེ། ཞུ་བའི་བདེ་བས་ཀྱང་ཁྱབ་པ་ཡིན་ལ། ཉོན་མོངས་ལམ་དུ་གནས་འགྱུར་པ་ཡང༌། རྩ་གསུམ་སྦྱངས་པའི་དོན་གྱིས་སོ། །རྡོ་རྗེ་སེམས་དཔའི་བདེ་བ་མཆོག་གི་ཐར་པ་ཐོབ་པ་ནི། མུ་ཏིག་གི་དོ་ཤལ་དཔྱངས་པ་དང་འདྲ་སྟེ། བྱང་ཆུབ་ཀྱི་སེམས་ཐིག་ལེའི་འཕྲེང་བ་བརྟན་པའི་ཕྱིར་རོ། །དེ་དག་ནི་རྒྱན་གྱི་ངེས་དོན་རྣམས་སོ། །གྲོགས་ཐོད་པ་ཅན་མ་བསྟེན་པ་ཞེས་པ། འཇིག་རྟེན་ཀུན་རྫོབ་ཏུ་ཐོད་པ་ཅན་མ་ནི་ཞིང་ན་སྤྱོད་པའི་རྣལ་འབྱོར་མ། སྲིན་མོ་ཤ་ཟ་མོ་རྣམས་སོ། །དེ་དག་ནི་དམ་ཚིག་འདྲལ་བ་སོགས་བག་མེད་པ་རྣམས་ལ་འཁུ་ཞིང་གསོད་པར་བྱེད་པ་ཡིན་ཏེ། དེ་ནང་དོན་དུ་སྦྱར་ན། གཞོམ་མེད་ཀྱི་སྒྲ་དང་བཅས་པའི་ལྟེ་བའི་རེ་ཁ་དེ་ནི། སྒྱུག་མོ་ཡིད་རྟོག་དང༌། ཨ་ནེ་རླུང་དང༌། སྐུད་པོ་དབང་ཤེས་ལྔ་རྣམས་སྟོང་པའི་ཁྱིམ་དུ་གསོད་པ་བྱེད་ལ། མ་དང་མཚུངས་པའི་མ་རིག་པ་ཡང་ཡེ་ཤེས་ཀྱི་སྣང་བ་རྒྱས་པས་


TNT10_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པར་བྱེད་པའི་ཕྱིར། ཀཧྣ་པ་བདག་ནི་སྟོབས་དང་ལྡན་པའོ། །ཞེས་པ་སྟེ། འདི་དག་ཕལ་ཆེར་འཛིན་པའི་སྦྱོར་བ་ཡན་ཆད་ལ་སྦྱར་བར་བྱ་བ་ཡིན་ནོ། །ཀ་ལྱ་ཎཾ།།༈ ལྔ་པ་རྔ་བོ་ཆེ་ཞེས་བྱ་བའི་གླུ་དབྱངས་ནི། སྙིང་རྗེའི་རྒྱལ་ལ་རྒྱན་པོ་རྩེ་བར་བྱེད། །བླ་མའི་གསུང་གིས་སྲིད་པའི་སྟོབས་ལས་རྒྱལ། །ཕྱོགས་སུ་ཌུ་ཨ་བསྐུལ་ན་རྒྱལ་པོ་ལ། །ཕན་ཐབས་ཀཧྣ་རྒྱལ་བའི་ཕོ་བྲང་ཉེ། །དང་པོར་མི་རེ་བཏོན་ན་གསོད་པར་འགྱུར། །གླང་ཆེན་བཏོན་ནས་སྐྱེ་བོ་ལྔ་དང་རྩེ། །བློ་ཡི་རྒྱལ་པོ་ཡོངས་སུ་མྱ་ངན་འདས། །ངེས་པར་བྱས་པས་སྲིད་པའི་དཔུང་ལས་རྒྱལ། ། ཀཧྣས་སྨྲས་པ་བདག་ནི་རྡེའུ་འཇོག་བཟང༌། །རེ་མིག་དྲུག་ཅུ་རྩ་བཞི་རྩིས་ནས་ལེན་ཞེས་པ་སྟེ། དེ་ཡང་ཇི་སྐད་དུ། ཟླ་བ་དྲུག་གི་སྡོམ་བརྩོན་རྣམ་པ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཞེས་གསུངས་པ་ལྟར། །སྙིང་རྗེ་འཛག་མེད་ཀྱི་བདེ་བ་ཆེན་པོ་ཐོབ་བམ་མི་ཐོབ་ཅེས་རྒྱལ་བར་བྱ་བའི་ཕྱིར་བུམ་པ་ཅན་ལ་སོགས་པའི་རླུང་གི་སྦྱོར་བའི་རྒྱན་པོ་རྩེ་བར་བྱེད་དེ། དེ་ཡང་བླ་མའི་གསུང་གི་མན་ངག་དང་ལྡན་པས། སྲིད་པ་རོ་རྐྱང་གི་སྟོབས་ལས་རྒྱལ་བར་འགྱུར་རོ། །དེ་ཡང་ཕྱོགས་བཞི་པའམ། ཕྱོགས་བརྒྱད་པ་གང་ཡིན་ཡང་འདྲ་སྟེ། ཚུ་རོལ་རྒྱལ་པོ་དང་ཕ་རོལ་དགྲ་བོའི་འཇོགས་གཉིས་དབུས་སུ་གནས་སོ། །ཌུ་ཨ་ནི་དམག་གི་རྡེའུ་ཡིན་ནོ། །དེ་ཡང་གནད་དང་ལྡན་པའི་རྩ་ཕྲན་རྣམས་ཀྱི་ཕྱོགས་སུ། བཙན་ཐབས་ཀྱི་སྦྱོར་བས་ཌུ་ཨ་བསྐུལ་ན་དབུས་ཀྱི་རྒྱལ་པོ་ལ་ཕན་པའི་ཐབས་ཡིན་ཏེ། དེ་ཡང་རྩ་འཁོར་ལོ་དྲུག་གམ། བཅོ་བརྒྱད་དམ། སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ཉེ་བར། གནད་དང་ལྡན་པའི་བཙན་ཐབས་ཀྱི་སྦྱོར་བས། འཁོར་ལོ་དེ་དག་ཏུ་རླུང་བཅུག་ན།


TNT10_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་རྒྱས་པར་འགྱུར་བའི་ཕྱིར། ཀཧྣ་རང་གི་རིག་པ་ནི་རྒྱལ་པོའི་ཕོ་བྲང་རྩ་འཁོར་རྣམས་ཀྱི་རྒྱའམ་སྤོ་ལ་ཉེ་བར་གནས་པར་བྱའོ། །འདིར་རྒྱལ་པོ་ནི། ཨ་བ་དྷཱུ་ཏཱིས་མཚོན་ལ། ཕ་རོལ་ནི་རོ་རྐྱང་ངོ༌། །དེ་ཡང་དང་པོར་ཐིག་ལེ་བྱང་སེམས་ཀྱི་མི་རེག དབུ་མའི་མས་སྣ་ནས་ཕྱི་རོལ་དུ་བཏོན་ན་རོ་རྐྱང་གི་རླུང་གིས་ཐིག་ལེ་འཕོས་ཏེ། ཡེ་ཤེས་ཀྱི་རྒྱུ་ཙམ་དེ་དགའ་བྲལ་གྱི་ངོ་བོར་གསོད་ཅིང་ཉམས་པར་འགྱུར་རོ། །བུམ་པ་ཅན་གྱི་སྲོག་ཐུར་རགས་པ་རྣམས་བསྲེས་པའི་གླང་ཆེན་རྩ་འཁོར་སོ་སོའི་ལྟེ་བ་ནས། ཕྱི་རོལ་དུ་སྤྲོས་ཤིང་བཏོན་ཏེ། རོ་རྐྱང་གི་རླུང་འབྱུང་བ་ལྔའི་སྐྱེ་བོ་རྣམས་དང་རྩེ་བར་བྱེད་དོ། །གླང་ཆེན་ནི་ཕྱོགས་བཞི་འཁོར་ཞིང༌། དབུས་སུ་བསྣུན་ན་གསོད་པ་ཡིན་གྱི་གཞན་མ་ཡིན་པས། འབྱུང་བ་ལྔའི་རླུང་དང་བུམ་པ་ཅན་རྩེའོ་ཞེས་དཔེར་མཛད་དོ། །དེ་ལྟར་རྩེ་བ་ལས་བློ་སྟེ་རླུང་ལྔ་པོ་ཡེ་ཤེས་ཀྱི་ཆར་འགྱུར་བའི་ཤེས་རབ་བསྐྱེད་ན། དེ་ལྟ་བུའི་ཕོ་ཉའི་རྡེའུ་ལྷག་པོར་འོངས་པའི་ཚུལ་གྱིས། རྒྱལ་པོའི་སེམས་ཀྱི་གདུང་བ་སྲོག་ཐུར་མ་འདྲེས་པས་མྱ་ངན་ལས་ཡོངས་སུ་འདས་ཏེ་འདྲེ་བར་བྱེད་དོ། །དེ་བཞིན་དུ་གླང་པོའི་རྒྱབ་ཏུ་ཡང་གླང་ཆེན་ལ་སོགས་པ། དབུ་མའི་ནང་དང་བར་དང་ཕྱི་རོལ་ཐམས་ཅད་དུ། བུམ་ཅན་ཤིན་ཏུ་བརྟན་པར་བྱས་པས། སྲིད་པ་རོ་རྐྱང་གི་དཔུང་འབྱུང་བའི་རླུང་རྣམས་ཐམས་ཅད་ལས། ཨ་བ་དྷཱུ་ཏཱི་རྒྱལ་བར་འགྱུར་ཏེ། བདག་རིག་པ་སེམས་ནི་གཟུང་འཛིན་ཕ་རོལ་གཙོ་བོའི་འཇོག་བཅོམ་པའི་རྡེའུ་འཇོག་བཟང་པོ་ཐོབ་པར་འགྱུར་རོ། །དེ་ནས་ལྟེ་བའི་འཁོར་ལོའི་རེ་མིག་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་རྩིས་ནས་ལེན་པ་སྟེ་དབང་བསྒྱུར་བར་བྱེད་དོ། །ཞེས་པའི་དོན་ཏེ། དེ་ཡང་


TNT10_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པོ་འགྱེད་པ་ན། རྒྱལ་པོའི་ཕྱོགས་ཀྱིས་དང་པོར་མི་རེང་མི་འདོན་ཏེ། གླང་པོ་བཏོན་ནས་ཕ་རོལ་པོའི་མི་ལྔ་དང་རྩེ་ཞིང༌། དེ་ནས་ཕོ་ཉ་རེ་དང༌། གླང་པོ་རེ་སྤེལ་ནས་བཏོན་པ་མང་པོས་ཕ་རོལ་པོའི་དམག་རྣམས་བསད། ཕ་རོལ་གྱི་གཙོ་བོ་ཡང་བཅོམ་ནས་རེ་མིག་ཐམས་ཅད་རྒྱལ་པོས་ལེན་པ་ལྟར་མཛད་ནས། ཐོག་མ་ཉིད་དུ་བཙན་ཐབས་ཀྱི་སྦྱོར་བ་མི་སྦྱར་བར། །རྩ་བའི་བུམ་ཅན་སྦྱོར་ཞིང༌། དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་ན། འབྱུང་བ་ལྔའི་རླུང་ལྔ་ཡང་ཡང་འགོག་ཅིང༌། དེ་ནས་བཙན་ཐབས་ཀྱི་སྦྱོར་བའི་ཕོ་ཉ་དང༌། རྩ་བའི་བུམ་ཅན་གྱི་སྦྱོར་བ་དྲག་པོས། སྲོག་ཐུར་འདྲེས་ཤིང་རོ་རྐྱང་བཀག་ན། ལྟེ་བའི་དཀྱིལ་འཁོར་རྩ་ཨ་ཝ་དྷཱུ་ཏཱིས་དབང་བྱེད་པར་འགྱུར་རོ། །འདི་ནི་སྲོག་རྩོལ་གྱི་རིམ་པ་ཉིད་གཙོ་བོར་སྦྱར་བར་བྱའོ།། སཾ་པནྣ།། ༈ དྲུག་པ་ཀཱ་མོ་ད་སྟེ་འདོད་པ་ཤར་བ་ཞེས་བྱ་བའི་གླུ་དབྱངས་ནི། སྐྱབས་གསུམ་གྲུར་བྱས་གཞོན་ནུ་མ་རྣམས་བརྒྱད། །རང་ལུས་སྙིང་རྗེ་སྟོང་པའི་ཆུང་མར་བཅས། །སྲིད་མཚོ་ལས་གྲོལ་སྒྱུ་མ་སྨི་ལམ་བཞིན། །དབུས་སུ་རྫིང་བཅས་ཆུ་རླབས་ཡོངས་མི་ཤེས། །དེ་བཞིན་གཤེགས་པ་ལྔ་ཡིས་མཉན་པར་བྱ། །ཀཧྣ་ལུས་ནི་སྒྱུ་འཕྲུལ་ལས་སྒྲོལ་བྱེད། །དྲི་རེག་རོ་ནི་ཇི་ལྟར་དེ་ལྟའོ། །གཉིད་ནི་མེད་ཀྱང་རྨི་ལམ་ཇི་བཞིན་ནོ། །སེམས་ཀྱི་མཉན་པས་སྟོང་ཉིད་གྲུར་འཇུག་ལ། །ཞོན་ནས་ཀཧྣ་བདེ་བ་ཆེན་པོའི་གྲོགས། །ཞེས་པ་སྟེ། དེ་ལ་སྐྱབས་གསུམ་ཞེས་པ་ནི། སྐྱབས་གསུམ་གྱི་རྟེན་ནམ་སྦྱང་བྱ་སྟེ། ལུས་རྩ་དང༌། ངག་རླུང་དང༌། ཡིད་ཐིག་ལེའོ། །སྐྱབས་བཞི་པ་ནི་དེ་རྣམས་གང་ལས་བྱུང་ཞིང་གང་ལ་ཐིམ་པར་འགྱུར་བའི་གཞི་རྣམ་པར་ཤེས་པའོ། །དེ་ལྟར་ན།


TNT10_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་རྣམ་ཤེས་དང་གཅིག་ཏུ་འདྲེས་པ་དེ་ནི་གྲུ་སྟེ། དེར་འབྱུང་བ་བཞི་དང༌། ཟླ་ཉི་ཡིད་དང་ནམ་མཁའ་སྟེ། ཡོན་ཏན་གྱི་གཞོན་ནུ་མ་བརྒྱད་པོ་རྣམས་རབ་ཏུ་ཞུགས་ལ། སྙིང་རྗེ་ཆེན་པོ་བདེ་བའི་རང་ལུས་དེ་ནི། སྙམ་བྱེད་ཀྱི་འཛིན་པ་དང་བྲལ་ཞིང་རང་བཞིན་སྟོང་པའི་རྣམ་པ་ཅན་དུ་ཤར་བའི་སྟོང་པའི་ཆུང་མ་ཅན་ཏེ། ལྷན་ཅིག་སྐྱབས་གསུམ་གྱི་གྲུར་ཞུགས་ཞེས་སྦྱར་རོ། །དེ་དག་གི་དོན་གྱི་གནད་ནི། སངས་རྒྱས་རྣམ་པ་ཐམས་ཅད་པ་རྩའི་དྭངས་མ་དང༌། ཆོས་གཞོམ་མེད་ཀྱི་སྒྲ་རླུང་གི་དྭངས་མ་དང༌། དགེ་འདུན་བདེ་བ་ཆེན་པོ་ཐིག་ལེའི་དྭངས་མ་སྟེ། དེ་གསུམ་གཅིག་ཏུ་འདྲེས་པ་རྣམ་ཤེས་ཀྱི་བདེ་བར་འགྱུར་ལ། དེ་གསུམ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ལྡོག་ཆའི་སྒོ་ནས་རེ་རེ་བཞིན་ཡང་ཡོན་ཏན་བརྒྱད་ཀྱི་དྭངས་མ་འདུས་པའོ། །དེ་ཡང་རོ་རྐྱང་དབུ་མ་གསུམ་བཅིང་བ་དང༌། འབྱུང་བ་ལྔའི་རླུང་རྣམས་དགག་པའི་སྦྱོར་བས། རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པ་ན། ལམ་སྒོམ་པ་དེ་ཡང་གཞི་དང་མཐུན་པར་སོང་བས། ཡོན་ཏན་བརྒྱད་ལྡན་གྱི་རྩ་རླུང་ཐིག་ལེ་སྙིགས་མའི་དབུས་ནས་དྭངས་མ་གསལ་བར་མངོན་དུ་འགྱུར་ཞིང༌། དེ་ཡང་བདེ་བ་ཆེན་པོའི་ཉམས་ཀྱི་རོ་དང༌། རང་བཞིན་མེད་པའི་སྟོང་པ་རྣམ་རྟོག་གིས་མ་བརྟགས་པར་འཆར་བའོ། །འདི་ནི་རྫོགས་པའི་རྣལ་འབྱོར་གྱི་རྒྱུའམ་རང་བཞིན་ནོ། །དེ་ལྟ་བུའི་དྭངས་མ་བདེ་སྟོང་དེ་རྣམ་པ་ནི་རང་གཞན་སྲིད་པའི་མཚོ་ལས་སྒྲོལ་བའི་ལྷ་སྐུ་རབ་འབྱམས་དག སྒྱུ་མ་རྨི་ལམ་བཞིན་དུ་ཁམས་གསུམ་གྱི་གཟུགས་བརྙན་རྫས་སུ་མེད་ཀྱང་གསལ་བར་སྣང་ལ། མ་དག་སྣང་བ་ཆུ་མཚོའི་དབུས་སུ་དྭངས་མའི་གཟིངས་བཅས་པའི་ནང་དུ་སེམས་ཡོངས་སུ་ཞུགས་ན་གཡོ་བའི་བདེ་བ་


TNT10_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཐ་མལ་གྱི་སྣང་བའི་ཆུ་རླབས་ཡོད་པ་ཡོངས་སུ་མི་ཤེས་སོ། །དེ་དག་གིས་ནི་རྫོགས་པའི་རྣལ་འབྱོར་གྱི་ངོ་བོ་བསྟན་ཏེ། རང་བཞིན་བདེ་སྟོང་དེ་རྣམ་པ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བ་དང༌། མཉམ་གཞག་གི་ཚེ་དེ་ལྟ་བུར་བསྟན་གྱི་མ་དག་པའི་སྣང་བ་འགག་པར་བསྟན་ནོ། །འདིའི་ཐད་ཀྱི་འགྲེལ་པར། རབ་ཏུ་མི་གནས་པ་གསལ་བ་ཞེས་བྱ་བ། ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཞིག་ལས་ལུང་འདི་སྐད་ཅེས་དྲངས་ཏེ། ཇི་སྲིད་འགའ་ཞིག་རྣམ་པར་རྟོག །རབ་སྐྱེས་ཡིད་ནི་སྤང་བྱ་ཏེ། །དེ་སྲིད་དུ་ནི་གཉིས་གཉིད་ཕྱིར། །གང་དེར་དགའ་བའི་ངོ་བོ་ཉིད། །མཆོག་ཏུ་བདེ་བར་བྱེད་པ་པོ། །དེ་ཡང་རྣམ་པར་རྟོག་པ་ཙམ། །གང་ཡང་ཆགས་པ་དང་བྲལ་བའི། །དངོས་པོ་དེ་ཡང་དེ་གཉིས་ལ། །དེ་ཡི་དངོས་པོར་འཛིན་པའི་ཕྱིར། །མྱ་ངན་འདའ་བར་མི་འགྱུར་རོ། །འགའ་ཞིག་ཀྱང་ནི་ཡུལ་ཉིད་ལ། །རྣམ་པར་མི་རྟོག་བདག་སེམས་ལས། །ཞེས་འབྱུང་སྟེ། རྣམ་པར་རྟོག་པ་སྤངས་ནས་རང་བཞིན་གྱི་དགའ་བའི་ངོ་བོ་རྐྱེན་གྱི་མཆོག་ཏུ་བདེ་བས་གསལ་བར་བྱེད་ཅིང༌། ཆགས་བྲལ་ཡང་རྣམ་པར་རྟོག་པ་ཙམ་སྟེ། ཇི་སྲིད་རྣམ་རྟོག་ཡིན་པ་དེ་སྲིད་དུ། གཉིས་འཛིན་ཡིན་པའི་ཕྱིར་གྲོལ་བ་མྱང་འདས་སུ་མི་འགྱུར་ལ། འགའ་ཞིག་ཡུལ་རྣམས་ཀྱི་དྭངས་མ། ཡེ་ཤེས་ཀྱི་སྣང་བ་རྣམ་པར་མི་རྟོག་པ་སྒོམ་པ་ལས་ནི་གྲོལ་བར་འགྱུར་རོ། །ཞེས་རྫོགས་པའི་རྣལ་འབྱོར་དེ་ཡང༌། རྣམ་པར་མི་རྟོག་པ་དང་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་ནོ། །དེ་བཞིན་གཤེགས་པ་ལྔ་ནི། ཕུང་པོ་ལྔ་སྟེ་དེ་རྣམས་ཀྱི་དྭངས་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བ་ནི། གྲུའི་མཉན་པ་དང་འདྲ་བར་ལས་བྱེད་པ་པོ་ཡིན་ལ། དྲི་རེག་རོ་ལ་སོགས་པ་འདོད་ཡོན་གྱི་བཀོད་པ་དུ་མར་སྣང་བ་ནི། དྭངས་མའི་ངོ་བོ་ཡིན་པས། དག་


TNT10_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་གྱི་རང་བཞིན་ཇི་ལྟ་བ་དེ་ལྟར་འདྲ་ཡང༌། གཙོ་བོ་མ་ཡིན་ཏེ་འཁོར་རོ། དེ་ལྟར་ན་ཀཧྣ་པ་བདག་གི་ལུས་ནི། སྒྱུ་འཕྲུལ་ཏེ་སྒྱུ་མ་ལྟ་བུའི་གྲུར་གྱུར་པའི་རྒྱུ་ལས། འཁོར་བ་ལས་སྒྲོལ་བར་བྱེད་ཅིང༌། གཏི་མུག་གི་གཉིད་ཀྱིས་ནོན་པ་མེད་ཀྱང༌། རྨི་ལམ་ཇི་ལྟ་བ་བཞིན་དུ་གསལ་བར་སྣང་སྟེ། གཉིད་འཐུག་པོ་ལས་རྨི་ལམ་འབྱུང་བ་བཞིན་བདེ་བ་ལས་ལྷ་སྐུ་སྣང་ངོ༌། །སེམས་གསལ་བ་ལྟར་སྣང་གི་མཉམ་པས་རང་བཞིན་སྟོང་ཉིད་ཀྱི་གྲུར་འཇུག་ལ། དེ་ལ་ཞོན་ནས་ཀཧྣ་པ་བདག་ནི་བདེ་བ་ཆེན་པོའི་གྲོགས་དང་འགྲོགས་སོ་ཞེས་པ་སྟེ། ལྷ་སྐུ་དེ་ཡང་བདེ་སྟོང་གི་རང་བཞིན་དུ་སོང་ངོ་ཞེས་པའི་དོན་ནོ། །གཞུང་འདིས་ནི་ལུས་རྣམ་པར་དབེན་པ་ཉིད་རྒྱས་པར་བཤད་པ་སྟེ། འགྲེལ་པས་ཀྱང༌། སྤྱོད་བསྡུས་ཀྱི་ལུང་དྲངས་ཤིང་ལུས་དབེན་དུ་བཀྲལ་ལོ། །ལུས་དབེན་གྱི་རིམ་པ་འབའ་ཞིག་ནི་མ་ཡིན་ཏེ། དང་པོ་ནས་ཐ་མའི་བར་ལུས་དབེན་གྱི་རྣལ་འབྱོར་ཐམས་ཅད་ཀྱི། སྤྱི་ཁྱབ་ཏུ་འཇུག་པའི་མཚན་ཉིད་གསལ་བར་མཛད་དེ། ལུས་དབེན་གྱི་རང་བཞིན། ཞིབ་རྒྱས་འཛུག་ཚུགས་སུ་སྟོན་པའི་དོན་བཟང་པོ་འདི་ཙམ་པ་གཞུང་ཕལ་པ་གཞན་ལ་མེད་དོ། །གླུ་འདི་ནི་སློབ་དཔོན་འདི་འཁོར་བཅས་སིང་ག་ལའི་གླིང་དུ་བཞུད་པ་ན། རྒྱ་མཚོ་ལ་མི་བྱིང་བར་གཤེགས་པའི་སྐབས་གསུངས་པའོ། །ཤྲཱིཾ། །༈ བདུན་པ་གླུ་དབྱངས་ཆེན་པོ་ཞེས་བྱ་བ་ནི། ས་གསུམ་པོ་ལ་གནས་ནི་འབད་མེད་འཇུག །བདག་ནི་ཉལ་ནས་བདེ་བ་ཆེན་པོར་རོལ། །ཇི་ལྟར་ཌོམྦི་ཁྱོད་ནི་སྐྲ་:ཡགས་[ཡག]སྐྱེ། །མཐའ་རིས་སྐྱེ་བོའི་ནང་ན་ཀམྦ་ལཱི། །ཀྱེ་མ་ཁྱོད་ནི་རྣམ་པ་ཉམས་བྱེད་དེ། །བྱ་བ་བྱེད་པ་རི་བོང་འཛིན་


TNT10_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོམས། །གང་དང་གང་ཡང་ཁྱོད་ནི་ངན་པར་བརྗོད། །རིགས་ལྡན་སྐྱེ་བོ་རྣམས་ཀྱི་མགུལ་ནས་འཁྱུད། འདོད་པ་གཏུམ་མོའི་གླུ་ནི་ཀཧྣ་པ་བླངས། །གདོལ་པ་མོ་བས་ལྷག་པའི་དམངས་རིགས་མེད། །ཅེས་པ་སྟེ། །ས་གསུམ་ནི་སྣང་བ་དང་མཆེད་པ་དང་ཐོབ་པ་སྟེ། དེ་དག་ལ་གནས་རང་བཞིན་གྱི་རྣམ་རྟོག་ནི། བརྒྱ་རྩ་བརྒྱད་ཀྱི་དབྱེ་བ་འབད་པ་མེད་པར་འཇུག་པ་དེ། བདག་ནི་དེ་དག་བཀག་སྟེ། རང་བཞིན་དཀར་དམར་རླུང་གསུམ་གྱི་དྭངས་མའི་མལ་དུ་ཉལ་ནས། ལུས་ངག་ཡིད་གསུམ་མམ། སྐུ་གསུང་ཐུགས་གསུམ་གྱི་བདེ་བ་ཆེན་པོའི་ཉམས་སྐྱོང་བས་རོལ་པར་བྱེད་དོ། །ཇི་ལྟར་ཌོམ་བི་ནཱི་ཨ་ཝ་དྷཱུ་ཏཱི་ཁྱོད་ཀྱི་སྐྲ་རོ་རྐྱང་ལ་སོགས་པ་རྩ་ཕྲན་རྣམ་རྟོག་སྐྱེད་བྱེད་རྣམས་སུ་ཁམས་དང་རླུང་གི་རྒྱུ་བས་ཁྲུས་དང་བྱུག་པ་མེད་པས་:ཡགས་[ཡག]པར་གྱུར་ཏོ། །ཀྱཻ་ཞེས་པ་སྟེ། སྐུ་གསུང་ཐུགས་ཀྱི་བདེ་བ་དེ་ཡང༌། རླུང་དང་ཁམས་ཀྱི་རྒྱུ་བ་རྩ་གཞན་དུ་འགགས་ཏེ་དབུ་མར་ཐིམ་པ་ལས་གྱུར་པ་དང༌། སྐྱེ་བོ་རྩ་ནང་དུ་རྒྱུ་བའི་ཐིག་ལེ་རྣམས་ཀྱི་ནང་ན། ཀམྦཱ་ལི་སྟེ་བྲན་གཡོག་བྱེད་པ། མཐར་སྐྱེས་ཀྱི་རིགས་དང་འདྲ་བའི་ཐིག་ལེ་དྭངས་མའི་བྱེད་ལས་སོ། །ཞེས་པ། ཁམས་རྣམས་དབུ་མའི་ནང་གི་ཐིག་ལེ་ལ་ཐིམ་པ་ལས། སྣང་བ་གསུམ་གྱི་ཡེ་ཤེས་སྐྱེ་བོ་ཞེས་པའོ། །ཀྱཻ་མ་ཞེས་སོགས་ལ། འགྲེལ་བས་བདེ་བ་ཉམས་པ་ལ་བཤད་ཀྱང༌། གཞུང་དོན་ཅུང་མིན་པར་མངོན། །དེས་ན་ཀྱེ་མ་གཡུང་མོ་ཨ་བ་དྷཱུ་ཏཱི་ཁྱོད་ནི། གང་ལ་རེག་ན་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རིགས་ཉམས་པར་བྱེད་ཅིང༌། ཕྱི་རོལ་གྱི་ཌོམ་བའི་རིགས་རྣམས་སྨད་པར་འོས་པའི་བྱ་བ་ངན་བྱེད་ཅིང༌། རི་བོང་སོགས་སྲོག་ཆགས་འཇོམས་པ་དང༌། འཛིན་པར་བྱེད་པ་ལྟར། ཨ་ཝ་དྷཱུ་ཏཱིས་ཀྱང༌། བཟང་ངན་བླང་དོར་མེད་པར་མཉམ་


TNT10_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམ་པའི་བྱ་བ་བྱེད་ཅིང༌། ཐིག་ལེ་དང་རླུང་རི་བོང་ལྟ་བུ་ནང་དུ་འཛིན་ཅིང་ཐིམ་པའི་སྒོ་ནས་འཇོམས་པར་བྱེད། ཅེས་པའི་དོན་ནོ། །ཚིག་འདིའི་རྒྱ་སྐད་དུ། ཀཱ་ཛ་ན་ཀཱ་ར་ཎ་ཤ་ཤ་ཧ་ར་ཊཱ་ལི་ཨུ་ཅེས་འབྱུང་སྟེ། དེ་ཡང་ཀ་ཛ་ན་ནི་བྱ་བ། ཀཱ་ར་ན་བྱེད་པ། ཤ་ཤ་རི་བོང་དང༌། ཧ་ར་ཊཱ་ནི་འཇོམས་པ། ལི་ཨུ་འཛིན་པ་ཞེས་པ་སྟེ། རི་བོང་དེ་འཇོམས་འཛིན་ཞེས་པ་ཡིན་གྱི། རི་བོང་འཛིན་པ་ཟླ་བ་མ་ཡིན་ནོ། །ཁྱོད་ནི་ངན་པར་བརྗོད་པ་ཡིན་ཏེ། སྤྲོས་པའི་མཚན་མ་གང་དང་གང་ཡང་སྟོངས་པར་བྱེད་པ་དང༌། རིག་པ་དང་ལྡན་པའི་སྐྱེ་བོ་དགའ་བ་བཅུ་དྲུག་ལ་སོགས་པ་རྣམས་ཀྱི་མགུལ་ནས་འཁྱུད་པས། དེ་དག་གི་ཉོན་མོངས་ཀྱི་རིགས་རྣམས་ཀྱང་ཉམས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན། གཡུང་མོ་ལ་སྨོད་པ་བྱེད་པའི་གླུ་འདི་ནི། འདོད་པ་སྟེ་འདོད་ཆགས་ཀྱི་བདེ་བ་སྐྱེད་པའི་གཏུམ་མོ་དུང་ཅན་མའི་གླུ་ཡིན་ཏེ། ཀཧྣས་གཏུམ་མོ་དེར་རླུང་འཆིང་བའི་ཚུལ་གྱིས་གླུ་བླངས་པའོ། །གདོལ་བ་མོ་དུང་ཅན་མ་ལས་ལྷག་པའི་དམངས་རིགས་ཏེ་རྩ་གཞན་མེད་དོ། །ཞེས་པ་སྟེ། དབུ་མའི་ཐིག་ལེ་ལ་ཁམས་ཕྲ་རགས་ཀྱི་རིམ་པ་རྣམས་ཐིམ་པར་བྱེད་པ་ནི། དུང་ཅན་མ་ལ་གནད་དུ་བསྣུན་པ་ལ་རག་ལས་པའི་ཕྱིར། གཏུམ་མོ་དུང་ཅན་མས་གཡུང་མོ་ཨ་ཝ་དྷཱུ་ཏཱི་ལ་སྨོད་པ་ལྟར་དང༌། དུང་ཅན་མ་ལ་སློབ་དཔོན་གྱིས་བསྟོད་པ་ལྟར་བྱས་པའོ། །རིམ་ལྔ་ལས། གལ་ཏེ་ཆུ་སྐྱེས་རྡོ་རྗེར་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང༌། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་སེམས་དབེན་མཐར་ཐུག་པའི་ཡེ་ཤེས་སྐྱེ་བ། ལས་རྒྱ་ལ་རག་ལས་པར་གསུངས་པའི་གནད་ཀྱང་འདིའོ། །དེའི་རྒྱུ་མཚན་ཡང་དུང་ཅན་མའི་རྩ་མདུད་གྲོལ་བ་དཔྱིས་ཕྱིན་པར་བྱེད་པ། ལས་རྒྱ་


TNT10_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའམ་ཁྱད་པར་ཅན་ལ་བལྟོས་པའི་ཕྱིར་རོ། །གཞུང་འདིས་ནི། སེམས་རྣམ་པར་དབེན་པའི་དོན་དཔྱིས་ཕྱིན་པར་སྟོན་པ་ཡིན་ནོ། །ཤཱྀ་ཤཱྀ་ཤཱྀ།། བརྒྱད་པ་འཇིགས་པར་བྱེད་མ་ཞེས་བྱ་བའི་གླུ་ནི། །སྲིད་དང་མྱ་ངན་འདས་པ་པ་ཊ་ཧ་དང་ལྔ་པོ་ཆེ། །ཡིད་དང་རླུང་དག་གཉིས་པོ་མཁར་རྔ་སྒྲོག་པར་བྱེད། ། རྒྱལ་གྱུར་རྒྱལ་གྱུར་མཁའ་ལ་རྔ་ཆེན་སྒྲ། །ཀཧྣས་ཌོམ་བི་ནཱི་ནི་བག་མར་བླངས། །གཡུང་མོ་བག་མར་ལེན་པའི་ཁ་ཟས་སྦྱར། །ཞལ་མཐོང་སྟོན་མོ་བླ་མེད་ཆོས་ཉིད་དོ། །ཉིན་མཚན་ཤིན་ཏུ་དགའ་བའི་གྲོགས་དང་འགྲོགས། །རྣལ་འབྱོར་མ་ཡི་དྲ་བར་ནམ་ལངས་གྱུར། །ཀྱེ་ཀྱཻ་ཌོམྦིའི་གྲོགས་དང་གང་གང་དགའ། །སྐད་ཅིག་མི་འདོར་ལྷན་ཅིག་སྐྱེས་པས་མྱོས། །ཞེས་པ་སྟེ། དེ་ཡང་སྲིད་པ་རྩལ་ལ་ནའི་རྒྱུ་བ་བཅིངས་པ་ལས། རིག་པ་མི་རྟོག་པ་ལ་བརྟན་པར་གནས་ཤིང༌། དྷཱུ་ཏཱིའི་ནང་གི་སྒྲ་འབྱུང་བ་ནི་རྔ་པ་ཊ་ཧ་དང༌། མྱ་ངན་ལས་འདས་པ་རྩ་ར་ས་ནའི་རྒྱུ་བཅིངས་པ་ལས། གསལ་བར་སྣང་བ་དུ་མ་ཅན་གྱི་ཏིང་ངེ་འཛིན་དང༌། གཞོམ་མེད་ཀྱི་སྒྲ་མཁའ་ཁྱབ་ཏུ་འབྱུང་བ་ནི་རྔ་བོ་ཆེ་དང༌། ངར་འཛིན་དང་ཡུལ་དུ་འཛིན་པའི་ཡིད་གཉིས་དང༌། སྲོག་དང་ཐུར་སེལ་གྱི་རླུང་དག་སྟེ་གཉིས་ཚན་པ་གཉིས་པོ་འདི་དག དབུ་མར་འགགས་པའི་མཐུ་ལས། ཇི་ལྟ་ཇི་སྙེད་རིག་པའི་ཤེས་པ་འབྱུང་བ་ནི་མཁའ་རྔ་སྒྲོག་པར་བྱེད་པའོ། །དེ་ཡང་རིགས་དང་འབྱོར་པ་ཆེན་པོ་དག་བག་མ་ལེན་པ་ན། རྔ་བོ་ཆེ་སོགས་རོལ་མོའི་སྒྲ་ཆེན་པོ་བྱེད་ཅིང༌། ལྟད་མོ་བ་མང་པོ་དག་གིས་ཤེས་བརྗོད་དང་རོལ་མོའི་སྒྲ་དག་བྱེད་པ་བཞིན་དུ། འདིར་ཡང་དྷཱུ་ཏཱིའི་ནང་


TNT10_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩ་འཁོར་གྱི་མཁའ་ལ། གཞོམ་མེད་གྱི་སྒྲ་དབྱངས་འབྱུང་ཞིང༌། ཚིག་དོན་མཐའ་དག་རྟོགས་པའི་ཤེས་པ་སྐྱེ་བ་ནི། རྔ་ཆེན་ལ་སོགས་པ་རོལ་མོའི་སྒྲ་དང༌། རྒྱལ་བར་གྱུར་ཅིག་རྒྱལ་པ་གྱུར་ཅིག་ཅེས་ཤེས་པ་བརྗོད་པའོ། །མཁའ་ལ་ཞེས་ཚིག་ཟུར་གྱིས། དབང་བསྐུར་གྱི་སྐབས་སུ། ནམ་མཁའ་ནས་རོལ་མོའི་སྒྲ་སྒྲགས་ཞེས་སོགས་ཀྱི་མཚོན་དོན་ཡང་འདི་ཡིན་ནོ་ཞེས་ཟུར་གྱིས་འཕངས་པའོ། །ཀཧྣ་བདག་གིས་ཌོ་མ་བི་ནཱི་རྩ་དབུ་མ་ནི། གཞོམ་མེད་ཀྱི་སྒྲ་དེ་དང་ལྡན་པའི་སྒོ་ནས། བག་མར་བླངས་པ་སྟེ། དེ་ལྟར་གཡུང་མོ་བག་མར་ལེན་པའི་ཁ་ཟས་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ་ལྟེ་བའི་ཨཾ་ཡིག་དང་སྦྱར་བར་བྱས་སོ། །དཔྱིད་དང་ཐིག་ལེ་ཞལ་མཇལ་ཞིང་མཐོང་བའི་སྟོན་མོ་ནི། ཞུ་བདེ་དེ་བླ་ན་མེད་པའི་ཆོས་ཉིད་རྟོགས་པ་ཉིད་དོ། །དེ་ཡང་རགས་པའི་རྩ་དབུ་མར་རླུང་སེམས་འདུས་པ་ཁོ་ནས། གནས་ལུགས་མཚོན་ནུས་པ་མ་ཡིན། ཡེ་ཤེས་ཀྱི་དབུ་མ་ལ་རག་ནུས་པས། རགས་པའི་རྩ་དབུ་མ་ལ་དབང་བསྒྱུར་ཞིང༌། གཞོམ་མེད་ཀྱི་སྒྲ་དབྱངས་མཐའ་མེད་དུ་འཕེལ་བའི་དུས་ན། ཞུ་བདེའི་ཆོས་ཉིད་མཚོན་ནུས་པ་ཡིན་ནོ། །ཇི་སྐད་དུ། ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །ཅེས་པ་ལྟར། མཉམ་གཞག་སྣང་བཅས་ལ་དག་པ་རབ་འབྱམས་དང༌། རྗེས་ཐོབ་ཏུ་དག་མ་དག་འདྲེས་ཀྱང༌། སྒྱུ་མ་ལྟ་བུར་ཤར་པ་ནི། ཐབས་ཉིན་མོ་ཡིན་ལ། མཉམ་གཞག་སྣང་མེད་ལ། སྤྲོས་བྲལ་ནམ་མཁའ་ལྟ་བུར་ཤར་བ་ནི་ཤེས་རབ་མཚན་མོའོ། །དེ་ལྟ་བུའི་ཉིན་མཚན་ཐམས་ཅད་དུ་ཤིན་ཏུ་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུན་མི་འཆད་པར་འབྱུང་བའི་གྲོགས་གཡུང་མོ་དྷཱུ་ཏཱི་ཁྱོད་འགྲོགས་ཏེ། རྣལ་འབྱོར་མ་རྩའི་དྲ་བ་རྣམ་པར་དག་པའི་དུས་


TNT10_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྣམ་པ་ཐམས་ཅད་པའི་འོད་གསལ་ཕྱག་རྒྱ་ཆེན་པོར་ནམ་ལངས་པར་གྱུར་ཏོ། །ཞེས་རྣམ་པ་ཐམས་ཅད་པའི་གཟུགས་རྩ་དག་པའི་ནུས་པ་ཡིན། རྩ་དག་པ་བདེ་བ་བརྟན་པར་བྱས་པ་ལས་འབྱུང་ཞེས་པའོ། །ཀྱཻ་ཀྱེ་ཌོམ་བི་ནཱི་གཡུང་མོ་ཞེས་དྷཱུ་ཏཱི་ལ་བོས་ནས་གྲོགས་གང་དང་གང་ལས་དགའ་བ་ཐོབ་པར་འགྱུར། ཞེས་དྲིས་པ་ལ། ལན་ནི། གྲོགས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་རླུང་སེམས་དྲག་ཏུ་ཐིག་ལེར་གཞུག་དགོས་ཞེས་པ་ཚིག་གིས་མ་ཟིན་ཀྱང་ཁོག་ནས་བཏོན་ཏེ། །དེ་ལྟར་ཕྱག་རྒྱ་གསུམ་མམ་བཞི་གཅིག་ཏུ་དྲིལ་ནས་བསྒོམ་ན། །སྐད་ཅིག་ཀྱང་མ་འབྲལ་མི་འདོར་མི་འཇིག་པའི་ལྷན་ཅིག་སྐྱེས་པའི་བདེ་བ་མི་འགྱུར་བས་མྱོས་པར་འགྱུར་རོ། །གཞུང་འདིས་ནི་རྫོགས་རིམ་ངོས་སུ་གྱུར་པའི་གཏུམ་མོ་དང་ལས་རྒྱའི་དོན་ཐམས་ཅད་གསལ་བར་མཛད་དོ།། ཨ་ཐ།། ༈ དགུ་པ་དཔའ་བོའི་ཏཱི་ལ་ཞེས་བྱ་བའི་གླུ་དབྱངས་ནི། གང་ཚེ་ཟླ་བ་གང་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་དྲི་མ་མེད། །གཏི་མུག་དྲི་མ་གཅོད་པ་བླ་མའི་གསུང༌། །ཡུལ་དང་དབང་པོ་ནམ་མཁར་སླེབ་པར་འགྱུར། །མཁའ་མཚུངས་ས་བོན་གང་ཞིག་མཁའ་མཉམ་འགྲོ། །རང་གི་ཤིང་ལངས་ཁམས་གསུམ་གྲིབ་མས་ཁྱབ། །ཇི་ལྟར་ཉིན་བྱེད་ཤར་ན་མཚན་སེལ་བྱེད། །སྲིད་མཚོར་གཏི་མུག་རབ་རིབ་སེལ་བར་བྱེད། །ཇི་ལྟར་ངང་པའི་རྒྱལ་པོས་ཆུ་ཡང་འབྱེད། སྲིད་པ་ཟ་ཞེས་ཀཧྣ་པ་ཡིས་སྨྲ། །ཞེས་པ་སྟེ་དབང་མདོར་བསྟན་གྱི་འགྲེལ་པ་དོན་དམ་བསྡུས་པར་འདིའི་ལུངས་དྲངས་པ་ན། དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །ཞེས་འབྱུང་བའོ། །དེ་ཡང་གང་གི་ཚེ་སྟོང་གཟུགས་ཀྱི་ཟླ་བ། རྟགས་བཅུའི་རིམ་པ་རྫོགས་པས་གང་བར་གྱུར་པ་དེའི་ཚེ། སེམས་ཀྱི་རྒྱལ་པོ་འགྱུར་བའི་དྲི་མ་དང་བྲལ་བའམ། མཚན་


TNT10_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྣམ་པར་རྟོག་པ་རྣམས་ལངས་མ་ནུས་པར་རབ་ཏུ་ཉལ། ཞེས་པའོ། །འདིས་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པས། ཉོན་མོངས་དང་རྣམ་རྟོག་ཐམས་ཅད། དང་པོར་ཉལ་བའི་ཚུལ་གྱིས་འགག མཐར་དྲི་མ་དེ་དག་རྩ་བ་ནས་མེད་པར་བྱེད། ཅེས་པ་ཡིན་ཏེ། སྒྲིབ་པ་སྤོང་ཚུལ་ལམ་འཕྲང་གི་རྡོ་རྐོ་བ་བཞིན་བྱེད་མི་དགོས་ཀྱི། ཉི་མའི་འོད་ཟེར་གཅིག་ཤར་པས་མུན་པ་ཐམས་ཅད་ཅིག་ཅར་འབད་རྩོལ་མེད་པར་སངས་པ་བཞིན་ནོ། །ཚུལ་འདི་མ་གོ་བར། ཀ་ཤཱི་ལ་ཡིད་སྨོད་བྱེད་པའི་རྟོགས་ལྡན་མིང་ཅན་ཐལ་རང་བ་རྣམས། མྱ་ངམ་གྱི་ཐང་ལ་འཁྱམས་པའོ་རེ་རྒྱལ་ལོ། །དང་པོར་རྟགས་བཅུ་རྫོགས་པས། རླུང་མི་གཡོ་ཞིང༌། སེམས་མི་རྟོག་པར་འགྱུར་པ་དང༌། བར་དུ་རྟགས་བཅུ་གཏུམ་མོར་ཤར་པས། ཞུ་བདེ་འཛག་མེད་ཐོབ་པ་དང༌། མཐར་རྟགས་བཅུས་དགའ་བཞི་བསྐྱེད་པས་མི་འགྱུར་བའི་བདེ་བ་འགྲུབ་པའི་གནས་སྐབས་ཐམས་ཅད་ཚིག་རྐང་འདི་དག་གིས་ཕྱོགས་གཅིག་ཏུ་བསྟན་ནོ། །འོ་ན་དྲི་མ་དེ་ཡང་ཅི་ཞིག་སྙམ་ན། གཏི་མུག་སྟེ་མ་རིག་པའི་དྲ་བ་དྲི་མ་སྣ་ཚོགས་གཅོད་པར་བྱེད་པ་སྟེ། འདི་མཁས་པར་རློམ་པ་རྣམས་ཀྱི་རྟོག་དཔྱོད་ལས་འབྱུང་བ་མ་ཡིན་གྱི། བླ་མ་དམ་པའི་གསུང་གི་མན་ངག་བཞིན་བསྒོམ་པ་ལས་སྐྱེའོ། །དེ་ཡང་ཡུལ་ལྔ་དང་དབང་པོ་ལྔའི་སྣང་བ་རྣམས། ནམ་མཁའ་སྟོང་པར་སླེབ་ཅིང་ཐིམ་པ་ལས་འབྱུང་སྟེ། དབང་ཡུལ་གྱི་འབྲེལ་བ་གཅོདཔ་སོ་སོར་སྤོང་པའི་ཡན་ལག་ཉིད་དོ། །དེ་ལྟར་ཡང༌། དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས། གང་ཞིག་ཤར་དུས་ཚེ་ན་དབང་པོ་དང༌། །ཡུལ་རྣམས་ནུབ་གྱུར་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ཀྱི་སྙིང་སྦས་སུ་སད་པ། །


TNT10_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་ཞིག །ཅེས་གསུངས། །དེ་ཡང་ནམ་མཁའ་ལ་མཉམ་པར་བཞག་པས། ནམ་མཁའ་དང་མཚུངས་པར་སྤྲོས་བྲལ་དུ་ཤར་བའི་ས་བོན་ཏེ་སེམས་གང་ཞིག དང་པོར་སྤྲོས་བྲལ་གྱི་རིག་པ་གསལ་བ་ཆུང་ངུ་དང༌། དེ་ནས་རྒྱ་ཇེ་ཆེ་ལ་སོང་སྟེ། ནམ་མཁའ་དང་མཉམ་པར་འགྲོའོ། །དེ་ཡང་དང་པོར་སེམས་སྤྲོས་བྲལ་དང༌། འོད་གསལ་གྱི་སྣང་བ་རྩ་བ་རྣམས་བརྟན་པར་བྱ་སྟེ། དེ་ནས་རིམ་གྱིས་སྤྲོས་ཏེ་བསྒོམས་པས་ཀུན་ལ་ཁྱབ་པར་འགྱུར་རོ། །ཞེས་སྟོན་པ་ནི། རང་གི་སེམས་ཉིད་ཀྱི་སྣང་བ་སྟོང་པ་དང༌། རྟགས་སྣང་གི་ཤིང་བརྟན་པར་ལངས་པ་ན་ཁམས་གསུམ་གྱི་སྣང་བ་ཐམས་ཅད་འོད་གསལ་སྟོང་གཟུགས་ཀྱི་གྲིབ་མས་ཁྱབ་པར་འགྱུར། དེའི་ཚེ་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བ་དང༌། ཞོར་བྱུང་དུ་མི་རྟོག་པ་ལ་སྤྲོས་བྲལ་དུ་ཡང་གསལ་བར་སྣང་ངོ༌། །གྲིབ་མས་ཁྱབ་པ་དང༌། མདངས་ཀྱི་ཁ་བསྒྱུར་བ་དང༌། གཟུགས་བརྙན་དུ་གྱུར་པ་རྣམས་ཅི་རིགས་པར་དཔེ་དོན་དུ་སྦྱར་པར་བྱའོ། །ཇི་ལྟར་ཉིན་མོར་བྱེད་པ་ཤར་བས། །མཚན་མོའི་མུན་ནག་སྦྱོང་བའི་རྩོལ་བ་མེད་བཞིན་དུ་ཡང༌། རང་ཤུགས་ལ་སེལ་བར་བྱེད་པ་བཞིན་དུ། རེ་ཞིག་སྲིད་མཚོར་གནས་བཞིན་དུ་ཡང༌། གཏི་མུག་དང༌། འདོད་ཆགས་དང༌། ཞེ་སྡང་ལ་སོགས་པ་ཉོན་མོངས་ཀྱི་རབ་རིབ་ཐམས་ཅད་སེལ་བར་བྱེད་དོ། །སྲིད་མཚོར་གནས་པའི་དོན་ནི། ལུས་གནས་མ་གྱུར། སེམས་འཇིག་རྟེན་ལས་འདས་པའི་ལམ་དངོས་སུ་རང་མ་སོང༌། དགྲ་གཉེན་དང་ལས་ཀྱི་མཐའ་མང་པོས་མཐའ་འཁོར་བའི་དོན་ཏེ། གོང་དུ་བཤད་པའི་རྟོགས་པ་དང་ལྡན་ན་དེས་ཀྱང་འཆིང་བར་མི་ནུས་ཞེས་པ་སྟེ། དཔའ་བོ་ས་ར་ཧས་ཀྱང༌། ཁྱིམ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་གྱི་དགའ་བས་བཅིངས་ལས་


TNT10_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མི་གྲོལ་ན། །མདའ་བསྣུན་ང་ནི་དེ་ཉིད་ཤེས་པ་མིན་ཞེས་སྨྲ། །ཞེས་སོ། །དེ་ལྟར་མི་འཆིང་བའི་རྒྱུ་མཚན་ནི། ཇི་ལྟར་ངང་པའི་རྒྱལ་པོས་ཆུ་དང་འོ་མ་བསྲེས་པ་ཡང་སོ་སོར་ཕྱེ་ནས་ཆུ་བོར་ཏེ་འོ་མ་འཐུང་པར་བྱེད་པ་བཞིན་དུ། སྲིད་པ་འཁོར་བའི་ཆོས་རྣམས་ཀྱང་རང་བཞིན་བདེ་བ་ཆེན་པོ་མཉམ་ཉིད་དུ་གནས་པ་དེ་བླངས་ནས་ཟ་ཞིང་ལོངས་སྤྱོད་ན། འཆིང་བར་མི་འགྱུར་རོ། །ཞེས་བདག་ཀཧྣ་ཡིས་སྨྲ་བར་བྱེད་དོ། །སྭཱ་སྟི་སྭཱ་སྟི།།༈ བཅུ་བ་པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུ་དབྱངས་བཞི་པ་ནི། སྟོང་པའི་ཁྱིམ་ནི་དེ་ཉིད་ཡོན་པོར་རེས་པ་ཅན། །གཏི་མུག་མཛོད་ནི་བླངས་ནས་ཐམས་ཅད་སྟོར་བར་གྱུར། གཉིས་ཡུར་སེམས་མེད་རང་དང་གཞན་མེད་རྣམ་པར་བྲལ། །ལྷན་ཅིག་སྐྱེས་པའི་གཉིད་དུ་ཀ་ཧ་པ་ནི་སོང༌། །སེམས་མེད་ཚོར་བ་མེད་པར་ཤིན་ཏུ་གཉིད་དུ་སོང༌། །ཐམས་ཅད་གྲོལ་བར་བྱས་ནས་བདེ་བར་གཉིད་དུ་སོང༌། །བདག་གི་རྨི་ལམ་ལ་ནི་ཁམས་གསུམ་སྟོང་པར་མཐོང༌། །འདྲེས་མེད་བྱས་ནས་འགྲོ་དང་འོང་བ་བྲལ་བར་གྱུར། །ཛ་ལནྡྷ་རའི་ཞབས་ལས་མངོན་སུམ་ཉིད་དུ་བྱས། །བདག་གི་རྩར་ཡང་པཎྜི་ཏ་ཡིས་ལྟ་མི་བྱེད། །ཅེས་པ་སྟེ། དཔེར་ན་ཁྱིམ་ཅིག་ན་མེལ་ཚེ་བ་ཡོད་པ་ལས། དེ་གཉིད་དུ་སོང་བ་ན། རྐུན་པོས་ནོར་ཐམས་ཅད་བླངས་ཏེ་མཛོད་སྟོངས་པར་གྱུར་པ། དེ་ཉིད་དཔེར་མཛད་དེ། སེམས་རང་བཞིན་གྱིས་སྟོང་པའི་ཡེ་ཤེས་ཀྱི་ཁྱིམ་ནི། ཡོན་པོར་རྒྱུ་བའི་རླུང་གཡོན་དང་གཡས་སུ་ཕུང་པོ་ལྔ་དང༌། ཁམས་ལྔའི་དཀྱིལ་འཁོར་གྱི་དེ་ཉིད་ལྔ་པའི:ངེས་[རེས་]པ་མེལ་ཚེ་བདག་ཡོད་ལ། དེར་གཏི་མུག་སོགས་ཉོན་མོངས་པའི་རྫས་རྣམས་མ་ཉམས་པར་སྐྱོང་བ་ཡིན་པ་ལས། རླུང་དེ་རྣམས་ལྷན་ཅིག་སྐྱེས་


TNT10_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ཉིད་ཀྱིས་ནོན་པ་ན། སྟོང་པ་བཞིའི་ཡེ་ཤེས་ཀྱི་རྐུན་པོས་གཏི་མུག་གི་མཛོད་རྣམ་རྟོག་གི་ནོར་དུ་མས་གང་བ་དེ་ནི་བླངས་པས་ནོར་ཐམས་ཅད་སྟོང་པར་གྱུར་ཏོ། །དེས་ནི། འདི་སྐད་དུ་འགྱུར་ཏེ། རླུང་རྣམས་བདེ་སྟོང་གི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པས། རླུང་རྣམས་ལྷན་ཅིག་སྐྱེས་པའི་རླུང་གི་རྣམ་པར་ཤར་བ་ན། གནས་ལུགས་ཇི་ལྟ་བ་བཞིན་མཚོན་ནུས་པའི། སྟོང་པ་བཞིའི་ཡེ་ཤེས་འབྱུང་ལ། དེས་ཉོན་མོངས་དང་རྣམ་རྟོག་རྣམས་འགགས་ནས། སེམས་འོད་གསལ་སྟོང་པ་ལ་ཡུན་རིང་དུ་གནས་པའོ། །ཞེས་པའོ། །ཡང་འོད་གསལ་གྱི་གཉིད་ཇི་ལྟ་བུ་ཞེ་ན། ཁམས་ཕྲ་རགས་རྣམས་ཐིམ་པའི་རང་བཞིན་གྱི་གཉིད་ཡུར་བ་ན། སེམས་རྣམ་རྟོག་མེད་ཅིང་གསལ་ཞིང་རིག་པས། རང་དང་གཞན་དག་ཏུ་འཛིན་པ་དང་རྣམ་པར་བྲལ་བ་སྟེ། ངོ་བོས་སྟོངས་པར་ཤེས་པའི་བདེ་བ་ལྷན་ཅིག་སྐྱེས་པའི་གཉིད་དུ་ཀཧྣ་པ་སོང་ངོ༌། །སེམས་སྣང་བ་གསུམ་འོད་གསལ་དུ་ནུབ་པས་མེད་ཅིང༌། ཚོར་བ་ལ་སོགས་པ་རང་བཞིན་བརྒྱད་ཅུའམ། བརྒྱ་དྲུག་ཅུའམ། སྟོང་ཉིད་དུ་ཐིམ་ནས་མེད་པར། འོད་གསལ་ཤིན་ཏུ་འཐུག་པོའི་གཉིད་དུ་སོང་ལ། རྩ་འཁོར་ལོ་བཞི་པོ་རྣམས་ཐམས་ཅད་ཀྱི་རྩ་མདུད་རྣམས་གྲོལ་བར་བྱས་ནས། ཐིག་ལེ་དྭངས་མར་གྱུར་པའི་བདེ་བ་ཆེན་པོར་གཉིད་དུ་སོང་བར་གྱུར་ཞིང༌། དེ་འདྲ་བའི་འོད་གསལ་བདག་གི་རྨི་ལམ་སྟེ། གསལ་བར་མཐོང་ཞིང་མྱོང་བ་ན་ནི། ཁམས་ལུས་ངག་ཡིད་གསུམ་ཐམས་ཅད་གདོད་ནས་སྟོངས་ཤིང༌། ཁམས་གསུམ་གྱི་རང་བཞིན་སྐུ་གསུང་ཐུགས་རྡོ་རྗེར་མཐོང་ངོ༌། །འདིའི་རྒྱུ་ཡང༌། ཟླ་བའི་རྩ་རླུང་ཐིག་ལེའི་བགྲོད་པ། སྟོང་པ་སྣང་བ་དང༌། ཉི་མའི་རྩ་རླུང་ཐིག་ལེའི་བགྲོད་པ་ཤིན་ཏུ་སྟོང་པ་མཆེད་པ་གཉིས། མུན་པའི་རྩ་རླུང་ཐིག་ལེའི་བགྲོད་པ་སྟོང་ཆེན་ཐོབ་


TNT10_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་དུ་རོ་མཉམ་པར་འདྲེས་མར་བྱས་ནས། དེ་ཡང་དབྱིངས་སུ་ཐིམ་པས་འགྲོ་བ་དང་འོང་བ་བྲལ་བའི་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་བར་འགྱུར་རོ། །སྤྱིར་སྣང་བ་མཆེད་པ་ལ་ཐིམ་པ་ཡིན་ཀྱང་ཐོབ་པ་ནི་སྣང་མཆེད་འདྲེས་པ་ཡིན་པར། གཞུང་འདིར་མ་ཟད་གཞན་ལས་ཀྱང་འབྱུང་བས། མཆེད་པ་ལ་སྣང་བའི་མཚན་ཉིད་ཕལ་ཆེར་ཡོད་ལ། ཐོབ་པ་ནི་དེ་གཉིས་ཀ་དང་ཤིན་ཏུ་མི་འདྲ་བའི་རྣམ་པར་གྱུར་པ་སྟེ། མཆེད་པ་ཐོབ་པ་ལ་ཐིམ་པར་གྱུར་བའི་སྐབས་དེར། སྣང་བའི་མཚན་ཉིད་ཀྱང་ཐོབ་པ་ལ་ཐིམ་པ་ཡིན་ཏེ། མཆེད་པ་སྣང་བའི་མཚན་ཉིད་དང་བཅས་པ་ཕྱིར་རོ། །དེས་ན་སྣང་མཆེད་འདྲེས་པའི་དོན་གོ་བར་བྱོས་ཤིག འགྲོ་འོང་བྲལ་བ་ནི་མཚོན་བྱེད་དེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །འོད་གསལ་དེ་གང་ལས་མངོན་དུ་བྱེད་ཅེ་ན། བླ་མའི་བྱིན་རླབས་ལས་ཐོབ་སྟེ། ནག་པོ་སྤྱོད་པ་བདག་གིས། བླ་མ་ཛ་ལནྡྷ་རའི་ཞབས་ཀྱི་དྲིན་ལས། མངོན་སུམ་ཉིད་དུ་ཐོབ་པར་བྱས་པ་སྟེ། ཟབ་མོའི་དོན་ལ་བདག་ཉིད་སྤྱོད་པར་བྱེད་དམ་གཞན་འཁྲིད་ཀྱང་རུང་སྟེ། པཎྜི་ཏའི་སློབ་དཔོན་རྣམས་ཀྱི་ནི་བདག་གི་རྩ་བ་སྟེ། རྐང་པ་ལ་ལྟ་བའི་སྒོ་ནས་ཉེ་བ་ཙམ་ཡང་བྱེད་མི་ནུས་ན། བདག་གི་རྗེས་སུ་འཇོག་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གཞུང་འདིས་ནི་འོད་གསལ་གྱི་རིམ་པའི་ལམ་གྱི་སྙིང་པོ་གསལ་བར་སྟན་ནོ། །འདིའི་སྐབས་སུ་དཀྱིལ་འཁོར་བཅུ་ཐིམ་པར་བཤད་པ་ནི། དུས་འཁོར་དུ་ཏིང་ངེ་འཛིན་གྱི་རིམ་པའི་སྐབས་སུ། རླུང་བཅུ་འགག་པར་གསུངས་པ་དང་གནད་གཅིག་གོ། །།སུ་ཁ་དདཱནྟུ།། ༈ བཅུ་གཅིག་པ་མ་ལ་སི་གོ་ཌ་ལཱ་ཞེས་བྱ་བའི་གླུ་དབྱངས་ཞེས་པ་ལ། མ་ལ་སི་ནི་འཕྲེང་བ་


TNT10_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ། གོ་ཌ་ལཱ་ནི་དཀར་པོས་བརྒྱན་པ་ཞེས་བྱའོ། །དེ་ཡང༌། གང་ཞིག་ཡིད་ཀྱི་སྤྱོད་ཡུལ་མིག་འཕྲུལ་འདྲ། །ལུང་དང་པོ་ཏི་རྫུན་གྱི་འཕྲེང་བ་ཡིན། །ཇི་ལྟར་སྨྲ་བས་ལྷན་སྐྱེས་བརྗོད་པར་ནུས། །ལུས་ངག་ཡིད་ལ་གང་དུ་མི་འཇུག་གོ །བླ་མས་རྫུན་གྱི་ཐབས་ཀྱིས་སློབ་མ་ལ། །ངག་གི་ལམ་ལས་འདས་པ་ཇི་ལྟར་སྨྲ། །གང་དེ་སྨྲས་པ་དེ་དང་དེ་རྣམས་རྫུན། །བླ་མའི་ཐབས་ཀྱིས་སློབ་མ་འཁྲུལ་བར་བྱས། །ཀཧྣས་རྒྱལ་བའི་རིན་ཆེན་ཇི་ལྟར་སྨྲ། །ལྐུག་པས་འོན་པར་སྨྲས་པ་ཇི་བཞིན་ནོ། །ཞེས་པ་སྟེ། འདིས་ནི་དོན་དམ་པའི་ལྷན་ཅིག་སྐྱེས་པ་བརྗོད་བྲལ་དུ་སྟོན་པ་ཡིན་ནོ། །དེ་ལ་ཡིད་ཀྱི་སྤྱོད་ཡུལ་ནི། གཟུང་འཛིན་དུ་སྣང་བ་ཐམས་ཅད་དེ། ཆོས་ཀྱི་སྐྱེ་མཆེད་ཁོ་ནར་འཆད་པ་ལྟར་ནི་མ་ཡིན་ནོ། །དེ་ཡང་རྣམ་པ་ཅིག་ཏུ་ན། ཇི་སྐད་དུ། རྣམ་ཤེས་སོ་སོ་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་བདུན་དག་ཏུའང་འདོད་པ་སྟེ། །ཞེས་བཤད་པ་དང་མཚུངས་པར་རྣམ་ཤེས་དྲུག་ཡིད་ཀྱི་སྐྱེ་མཆེད་དུ་བཤད་པ་ལྟར། སྐབས་འདིར་རྣམ་པར་ཤེས་པ་འཁོར་དང་བཅས་པ་ལ་ཡིད་ཅེས་བྱའོ། །གཟུགས་སོགས་ཡུལ་རྣམས་དང་ནམ་མཁའ་ལ་སོགས་པ་རྟོགས་པའི་སྤྱོད་ཡུལ་ཐམས་ཅད་དང༌། ཤེས་པ་རྣམས་ཀྱང་ནང་ཕན་ཚུན་གྱི་ཡུལ་དུ་གྱུར་བ་དང༌། གཞན་རིགས་ཐམས་ཅད་ཀྱང་རང་རིག་གི་སྤྱོད་ཡུལ་ཡིན་པ་སོགས། མདོར་ན་ཐམས་ཅད་རྣམ་པར་ཤེས་པའི་སྤྱོད་ཡུལ་ལོ། །སེམས་ལས་བྱུང་བ་རྣམས་ནི་རྣམ་ཤེས་ལས་ལོགས་སུ་བགྲང་བ་མ་ཡིན་ཏེ། དེ་རྣམས་ཉིད་ཀྱི་རྣམ་འགྱུར་ཡིན་པའི་ཕྱིར་རོ། །རང་རིག་ལ་ཡང་ཀུན་རྫོབ་དོན་དམ་རྣམ་པ་གཉིས་ཡོད་དེ། རང་རིག་ཀུན་རྫོབ་པ་ནི། རང་རང་གི་རྣམ་ཤེས་ཀྱི་དངོས་པོ་སྟེ། མིག་གི་རྣམ་པར་


TNT10_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་རང་རིག་མིག་ཤེས་ལས་གཞན་དུ་མེད་པ་བཞིན་ནོ། །དོན་གཉིས་པར་ན། ཡིད་ནི་ཡིད་ཀྱི་རྣམ་ཤེས་འཁོར་རྣམ་རྟོག་དང་བཅས་པ་ཡིན་ཀྱང༌། ཚེ་རབས་སྔ་མའི་ཡིད་ཀྱི་བག་ཆགས་ལས། ཚེ་འདིའི་རྣམ་ཤེས་འཁོར་དང་བཅས་པ་འབྱུང་བའི་ཕྱིར། དངོས་དང་བརྒྱུད་པའི་རྒྱུ་གཉིས་ཀ་ལ་བསམས་ནས། རྣམ་ཤེས་ཀྱི་སྤྱོད་ཡུལ་ཐམས་ཅད་ཡིད་ཀྱི་སྤྱོད་ཡུལ་དུ་སོང་བ་ལ་བསམ་པའང་ཡིན་ནོ། །དྲུག་པའི་ཡིད་ལས་གཞན་པའི་རྣམ་ཤེས་དྲུག་པོས་ཀྱང༌། ས་བོན་འདེབས་པ་མ་ཡིན་ནམ། ཅིའི་ཕྱིར་བག་ཆགས་ཐམས་ཅད་ཡིད་འཁོར་བཅས་ཀྱིས་འདེབས་སྙམ་ན། དྲུག་པོ་དེ་དག་གི་ཁ་ལོ་ཡིད་ཤེས་ཀྱིས་བསྒྱུར་ནས། ས་བོན་འདེབས་པ་ཡིན་གྱི། ཡིད་དང་བྲལ་ན་ནི་དེ་དག་གིས་ས་བོན་འདེབས་པར་མི་ནུས་སོ། །གཞན་དྲུག་པོ་ལ་མ་བརྟེན་པར་ནི་ཡིད་ཀྱང་མི་འབྱུང་མོད། ཐམས་ཅད་ཀྱི་ལས་བྱེད་པ་པོ་ཡིད་ཡིན་ནོ། །དེ་ལྟར་ན། གང་ཞིག་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་འདི་ཐམས་ཅད་ནི། རྟེན་འབྲེལ་ཚོགས་པ་ཙམ་གྱི་རྒྱུ་ལས། བློ་ལ་སྣང་བ་ཤར་བ་ཁོ་ནར་ཟད་ཀྱི། གནས་ཚུལ་ལ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། དེའི་ཕྱིར་མིག་འཕྲུལ་དང་འདྲ་སྟེ། གནས་ལུགས་ལྷན་ཅིག་སྐྱེས་པ་མ་ཡིན་ནོ། །ལུང་ཚིག་སྣ་ཚོགས་དང་པོ་ཏིས་མཚོན་པའི་དོན། ཚིག་གི་བརྗོད་པ་དང་བློས་བཞག་པའི། གནས་ལུགས་སུ་འཛིན་པ་ཐམས་ཅད་ཀྱང༌། ཡང་དག་པའི་དོན་ཐོག་ཏུ་མི་ཁེལ་བས། རང་མྱོང་ལ་ལྟས་ན་རྫུན་གྱི་ཕྲེང་བ་ཡིན་ནོ། །ཚིག་གི་སྨྲ་བའི་སྒོ་ནས། ལྷན་ཅིག་སྐྱེས་པ་ཇི་ལྟར་བརྗོད་པར་ནུས་ཏེ་མི་ནུས་ལ། ལུས་ངག་ཡིད་ཀྱི་སྤྱོད་པ་རྣམ་འགྱུར་དཀའ་ཐུབ་སྨྲ་བརྗོད་མནོ་བསམ་སྤྲོས་པའི་བསམ་གཏན་སོགས་གང་ལ་ཡང༌། དངོས་སུ་ལྷན་


TNT10_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རྟོགས་པར་ནུས་པ་གང་དུ་ཡང་མི་འཇུག་གོ །དཔལ་ས་ར་ཧས་ཀྱང༌། བླ་མས་བསྟན་པར་བྱ་བའམ། །སློབ་མས་གོ་བྱ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །སུ་ལ་སུ་ཞིག་གིས་ནི་བརྗོད། །ཅེས་དང༌། གྲུབ་ཐོབ་ཏིལ་བརྡུང་མཁན་གྱིས་ཀྱང༌། སོ་སོ་རང་རིག་འབྲས་བུ་ནི། །ཏིལ་ལི་པ་ཡི་ཚིག་གིས་སྨྲས། །གང་ཞིག་ཡིད་ཀྱི་སྤྱོད་ཡུལ་སྦས། །དེ་ནི་དོན་དམ་མ་ཡིན་ནོ། །འོ་ན་སློབ་མའི་རྒྱུད་ལ་ལྷན་སྐྱེས་སྐྱེད་པའི་ཐབས་མེད་པར་འགྱུར་སྙམ་ན། ངག་གི་ལམ་ལས་འདས་པའི་ལྷན་སྐྱེས་དངོས་སུ་ཚིག་གིས་ཇི་ལྟར་སྨྲ་སྟེ། དོན་ཇི་བཞིན་ཚིག་གིས་མཚོན་མི་ནུས་ཀྱང༌། བླ་མས་རྫུན་པ་རྟེན་འབྲེལ་གྱི། བརྡ་ཐབས་སྣ་ཚོགས་པ་རྣམས་ཀྱིས། རྟག་ཏུ་མཉམ་པར་འཇོག་པ་ལ་བརྩོན་པའི་སློབ་མ་ལ། ཇི་ཞིག་ན་ཡེ་ཤེས་སྐྱེའོ། །ས་ར་ཧ་པའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པ་ཚིག་གིས་མི་མཚོན་ཏེ། །བླ་མའི་མན་ངག་མིག་གིས་མཐོང་བར་འགྱུར། །གང་ཡང་དོན་དེ་ལ་དམིགས་ནས་ཚིག་གིས་སྨྲ་བ་དེ་དང་དེ་རྣམས་གང་བརྗོད་ཀྱང་དོན་དམ་པ་ལ་མི་རེག་པས། རྫུན་ཡིན་ཏེ། བློ་སྙམ་བྱེད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་དེ་དང་འདྲའོ། །བླ་མའི་བརྡ་ཐབས་ཀྱིས་སློབ་མ་འཁྲུལ་བར་བྱས་ཞེས་པ་ནི། ལོག་པའི་མན་ངག་བསྟན་པས། སློབ་མ་བསླུས་སོ་ཞེས་པའི་དོན་མ་ཡིན་གྱི་བླ་མས་ཐབས་ཀྱི་གདམས་ངག་བསྟན་པས། སློབ་མའི་རྒྱུད་ལ་ཡང་དག་པའི་དོན་གསར་དུ་སྐྱེས་པར་སྣང་བ་དེ་ཡང་སློབ་མ་ཉིད་ཀྱི་བློ་འཁྲུལ་པའི་སྣང་བ་སྒྱུ་མ་ལྟ་བུའོ། །ཞེས་པ་སྟེ། རང་བཞིན་གཉུག་མ་ལ་གསར་དུ་སྐྱེ་རྒྱུ་དང་རྟོགས་རྒྱུ་མེད་པའི་ཕྱིར་རོ། །ཀཧྣ་པ་ངས་ཀྱང་རྒྱལ་བའི་རིན་པོ་ཆེ་ལྷན་ཅིག་སྐྱེས་པ་གཞན་ལ་ཇི་ལྟར་སྨྲ་སྟེ། བརྗོད་པར་མི་ནུས་པའི་ལྐུགས་པས། གོ་བའི་མཐུ་མེད་


TNT10_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོན་པར་སྨྲས་པ་ཇི་ལྟ་བ་བཞིན་ནོ། །དེ་བས་ན་མན་ངག་སྒོམ་པས་ཉམས་སུ་མྱོང་གི སྒྲ་དང་རྟོག་པའི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཞེས་པ་ཡིན་ལ། འདིས་ལྷན་སྐྱེས་ཞེས་པ་རྣམས་ནི་ཞུ་བདེ་མ་ཡིན་གྱི། གཉུག་མའི་ལྷན་སྐྱེས་སོ། །ལཀྵྨཱི་ཀུརྦནྟུ། །༈ བཅུ་གཉིས་པ་ཀཱ་མོ་ད་འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས་ནི། སེམས་ཀྱི་ལྷན་སྐྱེས་སྟོང་ཉིད་རྫོགས། །ཕུང་པོ་དང་བྲལ་སྡུག་བསྔལ་མེད། །སྨྲས་པ་ཇི་ལྟར་ཀཧྣ་མེད། །བདག་ནི་ཁམས་གསུམ་གཏན་དུ་འཕྲོ། །རྨོངས་པ་བསྟན་ཉམས་འཇིགས་བཅས་མཐོང༌། །རླབས་བྲལ་རྒྱ་མཚོ་ཇི་ལྟར་སྐམ། །ཡོད་བཞིན་འཇིག་རྟེན་རྨོངས་མི་མཐོང༌། །འོ་མ་མར་ཡོད་བཞིན་མི་མཐོང༌། །འགྲོ་འོང་མེད་པའི་སྲིད་པ་འདི་ཡང་གང༌། །ཀཧྣ་རྣལ་འབྱོར་ངོ་བོ་ཉིད་བཞིན་རོལ། །ཅེས་པ་སྟེ། འདི་ལའང་ཐུབ་པས་སྦྱིན་གྱིས། ཚིག་རྐང་དང་པོ་གཉིས་དྷྲུའི་རྐང་པར་བཤད་ཀྱང་ཐ་མ་གཉིས་ཡིན་པར་གསལ་ལོ། །དེ་ཡང་སེམས་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པ་འདི་ལ། སྟོང་པ་ཉིད་བཅུ་དྲུག་གམ། བཅོ་བརྒྱད་དམ། ཉི་ཤུ་ལ་སོགས་པ། སྟོང་པ་ཉིད་ཀྱི་རྣམ་གྲངས་ཇི་སྙེད་གསུངས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ངོ་བོར་གནས་སོ། །འདིར་སྟོང་ཉིད་བཅུ་དྲུག་སོགས་ཀྱི་རྣམ་གཞག་རྟོགས་དགོས་མོད་ཀྱི། རྒྱས་པར་ཁ་སྦྱོར་ཐིག་ལེའི་རྒྱུད་ཕྱི་མ་ལས་རྟོགས་པར་བྱའོ། །མདོར་ན་ནང་གི་སེམས་བསྐྱེད་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་མེད་ཅིང་མ་ཡིན་པ་དང༌། རང་བཞིན་མཉམ་ཉིད་བདེ་བ་ཆེན་པོ་ཡོད་ཅིང་ཡིན་ཡང༌། བློའི་ཡུལ་ལས་འདས་པ་ཉིད། སྟོང་ཉིད་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་མདོ་དོན་ཡིན་ནོ། །དགྱེས་རྡོར་


TNT10_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་སོ། །མཚན་གཞི་ཕུང་པོ་ལྔ་ལ་སོགས་པ། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་དང་བྲལ་ལ། མཚན་ཉིད་སྡུག་བསྔལ་ལ་སོགས་པ་ཡང་ངོ་བོས་མེད་དོ། །དེས་ན་དངོས་པོ་ཐམས་ཅད་མི་རྟག་པས་སྡུག་བསྔལ་གྱི་མཚན་ཉིད་ཅན་ཡིན་ལ། དངོས་མེད་ནི་བླང་དོར་གྱི་ཡུལ་མ་ཡིན་པས། རྣལ་འབྱོར་ལ་མངོན་པར་དགའ་བ་རྣམས་ལ་གླེང་བརྗོད་མི་དགོས་ཀྱང༌། རྟོག་གེ་བ་དང་ལྷན་ཅིག་སྨྲ་བར་འདོད་ན། དངོས་པོ་ལ་བརྟེན་པའི་ཕྱིར་དེའི་ཁོངས་སུ་འདུས་སོ། །ཡང་སྨྲས་པ། བདག་ཀཧྣ་པའི་དོ་བ་ནི། གདོད་མའི་ལྷན་སྐྱེས་ཉིད་དེ། དེ་ནི་ཇི་ལྟར་མེད་དེ་རྟག་ཏུ་ཡོད་ལ། བདག་སེམས་རང་བཞིན་གྱི་འོད་གསལ་བ་འདི་ནི། ཀུན་རྫོབ་ཁམས་གསུམ་ཐམས་ཅད་འབྱུང་བའི་གཞི་དང༌། དོན་དམ་ཁམས་གསུམ་ཐམས་ཅད་ཀྱི་ངོ་བོར་གནས་པ་ཡིན་པས། རང་བཞིན་འོད་གསལ་འདི་ལས། ཁམས་གསུམ་ཐམས་ཅད་གཏན་དུ་སྟེ་རྟག་པར་འཕྲོ་བ་ཡིན་ནོ། །རྨོངས་པ་ཞེས་སྐྱེ་བོ་རྣམས་ལ་བོས་ནས། སྣང་གྲགས་ཀྱི་དངོས་པོ་འདི་རྣམས་བསྟན་པ་ཉམས་པ་སྟེ་འཇིག་པ་མཐོང་བས། དེས་རིགས་བསྒྲེས་ཏེ་ཡང་དག་པའི་ཡེ་ཤེས་ཀྱང་འཇིག་གོ་སྙམ་འཇིགས་ཤིང་སྐྲག་སྟེ་ཅིར་ཡང་མ་གྲུབ་ཅིང་གང་ཡང་མ་ཡིན་པ་ནི་གནས་ལུགས་དང༌། དོན་དམ་དང༌། བློ་གཏད་འཆའ་སའོ་ཞེས་ཕྱིན་ཅི་ལོག་ཏུ་མཐོང་བ་དག་སྣང་ངོ༌། །དེ་ནི་དཔེར་ན་མཚོ་རླབས་ཡང་ཡང་འགྱུར་ལྡོག་བྱེད་པ་མཐོང་ཞིང༌། མཚོ་དང་མཚོ་རླབས་དབྱེ་བ་མེད་པ་ཙམ་གོ་ནས། རླབས་མེད་པར་གྱུར་ན་ནི། མཚོ་ཡང་སྐམས་ཤིང་མེད་པར་འགྱུར་རོ་སྙམ་དུ་སེམས་པ་དང་འདྲ་སྟེ། འདུས་བྱས་འགྱུར་ཞིང་འཇིག་པས། གཉུག་མའི་སེམས་ཀྱང་


TNT10_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་འཇིག་སྙམ་པ་དང༌། འདུས་བྱས་སྐད་ཅིག་གིས་འཇིག་པས། གཉུག་མའི་སེམས་ཀྱང་སྐད་ཅིག་གིས་འཇིག་སྙམ་དུ་སེམས་པ་ནི་ཤིན་ཏུ་འཁྲུལ་ཏེ། དཔེར་ན་མཚོ་རླབས་ཞི་ཞིང་བྲལ་བར་གྱུར་ཀྱང༌། རྒྱ་མཚོ་ཇི་ལྟར་སྐམ་པར་འགྱུར་ཏེ། དེ་བཞིན་དུ་འདུས་བྱས་འཇིག་ཀྱང་ལྷན་སྐྱེས་གནས་ལ། སྣང་གྲགས་ཐམས་ཅད་ངོ་བོས་མ་གྲུབ་ཅིང༌། རང་བཞིན་གྱིས་སྟོངས་ཀྱང༌། དོན་དམ་དབྱིངས་ནི་རང་བཞིན་གྱིས་ངོ་བོར་ཡོད་མོད་ཀྱི། རྟག་ཏུ་ཡོད་བཞིན་དུ་ཡང་འཇིག་རྟེན་རྨོངས་པ་རྣམས་ཀྱིས་མི་མཐོང་སྟེ། འོ་མ་ལ་མར་གྱི་ཁམས་ཡོད་ཀྱང་མི་མཐོང་བ་བཞིན་དུ་འདི་ཡང་མི་མཐོང་ངོ༌། །སེམས་ཅན་ལ་སངས་རྒྱས་ཡོད་པ་དང༌། འོ་མ་ལ་མར་ཡོད་ཅེས་པའི་ཚིག་ཙམ་ཐོས་པ་ན། མཚན་ཉིད་པ་རང་ཉིད་མཁས་པར་མངོན་པའི་ང་རྒྱལ་ཅན། ཁོག་དོན་རང་ལ་སྤྲ་ཅལ་བ་ལས་ཀྱང་ཆེས་སྤྲ་ཅལ་བ་དག གསང་སྔགས་ལ་ཡང་རང་དགར་སྦར་ཆོད་བྱེད་ཅིང༌། ཆོས་སྐད་འདི་དག་གྲངས་ཅན་པའི་ཕྱོགས་སུ་འཕུལ་བར་བྱེད་དེ། དེ་དག་ནི་མུ་སྟེགས་གྲངས་ཅན་པའི་གཞུང་ལུགས་ཤོག་ལྡེ་གཅིག་ཀྱང་མ་མཐོང༌། ཤོ་ལོ་ཀ་གསུམ་སྦྲེལ་པ་ཡང་མ་ཐོས་བཞིན་དུ། གྲངས་ཅན་པའི་གྲུབ་མཐའ་ལ་མཁས་གྲགས། ཧ་ཅང་ཁ་ཐལ་འདུག་པས། འོས་མིན་གྱི་སྦད་གོག་དེ་མ་བཤད་པ་རང་དགའ་ལགས། ཆ་མེད་ཀྱི་རྒྱུས་གཏམ་བྱ་བ་དེ་ཁྱེད་ལ་ཡོང་བ་ཡིན། གྲངས་ཅན་པ་རང་དང་ཁྱེད་ཐུག་ན་ནི་ཁྱེད་ལྐུག་པ་བཞིན་དུ་འགྲོ་ཉེན་གདོག་གོ །དེའི་ལུགས་ལ་ནི། རྒྱུད་ལྟར་བ་ལ་མ་འོངས་འབྱུང་འགྱུར་གྱི་འབྲས་བུའི་རྫས། རང་བཞིན་རྟག་པ་ཞིག་ད་ལྟར་ཡོད་ཅེས་སྣང་གྲགས་གཞིར་བཞག་ནས་སྨྲ་བ་ཡིན་ལ། འདིར་ནི་སྣང་གྲགས་མ་ཡིན་རྒྱུ་འབྲས་ལས་གྲོལ། དོན་དངོས་གནས་ལ་


TNT10_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གཏན་ནས་ཀྱང་མ་གྲུབ། བློས་བདེན་གཉིས་ཐུན་མོང་དུ་རྣམ་པར་འཇོག་པའི་ཚེ། སེམས་ཅན་ལ་སངས་རྒྱས་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་ཡོད་ཀྱང་མི་མཐོང་ལ། མཐུན་པའི་རྐྱེན་དང་འཕྲད་པ་ན་མངོན་དུ་འགྱུར་རུང་ཡིན་པའི་ཕྱིར་དང༌། སེམས་ཅན་རྣམས་ཉིད་ལ་འདྲ་བའི་ཕྱིར་ན་ཁམས་དང་རྒྱུའི་དོན་དུ་རྣམ་པར་བཞག་གོ །དོན་དམ་རང་གི་ངོ་བོས་ནི་ཁམས་ཀྱི་དོན་དབྱིངས་དང༌། རིགས་ཀྱི་དོན་མི་འགྱུར་བ་ཡིན་གྱི། རྒྱུའི་དོན་དང་འདྲ་བའི་དོན་མ་ཡིན་ནོ། །དེའི་ཕྱིར་གྲངས་ཅན་དང་འདི་གཉིས་འདོད་ཚུལ་གཅིག་པར་འགྱུར་བའི་གོ་སྐབས་ནམ་ཡང་མེད་པར་གོ་ཡམ་ཨ་དགེ དེའི་ཕྱིར་འགྲོ་འོང་ལ་སོགས་པའི་སྤྲོས་པ་ཐམས་ཅད་བྲལ་ཞིང་མེད་པའི། ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ། ཀཧྣ་རྣལ་འབྱོར་པ་བདག་ནི་གང་སྲིད་པ་འདིར་ཡང་རོལ་པར་བྱེད་དོ། །ཞེས་ཏེ། སྲིད་པར་གནས་ཀྱང་སྲིད་པའི་ཉེས་པས་མི་གོས་ཏེ། འགྲོ་འོང་དང་བྲལ་བའི་དོན་རྟོགས་པས་སོ། །ཉེས་པས་མ་གོས་པ་ཙམ་དུ་མ་ཟད། ཕྱིར་ལ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་སྤྱོད་པའི་རོལ་པ་ཡང་བྱེད་དོ།། ཤྲཱིཾ་ཤྲཱིཾ་ཤྲཱིཾ།། ༈ བཅུ་གསུམ་པ་མལླ་རི་གྱད་ཀྱི་ཤུགས་ཞེས་བྱ་བའི་གླུ་དབྱངས་ནི། ཡིད་ལྗོན་དབང་ལྔའི་ཡལ་ག་ཅན་དེ་ལ། །འདོད་པ་འབབ་པའི་ལོ་འབྲས་འབབ་པར་བྱེད། །མཆོག་གི་བླ་མའི་གསུང་གི་སྟ་རེས་བཅད། །ཀཧྣས་སྨྲས་པ་ཤིང་ཆེན་སླར་མི་སྐྱེ། །ཤིང་དེ་དགེ་དང་མི་དགེའི་ཆུ་ཡི་འཕེལ། །མཁས་པས་གཅོད་པ་བླ་མའི་མཚན་ཉིད་ཀྱིས། །ཤིང་གང་གཅོད་དང་གཏུབ་པ་མི་ཤེས་ན། །རུལ་ནས་ལྟུང་ཞིང་རྨོངས་ཉིད་སྲིད་པ་མོས། །སྟོང་པའི་ཤིང་མཆོག་ནམ་མཁར་སྟ་རེ་ཡིས། །ཤིང་དེའི་ཡག་ག་རྩ་བ་


TNT10_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས་གཅོད། །ཅེས་པ་སྟེ། ཐོག་མ་མེད་པའི་དུས་ནས་སྲིད་པའི་བག་ཆགས་ཀྱི་ཡལ་ག་མཐའ་མེད་པ་མངོན་པར་འཕེལ་བའི་ཡིད་དེ་སེམས་ཀྱི་ལྗོན་ཤིང་དབང་པོ་ལྔའི་ཡལ་ག་ཅན་དེ་ནི་སྔོན་གྱི་བག་ཆགས་ཀྱི་སྟོབས་ལས་རང་སེམས་ལ་རང་སེམས་ཀྱི་སྣང་བ་འཆར་བ་ནི། འདོད་པའི་ཡོན་ཏན་ལྔ་འབབ་ཅིང་འབྱུང་བ་སྟེ། དབང་པོ་འདོད་ཡོན་དང་བཅས་པའི་ལོ་མ་རྣམ་རྟོག་དང༌། འབྲས་བུ་རྣམ་ཤེས་རྣམས་འབབ་པར་བྱེད་དོ། །འབབ་པའི་དོན་ནི་འབྱུང་བའོ། །དབང་པོ་དང་འདོད་ཡོན་རྣམས་ཡིད་ཀྱི་ཡལ་ག་དང༌། ཡིད་ལས་བྱུང་བར་བཤད་པས། བག་ཆགས་ཀྱི་སྟོབས་ལས་བྱུང་བའི་སེམས་སྣང་ཡིན་པར་འགྱུར་ཞིང༌། བག་ཆགས་མཐའ་ཡས་པ་ཞིག་ཡོད་པའི་ནང་ནས། དབང་ཡུལ་གྱི་བག་ཆགས་སྨིན་པ་ལས། དབང་ཤེས་དང་དབང་ཤེས་ཀྱི་བག་ཆགས་སྨིན་པ་སྐྱེ་བའི་ཕྱིར། དེའི་སྣང་ཆ་སེམས་ཅན་རྣམས་ཀྱི་སྣང་ངོར། དབང་ཡུལ་གཉིས་བྱུང་ཞིང༌། དེ་ལས་རྣམ་རྟོག་དང་རྣམ་ཤེས་འབྱུང་ངོ༌། །རྣམ་རྟོག་ནི་སེམས་ལས་འབྱུང་བ་སྟེ། རྣམ་ཤེས་སོ་སོའི་འཁོར་རྣམ་པར་རྟོག་པ་ཡང༌། རང་གི་རྣམ་ཤེས་དེ་ཉིད་ཀྱི་སྔ་རོལ་དང༌། དུས་མཉམ་དང༌། ཕྱིས་འབྱུང་བ་དག་ཡོད་དེ། ལོ་མ་མཐོ་དམན་བར་གསུམ་གྱིས། མེ་ཏོག་དང་འབྲས་བུ་ལ་ཕན་འདོགས་པ་དང་འདྲའོ། །ཚིགས་བཅད་འདི་ལ་ངྷྲུའི་རྐང་པ་ནི། མཆོག་གི་བླ་མའི་ཞེས་སོགས་ཡིན་ཏེ་འབབ་པར་བྱེད་ཅེས་པའི་མཐའ་དང༌། མཚན་ཉིད་ཀྱི་ཞེས་པའི་མཐའ་དང༌། སྲིད་པར་མོས་ཞེས་པའི་མཐའ་དང༌། ཉིད་ནས་སྤྱོད་ཅེས་པའི་མཐའ་རྣམས་སུ་ངྷྲུའི་རྐང་པ་སྦྱར་བས། ཚིག་དོན་འབྲེལ་ཆགས་པའི་གོ་བ་བསྐྱེད་པར་གྱུར་པ་ཡིན་ནོ། །དེས་ན་སྔ་མ་རྣམས་ལའང༌། ངྷྲུའི་རྐང་


TNT10_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་བརྟག་དགོས་སྟེ། མ་བརྟགས་པར་རྐང་པ་གཉིས་པ་ལྟ་བུ་གཅིག་ལ། ངྷྲུའི་རྐང་པར་སྔ་ཕྱི་ཐམས་ཅད་དུ་ངོས་བཟུང་ན། འགའ་ཞིག་ཚིག་འབྲེལ་མེད་དུ་འགྲོ་ཉེན་ཡོད་དོ། །མཆོག་གི་བླ་མའི་གསུང་མན་ངག་གི་སྟ་རེས་ཡིད་ཀྱི་ལྗོན་པ་བཅད་ཟིན་གྱི་ཤིང་ལྗོན་པ་དེ་སླར་ཡང་མི་སྐྱེའོ་ཞེས་ཀཧྣས་སྨྲས་སོ། །དེ་ཡང་ལམ་གྱི་སྟ་རེས་སྤང་བྱ་བག་ཆགས་ཅན་གྱི་ཡིད་སྤང་བ་ནི། ལམ་གྱི་ཆེ་བ་དང༌། ཀུན་རྫོབ་ཐ་སྙད་ཀྱི་ཚུལ་ལས་ཡིན་ཅིང༌། སླར་ཡང་མི་སྐྱེ་བ་ནི། གདོད་མ་ནས་སྐྱེ་བ་མེད་པ་དོན་དམ་པ་འགོག་བདེན་གྱི་རྒྱུ་མཚན་ཏེ། དངོས་པོ་ཞིག་གདོན་ནས་ཡོད་ན། ལན་འགའ་སྤངས་ཀྱང༌། སྣང་བ་དེ་སླར་འབྱུང་བ་སྲིད་དེ། གདོད་ནས་གྲུབ་པའི་ས་བོན་སྤོང་མི་ནུས་པའི་ཕྱིར་རོ། གདོད་ནས་མེད་པ་ལ་ནི་དེར་སྣང་གི་འཁྲུལ་པ་ཟད་ན། སླར་སྣང་བ་མི་འབྱུང་སྟེ། སྣང་བའི་རྒྱུ་མེད་པའི་ཕྱིར་རོ། །བག་ཆགས་ཅན་གྱི་ཡིད་ཀྱི་ཤིང་དེ། དགེ་བ་དང་མི་དགེ་བའི་རྣམ་པར་རྟོག་པའི་ལས་ཀྱི་ཆུ་ཡིས་འཕེལ་བར་བྱེད་ཀྱང༌། དོན་དམ་བདེ་བ་ཆེན་པོ་ལ་མཁས་པས། ཡིད་ཀྱི་ལྗོན་ཤིང་བཅད་པར། དགེ་མི་དགེའི་ཆུའི་བྱེད་པ་རང་སར་ཆད་པ་འདི་ནི། བླ་མ་དམ་པའི་ཞབས་པད་སློབ་མ་མཆོག་གི་གུས་པར་བརྟེན་པའི་མཚནཉིད་དེ། ཁྱད་ཆོས་ཀྱིས་ཡིན་ནོ། །གལ་ཏེ་བླ་མ་དམ་པའི་མན་ངག་དང་བྲལ་བས། བག་ཆགས་ཀྱི་ཤིང་གང་ཞིག་རྩ་བ་ནས་གཅོད་པ་དང༌། ཆ་ཤས་ནས་གཏུབ་པའི་ཐབས་མི་ཤེས་པ་དེ་དང་ནི། ཕྱིས་ཉོན་མོངས་པ་དང་མི་དགེ་བའི་རླན་དྲོད་ཀྱིས་རུལ་ནས། ངན་འགྲོར་ལྟུང་ཞིང༌། མཐའ་མེད་པར་སྡུག་བསྔལ་མྱོང་བར་འགྱུར་མོད་ཀྱང༌། སྐྱེ་བོ་རྨོངས་པ་རྣམས་ཉིད། སྲིད་པ་འཁོར་བ་འཕེལ་བའི་ཐབས་ཉིད་ལ་མོས་ཤིང་དགའ་བར་བྱེད་དོ། །རྟོག་དཔྱོད་ཅན་གྱི་སྒོམ་པས་རྩ་བ་གཅོད་པར་མི་ནུས་ཤིང༌། ཐོས་བསམ་ཙམ་གྱི་ཤེས་རབ་


TNT10_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆ་ཤེས་ཡལ་ག་ཡང་གཏུབ་པར་མི་ནུས་ཞེས་དང༌། ལྗོན་ཤིང་གསར་བའི་དུས་སུ་མ་བཅད། རྙིང་ནས་རུལ་བ་ན་འགྱེལ་བའི་ཚེ་ནོར་དུ་མ་བཏུབ་ཅིང་གཞན་ལའང་གནོད་པ་སྐྱེལ་བ་དཔེར་མཛད་ནས། བག་ཆགས་རྣམས་འབྲས་བུ་མ་སྨིན་གོང་དུ་མ་སྤངས། རུལ་བ་དང་འདྲ་བར་སྨིན་པ་ན། རང་གཞན་སྡུག་བསྔལ་བསྐྱེད་པ་ཙམ་ཞིག་ཡིན་ནོ། །ཞེས་པའི་དོན་དུ་ཤེས་པར་བྱའོ། །བླ་མ་དམ་པའི་གསུང་གི་ལམ་ཐོབ་པ་ནི། སྟོང་པ་ནི་སྟོང་པ་ཆེན་པོ་མ་རིག་པ་ཉོན་མོངས་ཀྱི་ཤིང་ཐམས་ཅད་ཀྱི་མཆོག་གཙོ་བོ་དེ། ནམ་མཁའ་སྟོང་པའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་ས་གཞི་དེར། འོད་གསལ་བདེ་བ་རྣམ་པ་ཐམས་ཅད་པའི་སྟ་རེ་ཡིས། མ་རིག་པའི་ཤིང་དེའི་ཡལ་ག་ནས་བརྩམས་ཏེ། རིམ་གྱིས་བཅད་ནས་མཐར་རྩ་བ་ཉིད་ནས་ཀྱང་གཅོད་དོ། །དེ་ནི་དང་པོར་རྫོགས་རིམ་གྱི་ཉམས་མྱོང་ཐོག་མ་སྐྱེས་པ་ནས། མ་རིག་པའི་ཆ་ཤས་ལྡོག་ཅིང༌། མཐར་ཟུང་འཇུག་མཆོག་གི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྩ་བ་ནས་སྤང་པའི་བར་དུ་གོ་བར་བྱའོ། །དེ་ལྟ་བས་ན་ཡང་དག་པའི་ཡེ་ཤེས་སྐྱེ་བ་ནི། བླ་མ་དམ་པའི་བཀའ་དྲིན་ལས་ཡང་དག་པར་ཐོབ་པའོ། །ཨོཾ་ཨ༌། །།༈ དེ་ལྟར་ན་སློབ་དཔོན་སྤྱོད་པ་པའི་དོ་ཧ་སྡེ་ཚན་བཅུ་གསུམ་པོ་དེ་དག་ནི། སློབ་དཔོན་ཐུབ་པས་བྱིན་གྱིས་བཤད་པ་མཛད་པ་དང་ཕལ་ཆེར་མཐུན་པར་བྱས་པ་སྟེ། དེར་བཤད་པ་གཞུང་དོན་དུ་མི་འགྱུར་བ་ཅུང་ཟད་ཡོད་པ་རྣམས་བོར་ཞིང༌། འགྲེལ་པར་མ་ཐོན་པ་གཞུང་གི་ཚིག་དོན་དང་ཁོག་དོན་གནས་པ་གལ་ཆེ་བ་ཅི་རིགས་པའང་བསྣན་ཏེ་གསལ་བར་བརྗོད་པ་ཡིན་ནོ། །ཡང་བོད་ཀྱི་ཕྱོགས་འདིར་ཀོར་ནི་རུ་བར་གྲགས་


TNT10_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟངས་གླིང་གི་པཎྜི་ཏ་པྲཉྫཱ་ཤྲཱི་ཛྙཱ་ན་དང༌། ཡང་སློབ་དཔོན་དྷི་རི་ཤྲཱི་ཛྙཱ་ན་དང༌། བྲམ་ཟེ་རཏྣ་པཱ་ལ་དང༌། སྟོང་ལུང་བྷཻ་རོར་གྲགས་པ་བཻ་རོ་ཙ་ན་བཛྲ་ཞེས་པ་འདི་རྣམས་ཀྱིས། གྲུབ་ཐོབ་སོ་སོའི་དོ་ཧ་དང༌། གདམས་ངག་ཐོར་བུ་མང་དུ་བསྒྱུར། དམ་པ་སངས་རྒྱས་སུ་གྲགས་པ་བླ་མ་རྒྱ་གར་ནག་པོ་ཆུང་བས་ཀྱང༌། གྲུབ་ཐོབ་སོ་སོའི་གཞུང་ཕྲན་གདམས་ངག་ཡིན་གསུང་བ་ཆེས་མང་བ་ཞིག་གསུངས་འདུག དེ་དུས་ཞ་མ་ལོ་ཙ་བ་སེང་གེ་རྒྱལ་མཚན་དང༌། རྨ་ཆོས་འབར་སོགས་ཀྱིས་བསྒྱུར་བའང་མང་དུ་འདུག་ཅིང༌། མང་པོ་ཞིག་ཁོང་རང་གི་རང་འགྱུར་བོད་སྐད་དུ་བསྒྱུར་རོ། །ཡང་མང་པོ་ཞིག་མཐའ་ཅིག་ཏུ་བསྒྱུར་བར་ཡང་མ་ངེས་ཐུགས་ལས་འཁྲུངས་པའང་ཡོང་པར་སྣང་སྟེ། གྲུབ་ཐོབ་ཀྱི་རྣམ་ཐར་ལ་ངེས་པ་མེད་མོད། འོན་ཀྱང་འདིའི་རིགས་ལ་དཔྱད་པ་མི་འཇུག་གོ །དེ་རྣམས་ཀྱི་ནང་ན་སློབ་དཔོན་ནག་པོ་སྤྱོད་པ་པའི་གསུང་དུ་བྱས་པ་ཐོར་བུ་མང་དུ་སྣང་མོད་ཀྱང༌། རེ་ཞིག་གཞན་རྣམས་བཏང་སྙོམས་སུ་བྱས་ནས། བྲམ་ཟེ་རཏྣ་པཱ་ལས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཕལ་ཆེར་གྱི། དོ་ཧ་དང་གདམས་པ་སྣ་རེ་སྣ་གཉིས་བསྡུས་པའི་རང་འགྱུར་དུ་མཛད་པ་འདི། རྒྱ་དཔེ་ལས་བསྒྱུར་ངེས་པའི་གཞུང་ཡིད་ཆེས་ཅན་དུ་འདུག །འདིའི་ནང་ན་ནག་པོ་སྤྱོད་པ་པའི་དོ་ཧ་འདི་འབྱུང་སྟེ། དེ་ཡང༌། རྡུལ་ཚོན་དཀྱིལ་འཁོར་བུམ་པ་དྲིལ་བུ་སོགས། །གྲོལ་བར་མི་ལྟ་ཕུང་པོ་འགྲངས་པའི་ཐབས། །ཀཧྣ་པས་བརྗོད་དེ་འདྲ་སུ་ཞིག་བྱེད། །ཐམས་ཅད་རྫུན་པ་ཡིན་པས་བསླུ་བར་འདོད། །ལྷན་སྐྱེས་གཅིག་པུའི་ལམ་མཆོག་འདི་ཉིད་ནི། །ཀཧྣ་ང་ཡིས་གསལ་བར་ཡོངས་སུ་ཤེས། །ལུང་དང་བསྟན་བཅོས་མང་པོ་བཀླགས་པ་དང༌། །སྦྱངས་ཀྱང་བྱིས་པས་ཅུང་ཟད་ཤེས་མི་འགྱུར། །


TNT10_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དང་གཡོན་གྱི་ལམ་ལ་འགྲོ་བ་བཀག །ཟླ་བ་ཉི་མ་སྒྲ་གཅན་གཅིག་ཏུ་འདྲེས། །སྣང་མིན་མུན་པ་མིན་ལ་རབ་ཏུ་གསལ། །ལྷན་ཅིག་སྐྱེས་པ་བླ་མའི་དྲིན་ལས་འབྱུང༌། །ནག་པོ་སྤྱོད་པའི་གླུ་རྫོགས་སོ་ཞེས་འབྱུང་སྟེ། འདི་ནི་གོང་དུ་བཤད་ཟིན་པའི་དོ་ཧ་སྔ་མ་རྣམས་དང་ཚིག་ལམ་ཡང་འདྲ་བར་སྣང་ངོ༌། །འདིའི་དོན་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱིས་མཚོན་པའི། རས་བྲིས་དང་འབུར་དོད་དང༌། རྣམ་རྟོག་གིས་བརྟགས་པའི་ལུས་དཀྱིལ་སོགས་སྤྲོས་པའི་དཀྱིལ་འཁོར་དང༌། བུམ་པ་དང་དྲིལ་བུ་ལ་སོགས་པ་རྫས་ཀྱི་ཁྱད་པར་ལ། མཚན་མར་ལྟ་ཞིང་ངོམས་པས། གྲོལ་བར་མི་ལྟ་སྟེ་གྲོལ་བ་མ་མཐོང་ལ། དེ་ཉིད་ཕུང་པོ་འགྲངས་པའི་ཐབས་འཚོ་བའི་རྒྱུ་ཅན་ཙམ་ཡིན་ནོ། །ཞེས་ཀཧྣ་པས་བརྗོད་དོ། །མཆོག་དོན་དུ་གཉེར་བས་སྤྲོས་པ་དེ་འདྲ་སུ་ཞིག་བྱེད་དེ། འདུས་བྱས་བཅོས་མའི་རྣལ་འབྱོར་དེ་ཐམས་ཅད་རྒྱུ་རྫུན་པ་ཡིན་པས་ན། གོ་འཕང་མི་གཡོ་བའི་འབྲས་བུ་མི་ཐོབ་ཅིང་བསླུ་བ་ཡིན་པར་འདོད་དོ། །གཅིག་པུའི་ཞེས་པ་གཞི་མཐུན་བསྡུ་བ་སྟེ། ལྷན་སྐྱེས་གཅིག་པུ་ཡང་ཡིན་ལ་ལམ་མཆོག་ཀྱང་ཡིན་པ་འདི་ཉིད་ནི། ཀཧྣ་བ་ང་ཡི་ཉམས་སུ་མྱོང་བས་གསལ་བར་ཡོངས་སུ་ཤེས་ཀྱི། བྱིས་པ་སོ་སོའི་སྐྱེ་བོའི་པཎྜི་ཏ་སོགས་མཁས་རྨོངས་རྣམས་ཀྱིས། ལུང་བཀའ་དང་བསྟན་བཅོས་དགོངས་འགྲེལ་མང་པོ་བཀླགས་པ་དང་སྦྱངས་ཀྱང༌། ཟབ་མོའི་དོན་འདི་ཅུང་ཟད་ཀྱང་ཤེས་པར་མི་འགྱུར་ཏེ། བླ་མའི་མན་ངག་དང་བྲལ་བས་སོ། །ལུང་གསང་སྔགས་དང་བསྟན་བཅོས་ནི་སྡེ་སྣོད་གསུམ་མམ། སྒྲ་ཚད་སོགས་ཕྱི་རོལ་གྱི་ཚུལ་ལ་འཆད་པའང་ཡོད་དོ། །ལྷན་སྐྱེས་ཀྱི་ལམ་དེ་ཡང་ཇི་ལྟ་བུ་ཞེ་ན། གཡས་རོ་མ་དང༌།


TNT10_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྐྱང་མའི་ལམ་ལ་རླུང་དང་ཐིག་ལེ་འགྲོ་བ་བཀག་སྟེ། དབུ་མར་འདུས་པས། སེམས་རྣམ་པར་མི་རྟོག་པའི་བདེ་སྟོང་གཅིག་ཏུ་གནས་ལ། ཟླ་བ་ཐིག་ལེ་དཀར་པོ་དང་སྣང་བ། ཉི་མ་ཐིག་ལེ་དམར་པོ་དང་མཆེད་པ། སྒྲ་གཅན་མུན་པ་རླུང་དང་ཐོབ་པ་སྟེ། དེ་རྣམས་གཅིག་ཏུ་འདྲེས་པ་ནི། ལུས་ཀྱི་ཆོས་དཀར་དམར་རླུང་གསུམ་དབུ་མར་དག་པ་དང༌། སེམས་ཀྱི་ཆོས་བདེ་གསལ་མི་རྟོག་པ་གསུམ་རོ་མཉམ་པ་དང༌། ལུས་སེམས་གཉིས་ཀ་ལ་བརྟེན་པའི་ཆོས་དགའ་བ་གསུམ་གཅིག་ཏུ་འདྲེས་པ་ན། ཀུན་རྫོབ་རྣམ་ཤེས་ཀྱི་ཕྱོགས་ལ་སྣང་བ་མ་ཡིན་ལ། དོམ་དམ་ཡེ་ཤེས་ཀྱི་ཕྱོགས་ལ་མུན་པ་མ་ཡིན་པས། བདེ་བ་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བ་འདི་ནི་གདོད་མའི་སྐུའམ། འོད་གསལ་ཐམས་ཅད་སྟོང་པའམ། དགའ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཐོབ་པ་ཡང་རྡོ་རྗེ་སློབ་དཔོན་བླ་མ་དམ་པས་བྱིན་གྱིས་བརླབས་པའི་བཀའ་དྲིན་ལས་འབྱུང་ངོ་ཞེས་པ་སྟེ། གཞུང་འདིའི་རྫོགས་རིམ་གྱི་ཡེ་ཤེས་དངོས་དེ་ངོས་འཛིན་ཅིང༌། དེ་རྟོགས་པའི་ཐབས་ལ་ཐེ་ཚོམ་བསལ་བར་བྱས་པ་ཡིན་ནོ།། སཾ་སུ་ཁ་བྷ་བཾ།། ཚིགས་བཅད་ལྔ་པ། ༈ རྒྱ་གར་སྐད་དུ། པཉྩ་ཤུ་ལོ་ཀ བོད་སྐད་དུ། ཚིགས་བཅད་ལྔ་པ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆུ་ཟད་པས་ན་འདམ་གྱི་པདྨ་སྐེམས། །སྦྲང་རྩི་བྲོས་པས་གར་སོང་ཆ་ཡང་མེད། །རྩ་བ་ལོ་མ་སྡོང་བུ་མེ་ཡི་སྦྱོར་བས་ཟད། །ནང་པོ་ན་རེ་དབང་པོའི་བཞད་གད་ལ་ནི་ལྟོས། །ཟ་ཞིང་འཐུང་དང་གནས་ནས་ཡལ་ག་བཅག་ནས་སོང༌། །ཀྱཻ། འདིར་ནི་བདག་གི་ལས་ནི་གཏུམ་པོ་ལྟ་བུ་ཡིན། །དགུན་གྱི་བ་མོ་ལྟ་བུས་པདྨ་བསྲེགས། །ཡོན་ཏན་བརྒྱ་ནི་སྐྱོན་


TNT10_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ཟད་བྱས། །རྒྱ་མཚོ་ཟད་པས་པདྨ་རྣམས་ཀྱང་སྐམ། །དེ་ཚེ་སྒོ་བཅུ་ལས་ནི་དུ་བ་འབྱུང༌། །འཇིག་རྟེན་པ་ནི་ནག་པོ་མེད་ཅེས་ཟེར། །ནག་པོ་ཐེག་ཆེན་ཟབ་མོའི་ནགས་ན་གནས། །སེམས་ནི་སྟོང་ཞིང་གཉུག་མའི་ངང་དུ་རྫོགས། །ཕུང་པོ་བཞད་གད་གྱུར་ཀྱང་འགྱོད་པ་མེད། །འོ་མའི་ནང་ན་མར་ཡོད་མི་མཐོང་ཞིང༌། །འདོད་པ་ཡོད་དེ་འཇིག་རྟེན་པས་ནི་མཐོང་བ་མེད། །འཇིག་རྟེན་འཚོ་བའམ་ནི་འཆི་བ་གང་ཡང་མེད། །འདི་ལྟ་བུ་ཡི་ལོངས་སྤྱོད་ནག་པོ་རྣལ་འབྱོར་པ། །པདྨ་བཞིན་དུ་ལུས་ཆ་སྐམས་གྱུར་ཀྱང༌། །ནག་པོ་ཅི་ཡི་ཕྱིར་ན་ཤི་ཞེས་བྱ། །བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ནག་པོ་པས་མཛད་པའི་ཚིགས་སུ་བཅད་པ་རྫོགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་མཛད་པའོ། །འདིའི་མཚན་དོན་བསྒྱུར་བ་ནི། ཤྲུ་ལོ་ཀ་ནི་ཚིགས་བཅད། པཉྩ་ཀཾ་ནི་ལྔ་པ། དངོས་པོའི་དོན་ཀཾ་ནི་ཚིགས་སྡུད་ཀྱིས་བསྡུས་ཏེ། གྲངས་ཀྱི་མིང་སྔོན་དུ་སྦྱར་བའོ། །ཧེ་རུ་ཀ་ལ་ཕྱག་འཚལ་བ་ནི། རྒྱ་དཔེ་ཉིད་ལ་ཡོད་པ་སྟེ། སྐད་གཉིས་སྨྲ་བས་བཅུག་པ་ནི་མ་ཡིན་ནོ། །དོ་ཧའི་གླུ་དབྱངས་འདི་ནི། སློབ་དཔོན་ནག་པོ་སྤྱོད་པ་བ། སྒྱུ་མ་ལྟ་བུའི་རྣམ་པར་ཐར་པ་མངའ་བ་དེས། གང་གི་ཚེ་ཕྱི་རབས་ཀྱི་སེམས་ཅན་རྣམས་ལ། ང་རྒྱལ་གྱི་སྐྱོན་དང༌། བླ་མའི་བཀའ་སྤངས་བའི་ཉེས་དམིགས་སྟོན་པའི་ཕྱིར། ནུས་པ་ཐོབ་པའི་རྣལ་འབྱོར་པ་ཕོ་མོ་བདུན་ཅུ་རྩ་གཉིས་ཀྱི་དབུས་སུ་རྣམ་སྨིན་གྱི་ལུས་བོར་བའི་ཚུལ་བསྟན། དེ་ནས་ཞག་ལྔ་པ་ལ་གདུང་ཞུགས་ལ་གཞེན་པར་བརྩམས་པ་ན། རལ་གྲི་ལ་སོགས་པ་དངོས་གྲུབ་བརྒྱད་ཅུ་རྩ་བཞི་སྟེར་བར་བྱེད་པ་པོ། གདོད་མའི་གྲུབ་ཐོབ་


TNT10_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་རྩ་བཞི་པོ་ཡང་འཁོར་དང་བཅས་པ་གང་ན་བྱུང་ཆ་མེད་པར་འོངས་ཏེ། བར་སྣང་ལ་དཀྱིལ་འཁོར་བྲིས་པའི་དབུས་སུ་གདུང་བཞག་སྟེ་མེ་འོད་ཀྱིས་སྦྱངས་སོ། །དེར་མྱ་ངན་གྱི་ཤུགས་དང༌། འཕྲུལ་གྱི་བཀོད་པ་དེ་དག་ལྟ་བར་འོངས་པའི་རྣལ་འབྱོར་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང༌། གཞན་ཡང་གློ་བུར་དུ་ལྷགས་པ་འབུམ་ཕྲག་དུ་མ་འདུས་ཏེ་གནས་པ་ལས། ཞག་བདུན་པའི་ཐ་མར་སློབ་དཔོན་ཉིད་སྔོན་བཞིན་དུ་བྱོན་ཏེ་མངོན་སུམ་ཉིད་དུ་སྣང་བ་ལས། གདུགས་བདུན་བརྒྱ་དང༌། ཅང་ཏེའུ་བདུན་བརྒྱ་དང༌། སྣང་བ་དང་མི་སྣང་བའི་འཁོར་བདུན་བརྒྱ་པ་གཉིས་དང་བཅས་པའོ། །རྣལ་འབྱོར་པ་ཐམས་ཅད་ངོ་མཚར་སྐྱེས་ནས་མདུན་དུ་བསུ་བ་ལས། ཆོས་ཀྱི་བཀའ་མཆིད་བགྲོ་བ་མང་དུ་མཛད་ནས། ངའི་ལུས་ག་རེ་ཞེས་གསུང་པ་ལ། བསྲེགས་ཟིན་ནོ་ཞུས་པས། གླུ་དབྱངས་དམ་པ་འདི་གསུངས་ཏེ་འཁོར་སྟོང་བཞི་བརྒྱ་དང་བཅས་མི་སྣང་བར་གྱུར་སྐད། དེ་ནས་རེ་ཞིག་ཤར་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད། སློབ་མ་རྣལ་འབྱོར་ཕོ་མོས་གང་བ་ལྟ་བུར་ཡོད་པ་ལས། ཇི་ཞིག་ལྟར་ལ་གར་སོང་ཆ་ཡང་མེད་དོ། །དུས་དེ་ཉིད་དུ་མ་རུ་ལ་སོགས་པ་ནུབ་ཕྱོགས་ཀྱི་ཡུལ་རྣམས་སུ་ནི། སྐུ་ལུས་ཕྱག་རྒྱ་དྲུག་དང་ལྡན་པ་མངོན་སུམ་དུ་བྱོན་ནས། ཡུལ་ཐམས་ཅད་རྒྱུ་ཞིང༌། སྐྱེ་བོ་མང་པོ་ལ་ཆོས་སྟོན་པ་སོགས། དུས་ཡུན་རིང་པོར་ཡང་བཞུགས་སོ། །ལྷོ་ཕྱོགས་ཀརྞ་ལ་སོགས་པའི་རྒྱུད་དུ་ནི། བར་དོར་མཆོག་བརྙེས་ནས། སྔར་གྱི་སྐུ་ལུས་དེ་ཉིད་ལ་ཞུགས་ཏེ། སྐུ་ལུས་དེ་ཁོ་ན་ཡིན་ཅེས་ཟླ་བ་མང་པོར་སེམས་ཅན་གྱི་དོན་མཛད་པ་ཡང་བྱུང་ངོ༌། །ཡུལ་ཁ་ཅིག་ཏུ་ནི་སྔར་གྱི་སྐུ་ལུས་ལ་ཞུགས་ཏེ། སྔར་རིག་རྡུལ་


TNT10_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུས་ལ་མ་སླེབས་པས་ཉེས། ད་ནི་དུས་ལ་མ་བབ་པར་དུ་སྤྱོད་པ་མི་བྱ་སྟེ། གལ་ཏེ་དུས་ལ་བབ་ན་ཕྱག་རྒྱ་དྲུག་རང་བྱུང་དུ་འབྱུང་བར་ཤོག་ཅེས་གསུངས་ནས། ཡུན་རིང་དུ་སྒོམ་མཛད་པས། སྐུ་ལ་རྒྱན་དྲུག་རང་བྱུང་དུ་བྱུང༌། སྤྱོད་པ་ཞག་བདུན་དུ་སྤྱད་པས་འཇའ་ལུས་སུ་གྱུར་ཟེར་རོ། །ཡང་ཡུལ་གཞན་ཞིག་ཏུ་ནི་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་ཏེ། སྐུ་ལ་རུས་པའི་རྒྱན་རང་བྱུང་གིས་བརྒྱན་པ་བཙས། མི་རིང་བར་ཆེན་པོར་གྱུར་ཞིང་ལམ་གྱི་ལྷག་མ་བསྒོམས་ནས། ཟུང་འཇུག་གི་སྐུ་བརྙེས་པར་ཡང་མཐོང་ངོ༌། །མཛད་པ་དེ་དག་བསྟན་པའི་གནས་སོ་སོ་པ་དེ་དག་ན་སྐྱེ་བོ་འདུ་བའི་མཆོད་པ་ནི་ད་ལྟ་ཡང་ཡོད་དོ། །དེ་ལ་འདིར་བཤད་བྱ་ཚིགས་བཅད་བཞིའི་ཚིག་རྐང་བཅུ་བཞི་ནི། སློབ་དཔོན་རང་ཉིད་ཀྱི་རྟོགས་པ་བརྗོད་པའི་ཚུལ་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཇི་ལྟར་འགྲུབ་པའི་ཚུལ་བརྗོད་པ་ཡིན་ལ། རྐང་བ་ཕྱི་མ་དྲུག་གིས་ནི། དེ་འགྲུབ་པའི་རྒྱུ་མཚན་དུ། དོན་དམ་དབྱིངས་ལ་བསལ་བཞག་མེད་པའི་དོན་བསྟན་ནོ། །དེ་ལ་དཔེར་ན་ཆུ་དང་བཅས་པའི་འདམ་རྫབ་ཀྱི་པདྨའི་སྡོང་པོ་སྐྱེད་ཅིང༌། དེ་ལ་བུང་བ་རྣམས་ཀྱིས་སྦྲང་རྩི་མང་དུ་ལེན་པར་བྱེད་དོ། །གལ་ཏེ་ཆུ་སྐམས་ཤིང་ཟད་པ་ན། ས་འདམ་གྱིས་ཀྱང་པདྨ་རྙིང་ཞིང་སྐེམས་པར་བྱེད་ལ། སྦྲང་རྩི་འབྱུང་བའི་ནུས་པ་ཡང་བྲོས་པ་ཏེ་ཡལ་བས་གར་སོང་ཆ་ཡང་མེད་དེ། སྦྲང་རྩི་ནི་པདྨའི་ཡོན་ཏན་ནོ། །དེ་བཞིན་དུ་ཉོན་མོངས་ནི་ཆུ་དང་འདྲ། ལས་ནི་འདམ་དང་འདྲ། རྣམ་སྨིན་གྱི་དབང་པོ་དྲུག་རྣམ་ཤེས་དང་བཅས་པ་ནི། པད་སྡོང་དང་འདྲ། སྦྲང་རྩི་ནི་གཟུགས་སོགས་ཡུལ་


TNT10_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དང་འདྲ་སྟེ། ཡུལ་སྣང་དེ་ནི་རྣམ་ཤེས་དབང་པོ་དང་བཅས་པའི་ཡོན་ཏན་ནོ། །སྤྱིར་ལས་ཉོན་ལས་སྡུག་བསྔལ་སྐྱེ་ཞིང་ལས་ཉོན་ཟད་པས་སྡུག་བསྔལ་གྱི་སྣང་བ་ཡང་ཟད་པ་ཡིན་མོད་ཀྱང༌། སྐབས་འདིར་ནི་ལས་ཉོན་སྡུག་བསྔལ་སྤྱི་ཙམ་ལ་མི་སྦྱོར། ཁྱད་པར་གྱི་དོན་འདི་ལ་སྦྱོར་ཏེ། ཉོན་མོངས་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་ཟད་པ་ན། ལས་རིག་པ་བརྟུལ་ཞུགས་སྤྱོད་པ་ཆགས་སོགས་ཀྱི་རོལ་བ་རྒྱ་ཆེན་པོས་ཀྱང་འཁོར་བ་མི་བསྐྱེད་དེ། རྣམ་སྨིན་གྱི་དབང་པོ་རྟེན་བཅས་ཡེ་ཤེས་ཀྱི་ངང་དུ་སྐེམས་ཤིང་ཟད་པར་བྱས་ལ། དབང་ཤེས་རྣམས་བདེ་ཆེན་དུ་གནས་གྱུར་པས། སྦྲང་རྩི་དང་མཚུངས་པའི་མ་དག་པའི་ཡུལ་སྣང་འགགས་ཏེ་གར་སོང་ཆ་ཡང་མེད་པ་ལྟ་བུར། ལྷན་སྐྱེས་འབའ་ཞིག་ཏུ་འགྱུར་རོ། །དེའི་རྒྱུ་ཡང་རྩ་བ་འབྱུང་བ་ལྔ་དང༌། སྡོང་པོ་ཕུང་པོ་ལྔ་དང༌། ལོ་མ་དང་དབང་པོ་ལྔའི་རྣམ་པར་རྟོག་པ་ཡེ་ཤེས་ཀྱི་མེ་གཏུམ་མོའི་སྦྱོར་བས་ཟས་པ་ལས་གྱུར་པ་སྟེ། སྙིང་གར་འབྱུང་བ་དང༌། མགྲིན་པར་ཕུང་པོ་དང༌། དཔྲལ་བར་དབང་ཡུལ་གྱི་རྩ་ཁམས་རླུང་རྣམས་དག་པར་བྱས་པའོ། །དེ་ལྟར་ཡང༌། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཤིང༌། །སྤྱན་མ་མིག་ལ་སོགས་པ་དག །བསྲེགས་པས་རི་བོང་ཅན་ཧཾ་འཛག །བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པ་གྲགས། །ཞེས་སོ། །དེ་ལ་ནག་པོ་སྤྱོད་པ་བ་བདག་ན་རེ། །དེ་ལྟར་འཁོར་བའི་ཆོས་དེ་རྣམས་གནས་ཚུལ་ལ་མེད་ཀྱང་ཟད་པར་སྣང་ཞིང༌། བདེ་བ་ཆེན་པོའི་སྣང་བ་རབ་འབྱམས། གསར་བྱུང་མིན་ཡང་


TNT10_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་སྐྱེས་པ་ལྟར་སྣང་བའི། །དབང་པོ་སྒྱུ་མའི་བཞད་གད་རྩེ་མོ་འདི་ལ་ནི། ཁྱེད་རྣམས་ལྟོས་ཤིག་ཅེས་པ་སྟེ། དབང་པོ་ནི་ཨིནྡྲ་ཛ་ལ་སྟེ་སྒྱུ་མའི་མིང་ངོ༌། །ཤཱོ་ལོ་ཀ་དེ་ནི་མདོར་བསྟན་ཡིན་ལ། ཚིགས་བཅད་དེ་ཉིད་ཀྱི་དོན་སླར་ཡང་རྣམ་གྲངས་གཞན་གྱི་སྒོ་ནས་བཤད་པ་ནི། རྐང་པ་བཅུ་སྟེ་གཏུམ་མོའི་མེ་འབར་བས་རྩ་འཁོར་ལོ་གོང་མ་རྣམས་ཀྱི་སྙིགས་མའི་ཆ་ཟ་ཞིང་སྲེག་པ་དང་ཧཾ་ཡིག་ཞུ་བའི་བདུད་རྩི་འཐུང་པས། སྟེ་གསང་ནོར་བུའི་འཁོར་ལོ་ལ་སྙིགས་མའི་ཆ་རྣམས་འཁྲུད་པ་དང༌། འཁོར་ལོ་ཐམས་ཅད་ཀྱི་ལྟེ་བར་འབར་འཛག་རོ་གཅིག་ཏུ་འདྲེས་པའི་ཚུལ་གྱིས་གནས་པ་དང༌། དེས་ཡལ་ག་རྩ་མདུད་ཐམས་ཅད་དང༌། ཡན་ལག་གི་འཁོར་ལོ་ཉེས་སྐྱོན་ཐམས་ཅད་བཅག་ནས། ཡེ་ཤེས་འབའ་ཞིག་ཏུ་སོང་ལ། གནས་སྐབས་འདིར་ནི་བདག་གི་ལས་ཏེ་བྱ་སྤྱོད་འདི་ནི། གཏུམ་པོ་གདོལ་བ་ལྟ་བུ་ཡིན་ཏེ། རྣམ་རྟོག་གི་ཕྱུགས་ཐམས་ཅད་གསོད་པར་བྱེད་པའི་ཕྱིར་རོ། །ཀྱཻ་ཞེས་འགྲོ་བ་རྣམས་ལ་བོས་པའོ། །ཡང་དཔེར་ན་འཇིག་རྟེན་དུ་ནི་དགུན་གྱི་བ་མོ་འབབ་པས། མེ་ཏོག་པདྨ་རྙིང་པར་བྱེད་པ་ནི་བདེན་ཡང༌། བ་མོས་བསྲེགས་སོ་ཞེས་བྱས་ན། གཞན་གད་དུ་འགྱུར་མོད་ཀྱི། འདིར་ནི་དེ་དང་མི་འདྲ་སྟེ་གཙུག་ཏོར་ལས་འོངས་པའི་བྱང་ཆུབ་ཀྱི་སེམས། དགུན་གྱི་བ་མོ་ལྟར་བསིལ་བ་ནོར་བུའི་ཆར་དུ་བབས་པ་ན། རྩ་འཁོར་སོ་སོ་ན་གནས་པའི་གཏུམ་མོའམ་འཐུར་དུ་འོངས་པའི་ཆུ་རྒྱུན་དང་ཐབས་གཅིག་པའི་གཏུམ་མོ་དེ་དག་གིས་པདྨ་རྩ་འཁོར་རྣམས་ཀྱི་དྲི་མ་སྲེག་པར་བྱེད་དོ། །དེའི་ཚེ་མུན་རྡུལ་སྙིང་སྟོབས་ཀྱི་ཡོན་ཏན་ལས་ཕྱེ་བའི་


TNT10_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྣམ་གྲངས་བརྒྱ་ཕྲག་མང་པོ་རྣམས་ནི། སྐྱོན་ལྷན་ཅིག་སྐྱེས་དགའི་སྐད་ཅིག་མ་གཅིག་གིས་ཟད་པར་བྱས་པ་སྟེ། ཁུ་རྡུལ་རླུང་གསུམ་མི་འགྱུར་བའི་ཐིག་ལེར་གྱུར་པའོ། །ལྷ་སྐྱེས་ལ་སྐྱོན་གྱི་བརྡས་འཆད་པ་ཅི་སྙམ་ན། སྐྱོན་ཞེས་བྱ་བ་ཉོན་མོངས་ཀྱི་མེད་ཡིན་ལ། ལྷན་སྐྱེས་ཀྱང་ཉོན་མོངས་ཆེན་པོ་སྟེ་ཉོན་མོངས་དང་འདྲ་ཆོས་ཡོད་པས་སོ། །བརྟེན་པ་ཉོན་མོངས་དང༌། རྟེན་ཁུ་རྡུལ་གྱི་རྒྱ་མཚོ་མི་འགྱུར་བའི་དབྱིངས་སུ་ཟད་པས། པདྨ་རྩ་འཁོར་རྣམས་ཀྱང་རྡུལ་ཕྲ་རབ་གྱི་ཆོས་རྣམས་སྐམས་ཤིང་དེངས་པ་ལྟར་གནས་གྱུར་པའོ། །འདི་ནི་མས་བརྟན་གྱི་ས་བཅུ་དྲུག་གམ། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཏེ། དེའི་ཚེ་སྔར་སྲོག་དང་ཐུར་སེལ་དང༌། གྱེན་རྒྱུ་དང༌། མཉམ་གནས་དང༌། ཁྱབ་བྱེད་དང༌། ཀླུ་དང༌། རུས་སྦལ་དང༌། རྩངས་པ་དང༌། ལྷ་སྦྱིན་དང༌། གཞུ་རྒྱལ་ཏེ། རླུང་བཅུ་པོ་གང་ལས་འབྱུང་བའི་སྒོ་བཅུ་ལས་ནི་དུ་བའི་བརྡས་བསྟན་པ། མངོན་ཤེས་དང་བཅས་པའི་དཀྱིལ་འཁོར་རབ་འབྱམས་དག་འབྱུང་བར་འགྱུར་རོ། །འདིས་ནི་ཏིང་ངེ་འཛིན་གྱི་རིམ་པའི་སྐབས་སུ། རླུང་བཅུ་རྩ་བ་ནས་ཐིམ་ཞིང་གནས་གྱུར་པ་དེ་བསྟན་པ་ཡིན་ནོ། །དཔལ་དྲི་མ་མེད་པའི་འོད་ལས། ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་རླུང་རྣམས་མི་འབབ་པ་གང་གི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་ཐ་མལ་གྱི་སྒོ་གསུམ་ཡེ་ཤེས་ཀྱི་ངོ་བོར་ཐིམ་པའི་གོ་འཕང་མངོན་དུ་བྱས་པ་ཡིན་ན་འཇིག་རྟེན་པ་རྣམས་ནི་ངའི་ལུས་ཀྱི་བཀོད་པ་མ་མཐོང་བས། སློབ་དཔོན་


TNT10_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ནི་ཤི་ནས་མེད་ཅེས་ཟེར་ཏེ། ནག་པོ་པ་ངའི་སྒོ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འོད་གསལ་ཟབ་མོའི་ནགས་ན་གནས་པ་ཡིན་ཡང་འཇིག་རྟེན་པས་དེ་ལྟར་མི་ཤེས་སོ། །དཔེར་ན་དེད་དཔོན་ཞིག་ནགས་ཀྱི་དགའ་སྟོན་ལ་སོང་ཞིང་ནགས་ན་གནས་པ་ན། འགའ་ཞིག་གིས་ཁྱིམ་ན་དེ་མ་མཐོང་ནས་ཤིའོ་སྙམ་དུ་འཛིན་པ་དང་འདྲའོ། །འོད་གསལ་དེར་སྣང་མཆེད་ཐོབ་པའི་སེམས་གསུམ་རང་བཞིན་བརྒྱད་ཅུ་དང་བཅས་པས་སྟོངས་ཤིང་འགགས་ལ། གཉུག་མ་གདོད་ནས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་ངང་དུ་ཡོན་ཏན་གྱི་རྩལ་ཐམས་ཅད་རྫོགས་པ་སྟེ། ཟུང་འཇུག་གི་གོ་འཕང་ཐོབ་པས་ངེས་པ་ན། རྣམ་སྨིན་གྱི་ཕུང་པོ་དངོས་སུ་ན་བོར་རྒྱུ་མེད་ཀྱང༌། སྐྱེ་བོ་རྣམས་ཀྱི་སྣང་ངོར་བོར་བ་དང༌། བསྲེགས་པ་སོགས་སུ་མཐོང་བའི་བཞད་གད་སྒྱུ་མའི་རྩེད་མོ་བསྟན་པར་གྱུར་ཀྱང༌། སྡུག་བསྔལ་གྱི་འགྱོད་པ་མེད་དོ། །དེ་ནི་གོང་འཕང་མཆོག་ཐོབ་ནས། ཕུང་པོ་བོར་བ་ཙམ་ལ་རྩིས་གདབ་མི་དགོས་སོ། །ཞེས་པའི་བརྡས་ཟུང་འཇུག་ཐོབ་པ་ལ། སྐྱེ་དགའ་ན་འཆིའི་སྡུག་བསྔལ་མེད་པར་བསྟན་ནོ། །ཇི་སྐད་དུ། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་ལྡོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། །ཞེས་གསུངས། དེ་ནི་དོན་དམ་དབྱིངས་ལ་བསལ་བཞག་མེད་པར་བསྟན་ཏེ། དཔེར་ན་འོ་མའི་ནང་ན་མར་གྱི་དངོས་པོ་ཡོད་ཀྱང༌། སྐྱེ་བོ་རྣམས་ཀྱིས་འོ་མའི་དུས་ན་མར་ཡོད་པར་མི་མཐོང་བ་བཞིན་དུ། འདིར་


TNT10_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདོད་པ་སྟེ་འདོད་པ་བྱ་བའི་ཡུལ་ལམ། རྟོགས་བྱའམ་ཐོབ་བྱ་དབྱིངས་སུ་འགྲོ་བའི་ཆོས་སྐུ་དེ། སེམས་ཅད་ཐམས་ཅད་ལ་གནས་ཀྱང་འཇིག་རྟེན་སོ་སོའི་སྐྱེ་བོ་རྣམས་ཀྱིས་ན་མཐོང་བ་མེད་ལ་ཐེག་པ་ཆེན་པོ་ལ་ཞུགས་པའི་འཕགས་ཆེན་རྣམས་ཀྱིས་ཅི་རིགས་པར་གཟིགས་ཤིང༌། གཟིགས་པ་སྒྲིབ་པ་མེད་པ་མཐར་ཐུག་པ་ནི། སངས་རྒྱས་ཁོ་ན་ལའོ། །འོ་མའི་དཔེ་འདི་ནི་མཚོན་པ་སྟེ། སྙིང་པོའི་དཔེ་རྣམ་པ་དགུ་ལ་སོགས་པས་ཀྱང་རྟོག་པར་བྱའོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ནི། འཇིག་རྟེན་ན་ཚེ་གནས་པས་འཚོ་བར་གྲགས་པ་དང༌། ཟས་རྣམ་པ་བཞི་ལྟ་བུ་གསོ་བྱེད་ཀྱིས་གསོ་བ་ཡང་མེད་དེ། དོན་དམ་དབྱིངས་ལ་སྐྱེ་བ་མེད་ཅིང༌། རྒྱུ་རྐྱེན་གྱི་འཇུག་པ་དང་བྲལ་བའི་ཕྱིར་རོ། །འཚོ་བའམ་ནི་ཞེས་པ་འདི། འཚོ་བ་དང་ནི་ཞེས་པར་བསྒྱུར་ན་ལེགས་སོ། དེ་བཞིན་དུ་དབྱིངས་དེ་ལ་འཆི་བ་གང་ཡང་མེད་དེ། འཇིག་པ་མེད་པའི་ཕྱིར་ཏེ། རྒྱུ་རྐྱེན་ཀྱི་འཇུག་པ་ཟད་པའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་འཇིག་པར་འགྱུར་ན་ནི། །རྐྱེན་གྱིས་འཇིག་གམ་ངོ་བོས་འཇིག །རྐྱེན་གྱིས་འཇིག་ན་སྐྱེ་རྒྱུ་འམ། །འཇིག་རྒྱུ་གཞན་གྱིས་འཇིག་འགྱུར་ན། །འདི་ནི་སུས་ཀྱང་མ་སྐྱེད་ཅིང༌། །གང་དང་ཡང་ནི་ཕྱིས་མི་འཕྲད། །ནམ་མཁའ་ཤིན་ཏུ་ཕྲ་བའི་ཕྱིར། །རྡུལ་གྱིས་རེག་ཐོགས་མི་ནུས་བཞིན། །གང་གཞན་སྐྱེད་རྒྱུས་མི་འཇིག་སྟེ། །སྐྱེས་པའི་ནུས་ཅན་ཡིན་ཕྱིར་རོ། །དངོས་པོ་གཅིག་ལ་སྐྱེད་འཇིག་གི །ནུས་པ་ལྷན་ཅིག་འགལ་བ་ཡིན། །སྐྱེད་པས་ལྷན་ཅིག་འཇིག་མི་ནུས། །ཡང་ན་འཇིག་པས་སྐྱེད་མི་ནུས། །འཇིག་རྒྱུ་གཞན་གྱིས་འཇིག་དགོས་ན། །ངོ་བོས་


TNT10_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་མིན་པ་དེ། །རྐྱེན་གཞན་གང་གིས་ཀྱང་མི་འཇིག །དངོས་པོ་ངོ་བོས་གནས་པ་མེད། །སྐྱེད་གནས་རྒྱུ་ནི་འགགས་པ་ལས། །འཇིག་པའི་སྣང་བ་འབྱུང་ཞེས་བརྗོད། །འཇིག་པ་ངོ་བོ་ཉིད་ཀྱིས་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་སྐྱེ་འཕྲོ་དང༌། །སྐྱེ་བའི་སྔོན་དུ་འཇིག་པའི་ཕྱིར། །སྐྱེ་བ་སྲིད་པར་མི་འགྱུར་ཞིང༌། །དེ་མེད་འཇིག་པ་ག་ལ་སྲིད། །གཉིས་ན་སྐྱེ་འཇིག་ཐམས་ཅད་ནི། །སྣང་བ་ཙམ་ཡིན་གནས་ཚུལ་མིན། །ཆོས་ཀྱི་སྐུ་ནི་གནས་ཚུལ་ཏེ། །དེ་ཕྱིར་དེ་ལ་སྐྱེ་འགག་མེད། །ཁ་ཅིག་སྐྱེ་འགག་མེད་པའི་དོན། །མེད་ཙམ་ཆོས་སྐུ་ཡིན་སྙམ་ན། །ངོ་བོ་ཉིད་ཀྱི་ནམ་དུ་ཡང༌། །མེད་པར་ངེས་ནས་དེ་ལ་སླར། །བདེན་པར་སྐྱེ་འཇིག་སྤྱོད་པ་ནི། །བླུན་པོ་ལ་ཡང་མི་རུང་ངོ༌། །བདེན་གཉིས་སོ་སོའི་གནས་སྐབས་སུ། །གཉིས་ཀ་ལ་ཡང་དེ་དང་དེའི། །ཁྱད་ཆོས་དཔྱད་པ་འཇུག་པ་ནི། །ཁྱད་གཞི་ཅན་རྣམས་ཁོ་ན་ལའོ། །ཞེས་པ་ནི་བར་སྐབས་སུ་བརྗོད་པའོ། །ཆོས་སྐུ་གདོད་མ་ནས་གྲུབ་པའི་ཕྱིར་བསལ་བཞག་མེད་མོད། དེ་ཟུང་འཇུག་གི་གོ་འཕང་ཐོབ་པའི་རྒྱུ་མཚན་དུ་ཅིའི་ཕྱིར་འགྱུར་སྙམ་ན། འདི་ལྟ་སྟེ། མཐར་ཐུག་པའི་ཟུང་འཇུག་ནི་ཆོས་ཀྱི་སྐུ་ཡིན་ལ། དེ་ལ་གསལ་སྟོང་བདེ་བའི་ཡོན་ཏན་ལོགས་སྐྱེས་སུ་ཡོད་པ་མ་ཡིན། དེ་ཉིད་སྤྲོས་པ་དང་བྲལ་བའི་སྟོང་པ་ཡང་ཡིན། མི་འགྱུར་བའི་བདེ་བ་ཡང་ཡིན། རྣམ་པ་ཀུན་ལྡན་གྱི་སྐུ་ཡང་ཡིན་ནོ། །དེའི་ཕྱིར་གདོད་མའི་གནས་ལུགས་ནི། སྟོང་ཆ་ཁོ་ན་ལ་མི་འཇོག་སྟེ། བདེ་བ་དང་རྣམ་པ་ཐམས་ཅད་པ་ཡང་གདོད་མའི་གནས་ལུགས་


TNT10_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཅིང༌། གནས་ལུགས་ལ་ཆ་གཉིས་མེད་པའི་ཕྱྀར། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས། སེམས་ཅན་ཁོ་ནའི་སྟེང་དུ་སྒྱིལ་ཏེ་སྡོད་པ་ནི་མ་ཡིན་ནོ། །དེས་ན་དེ་ལྟ་བུའི་གསལ་སྟོང་བདེ་བའི་རང་བཞིན་ཆོས་སྐུ་དེ་ཡང་སྐྱེ་འཇིག་མེད་དེ་གདོད་མ་ཡིན་པའི་ཕྱིར་རོ། །ཉེས་སྐྱོན་བསལ་རྒྱུ་མེད་དེ། འཇིག་པ་མེད་པའི་ཕྱིར་རོ། །ཡོན་ཏན་གསར་དུ་བཞག་རྒྱུ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །དེ་དག་གི་ཁྱབ་སྒྲུབ་ནི། སྔར་ཡོད་བསལ་བ་ནི་འཇིག་པ་དང༌། སྔ་མེད་བཞག་པ་ནི་སྐྱེ་བའི་ཁྱད་པར་ཡིན་པའི་ཕྱིར་དང༌། ཁྱད་གཞི་སྐྱེ་འགག་དང་བྲལ་བ་ལ། ཁྱད་ཆོས་ཀྱི་སྐྱེ་འགག་ཀྱང་འཇུག་མི་ནུས་པའི་ཕྱིར་དང༌། ཀུན་རྫོབ་སྐྱེ་འགག་ཏུ་སྣང་བ་ནི། དོན་དམ་དབྱིངས་ཀྱི་ཁྱད་ཆོས་ཀྱང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱྀར་ཟུང་འཇུག་དེ་འཁོར་བའི་ཆོས་ཉིད་དུ་རྟག་པར་ཁྱབ་པའི་ཚུལ་གྱིས་བཞུགས་ཀྱང་འཁོར་བའི་མ་གོས་ཤིང༌། འཁོར་བ་པ་རྣམས་ཀྱིས་ནི་ཡོད་པས་ཆོས་སྐུ་མི་མཐོང་ཞིང༌། མེད་པའི་འཁོར་བ་མཐོང༌། གང་ཟུང་འཇུག་མཐར་ཐུག་མངོན་དུ་གྱུར་པ་ན། གདོད་ནས་ཡོད་པའི་ཆོས་སྐུ་མཐོང་ཞིང༌། གདོད་ནས་མེད་པའི་འཁོར་བ་མི་མཐོང་མོད། འཁོར་བ་སྔར་ཡོད་ཕྱིས་བསལ་དུ་མེད་དེ་གདོད་ནས་བསལ་རྒྱུ་མེད་པའི་ཕྱིར་རོ། །ཆོས་སྐུ་སྔར་མེད་གསར་བ་བཞག་ཏུ་མེད་དེ། གདོད་ནས་གྲུབ་པའི་ཕྱིར་རོ། །དེས་ན་སེམས་རྣམ་པར་གྲོལ་བའི་རང་སྣང་དུ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་ཡིན་ལ། འཕགས་སྐྱེས་ལ་ཇི་ལྟར་


TNT10_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཚུལ་ནི། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཞེས་བྱ། །ཞེས་གསུངས་པ་ལྟར་ཏེ་གཞན་ཡང་སེམས་ཅན་གང་ཞིག་རྒྱུད་མ་གྲོལ་བ། འཁོར་བའི་ལུས་ངག་ཡིད་གསུམ་ཅན་དེ་དག་ནི། ལས་དང་བག་ཆགས་མཐུན་པ་ཉིད་ཀྱི་ཕྱིར། འཁོར་བ་པ་གཞན་རྣམས་ཀྱིས་ཀྱང་མཐོང་ལ། སེམས་རྣམ་པར་གྲོལ་བའི་འཁོར་བའི་ལུས་ངག་ཡིད་གསུམ་གདོད་ནས་སྟོངས་པར་མཐོང་ཞིང་དབྱིངས་སུ་ཐིམ་པ་ན། ཆོས་ཉིད་ཀྱི་སྐུ་གསུང་ཐུགས་གཟི་བརྗིད་འོད་དུ་འབར་བས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་བཞུགས་ཀྱང༌། འཁོར་བ་པ་རྣམས་ཀྱིས་ནི་མི་མཐོང་ངོ༌། །དེས་ན་སྤྱི་ལྡོག་ནས་གདོད་ནས་གྲུབ་པའི་དོན་དམ་དབྱིངས་འཕགས་པས་གཟིགས་ཀྱང་སོ་སོ་སྐྱེ་བོས་མི་མཐོང་བར་གྲུབ་པ་ན། ཁྱད་པར་ཅན་ཟུང་འཇུག་གི་སྐུ་སྐྱེ་འཇིག་མེད་པའི་ཕྱིར་དངོས་སུ་བཞུགས་ཀྱང༌། བྱིས་པ་རྣམས་ཀྱིས་མི་མཐོང་བར་གྲུབ། དེའི་ཕྱིར་སློབ་དཔོན་སྤྱོད་པ་པ་ཟུང་འཇུག་མ་གྲུབ་བར་དུ་མི་རྣམས་ཀྱིས་མཐོང་ཡང༌། སྣང་བ་ཙམ་ཡིན་གྱི་དངོས་སུ་ན་འཚོ་བ་པོ་མ་ཡིན་ཏེ། སྐྱེ་བ་དང་གནས་པ་མ་གྲུབ་པའི་ཕྱིར་རོ། །ཟུང་འཇུག་ཐོབ་པ་ན་དེ་རྣམས་ཀྱིས་མ་མཐོང་ཡང༌། མེད་པའམ་ཤི་བ་ནི་མ་ཡིན་ཏེ། གནས་ལུགས་ལ་འགགས་པ་མེད་པའི་ཕྱིར་དང༌། ཡེ་ཤེས་ཀྱི་རྒྱལ་ཁམས་ན་རྟག་ཏུ་གནས་པའི་ཕྱིར་རོ། །ཞེས་པའི་དོན་ཏེ། དེའི་ཕྱིར་ནག་པོ་སྤྱོད་པ་པ་སྐྱེ་


TNT10_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་པའི་རྒྱུ་མཚན་ལ། གནས་ལུགས་ལ་བསལ་བཞག་མེད་པ་བཀོད་པ་ཡིན་ནོ། །རྣམ་པ་འདི་ལྟ་བུར་སྐྱེ་འཇིག་དང་བྲལ་བའི་བདེ་བ་ཆེན་པོའི་ལོངས་སྤྱོད་ལ། ལོངས་སྤྱོད་པའི་རྣལ་འབྱོར་པ་ནག་པོ་སྤྱོད་པ་ང་ནི། ཆུ་དང་འདམ་ལས་སྐྱེས་པའི་པད་མ་བཞིན་དུ། ལས་ཉོན་གྱིས་བསྐྱེད་པའི་འཁོར་བའི་ལུས་ཀྱི་ཆ་རྣམས་ཅི་སྟེ་ན་སྐམས་ཤིང་དེངས་པར་གྱུར་སྲིད་ཀྱང༌། མི་གཙང་བའི་ལུས་དེ་ནི་ནག་པོ་སྤྱོད་པ་པ་མ་ཡིན་ཏེ། ཅིའི་ཕྱིར་ན་ནག་པོ་པ་ཤི་ཞེས་བྱ་ཅེས། ཤི་བ་མ་ཡིན་ཏེ། ཤི་བའི་རྒྱུ་ཡང་མེད། འཆི་བའི་རྒྱུ་མཚན་ཡང་མེད་པའི་ཕྱིར་རོ། །འདིར་ལུས་ཆ་ཞེས་ཆ་སྨོས་པ་ནི། ལུས་རང་མཚན་པ་ནི་སྔོན་ཉིད་ནས་མ་གྲུབ་ལ། འདིར་ལུས་ནི་སེམས་ཀྱི་སྣང་བ་ལ་ལུས་སུ་སྣང་བའི་སྣང་ཆ་ཙམ་ཡིན་ཅེས་པ་སྟེ་འཇིག་རྟེན་ཉིད་དུ་རྨི་ལམ་གྱི་ལུས་དཔེར་བྱས་སོ། །ཀྱང་གི་སྒྲས་ནི་སྔར་གྱི་འཁོར་བའི་ལུས་ནི། འཁྲུལ་སྣང་ཙམ་མ་གཏོགས་དངོས་སུ་མ་གྲུབ་པས། བོར་བ་ལྟར་སྣང་ཡང་མི་རྣམས་ཉིད་ཀྱི་སེམས་ལ་དེ་ལྟར་སྣང་བ་ཡིན་གྱི། དངོས་སུ་བོར་བ་མེད་མོད། ཅི་སྟེ་དངོས་གནས་ལ་བོར་བ་ཞིག་སྲིད་དུ་ཆུག་ཀྱང་ཤི་བ་མིན་ཞེས་པ་སྟེ། དཔེར་ན་མི་ཞིག་གིས་སྔར་གོས་དཀར་པོ་གྱོན་པ་རྙིང་ནས་བོར་ཏེ་གོས་དམར་པོ་བླངས་ཀྱང༌། སྔར་གྱི་མི་དཀར་པོ་ཤི་བ་མ་ཡིན་པ་བཞིན་ནོ། །མཛད་བྱང་གི་སྐབས་སུ་ཚིགས་སུ་བཅད་པ་ཞེས་པ་ནི། དོ་ཧ་ཞེས་པ་ཚིགས་སུ་བཅད་པར་བསྒྱུར་བ་སྟེ། དོ་ཧ་མཛོད་ལ་ཚིགས་སུ་བཅད་པའི་མཛོད་ཅེས་བསྒྱུར་བ་ལྟ་བུའོ། །འགྱུར་བྱང་གི་སྐབས་སུ། བཻ་རོ་ཙ་ན་ནི་བཛྲ་སྟེ། རྒྱ་གར་ཀོ་ས་ལ་བ་ཡིན་ལ།


TNT10_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དབང་ཕྱུག་ནི་ནུས་པ་ཐོབ་པའོ། །ཤྲེ་ཡ་ཀུ་རུ། དེ་ལྟར་ན་པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུ་དབྱངས་རིམ་པ་གཉིས་དང༌། དེ་ཤ་ཁ་ཞེས་བྱ་བའི་གླུ་དང༌། ཡང་པ་ཊ་ཧའི་སྙེ་མ་ཞེས་བྱ་བ་དང་རྔ་བོ་ཆེ་ཞེས་བྱ་བ་དང༌། ཀཱ་མོ་ད་ཞེས་བྱ་བ་དང༌། གླུ་དབྱངས་ཆེན་པོ་ཞེས་བྱ་བ་དང༌། འཇིགས་པར་བྱེད་པ་ཞེས་བྱ་བ་དང༌། དཔའ་བོའི་ཏཱ་ལ་ཞེས་བྱ་བ་དང༌། ཡང་པ་ཊ་ཧའི་སྙེ་མ་ཞེས་བྱ་བ་དང༌། མ་ལ་སི་གོ་ཌ་ལཱ་ཞེས་བྱ་བ་དང༌། འདོད་པ་སྦྱིན་པ་ཞེས་བྱ་བ་དང༌། གྱད་ཀྱི་ཤུགས་ཞེས་བྱ་བ་སྟེ་བཅུ་གསུམ་པོ་དེ་རྣམས་དོ་ཧ་སྤྱོད་པའི་གླུའི་འཛོད་འགྲེལ་ལས་འབྱུང་བ་ཡིན་ཞིང༌། རཏྣ་པ་ལས་བསྒྱུར་བ་འདི་ལ་མིང་གསལ་མི་འདུག་ཀྱང༌། བརྗོད་བྱའི་དོན་ལས་བརྩམས་ཏེ། རྫོགས་རིམ་གྱི་ངོ་བོ་སྟོན་པའི་གླུ་དབྱངས་ཞེས་བྱ། ཚིགས་བཅད་ལྔ་བ་འདི་སྟོད་ལུང་བཻ་རོ་རང་འགྱུར་ཡིན། སྔོན་བྱུང་གི་དབང་དུ་བྱས་ནའང༌། སློབ་དཔོན་སྤྱོད་པའི་རྡོ་རྗེའི་དོ་ཧ་ཐམས་ཅད་ཀྱི་ཐ་མར་སྣང་བ་དང༌། བརྗོད་བྱ་ཡང་འབྲས་བུ་ཟུང་འཇུག་སྟོན་པའི་དབང་དུ་བྱས། འདིར་ཡང་གླེགས་བམ་གྱི་མཇུག་ཏུ་བཀོད་དེ། དེ་ལྟར་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་བའི་དོ་ཧ་ཐོར་བུ་པ། རྣམ་གྲངས་བཅོ་ལྔའི་དོན་ལེགས་པར་བཀྲོལ་བ་ཡིན་ནོ། །སྤྱོད་པའི་རྡོ་རྗེའི་ཐུགས་མཚོའི་ཉ་ཕྱིས་ལས་བྱུང་བ། །ངེས་གསར་མུ་ཏིག་ཚོགས་རྣམས་ལེགས་བཤད་སྲད་བུས་བརྒྱུས། །ཟབ་དོན་བལྟ་ནུས་ལང་ཚོ་རྒྱས་པའི་བློ་ལྡན་འགའ། །ཡོད་ན་དེ་ལ་སྙིང་དང་མགུལ་བའི་རྒྱན་དུ་སྦྱིན། །སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་པའི་དོ་ཧ་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་རྣམ་བཤད་ངོ་མཚར་འབར་བ་ཞེས་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བར་སྐབས་སུ་སྦྱར་བའོ།། །།མངྒལཾ།།

གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་འགྲེལ་པ་དགོངས་པ་རབ་གསལ།


TNT10_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་འགྲེལ་པ་དགོངས་པ་རབ་གསལ་བཞུགས།


TNT10_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་འགྲེལ་པ། དགོངས་པ་རབ་གསལ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གདུལ་བྱ་སོ་སོའི་བློ་དང་མཚུངས་པར་བསྟན། །ཐམས་ཅད་ངེས་པའི་དོན་དུ་རོ་གཅིག་པ། །གཉིས་མེད་གསུང་པ་དེ་ལ་ཕྱག་འཚལ་ལོ། །གསང་བའི་དེ་ཉིད་རབ་གསལ་བ། །སྤྱོད་པའི་རྡོ་རྗེས་ངེས་བསྟན་ཏེ། །འདི་ནི་རྙེད་པར་དཀའ་བ་ལ། །ལེགས་པར་རྙེད་འགྱུར་ཐབས་སྦྱིན་བྱ། །དེ་ལ་གཞུང་འདིའི་མཚན་དོན་ནི། རྒྱ་གར་སྐད་དུ། གུ་ཧྱ་ཏ་ཏྭ་པྲ་ཀཱ་ཤ་ནཱ་མ་ཞེས་པ་ནི། བོད་སྐད་དུ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱའོ། །དེ་ལ་གུ་ཧྱ་ནི་གསང་བ། ཏ་ཏྭ་ནི་དེ་ཁོ་ན་ཉིད་པྲ་ཀཱ་ཤ་ནི་རབ་ཏུ་


TNT10_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ། ནཱ་མ་ནི་ཞེས་བྱ་བའི་དོན་ནོ། །འབྲོག་མིས་པྲ་ཀཱ་ཤ་ཕྱེ་བ་ཞེས་བྱ་བ་བསྒྱུར་རོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་པ་ནི། གཞུངའདི་བསྒྱུར་བ་པོ་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས། རང་ཉིད་ཀྱི་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྟེ། འགྱུར་གྱི་ཕྱག་ཙམ་ཡིན་ལ། འབྲོག་འགྱུར་གྱི་ཐོག་མར་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ནི། རྒྱ་དཔེ་ལ་ཡོད་པར་ཡང་སྣང་ངོ༌། །གཞུང་དངོས་བཤད་པ་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ནི། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་ཡིན་ཏེ། དེ་ཡང༌། ཐོག་མ་ཐ་མ་ལ་སོགས་རབ་ཏུ་དབྱེ་


TNT10_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤངས་ཤིང་དཔེ་མེད་ཀུན་འགྲོ་ནམ་མཁའི་དངོས། ། བསོད་ནམས་ཡེ་ཤེས་བདག་ཉིད་སྦྱོར་བ་གཉིས་ཀས་རྣམ་སྤྲས་རང་གི་རང་བཞིན་ཤར་གང་ཡིན། །རྒྱལ་བ་ཁྱུ་མཆོག་སྐུ་རྣམ་གསུམ་པོ་དེ་ལ་བཏུད་ནས་གསང་བའི་དེ་ཉིད་རབ་གསལ་བ། །སྤྱོད་པའི་རྡོ་རྗེས་རྟོགས་པ་སེམས་ཅན་ཕུང་པོས་གསལ་བར་ལེགས་རྟོགས་བྱ་ཕྱིར་བཤད་པར་བྱ། །གང་ཞིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་ནི། ཐོག་མར་སྐྱེ་བ་དང་མཐར་འགག་པ་དང༌། སོགས་ཀྱི་སྒྲས་བར་དུ་གནས་པ་སྟེ། འདུས་བྱས་ཀྱི་རབ་ཏུ་དབྱེ་བའམ་མཚན་ཉིད་སྤངས་པ་སྟེ། དེ་ཡང་ཐོག་མཐའ་སོགས་མེད་པར་བསྟན་པས། དུས་ལས་གྲོལ་བ་དང༌། རང་བཞིན་འགྱུར་བ་མེད་པ་རྟག་པར་ཡང་བསྟན་ནོ། །དཔེ་མེད་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དཔེ་དང་ཚིག་དང་རྣམ་རྟོག་གང་གིས་ཀྱང་མཚོན་དུ་མེད་པའི་དོན་ཡིན་ལ། དེ་ཉིད་ཡུལ་དང་དུས་ཀུན་ལས་ཡོངས་སུ་གྲོལ་བས། ཡུལ་དང་དུས་ཀྱི་མཚན་གཞི་གང་ལ་ཡང་ཉེ་རིང་གི་དབྱེ་བ་མེད་ལ། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་གཅིག་ཉིད་རྒྱར་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བའི་ཚུལ་གྱིས་ཤེས་བྱ་ཀུན་ཏུ་འགྲོ་བ་སྟེ་ཀུན་ལ་ཁྱབ་པ་ཡིན་ནོ། །གང་དངོས་པོ་ཡིན་པ་དེ་ནི་ཀུན་ཏུ་ཁྱབ་པར་མི་རུང་སྟེ། རང་གི་མཚན་ཉིད་མ་འདྲེས་བར་སྣང་བའི་ཕྱིར་དང༌། ཡུལ་དུས་ཉེ་ཚེ་བ་ལ་རྒྱར་ཆད་ཅིང་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །གང་དངོས་མེད་དེ་ཡང་ཀུན་ཏུ་ཁྱབ་པ་མི་རུང་སྟེ། བློས་བཏགས་པ་ཙམ་མ་གཏོགས། ངོ་བོས་མེད་པའི་ཕྱིར་དང༌། མཐོང་བ་དང་མྱོང་བའི་སྤྱོད་ཡུལ་གང་དུ་ཡང་མ་གྲུབ་པའི་ཕྱིར། མེད་པ་ཙམ་ལ་ཁྱབ་པ་དང་མ་ཁྱབ་པའི་དབྱེ་བ་མེད་པས་སོ། །དེའི་ཕྱིར་རང་བཞིན་ལྷན་ཅིག་སྐྱེས་པ་འདི་ནི་དངོས་པོ་དང་དངོས་མེད་ལས་གྲོལ་


TNT10_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་ལ། དེ་ལྟར་ན་ཡང༌། གང་ཤེས་པར་བྱ་བ་དང༌། མྱོང་བར་བྱ་བ་དང༌། རྟོགས་པར་བྱ་རྒྱུ་དང༌། ཡོངས་གཅོད་དུ་གྲུབ་པ་ལ་དངོས་པོ་ཞེས་འདོགས་ན་ནི། འདི་ལ་ཡང་དངོས་པོ་ཞེས་བྱ་ལ། གང་ཞིག་གཅིག་དང་ཐ་དད་དང་འགྲོ་འོང་དང་སྐྱེ་འགག་ལ་སོགས་པའི་སྤྲོས་པ་མེད་པའམ། རྣམ་རྟོག་གིས་སྤྱོད་ཡུལ་ཟད་པ་ལ་དངོས་པོ་མེད་པར་འདོག་ན་ནི། འདི་དངོས་མེད་ཀྱང་ཡིན་ནོ། །དེ་བས་ན་དོན་ལ་ལེགས་པར་མ་དཔྱད་པར་མིང་ཙམ་ལ་རྗེས་སུ་ཆགས་པ་དང་ཞེ་སྡང་བར་བྱེད་པ་ནི་རྨོངས་པ་རྣམས་ཀྱི་དེ་ཉིད་དོ། །ནམ་མཁའི་དངོས་ཞེས་པ་འབྲོག་འགྱུར་ལས་ནམ་མཁའི་ཚུལ་ཞེས་འབྱུང་ངོ༌། །དེ་ནི་ནམ་མཁའ་ལྟར་སྤྲོས་པ་མེད་པའི་དོན་ཡིན་ལ། དངོས་སམ་ཚུལ་ནི་རངབཞིན་ཏེ། གཟུགས་སོགས་ཡུལ་དང༌། མིག་སོགས་དབང་པོ་དང༌། ཆགས་སོགས་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ། ནམ་མཁའ་དང་མཚུངས་པའི་རངབཞིན་ནོ། །དེ་ལྟར་ན་ཚིག་འདིས་ནི་སྤྲོས་པ་ཐམས་ཅད་སྤངས་ཤིང་ཤེས་བྱ་ཀུན་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པའི་ཡེ་ཤེས་སོ་སོར་རང་གིས་རིག་པ་མ་གཏོགས། དཔེ་གང་གིས་ཀྱངམཚོན་དུ་མེད་པ། འདུས་མ་བྱས་རྟག་བརྟན་གཡུང་དྲུང་དེ་ནི་ཆོས་སྐུའི་མཚན་ཉིད་དུ་བཤད་པ་ཡིན་ནོ། །ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི། བླ་མ་དམ་པ་བསྟེན་པ་དང༌། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང༌། བླ་མའི་བྱིན་རླབས་དང༌། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས། རང་བཞིན་ཆོས་ཉིད་ཀྱི་དྲི་མ་མཐའ་དག་སྤངས་པ་ན། ཆོས་ཉིད་དེ་གདོད་ནས་རྣམ་པ་ཐམས་ཅད་པའི་བསོད་ནམས་དང༌། བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་བདག་ཉིད་དུ་གནས་པ་དེ། ལམ་ཚོགས་གཉིས་ཀྱི་སྦྱོར་


TNT10_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འཕྲད་པས་མངོན་དུ་གྱུར་པ། རང་དོན་དང་གཞན་དོན་གྱི་ཡོན་ཏན་གཉིས་ཀས་རྣམ་པར་སྤྲས་པ། དེ་ཡང་གློ་བུར་དུ་བྱུང་བ་མ་ཡིན་ཏེ། གདོད་མ་ནས་རང་གི་རང་བཞིན་དུ་གནས་པ་མངོན་འགྱུར་དུ་ཤར་བ་གང་ཡིན་པའོ། །དེ་ལ་བསོད་ནམས་སྐུ་རྣམ་པ་ཐམས་ཅད་པ། གཞན་དོན་མཛད་པའི་མཐུ་ཅན་དང༌། ཡེ་ཤེས་ཐུགས་བདེ་སྟོང་དང་དོན་གྱི་ངོ་བོ་ཉིད་དེ། དེ་གཉིས་ཟུང་དུ་འཇུག་པའི་ལོངས་སྐུ་ཡིན་ལ། འབྲོག་འགྱུར་ལས། རང་བཞིན་ཤར་གང་ཡིན་ཞེས་པ། རང་བཞིན་གང་གསུངས་པ་ཞེས་པ་བསྒྱུར་བ་ལྟར་ན། གསུང་གི་ཡེ་ཤེས་སྒྲ་དབྱངས་ཐམས་ཅད་པ། ཐེག་པ་ཆེན་པོའི་ཆོས་ཀྱི་སྒོ་ཐམས་ཅད་དུ་ཤར་བ། གཞོམ་མེད་ཀྱི་སྒྲའི་ཡེ་ཤེས་གཅིག་ཉིད་ཆོས་སྒྲ་ཀུན་ཏུ་གཅིག་ཅར་ཤར་བའི་དོན་ཡིན་ཏེ། གསུང་གི་སྒྲ་སྐད་གང་ཡིན་པ་དེ་ཡང་རང་གི་རང་བཞིན་ཏེ་ཆོས་ཉིད་ཡིན་པར་བསྟན་པའོ། །འགྱུར་མི་འདྲ་བ་དེ་གཉིས་ཀྱང༌། ཨུད་ད་ཤར་བ་དང༌། ཨུཀྟ་གསུང་བ་ལ་འཇུག་པའི་རྒྱ་དཔེ་མི་འདྲ་བའི་ཁྱད་པར་དུ་སྣང་ངོ༌། །སྤྲུལ་པའི་སྐུ་ནི་རྒྱལ་བ་ཁྱུ་མཆོག་ཅེས་པ་སྟེ། མ་དག་པ་དང་དག་པའི་ཞིང་ཁམས་རྣམས་སུ་ཆགས་བྲལ་དང་ཆགས་ཆེན་གྱི་སྐུ་སྣ་ཚོགས་པ་སྟོན་མོད་ཀྱི། རྒྱལ་བ་སྟེ་བདུད་བཞི་བཅོམ་པ་ལས། བདག་ཉིད་ཀུན་གྱི་འགྲན་ཟླ་མེད་པར་འགྱུར་པ་དང༌། འགྲོ་བ་རྣམས་ཀྱི་འདྲེན་པ་མཆོག་ཏུ་གྱུར་པའི་ཕྱིར་ཁྱུ་མཆོག་གོ། དེ་ཡང་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པའི་སེམས་ཅན་རྣམས་ལ་དངོས་སུ་ཆོས་སྟོན་པ་དང༌། བདུད་བཅོམ་པ་སོགས་རང་རྒྱུད་པ་ཡིན་པ་ལྟར་སྟོན་པས། སེམས་ཅན་གྱི་སྣང་ངོ་དང་བསྟུན་ནས་དེ་ལྟར་བརྗོད་ཀྱི། རྒྱལ་བ་ཁྱུ་མཆོག་དངོས་ནི་སྟུག་པོ་བཀོད་པའི་ཞིང་དུ་རོལ་པའི་ལོངས་


TNT10_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཉིད་ཡིན་ནོ། །སྤྲུལ་པའི་སྐུ་དངོས་ཀྱང་སྤྲུལ་པ་པོ་ཡིན་པས། སྐུ་སྔ་མ་གཉིས་ཉིད་ཀྱི་གཞན་དོན་གྱི་ཡོན་ཏན་ཉིད་ཡིན་ལ། དེས་བྱས་པའི་སྤྲུལ་པ་ལ་ཡང་དེ་ལྟར་འདོགས་པ་ཙམ་མོ།། དེས་ན་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་མཚན་ཉིད་ཀྱི་དབྱེ་བ་གསུམ་ཉིད་ཀྱི་ཕྱིར། སྐུ་རྣམ་གསུམ་པོ་དེ་ལ་བཏུད་ཅེས་པ་ནི་མཆོད་པར་བརྗོད་པའོ། །བཏུད་ནས་བྱ་བ་ཅི་ཞིག་བྱེད་ཅེ་ན། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་བཤད་པར་བྱ་ཞེས་པའོ། །སུ་ཞིག་གིས་འཆད་ཅེ་ན་སྤྱོད་པའི་རྡོ་རྗེ་སྟེ་ནག་པོ་སྤྱོད་པ་པས་སོ། །ཚུལ་ཇི་ལྟར་འཆད་ན། སྟོན་པས་རྒྱུད་ལས་གསུངས་པའི་དོན་རྣམས་བླ་མའི་མན་ངག་དང་རང་གི་ཉམས་མྱོང་གིས་ཇི་ལྟར་རྟོགས་པའི་རིམ་པ་བཞིན་དུའོ། །དེ་ལ་རྟོགས་པ་ཞེས་པ་རྒྱུད་དོན་ལ་བསྙེགས་དགོས་པས། རྒྱུད་ལས་གསུངས་པའི་ཕྱིར་རང་བཟོ་སྤོང་ལ། རྒྱུད་དུ་གསུངས་པ་ཉིད་ཀྱིས་ཆོག་མོད། སླར་འདིར་འབྲི་བ་ཟློས་སོ་སྙམ་ན། གསལ་བར་ལེགས་རྟོགས་ཅེས་སྨོས་ཏེ་རྒྱུད་དུ་འཐོར་ཐབས་སུ་གནས་པ་དང༌། ཧ་ཅང་རྒྱ་ཆེས་པ་དང༌། གབ་པའི་ཚུལ་དུ་གནས་པ་རྣམས་འདིར་གཞན་གྱིས་གོ་བླ་བའི་ཕྱིར་ཕྱོགས་གཅིག་ཏུ་བསྡུས་པ་དང༌། ཚིག་ཚོགས་ཉུང་བ་དང༌། གབ་འཁྲུགས་མེད་ཅིང་གསལ་པོར་བྱས་པའི་ཕྱིར་ཞེས་ཟློས་སྐྱོན་སྤངས་པའོ། །འདིས་ནི་དགོས་སོགས་ཆོས་བཞི་ཡང་བསྟན་ཏེ། གསང་བའི་དེ་ཁོ་ན་ཉིད་ནི་བརྗོད་བྱའོ། །རབ་གསལ་བ་ཞེས་པ་ནི་བརྗོད་བྱེད་དོ། །བརྗོད་བྱེད་འདི་ལ་བརྟེན་ནས་བརྗོད་བྱ་དེ་སེམས་ཅན་


TNT10_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གསལ་བར་ལེགས་པར་རྟོགས་པ་ནི་དགོས་པའོ། །དེ་ལས་སེམས་ཅན་རྣམས་ཀྱིས་ལེགས་པར་རྟོགས་པ་སྟེ། གསང་བའི་དེ་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་བར་འགྱུར་བ་ནི་ཉིང་དགོས་སོ། །འབྲེལ་བ་ནི་སྤྱི་དང་འདྲའོ། །འདི་དག་ལ་བོད་ཡུལ་གྱི་མཁས་པ་སྔོན་བྱོན་མང་པོས། ཐོག་མ་མཆོག་དགའ་བ་དང༌། ཐ་མ་དགའ་བྲལ་ཞེས་སོགས་དང༌། གསུམ་པའི་ཡེ་ཤེས་ཟག་བཅས་སམ། མཚན་བཅས་སམ། འདུས་བྱས་སྐད་ཅིག་མ་ཡིན་པ་དཔེས་མཚོན་ཞིང༌། བཞི་པའི་ཡེ་ཤེས་དེ་ལས་བཟློག་པས་དཔེ་མེད་ཅེས་སོགས་འཆད་པ་དང༌། སེམས་དག་པ་ཆོས་སྐུ་མི་རྟོག་པ། ངག་དག་པ་ལོངས་སྐུ་བདེ་བ། ལུས་དག་པ་སྤྲུལ་སྐུ་གསལ་བ་ཞེས་སོགས་འཆད་པར་སྣང་སྟེ། ཇི་ལྟར་རིགས་པར་སྦྱར་ཡང་རུང་ངོ༌།། གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། གསང་བའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་དང༌། གསང་བའི་དེ་ཁོ་ན་ཉིད་དངོས་བཤད་པའོ། །དང་པོ་ནི། གཞུང་འདིའི་ལེའུ་ཐོག་མས་བསྟན་ཏེ། དེ་ལ་གསུམ། གསང་བའི་དེ་ཁོ་ན་ཉིད་ཀྱི་ཆེ་བ། གསང་བའི་དེ་ཁོ་ན་ཉིད་ཀྱི་རང་བཞིན། དེ་རྟོགས་བྱེད་ལམ་གྱི་ཁྱད་པར་རོ། །དང་པོ་ལ་དོན་ཚན་གསུམ་ཡོད་པ་ལས། ཐོག་མ་དེ་ཁོ་ན་ཉིད་བསྟན་བཅོས་ཐམས་ཅད་ཀྱི་བརྗོད་བྱར་བསྟན་པ་ནི། རྒྱུད་རྣམས་ཀུན་ཏུ་གང་གནས་ཤིང༌། །མདོ་སྡེའི་སྡེ་སྣོད་ལ་སོགས་དང༌། །གཞན་ཡང་རིག་བྱེད་དག་གི་ངག །ཚངས་ལ་སོགས་པས་བཤད་པ་དང༌། །གང་དུའང་འདི་ནི་རྙཻད་དཀའ་བའི༌། །བསྟན་བཅོས་གང་ཡང་ཡོད་མིན་ཏེ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་ཉིད་ལས་གསུངས་པ་ཡིན། །


TNT10_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་ནི་སངས་རྒྱས་པའི་རྒྱུད་སྡེ་བཞིའོ། །མདོ་སྡེའི་སྡེ་སྣོད་སོགས་ནི་སྡེ་སྣོད་གསུམ་མམ་གསུང་རབ་ཡན་ལག་བཅུ་གཉིས་སོ། །རིག་བྱེད་དག་གི་ཞེས་པ་མང་པོའི་དོན་ལ་གཉིས་པའི་ཚིག་སྟེ། རིག་བྱེད་བཞི་པོ་དག་གོ །ངག་ཅེས་པས་རིག་བྱེད་ཀྱི་ཡན་ལག་རྣམས་ཀྱང་བསྟན་ལ། ཚངས་པ་ལ་སོགས་པའི་སྒྲས་ཁྱབ་འཇུག་དང༌། དབང་ཕྱུག་དང༌། ལྷ་དང༌། ཀླུ་ལ་སོགས་པ་འབྱུང་པོ་གཞན་དག་དང༌། དགེ་སྦྱོང་དང་བྲམ་ཟེ་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་རྣམས་ཀྱིའོ། །དེ་ལྟར་ན་ཕྱི་དང་ནང་གི་བསྟན་བཅོས་གང་ཅི་ཡང་རུང་བ་དེ་དག་ལས། དེ་ཁོ་ན་ཉིད་འདི་ནི་རྙེད་དཀའ་བ་སྟེ། བརྗོད་བྱར་མི་སྟོན་པའི་བསྟན་བཅོས་དེ་ནི་གང་ཡང་ཡོད་པ་མ་ཡིན་ཏེ། སྟོན་པས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་ཀྱང༌། བརྗོད་བྱ་མཐར་ཐུག་གསང་བའི་དེ་ཁོ་ན་ཉིད་འདི་ཁོ་ན་གསུངས་སོ། །དེ་ཡང་རྒྱལ་བའི་གསུང་རྣམས་ཀྱི་དགོངས་པ་ནི་དེ་ཁོ་ན་ཉིད་འདིར་གཅིག་པ་ཡིན་པ་ལས། ཐེག་པ་མཆོག་གི་གཞུང་འགའ་ཞིག་ཏུ་གསལ་ཞིང་རྒྱས་པར་ཡང་བསྟན་ལ། ཐེག་པ་དམན་པར་གྲགས་པ་རྣམས་ལས་ཀྱང༌། ཧ་ཅང་གསལ་བ་མ་ཡིན་པ་དང༌། ཅུང་ཟད་བསྡུས་པ་དང༌། རྣམ་གྲངས་གཞན་གྱི་སྒོ་ནས། དེ་ཁོ་ན་ཉིད་འདི་ཡང་ནས་ཡང་དུ་གསུངས་སོ། །རིག་བྱེད་ལ་སོགས་པ་ཕྱི་རོལ་གྱི་བསྟན་བཅོས་རྩ་བ་རྣམས་ཀྱང༌། བྱེད་པ་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པས་བྱས་པ་སྟེ། དེ་དག་གི་དོན་མ་ནོར་བར་གོ་ན། དེ་ཁོ་ན་ཉིད་རྒྱས་པར་བསྟན་པའི་ཚུལ་དུ་ཡོད་ལ། རྗེས་འབྲང་མུ་སྟེགས་བྱེད་རྣམས་དང༌།


TNT10_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ནང་པའི་ཡང་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་ལོག་ཏུ་འགྲེལ་བའི་གཞུང་རྣམས་ནི། དེ་ཁོ་ན་ཉིད་ཚང་ལ་མ་ནོར་པར་སྟོན་པ་མིན་ཡང༌། དམུས་ལོང་གི་ཚོགས་པས་གླང་པོ་ཆེ་ལ་རེག་པ་ལྟར་ཏེ། མཚན་ཉིད་ཀྱི་ཆ་ཤས་ཙམ་རེ་སྟོན་པར་བྱེད་ལ། སྤྱིར་ན་བསྟན་བཅོས་ཡང་དག་པ་དང་ལོག་པ་དེ་ཐམས་ཅད་ཀྱང༌། གནས་ལུགས་དེ་ཁོ་ན་ཉིད་ཀྱི་གསང་བ་འདི་ཁོ་ན་ལ་དམིགས་ཤིང༌། འདི་ལས་བརྩམས་ཏེ་སྨྲ་བར་བྱེད་པའི་ཕྱིར། བསྟན་བཅོས་ཐམས་ཅད་ལས་འདི་འཆད་དོ། །ཞེས་དང༌། དེ་ཉིད་ཤེས་པས་བརྟགས་ན། བསྟན་བཅོས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ལས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་འདི་རྙེད་པར་ནུས་སོ། །ཞེས་གསུངས་པ་ཡིན་ནོ། །དོན་ཚན་གཉིས་པ་དེ་ཁོ་ན་ཉིད་དེ་ཆོ་ག་སོགས་ཐབས་ཀྱི་བྱ་བྱེད་བསྟན་པ་ཐམས་ཅད་ཀྱིས་མཚོན་བྱར་བསྟན་པ་ནི། བཟླས་དང་བསམ་གཏན་དེ་བཞིན་དུ། །སྦྱིན་སྲེག་སྟོན་དང་དཀྱིལ་འཁོར་འབྲི། །སྤྱོད་པ་རྣམ་པ་སྣ་ཚོགས་དང༌། །ཕྱག་རྒྱ་འཆིང་བ་དེ་བཞིན་དུ། །བརྟུལ་ཞུགས་ཆོ་ག་སྣ་ཚོགས་དང༌། ཆོས་གོས་ལ་སོགས་རྣམས་འཛིན་པ། །མཆོད་རྟེན་ལ་སོགས་པ་ཡི་ལས། །ངེས་པར་བསྙུང་བར་གནས་པ་དང༌། །བྱ་དང་བྱེད་པོའི་དངོས་པོ་ཡི། །དངོས་པོ་ཀུན་ལ་རྟག་བསྟེན་པ། །ཞེས་སོ། །དེ་ལ་ཚིག་རྐང་ཐ་མ་ནི། འགོས་འགྱུར་ལ་མེད་ཀྱང༌། སྤྱིར་ཡོད་པ་ཉིད་ལེགས་ཤིང༌། འབྲོག་མིའི་འགྱུར་ལས། དངོས་པོ་ཀུན་ཏུ་རྟག་ཏུ་འགྲོ། །ཞེས་འབྱུང་བ་ལྟར་ལེགས་སོ། །ཡར་མར་དོན་འགྱུར་གྱི་དཔེ་འགའ་ཞིག་ལས། དངོས་པོ་ཀུན་ལ་རྟག་གྱུར་པ། །ཞེས་


TNT10_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འབྱུང་ངོ༌། །དེ་ལ་བསམ་གཏན་ནི་ཏིང་ངེ་འཛིན་གསུམ་ལ་སོགས་པ་བསྐྱེད་རིམ་གྱི་བསམ་གཏན་དང༌། སྟོན་དང་ནི་ཆོས་སྟོན་པ་དང༌། སྤྱོད་པ་ནི་ཐུན་མོང་བ་སྦྱིན་སོགས་དང༌། ཐུན་མོང་མ་ཡིན་པ་ཉལ་བ་དང་ལྡང་བའི་རྣལ་འབྱོར་སོགས་དང༌། ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱ་འཆང་བ་དང༌། བརྟུལ་ཞུགས་ནི་སྡོམ་པ་སྟེ། ཆོ་ག་ནི་དེའི་བྱ་བའོ། །དེ་ཡང་ཕྱི་རོལ་པ་རྣམས་ནི། དཀའ་ཐུབ་དཀའ་སྤྱད་ལ་སོགས་པ་དང༌། རང་སྡེའི་ཡང་ཐེག་པ་ཐུན་མོང་གི་སྡོམ་པ་དང༌། ཐུན་མོང་མ་ཡིན་པ་རིག་པའི་བརྟུལ་ཞུགས་ལ་སོགས་པའོ། །བྱ་དང་བྱེད་པོ་ཞེས་པ་ལ་བྱ་བ་ནི་བསྒྲུབ་བྱ་འབྲས་བུ་སྟེ་རིལ་བུ་ལ་སོགས་པའི་དངོས་གྲུབ་ཡིན་ལ། བྱེད་པོ་ནི་དེ་སྒྲུབ་བྱེད་ཐབས་ཏེ། དེས་ན་བསྒྲུབ་བྱ་གསང་བའི་དེ་ཁོ་ན་ཉིད་དང༌། སྒྲུབ་བྱེད་དེའི་ལམ་གྱི་དངོས་པོ་སྟེ་ཚུལ་གྱི་ཐབས་བྱ་སྤྱོད་ཀྱི་དངོས་པོ་ཀུན་ལ་གསང་བའི་དེ་ཁོ་ན་ཉིད་རྟག་ཏུ་ཁྱབ་ཅིང་འགྲོ་བའོ། །དེ་ཡང་རང་གཞན་གྱི་ཆོས་ལས་འབྱུང་བའི་ཐབས་སྣ་ཚོགས་པ་དེ་ཀུན་ཡང༌། གསང་བའི་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་རྩོམ་པ་ཡིན་པས། དེ་ཐོབ་བྱེད་ཀྱི་རིང་རྒྱུ་ཙམ་ཡིན་པ་དང༌། བཟླས་པ་ལ་སོགས་པ་ཇི་ཙམ་བསྟན་པ་དེ་རྣམས་ཀྱི་དགོངས་གཞི་ཡང་གསང་བའི་དེ་ཁོ་ན་ཉིད་དངོས་དང༌། རྟོགས་བྱེད་ཀྱི་ཐབས་ཐུན་མོང་མ་ཡིན་པ་རིམ་པ་བཞི་ལ་དགོངས་ནས་གསུངས་པའི་ཕྱིར། ལས་དེ་ཐམས་ཅད་ཀྱང་གསང་བའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཅན་དུ་གསུངས་སོ། །འོན་ཀྱང་ཕྱི་རོལ་གྱི་ལས་དེ་དང་དེ་རྣམས་རིམ་པ་བཞིའི་སྙིང་པོ་དང༌། བྲལ་བས་ནི་གསང་བའི་དེ་ཁོ་ན་ཉིད་


TNT10_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་མི་ནུས་སོ། །གསང་བ་གྲུབ་པ་ལས་ཀྱང༌། སྒྲུབ་པོ་དེ་ཉིད་ལ་གཏད་པས། བརྟུལ་ཞུགས་མེད་ཀྱང་འགྲུབ་པར་གྱུར། །བརྟུལ་ཞུགས་བརྒྱ་ཕྲག་ངལ་བྱས་ཀྱང༌། །དེ་ཉིད་དམན་པས་འགྲུབ་མི་འགྱུར། །ཞེས་གསུངས་སོ། །དེས་ན་གོང་དུ་བསྟན་བཅོས་མཐའ་དག་གི་གསང་བའི་དེ་ཁོ་ན་ཉིད་སྟོན་པ་དང༌། འདིར་དགེ་ཆོས་ཀྱི་རིམ་པ་མཐའ་དག་ཀྱང༌། གསང་བའི་དེ་ཁོ་ན་ཉིད་ཀྱི་ལམ་ཡིན་པར་བསྟན་པས། ཆོས་ཚུལ་ཐམས་ཅད་རྒྱལ་པའི་འཕྲིན་ལས་ཁྱད་པར་ཅན་དུ་གྲུབ་ལ། འོན་ཀྱང་ཐུན་མོང་མ་ཡིན་པའི་མན་ངག་དང་བྲལ་བས། འཕྲལ་དུ་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །བཟླས་པ་ལ་སོགས་པའི་ནང་གི་ངེས་དོན་ནི། དཔྱིད་ཀྱི་ཐིག་ལེར་མང་དུ་གསུངས་པ་ལྟར་ཡིན་ལ། གྲོལ་བའི་ཐིག་ལེ་ལས་ཀྱང༌། དེ་ནི་ཟབ་གསལ་གཉིས་སྦྱོར་བས། །སྦྱོར་བ་ཞེས་སུ་བཤད་པའོ། །རྩེ་གཅིག་པས་ནི་ཏིང་ངེ་འཛིན། །མཉེས་བྱེད་ཚིམ་པར་བྱེད་པས་ན། །གཏོར་མ་ཞེས་ནི་རབ་ཏུ་བྱ། །སྡིག་པ་ཞི་ཕྱིར་ཞི་བའོ། །བསོད་ནམས་ཀུན་གྱི་རྒྱས་པའོ། །ཆགས་པ་ཆེན་པོའི་དབང་དུ་འདོད། །ཐམས་ཅད་གསོད་ཕྱིར་མངོན་སྤྱོད་དོ། །རྟགས་ཆེན་དགུག་པས་དགུག་པའོ། །ཉན་ཐོས་ལ་སོགས་པ་རྣམས་ནི། །རིང་དུ་ཞི་བྱེད་བསྐྲད་པའོ། །སྔགས་པ་གང་གནས་རྣལ་འབྱོར་པས། རྟོགས་པར་ནུས་པས་བསྲུང་བའོ། །དེ་ཤེས་ཆོས་རྣམས་ངོ་བོ་ཀུན། །གཉིས་མེད་གཅིག་རྟོགས་མིག་རྣོན་ནོ། །རྣམ་པར་རྟོག་པ་མ་ལུས་རྣམས། །ཡེ་ཤེས་ངོ་བོར་དེ་འགྱུར་བས། །དུག་གཞོམ་པ་ཡི་ཆོ་གའོ། །ཕུང་པོ་ལ་སོགས་བླུན་པོའི་རྫས། །ཡེ་ཤེས་མེས་བསྲེགས་སྦྱིན་བསྲེག་གོ །


TNT10_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་དང་ནི་གསལ་བ་ཡིས། །ཆོས་ཀུན་བསྙེམས་པས་ཐིག་གདབ་པོ། །གསལ་བ་འཇའ་ཚོན་ལྟ་བུའི་སྐུས། །ཉི་ཤུ་རྩ་གཅིག་ཆོས་ཀུན་ལ། །རང་བཞིན་གྱིས་བཟུང་མཚོན་བཏབ་པའོ། །དེ་ཡི་ངོ་བོར་ཀུན་གནས་པ། །སློབ་དཔོན་སློབ་མ་ཀུན་ཞུགས་པའོ། །མིང་ཙམ་གྱིས་ནི་ལོགས་བྱུང་ཡང༌། །རང་རིག་བདེ་བས་རྟོགས་པས་ན། །དབང་བསྐུར་ཞེས་ནི་བཤད་པ་ཡིན། །དེ་ལ་སོགས་པ་མཐའ་ཡས་ཀྱི། །ཆོས་ཀུན་མིང་ཅན་དེ་ཉིད་མཆོག །ཅེས་གསུངས་སོ། །འོ་ན་འདི་དག་སྒྲ་བཤད་མཚུངས་པ་ཙམ་ཡིན་གྱི། དགོངས་པས་བསྟན་པ་དང༌། དགོངས་གཞི་གཉིས་མ་འབྲེལ་བར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དཔེར་ན། ཕྱི་རོལ་གྱི་བཟླས་པ་དང༌། ནང་གི་བཟླས་པ་གཉིས་བྱ་བྱེད་མཚུངས་པས་མ་འབྲེལ་བ་མ་ཡིན་ལ། ནང་གི་བཟླས་པ་ཆེས་ལྷག་པས་བཟང་ངན་བྱེ་བྲག་མེད་པའང་མ་ཡིན་ནོ། །དོན་ཚན་དེ་གཉིས་ཀྱི་དོན་བསྡུ་བ་ནི། སེམས་ཅན་གང་ཞིག་ཅིས་འདུལ་བ། །དེ་རྣམས་ལ་དེའི་གཟུགས་བཟུང་ནས། །སེམས་ཅན་བསམ་པའི་ཁྱད་པར་གྱིས། །རྡོ་རྗེ་འཛིན་པས་གང་གསུངས་པ། །ཞེས་ཏེ་དེའི་གཟུགས་ཞེས་པ་ནི། གང་ལ་གང་འདུལ་གྱི་སྐུ་ཚངས་པ་དང༌། ཐུབ་པ་སེར་སྐྱ་ལ་སོགས་པ་དང༌། ཆགས་བྲལ་གྱི་སྐུ་དང་འཁོར་ལོས་བསྒྱུར་བ་དང༌། ཧེ་རུ་ཀ་ལ་སོགས་པའོ། །དོན་ཚན་གསུམ་པ་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་ནི། གང་ཞིག་ཤེས་པས་ལུས་ཅན་རྣམས། །འགྱུར་བ་མེད་པའི་ངོ་བོ་ཡི། །བྱང་ཆུབ་སྙིང་པོ་བླ་མེད་པར། ཁྱིམ་ན་གནས་ཤིང་མྱུར་འགྲོ་བའོ། །ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ནི། བྲམ་ཟེ་རྒྱལ་


TNT10_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་སོགས་རིགས། །ལྷ་སོགས་སྐྱེ་གནས་ལས་བྱུང་བ། །ཆགས་དང་འཇིག་པའི་དུས་དག་གི །སྐྱེ་དང་གནས་དང་འཇིག་པ་སྟེ། །རིགས་ངན་སྨིག་མ་མཁན་ལ་སོགས། །གང་གཞན་དམན་ལ་འཇུག་པ་རྣམས། །མ་རུངས་སྲོག་ནི་གཅོད་པ་དང༌། །གང་ཡང་རྫུན་སྨྲ་ལ་བརྩོན་པ། །རྟག་ཏུ་གཞན་གྱི་བུད་མེད་བསྟེན། །དེ་བཞིན་ཚིག་རྩུབ་སྨྲ་བ་དང༌། །དམན་འགྲོ་སློང་མོ་བྱེད་པ་དང༌། །གཞན་གྱི་ནོར་ལ་ལོངས་སྤྱོད་ཅིང༌། །ཆགས་སོགས་ཉོན་མོངས་དྲ་བ་ཡིས། །འཁོར་བའི་དགོན་པར་བཅིངས་པ་དག །དེས་ཀྱང་གང་དུ་ས་མཆོག་ནི། །ཇི་ལྟར་འདོད་པ་ཐོབ་འགྱུར་བའོ། །ཞེས་པ་ལ། གསང་བའི་དེ་ཁོ་ན་ཉིད་གང་ཞིག་ཤེས་ཤིང་རྟོགས་པས། ལུས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་དུ་འགྲོ་བ་སྟེ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་ངོ་བོ་ནི་འགྱུར་བ་མེད་པ་སྟེ། གཞིའི་ཆོས་ཉིད་ཅེས་འདོགས་པའི་ཡུལ་ཡིན་ལ། འབྲས་བུའི་དུས་སུའང་རང་བཞིན་མི་འགྱུར་བའོ། །དེ་ལྟར་ཡང༌། སྐྱེ་བ་མེད་ཅིང་འཇིག་པ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་པའི་ཕྱིར་དང༌། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་པ་དང༌། མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་གྱུར་མིད་བདག་རྟག་པའི་དོན། །མཐའ་ཡི་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། །མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། །ཅེས་གསུངས་པ་ལྟར་རོ། ཁྱིམ་ན་གནས་བཞིན་ཞེས་པ་ནི། ཁྱིམ་གྱི་འོག་


TNT10_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་པའི་གཏེར། ས་འཐུག་པོས་བསྒྲིབས་ཏེ་མ་མཐོང་བ། ཕྱིས་ས་བརྐོས་པ་ན། ལག་ཏུ་ཐོབ་ཅིང་སྤྱད་བྱར་ཡོད་པ་བཞིན། བྱང་ཆུབ་བམ་སངས་རྒྱས་རང་ལ་གནས་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་མངོན་དུ་མ་གྱུར་པ་ལམ་བསྒོམས་པས་དྲི་མ་དག་སྟེ། རང་ལ་གནས་པ་དེ་ཉིད་ཐོབ་པར་འགྱུར་བའོ། །ཞེས་པའོ། །བྲམ་ཟེ་ཞེས་སོགས་ཀྱིས་འཇིག་རྟེན་ཐ་སྙད་ཀྱི་རིགས་གང་ཡིན་ཡང་རུང་བ་དང༌། མ་རུང་སྲོག་གཅོད་ཅེས་སོགས་ཀྱིས། སྔར་སྡིག་པའི་ལས་ཆེན་པོ་བྱས་ཀྱང༌། འདི་བསྒོམ་ན་གྲོལ་བར་འགྱུར་རོ། འཆགས་དང་འཇིག་པའི་སོགས་ལ་སྣོད་འཆགས་པའི་བསྐལ་པ་དང༌། འཇིག་པའི་བསྐལ་པའི་དུས་ཡིན་ཡང་རུང༌། སེམས་ཅན་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐབས་གང་དུ་ཡིན་ཡང་རུང་སྟེ། ཕྱི་བསྐལ་པའི་དུས་དང༌། ནང་ལུས་ཀྱི་གནས་སྐབས་ལ་མ་རེག་སྟེ། དེ་ཁོ་ན་ཉིད་ནམ་རྟོགས་པའི་ཚེ་གྲོལ་ལོ་ཞེས་གོང་མ་རྣམས་ཕལ་ཆེར་འཆད་ལ། ཡང་ཁ་ཅིག་སེམས་ཅན་དེ་དག་འཆགས་པ་སྟེ་སྐྱེ་བའི་རིམ་པ་དང༌། འཇིག་པ་སྟེ་འཆི་བའི་རིམ་པ་གཉིས་ཀྱིས་རབ་ཏུ་ཕྱེ་བའི་སྐྱེ་བའི་སྲིད་པ་དང༌། གནས་པ་སྟེ་འཚོ་བའི་གནས་སྐབས་དང༌། འཇིག་པ་སྟེ་འཆི་བའི་གནས་སྐབས་གསུམ་པོ་གང་རུང་དུ་གྲོལ་བར་འགྱུར་ཞེས་འཆད་དོ། །གཉིས་ཀར་ཡང་མི་འགལ་མོད་ཀྱི་སྔ་མ་ལེགས་པར་མཐོང་ལ། འོན་ཀྱང་ཚིག་ཕྱི་མ་འདིས་ཚེ་འདིར་འཚང་རྒྱ་བ་དང༌། འཆི་ཁར་འཚང་རྒྱ་བ་དང༌། སྐྱེ་བ་བླངས་མ་ཐག་ཏུ་འཚང་རྒྱ་བ་རྣམས་ངེས་པར་བསྟན་པ་ཡིན་ཅིང༌། དེའི་ཤུགས་ལ་


TNT10_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོར་འཚང་རྒྱ་བ་ཡང་བསྟན་ཏོ། །འདིའི་འཚང་རྒྱ་བ་ཡང་ཟུང་འཇུག་ཐོབ་པ་ལ་བྱེད་པ་ཡིན་ནོ། དམན་ལ་འཇུག་པ་ནི་བྱ་བ་ངན་པ་ཁྱི་ཤ་འཚེད་པ་ལ་སོགས་པའོ། །དམན་འགྲོ་ནི་དབུལ་ཞིང་འཕོངས་པའོ། ནོར་ལ་ལོངས་སྤྱོད་ཅེས་པ་ནི་མ་བྱིན་པར་བླངས་པའོ། །ཉོན་མོངས་དྲ་བ་ནི་ཉོན་མོངས་ཤིན་ཏུ་ཤུགས་དྲག་པོ་དང་ལྡན་པའོ། །དེ་ལྟར་ན་རིགས་གང་ཡིན་ཡང་རུང༌། སྔོན་ལས་ཅི་ལྟ་བུ་བྱས་ཀྱང་རུང༌། དུས་ཚོད་གནས་སྐབས་ཇི་འདྲ་ཞིག་ལའང་འདྲ་སྟེ། རིམ་པ་བཞིའི་ལམ་བསྒོམས་པས་གསང་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་ལ་ཐེ་ཚོམ་མེད་དེ། རིགས་བཟང་ངན་དང༌། དུས་བཟང་ངན་དང༌། སྔོན་གྱི་སྤྱོད་པ་བཟང་ངན་ལ་མ་ལྟོས་པའོ། །ས་མཆོག་ཅེས་པ་ནི་ཟུང་འཇུག་གི་ཡེ་ཤེས་སོ། །ཇི་ལྟར་འདོད་པ་ནི་དུས་མྱུར་བུ་ལ་ཇི་ལྟར་རིགས་པ་ཞེས་པའི་དོན་ནོ། །གཉིས་པ་གསང་བའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ངོས་བཟུང་བ་ནི། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །ཞེས་པ་ནས། རིན་ཆེན་མཆོག་ནི་བརྟགས་པར་བྱ། ཞེས་པའི་བར་ཏེ། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་ཆོས་ཀྱི་རང་བཞིན་ཅན། །ཡོན་ཏན་སྐྱོན་གྱི་དོན་ངེས་པ། །དེ་ནི་བདག་གིས་བརྟན་པར་བྱ། །འདིས་ནི་རྟོགས་བྱ་གནས་ལུགས་གསང་བའི་དེ་ཁོ་ན་ཉིད་ངོས་བཟུང་བ་སྟེ། དེ་ཡང་གང་ཞེ་ན། ཐུགས་ཆོས་སྐུ་དང༌། གསུང་ལོངས་སྤྱོད་རྫོགས་སྐུ་དང༌། སྐུ་སྤྲུལ་སྟེ། སྐུ་གསུམ་ག་ལྷན་སྐྱེས་ཀྱི་བདེ་ཆེན་ཆོས་སྐུའི་རང་བཞིན་དུ་མཉམ་པ་ཉིད་ནི་སྐུ་གསུང་ཐུགས་ཀྱི་གསང་བ་ཡིན་ལ། དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཡིན་པས་གསང་བའི་


TNT10_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་དོ། །དེ་ལ་ཡོན་ཏན་གྱི་དོན་ངེས་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་མ་ལུས་པ་ཆོས་ཉིད་དེ་ལ་ངོ་བོ་ཉིད་ཀྱི་གདོད་མ་ནས་གནས་པ་ཡིན་པས། ལམ་བསྒོམ་པ་ན་ཡོན་ཏན་མངོན་འགྱུར་མཐར་ཐུག་དེ་ནམ་དུ་ཡང་མི་ཉམས་པ་དང༌། སྐྱོན་གྱི་ངེས་པ་ནི༌། སྒྲིབ་གཉིས་བག་ཆགས་སྣང་བ་དང་བཅས་པ་ཐམས་ཅད་ཆོས་ཉིད་དེ་ལ་གདོད་མ་ནས་གོས་མ་མྱོང་བའི་ཕྱིར། ལམ་བསྒོམས་པས་དྲི་བ་རྩ་བ་ནས་སྤངས་པ་དེ་ཉིད། སླར་མི་ལྡོག་པར་འགྱུར་བའི་དོན་ཡིན་ལ། དེ་ལྟ་བུའི་གསང་བའི་དེ་ཁོ་ན་ཉིད་དེ་ནི། ནག་པོ་སྤྱོད་པ་པ་བདག་གིས་བསྟན་པར་བྱའོ་ཞེས་པ་སྟེ། དེ་མ་ཐག་པ་འདིར་ནི་ཅུང་ཟད་ཙམ་དང༌། ལེའུ་གཉིས་པ་སོགས་ལས་རྒྱས་པར་སྟོན་ཞེས་པའི་དོན་ནོ། །དེ་ཡང་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཅིག་ཉིད་སྐུ་དང་ཞིང་ཁམས་ལོངས་སྤྱོད་སོགས་རྣམ་པ་ཐམས་ཅད་པར་འཆར་བ་ནི་སྐུ་རྡོ་རྗེ་དང༌། དེ་ཉིད་གསུང་སྒྲ་སྐད་ཐམས་ཅད་པར་འཆར་བ་ནི་གསུང་རྡོ་རྗེ་དང༌། དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་ཇི་ལྟ་བ་རང་བཞིན་དབྱེར་མེད་ཀྱི་ཚུལ་གྱིས་མཁྱེན་ཅིང༌། མི་རྟོག་ཡེ་ཤེས་རྣམ་པ་ཐམས་ཅད་པས་ཇི་སྙེད་པ་གཅིག་ཅར་མ་འདྲེས་པར་མཁྱེན་པ་ནི་ཐུགས་རྡོ་རྗེ་ཡིན་ལ། དེ་རྣམས་ལ་འཆར་བའི་རྣམ་པ་མཐའ་ཡས་པ་དེ་ཡང་བདེ་ཆེན་ཆོས་སྐུ་ཁོ་ནའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྐུ་གསུམ་ཆོས་སྐུར་མཉམ་ཞེས་གསུངས་པའི་དོན་དེ། འདིའི་སྐུ་གསུམ་ནི་གནས་ཚུལ་གྱི་སྐུ་གསུམ་ཡིན་ནོ། དཔལ་ལྡན་འདུས་པའི་ལམ་གྱི་ནི། །རིམ་པ་གཉིས་ཀའི་ངོ་བོ་ལ། དཔལ་ལྡན་འདུས་པ་ལྷག་ཡིད་འོང༌། །


TNT10_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །དུས་ནི་རྣམ་བཞིའི་དབྱེ་བ་ཡི། །རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ། །རྒོད་པ་དང་ནི་བལྟས་པ་དང༌། །དེ་བཞིན་གཞན་ནི་ལག་བཅངས་དང༌། །གཉིས་གཉིས་སྤྲོད་པ་བཞི་པ་སྟེ། །དེ་དག་རྒྱུད་ནི་རྣམ་པ་བཞི། །འདུས་པའང་རྣམ་པ་གཉིས་གསུངས་ཏེ། བསྐྱེད་དང་རྫོགས་བྱུང་རིམ་པའོ། །རྣལ་འབྱོར་བསྐྱེད་པར་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །དབང་པོ་གཉིས་ཀའི་སྙོམས་འཇུག་པ། །འདུས་པ་ཞེས་བྱར་རྣམ་པར་བརྗོད། །འདིར་ནི་གསང་བའི་དེ་ཁོ་ན་ཉིད་དེ་རྟོགས་པའི་ཐབས་ནི་འདུས་པའི་རྒྱུད་ཀྱི་ལམ་མོ། །ཞེས་པའོ། །དེ་ལ་འདུས་པའི་རྒྱུད་ནི་གསང་བ་འདུས་པ་སྟེ། དེཡང་བརྗོད་བྱེད་ཚིག་གི་གསང་འདུས་ལེའུ་བཅོ་བརྒྱད་དང་ལྡན་པ་ཁོ་ན་ལ་མི་བཟུང་སྟེ། བརྗོད་བྱ་དོན་གྱི་རྒྱུད་གསང་བ་འདུས་པའི་ལམ་གྱིས་བསྡུས་པ་ལ་བཟུང་ངོ༌། །དེ་ཉིད་ཀྱི་ཕྱིར་ན་འདུས་པ་ནི་བདེ་སྟོང་གཉིས་སུ་མེད་པའི་ལམ་ཡིན་པས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་གི་བརྗོད་བྱའི་དོན་དང༌། ཆ་ཤས་ཀྱི་སྒོ་ནས་ཐེག་པ་ཐམས་ཅད་ཀྱི་སྙིང་པོར་ཡང་འགྱུར་ཞེས་བྱའོ། །དཔལ་ལྡན་ཏེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་འདུས་པ་བདེ་སྟོང་གཉིས་སུ་མེད་པའི་ལམ་གྱི་ནི་ལམ་ཐམས་ཅད་ཀྱི་སྙིང་པོར་བྱས་ཏེ་རིམ་པ་གཉིས་ཀར་གྱི་དུས་སུ། ལམ་གྱི་ངོ་བོ་དཔལ་ལྡན་འདུས་པ་བདེ་སྟོང་དེ་ནི་ལྷག་པར་ཡིད་དུ་འོང་བ་སྟེ་མཆོག་གམ་ལམ་གྱི་གཙོ་བོ་ཡིན་ལ་ལྷའི་རྣམ་པ་ལ་སོགས་པ་གཞན་རྣམས་ནི་ལམ་གྱི་ཡན་ལག་གོ །རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །ཞེས་པ་ནི་འབྲོག་


TNT10_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལས། ཐམས་ཅད་རྒྱུད་དུ་འགྲོ་བའི་གཙོ། །ཞེས་བསྒྱུར་རོ། །བདེ་སྟོང་གི་ལམ་དེ་ནི་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དང༌། རྒྱུད་ཐམས་ཅད་ལ་འགྲོ་བའི་ཁྱབ་བྱེད་ཡིན་ཞེས་པ་སྟེ། རྒྱུད་ཅེས་བྱ་བ་ཆོ་ག་ཡིན་ལ། ཆོ་གའི་དོན་ཡང་སྐབས་འདིར་ལམ་ཡིན་པས། བྱང་ཕྱོགས་དང་ཕྱིན་བཅུ་ལ་སོགས་པ་ལམ་ཐམས་ཅད་ཀྱི་གཙོ་བོ་དང༌། དགེ་ཆོས་དེ་ཐམས་ཅད་ཀྱང་འདིའི་མཚན་ཉིད་ཀྱི་ཆ་ཤས་ལ་བརྟེན་པས་ན། འདི་ཉིད་ལམ་ཐམས་ཅད་ཀྱི་སྙིང་པོར་ཁྱབ་པ་ཡིན་ནོ། །རྒྱུད་ཅེས་པའི་དོན་ནི་དུས་རྣམ་པ་བཞིའི་དབྱེ་བས། རྒྱུད་ཀྱང་རྣམ་པ་བཞིའོ་ཞེས་པ་ལ། སྔ་མ་རྣམས་རྫོགས་ལྡན་ལ་སོགས་པ་དུས་བཞི་དང༌། བྱ་བ་ལ་སོགས་པ་རྒྱུད་བཞི་དང༌། རྒོད་པ་ལ་སོགས་པའི་བདེ་བ་བཞི་སྦྱོར་བའི་བཤད་པ་མཛད་པ་བཤད་ཡམས་ཙམ་ལ་འགལ་བ་མེད་ནའང༌། དེ་ཙམ་ཁོ་ནས་གཞུང་དོན་རྐང་ཚུགས་པར་མ་བྱུང་ངོ༌། །དེས་ན་དུས་བཞི་ནི་སྐད་ཅིག་མ་བཞི་ཡིན་ལ། རྒྱུད་བཞི་ནི་ལམ་གྱི་མངོན་པར་རྟོགས་པ་བཞི་ཡིན་ནོ། །དེ་ཡང་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མས་མཚོན་པ། བལྟས་པའི་བདེ་བ་དང་མཚུངས་པ་དགའ་བའི་ས་དང༌། རྣམ་པར་སྨིན་པས་མཚོན་པ་རྒོད་པའི་བདེ་བ་དང་མཚུངས་པ་མཆོག་དགའི་ས་དང༌། དེ་བཞིན་དུ་གཞན་ཡང་རྣམ་ཉེད་ཀྱིས་མཚོན་པ་ལག་བཅངས་ཀྱི་དགའ་བ་ལྟ་བུ་ཁྱད་དགའི་ས་དང༌། མཚན་བྲལ་གྱིས་མཚོན་པ་གཉིས་གཉིས་སྤྲོད་པ་དང་མཚུངས་པའི་བདེ་བ་སྟེ། བཞི་པ་ནི་ལྷན་ཅིག་སྐྱེས་པའི་སའོ། །དེ་ཡང་རིགས་དང་མིང་མཐུན་པའི་དབང་དུ་ནི་བཞི་ཡིན་ལ།


TNT10_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཕྱེ་ན་ཡས་བབས་ཀྱི་ས་གཞི་དང༌། མས་བརྟན་གྱི་ས་གཞིའམ་བཅུ་དྲུག་གོ །དགའ་བའི་ས་མ་ཐོབ་གོང་གི་རྫོགས་རིམ་རྣམས་ཀྱང་དེ་དག་གི་རྒྱུ་ཡིན་པའི་ཕྱིར་དེ་དག་གི་ཁོངས་སུ་བསྡུའོ། །དེ་བཞིན་དུ་ཟུང་འཇུག་ཐོབ་པ་ཕན་ཆད་དེ་བཞི་ཅར་གྱི་རང་བཞིན་ཡིན་ལ། བསྐྱེད་པའི་རིམ་པ་ཡང་དེ་དག་གི་དག་པ་ཅན་གྱི་ཕྱིར་རིམ་པ་གཉིས་ཀ་ལ་རྒྱུད་བཞིས་ཁྱབ་པ་ཡིན་ལ་ཅིའི་ཕྱིར་དགའ་བའི་ས་བཞི་ལ་རྒྱུད་ཅེས་བྱ་ན། འཁོར་ལོ་བཞི་སོགས་བཞི་ཚན་གྱི་ཆོས་རྣམས་དང་ཕན་ཚུན་དུ་འབྲེལ་ཞིང་ས་དེ་རྣམས་ཉིད་རྒྱུ་འབྲས་ཀྱི་ཚུལ་གྱིས་ཕྲེང་ཆགས་སུ་འབྲེལ་བ་དང༌། གཞི་དང་འབྲས་བུའི་སྐུ་བཞི་དང་ཡང་འབྲེལ་པའི་ཕྱིར། ཐགས་ཀྱི་རྒྱུད་ལྟར་འབྲེལ་བས་ན་རྒྱུད་དེ། ཐབས་རྒྱུད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཡང་ངོ༌། ། འདུས་པ་ཞེས་པའི་དོན་གྱི་དབང་དུ་བྱས་ནས། འདུས་པ་བདེ་སྟོང་ཟུང་དུ་འཇུག་པ་ཡང༌། དངོས་བཏགས་མ་ཕྱེ་ན་རྣམ་པ་གཉིས་སུ་འགྱུར་ཏེ། བསྐྱེད་རིམ་གྱི་འདུས་པ་དང༌། རྫོགས་པར་བྱུང་བའི་འདུས་པའི་རིམ་པའོ། །དེ་ཡང་རྟོག་པ་དང་འབྲེལ་བའི་ལྷའི་རྣལ་འབྱོར་དང༌། རྩ་དང་རླུང་དང་དང་ཐིག་ལེ་དང་ཕྱག་རྒྱའི་རྣལ་འབྱོར་ལ་སོགས་པ་དང༌། དེས་མཚོན་པའི་བསོད་ནམས་ཀྱི་ཚོགས་རྣམས་ནི་རྣལ་འབྱོར་ཏེ་ཐབས་ཀྱི་ཕྱཽགས་ཡིན་ལ། དེ་ཉིད་སྤྲོས་པ་དང། བྱ་བ་དང༌། སྩོལ་བ་དང༌། ཀུན་རྫོབ་པའི་འབྲེལ་བ་ཅན་གྱི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་བར་བསྟན་ཅིང། དེ་ཡང་ལས་ཀྱི་ཕྱག་རྒྱ་དང༌། རྟོག་དཔྱོད་དང་འབྲེལ་བའི་སྟོང་པ་སྟེ་བདེ་


TNT10_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རྗེས་མཐུན་པས་བྱིན་གྱིས་བརླབས་པའམ། དེས་ཉེ་བར་མཚོན་པའི་བདེ་སྟོང་དངོས་ཀྱིས་རྒྱས་ཐེབས་པའང་ཡོད་དེ། དེ་ནི་བསྐྱེད་རིམ་གྱི་འདུས་པ་བདེ་སྟོང་ངོ༌། །དཔེའི་ལྷན་ཅིག་སྐྱེས་པས་ཉེ་བར་མཚོན་པར་བྱས་པའི་དོན་རྩ་ཐིག་རླུང་གསུམ་འགྱུར་བ་མེད་པར་བྱས་པའི་བདེ་བ་ནི། གདོད་ནས་སྟོང་པ་ཉིད་དང་ཟུང་དུ་འཇུག་པའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར་རྣལ་འབྱོར་མ་སྟེ་ཤེས་རབ་ཡིན་ལ། དེ་ནི་རྫོགས་རིམ་གྱི་འདུས་པ་བདེ་སྟོང་ཟུང་འཇུག་གོ །འདིར་བསྐྱེད་རིམ་དང་རྫོགས་རིམ་ཟུང་དུ་འཇུག་པ་འདུས་པར་འཆད་པ་ནི་སྤྱིར་མི་འགལ་ཡང་གཞུང་དེའི་ཚིག་དོན་མ་ཡིན་ཏེ། དེ་ལྟར་ན་འདུས་པ་གཅིག་ཏུ་འཆད་དགོས་པ་ལས་གཉིས་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་ནི་འདུས་པ་ཞེས་བྱའོ། །དེ་ཡང་དཔེའི་དབང་པོ་དང༌། རྒྱུའི་དབང་པོ་དང༌། རང་བཞིན་གྱི་དབང་པོ་སྟེ་གསུམ་ལས། དང་པོ་ནི། ཐབས་ཤེས་ཀྱི་རྡོ་རྗེ་པདྨའི་སྣ་རྩེ་ལ། དེའི་རྩ་དང་རླུང་དང་ཐིག་ལེ་རྣམས་ཏེ། དེ་དག་ཁ་སྦྱོར་ལས་ཐོབ་པའི་དཔེའི་ལྷན་སྐྱེས་ནི་འདུས་པའོ། །གཉིས་པ་ནི་རང་ལུས་ལ་རྩ་འཁོར་ལོ་སོ་སོའི་པདྨ་རྣམས་སུ་རླུང་དང་ཐིག་ལེའི་རྡོ་རྗེ་འདུས་པའི་ལྷན་ཅིག་སྐྱེས་པ་ནི་འདུས་པའོ། །གསུམ་པ་ནི་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་པདྨ་དང༌། ཐིག་ལེ་མི་འགྱུར་བའི་རྡོ་རྗེ་རོ་གཅིག་ཏུ་གྱུར་པས་སྙོམས་པར་ཞུགས་པ་ནི། ཡང་དག་པའི་ལྷན་ཅིག་སྐྱེས་པ་སྟེ་འདུས་པའོ། །དེ་ལྟར་ན་བདེ་སྟོང་ལྷན་ཅིག་སྐྱེས་པའི་ལམ་དེ་ཡང་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ་གནས་ལུགས་དང་རྣམ་པ་མཐུན་པར་སྒོམ་པའི་རིམ་པ་


TNT10_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། ལམ་དེས་གནས་ལུགས་ཇི་ལྟར་མངོན་དུ་བྱེད་པའི་ཚུལ་ནི། སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །དེ་བཞིན་མཁའ་འགྲོ་མ་རྣམས་དང༌། །ཨཱ་ལི་ཀཱ་ལིར་ལྡན་པ་དག །མངོན་པར་བརྗོད་པ་གང་དུ་འཇུག །འདི་ཉིད་དུ་ནི་ཡེ་ཤེས་ཀྱི། །རིན་ཆེན་མཆོག་ནི་བརྟགས་པར་བྱ༌། །རང་བཞིན་གནས་ལུགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞི་ཁྲཽ་དང༌། མཁའ་འགྲོ་མ་སྟེ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་དུ་དང༌། ཨཱ་ལི་ཀཱ་ལི་སྟེ་ཐབས་ཤེས་ཀྱི་རང་བཞིན་གཞོམ་མེད་དོན་དམ་པའི་ཡི་གེ་དང་ལྡན་པ་སྟེ་གདོད་ནས་གནས་པ་ཡིན་ལ། དེ་ཉིད་དྲི་མས་བསྒྲིབས་པ་བསལ་བའི་དོན་དུ་ལམ་ལྷན་ཅིག་སྐྱེས་པ་བསྒོམས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པར་མངོན་པར་བརྗོད་པའི་གཞི། གནས་ཚུལ་གྱི་ཡེ་ཤེས་གང་ཡིན་པ་དེར་འཇུག་པར་འགྱུར་རོ། །དེ་ཡང་ཕུང་པོ་རྣམས་བདེ་ཆེན་དུ་བཅུག་པས་སངས་རྒྱས་དང༌། དབང་པོ་རྣམས་ཀྱང་དེར་བཅུག་པས་བྱང་སེམས་དང༌། རྩ་རྣམས་དེར་བཅུག་པས་མཁའ་འགྲོ་མ་དང༌། རོ་རྐྱང་ནས་རྒྱུ་བའི་ཐ་མལ་ལས་རླུང་ཨཱ་ལི་ཀཱ་ལིའི་མཚན་ཉིད་ཅན་རྣམས་ཀྱང་དེར་བཅུག་པས། དོན་དམ་པའི་ཡི་གེ་རྣམས་ལ་འཇུག་ཅིང་ཐོབ་པར་འགྱུར་རོ། །འདིས་སྐུ་དང་གསུང་ལ་འཇུག་ཚུལ་བསྟན་ལ། ཐུགས་བདེ་སྟོང་ལ་འཇུག་ཚུལ་ཞོར་ལ་གོ་བའི་དབང་དུ་མཛད་དོ། །དེ་བས་ན་ཐེག་པ་བླ་ན་མེད་པ་འདི་ཉིད་དུ་ནི་གནས་ལུགས་དང་ལམ་གྱིས་བསྡུས་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་ཉིད་རྟག་པར་བྱ་བ་སྟེ་བརྟག་དཔྱད་བྱས་ནས་བླང་བར་བྱ་བ་ཡིན་ནོ། །འདིར་བརྟག་པར་བྱ་ཅེས་པ་བཤད་པར་དམ་བཅའ་བ་མ་ཡིན་ནོ། །གསུམ་


TNT10_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྟོགས་བྱེད་ལམ་གྱི་ཁྱད་པར་བཤད་པ་ནི། སྲེག་དང་བཅད་དང་བརྡར་བ་ཡི། མཁས་པ་དག་གིས་གསེར་བཞིན་དུ། །ཡིད་ཆེས་རྣམ་པ་བཞི་ཡིས་ནི། །ལྷན་ཅིག་སྐྱེས་པ་བརྟན་པར་བཟུང༌། །སེམས་ཅན་ཐ་མལ་ཅིག་ཤོས་ཀྱིའང༌། །ཡིད་ཆེས་རྣམ་པ་བཞིར་གནས་ཏེ། །ལུང་ལས་ཡིད་ནི་ཆེས་པ་དང༌། །དེ་བཞིན་གཞན་ལས་ཡིད་ཆེས་དང༌། །བདག་ཉིད་ལས་ནི་ཡིད་ཆེས་དང༌། །དེ་བཞིན་བླ་མ་ལས་ཡིད་ཆེས། །ཅེས་པ་ནི་ཡིད་ཆེས་པ་རྣམ་པ་བཞི་བཤད་པའོ། །ཡིད་ཆེས་དག་ནི་ཐམས་ཅད་ལ། །བླ་མ་དག་ནི་བྱེད་པོར་འགྲོ། །བླ་མ་རྣམ་པ་གཉིས་གསུངས་ཏེ། །རྒྱུ་འབྲས་འབྱུང་བར་འགྱུར་བའོ། །རྒྱུ་ཡི་ངོ་བོས་མདོར་བསྟན་པ། །འབྲས་བུ་རྒྱས་པར་བསྟན་པ་ཉིད། །མདོར་བསྟན་ལུས་དང་ངག་ཡིན་ཏེ། །རྒྱས་སྟོན་བྱེད་པ་སེམས་ཉིད་ཡིན། །དཀྱིལ་འཁོར་སློབ་དཔོན་ངོ་བོ་ཡི། །ཕྱི་དང་བཅས་པའི་ནང་ན་བཞུགས། །འདི་ནི་སེམས་ཅན་ཐམས་ཅད་ཀྱིས། །བླ་མ་རྣམ་པ་གཉིས་སུ་བརྗོད། །ཅེས་པ་ནི་བླ་མ་ལ་ཡིད་ཆེས་པ་རྒྱས་པར་བཤད་པའོ། །འབད་དང་བཅས་པར་རབ་མཆོད་ན། །སྤྱོད་དང་གྲོལ་བའི་འབྲས་རབ་སྩོལ། །དེ་ནི་ཡི་གེའི་ནང་ན་ཨོཾ། །ཕྱུགས་ནང་རི་དྭགས་རྒྱལ་པོར་མཚུངས། །རིག་བྱེད་ནང་ན་ངེས་བརྗོད་ཡིན། །མེ་ཏོག་པ་རི་ཛྲ་ཏར་མཚུངས། །མཁས་པས་དངོས་གྲུབ་དུ་མ་ནི། །དེ་ཡི་བཀའ་དྲིན་དག་གིས་ཐོབ། །བླ་མ་དག་ནི་མ་གཏོགས་པར། །གཟེགས་མ་ཙམ་ཡངའགྲུབ་མི་འགྱུར། །མཐོ་རིས་ས་སྟེང་ས་འོག་གིས། །དོན་ཀུན་བླ་མ་ཉིད་ཀྱིས་སྒྲུབ། །མཚམས་


TNT10_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྔ་ཡི་ལས་རྣམས་ནི། །བྱས་པའི་མིས་ཀྱང་འགྲུབ་པར་འགྱུར། །དེ་ལ་མ་གུས་བསྐལ་པ་ནི། །གྲངས་མེད་སྐྱེ་བས་གྲུབ་མི་འགྱུར། །ཞེས་པ་ནི་བླ་མ་ལ་ཡིད་ཆེས་པའི་ཆེ་བ་བསྟན་པའོ། །དེ་ལ་ལམ་མཆོག་གི་ཁྱད་པར་ནི། ཡིད་ཆེས་རྣམ་པ་བཞི་དང་ལྡན་པ་ཞིག་དགོས་པ་ཡིན་ཏེ། དཔལ་ཁ་སྦྱོར་ཐིག་ལེ་ལས། ཡང་དག་བསྟན་བཅོས་དེ་ཉིད་ཤེས། །སློབ་དཔོན་ལུང་གི་རྗེས་འགྲོ་ཞིང༌། །གསང་ཆེན་དེ་ཉིད་དོན་སྒོམ་པ། །གཅིག་ནས་གཅིག་བརྒྱུད་དེ་ཉིད་ཅན། །ཞེས་གསུངས་སོ། །དེ་ཡང་གསེར་བརྡར་བ་དང་མཚུངས་པར། ལུང་དང་མཐུན་པ་དང༌། བཅད་པ་དང་མཚུངས་པར་སློབ་དཔོན་ལ་ཡིད་ཆེས་པ་དང༌། བསྲེགས་པ་དང་མཚུངས་པར་བདག་ཉིད་ལ་ཡིད་ཆེས་པའོ། །གཞན་ལས་ཡིད་ཆེས་པ་ནི། ལུང་ངམ་བླ་མ་ལ་ཡིད་ཆེས་པ་གང་རུང་དུ་འདུ་བར་དགོངས་ནས་དཔེ་ལོགས་སུ་མ་བསྟན་ནོ། །དེའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་གཞན་ལས་ཀྱང༌། ཡང་དག་པའི་ལམ་ཡིད་ཆེས་གསུམ་ལྡན་དུ་གསུངས་སོ། །དེ་ལྟར་ལྷན་ཅིག་སྐྱེས་པ་སྟོན་པར་བྱེད་པའི་ལམ་ཡིད་ཆེས་རྣམ་པ་བཞི་དང་ལྡན་པ། དེ་ནི་ཐར་པའི་ལམ་དུ་ཡིད་ཆེས་བརྟན་པོར་བཟུང་བར་བྱའོ། །འབྲོག་འགྱུར་ལས། ལྷན་ཅིག་སྐྱེས་པ་བསྐུལ་བར་བསླད། །ཞེས་པར་བསྒྱུར་ཡང༌། མི་ལེགས་སོ། །སེམས་ཅན་ཐ་མལ་ཅིག་ཤོས་ཀྱི་ཞེས་བསྒྱུར་བ་ལྟར་ན། སེམས་ཅན་ཐ་མལ་པའི་དབང་པོ་དམན་པ་དང༌། ཅིག་ཤོས་ཏེ་དབང་པོ་མཆོག་གཉིས་ཀར་ལ་ཡིད་ཆེས་རྣམ་པ་བཞིར་གནས་པའི་ལམ་དགོས་པར་མཚུངས་སོ། །ཅེས་པ་ཡིན་ལ། འབྲོག་འགྱུར་ལས། སེམས་


TNT10_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཕལ་པ་གཞན་དག་ལ། །ཡིད་ཆེས་བཞི་ནི་རྣམ་པར་གནས། །ཅེས་འབྱུང་བ་ལྟར་ན། སྤྱིར་བཏངས་སུ་དབང་པོ་མཆོག་དམན་ཀུན་ལ་ཡིད་ཆེས་བཞི་བཤད་པ་ཡིན་ཀྱང་མཐའ་གཅིག་ཏུ་མ་ཡིན་པས་དབང་པོ་མཆོག་ལ་ཡིད་ཆེས་གསུམ་ལྡན་གྱི་ལམ་ནི་ངེས་པར་དགོས་ཤིང༌། དབང་པོ་དམན་པ་ལ་གཞན་ལས་ཡིད་ཆེས་པ་ཡང་ངེས་པར་བསྣན་ནས། ཡིད་ཆེས་བཞི་ལྡན་ཡང་དགོས་ཅེས་པར་འགྱུར་མོད་ཀྱི། རེ་ཞིག་དཀྱུས་ལྟར་བཟུང་ངོ༌། །ལུས་ལས་ཡིད་ཆེས་པ་ནི། དེ་བཞིན་གཤེགས་པ་ཉིད་ཀྱི་བཀའི་དོན་དུ་གནས་པ་དང༌། གཞན་ལས་ཡིད་ཆེས་པ་ནི། དགོངས་འགྲེལ་མཁན་པོ་ཚད་ལྡན་གྱིས་བཀྲལ་བའི་གཞུང་དོན་དུ་གནས་པ་དང༌། བླ་མ་ལས་ཡིད་ཆེས་པ་ནི། དོན་དེ་དང་མཐུན་པར་རྩ་བའི་བླ་མའི་བར་གྱིས་ཉམས་སུ་བསྟར་བ་དང༌། བདག་ཉིད་ལ་ཡིད་ཆེས་པ་ནི། བླ་མའི་མན་ངག་ལྟར་བསྒོམས་པས། རང་ལ་ཐུན་མོང་མ་ཡིན་པའི་ཉམས་མྱོང་ཅི་རིགས་པར་ཤར་བའོ། །གཉིས་པ་ནི་དང་པོའི་ཡན་ལག་ཡིན་པས། ལོགས་སུ་མ་བགྲངས་ན་ཡིད་ཆེས་གསུམ་མོ། །ཡིད་ཆེས་བཞི་པོ་དེ་རྣམས་ཐམས་ཅད་ལས། བྱེད་པོའམ་གཙོ་བོའམ་སྔོན་དུ་འགྲོ་བ་ནི། བླ་མ་ལ་ཡིད་ཆེས་པ་ཡིན་ནོ། །བླ་མ་ཡང་གཉིས་ཏེ་རྒྱུ་ཡི་དང་འབྲས་བུའི་ཕུན་ཚོགས་འབྱུང་བར་འགྱུར་བའི་བླ་མ་གཉིས་སོ། །དེ་ལ་རྒྱུའི་བླ་མས་ནི་མདོར་བསྟན་པ་སྟེ་དེ་ཁོ་ན་ཉིད་མཚོན་པར་མཛད་པ་ཙམ་ཡིན་ལ། འབྲས་བུའི་བླ་མས་ནི་དེ་ཁོ་ན་ཉིད་མངོན་སུམ་ཉིད་དུ་གསལ་བར་སྟོན་པས་རྒྱས་པར་


TNT10_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའོ། །མདོར་བསྟན་བརྡ་ཙམ་དེ་ཡང་ལུས་ངག་གི་བྱ་བ་ཀུན་རྫོབ་ཀྱི་ཆོ་གའམ་གདམས་ངག་དག་དང་ཚིག་གིས་སྟོན་པ་ཡིན་ལ། རྒྱས་པར་སྟོན་པར་བྱེད་པ་ནི་སློབ་མའི་རྒྱུད་ཅུང་ཟད་དག་པ་ན། མ་ལུས་ཤིང་ལུས་པ་མེད་པའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་རྣམས་སློབ་དཔོན་ལ་འདུས་ཤིང་བརྒྱུད་ནས། སློབ་མའི་རྒྱུད་ལ་ཞུགས་ཤིང་གཅིག་ཏུ་འདྲེས་པ་ན། ཡང་དག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ནི་ལུས་ངག་གི་བྱ་བ་མེད་དེ། ཆོས་ཉིད་ཀྱིས་འཇུག་པ་ཙམ་ཡིན་ནོ། །གཤེགས་པ་གཤེགས་མ་ཁྲོ་བོ་ཁྲོ་མོ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཐམས་ཅད་སློབ་དཔོན་ལ་འདུས་ཤིང་དེའི་ངོ་བོར་གནས་ལ། དེ་ཉིད་ཕྱི་འཇིག་རྟེན་ཁམས་དང་བཅས་པ་ནང་བཅུད་ཀྱི་སེམས་ཅན་གྱི་ནང་ན་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་སོ། །དེ་བས་ན་གཉིས་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་བླ་མར་བཞུགས་ཏེ། འབད་པས་མཆོད་ན་སྤྱོད་པ་སྟེ་འཁོར་བའི་བདེ་བ་ཕུན་སུམ་ཚོགས་པ་དང༌། གྲོལ་བ་སྟེ་ཐར་པའི་འབྲས་བུ་རྩོལ་བར་འགྱུར་རོ། །སློབ་དཔོན་ལ་དཀྱིལ་འཁོར་ཀུན་འདུས་པ་སོགས་ཀྱི་དོན་ནི་རྣམ་པ་གཉིས་ཏེ། གནས་ལུགས་ལ་ཇི་ལྟར་གནས་པ་དང༌། སློབ་མའི་བློ་ངོར་ཇི་ལྟར་སྣང་བའོ། །དང་པོ་ནི། སློབ་དཔོན་གྱི་ཕུང་པོ་སོགས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པ་སོགས་ཀྱི་དཀྱིལ་འཁོར་དུ་གདོད་མ་ནས་གནས་པ་དེ་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་གྱིས་མགོན་དང་སྐྱབས་སུ་གནས་པ་ཡིན་ཏེ། ཆོས་ཉིད་མཉམ་པ་ཉིད་ཀྱི་ཕྱིར་རོ། །འདིར་མགོན་སྐྱབས་ཀྱི་དོན་ནི། སེམས་


TNT10_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་གྱི་བདེ་དགེ་ཐམས་ཅད་དེའི་མཐུ་ལས་བྱུང་བའི་ཕྱིར་དང༌། དེ་ཡོད་པའི་རྒྱུ་མཚན་གྱིས་སེམས་ཅན་རྣམས་གྲོལ་དུ་རུང་བའོ། །དེ་ལྟར་ན་ཡང་སེམས་ཅན་རྣམས་ནི་དེ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ལ། ཡིད་ཆེས་དང་ལྡན་པའི་སློབ་དཔོན་དེ་ནི་དཀྱིལ་འཁོར་དེ་ལ་ཡང་དག་པར་མངོན་དུ་ཕྱོགས་པའི་ཕྱིར། སློབ་དཔོན་གྱི་ལྡོག་པ་བཟུང་ནས་སེམས་ཅན་རྣམས་ཀྱི་འདྲེན་པར་འཇོག་གོ །།གཉིས་པ་ནི་སློབ་མ་གང་ལ་སློབ་དཔོན་དེ་འབྲས་བུའི་བླ་མར་སོང་བ་ན། སློབ་མ་དེ་ཡང་ཆོས་ཉིད་ཀྱི་གནས་ཚུལ་དེ་ཉམས་སུ་མྱོང་བའི་ཕྱིར། སློབ་མ་དེའི་བློ་ངོར་སློབ་དཔོན་དེ་དཀྱིལ་འཁོར་ཀུན་འདུས་དང༌། སྲིད་ཞི་ཀུན་ཁྱབ་དང་ཆོས་ཉིད་ཀྱི་ངོ་བོ་ཡིན་ནོ་ཞེས་རྣམ་བཞག་བྱས་སོ། །ཇི་སྲིད་དུ་སློབ་མ་གང་ལ་འབྲས་བུའི་བླ་མར་མ་སོང་བའི་བླ་མ་དེ་ལ་ནི། དེའི་བློ་ངོར་དེ་ལྟར་སོང་ཞེས་བརྗོད་ཀྱང་མོས་སྒོམ་ཙམ་དུ་ཟད་དེ་མངོན་དུ་བྱས་པ་ནི་མ་ཡིན་ནོ། །འདིར་མང་པོ་དག་རྒྱུའི་བླ་མ་རྡོ་རྗེ་སློབ་དཔོན་དང༌། འབྲས་བུའི་བླ་མ་སློབ་མ་ཉིད་ཀྱི་ཉམས་མྱོང་ཙམ་ལ་འཆད་པ་ནི་ཞལ་ལུང་གྲོལ་ཐིག་སོགས་སུ་བླ་མ་གསུམ་བཤད་པ་སོགས་དང་མཐུན་རུང་ཙམ་གྱི་ལེགས་ཆ་ཡང་ཡོད་མོད་ཀྱི། གཞུང་འདིར་མི་འགྲིགས་ཏེ། ཡིད་ཆེས་བཞིའི་ནང་གི་བླ་མའི་རྒྱས་བཤད་ཡིན་པ་ལས། དེ་དག་གི་འབྲས་བུའི་བླ་མར་ངོས་བཟུང་བ་དེ་ནི་བདག་ཉིད་ཡིད་ཆེས་པར་བསྡུ་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་དཔེ་རྣམ་པ་བཞི་བསྟན་པ་ལ། ཨོཾ་ནི་ཡི་གེ་ཐམས་ཅད་ཀྱི་འགོ་འདྲེན་པ་བཞིན་དུ་


TNT10_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐམས་ཅད་ཀྱི་སྣེ་འདྲེན་པ་དང༌། རི་དྭགས་རྒྱལ་པོ་སེངྒེས་གཞན་རྣམས་སྐྲག་པར་བྱེད་པ་ལྟར། མི་མཐུན་ཕྱོགས་འཇོམས་པ་དང༌། ངེས་བརྗོད་ཀྱི་རིག་བྱེད་དུ་རིག་བྱེད་གཞན་རྣམས་ཀྱི་བརྗོད་བྱ་འདུས་པ་ལྟར། གོང་དུ་བསྟན་པ་ལྟར་སློབ་དཔོན་གྱི་དེ་ཉིད་ཤེས་པའི་ནང་དུ་ཡེ་ཤེས་ཐམས་ཅད་འདུས་པ་དང༌། པཱ་ར་ཛ་ཏ་ཏེ་ལྷའི་ཤིང་ཡོངས་འདུས་མེ་ཏོག་ནི། མེ་ཏོག་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་ཅིང༌། རྙིང་པར་མི་འགྱུར་བ་བཞིན་དུ། བྱིན་རླབས་ཀྱི་ལམ་ནི་དཀའ་བ་མེད་ཅིང་འཇུག་པ་བདེ་བ་དང་ཉམས་པར་མི་འགྱུར་བའི་དོན་ནོ། དངོས་གྲུབ་དུ་མ་ནི་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གྲངས་མང་པོའོ། །མ་རྟོགས་ཞེས་པ་ནི་བླ་མའི་བྱིན་རླབས་ཡོད་པ་ལ་མ་རྟོགས་པ་སྟེ་མེད་པའོ། །གཟེགས་མ་ནི་ཕྲ་མོའོ། དོན་ཀུན་ནི་དངོས་གྲུབ་ཀུན་ནོ། །དེ་ཡང་མཁས་པས་དངོས་གྲུབ་ཅེས་པ་མན་ཆད་སློབ་དཔོན་གྱི་ཆེ་བ་ཙམ་བསྟན་པ་སྟེ་ཚིག་ལྷག་མ་གོ་སླའོ། །དེ་ནས་ལེའུའི་མཚན་བསྟན་པ་ནི། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། བདག་དང་གཞན་གྱི་ཚོགས་ཀྱི་ཚུལ་རྣམ་པར་གནོན་པ་ལ་འཇུག་པ་དང༌། རྒྱུད་དང་སྔགས་དང་ཡེ་ཤེས་དང་གསང་བ་དང་དེ་བཞིན་གཤེགས་པའི་གསུང་རབ་སྟོན་པ་པོ་བླ་མ་མཉེས་པར་བྱ་བ་བསྟན་པ་སྟེ་དང་པོའོ། རྣམ་པར་གནོན་པ་ལ་འཇུག་པ་ཞེས་པ་ནི་རྟོགས་པར་བྱེད་པའི་ཐབས་ཏེ། རྣམ་པར་གནོན་པ་ནི་རྟོགས་པ་དང་འཇུག་པ་ནི་ཐབས་སོ། །ཡང་ན་ཚོགས་རྫོགས་


TNT10_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ཐབས་ནི་ཚོགས་རྣམ་པར་གནོན་པའོ། །རྒྱུད་དང་སོགས་བརྗོད་བྱ་དང་གསུང་རབ་ནི་བརྗོད་བྱེད་དོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།། །།གཉིས་པ་གསང་བའི་དེ་ཁོ་ན་ཉིད་དངོས་བཤད་པ་ལ་ལེའུ་གསུམ་གྱི་བདག་ཉིད་ཅན་ནོ། །དེ་ཡང་ལེའུ་གཉིས་པས་མདོར་བསྟན་པ་དང་རྒྱས་པར་བཤད་པའི་ཚུལ་གྱིས་གསང་བའི་དེ་ཁོ་ན་ཉིད་དེ། ཐབས་རྒྱུད་ཀྱི་གླེང་གཞིའི་དོན་དུ་ཞུགས་པར་བསྟན། ལེའུ་གསུམ་པས་དེ་ཉིད་ཀྱི་དོགས་པ་གཅོད་པའི་དོན་དུ་དཔེ་དང་དོན་གྱི་ཡེ་ཤེས་ཀྱི་དབྱེ་བ་སོ་སོར་བཤད། ལེའུ་བཞི་པས་གསང་བའི་དེ་ཁོ་ན་ཉིད་དེ་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་དོན་ལ་བཞུགས་པར་བསྟན་ནོ། །དེ་ལས་ལེའུ་གཉིས་པ་བཤད་པ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་མོ། །དང་པོ་ནི། བརྗོད་བྱ་དོན་གྱི་གསང་བའི་དེ་ཁོ་ན་ཉིད་ངོས་བཟུང་པ་སྟེ། དེ་ནས་ཆེས་གསང་བཤད་པར་བྱ། །མདོར་བསྡུས་སེམས་ལས་སྤྲུལ་པ་སྟེ། །དབང་པོ་དྲུག་ལས་རྣམ་གྲོལ་བ། །བྱང་ཆུབ་སེམས་ནི་རྟོག་པ་མེད། །དངོས་དང་དངོས་མེད་གཉིས་ཀ་སྤངས། །དང་པོའི་སངས་རྒྱས་རྗེས་འགྲོ་མེད། །བརྟན་པ་དང་ནི་གཡོ་བ་དག །སྤྲོ་ཞིང་སྡུད་པར་བྱེད་པའོ། །འདུས་པ་ཚོགས་པར་གསུངས་པ་སྟེ། །རྫོགས་པའི་རིམ་པའི་རང་བཞིན་ཉིད། །མྱ་ངན་འདས་པ་དམིགས་སུ་མེད། །འཁོར་བ་ཡི་ནི་བདེ་བ་ཆེ། །སྙིང་རྗེ་ཆེན་པོ་ཐབས་ཆེན་པོ། །སེམས་ཅན་དོན་ལ་འཇུག་པར་འགྱུར། །སྐུ་གསུང་ཐུགས་ཀྱི་ཚུལ་ཅན་གྱི། །


TNT10_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གསུམ་པོ་རྣམས་སུ་ནི། །བསྐྱེད་པའི་རིམ་པའི་ངོ་བོ་ཡིས། །འདི་ནི་རྫོགས་པར་བྱེད་པའི་མཆོག །རྣམ་པ་དེ་ལྟའི་ཡེ་ཤེས་ཆེ། །མདོར་བསྡུས་དེ་ནི་བདག་གིས་བརྗོད། །དེ་ལ་འདི་ནི་གསང་བ་འདུས་པ་ཞེས་བྱ་བ་སྒྲ་བཤད་པའི་སྒོ་ནས། གསང་བའི་དེ་ཉིད་བསྟན་པ་ཡིན་པ་ལས། དེ་ནས་སོགས་ཀྱིས་གསང་བ་དང༌། འདུས་པ་ཚོགས་པར་ཞེས་སོགས་ཀྱིས་འདུས་པའི་དོན་བཤད་དེ་སྐུ་གསུང་ཐུགས་ཀྱི་ཞེས་སོགས་ཀྱིས་དེ་གཉིས་ཀའི་དོན་གྱི་སྙིང་པོ་བསྡུས་ནས་རྒྱས་བཤད་སྤྲོ་བར་དམ་འཆའ་བའོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པར་ཡིན་པར་བཤད། །ཅེས་གསུངས་པའི་དོན་རྒྱས་པར་བཤད་པ་སྟེ། དེ་ཡང་གསང་བའི་དོན་ནི། སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བ་གསུམ་ཡིན་ལ། གོང་དུ་ཡང་བཤད་མོད་འདིར་ཡང་བསྟན་ན། དེ་ལས་སྐུ་ནི་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སོགས་པ་འཁོར་འདས་སྣོད་བཅུད་ཀྱི་རྣམ་པ་ཅན་དོན་དམ་པའི་གཟུགས་རྣམ་པ་ཐམས་ཅད་པ་དེ་ཡིན་ལ། གསུང་ནི་བདེ་བ་ཆེན་པོ་གཅིག་ཉིད་མིང་ཚིག་ཡི་གེ་ལས་འདས་པའི་དོན་དམ་སྲིད་འདས་ཀྱི་སྒྲ་སྐད་ཐམས་ཅད་དུ་ཤར་བ་དང༌། ཐུགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་སྐྱེས་བདེ་བ་ཆེན་པོ་དེ་ཉིད་ཀྱིས་ཟག་མེད་དོན་དམ་མྱང་འདས་ཀྱི་ཆོས་ཐམས་ཅད་རང་རིག་གི་ཚུལ་གྱིས་མཁྱེན་


TNT10_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། ཀུན་རྫོབ་འཁོར་བ་དངོས་སུ་མི་སྣང་ཡང༌། བདེ་ཆེན་རྣམ་པ་ཐམས་ཅད་པ་དེ་ཉིད་ཤེས་བྱ་ཐམས་ཅད་ལ་ཆོས་ཉིད་དུ་སོང་བའི་རྒྱུ་མཚན་གྱིས་འཁྲུལ་བ་ཅན་གྱི་སེམས་ཅན་ལ་དེ་དང་དེ་སྣང་བར་མཁྱེན་ནོ། །ཀུན་རྫོབ་དངོས་སུ་མི་གཟིགས་པ་ནི་ཀུན་རྫོབ་འཁོར་བའི་ཆོས་ཡོད་ཀྱང་མ་གཟིགས་པ་མ་ཡིན་གྱི། གདོད་མ་ནས་ཡོད་མ་མྱོང་བས་ན་གཟིགས་རྒྱུ་མེད་པའི་ཕྱིར་མ་གཟིགས་པའོ། །དེ་དག་ཀྱང་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་སུས་ཀྱང་མི་རྟོགས་པའི་ཕྱིར་གསང་བ་ཞེས་བྱའོ། །རྣམ་པ་དེ་གསུམ་ཡང་མཚན་ཉིད་ཀྱི་ལྡོག་ཆའི་དབྱེ་བ་ཁོ་ན་ཡིན་གྱི་ངོ་བོ་ནི་གཅིག་པུ་གཉིས་སུ་མེད་པའོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། ཁྱོད་ཀྱིས་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་ཅིག་ཅེས་སོ། །དེ་ལྟ་བུའི་གསང་བ་དེ་ནི་ཆོས་ཀྱི་དབྱིངས་དང་སྟོང་པ་ཉིད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སོགས་པ་མིང་དུ་མས་སྙད་ཅིང་སེམས་ཀྱི་རྡོ་རྗེ་དང༌། བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །དེ་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་མོད་ཀྱང་གཞི་དུས་ཀྱི་ཆོས་ཉིད་ལ་དེ་ལྟར་མི་གནས་སོ་སྙམ་ན། དེ་ལྟར་མ་ཡིན་ཏེ་འབྲས་བུའི་སངས་རྒྱས་གང་ཡིན་པ་དེ་ཁོ་ན་གཞིའི་ཆོས་ཉིད་ཀྱང་ཡིན་ནོ། །སེམས་ཀྱི་རང་བཞིན་ལ་སེམས་ཉིད་ཅེས་ཀྱང་བྱའོ། །དེ་ནི་སེམས་ཅན་ཐམས་ཅད་ལ་རྟག་ཏུ་གནས་ཀྱང་


TNT10_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འབད་མེད་དུ་གྲོལ་བའི་སྐྱོན་དུ་མི་འགྱུར་ཏེ། དེ་རྣམས་ཀྱིས་རང་གི་ཆོས་ཉིད་མ་ཐོབ་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་ཐམས་ཅད་པའི་གསང་བ་དེ་ལ་ནི་སངས་རྒྱས་ཐམས་ཅད་ཅེས་བྱ་ལ། རྣམ་པ་ཐམས་ཅད་པ་དེ་དག་ཀྱང་དམིགས་པ་མེད་པའི་སྙིང་རྗེ་བདེ་ཆེན་གྱི་ཡེ་ཤེས་གཅིག་ཏུ་རོ་མཉམ་པ་ནི་འདུས་པའི་དོན་ཡིན་ཏེ། གསང་བ་ཡང་ཡིན་ལ་འདུས་པ་ཡང་ཡིན་པས་ཟུང་དུ་འཇུག་པའི་མཚན་ཉིད་དོ། །དེ་ཡང་གསང་བ་ནི་རྣམ་པ་ཐམས་ཅད་པ་སྐུའི་ཆོས་དང༌། འདུས་པ་ནི་བདེ་བ་ཆེན་པོ་ཐུགས་ཀྱི་ཆོས་སུ་འཇོག་པས་དེ་གཉིས་ཟུང་འཇུག་ནི་སྐུ་དང་ཡེ་ཤེས་ཟུང་འཇུག་གོ །དོན་གྱི་མདོ་དེ་ལྟར་བློ་ལ་བཞག་ན། གཞུང་འདིའི་ཚིག་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །དེ་ཡང་ལེའུ་དང་པོའི་རྗེས་ཐོགས་དེ་ནས། གསང་བའི་སྒྲ་དང་འདུས་པའི་སྒྲ་གཉིས་ལས། ཆེས་གསང་བ་སྟེ་གསང་བའི་སྒྲ་བཤད་པར་བྱའོ། །དེ་ཡང་མདོར་བསྡུས་ཏེ་བསྟན་ན། སེམས་ཀྱི་རྡོ་རྗེ་སེམས་ཉིད་སྤྲོས་བྲལ་ལས། ཡེ་ཤེས་ཀྱི་སྣང་བ་རྣམ་པ་ཐམས་ཅད་པར་སྤྲུལ་བའོ། །སླར་ཡང་གསང་བ་དེའི་ཁྱད་ཆོས་རྒྱས་པར་བཤད་པ་ནི། དབང་པོ་དྲུག་ཡུལ་དྲུག་དང་བཅས་པ་ལས་རྣམ་པར་གྲོལ་ཡང་དོན་དམ་པའི་དབང་པོ་དང་ཡེ་ཤེས་ཀྱི་གཟུགས་སྒྲ་དྲི་རོ་རེག་ཆོས་སུ་ཤར་བ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་གདོད་མ་ནས་རྙོག་མ་མེད་པ་སྟེ་སྒྲིབ་པ་དང་བྲལ་བ། གཟུང་འཛིན་སྤངས་པའི་ཕྱིར་དངོས་པོ་མེད་ལ། ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་དངོས་མེད་ཀྱང་


TNT10_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ། དངོས་པོ་དངོས་མེད་གཉིས་ཀའི་མཚན་ཉིད་སྤངས་པའོ། སེམས་ཉིད་དེ་ནི་དང་པོ་གདོད་མའི་སངས་རྒྱས་ཡིན་ལ། རྗེས་སུ་འགྲོ་བ་སྟེ་རྣམ་པར་རྟོག་པའི་འཁྲུལ་པས་གདོད་ནས་གོས་པ་མེད་པའོ། །ཅིའི་ཕྱིར་རྣམ་རྟོག་ལ་རྗེས་འགྲོ་ཞེས་བྱ་ན། རྣམ་རྟོག་ནི་འཁྲུལ་གཞི་གཞན་གྱི་རྗེས་སུ་འགྲོ་བའི་ཕྱིར་རྗེས་འགྲོ་ཞེས་བྱའོ། །སེམས་ཉིད་རྣམ་པ་ཐམས་ཅད་པ་ཡེ་ཤེས་ཀྱི་སྣང་བ་དེ་ནི། བརྟན་པ་སྣོད་དང་གཡོ་བ་བཅུད་མཐའ་དག་སྤྲོ་ཞིང་སྡུད་པར་བྱེད་པ་སྟེ། ཡེ་ཤེས་དམ་པའི་སྣོད་བཅུད་ཀྱི་སྣང་ཆ་དེའི་གློ་བུར་གྱི་དྲི་མ་ལས་ཐ་མལ་གྱི་སྣོད་བཅུད་དུ་སྣང་བ་བྱུང་ཞིང༌། ནམ་ཞིག་མཐར་ཐུག་ཐོབ་པ་ན་ཡེ་ཤེས་དེ་དེའི་དབྱིངས་སུ་ཐ་མལ་གྱི་སྣོད་བཅུད་དེ་དང་དེ་ཡང་ཐིམ་པར་འགྱུར་བས་སོ། །དེ་བས་ན་སེམས་ཉིད་དང་པོའི་སངས་རྒྱས་རྣམ་པ་ཐམས་ཅད་པའི་ངོ་བོ་ནི་གསང་བ་དང་འདུས་པ་གཉིས་ལས་གསང་བའོ། །འདུས་པའི་དོན་ནི་གོང་དུ་བཤད་པ་ལྟར་ཚོགས་པའི་དོན་དུ་གསུངས་པ་སྟེ། འདིར་རྫོགས་པའི་སྐད་དོད། ནིཥྤནྣ་ཞེས་པ་ནི་མ་བསྐྱེད་པར་རང་གྲུབ་ཏུ་བྱུང་བའི་དོན་ཡིན་ཏེ། དེ་ལ་ཉེར་བསྒྱུར་པ་རི་བསྣན་པས། པ་རི་ནིཥྤནྣ་ཡོངས་སུ་གྲུབ་པའོ། །རིམ་པ་ནི་ལམ་དང་འབྲས་བུའི་རིམ་པའོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་རང་བྱུང་དེ་ནི་གཞི་ལམ་འབྲས་བུ་སོགས་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་དེ། རང་བཞིན་གྱི་མྱ་ངན་ལས་འདས་


TNT10_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་རྫོབ་འཁོར་བའི་སྣང་བ་དམིགས་སུ་མེད་པ། འཁོར་བ་འགྱུར་བདེའི་ཆོས་ཉིད་དོན་དམ་པའི་བདེ་བ་ཆེན་པོ་ཐིག་ལེ་འགྱུར་བ་མེད་པ་བདེ་བའི་རང་གདངས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོར་ཤར་ཞིང༌། སྙིང་རྗེ་དེའི་ཡོན་ཏན་སེམས་ཅན་གྱི་དོན་བསྒྲུབ་ཤེས་པའི་ཐབས་མཁས་ཆེན་པོ་དང༌། འཕྲིན་ལས་སེམས་ཅན་གྱི་དོན་ལ་འཇུག་པའི་ངང་ཚུལ་ཅན་དུ་འགྱུར་རོ། །འདིས་ནི་སེམས་ཉིད་དང་པོའི་སངས་རྒྱས་ཏེ། བདེ་སྟོང་གཉིས་སུ་མེད་པ་དང་སྙིང་རྗེ་ཆེན་པོར་བཤད་པས། བདེ་སྟོང་དང་སྙིང་རྗེ་ནི་གསང་བ་དང་འདུས་པ་གཉིས་ལས་འདི་ནི་འདུས་པའོ། །དེ་ལྟ་བུའི་གསང་བ་དང་འདུས་པ་དེ་ཡང་མཚན་ཉིད་སོ་སོར་བཤད་པ་ཙམ་ཡིན་གྱི་ངོ་བོ་ནི་གཅིག་ཁོ་ན་ཏེ། གོང་དུ་བཤད་པ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་ཚུལ་ཅན་གྱི་དཀྱིལ་འཁོར་རྣམ་པ་གསུམ་པོ་རྣམས་སུ་གསུངས་པ་དེ་ཡིན་ལ། དེ་ཡང་བསྐྱེད་རིམ་གྱི་ཕྱོགས་ལ། མི་བསྐྱོད་པ་གཙོ་བོར་གྱུར་པ་ཐུགས་ཀྱི་དཀྱིལ་འཁོར་དང༌། འོད་དཔག་མེད་གཙོ་བོར་གྱུར་པ་གསུང་དང༌། རྣམ་སྣང་གཙོ་བོར་གྱུར་པ་སྐུ་དཀྱིལ་དུ་བཤད་པ་ནི་བརྡ་ཙམ་ཡིན་ཏེ། དེས་མཚོན་པའི་ངོ་བོའི་དོན་གྱིས་རྡོ་རྗེ་གསུམ་པོ་འདི་ནི་རྫོགས་པར་བྱེད་པ་སྟེ་རྫོགས་པའི་རིམ་པ་ལམ་དང་འབྲས་བུ་མཆོག་གིས་བསྡུས་པའི་རྣམ་པ་རྣམ་གྲངས་དེ་ལྟ་བུས་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་གསང་བ་འདུས་པ་ཞེས་མཚན་གྱི་སྒོ་ནས་མདོར་བསྡུས་སུ་བཤད་ཟིན་པ་དེ་ནི་བདག་གིས་སླར་རྒྱས་བཤད་ཀྱི་སྒོ་ནས་བརྗོད་པར་


TNT10_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་པའོ། །དེ་ཡང་འདུས་པའི་རྒྱུད་ཀྱི་ལེའུ་བཞི་པ་ལས། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། ཞེས་དང༌། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་དང༌། བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་དང༌། ལེའུ་བཅུ་དྲུག་པ་ལས། དེ་ནས་སྐུ་ཡི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་དང༌། གྲུ་ནི་བཅུ་དྲུག་ཚད་དུ་བྱ། །ཞེས་དང༌། དེ་ནས་གསུང་གི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་ཏུ་འདྲ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །ཞེས་སོགས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བཤད་ཅེས་བྱ་བ་ནི། རྡོ་རྗེ་གསུམ་པོ་དེ་ཡང་རེ་རེ་ནས་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ཅན་དུ་བསྟན་པའི་དོན་ཡིན་ལ། ཐུགས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཉིས་པ་ནི་དོན་དམ་པའི་གནས་ལ་སོགས་པ་ས་བཅུ་གཉིས་ཀྱི་རབ་དབྱེ་ཅན་བདེ་སྟོང་གཉིས་སུ་མེད་པའི་ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པའི་རང་བཞིན་ཡིན་ལ། གསུང་དཀྱིལ་ཁྲུ་བཅུ་དྲུག་པའི་དོན་ནི། གཏུམ་མོ་འབར་བ་ལས་དགའ་བ་བཞི་བཞི་བཅུ་དྲུག་གི་ཡེ་ཤེས་སུ་ཤར་བ་མཉམ་ཉིད་སོར་རྟོག་བྱ་གྲུབ་གསུམ་འདུས་པ་གསུང་རྡོ་རྗེས་གཙོ་བོ་མཛད་པ་དང༌། སྐུ་དཀྱིལ་ཁྲུ་ཉི་ཤུ་པ་ནི་སྟོང་ཉིད་ཉི་ཤུ་དཀྱིལ་འཁོར་གྱི་འཁོར་ལོ་རབ་


TNT10_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་སུ་ཤར་བ་སྟེ། མེ་ལོང་ཡེ་ཤེས་རྣམ་སྣང་གིས་བྱིན་གྱིས་བརླབས་པའོ། ཐུགས་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར། བདུད་རྩི་ལྔའི་མཆོད་པ་བསྟན་ལ། སྐུ་ལ་ནི་ཡུལ་དང་ཡུལ་ཅན་རྣམ་པར་དག་པའི་ཕྱིར། བཤང་གཅི་གཉིས་དང༌། གསུང་ལ་ནི་གཏུམ་མོ་འབར་བ་ལས། བདེ་བ་གསལ་བ་མི་རྟོག་པ་གསུམ་འབྱུང་བའི་ཕྱིར། བཤང་གཅི་ཁུ་བ་གསུམ་གྱིས་མཆོད་པར་གསུངས་ལ། འདིར་གཏུམ་མོ་ནི་གསུང་སྟེ། ཁམས་དམར་པོ་ངག་གི་ཆོས་དང་འབྲེལ་བའི་ཕྱིར་རོ། །སྐུ་དང་གསུང་གི་དཀྱིལ་འཁོར་ལ། ཁྲུ་ཚད་ཀྱི་གྲངས་བསྣོལ་བ་ནི་བླ་མའི་མན་ངག་ཡིན་གྱི་རྒྱུད་དངོས་བསྟན་ལྟར་ན། གསུང་ལ་སྟོང་ཉིད་ཉི་ཤུ་དང༌། སྐུ་ལ་དགའ་བ་བཅུ་དྲུག་སྦྱར་བར་བྱ་སྟེ། ལུགས་འདི་ལའང་དེ་ལྟར་མི་འགལ་བར་ནི་སྣང་ངོ༌། །གཉིས་པ་རྒྱས་བཤད་ནི། རྗོད་བྱེད་ཚིག་གི་གསང་བའི་དེ་ཁོ་ན་ཉིད་རྒྱུད་གཉིས་ཀྱི་གླེང་གཞི་བཤད་པ་ཡིན་ཏེ། འདི་ལ་གཉིས། བཤད་བྱའི་གཞུང་བཀོད། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། འདི་སྐད་བདག་གིས་ཞེས་བརྗོད་དང༌། །ཐོས་པ་ཞེས་བྱའང་དེ་མ་ཐག །གཞན་ཡང་དུས་ཞེས་བྱ་བ་སྟེ། །གཅིག་ན་ཞེས་བྱ་གསུངས་པ་དང༌། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས། །དེ་ལྟར་གཞན་ཡང་དེ་འོག་ཏུ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཞེས། །བཙུན་མོའི་བྷ་ག་རྣམས་ལ་འདིར། །བཅོམ་ལྡན་འདས་ནི་བཞུགས་སོ་ཞེས། །རྣལ་འབྱོར་རྒྱུད་ལས་རབ་ཏུ་གྲགས། །གསང་


TNT10_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཞེས་བྱ་བ་ཡང་གཞན་དུ་བསྟན། །ཐོག་མ་ཐ་མའི་ཚིག་ལ་གནས། །རྣལ་འབྱོར་མ་རྒྱུད་བསྟན་པ་ནི། །མེ་སྟེ་གཞན་དག་སོག་མ་འདྲ། །རྫོགས་པའི་རིམ་པའི་ངོ་བོ་ཡིས། །རྡོ་རྗེ་སེམས་དཔའ་རབ་སྒོམ་པ། ། གསང་བའི་དེ་ཉིད་འདི་དེ་ནི། །རྒྱུད་གཉིས་ལའང་ཡང་དག་གནས། །དེ་ལ་རྣལ་འབྱོར་ཐབས་ཀྱི་རྒྱུད་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་མང་པོ་ཞིག་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཅོམ་ལྡན་འདས་བཞུགས་སོ། །ཞེས་གླེང་གཞིའི་ཚུལ་གྱིས་རྒྱུད་དོན་མཐའ་དག་གི་མདོར་བསྟན་གསུངས་སོ་ཞེས་རབ་ཏུ་གྲགས་སོ། དེ་ལ་འདི་སྐད་དང་བདག་དང་ཐོས་པ་དང༌། དུས་དང་གཅིག་ན་དང༌། ཐམས་ཅད་དེ་བཞིན་གཤེགས་པ་དང༌། སྐུ་གསུང་ཐུགས་རྡོ་རྗེ་དང༌། བཙུན་མོའི་བྷ་ག་རྣམས་དང༌། བཅོམ་ལྡན་འདས་དང་བཞུགས་པ་སྟེ་ཚིག་བཅུའོ། །ཡང་འདི་སྐད་དང་བདག་གིས་གཉིས་གཅིག་ཏུ་བསྡོམས་པ་ལ་དོན་ཚན་གཞན་དང༌། བདག་གིས་དང་ཐོས་པ་བསྡོམས་པ་ལ་ཡང་དོན་གཞན་སྟོན་པ་ཡང་ཡོད་དོ། །འདི་རྣམས་ལེགས་པར་སྦྱར་བ་སཾ་སྐྲི་ཏིའི་སྐད་དུ། ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་མེ་ཀ་སྨིན་ས་མ་ཡེ་བྷ་ག་ཝཱན་


TNT10_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཡོ་ཥི་ཏ་བྷ་གེ་ཥུ། བི་ཛ་ཧ་རཾ་ཞེས་ཡི་གེ་སུམ་ཅུ་སོ་བདུན་གྱིས་བསྟན་པ་ཡིན་པ་ལས། དེ་ལ་ཨེ་ཝཾ་ནི་འདི་སྐད། མ་ཡཱ་ནི་བདག་གིས། ཤྲུ་ཏཾ་ནི་ཐོས་པའི་ཨེ་ཀ་སྨིན་ནི་གཅིག་ན། ས་མ་ཡེ་ནི་དུས་ན། བྷ་ག་ཝཱན་ནི་བཅོམ་ལྡན་འདས། སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། ཀཱ་ཡ་ནི་སྐུ། ཝཱཀ་ནི་གསུང༌། ཙིཏྟ་ནི་ཐུགས། བཛྲ་ནི་རྡོ་རྗེ། ཡོ་ཥི་ཏ་བཙུན་མོ། བྷ་གེ་ཥུ་ནི་བྷ་ག་རྣམས་ལ། བི་ཛ་ཧ་རཾ་ནི་བཞུགས་སོ་ཞེས་པ་སྟེ་དག་ལས། བྷ་ག་ཝཱན་ཏེ་བཅོམ་ལྡན་འདས་ཞེས་པ་གོང་འོག་འཁྲུགས་བསྡེབས་ཏེ་བཞུགས་སོ་ཞེས་པ་དང་སྦྱར་བར་བྱའོ། །འདུས་པ་ལས་དེ་ལྟར་གསུངས་པ་དེ་བཞིན་དུ་གསང་བ་མཆོག་གོ་ཞེས་སོགས་གཞན་དུ་སྟེ། རྣལ་འབྱོར་མའི་རྒྱུད་འཁོར་ལོ་སྡོམ་པ་ལ་སོགས་པ་གཞན་དུ་ཡང་རྣམ་པར་བསྟན་ཏེ། གླེང་གཞིའི་དོན་དེ་ཉིད་རྒྱུད་ཀྱི་ཐོག་མ་ནས་ཐ་མའི་བར་གྱི་ཚིག་ལ་ཡང་གནས་པ་སྟེ། རྒྱུད་ཚིག་ཐམས་ཅད་ཀྱིས་དོན་དེ་ཉིད་འཆད་པའི་དོན་ནོ། །འདིར་རྣལ་འབྱོར་མ་རྒྱུད་བསྟན་པ་ནི། མེ་སྟེ་གཞན་དག་སོག་མ་འདྲ། །ཞེས་པ་ལྟར་ན། མ་རྒྱུད་ལས་གསལ་བར་བསྟན་པའི་ངེས་གསང་གིས། །རྣལ་འབྱོར་ཕ་རྒྱུད་ཀྱི་དོན་མེ་ལྟར་གསལ་བར་བྱེད་ཀྱི། གཞན་དུ་ན་སོག་མ་དང་འདྲ་བར་སྙིང་པོ་མེད་དོ། །ཞེས་པར་འགྱུར་ཞིང༌། དེ་ལྟར་འཆད་དགོས་མོད་ཀྱི། འབྲོག་མིའི་འགྱུར་ལས། ཞེས་ནི་མཆོག་ཏུ་གསུངས་པ་ནི། །ཐོག་མ་


TNT10_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་རྐང་པར་གནས། །རྣལ་འབྱོར་མ་ཡི་རྒྱུད་དུ་གསུངས། །ཞེས་ཚིག་རྐང་དང་པོ་དོན་ཚན་སྔ་མ་ལ་སྦྱར་ཏེ་འཆད་པ་ཉིད་ལེགས་པས། རྣལ་འབྱོར་མའི་རྒྱུད་འགའ་ཞིག་ཏུ་གསང་བ་མཆོག་གི་ཞེས་སོགས་གསུངས་ཞེས་པ་དང༌། རྒྱུད་འདི་གཉིས་ཚིག་ཐ་དད་ཀྱང་དགོངས་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཅིག་པར་རྟོགས་ན། མེ་དང་མཚུངས་པར་རྒྱུད་དོན་གསལ་བར་བྱེད་ཀྱི་གཞན་སྙིང་པོ་མེད་དོ་ཞེས་པ་ཡིན་ནོ། །གོང་དུ་བསྟན་པ་ལྟར། རྫོགས་པའི་རིམ་པའི་ངོ་བོའམ་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ཟུང་འཇུག་སེམས་ཀྱི་རྡོ་རྗེ་དེ་ཉིད། རབ་ཏུ་བསྒོམ་པའི་ལམ་དང་ཐབས་གསང་བའི་དེ་ཁོ་ན་ཉིད་རིམ་པ་བཞྀ་པོ་འདི་ཡིན་ལ། བརྗོད་བྱ་རིམ་བཞིན་དེ་ནི་ཕ་རྒྱུད་མ་རྒྱུ་སོ་སོའི་དབྱེ་བ་མེད་དེ། རྒྱུད་གཉིས་ཀའི་དོན་ལ་ཡང་དབྱེ་བ་མེད་པར་གནས་སོ། །གཉིས་པ་དེ་དོན་རྒྱས་པར་བཤད་པ་ལ། རྒྱས་བསྟན་བཤད་པར་དམ་བཅའ་བ་དང༌། རྒྱས་བཤད་དངོས་སོ། དང་པོ་ནི། རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །རབ་གསལ་འདི་ཡི་བཤད་བྱ་བ། །རེ་ཞིག་རྣལ་འབྱོར་རྒྱུད་ལས་ནི། །ཇི་སྐད་བསྟན་ཏེ་བདག་གིས་བསྙད། །འགྱུར་འདི་ལྟར་ན། རྒྱུད་གཉིས་ཀྱི་དོན་རབ་ཏུ་གསལ་བར་ལྷན་ཅིག་སྐྱེས་པའི་རྣམ་གཞག་འདི་ཡིས་བཤད་པར་བྱ་བ་ལས། རེ་ཞིག་རྣལ་འབྱོར་ཕ་རྒྱུད་ཀྱི་གླེང་གཞི་ལས། །ཇི་སྐད་བསྟན་པ་སྟེ། བདག་གིས་བསྙད་པར་བྱ་ཞེས་པ་ཡིན་ཡང༌། འབྲོག་འགྱུར་ལས་རྐང་པ་དང་པོ་གཉིས།


TNT10_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་རྣལ་འབྱོར་མ་རྒྱུད་དུ། འདིའི་དབྱེ་བ་བཤད་པར་བྱ། ཞེས་བསྒྱུར་བ་ལེགས་ཏེ། རྒྱུད་གཉིས་སུ་གསུངས་པའི་རིམ་པ་བཞི་པོ་འདིའི་དབྱེ་བ་བཤད་པར་བྱའོ། །ཞེས་འདི་མན་ཆད་ལེའུ་གསུམ་པོ་སྤྱིའི་བཤད་པར་དམ་བཅའ་ཡིན་ལ། ཚིག་རྐང་ཕྱི་མ་གཉིས་ནི་ལེའུ་འདི་ཉིད་ཀྱི་ནང་ནས་འཆད་འགྱུར་རྣམས་ཀྱི་བཤད་པར་དམ་བཅའོ། །ད་ནི་རྒྱས་བཤད་དངོས་ལ། གོང་དུ་བསྟན་པའི་ཚིག་བཅུ་པོ་དེ་དག་ལས། གཅིག་ན་ཞེས་པ་དང༌། དུས་ཞེས་པའི་བཤད་པ་གཉིས་གཞུང་སྡེ་ཚན་གཅིག་ཏུ་བསྡོམས། ཐམས་ཅད་དེ་བཞིན་གཤེགས་པ་ཞེས་པ་དང༌། སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་དང༌། བཙུན་མོའི་བྷ་ག་རྣམས་ལ་ཞེས་པ་སྟེ། གསུམ་པོའི་བཤད་པ་ཡང་སྡེ་ཚན་གཅིག་ཏུ་བསྡོམས། བཞུགས་སོ་ཞེས་པ་བཅོམ་ལྡན་འདས་ཞེས་པ་དང༌། བྷ་ག་རྣམས་ལ་ཞེས་པ་གཉིས་ཀར་གྱི་མཐར་སྦྱར་ཏེ། གཞུང་དུམ་བུ་ལོགས་སུ་མེད་པས། ཚིག་བཅུའི་གོ་རིམ་ལ་གཞུང་དུམ་བུ་དྲུག་ཡོད་ཅིང༌། ཐོག་མར་འདི་སྐད་དང༌། བདག་གིས་ཞེས་པ་སྦྲེལ་བ་ཡི་གེ་བཞིའི་བཤད་པ་དང༌། ཡང་བདག་གིས་དང་ཐོས་པ་ཞེས་པ་སྦྲེལ་བ་ཡི་གེ་བཞིའི་བཤད་པ་སྟེ། སྡེ་ཚན་ལྷག་པོ་གཉིས་བསྣན་པས་གཞུང་ཚོམ་བུ་བརྒྱད་ཡོད་དེ། དེ་ཡང་ཨེ་ཡིག་ས་རུ་ཤེས་བྱ་སྟེ། ཞེས་པ་ལ་སོགས་པས། འདི་སྐད་བདག་གིས་ཞེས་པ་ཡི་གེ་བཞིའི་བཤད་པའོ། །ཨེ་དང་ཝཾ་ཞེས་བྱ་བ་ཉིད། །ཅེས་པ་ལ་སོགས་པས། འདི་སྐད་ཅེས་པ་ཁོ་ན་བཤད་


TNT10_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དེ་མཐར་བདག་གིས་ཞེས་གསུངས་པ་ཞེས་པ་ལ་སོགས་པས། བདག་གིས་ཞེས་པ་ཁོ་ན་བཤད་པ་དང༌། གཞན་ཡང་ཐོས་པ་ཞེས་གསུངས་པ། ཞེས་པ་ལ་སོགས་པས་ཐོས་པ་ཞེས་པ་ཁོ་ན་བཤད་པ་དང་ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར་ཞེས་པ་ལ་སོགས་པས། བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་ཡི་གེ་བཞིའི་བཤད་པ་དང༌། གཅིག་ན་ཞེས་བྱའི་ཚིག་གི་ནི་ཞེས་པ་ལ་སོགས་པ་ནི། དུས་གཅིག་ན་ཞེས་པའི་དོན་བཤད་པ་དང༌། དུས་གཅིག་པོ་ནི་དེ་ཉིད་ནའང་ཞེས་པ་ལ་སོགས་པས་ནི། བཅོམ་ལྡན་འདས་བཞུགས་སོ། །ཞེས་པའི་དོན་བཤད་པ་དང། ཐམས་ཅད་སྒྲ་རུ་བརྗོད་པ་ནི། །ཞེས་པ་ལ་སོགས་པས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་བཤད་པ་སྟེ། དེ་དག་ལས་གཞུང་ཚོམ་བུ་དང་པོ་གཉིས་ཀྱིས། རྒྱུད་ཀྱི་དངོས་པོ་གཙོ་བོར་བཤད་ཅིང༌། རྒྱུད་རིམ་དང་སྔགས་རིམ་གྱི་ལམ་ཤུགས་ལ་བསྟན་ནོ། །གསུམ་པས་ཡེ་ཤེས་ཀྱི་རིམ་པ་དང༌། བཞི་པས་གསང་རིམ་གྱི་སྤྲུལ་སྐུ་དང༌། ལྔ་པས་གསང་རིམ་འབྲས་བུ་དང་བཅས་པའི་མཚན་ཉིད་དང༌། དྲུག་པས་གསང་རིམ་གྱི་ངོ་བོ་ཉིད་སྐུ་དང༌། བདུན་པས་གསང་རིམ་གྱི་འབྲས་བུ་དང༌། བརྒྱད་པས་རྫོགས་པའི་སངས་རྒྱས་ཀྱི་བཞུགས་ཚུལ་རྣམས་བསྟན་ཏེ། གཞི་ལམ་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་གསལ་བར་བཤད་ཅིང༌།


TNT10_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྣམས་རྒྱས་པར་བསྟན་པའོ། །དེ་ལྟར་ན་རྒྱས་བཤད་ཀྱི་སྐབས་འདིའི་གཞུང་གི་དོན་འདི་ལྟར་བྱ་སྟེ། དང་པོར་རྒྱུད་ཀྱི་དངོས་པོ་རྒྱུའི་རྫོགས་རིམ་དང་བཅས་པ་བཤད། བར་དུ་འབྲས་བུའི་རྫོགས་རིམ་ཡེ་ཤེས་དང་བཅས་པར་བསྟན། མཐར་རྫོགས་པའི་སངས་རྒྱས་ཀྱི་བཞུགས་ཚུལ་ངོས་གཟུང་བ་སྟེ་གསུམ་ལས། དང་པོ་ལ་གླེང་གཞི་ཡི་གེ་བཞིས་བསྟན་པ་དང༌། ཡི་གེ་གཉིས་ཀྱིས་བསྟན་པའོ། །དེ་ལས་དང་པོ་ཨེ་ཝཾ་མ་ཡཱ་ཡི་གེ་བཞིའི་དོན་བཤད་པ་ནི། ཨེ་ཡིག་ས་རུ་ཤེས་བྱ་སྟེ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཡིན། །བརྩེ་བ་ཆེ་དང་ཐབས་ཆེན་པོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་ཏེ། ལྟེ་བར་སྣ་ཚོགས་འདམ་སྐྱེས་ནི། །སྤྲུལ་པའི་འཁོར་ལོར་གནས་པའོ། །ཝཾ་ཡིག་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་དང་སྨོན་ལམ་ངོ་བོ་སྟེ། །ལྷ་མོ་རྡོ་རྗེའི་རིགས་རྗེས་འགྲོ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་པའི། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ཡིག་མེ་རུ་བསྟན་པ་སྟེ། །ཕྱག་རྒྱ་ཆེན་པོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་སྦྱོར་བ་ཡིས། །ལྷ་མོ་པདྨའི་རིགས་ལས་བྱུང༌། །མགྲིན་པར་ཆུ་སྐྱེས་བརྒྱད་གཉིས་འདབ། །ལོངས་སྤྱོད་འཁོར་ལོར་གནས་པའོ། །ཡཱ་ཡིག་རླུང་གི་གཟུགས་ཅན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་པ། །དམ་ཚིག་ཕྱག་རྒྱ་ཆེན་པོ་སྟེ། ། སྒྲོལ་མ་འཁོར་བ་སྒྲོལ་བྱེད་པ། །བཏང་སྙོམས་ཡེ་ཤེས་སྦྱོར་བ་ཡིས། །ལྷ་མོ་ལས་ཀྱི་རིགས་ལས་བྱུང༌། །སུམ་


TNT10_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་གཉིས་འདབ་འདམ་སྐྱེས་ནི། །བདེ་ཆེན་འཁོར་ལོ་ཆེན་པོའོ། །ཚིགས་བཅད་འདི་དག་ནི་ཨེ་ཝཾ་མ་ཡཱ་ཞེས་པའི་ཡི་གེ་བཞིའི་བརྡས་མཚོན་པའི་རྩ་འཁོར་ལོ་བཞི་དང་འབྲེལ་བ་བཞི་ཚན་གྱི་ཆོས་རྣམས་སྟོན་ཏེ། ཨེ་ཡིག་གི་བརྡས་འབྱུང་བ་སའི་ཁམས་སུ་ཤེས་པར་བྱ་ཞིང༌། གཞི་དུས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་ས་ཁམས་ཀྱི་དྭངས་མ་གཙོ་བོར་གྱུར་པའི་རླུང་དང་ཁམས་གནས་པ་ཡིན་ལ། དེའི་ལམ་གྱི་དག་པ་ནི་ལས་ཀྱི་ཕྱག་རྒྱ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། འབྲས་བུའི་དག་པ་ནི་སངས་རྒྱས་སྤྱན་མ་དང༌། གཞི་ལམ་འབྲས་བུ་གསུམ་ཅར་དང་འབྲེལ་བའི་དག་པ་ནི་བརྩེ་བ་སྟེ་སྙིང་རྗེ་ཆེན་པོའོ། ། རང་བཞིན་སྣ་ཚོགས་སྤྱོད་ཡུལ་ཞེས་པ་ལ། ལྟེ་བའི་གནས་ན་རྣམ་སྣང་དང་རིན་པོ་ཆེའི་རིགས་ཀྱི་དག་པ་གཙོ་ཆེ་ཡང༌། སྤྱིར་ན་འབྱུང་བ་ལྔ་དང༌། ཕུང་པོ་ལྔ་དང་བདུད་རྩི་ལྔ་དང༌། དབང་ཡུལ་ལ་སོགས་པ་ཁམས་རང་བཞིན་སྣ་ཚོགས་པ་རྒྱུ་བའི་སྤྱོད་ཡུལ་ཉིད་ཡིན་ལ། དེ་ཉིད་ཀྱི་ཕྱིར་རྩ་འཁོར་དེ་ཡང་ཁ་དོག་སྣ་ཚོགས་པ་ཡིན་པའི་ཕྱིར་སྣ་ཚོགས་འདམ་སྐྱེས་སོ། །རིགས་ཀྱི་དག་པ་ཡང་ལྔ་ཅར་འདུས་པའམ། རྣམ་སྣང་དང་རིན་ཆེན་རིགས་གཅིག་ཏུ་བསྲེས་པའོ། །དེ་བཞིན་ཏུ་ཝཾ་ཡིག་གི་བརྡས་མཚོན་པ། སྙིང་ག་ཆོས་ཀྱི་འཁོར་ལོ་ཆུ་སྐྱེས་ཏེ་རྩ་འདབ་མ་བརྒྱད་པ་ལ། ཆུའི་དྭངས་མ་གནས་པར་ཤེས་པར་བྱ་ཞིང༌། ལམ་ཆོས་ཀྱི་ཕྱག་རྒྱ་དང་


TNT10_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། འབྲས་བུ་ལྷ་མོ་མཱ་མ་ཀཱི་དང༌། རྡོ་རྗེའི་རིགས་མི་བསྐྱོད་པ། གཞི་ལམ་འབྲས་ཀུན་ཏུ་བྱམས་པ་ཆེན་པོའོ། །མ་ཡིག་གི་བརྡས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཆུ་སྐྱེས་ཏེ། རྩ་འདབ་བརྒྱད་གཉིས་བཅུ་དྲུག་གི་འདབ་མ་ཅན་དུ། མེ་ཁམས་ཀྱི་དྭངས་མ་གནས་པར་བསྟན་པ་སྟེ། ལམ་ཕྱག་རྒྱ་ཆེན་པོ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་རོ། འབྲས་བུ་ལྷ་མོ་གོས་དཀར་མོ་དང༌། པདྨའི་རིགས་འོད་དཔག་མེད་ལས་བྱུང་བ། གཞི་ལམ་འབྲས་བུ་ཀུན་ཏུ་དགའ་བ་ཚད་མེད་པའོ། །ཡཱ་ཡིག་གི་བརྡས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་དང་ལྡན་པའི་:འདི་[འདམ]་སྐྱེས་ཏེ་རྩ་འཁོར་ཆེན་པོ་ལ་རླུང་གི་གཟུགས་ཅན་ཏེ་རང་བཞིན་གྱི་དྭངས་མ་རྣམས་གནས་ལ། ལམ་དམ་ཚིག་གི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་དང༌། འབྲས་བུ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པ་མོ་ལྷ་མོ་སྒྲོལ་མ་དང༌། ལས་ཀྱི་རིགས་ཏེ་དོན་ཡོད་གྲུབ་པའི་རིགས་ལས་བྱུང་བ་དང༌། གཞི་ལམ་འབྲས་གསུམ་ཀར་དུ་བཏང་སྙོམས་ཚད་མེད་པའོ། །དེ་ལྟར་ན་ཡི་གེ་བཞི་དང༌། འཁོར་ལོ་བཞི་དང༌། འབྱུང་བ་བཞི་དང༌། ཕྱག་རྒྱ་བཞི་དང༌། ཕར་ཕྱིན་བཞི་དང༌། ལྷ་མོ་བཞི་དང༌། རིགས་བཞི་དང༌། ཚད་མེད་བཞི་སྟེ་བཞི་ཚན་བརྒྱད་ལས། ཡི་གེ་བཞི་ནི་སྔགས་ཏེ་བརྡ་ཡིན་ལ། འཁོར་ལོ་བཞི་ནི་གཞི་ལམ་འབྲས་གསུམ་


TNT10_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་འབབས་པའི་གཞི་ཡིན་ཞིང༌། འབྱུང་བཞིའི་དྭངས་མ་ནི་འཁོར་བའི་དུས་ཀྱི་ཆོས་ཉིད་དང་ཕྱག་རྒྱ་བཞི་དང༌། ཕར་ཕྱིར་བཞི་འཁོར་ལོ་དེ་དག་ལ་གནད་དུ་བསྣུན་པས་དག་པར་བྱེད་པའི་ལམ་དང༌། ལྷ་མོ་བཞི་དང་རིགས་བཞི་ནི་དག་འབྲས་དཀྱིལ་འཁོར་བཞིར་འཆར་བ་དང༌། ཚད་མེད་བཞི་ནི་གཞི་ལམ་འབྲས་གསུམ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་བདེ་བ་ཆེན་པོའོ། །དེ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རང་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། གཞན་དོན་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་སྤྱོད་པ་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས། མ་ཆགས་མ་ཐོགས་པའི་མཚན་ཉིད་ཅན་དང༌། ཡི་རང་དང་བསྔོ་བ་དང༌། སེམས་བསྐྱེད་དང༌། གང་ལ་གང་འདུལ་གྱི་སྒོ་ནས། སེམས་ཅན་རྣམས་དང་པོར་ལམ་ལ་ཞུགས་པ་དང༌། སྨིན་པ་དང་གྲོལ་བར་བྱེད་པའི་རྐྱེན་མ་ངེས་པ་སྣ་ཚོགས་པ་རྣམས་ལ་མཁས་པ། ཐེག་པ་མཆོག་འདིར་སྔགས་ཀྱི་མཐུས་ཉོན་མོངས་ལམ་དུ་བྱེད་པ་དང༌། དངོས་གྲུབ་ཀྱི་རྒྱུད་དང་ལས་ཀྱི་རྒྱུད་ལ་མཁས་པ་ལ་སོགས་པའོ། །སྨོན་ལམ་ནི་རང་གཞན་གྱི་སྤྱོད་པ་ཐམས་ཅད་བྱང་ཆུབ་མཆོག་དང་ཕན་བདེའི་འབྲས་བུར་སྒྱུར་བར་བྱེད་པའི་སྨོན་སེམས་དམིགས་པ་མེད་པའི་རྣམ་པ་ཅན་ཏེ། ཐེག་མཆོག་འདིར་ནི་དམིགས་པ་མེད་པ་དེ་ཡང་བདེ་བ་ཆེན་པོའི་རྣམ་པའོ། །སྟོབས་ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་ལ་སོགས་པ་ཡིན་པར་གྲགས་ལ།


TNT10_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དང་སྙིང་རྗེ་དང༌། དགེ་རྩ་བསགས་པའི་སྟོབས་ཆེན་པོས། རང་རྒྱུད་ལ་ངོ་སྐལ་གྱི་སྒྲིབ་པས་ཚུར་ཟིལ་གྱིས་མི་གནོན་ཞིང་ཕར་ལ་འཇོམས་པ་དང༌། གཞན་རྒྱུད་ཀྱི་བདུད་བཞིའི་སྟོབས་མ་ལུས་པ་འཇོམས་ཤིང་འཕྲོག་པར་བྱེད་པ་སྟེ། དེ་ནི་ཆོས་སྟོན་པ་དང་རྫུ་འཕྲུལ་གྱིས་སོ། །ཐེག་པ་འདིར་ནི་རླུང་དང་ཐིག་ལེ་རྣམ་པར་དག་པའི་སྟོབས་ཀྱང་བསྣན་པར་བྱའོ། །ཡེ་ཤེས་ནི་སྤྲོས་པ་དང་བྲལ་བའི་མཁྱེན་པ་གཅིག་གིས་ཇི་སྙེད་པའི་ཆོས་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན་པ་ཡིན་ལ། འདིར་ནི་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ཉིད་རྣམ་པ་ཀུན་ལྡན་ནོ་ཞེས་པའི་མཚན་ཉིད་ཀྱི་ཟུར་ཡང་བསྣན་པར་བྱའོ། །འདིར་སྤྱན་མ་ལ་སོགས་པ་ལྷ་མོ་བཞི་འཁོར་ལོ་བཞི་ལ་སྦྱར་བས། སྤྱན་སོགས་ལྷ་མོ་བཞིའི་དག་པ་ཅན་གྱི་པདྨ་ཅན་སོགས་རིག་མ་བཞི་ཡང་བསྟན་པ་ཡིན་ཏེ། དེ་ལ་རིག་མ་བཞི་པོ་རེ་རེས་ཀྱང་འཁོར་ལོ་བཞི་ཀ་དག་པར་བྱེད་པ་ནི་ཡིན་མོད་ཀྱི། གཙོ་བོར་པདྨ་ཅན་མས་ལྟེ་བ་དང༌། གླང་པོ་ཅན་མས་སྙིང་ག་དང༌། རི་མོ་ཅན་མས་མགྲིན་པ་དང༌། དུད་ཅན་མས་སྤྱི་བོ་དག་པར་བྱེད་པས། །དེ་དག་རིམ་བཞིན་སྤྱན་མ་ལ་སོགས་པའི་ངོ་བོར་བཤད་ལ། དག་པ་སྦྱོར་བའི་དོན་ནི། རིག་མ་དེ་དང་དེ་དག་ལ་ཡང་རྩ་འཁོར་དེ་དང་དེ་དག་མཐུ་ཆེན་པོར་ཡོད་པ་དང༌། དེ་དང་དེ་བསྟེན་པས་སྒྲུབ་པ་པོའི་རྩ་འཁོར་དེ་ངག་སོ་སོའི་རྩ་མདུད་གྲོལ་བ་དང༌། དེ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་འགྱུར་པའི་ནུས་མཐུ་ཡོད་


TNT10_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། རེག་པ་ཆེན་མོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པར་བསྟེན་ན་འགྲུབ། །ཅེས་སོ། །འདིར་ཆོས་ཉིད་དོན་དམ་པའི་ཡེ་ཤེས་གདོད་མའི་སྐུ་བཞིའམ་རྡོ་རྗེ་བཞིར་གནས་པ་ལ། རྣམ་པ་ཅན་ཐམས་ཅད་པའི་འཆར་ཚུལ་བཞི་ཚན་དེ་རྣམས་འབྱུང་བ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་བཞིའི་སྣང་ཆ་ལས་འབྱུང་ཚུལ་ལ་ངེས་པ་རྙེད་པར་བྱའོ། །གཉིས་པ་ཐོག་མའི་ཡི་གེ་གཉིས་བྱེ་བྲག་ཏུ་བཤད་པ་ནི། ཨེ་དང་ཝཾ་ཞེས་བྱ་བ་ཉིད། །གཉིས་གཉིས་སུ་ནི་བརྗོད་པ་སྟེ། །འོག་དང་སྟེང་དུ་སྙོམས་འཇུག་པས། །ཤེས་རབ་ཐབས་ཀྱི་རང་བཞིན་ནོ། །ཨེ་ཡིག་ཤེས་རབ་བརྗོད་པ་སྟེ། །ཝཾ་ཞེས་བྱ་བའང་ཐབས་ཡིན་ནོ། །འདི་ནི་ཝཾ་གིས་བརྒྱན་པ་སྟེ། །ཨེ་ཞེས་བྱ་བ་ངེས་པར་མཛེས། །ཝཾ་ནི་སྙིང་ག་མགྲིན་པ་ཡི། །དབུས་ན་རྒྱན་གྱི་མཆོག་ཡིན་ཏེ། །ཨེ་ནི་མགོ་བོ་ལྟེ་བ་ན། །རྒྱན་བྱ་ཕྱི་རོལ་ཡང་དག་གནས། །སངས་རྒྱས་ལྔ་ཡི་བདག་ཉིད་སྐུ། །ཝཾ་ཡིག་རྡོ་རྗེར་བརྗོད་པ་ཡིན། །ལྷ་མོ་ལྔའི་བདག་ཉིད་སྐུ། །ཨེ་ཡིག་པདྨར་བརྗོད་པ་ཡིན། །ཨེ་ཡིག་རྣམ་པ་བཟང་པོ་གང༌། །དབུས་སུ་ཝཾ་གི་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་ཟ་མ་ཏོག ཁམས་གསུམ་པ་ནི་མ་ལུས་པ། །འདི་སྐད་རྒྱུད་དུ་གསུངས་པ་ཡིན། །


TNT10_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཨེ་དང་ཝཾ་གི་ཡི་གེ་གཉིས་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། སྔར་གྱི་འཁོར་ལོ་བཞི་པོ་དེ་ཐབས་ཤེས་སུའང་བསྟན་ནོ། །དེ་ལ་ཨེ་དང་ཝཾ་ཞེས་བྱ་བ་ཉིད་ནི། འོག་གི་སྒོ་དང་འབྲེལ་བའི་ཨེ་ཝཾ་གཉིས་དང༌། སྟེང་གི་སྒོ་དང་འབྲེལ་བའི་ཨེ་ཝཾ་གཉིས་སུ་བརྗོད་པ་སྟེ། དེ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ཁ་སྦྱོར་གྱི་རང་བཞིན་ནོ། །འོག་དང་སྟེང་དུ་སྙོམས་འཇུག་པ་ཞེས་པ་ལ། རྫོགས་རིམ་སྤྱི་ལ་སྦྱར་ན་འོག་ཏུ་སྙོམས་པར་འཇུག་པ་ཕོ་ཉའི་ལམ་སྟེ། ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་གསུམ་ཆར་ལ་ཡང༌། ཤེས་རབ་ཀྱི་པདྨ་ནི་ཨེ་ཡིག་དང༌། ཐབས་ཀྱི་རྡོ་རྗེ་ནི་ཝཾ་ཡིག་གོ །སྟེང་དུ་སྙོམས་པར་འཇུག་པ་ནི། རང་ལུས་ཐབས་ལྡན་རང་བྱིན་རླབས་པ་སྟེ། ཕྱི་ཕྱག་རྒྱའི་རྐྱེན་ལ་མ་ལྟོས་པར། རྩའི་རྣལ་འབྱོར་རམ་རླུང་ངམ་ཐིག་ལེའམ། མི་རྟོག་པའམ། འབར་འཛག་གི་དམིགས་པ་སོགས་ཀྱི་སྣ་དྲངས་པ་ལས། རླུང་སེམས་དབུ་མར་ཐིམ་པའི་བདེ་བ་བསྐྱེད་པའི་དབང་དུ་བྱས་ན། ཨེ་ཡིག་ནི་ལྟེ་བའི་གཏུམ་མོ་དང༌། ཝཾ་ཡིག་ནི་འཁོར་ལོ་གོང་མ་གསུམ་གྱི་ཐིག་ལེའོ། །ཡང་རང་ལུས་ཐབས་ལྡན་ཁོ་ན་ལ་སྦྱར་ན། མགྲིན་པ་དང་སྤྱི་བོ་ཁ་སྦྱོར་སྟེང་གི་སྙོམས་འཇུག་དང༌། སྙིང་ག་དང་ལྟེ་བ་ཁ་སྦྱོར་གྱི་འབར་འཛག་འོག་གི་སྙོམས་འཇུག་གོ །ཕོ་ཉའི་ལམ་ཁོ་ན་ལ་སྦྱར་ན། རྡོ་རྗེ་དང་པདྨ་ནི་འོག་གི་སྙོམས་འཇུག་ཡིན་ལ། རྗེས་ཆགས་ཀྱི་མེ་དང་ཞུ་བདེ་ནི་སྟེང་གི་སྙོམས་འཇུག་གོ །


TNT10_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མགྲིན་པའི་བརྡས་བོལ་དང༌། སྤྱི་བོའི་བརྡས་ཀཀྐོ་ལ་མཉམ་པར་སྦྱོར་བ་སྟེང་གི་དང༌། སྙིང་གའི་བརྡས་ཤེས་རབ་ཀྱི་སྣ་རྩེ་དང༌། ལྟེ་བའི་བརྡས་ནོར་བུའི་རྩ་འཁོར་ཏེ། འོག་གི་སྙོམས་འཇུག་གོ །དེས་ན་ཝཾ་ནི་སྙིང་ག་དང༌། མགྲིན་པའི་འཁོར་ལོའི་དབུས་ན། རྩ་མདུད་ཟླུམ་པོ་རྒྱན་གྱི་མཆོག་ལྟར་གནས་པ་རྒྱན་པར་བྱེད་པ་པོ་དེ་ཡིན་ལ། ཨེ་ནི་མགོ་བོ་སྟེ། སྤྱི་བོའི་འཁོར་ལོ་དང༌། ལྟེ་བའི་དབུས་ན་རྩ་མདུད་གྲུ་གསུམ་གྱི་རྣམ་པ་ཝཾ་གིས་བརྒྱན་པར་བྱ་རྒྱུ་དེ་ཡིན་ནོ། །ཕྱི་རོལ་ཡང་དག་གནས་ཞེས་པ་ནི། ཨེ་སྣོད་ཀྱི་འཇིག་རྟེན་ལ་ཝཾ་བཅུད་ཀྱི་སེམས་ཅན་གནས་པ་དང༌། བསྐྱེད་རིམ་གྱི་དུས་སུ་ཆོས་འབྱུང་ལ་གཞལ་ཡས་ཁང་གནས་པ་དང༌། ནམ་མཁའ་ལ་འཇིག་རྟེན་གྱི་ཁམས་གནས་པ་དང༌། སྐྱེ་གནས་བཞིས་བསྡུས་པའི་སྐྱེ་བ་ལེན་པའི་གནས་སུ། སྐྱེ་སྲིད་ལ་གནས་པའི་སེམས་ཅན་འབྱུང་བ་དང༌། བསྐྱེད་རིམ་དང་ལས་རྒྱལ་ལྷ་ཡབ་ཡུམ་ཁ་སྦྱོར་དུ་གནས་པ་རྣམས་ཀྱང་སྟོན་ཏེ། ནང་གི་ཨེ་ཝཾ་མཉམ་སྦྱོར་གྱིས་མཐུ་ལས། ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་དང༌། ཕྱི་བསྐྱེད་རིམ་དང༌། ཕྱིའི་སྲོག་རྩོལ་ལས་རྒྱ་རྣམས་ལ་ཡང་ཨེ་ཝཾ་ཁ་སྦྱོར་ཡང་དག་པར་གནས་སོ། །དེ་དག་ལས་ཝཾ་ཡིག་གིས་མཚོན་པ་འདི་ནི་དབུས་སུ་བརྒྱན་པར་བྱེད་པ་པོ་སྟེ། གང་ལ་བརྒྱན་ཞིང་མཛེས་པར་བྱ་བའི་ཡུལ་ནི། ཨེ་ཡིག་ཅེས་བྱ་བས་ཉེ་བར་མཚོན་པ་རྣམས་སོ། །


TNT10_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཝཾ་གི་སོགས་པ་འབྲོག་འགྱུར་ལས། ཝཾ་གིས་རྣམ་པར་བརྒྱན་པ་འདི། །ཨེ་ནི་ངེས་པར་མཛེས་པར་འགྱུར། །ཞེས་འབྱུང་བ་གོ་བདེའོ། །དོན་དམ་པའི་ཨེ་ཝཾ་ནི་སངས་རྒྱས་ལྔ་སྟེ། ཕུང་པོ་ལྔའི་དྭངས་མའི་བདག་ཉིད་ཀྱི་སྐུ་སྟེ་ཡེ་ཤེས་ལྔ་ནི་ཝཾ་ཡིག་གི་མཚོན་དོན་བདེ་སྟོང་གཉིས་སུ་མེད་པའི་འོད་གསལ་རྡོ་རྗེར་བརྗོད་པ་ཡིན་ལ། ལྷ་མོ་ལྔ་སྟེ་འབྱུང་བ་ལྔའི་དྭངས་མའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ནི་ཨེ་ཡིག་ཡིན་ཏེ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་པདྨར་བརྗོད་དོ། །འབྱུང་བ་ལྔའི་ནམ་མཁའ་ལ་ཕྱེ་ན། ནམ་མཁའ་རྣམ་ཤེས་གཉིས་སུ་ཡང་འགྱུར་བས། རྒྱུད་གཞན་ལས། ཝཾ་ཡིག་སྟོང་ཆེན་ཡིག་ལྔ་དང༌། ཨེ་ཐིག་ལེ་སྟོང་བ་ཡིག་དྲུག་ཏུ་བཤད་པ་དང་དོན་གཅིག་གོ །མདོར་ན་གདོད་མར་རང་བྱུང་ཡེ་ཤེས་ལྔ་པོ་བདེ་བ་མི་འགྱུར་བའི་ཆ་ནི་ཝཾ་ཡིག་ཡིན་ལ། སྟོང་པ་སྤྲོས་བྲལ་གྱི་ཆ་ནི་ཨེ་ཡིག་ཡིན་ཞིང༌། གཉིས་ཀར་ཡང་རྣམ་པ་ཐམས་ཅད་པ་ཡིན་པས་ན། ཕུང་པོ་དང་འབྱུང་བའི་དྭངས་མར་མཚན་བཏགས་པའོ། །དེ་ལྟར་ན་ཨེ་ཡིག་གི་བརྡས་ནི་ཤེས་རབ་ཀྱི་ཕྱོགས་བརྗོད་པ་དང༌། ཝཾ་ཡིག་ཅེས་བྱ་བ་ཡང་ཐབས་ཅད་ཀྱི་བརྡའ་ཡིན་ནོ། །དེ་ལྟར་ན་རང་ལུས་དང་གཞན་ལུས་ཀྱི་ཨེ་ཡིག་གི་རྣམ་པའམ་དབྱིབས་བཟང་པོ་གྲུ་གསུམ་མམ་ཁོང་སྟོང་གང་ཡིན་པ་དེ་ལ། དབུས་སུ་ཝཾ་ཡིག་གི་རྣམ་པ་གོང་བུ་དང་ཟླུམ་པོས་བརྒྱན་པ་སྟེ་རྩ་འཁོར་ཁ་སྦྱོར་དང༌། རྡོ་རྗེ་དང་པདྨ་ཁ་སྦྱོར་དེ་ནི་ཞུ་བདེ་དགའ་བ་བཞི་པོ་ཐམས་ཅད་འབྱུང་བའི་གཞི་


TNT10_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་ལ། རྟེན་རྩ་འཁོར་བརྟེན་པ་ཞུ་བདེར་བཅས་པ་དེ་ནི་དོན་དམ་པའི་སངས་རྒྱས་ཀྱི་རིན་པོ་ཆེ་ཡེ་ཤེས་ལྔ་གཉིས་གཅིག་ཏུ་འདྲེས་པ་དེའི་ཟ་མ་ཏོག་སྟེ་སྣོད་ལྟ་བུ་ཡིན་ན། སྣོད་ཀྱི་དོན་ཡང་ད་ལྟ་སྒྲིབ་གཡོགས་སུ་ཡང་ཡོད་ཅིང༌། དེའི་ནང་ན་དེ་གནས་པ་དང༌། ཆུད་མི་འཛའ་བར་འཛིན་ཅིང་དེ་ལས་མངོན་གྱུར་དུ་འབྱུང་བའི་དོན་ནོ། །ཞུ་བདེ་དེ་ནི་རང་བཞིན་གྱི་ཨེ་ཝཾ་དེའི་ཟ་མ་ཏོག་ཡིན་པར་མ་ཟད། ཁམས་གསུམ་འཁོར་བ་ཐམས་ཅད་ཀྱང༌། ཆོས་ཉིད་བདེ་ཆེན་དེའི་ཟ་མ་ཏོག་ཡིན་པས། སྣོད་བཅུད་ལ་སོགས་པ་ཐམས་ཅད་གོང་དུ་བཤད་པ་ལྟར་ཨེ་ཝཾ་དུ་འདུས་ལ། དོན་དམ་ཁམས་གསུམ་ནི། ཡེ་ཤེས་ལྔ་པ་གཉིས་ཏེ་མཐར་ཐུག་གི་ཨེ་ཝཾ་དངོས་ཡིན་པས། འཁོར་འདས་ཀྱི་ཁམས་གསུམ་པོ་མ་ལུས་པ་ནི། འདི་སྐད་དེ། ཨེ་ཝཾ་གི་སྒྲས་རྒྱུད་རྣམས་སུ་གསུངས་པ་ཡིན་ནོ། །འདི་དག་ལ་སྔ་རབས་པ་ཁ་ཅིག ཡི་གེ་བཞིས་རྒྱུད་རིམ་དང༌། ཡི་གེ་གཉིས་ཀྱིས་སྔགས་རིམ་བསྟན་པར་འདོད་པ་དང༌། གཞན་ཁ་ཅིག སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་པ་ཡན་ཆད་རྒྱུད་རིམ་དང༌། ཁམས་གསུམ་སོགས་ཀྱིས་སྔགས་རིམ་བསྟན་པར་འདོད་ཀྱང༌། ཨེ་ཡིག་ས་རུ་ཤེས་བྱ་སྟེ་ཞེས་པ་ནས། འདི་ཡན་ཆད་ཀྱི་གཞུང་གི་གཙོ་བོར་གཞིའི་གནས་ལུགས་དོན་དམ་དང་ཀུན་རྫོབ་གང་ཡིན་པ་དེ་བསྟན་ཅིང༌། གང་ལ་གནད་དུ་བསྣུན་ན་ཡེ་ཤེས་འཆར་བར་འགྱུར་བའི་ལུས་སེམས་ཀྱི་གནས་ཐབས་


TNT10_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སམ་རྒྱུད་ཀྱི་དངོས་པོ་གཙོ་བོར་བསྟན་པའོ། །འོན་ཀྱང་ཞོར་བྱུང་གི་ཚུལ་དུ་རང་ལུས་འཁོར་ལོ་བཞི་དང་གཞན་ལུས་རིག་མ་བཞི་ལས། རླུང་སེམས་དབུ་མར་འགག་པར་འགྱུར་བའི་རྒྱུད་རིམ་དང༌། རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་ཀྱི་ཨེ་ཝཾ་སྙོམས་འཇུག་ཏུ་གཏོགས་པའི་སྔགས་རིམ་ཡང་རྒྱས་པར་བསྟན་པ་ནི་ཡིན་ནོ། །གཉིས་པ་འབྲས་བུའི་རྫོགས་རིམ་ཡེ་ཤེས་དང་བཅས་པ་བཤད་པ་ལ། ཡེ་ཤེས་ཀྱི་རིམ་པ་བཤད་པ། གསང་བའི་རིམ་པ་བཤད་པ། གསང་རིམ་གྱི་འབྲས་བུ་བཤད་པ་སྟེ་གསུམ་ལས། དང་པོ་ནི་ཐོག་མར་ལོངས་སྐུའི་ལམ་ཁྱད་པར་ཅན་གྱི་དབང་དུ་བྱས་ནས་གསུངས་པ། དེ་མཐར་བདག་གིས་ཞེས་གསུངས་པ། །ལོངས་སྤྱོད་རྫོགས་སྐུར་གྲགས་པ་སྟེ། །དེ་ནི་ཁམས་གསུམ་གྱི་བདེ་བ། །ཐམས་ཅད་མྱང་བའི་རྒྱུ་རུ་འགྱུར། །ཡོན་ཏན་གསུམ་བརྒྱན་མཚན་མ་ནི། །མཁའ་དབྱིངས་སྟེང་དུ་ཡང་དག་གནས། །དེ་ཉིད་ངོ་བོས་སྒྲུབ་པ་སྟེ། །མི་ཡི་སྣ་རྩེར་བརྗོད་པ་ཡིན། །དེ་ཡི་དབུས་སུ་གནས་པའི་སེམས། །རྟོག་བཅས་ཟླ་བ་ལྟ་བུ་ནི། །ཀུན་རྫོབ་བྱང་ཆུབ་སེམས་ཞེས་བྱ། །སངས་རྒྱས་གཟུགས་ནི་ཤིན་ཏུ་མཛེས། །དགའ་བའི་རང་བཞིན་གང་དེ་ནི། །ཆགས་པ་ཞེས་བྱར་མངོན་པར་བརྗོད། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི། །བདག་གིས་ཞེས་བྱར་རབ་ཏུ་གྲགས། །འདི་ནི་ཡི་གེ་བཞིའི་ནང་ནས། །མ་ཡཱ་གཉིས་རྒྱས་པར་བསྟན་པ་སྟེ། སྐབས་འདིར་མ་ཡཱ་ཞེས་པ་བོད་སྐད་དུ་བསྒྱུར་ན།


TNT10_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཞེས་པ་སྟེ། དེ་ལ་མ་ཐིག་ལེའི་རྣམ་པ་སྟེ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡིན་ལ། ཡཱ་ནི་ཡ་ཧི་སྟེ་བགྲོད་པ་འགྲོ་འོང་ངོ༌། །དེ་བས་ན་བྱང་ཆུབ་ཀྱི་སེམས་ཀྱི་བགྲོད་པ་འགྲོ་འོང་ལས་བྱུང་བའི་ཡེ་ཤེས། ཞུ་བདེ་འགྱུར་མེད་ཀྱི་རང་བཞིན་དགའ་བའི་ས་བཞི་ནི། བདག་གིས་ཞེས་པའི་དོན་ཡིན་ཞིང༌། དེ་ཉིད་ཁྱད་པར་ཅན་དུ་ན་ཡེ་ཤེས་ཀྱི་རིམ་པ་དང་སྤྱིར་ཡང་ལམ་གྱིས་གནས་སྐབས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ཡེ་ཤེས་ཐམས་ཅད་དོ། །འདི་སྐད་ཅེས་པ་དེའི་མཐར་བདག་གིས་ཞེས་གསུངས་པ་ནི་ལོངས་སྤྱོད་རྫོགས་སྐུར་གྲགས་པ་སྟེ་དེ་ཡང་འདོད་ཁམས་ཀྱི་བརྡས་ཐིག་ལེ་དཀར་པོ་ཞུ་བ་དང༌། གཟུགས་ཁམས་ཀྱི་བརྡས་གཏུམ་མོ་འབར་བ་དང༌། གཟུགས་མེད་ཁམས་ཀྱི་བརྡས་ནས་དེ་དང་དེར་ཐིག་ལེ་གཡོ་བའི་རླུང་ཐིམ་པ་སྟེ། རྒྱུ་གསུམ་འཛོམས་པའི་བདེ་བ་ནི། ཁམས་གསུམ་གྱི་བདེ་བ་ཞེས་བྱ་སྟེ། དེའི་ནང་ཚན་དགའ་བ་བཞི་པོ་ཐམས་ཅད་མྱོང་བ་བརྟན་པའི་རྒྱུ་དགའ་བ་བཞིའི་ས་རེ་རེར་གྱུར་པའོ། །དེ་དག་བཞི་པོ་ཡང་རོ་རྐྱང་དབུ་མ་གསུམ་གྱི་དྭངས་མའམ། ཁུ་རྡུལ་རླུང་གསུམ་གྱི་དྭངས་མའི་ཡེ་ཤེས་ཡིན་པའི་ཕྱིར། སྙིང་སྟོབས་རྡུལ་མུན་ཏེ་ཡོན་ཏན་གསུམ་གྱིས་བརྒྱན་པའི་མཚན་མའམ་རྟགས་བརྟན་པོ་མཁའ་དབྱིངས་ཀྱི་སྒྲས་མགྲིན་སྙིང་ལྟེ་གསང་བཞིའི་རྩ་འཁོར་གྱི་དབུས་ཀྱི་མདུད་པའི་སྟེང་དུ། འཛག་མེད་ཀྱི་ཐིག་ལེ་དང་བདེ་བ་ཡང་དག་པར་གནས་པའོ། །དེ་ལ་དབུ་


TNT10_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་རླུང་ནི་མུན་པ་ཡིན་ལ། རོ་མ་དང་ཁྲག་ནི་རྡུལ། རྐྱང་མ་ཁུ་བ་ནི་སྙིང་སྟོབས་ཀྱི་ཡོན་ཏན་ནོ། །སྤྱིར་སྙིང་སྟོབས་ནི་བདེ་བ། དེའི་དྲི་མའི་ཆ་ནི་འདོད་ཆགས། རྡུལ་ནི་གསལ་བ། དེའི་དྲི་མའི་ཆ་ནི་ཞེ་སྡང༌། མུན་པ་ནི་སྟོང་པ། དེའི་དྲི་མའི་ཆ་ནི་གཏི་མུག་གོ །རིམ་པ་དེས་གནས་སྐབས་མང་པོར་སྙིང་སྟོབས་ནི་སྤྱི་བོའི་ཧཾ་ཡིག རྡུལ་ནི་ལྟེ་བའི་གཏུམ་མོ། །མུན་པ་ནི་སྙིང་གའི་དཔྱིད་ལ་ངོས་འཛིན་པའང་ཡོད་ཅིང༌། ཡང་ཚངས་པའི་མེ་ལ་རྡུལ་ཞེས་བྱ་བ་དང༌། དཔྱིད་ཐིག་གཉིས་པོ་མུན་པ་དང༌། མེར་བཤད་པའང་ཡོད་ལ། དོན་དམ་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་དང༌། ཀུན་རྫོབ་དེ་གསུམ་དུ་སྣང་བའི་རྣམ་རིག་དག་པ་ཙམ་ལ། ཡོན་ཏན་གསུམ་དུ་བཤད་པའང་ཡོད་དེ། རྣམ་གྲངས་དུ་མར་བཤད་པ་རྣམས་སྐབས་ཐོབ་ཀྱིས་གོ་བར་བྱ་ལ། དེ་དག་རྩ་བའི་གནད་གཅིག་ལ་འདུས་པའང་ཡིན་ཏེ། སྟོང་པ་དང་སེམས་དང༌། དབུ་མ་དང༌། ཞེ་སྡང་དང༌། དཔྱིད་དང༌། མུན་པའི་ཐིག་ལེ་རྣམས་གནད་གཅིག་སྟེ་ཡིད་ཀྱི་ཆོས་སོ། །གསལ་བ་དང༌། ངག་དང༌། རོ་མ་དང༌། འདོད་ཆགས་དང༌། ལྟེ་བའམ། ཚངས་པའི་མེའི་དམར་ཆ་དང༌། ཁྲག་གི་ཁམས་རྣམས་འགྲོས་གཅིག་སྟེ་ངག་གི་ཆོས་སོ། །བདེ་བ་དང༌། ལུས་དང༌། རྐྱང་མ་དང༌། འདོད་ཆགས་དང༌། ཧཾ་ཡིག་དང༌། ཁུ་བའི་ཁམས་རྣམས་རིགས་གཅིག་སྟེ་ལུས་ཀྱི་ཆོས་སོ། །ཡང་རྩ་ནི་ལུས། རླུང་ནི་ངག ཐིག་ལེ་ཡིད་ཀྱི་ཆོས་སུ་འཇོག་


TNT10_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་ལ། དེ་དག་རེ་རེ་ལ་ཡང་ནང་གསེས་ཡོན་ཏན་གསུམ་གསུམ་དུ་དབྱེ་བ་སོགས་རྣམ་གྲངས་མཐའ་ཡས་པར་འགྱུར་ཏེ། རྟོགས་པར་སླའོ། །དེ་ཉིད་ངོ་བོས་སྒྲུབ་པ་སྟེ་ཞེས་པ་འབྲོག་འགྱུར་ལས། སྒྲུབ་པ་རིན་ཆེན་གཟུགས་ཀྱིས་ནི། །ཞེས་བསྒྱུར་བ་ལྟར་ལེགས་པས། ཐིག་ལེ་དེ་བརྟན་པར་སྒྲུབ་པ་ན། རིན་པོ་ཆེ་ལྟར་ཡོན་ཏན་དུ་མ་དང་ལྡན་པའི་གཟུགས་ཀྱིས་མིའི་སྣ་རྩེ་སྟེ། རྡོ་རྗེ་ནོར་བུ་ཡན་ཆད་དུ་བརྟན་པར་བརྗོད་པ་ཡིན་ནོ། །རྟེན་བྱང་ཆུབ་ཀྱི་སེམས་བརྟན་པོ་དེའི་དབུས་སུ་གནས་པ་ལྟར། བརྟན་པའི་ཚུལ་དུ་བཞུགས་པའི་སེམས་ནི། ཡས་བབས་ཀྱི་བདེ་བ་ཡིན་པའི་ཕྱིར་ན། རྟོག་བཅས་སམ་ཟག་བཅས་ཀྱི་རིགས་ཡིན་ཡང༌། དངོས་སུ་ན་ཟླ་བ་དཀར་པོ་ལྟར། རྣམ་རྟོག་དང་སྲེད་པ་མངོན་གྱུར་པའི་དྲི་མ་ནག་པོས་མ་གོས་པ་དེ་ནི་བདེ་ལ་མི་རྟོག་པ་ཡིན་ཡང༌། ཞུ་བདེ་ཡིན་པའི་ཕྱིར་ན་དོན་དམ་དུ་མི་འཇོག་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ནོར་བུར་ལྷན་ཅིག་སྐྱེས་པའི་ས་ཐོབ་པའི་རྗེས་ཐོགས་ནས། མས་བརྟན་གྱི་དགའ་བའི་ས་མ་ཐོབ་ཀྱང༌། སྐད་ཅིག་མས་བསྡུས་པའི་མས་བརྟན་གྱི་དགའ་བ་བཞིའམ་བཅུ་དྲུག་ལ། ཡོན་ཏན་གསུམ་བརྟན་པར་བཅིངས་པའི་སྣང་བ་ལས་བྱུང་བའི་སངས་རྒྱས་ཀྱི་གཟུགས་སྟེ། རང་འདོད་ལྷའི་གཟུགས་གཙོ་བོར་གྱུར་པ། ཁམས་གསུམ་གྱི་གཟུགས་སྒྲ་དྲི་རོ་རེག་ཆོས་མཐའ་ཡས་པའི་


TNT10_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་ཤིན་ཏུ་མཛེས་པར་འགྱུར་རོ། །འདི་མས་བརྟན་རྗེས་སུ་དྲན་པའི་ས་དངོས་མིན་ཡང༌། མས་བརྟན་གྱི་རྗེས་དྲན་ཙམ་ནི་ཡིན་ལ། རིམ་པ་བཞི་ལས་ནི་ཡེ་ཤེས་ཀྱི་རིམ་པ་ཁོ་ནའོ། །དགའ་བའི་རང་བཞིན་ཞེས་པ། དགའ་བ་བཞིའི་ནང་ཚན་གྱི་དགའ་བ་དང་པོ་ལ་མི་ཟེར་ཡང༌། དགའ་བདེ་ཁྱད་པར་ཅན་གྱི་དོན་ཡིན་ལ། དགའ་བའི་སྐད་དོད་རཱ་མ་ཞེས་པ་ལ། ཡི་གེ་བསྣན་པའི་ངེས་ཚིག་གིས། རཱ་ག་ཆགས་པ། མ་ལི་དྲི་མ་ཅན་གྱི་དོན་ཡིན་ཏེ། མས་བརྟན་གྱི་ཐིག་ལེར་མ་གྱུར་བས་ན། རིམ་པ་གསུམ་པའི་ས་གང་ཡིན་པ་དེ་ནི། ཆགས་པའི་དྲི་མ་ཅན་ཞེས་བྱ་བར་མངོན་པར་བརྗོད་དོ། །དེ་ལྟར་ན་ལམ་དུས་ཀྱི་ལོངས་སྤྱོད་རྫོགས་སྐུའི་རིམ་པ་དེ་ནི། བདག་གིས་ཞེས་བྱ་བའི་བརྡས་རྒྱུད་རྣམས་ལས་བསྟན་པར་རབ་ཏུ་གྲགས་སོ། །ད་ནི་དེའི་འོག་ཏུ་གསང་བའི་རིམ་པ་སྟོན་པར་བཞེད་དེ། གཉིས་པ་ལ། སྤྲུལ་སྐུའི་ལམ་ཁྱད་པར་ཅན་བཤད་པ། ཡེ་ཤེས་མཆོག་གི་ཁྱད་ཆོས་བསྟན་པ། གསང་རིམ་གྱི་བྱེད་ལས་བཤད་པ་གསུམ་ལས། དང་པོ་ནི། གཞན་ཡང་ཐོས་པ་ཞེས་གསུངས་པ། །སྤྲུལ་པའི་སྐུ་རུ་བརྗོད་པ་སྟེ། །གང་ཚེ་ཟླ་བ་ལྟ་བུ་ཡི། སེམས་ཆེན་པོ་ནི་ནུབ་གྱུར་པ། །བྷ་གའི་དབུས་སུ་སོན་གང་དེ༌། །དེ་ནི་ཡུངས་ཀར་ཞེས་བྱར་འདོད། །ཆགས་བྲལ་གྱི་ནི་རང་བཞིན་དེ། །འདི་ནི་ཉི་མ་ལྟ་བུའི་འོད། །དེ་ནི་ཁྲག་ཏུ་ཤེས་བྱ་སྟེ། །སྟེང་དུ་འོད་གསལ་


TNT10_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བའོ། །རིག་པའི་སྣ་རྩེར་གནས་ནས་ནི། །པདྨ་བཞི་ནི་གསལ་བྱེད་པ། །རྒྱལ་བ་རྣམས་ཀྱི་སྤྲུལ་སྐུ་སྟེ། །དེ་ནི་ཐོས་པ་ཞེས་བྱར་གྲགས། །འདིས་ནི་གསང་རིམ་དངོས་བསྟན་པ་ཡིན་ཏེ། འདིར་ཐོས་པ་ཞེས་པའི་སྐད་དོད། ཤུཏ་ཞེས་པ་ཡིན་པ་ལས། ཤྲུ་ནི་ཤྲ་བ་སྟེ་འཛག་པ། ཏ་ནི་ཏ་རུ་ཎ་སྟེ་དར་བ་ཡིན་ན། ཏའི་སྲོག་གི་ཨ་ནི་དགག་པའི་དོན་ཏེ། མེ་འཛག་པར་སྟེང་དུ་བསྐྱོད་པའོ། །དེ་ཉིད་ཀྱི་ཐིག་ལེ་རྩ་འཁོར་ལོ་བཞིའམ་བཅུ་དྲུག་ཏུ་བརྟན་པ་བྱས་པས། གསལ་སྣང་ལ་ལྷའི་སྣང་བ་རབ་འབྱམས་མཆེད་པར་འགྱུར་བ་ནི། ལམ་གྱི་སྤྲུལ་པའི་སྐུ་དང་རྗེས་དྲན་ནོ། །རིམ་པ་འདི་ལ་མས་བརྟན་དགའ་བའི་ས་བཅུ་དྲུག་གི་རེ་རེ་བཞིན་དུ། རྒྱུ་རྗེས་དྲན་སྤྲུལ་སྐུ་དང༌། འབྲས་བུ་ཏིང་འཛིན་ངོ་བོ་ཉིད་སྐུའི་ཆ་རེ་སྤེལ་མར་འབྱུང་བ་ཡིན་ཀྱང་སྐབས་འདིར་རྗེས་དྲན་ཁོ་ན་བསྟན་པ་ནི། གཞན་ཡང་ཡི་གེ་བཞིའི་རྗེས་སུ་ཐོས་པ་ཞེས་གསུངས་པ་ནི། ལམ་སྤྲུལ་པའི་སྐུའི་རིམ་པར་བརྗོད་པ་སྟེ། གང་གི་ཚེ་ཟླ་བ་ལྟ་བུ་ཡས་བབས་ཀྱི་དགའ་བའི་ས་བཞི་ལས། སེམས་ཆེན་པོ་ལྷན་སྐྱེས་ཀྱིས། ནོར་བུར་ཐོབ་པ་དེ་ཉིད་ནུབ་པ་ན། ཟག་མེད་མས་བརྟན་དུ་གནས་གྱུར་པ་ནི༌། བྷ་ག་སྟེ་རྩ་དབུ་མའི་དབུས་སུ། ཆ་བཅུ་དྲུག་རེ་རེའི་གནས་སུ་ཐིག་ལེ་སོན་ཅིང་བསྟན་པ་གང་ཡིན་པ་དེ་ནི། རྒྱུད་ལས། སྣའི་རྩེ་མོར་ཡུངས་ཀར་བསམ། །ཞེས་སོགས་ཡུངས་ཀར་ཞེས་བྱ་བའི་བརྔས་


TNT10_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་འདོད་ལ། བདེ་བ་ཆེ་ཆེར་འཕེལ་ཡང༌། ཟག་བཅས་སྲེད་པའི་ཆགས་པ་འགགས་པས། ཆགས་བྲལ་གྱི་རང་བཞིན་དེ་ནི། གཏུམ་མོ་ལྷག་པར་འབར་བའི་སྟོབས་ཀྱིས་དབང་དུ་བྱས་ནས། སྟེང་དུ་རིམ་པས་བརྟན་པ་ཡིན་པའི་ཕྱིར། ཉི་མ་ལྟ་བུའི་འོད་དང༌། ཁྲག་གི་དབང་དུ་བྱས་པ་ཞེས་ཤེས་པར་བྱ་ལ། དེ་ལ་འདིར་ཡང་ཐིག་ལེའི་ངོ་བོ་ནི་དཀར་པོ་ཡིན་ལ། གྲོགས་ཀྱི་དབང་དུ་བྱས་ན། ཡས་བབས་ཀྱི་ས་ཡང༌། ཡོན་ཏན་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར། འཁོར་ལོར་བརྟན་པའི་ཐིག་ལེ་ལ་གཏུམ་མོའི་ཆ་ཤས་ཡོད་མོད་ཀྱི། དཀར་པོ་ཟག་བཅས་ཉིད་སྟོབས་དང་ལྡན་པའི་ཕྱིར་ཟླ་བའི་བརྡས་བསྟན་ལ། འདིར་ཡེ་ཤེས་ཀྱི་གཏུམ་མོ་ལྷག་པར་སྟོབས་སུ་གྱུར་པ་དང༌། མས་བརྟན་དུ་འགྱུར་བ་ཡང་ངེས་བྱེད་ལས་ཡིན་པའི་ཕྱིར། གཙོ་ཆེ་བའི་དབང་དུ་བྱས་ནས། ཉི་མའི་བརྡས་བསྟན་ཅིང༌། ནོར་བུ་གཙུག་ཏོར་གྱི་བར་སྟེང་ནས་སྟེང་དུ། འོད་གསལ་བའི་སྣང་བ་རབ་འབྱམས་སྤྲོ་བ་སྟེ། རིག་པའི་ལྷ་མོ་དང་མཉམ་པར་སྦྱོར་བའི་སྣ་རྩེ་རྡོ་རྗེ་ནོར་བུར་གཡོ་མེད་དུ་བཅིངས་པ་གནས་པ་ནས་བརྩམས་ཏེ། ལྟེ་སྙིང་མགྲིན་སྤྱི་སྟེ་རྩ་འཁོར་གྱི་པདྨ་བཞི་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གང་ཞིང་གསལ་བར་བྱེད་པ་འདི་ནི་རྒྱལ་བ་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ཐོབ་བྱེད་ཀྱི་ལམ་ཐུན་མོང་མ་ཡིན་པའི་ཉིད་དེ། དེ་ནི་ཐོས་པ་ཞེས་བྱ་བའི་སྒྲས་བསྟན་པར་གྲགས་སོ། །གཉིས་པ་ནི། གསང་རིམ་འབྲས་བུར་


TNT10_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ། ཟུང་དུ་འཇུག་པའི་མཚན་ཉིད་བསྟན་པར་བཞེད་དེ། ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །འདིར་ནི་བདག་གིས་ཐོས་པར་བརྗོད། །ཤེས་རབ་བདག་གིས་ཞེས་བརྗོད་དེ། །ཐོས་པ་ཐབས་ཀྱི་མཚན་ཉིད་དོ། །དམིགས་པར་བཅས་དང་དམིགས་མེད་པའི། །ཤེས་རབ་གཉིས་སུ་བརྗོད་པ་སྟེ། །དམིགས་མེད་བདག་གིས་ཞེས་བྱ་ལ། །དམིགས་དང་བཅས་པ་ཐོས་པར་འདོད། །དམིགས་དང་བཅས་པས་འཁོར་བ་སྟེ། ། དམིགས་སུ་མེད་པས་མྱ་ངན་འདས། །རྡོ་རྗེ་འཛིན་པའི་དབུགས་དབྱུང་ཆེ། །མྱ་ངན་འདས་པར་རྒྱལ་བས་གསུངས། །དེ་བཞིན་གཤེགས་པའི་དབུགས་དབྱུང་ཆེ། །དེ་བཞིན་དུའང་འཁོར་བར་རོ། ཁ་སྦྱོར་དང་ནི་ཕྱེ་བའི་གཟུགས། །བདག་གིས་ཐོས་པ་ཞེས་བྱ་ཡིན། །འདིར་ནི་མང་དུ་སྨོས་ཅི་དགོས། །མདོར་བསྡུས་ནས་དེ་བརྗོད་བྱ་སྟེ། ཁུ་བ་ཉིད་དང་དེ་བཞིན་ཁྲག། །དེ་བཞིན་ཟླ་བ་ཉི་མ་དང༌། །ནུབ་པ་དང་ནི་འཆར་བ་དང༌། །དེ་བཞིན་མཚན་མོ་ཉིན་མོ་དང༌། །སྡུད་པ་དང་ནི་སྤྲོ་བ་ཉིད། །དེ་བཞིན་དུ་ཡང་སྟེང་དང་འོག །བདག་ཉིད་དང་ནི་གཞན་ཉིད་དེ། ། གཅིག་དང་དུ་མ་དེ་བཞིན་ནོ། །བུད་མེད་དང་ནི་སྐྱེས་པའང་རུང༌། །ཆུ་དང་མེ་ཡང་དེ་བཞིན་ཏེ། །བདག་གིས་ཐོས་པ་ཞེས་བཤད་པ། །བདེ་བ་དང་ནི་སྡུག་བསྔལ་ཉིད། །དེ་ལྟར་རྒྱལ་བས་རབ་གསུངས་པའི། །ཚིག་ནི་མཛེས་པ་གཉིས་པོ་དག །འཇུག་པ་དང་ནི་བཟློག་པ་དག །ཡོན་ཏན་སྐྱོན་ནི་


TNT10_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཇུག་པའོ། །འདི་ནི་བདག་གིས་ཞེས་པ་དང༌། ཐོས་པ་ཞེས་པ་ཚིག་གཉིས་པོ་དབུགས་དབྱུང་གཉིས་སུ་སྟོན་པར་བྱེད་པ་སྟེ། ཨེ་དང་འབྲེལ་བའི་འཁོར་ལོ་གཉིས་ལས་རྡོ་རྗེ་འཆང་གི་དབུགས་དབྱུང་དང༌། ཝཾ་དང་འབྲེལ་བའི་འཁོར་ལོ་གཉིས་ལས་དེ་བཞིན་གཤེགས་པའི་དབུགས་དབྱུང་འཆར་བ་ཡིན་ནོ། །འོན་ཀྱང་གཞུང་འདིའི་སྐབས་འདི་ཐད་དུ་འཁོར་ལོ་ལ་སྦྱར་བའི་བཤད་པ་མཐའ་གཅིག་ཏུ་མི་དགོས་ཏེ། གསང་རིམ་གྱི་ས་བཞིའམ་བཅུ་གཉིས་སམ། བཅུ་དྲུག་ལ་དང༌། གསང་རིམ་གྱི་འབྲས་བུའི་ས་བཅུ་གཉིས་ལ་ལམ་གྱི་ཡེ་ཤེས་དབུགས་དབྱུང་གཉིས་ལྡན་དུ་འཆར་བ་སྟེ། གསང་རིམ་དངོས་ཀྱི་སྐབས་སུ་ཟུང་འབྲེལ་དང༌། འབྲས་བུའི་སྐབས་སུ་ཟུང་འཇུག་གོ །རྫོགས་པའི་སངས་རྒྱས་ཀྱི་སར་ནི། ཤེས་རབ་དམིགས་བཅས་དམིགས་མེད་ཟུང་འཇུག་མཐར་ཐུག་པ་ཡིན་མོད་ཀྱང༌། དབུགས་ཕྱུང་ཟིན་པ་ཉིད་ཀྱི་ཕྱིར། སངས་རྒྱས་རང་སྣང་ལ་དབུགས་དབྱུང་གཉིས་ཀྱི་ཐ་སྙད་མི་འཇོག་ལ། གཟུགས་སྐུ་གཉིས་ཀྱི་སྒོ་ནས་འགྲོ་བ་གཞན་སྣང་དུ་དབུགས་དབྱུང་གཉིས་ཀྱི་དཀྱིལ་འཁོར་བསྟན་པའི་རྣམ་གཞག་འབྱུང༌། ཡང་གདུལ་བྱ་གཞན་རྣམས་དབུགས་དབྱུང་འབྱིན་པའི་དབུགས་དབྱུང་ངོ༌། །གསང་རིམ་དང་གསང་རིམ་གྱི་འབྲས་བུའི་སྐབས་ཀྱི་དབུགས་དབྱུང་བ་ནི། གཞན་སྣང་དུ་དབུགས་དབྱུང་གི་དཀྱིལ་འཁོར་སྟོན་པ་ཡང་ཅུང་ཟད་སྲིད་མོད་ཀྱི། དེའི་སྒོ་ནས་མི་འཇོག་པར་རང་ཉིད་དབུགས་འབྱིན་ཐོབ་པའི་


TNT10_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཁོ་ནས་འཇོག་གོ དེས་ན་སྐབས་འདིར་ནི་བདག་གིས་ཐོས་པ་ཞེས་གསུངས་པ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་བདག་ཉིད་དུ་སྦྱོར་བ་ཟུང་འཇུག་གི་ཚུལ་དུ་བརྗོད་ལ། དེ་ལྟ་བུའི་ཤེས་རབ་ནི་བདག་གིས་ཞེས་པས་བསྟན་ཅིང༌། ཐོས་པ་ཞེས་པས་ཐབས་ཀྱི་མཚན་ཉིད་བསྟན་ཏོ། །ཡང་ཤེས་རབ་རྣམ་པ་གཉིས་སུ་བརྗོད་པར་བྱ་སྟེ་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའི་ཤེས་རབ་བོ། །དེ་ལ་འདིར་ཤེས་རབ་ཅེས་གསུངས་པ་ན། བཤད་མ་ཐག་པའི་ཐབས་ཤེས་གཉིས་ཀྱི་ཡ་རྒྱ྄ལ་དུ་གྱུར་པའི་ཤེས་རབ་ཀྱི་དབྱེ་བ་བསྟོན་པ་མ་ཡིན་ཏེ། དམིགས་བཅས་ཀྱི་ཤེས་རབ་ནི་ཐབས་དང༌། དམིགས་མེད་ཀྱི་ཤེས་རབ་ནི་ཤེས་རབ་ཉིད་དོ། །འདིར་ཤེས་རབ་ནི་གནས་ལུགས་ཆོས་དབྱིངས་རང་གིས་རིག་པའི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ཉིད་གདོད་མ་ནས་རྣམ་པ་ཐམས་ཅད་པར་གནས་པའི་སྒོ་ནས། དམིགས་བཅས་ཀྱི་ཤེས་རབ་དང༌། དེ་ཉིད་རང་བཞིན་འགྱུར་མེད་ཀྱི་བདེ་སྟོང་སྤྲོས་བྲལ་དུ་འདུག་པའི་སྒོ་ནས། དམིགས་མེད་ཀྱི་ཤེས་རབ་སྟེ། དམིགས་བཅས་དང་དམིགས་མེད་ནི་མཚན་ཉིད་སོ་སོར་བསྟན་པ་ཙམ་ཡིན་གྱི་གཞི་ཐ་དད་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཤེས་རབ་གཉིས་ནི། གང་དུ་དབུགས་འབྱིན་པའི་གནས་ཡིན་ལ། ལམ་དམིགས་བཅས་དང་གསལ་བའི་ཡེ་ཤེས་གང་ཡིན་པ་ནི། གོང་དུ་དམིགས་བཅས་དེར་དབུགས་འབྱིན་བྱེད་


TNT10_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེས་རབ་དམིགས་བཅས་དང༌། ལམ་བདེ་སྟོང་གི་ཡེ་ཤེས་ནི། གོང་གི་དམིགས་མེད་དེར་དབུགས་འབྱིན་བྱེད་ཀྱི་ཤེས་རབ་དམིགས་མེད་དོ། །དེ་འདྲ་བའི་རང་བཞིན་དང་ལམ་གྱིས་བསྡུས་པའི་ཤེས་རབ་དམིགས་མེད་ནི་བདག་གིས་ཞེས་བྱ་བས་བསྟན་ལ། རང་བཞིན་དང་ལམ་གྱིས་བསྡུས་པའི་ཤེས་རབ་དམིགས་པ་དང་བཅས་པ་ནི། ཐོས་པ་ཞེས་པས་བཤད་པར་འདོད་ལ། རང་བཞིན་དམིགས་བཅས་དེ་ནི། འཁོར་བའི་ཆོས་ཉིད་འཁོར་བ་དང་རྣམ་པ་མཚུངས་པ་ཡིན་པས། དོན་དམ་པའི་འཁོར་བ་ཞེས་འཁོར་བའི་མིང་གིས་བསྟན་ལ། དམིགས་སུ་མེད་པའི་ཤེས་རབ་རང་བཞིན་གྱིས་བསྡུས་པ་དེ་ནི། ལམ་དང་འབྲས་བུ་གསར་ཐོབ་རྣམས་དང་རྣམ་པ་མཚུངས་ཤིང༌། ལམ་འབྲས་དེ་དག་གི་ཆོས་ཉིད་ཡིན་པས། དོན་དམ་མྱང་འདས་ཞེས་མྱང་འདས་ཀྱི་བརྡས་བསྟན་ནས། མཚན་ཉིད་གཉིས་ཀས་ཀྱང་རང་གི་ངོ་བོ་ནི་མྱ་ངན་ལས་འདས་པ་ཁོ་ན་བསྟན་པའོ། །རྡོ་རྗེ་འཛིན་པའི་དབུགས་དབྱུང་བ་ཆེན་པོ་སྟེ། ལམ་དམིགས་མེད་ཀྱིས་གནས་ལུགས་དམིགས་པ་མེད་པ་རྟོགས་པ་དེ་ནི་མྱ་ངན་ལས་འདས་པ་རྟོགས་པའི་ཡེ་ཤེས་ཡིན་པར་རྒྱལ་བས་གསུངས་ལ། དེ་བཞིན་གཤེགས་པའི་དབུགས་དབྱུང་ཆེན་པོ་ནི། ལམ་དམིགས་བཅས་ཀྱིས་གནས་ལུགས་ཤེས་རབ་དམིགས་བཅས་རྟོགས་པ་སྟེ། དེ་ནི་དེ་བཞིན་དུ་འཁོར་བའི་གནས་ལུགས་རྟོགས་པའི་ཤེས་རབ་ཡིན་པར་གསུངས་སོ། ཁ་སྦྱོར་དང་ནི་ཕྱི་བའི་གཟུགས་ཞེས་པ་ལ། བདག་གིས་


TNT10_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་དམིགས་མེད་དུ་གཏོགས་པའི་ཆོས་ཉིད་གཞི་ལམ་འབྲས་གསུམ་དང་བཅས་པ་བསྟན་ལ། ཐོས་པ་ཞེས་པས་དམིགས་བཅས་སུ་གཏོགས་པའི་ཆོས་ཉིད་གཞི་ལམ་འབྲས་བུར་བཅས་པ་བསྟན་པས། ཕྱེ་བ་སྟེ་ཀུན་རྫོབ་ཏུ་སོ་སོར་ཕྱེ་ནས་བསྟན་པ་ཡིན་ལ། བདག་གིས་ཐོས་པ་ཞེས་ཚིག་གཉིས་གཅིག་ཏུ་སྦྲེལ་བས། ཁ་སྦྱོར་ཏེ་ཆོས་ཉིད་ཀྱི་དམིགས་བཅས་དམིགས་མེད་ངོ་བོ་གཉིས་མེད་ཀྱི་ཟུང་འཇུག་དང༌། གཞི་ལམ་འབྲས་བུའི་དམིགས་བཅས་དམིགས་མེད་ཀྱང་ཟུང་འཇུག་གི་རྒྱས་བཏབ་ཅན་དུ་བསྟན་ཏོ། །དེ་བས་ན་ཁ་སྦྱོར་ཟུང་འཇུག་དང༌། དམིགས་བཅས་དམིགས་མེད་སོ་སོར་ཕྱེ་བའི་ཚུལ་ནི། བདག་གིས་ཐོས་པ་ཞེས་བྱ་བས་བསྟན་པ་ཡིན་ནོ། ། གཟུགས་ཞེས་པ་ཚུལ་ལས་རྣམ་གཞག་གི་དོན་ཡིན་ལ། དེས་ན་འབྲོག་འགྱུར་ལས། ཁ་སྦྱོར་འབྱེད་པའི་ཚུལ་གྱིས་ནི། །བདག་གིས་ཐོས་པ་ཞེས་བྱའོ། ཞེས་བསྒྱུར་བ་གོ་བདེའོ། །ད་ནི་དམིགས་བཅས་དམིགས་མེད་གཉིས་པོ་དེའི་མིང་གི་རྣམ་གྲངས་བཤད་པ་ལ། འདིར་ནི་མང་དུ་སྨོས་ཅི་ཞིག་དགོས་ཏེ། རྒྱུད་རྣམས་ལས་བརྡའ་ཐབས་སུ་བསྟན་པའི་མིང་གི་རྣམ་གྲངས་རྣམས་མདོར་བསྡུས་ནས་བརྗོད་པར་བྱའོ། ཁུ་བ་དང༌། ཟླ་བ་དང༌། ནུབ་པ་དང༌། མཚན་མོ་དང༌། སྡུད་པ་དང༌། སྟེང་ནས་བསྒྲོད་པ་དང༌། བདག་ཉིད་དང༌། གཅིག་དང༌། བུད་མེད་དང༌། ཆུ་དང༌། བདེ་བ་ཞེས་པ་རྣམས་ནི། །


TNT10_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཞེས་པའི་བརྡས་བསྟན་པ་དམིགས་མེད་ཀྱི་ཤེས་རབ་བོ། ཁྲག་དང༌། ཉི་མ་དང༌། འཆར་བ་དང༌། ཉིན་མོ་དང༌། སྤྲོ་བ་དང༌། འོག་ནས་བསྒྲོད་པ་དང༌། གཞན་དང༌། དུ་མ་དང༌། སྐྱེས་པ་དང༌། མེ་དང༌། སྡུག་བསྔལ་རྣམས་ཐོས་པ་ཞེས་པའི་བརྡས་བསྟན་པ། དམིགས་པ་དང་བཅས་པའི་ཤེས་རབ་བོ། །འདིར་བཤད་པ་དང༌། གསང་བ་འདུས་པའི་རྫོགས་རིམ་གྱི་གཞུང་རིམ་ལྔ་དང༌། སྤྱོད་བསྡུས་ལས། སེམས་དབེན་གྱི་སྐབས་སུ་ཐབས་ཤེས་ཀྱི་མིང་གི་རྣམ་གྲངས་གསུངས་པ་རྣམས་གནད་གཅིག་སྟེ། འོན་ཀྱང་དེར་ཐབས་ཤེས་ཀྱི་མཚན་ཉིད་རྣམས་མཚན་གཞི་སེམས་དབེན་གྱི་སྣང་བ་དང་མཆེད་པའི་སྟེང་དུ་གོ་བར་མཛད་ལ། གཞུང་འདིར་ཡང་བླ་མ་གོང་མ་ཕལ་ཆེ་བ། མཚན་གཞི་ལམ་དུས་ཀྱི་ལོངས་སྐུ་དང་སྤྲུལ་སྐུའི་རིམ་པ་གཉིས་ལ་གོ་བར་མཛད་དོ། །འོན་ཀྱང་འདི་ནི་གོང་དུ་སྨྲོས་པ་ལྟར། གསང་རིམ་འབྲས་བུར་བཅས་པ་ལ་གཙོ་བོར་འཆད་དགོས་པའི་ཕྱིར། མཚན་གཞི་ལམ་གྱི་སྤྲུལ་སྐུ་དང༌། ངོ་བོ་ཉིད་སྐུའི་སྟེང་དུ་དམིགས་བཅས་དང་དམིགས་མེད་ཀྱི་མཚན་ཉིད་གོ་བར་བྱ་ལ། དེ་ལྟར་ན། ཡོན་ཏན་སྐྱོན་ནི་རབ་འཇུག་པའོ། །ཞེས་པ་དང་འགྲིག་པ་ཡིན་གྱི། སྔ་མ་ལྟར་ན་མི་འབྱོར་བར་སྣང་ངོ༌། །སྤྱིར་ནི་གནས་སྐབས་འདི་ཁོ་ནར་མི་སྦྱོར་ཏེ། གོང་དུ་སྨོས་པ་ལྟར། ཐབས་ཤེས་སྤྱིའི་མཚན་ཉིད་དུ་སྦྱོར་རོ། །དེ་བས་ན་དཔལ་ལྡན་འདུས་པ་ལ་སོགས་པའི་རྒྱུད་ཀྱི་གནས་སྐབས་མང་པོ་


TNT10_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ། ཁུ་ཁྲག་ལ་སོགས་པའི་བརྡའ་འདི་རྣམས་གསུངས་པ་ནི། སྒྲ་ཇི་བཞིན་པ་ཁོ་ནར་མི་བཟུང་གི ཤེས་རབ་དང་ཐབས་འདི་དག་གི་དོན་དང་སྦྲེལ་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱོར་དགོས་པར་དགོངས་སོ། །དེ་ལྟར་ན། ཚིག་འདི་ཙམ་གྱིས་ཀྱང༌། རྒྱུད་ཀྱི་སྦས་དོན་མཐའ་ཡས་པའི་གསང་བའི་སྒོ་འབྱེད་པའི་ལྡེ་མིག་ཏུ་འགྱུར་བར་ཤེས་པར་གྱིས་ཤིག དེ་ལ་ཤེས་རབ་ཁུ་བ་དང༌། ཟླ་བའི་ཆོས་སུ་བཞག་པ་ནི། བདེ་བ་ཆེན་པོ་དམིགས་པ་མེད་པའི་མཚན་ཉིད་ཅན་གྱི་ཕྱིར་དང༌། དེ་བཞིན་དུ་ཐབས་ཁྲག་དང་ཉི་མའི་ཆོས་སུ་བཞག་པ་ནི། ཐབས་ཀྱི་ཡེ་ཤེས་ཤིན་ཏུ་གསལ་བར་སྣང་བའི་ཕྱིར་དང༌། དོན་དམ་གྱི་གཏུམ་མོ་དམར་ཆའི་སྣང་བ་ཡིན་པའི་ཕྱིར་རོ། །སྐུ་རྣམ་པ་ཐམས་ཅད་པ་ཐབས་ཀུན་རྫོབ་བདེན་པ་བདག་བྱིན་རླབས་པ་དང༌། ཐུགས་བདེ་སྟོང་གི་ཡེ་ཤེས་ཤེས་རབ་འོད་གསལ་བར་འཆད་པ་སྟེ། འདུས་པ་སོགས་རྒྱུད་སྡེ་ཕལ་ཆེར་ལ་ཤིན་ཏུ་གྲགས་པའི་འཇོག་ཚུལ་ཡིན་ལ། དེ་བཞིན་དུ་ཤེས་རབ་ལ་ནུབ་པ་དང༌། མཚན་མོ་དང༌། སྡུད་པ་ཞེས་བྱ་བའི་བརྡས་སྟོན་པ་ནི། སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པའི་དོན་དང༌། ཐབས་ལ་འཆར་བ་དང༌། ཉིན་མོ་དང༌། སྤྲོ་བ་ཞེས་བྱ་བ་ཡང་ཡེ་ཤེས་ཀྱི་སྣང་བ་རྣམ་པ་ཐམས་ཅད་པར་ཤར་བའི་དོན་ནོ། །ཤེས་རབ་ལ་སྟེང་ནས་འགྲོ་བ་ནི། ཞུ་བདེ་དང་རིགས་མཚུངས་པའི་དོན་དང༌། ཐབས་ལ་འོག་ནས་འགྲོ་


TNT10_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། གཏུམ་མོ་སྟེང་དུ་འགྲོ་བའི་ཤུགས་ལ་ཐོབ་པའི་དོན་ནོ། །དེ་བཞིན་དུ་ཤེས་རབ་ལ་བདག་ཉིད་དང་གཅིག་ཅེས་བྱ་བ་ནི། བདེ་བའི་ལྡོག་པ་ནི་ཡེ་ཤེས་ཀྱི་ལུས་ཡིན་ཅིང་ངོ་བོ་ཐ་དད་མེད་པའི་དོན་དང་ཐབས་ལ་གཞན་དང་དུ་མར་བཞག་པ་ཡང་རྣམ་པ་ཐམས་ཅད་པའི་ལྡོག་པ་ནས། ཡེ་ཤེས་ཀྱི་ཡན་ལག་དང༌། རྣམ་པ་ཐམས་ཅད་པ་འཛིན་པའི་ཕྱིར་རོ། ཤེས་རབ་ཕྲ་ཞིང་བདེ་བའི་ཕྱིར་བུད་མེད་དང༌། ཐབས་རགས་ཤིང་གསལ་བའི་ཕྱིར། སྐྱེས་པའི་ཐ་སྙད་དུ་ཡང་རུང་ལ། ཤེས་རབ་བདེ་ཆེན་ཧཾ་ཡིག་སོགས་དང་འབྲེལ་བའི་ཕྱིར། ཆུ་དང༌། ཐབས་སྒྱུ་ལུས་གཏུམ་མོ་དང་འབྲེལ་བའི་ཕྱིར། མེའི་ཐ་སྙད་ཀྱང་དེ་བཞིན་དུ་སྦྱར་རོ། །ཤེས་རབ་ནི་སྤྲོས་པའི་སྡུག་བསྔལ་ནུབ་པའི་ཕྱིར་བདེ་བ་དང༌། ཐབས་ནི་གཏུམ་མོ་འབར་བ། སྲེག་ཅིང་སྡིགས་པ་དང་རྩུབ་ཉམས་དང་འབྲེལ་བའི་ཕྱིར་རམ། གནས་སྐབས་སྣ་ཚོགས་པའི་རྣམ་པ་འཛིན་པའི་ཕྱིར་སྡུག་བསྔལ་ཉིད་དོ། །དེ་ལྟར་ན་རྒྱལ་བས་རྒྱུད་ཀྱི་གླེང་གཞིར་རབ་ཏུ་གསུངས་པའི་བདག་གིས་ཞེས་པ་དང༌། ཐོས་པའི་ཞེས་བཤད་པའི་ཚིག་མཛེས་པ་སྟེ་བཟང་པོ་གཉིས་པོ་འདི་དག ཤེས་རབ་བདེ་བ་ཆེན་པོ་རྩ་འཁོར་རྣམས་ཐིག་ལེས་གང་བས། ཡོན་ཏན་རབ་ཏུ་འཇུག་པ་སྤྲུལ་པའི་སྐུའི་རིམ་པ་དང༌། དེ་ལ་བརྟེན་ནས་རྩ་ཐིག་རླུང་གསུམ་དག་པས། འཁོར་བའི་སྐྱོན་ལུས་ངག་ཡིད་གསུམ་ཟློག་པ་ངོ་བོ་ཉིད་སྐུའི་རིམ་པ་རབ་ཏུ་འཇུག་པའོ་ཞེས་པ་སྟེ་


TNT10_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྐྱོན་དག་པ་ནི། ཐབས་རྣམ་པ་ཐམས་ཅད་པའི་མཚན་གཞིར་གོ་བར་བྱའོ། །གསུམ་པ་ནི་གསང་བའི་རིམ་པ་ཉིད་ལ་གཙོ་བོར་འཇུག་པ། ངོ་བོ་ཉིད་སྐུའི་རིམ་པ་སྟོན་པར་བཞེད་དེ། གཅིག་ན་ཞེས་བྱའི་ཚིག་གིས་ནི། །དེ་ཉིད་ལས་ནི་གཞན་པ་དག །དུས་ཞེས་བྱ་བའི་རྗེས་འགྲོ་བ། །གཞན་དག་ཀྱང་ནི་བསྟན་པ་ཡི། །ཚིག་གཉིས་ཇི་ལྟར་འབྱུང་བ་བཞིན། །ཡང་དག་ཇི་ལྟར་བཞིན་བཤད་བྱ༌། །ས་མ་ཡ་ནི་དུས་གསུངས་ཏེ། །དུས་ནི་རྣམ་པ་གསུམ་དུ་འདོད། །དུས་བཟང་དང་ནི་དུས་ངན་དང༌། །བསམ་གྱིས་མི་ཁྱབ་དུས་ཉིད་དེ། །སྣ་ཡི་བུ་གའི་སྒོ་གཉིས་ནས། །འོང་བ་དུས་བཟང་ཞེས་བྱ་སྟེ། །འགྲོ་བ་ཉིད་ནི་དུས་ངན་ནོ། །དེ་དག་གཅིག་ཏུ་བརྗོད་པ་སྟེ། །གཅིག་པུ་ཟླ་མེད་པར་གྱུར་པས། །དུས་ནི་བསམ་གྱྀས་མི་ཁྱབ་གྱུར། །སྲོག་དང་རྩོལ་བ་བྲལ་བ་སྟེ། །དབུགས་དབྱུང་རྔུབ་པ་རྣམ་སྤངས་པའོ། །འགྲོ་དང་འོང་བ་ལས་གྲོལ་བ། །དུས་གཅིག་ན་ཞེས་བརྗོད་པ་ཡིན། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་པ། །འདོད་ཆགས་དང་ནི་ཆགས་བྲལ་དག །གཉིས་པོ་འདྲེས་པ་མི་ཤིགས་པ། །མར་ལ་མར་བླུག་ཇི་ལྟ་བར། །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་བཞིན་འདོད་ཆགས་ཆགས་བྲལ་དང༌། །གཅིག་ཏུ་རོ་མཉམ་པ་ཡི་དུས། །འགོག་པ་ཉིད་དུ་འདོད་པ་དང༌། །དཔྱིད་ཉིད་དུའང་བསྟན་པ་ཡིན། །དུས་གསུམ་མཉམ་པར་སྦྱོར་བ་ལས།


TNT10_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནི་གཅིག་ཅེས་བརྗོད་པ་སྟེ། །འདི་ནི་ཉི་མ་ཟླ་བ་དང༌། །འཆར་བ་དང་ནི་ནུབ་པ་དང༌། །སྙིང་སྟོབས་དང་ནི་རྡུལ་ལོག་པ། །མུན་པ་མེ་ཡི་རང་བཞིན་ལས། །བྱང་ཆུབ་སེམས་ནི་བརྟན་གྱུར་པ། །དུས་གཅིག་ན་ཞེས་བརྗོད་པ་ཡིན། །དུས་གཅིག་ན་ཞེས་བྱ་བའི་སྐད་དོད། ཨེ་ཀསྨིན་ས་མ་ཡེ་ཤེས་གཅིག་ན་ཞེས་པའི་སྐད་དོད་སྔོན་ལ་ཡོད་པས། གཞུང་འདིར་ཡང་རིམ་པ་དེ་བཞིན་དུ་བཤད་དོ། །གཅིག་ན་ཞེས་བྱ་བའི་ཚིག་གིས་ནི་བདག་གིས་ཐོས་པ་ཞེས་སྔར་བསྟན་པ་དེ་ཉིད་ལས་སྟོན་ཚུལ་གཞན་པ་དག་སྟོན་ཅིང༌། དུས་ཞེས་བྱ་བའི་ཚིག་གིས་རྗེས་སུ་འགྲོ་བ་སྟེ་གཅིག་ན་ཞེས་པ་དུས་ཞེས་པ་དང༌། ཕན་ཚུན་འབྲེལ་བ་ཅན་དུ་བྱེད་དགོས་པའོ། །གཅིག་ན་ཞེས་པ་ལས་གཞན་པ་དུས་ཞེས་བྱ་བའི་ཚིག་གཉིས་པ་དག་ཀྱང་བསྟན་པའི་ཚིག་གཉིས་ཇི་ལྟར་འབྱུང་བ་བཞིན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་བཤད་པར་བྱའོ། །དེ་ལ་ས་མ་ཡ་ཞེས་པ། དུས་དང་གཞུང་ལུགས་དང༌། མཉམ་པ་དང༌། དམ་ཚིག་དང་འདྲེས་པ་སོགས་ལ་འཇུག་པ་ལས། འདིར་དུས་ཞེས་བསྒྱུར་བ། དུས་དེ་ཡང་རྣམ་པ་གསུམ་དུ་འདོད་དེ། དུས་བཟང་དང༌། དུས་ངན་དང༌། བསམ་གྱིས་མི་ཁྱབ་པའི་དུས་ཉིད་དོ། །སྣའི་བུ་གའི་སོགས་ལ། རླུང་དང་སྦྱར་ཏེ་བཤད་ན། སྣའི་བུ་གའི་སྒོ་ནས་རླུང་ནང་དུ་འོང་བ་ནི། ལུས་ཀྱི་མདངས་སོགས་བསྐྱེད་པའི་ཕྱིར་དུས་བཟང་ཞེས་བྱ་ལ། རླུང་སྣ་སྒོ་ནས་ཕྱྀ་རོལ་དུ་ཐོན་པ་ནི། ལུས་ཀྱི་


TNT10_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ཟད་པར་བྱེད་པའི་ཕྱིར། རླུང་འགྲོ་བ་ཉིད་ནི་དུས་ངན་ནོ། །འགྲོ་བ་དང་འོང་བ་དེ་དག་གི་ནུས་པ་གཅིག་ཏུ་གྱུར་ཅིང་འདྲེས་པ་གཅིག་པུ་ཟླ་མེད་པར་གྱུར་ཏེ་གནས་པ་ནི། བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་དུས་སུ་གྱུར་ཅིང་བརྗོད་པར་བྱའོ། །དེ་ཡང་རླུང་ནང་དུ་བསྡམས་ཏེ་གནས་པ་ཙམ་ལ་མི་བྱེད་དེ། ལས་རླུང་འགྲོ་འོང་གི་རྒྱུ་བ་དང་བྲལ་ཏེ་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རླུང་དུ་གྱུར་པའོ། །ཐིག་ལེ་དང་སྦྱར་ཏེ་བཤད་ན། དབུ་མའི་ཡས་སྣ་དང་མས་སྣའི་བུ་གའི་སྒོ་གཉིས་ནས། ཁམས་དཀར་དམར་ནང་དུ་འོང་བ་ནི་དུས་བཟང་དང༌། ཡས་སྣ་ནས་དམར་པོ་དང༌། མས་སྣ་ནས་དཀར་པོ་ཕྱིར་འགྲོ་བ་ནི་དུས་ངན་ཏེ་རྒྱུ་མཚན་གོང་དང་འདྲའོ། ཁམས་དཀར་དམར་དེ་དག་ཁ་སྦྱོར་གཅིག་ཏུ་བཅིངས་ནས། གཅིག་པུ་ཟླ་མེད་པ་སྟོང་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི། བསམ་གྱིས་མི་ཁྱབ་པའི་དུས་སོ། །རྩ་དང་སྦྱར་ན། སྣའི་བུ་གའི་སྒོ་སྟེ་རོ་རྐྱང་གཉིས་སུ་སེམས་ཀྱི་བྱ་བ་བྱེད་པ་ནི་དུས་བཟང་དང༌། རོ་རྐྱང་གི་ནུས་པ་འཆི་བའི་རླུང་གིས་ཟད་ཅིང་འགྲོ་བ་ནི་དུས་ངན་ནོ། །དེ་དག་གཅིག་ཏུ་འདུས་པ་དབུ་མར་ཐིམ་པ་ནི་བསམ་མི་ཁྱབ་ཀྱི་དུས་སོ། །དེས་ན་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས། རླུང་ནང་དུ་འཇུག་པའི་སྲོག་དང༌། ཕྱིར་འགྲོ་བའི་རྩོལ་བའམ་རྐྱང་མའི་སྲོག་དང༌། རོ་མས་རྩོལ་བ་བྲལ་བ་སྟེ། རོ་རྐྱང་ནས་རྒྱུ་བའི་དབུགས་འབྱུང་རྔུབ་རྣམ་


TNT10_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤངས་པ་ནི། ཁམས་དཀར་དམར་གྱི་འགྱུར་བ་ཡང་འགགས་པ་དང༌། རོ་རྐྱང་གི་རྩ་ཡང་དབུ་མར་དག་པར་འགྱུར་རོ། །དེ་ཡང་དུས་གཅིག་ཏུ་འགག་པ་ཁོ་ན་མ་ཡིན་ཏེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་གྱིས་འགག་པའི་ཚུལ་གྱིས་ཁམས་དང་རྩ་དག་ཚུལ་ཡང་ཤེས་པར་བྱའོ། །དེ་ལྟར་ན་རླུང་དང་ཁམས་འགྲོ་བ་དང་འོང་བ་ལས་གྲོལ་བའི་ཡེ་ཤེས་དེ་ནི། དུས་གཅིག་ན་ཞེས་བརྗོད་པ་ཡིན་ཏེ། སྔ་ཕྱིར་རྣམ་པ་འགྱུར་བ་མེད་པར། ཡེ་ཤེས་ཀྱི་མཚན་ཉིད་གཅིག་ཁོ་ནས་གནས་པའི་ཕྱིར་རོ། །འདི་ནི་དུས་ཀྱི་འཁོར་ལོར་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་བཤད་པ་དང་དོན་གཅིག་གོ །དེ་ལྟར་རྟེན་རྩ་རླུང་ཐིག་ལེའི་འགག་ཚུལ་བཤད་ནས། བརྟེན་པ་བདེ་བའི་མཚན་ཉིད་བཤད་པ་ནི། འདོད་ཆགས་མ་ཡིན་སོགས་ཏེ། བདེ་བ་དེ་ཡང་ལྷན་ཅིག་སྐྱེས་པ་ཁོ་ན་ཏེ། འདོད་ཆགས་ཏེ་མཆོག་དགའ་མ་ཡིན། ཆགས་བྲལ་ཏེ་དགའ་བྲལ་མ་ཡིན། དབུ་མ་སྟེ་དགའ་བ་དང་པོར་ཡང་མི་དམིགས་ལ། འདོད་ཆགས་ཏེ་བདེ་བ་དང༌། ཆགས་བྲལ་ཏེ་སྲེད་པ་སྤངས་པ་དག །གཉིས་པོ་འདྲེན་པ་སྟེ། གཞི་མཐུན་པར་གྱུར་པ་ནི། ཐིག་ལེ་མི་ཤིགས་ཤིང༌། མི་འགྱུར་བའི་བདེ་བའོ། །སྐུ་རྣམ་པ་ཐམས་ཅད་པ་དཀྱིལ་འཁོར་གྱི་འཁོར་ལོ་འཇའ་ཚོན་ནམ། པྲ་སེ་ན་ལྟ་བུ་དང༌། ཐུགས་ལྷན་ཅིག་སྐྱེས་པའི་


TNT10_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་གཉིས། ཞུན་མར་ལ་ཞུན་མར་བླུགས་པ་ཇི་ལྟ་བར་འདྲེས་པར་གྱུར་པ་ལ། ལུས་ཀྱི་ཕྱོགས་ནས་རྡུལ་ཕྲ་རབ་ཀྱི་ཆོས་དང༌། སེམས་ཀྱི་ཕྱོགས་ནས་རྣམ་རྟོག་གི་རྙོག་པ་མེད་པའོ། །སྐབས་འདིའི་རྣམ་པར་རྟོག་པ་མེད་པ་ནི་མཉམ་གཞག་གི་དུས་སུ་འཛིན་པའི་རྣམ་རྟོག་མེད་པའང་ཡིན་མོད་ཀྱི། གཙོ་བོར་གང་ཞིག་རང་རྒྱུད་ཀྱིས་བསྡུས་པའི་རྟེན་དང་བརྟེན་པ་དབྱེར་མེད་དུ་འདྲེས་པ་དེ་ལ། གཉིས་འཛིན་གྱི་རྣམ་རྟོག་མེད་པའོ། །དེ་ལྟར་ན་དེ་བཞིན་དུ་འདོད་ཆགས་དང་ཆགས་བྲལ་རོ་མཉམ་པ་དེ་ནི། འགོག་པའི་དུས་དང་དཔྱིད་ཀྱི་དུས་རོ་མཉམ་དུ་འདྲེས་པ། བསམ་མི་ཁྱབ་ཀྱི་དུས་སུའང་བསྟན་པ་ཡིན་ནོ། །དེ་ཡང་རླུང་འགགས་པས་སྤྲོས་བྲལ་གྱི་ཡེ་ཤེས་ཤར་བ་ནི། ཆགས་སྲེད་འཛག་བདེ་མངོན་གྱུར་པ་འགགས་པ་ནི་འགོག་པའི་དུས་དང༌། ཐིག་ལེ་བརྟན་པོས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་གྱུར་པ་ནི་དཔྱིད་ཀྱི་དུས་ཡིན་ལ། མཚན་ཉིད་དེ་གཉིས་ཡེ་ཤེས་གཅིག་ལ་ཤར་བ་ནི་བསམ་མི་ཁྱབ་ཀྱི་དུས་སོ། ། འགོག་པ་དང་དཔྱིད་ཀྱི་དུས་ཡིན་ཚད་ལ་མཚན་ཉིད་འདི་ཚང་བ་མིན་ཀྱང་ངོ་བོ་ཉིད་སྐུའི་རིམ་པའི་སྐབས་སུ། འགོག་དཔྱིད་གཉིས་ལ་མཚན་ཉིད་དེ་ཁོ་ན་བཞིན་ཡིན་པས། འགོག་དཔྱིད་བསམ་མི་ཁྱབ་ཀྱི་དུས་གསུམ་གཞི་མཐུན་པར་མཉམ་པར་སྦྱོར་བའི་ཡེ་ཤེས་ལ་དུས་གཅིག་ཅེས་བརྗོད་པ་སྟེ། འདི་ནི་ཉི་མ་རོ་མ་དང་ཟླ་བ་རྐྱང་མའི་


TNT10_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་ནུབ་པ། དཀར་པོ་སྤྱི་བོ་ནས་གསང་བའི་བར་དུ་འཆར་བ་དང༌། གསང་བ་ནས་སྤྱི་བོའི་བར་དུ་ནུབ་པ་སྤངས་ཤིང་དམར་པོ་དེ་ལས་བཟློག་པའི་འཆར་ལུགས་སྤངས་པ། སྙིང་སྟོབས་དཀར་པོའི་བགྲོད་པ་གསང་བ་ནས་ཡར་ལྡོག་ཅིང༌། རྡུལ་དམར་པོའི་བགྲོད་པ་གཙུག་ཏོར་ནས་མར་ལྡོག་པས། དཀར་ཆས་བསྡུས་པ་མཐའ་དག་མུན་པའི་དྭངས་མ་དང༌། དམར་ཆས་བསྡུས་པ་མཐའ་དག་དུས་ཀྱི་མེའི་རང་བཞིན་དུ་གྱུར་པས། རྩ་འཁོར་ཐམས་ཅད་དུ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བརྟན་ཅིང༌། གང་བར་གྱུར་པ་ལ། དུས་གཅིག་ན་ཞེས་པའི་བརྡས་བསྟན་པ་ཡིན་ནོ། །དེ་ལ་མུན་པ་ནི་དཀར་པོའི་དྭངས་མ་ཆེན་པོ་རྡུལ་གྱིས་བྱིན་གྱིས་བརླབས་པ། ཟུང་དུ་འཇུག་པའི་མཚན་ཉིད་ཅན་མཆོག་ཏུ་བདེ་བའི་རང་བཞིན། ཁམས་ནག་པོའི་དྭངས་མའམ་སྔོན་པོར་གྲགས་པ། མངོན་ཤེས་ལ་སོགས་པ་ཡོན་ཏན་མཐའ་ཡས་པའི་རྒྱུ། ནམ་མཁའི་མཚན་ཉིད་ཅན་ཡིན་ལ། དུས་ཀྱི་མེ་ནི་དམར་པོའི་ཤིན་ཏུ་དྭངས་མ་སྙིང་སྟོབས་ཀྱིས་བྱིན་གྱིས་བརླབས་པས་ཟུང་དུ་འཇུག་པའི་མཚན་ཉིད་ཅན། གང་ལའང་ཆགས་ཐོགས་པ་མེད་པའི་ཡེ་ཤེས་དང༌། ཆགས་སྲེད་སོགས་ཉོན་མོངས་སྤོང་བའི་མཐུ་ཅན། ཐིག་ལེ་སེར་པོའམ་ལྗང་ཁུ་ཞེས་བཏགས་པ། ཡེ་ཤེས་ཀྱི་ཁམས་ཀྱི་མཚན་ཉིད་ཅན་ལུས་མཐའ་ཡས་པ་སྟོན་པ་སོགས་རྣམ་པར་འཕྲུལ་བའི་རྒྱུ་དེ་ཡིན་ལ། ཐིག་ལེ་ཞུ་བའི་མཚན་ཉིད་


TNT10_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུགས་པས། མུན་པ་མེ་ལ་འདྲེ་བར་བྱེད་ཅིང༌། གཏུམ་མོ་འབར་བ་མཐར་ཐུག་པའི་མཚན་ཉིད་ཅན་གྱིས། མེ་མུན་པ་ལ་འདྲེས་ཏེ། མེ་དང་མུན་པ་རོ་མཉམ་པ་ན་ཐིག་ལེ་མི་འགྱུར་བའོ། དེ་ལ་མུན་པ་ནི་བདེ་བ་སྟེ་ཀུན་རྫོབ་བྱང་སེམས་དང༌། མེ་ནི་སྟོང་པའི་ཡེ་ཤེས་ཏེ་དོན་དམ་བྱང་སེམས་ཀྱི་རྟེན་ཡིན་ནོ། །གསུམ་པ་གསང་རིམ་གྱི་འབྲས་བུའི་དབང་དུ་བྱས་ཏེ་བཤད་པ། དུས་གཅིག་པོ་ནི་དེ་ཉིད་ནའང༌། བཅོམ་ལྡན་འདས་ནི་བཞུགས་སོ་དེ། ཇི་སྲིད་གཉིས་མེད་གྲུབ་པ་ཡིས། །བདུད་རྣམས་ཉིད་ནི་བཞི་པོ་དང༌། །ཆགས་སོགས་ཉོན་མོངས་དྲ་བ་ནི། །འཇོམས་པས་བཅོམ་པ་ཞེས་བྱའོ། །མཁའ་དབྱིངས་གནས་ཀྱི་རྣམ་པ་ཡི། །ཨེ་ནི་བྷ་ག་ཞེས་ཀྱང་བྱ། །སུ་ལུ་དེ་ཡོད་རྟག་པ་སྟེ། །ཐོག་མཐའ་མེད་པར་འབྱུང་ཕྱིར་རོ། །དེ་ལས་སྐྱེ་དང་འཇིག་པའི་ཕྱིར། །འདེབས་པས་ཀྱང་དེ་ཕྱག་རྒྱའོ། །བྱང་སེམས་རིན་པོ་ཆེ་གང་ཡིན། །ནམ་མཁའི་དབྱིངས་ནི་མ་གཏོགས་པར། །གཞན་དུ་གནས་ནི་མ་མཐོང་སྟེ། །དེས་ན་དེ་འདྲ་འདི་རུ་བརྗོད། །སྐུ་དང་གསུང་ཐུགས་གང་ཡིན་ཉིད། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །སངས་རྒྱས་ཐམས་ཅད་བསྐྱེད་པའོ། །བཅོམ་ལྡན་འདས་སུ་དེ་ལ་བཤད། །བཞུགས་པ་ཞེས་བྱ་གང་གསུངས་པ། །གནས་པར་གྱུར་པ་བརྗེད་པ་ཡིན། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །དུས་གཅིག་ཏུ་ནི་གྱུར་པ་ན། །རྡོ་རྗེ་སེམས་


TNT10_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རང་བཞིན་གྱིས། །འཇིག་རྟེན་རྣམས་ཀྱི་རེ་སྐོང་བྱེད། །སེམས་ཅན་སྣོད་ཀྱི་ཚུལ་གྱིས་ནི། །འཇིག་རྟེན་རྣམ་པ་གཉིས་སུ་གསུངས༌། །གཡོ་བར་གྱུར་པ་སེམས་ཅན་ཏེ། །དེ་བཞིན་གནས་པ་སྣོད་ཡིན་ནོ། །སྐལ་བཟང་དང་ནི་སྐལ་ངན་གཉིས། །རེ་རེ་བཞིན་ཡང་གཉིས་སུ་དབྱེ། །ས་དང་ཆུ་དང་མེ་རླུང་གིས། །རང་བཞིན་རྣམ་པ་བཞི་རུ་བརྗོད། །རྡོ་རྗེ་སེམས་དཔའ་ཚུལ་ཉིད་ཀྱིས། །དེ་རྣམས་རེ་བ་སྐོང་བར་མཛད། །རྡོ་རྗེ་སེམས་སུ་བསྟན་པ་སྟེ། །སེམས་དཔའ་དགའ་བར་བརྗོད་པ་ཡིན། །སྐད་ཅིག་བཞི་ལས་བྱུང་བས་ན། །དགའ་བ་རྣམ་པ་བཞི་རུ་བསྟན། །དགའ་བ་དང་ནི་མཆོག་དགའ་དང༌། །དགའ་བྲལ་གྱིས་ནི་དགའ་བ་དང༌། །ལྷན་ཅིག་སྐྱེས་དགའི་རང་བཞིན་ནི། །སྐད་ཅིག་བཞི་ལས་ཡང་དག་བྱུང༌། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །དེ་དག་ལས་ནི་སྐྱེ་བ་གང༌། །དགའ་བ་བཞི་ནི་དམ་པ་སྟེ། །དགའ་བར་ལྷན་ཅིག་གྱུར་པའི་སེམས། །རྡོ་རྗེ་སེམས་དཔའ་འདིར་བརྗོད་དོ། །འདོད་ཆགས་ཆགས་བྲལ་རྣམ་པར་གྲོལ། །རང་བཞིན་དག་ཅིང་དྲི་མ་མེད། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བཞུགས་པ་ཞེས་བྱར་རྣམ་པར་གྲགས། །འདི་ནི་བཅོམ་ལྡན་འདས་ཞེས་པ་དང༌། བཞུགས་པའི་ཚིག་གཉིས་སྦྱར་ཏེ་སྟོན་པ་ལས། དེ་ཡང་སྔ་མའི་ཚིག་དང་སྦྲེལ་ཏེ། དུས་གཅིག་ན་བཅོམ་ལྡན་འདས་བཞུགས་སོ། །ཞེས་པའི་


TNT10_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ནས། དུས་གཅིག་པོ་བསམ་མི་ཁྱབ་རྟག་པའི་རང་བཞིན་དེ་ཉིད་ན། སྟོན་པ་བཅོམ་ལྡན་འདས་ནི་བཞུགས་སོ་ཞེས་དེ་ལྟར་བསྟན་པའི་དོན་ནི། ཇི་སྲིད་གཉིས་མེད་དེ་ཟུང་འཇུག་གྲུབ་པའི་རྣལ་འབྱོར་པ། གསང་རིམ་གྱི་ས་རྣམས་ཡོངས་སུ་རྫོགས་པས། ཡེ་ཤེས་བདེ་བ་ཆེན་པོ་དོན་གྱི་ལྷན་ཅིག་སྐྱེས་པ་དང༌། ཐ་མལ་པའི་རྩ་ཁམས་རླུང་གསུམ་གཞན་དུ་གྱུར་ནས། སྣང་སྟོང་སྒྱུ་མ་ལྟ་བུའི་དཀྱིལ་ཁོར་རབ་འབྱམས་ཀྱི་སྐུ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་གྱི་ཟུང་འཇུག་རང་གིས་མངོན་སུམ་དུ་བྱས་ཞིང༌། རྩ་རོ་རྐྱང་རླུང་ལྡང་འཇུག ཁམས་དཀར་དམར་ལུས་དང་སེམས། དབང་པོ་དང་ཡུལ་རྣམས་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་ཞིང་གཅིག་ཏུ་འདྲེས་པའི་ཕྱིར། མཉམ་བཞག་ཏུ་གཉིས་སྣང་སྤངས་ཤིང༌། རྗེས་ཐོབ་ཏུ་ཡང་རང་རྒྱུད་ཀྱིས་བསྡུས་པ་རྣམས་ངོ་བོ་གཅིག་ཏུ་རྟོགས་པར་གྱུར་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཀྱི་ཆ་ཤས་རྫོགས་པ་ཞེས་བྱ་སྟེ། དེ་ལྟ་བུ་གཞིར་བྱས་པ་ལ་བཅོམ་ལྡན་འདས་དང་བཞུགས་པའི་ཡོན་ཏན་མངའ་བ་དེ་ནི་འཕགས་པའི་ས་བཅུ་གཉིས་ལ་གནས་པ། སློབ་པའི་ཟུང་འཇུག་གསང་རིམ་གྱི་འབྲས་བུའི་ས་ལ་གནས་པའི་ཡོན་ཏན་ནོ། །གྲུབ་པ་ཡི་ཞེས་པ་ནི། འཇོམས་པས་ཞེས་པ་དག་སྦྲེལ་ཏེ། དེ་འདྲ་དེས་བདུད་བཞི་འཇོམས་པ་སོགས་བྱེད་ཅེས་པའི་དོན་ནོ། །དེ་ལ་བདུད་བཞི་ནི། ལུས་ཀྱི་ཐིག་ལེ་དངོས་སྔ་ནས་བཀགས་


TNT10_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན། སེམས་ཀྱི་སྣང་བ་ཙམ་བག་ཆགས་ཀྱི་སྣང་བས་བསྡུས་པའི་འགྱུར་བའི་ཆགས་པ་དངོས་སུ་སྤོང་བཞིན་པའི་ཕྱིར་ན། བདེ་ཆེན་འཁོར་ལོ་ཕུང་པོའི་བདུད་བཅོམ་པའོ། །དེ་བཞིན་དུ་ངག་གི་ཐིག་ལེ་ནི། སྒྲ་དོན་འདྲེས་འཛིན་གྱི་རྟོག་པའི་རྒྱུ་ཐིག་ལེ་ཡིན་ཅིང༌། རྟོག་པ་དེ་ཉོན་མོངས་ཀུན་གྱི་གཞིར་གྱུར་པའང་ཡིན་ཏེ། དེར་རགས་པ་སྔར་ནས་འགགས་ཟིན། ཕྲ་མོ་བག་ཆགས་ཀྱིས་བསྡུས་པ་འཇོམས་བཞིན་པའི་ཕྱིར། ལོངས་སྤྱོད་ཀྱི་འཁོར་ལོ་ཉོན་མོངས་ཀྱི་བདུད་བཅོམ་པ་དང༌། འཆི་བ་གཙོ་བོར་གྱུར་པ། གཉིད་འཐུག་སོགས་རྨོངས་པ་ཆེན་པོའི་གནས་སྐབས་ནི་སེམས་ཀྱི་ཐིག་ལེའི་བདེ་བ་ཡིན་ལ། དེའི་ཐོགས་བཅས་ཀྱི་རྫས་ནི་སྔ་ནས་སྤངས་ཟིན་ཀྱང༌། བསྟན་དུ་མེད་ཅིང༌། ཐོགས་པ་མེད་པ་བག་ལ་ཉལ་གྱིས་བསྡུས་པ་རྣམས་འཇོམས་བཞིན་པ་ཡིན་པའི་ཕྱིར། ཆོས་ཀྱི་འཁོར་ལོར་འཆི་བདག་གི་བདུད་འཇོམས་པ་དང༌། ཡུལ་ལ་ཡིད་འོང་གི་ཆགས་སྲེད་ཐམས་ཅད་ཆགས་པའི་ཐིག་ལེས་བསྐྱེད་པ་ཡིན་ལ། དེ་ཉིད་ཁམས་གསུམ་པའི་མཚན་ཉིད་ཅན་ནི་སྔར་ནས་འགགས་ཟིན་ཀྱང༌། འཁོར་བ་ཕྲ་མོ་གནས་ཀྱི་མཚན་ཉིད་ཅན་འཇོམས་པའི་ལས་ལ་ཞུགས་བཞིན་པའི་ཕྱིར། སྤྲུལ་པའི་འཁོར་ལོར་ལྷའི་བུའི་བདུད་བཅོམ་པའོ། །གོང་དུ་རང་བཞིན་སྣ་ཚོགས་སྤྱོད་ཡུལ་ཏེ་ཞེས། ལྟེ་བ་ནི་རྡོ་རྗེ་གསུམ་དང་རིགས་ལྔ་ཅར་འདྲེས་པར་བཤད་པ་ནི། ཡེ་ཤེས་རྡོ་རྗེའི་དག་པ་ཡིན་


TNT10_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དགོངས་པ་སྟེ། དེ་ལྟར་ན་ལྟེ་བ་ཆགས་པའི་ཐིག་ལེ་དང་སྦྱོར་བ་འདི་ཡིན་ལ། ཡང་ཉོན་མོངས་ཐམས་ཅད་རབ་འཇོམས་པ་ཞེས་པ་ལྟར་ན། ལྟེ་བ་སྐུ་དང་སྤྱི་བོ་ཆགས་པར་འཇོག་སྟེ། དགྱེས་རྡོར་ལས། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང༌། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་གསུངས་ཏེ། རྣམ་གཞག་འདི་གཉིས་ཕན་ཚུན་རྒྱས་བཏབ་ཀྱི་དབང་དུ་བྱས་པ་དང༌། ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་འཆར་བའི་ཐིག་ལེ་སོ་སོའི་གནས་ཡིན་པ་དང༌། ཆགས་པ་བསྐྱེད་པའི་གནས་ལྟེ་བ་ཡིན་ཅིང༌། ཆགས་པའི་ཡུལ་བདེ་བ་འབྱུང་བའི་གནས་སྤྱི་བོ་ཡིན་པས། རྣམ་གཞག་གཉིས་ཀ་ཡང་ལུགས་གཅིག་ལ་འགལ་མེད་དུ་ཤེས་པར་བྱའོ། །དེ་བཞིན་དུ་ལྟེ་བར་ཐིག་ལེ་འཕོ་བའི་ཆགས་སྲེད་དང༌། སྙིང་གར་ཞེ་སྡང་དང་གཏི་མུག མགྲིན་པར་ལྟ་བ་ངན་པ་དང་འདོད་ཆགས། སྤྱི་བོར་ང་རྒྱལ་དང་ཐེ་ཚོམ་ལ་སོགས་པ་ཉོན་མོངས་པའི་དྲ་བ་ཐམས་ཅད་འཇོམས་ནས། བཅོམ་པའི་ཡོན་ཏན་ལྡན་པ་སྟེ། བཅོམ་ལྡན་ཞེས་བྱ་བས་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །མཁའ་དབྱིངས་ཀྱི་གནས་ཆོས་འབྱུང་གི་རྣམ་པའི་ཨེ་ཡིག་གི་དབྱིབས་ཏེ། གྲུ་གསུམ་དང་རྩ་བ་སྟ་ཟུར་བཞི་པའི་རྣམ་པ་ལ་བྷ་ག་ཞེས་བྱ་སྟེ་སྐྱེ་གནས་ཀྱི་དབྱིབས་དང་མཚུངས་པའི་ཕྱིར་རོ། །དེ་ནི་བརྡའ་ཙམ་སྟེ། གང་ནས་བལྟས་ཀྱང་ཟུར་གསུམ་པ་ནི། རྡོ་རྗེ་གསུམ་


TNT10_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུས་པའི་ཡེ་ཤེས་ཡིན་པའི་བརྡའ་དང༌། གདེངས་ཀ་ཟུར་གསུམ་ནི་རྣམ་ཐར་སྒོ་གསུམ་དང༌། རྩ་བའི་ཟུར་ནི་རྣམ་པར་ཐར་པ་འདུས་མ་བྱས་པའོ། །དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་འཁོར་འདས་ཐམས་ཅད་སྤྲོས་བྲལ་དུ་གཟིགས་པའི་ཡེ་ཤེས་སོ། །སྨོན་པ་མེད་པས་ནི། འཁོར་བ་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་འབྱུང་མི་རྟག་སྡུག་བསྔལ་དུ་གཟིགས་ལ། ཡེ་ཤེས་ཀྱི་རང་དོན་གཏན་མེད་དུ་རྟོགས་པའོ། །མཚན་མ་མེད་པ་ནི། ཡེ་ཤེས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པ་ཡིན་ཡང༌། ཐམས་ཅད་བདེ་ཆེན་གཅིག་གི་ངོ་བོར་གྱུར་བ་གཡོ་བ་མེད་པར་ཡང་རྟོགས་པའོ། །འདུས་མ་བྱས་པ་ནི་དེ་ཐམས་ཅད་ཀྱི་རང་བཞིན། དེ་བཞིན་གཤེགས་པའི་སྙིང་པོ་འགྱུར་མེད་རྟག་ཅིང་བརྟན་པའོ། །དེ་ལྟར་རྣམ་ཐར་བཞིའི་ཡོན་ཏན་སུ་ལ་ཡོད་པ་དེ་ནི་རྟག་པ་ཞེས་བྱ་སྟེ་དེ་ལྟ་བུའི་ཡོན་ཏན་སུ་ལ་ཡོད་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གིས་རིག་པ་ཡིན་ལ། དེ་ནི་ཐོག་མ་དང་ཐ་མ་མེད་པར་རྟག་ཏུ་གནས་ཤིང་བྱུང་བ་སྟེ་ཡོད་པའི་ཕྱིར་རོ། །འགྱུར་གཞན་ལས་མཐའ་ཞེས་པའི་ཚིག་མེད་དེ། ཐོག་མ་མེད་པར་འབྱུང་ཕྱིར་རོ་ཞེས་དང༌། རྒྱུན་མི་འཆད་པར་འབྱུང་ཕྱིར་རོ་ཞེས་འབྱུང་ངོ༌། །རྣམ་ཐར་བཞིའི་རང་བཞིན་གྱི་ཆོས་ཉིད་དེ་ནི། ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་དང༌། འཁོར་འདས་ཐམས་ཅད་དེའི་དབྱིངས་སུ་ཐིམ་ཞིང་འཇིག་པའི་ཕྱིར་དང༌། འཁོར་འདས་ཀྱི་སྣང་བ་མ་འགགས་པའི་དུས་ན་


TNT10_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། དེས་རྒྱས་འདེབས་པ་སྟེ་དེའི་རང་བཞིན་ལས་མི་འདའ་བའི་ཕྱིར་རོ། །རྣམ་ཐར་བཞི་པོ་སུ་ལ་མངའ་བའི་སེམས་ཉིད་བདེ་བ་ཆེན་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པ་མེད་བཞིན་དུ་ཡོན་ཏན་ཐམས་ཅད་འབྱུང་བས་རིན་པོ་ཆེ་དང་མཚུངས་པ་གང་ཡིན་པ་དེ་ནི་ནམ་མཁའི་དབྱིངས་ཀྱི་བརྡས་བསྟན་པའི་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་ལ་ངོ་བོ་གཅིག་པའི་ཚུལ་གྱིས་གནས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་དེ་ནི་མ་གཏོགས་པར་གཞན་དུ་གནས་པ་ནི་མ་མཐོང་སྟེ། དེ་བས་བྱང་སེམས་དེ་འདྲ་མཁའ་དབྱིངས་འདི་རུ་གནས་པར་བརྗོད་དོ། །དེ་བས་ན་རྣམ་པར་ཐར་བ་བཞིའི་ཡེ་ཤེས་ནི་རྟོགས་པ་ཕུན་སུམ་ཚོགས་པ་ཡིན་ལ། དེ་ཉིད་སྐལ་བ་སྟེ། ཕུན་སུམ་ཚོགས་པའི་འབྱོར་བ་ཡིན་པའི་ཕྱིར། དེ་གང་ལ་ཡོད་པ་དེ་ནི་སྐལ་ལྡན་ཏེ་བྷ་ག་ཝཱན་ནོ། །ཡང་ན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་གང་ལ་གནས་པའི་སྟོང་པ་ཉིད་ནི། བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པའི་སྐལ་ལྡན་ཏེ། སྤངས་རྟོགས་གཉིས་ཀའི་ཆ་ནས་བསྟན་ཏོ། །དེ་བས་ན་སྤངས་པ་དང་ལྡན་པ་དང་རྟོགས་པ་ལྡན་པ་དང༌། རྟོགས་པ་དང་ལྡན་པའི་སྤངས་པ་སྟེ་དོན་ཚན་གསུམ་དུ་ཤེས་པར་བྱའོ། །གོང་དུ་བཤད་པ་ལྟར་སྐུ་གསུང་ཐུགས་ཀྱི་གསང་བ་གང་ཡིན་པ་དེ་ཉིད་སྤྲོས་པ་ཐམས་ཅད་ཀྱིས་མ་སྤྲོས་པ་སྟེ། རང་བཞིན་བརྗོད་བྲལ་ཡིན་ལ། དེ་ཉིད་རྟོགས་པ་ལས་སངས་རྒྱས་རྣམས་


TNT10_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཕྱིར། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ་ཡིན་པས་རྒྱུད་ཀྱི་གླེང་གཞིའི་སྐབས་འདིར་དེ་ལ་བཅོམ་ལྡན་འདས་སུ་བཤད་དེ། བཅོམ་ལྡན་འདས་བཞུགས་སོ་ཞེས་པའི་བཞུགས་པ་ཞེས་བྱ་བར་གང་གསུངས་པ་ནི། རྟག་ཅིང་བརྟན་ལ་འགྱུར་བ་མེད་པར་གནས་པར་གྱུར་བར་བརྗོད་པ་ཡིན་ཏེ། དེ་ཡང་སངས་རྒྱས་ཏེ་ཕུང་པོ་ལྔའི་ཆོས་ཉིད་དང༌། བྱང་ཆུབ་སེམས་དཔའ་སྟེ་དབང་པོ་ལྔའི་ཆོས་ཉིད་དེ་རྣམས་ཞེས་པས་ཆོས་གཞན་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་སྟེ། དེ་རྣམས་ཐ་དད་དུ་འཁྲུལ་པའི་རྒྱུ་རྩ་རླུང་ཐིག་ལེ་གཟུང་འཛིན་གྱི་སྣང་བ་དག་པས། ཡེ་ཤེས་རྟག་པ་དུས་གཅིག་གི་རང་བཞིན་དུ་མངོན་གྱུར་ཐོབ་པ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྣམས། རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་རང་བཞིན་གྱིས་གནས་པར་གྱུར་ལ། བདེ་ཆེན་རྣམ་པར་རྟོག་མེད་དེ་རང་གཞན་གྱི་ཡོན་ཏན་གྱི་ཚོགས་བསྐྱེད་པས་འཇིག་རྟེན་རང་གཞན་རྣམས་ཀྱི་རེ་བ་སྐོང་བ་སྟེ། ཕན་འདོགས་པར་བྱེད་དོ། །འཇིག་རྟེན་ནི་རྣམ་པ་གཉིས་སུ་གསུངས་ཏེ། སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་གྱིས་སོ། །དེ་ལ་གཡོ་བར་གྱུར་པ་སེམས་ཅན་གྱི་འཇིག་རྟེན་དང༌། དེ་བཞིན་དུ་གནས་པར་གྱུར་པ་སྣོད་ཀྱི་འཇིག་རྟེན་ཡིན་ནོ། །སྐལ་བཟང་དང་ནི་སྐལ་ངན་གཉིས་ཀྱི་དབྱེ་བས། སྣོད་བཅུད་རེ་རེ་བཞིན་ཡང་གཉིས་གཉིས་སུ་དབྱེ་བར་བྱའོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཕྱི་རོལ་དུ་སྣོད་ཀྱི་འཇིག་རྟེན་སྐལ་ངན་མ་དག་


TNT10_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་དང༌། སྐལ་བཟང་སྨོན་ལམ་གྱི་སྟོབས་ལས་བྱུང་བ་དག་པའི་ཞིང་གཉིས་སོ། །བཅུད་ཀྱི་སེམས་ཅན་ལ། སྐལ་ངན་འཁོར་བའི་སྡུག་བསྔལ་ཅན་དང༌། སྐལ་བཟང་ཆོས་ཀྱི་བདེ་བ་ཅན་གཉིས་སོ། །ཕྱི་རོལ་ཏུ་དེ་ལྟར་སྣང་བའི་རྒྱུ་ནང་དུ་སྣོད་སྐལ་ངན་རགས་པ་རྡུལ་ཕྲ་རབ་ཀྱི་རྩ་དང་ཤ་ཁྲག་རུས་པའི་ཚོགས་པ། བཅུད་སྐལ་ངན་ལས་རླུང་དང་ཁམས་སྙིགས་མ། སྣོད་སྐལ་བཟང་ཡེ་ཤེས་ཀྱི་རྩ་གསུམ་འཁོར་ལོ་བཞི་རྩ་སོ་གཉིས་ལ་སོགས་པ་བཅུད་སྐལ་བཟང་ཡེ་ཤེས་ཀྱི་རླུང་དང་དྭངས་མ་མི་ཤིགས་པ་ལ་སོགས་པ། དེ་ལྟར་སྣོད་བཅུད་བརྒྱད་པོ་དེ་དག་ཀྱང༌། ས་དང་ཆུ་དང་མེ་དང་རླུང་གིས་ཁྱབ་པས། རེ་རེ་ཡང་རང་བཞིན་རྣམ་པ་བཞི་བཞིའོ། །དེས་ན་རྣམ་གྲངས་རགས་པའི་སྒོ་ནས་བརྒྱད་ལ་བཞི་བཞི་དབྱེ་བའི་ཕྱིར། སྣོད་བཅུད་སུམ་ཅུ་སོ་གཉིས་སུ་དབྱེ་བར་བྱའོ། །སྤྱིར་ནི་ཐེག་པ་འདིར་མཚན་གཞིའི་ཆོས་གང་ལ་ཡང་འབྱུང་བཞིའི་མཚན་ཉིད་ཀྱིས་མ་ཁྱབ་པ་མེད་ཅིང༌། འབྱུང་བཞིའི་དྭངས་མ་ཡེ་ཤེས་བཞིས་ཀུན་ལ་ཁྱབ་སྟེ་གནས་པ་ཡང་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་པའི་ཚུལ་དེ་དག་ལ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཉིད། ཁྱབ་བྱེད་ཀྱི་ཚུལ་ཉིད་ཀྱིས་གནས་ནས། དེ་རྣམས་ལ་ཕུན་སུམ་ཚོགས་པའི་ཡོན་ཏན་འཕེལ་བའི་སྒོ་ནས་རེ་བ་སྐོང་བར་མཛད་དོ། །དེ་ལ་ཟག་མེད་ཀྱི་ཡོན་ཏན་རྣམས་ནི་རང་གི་ངོ་བོས་འཕེལ་བར་འགྱུར་ལ། ཟག་བཅས་ཀྱི་ཡོན་ཏན་


TNT10_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་དེའི་སྟོབས་ལས་བྱུང་བ་སྟེ། དེ་ལྟར་ཡང༌། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཅེས་སོ། །རྡོ་རྗེ་སེམས་དཔའི་སྒྲ་བཤད་པ་ནི། རྡོ་རྗེ་ནི་སྤྲོས་པ་དང་བྲལ་བའི་སེམས་སུ་བསྟན་པ་སྟེ། སེམས་དཔའ་ནི་འགྱུར་བ་མེད་པའི་བདེ་བ་དང༌། དགའ་བར་བརྗོད་པ་ཡིན་པས། བདེ་སྟོང་གཉིས་སུ་མེད་པའོ། །བདེ་བ་དེ་ཡང་སྐད་ཅིག་མ་བཞི་ལས་བྱུང་བས་དགའ་བ་རྣམ་པ་བཞིར་བསྟན་ཏེ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མས་མཚོན་པའི་དགའ་བ་དང༌། རྣམ་པར་སྨིན་པས་མཚོན་པའི་མཆོག་དགའ་དང༌། རྣམ་པར་ཉེད་པས་མཚོན་པའི་དགའ་བྲལ་གྱི་དགའ་བ་དང༌། མཚན་ཉིད་བྲལ་བས་མཚོན་པའི་ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། སྐད་ཅིག་མ་བཞིའི་གནས་སྐབས་ལས། དགའ་བ་བཞི་ཡང་དག་པར་མཚོན་པར་བྱུང་བའོ། །དེ་ལྟར་ན་སྐད་ཅིག་མ་བཞི་ལས། སྐྱེ་བ་དང་མཚོན་པར་ནུས་པའི་དགའ་བ་བཞི་པོ་གང་དག་ནི། དམ་པ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། དགའ་བ་བཞི་པོ་དེ་དག་དང༌། ལྷན་ཅིག་རོ་མཉམ་པར་གྱུར་པའི་སེམས་འགྱུར་མེད་དེ་ནི་རྡོ་རྗེ་སེམས་དཔའ་ཞེས་སྐབས་འདིར་བརྗོད། དེའི་མཚན་ཉིད་ནི། འདོད་ཆགས་ཀྱི་སྲེད་པ་དང་རྣམ་པར་རྟོག་པ་ལས་གྲོལ་ཞིང༌། ཞུ་བདེ་དང་རྣམ་པ་མཚུངས་རུང་གི་ཡེ་ཤེས་དོན་དམ་པའི་འདོད་ཆགས་བདེ་ཆེན་མཁའ་


TNT10_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། ཆགས་བྲལ་གྱི་མཚན་མ་ལས་གྲོལ་ཞིང༌། སྤྲོས་པ་མཚན་མ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ལ། རྟེན་ཐིག་ལེ་འགྱུར་བཅས་ཀྱི་དྲི་བ་མེད་པ་དེ་རྣལ་འབྱོར་པ་གང་གིས་ལན་ཅིག་མངོན་སུམ་དུ་ཐོབ་ན། འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང༌། སླར་ལྡོག་པ་མི་སྲིད་པས་རྟག་ཏུ་བཞུགས་པ་ཞེས་བྱ་བར་རྣམ་པར་གྲགས་སོ། །དེ་ལྟར་ན། བཞུགས་པའི་དོན་བཤད་པ་ལ་སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། ཞེས་སོགས་ཀྱིས་རྣམ་པ་ཐམས་ཅད་པའི་བཞུགས་ཚུལ་དང༌། རྡོ་རྗེ་སེམས་སུ་བསྟན་པ་སྟེ་སོགས་ཀྱིས་བདེ་བ་ཆེན་པོར་བཞུགས་ཚུལ་ལོ། །འདིར་སྨྲས་པ། སེམས་ཀྱི་ཆོས་ཉིད་དོན་དམ་བདེ་ཆེན་ཏེ། །རང་རིག་ཚུལ་གྱིས་ཉམས་སུ་མྱོང་བའང་ཡིན། །དེ་ཕྱིར་འགྲོ་བ་ཀུན་ཡང་བདེ་འདོད་པའི། །རྣམ་རྟོག་འདི་ནི་ལྷན་སྐྱེས་ཚུལ་གྱིས་འབྱུང༌། །ཆོས་དབྱིངས་མྱོང་བའང་ཚོར་བ་མ་ཡིན་ཏེ། །མྱོང་བྱ་མྱོང་བྱེད་མྱོང་ཚུལ་དབྱེ་བ་མེད། །དོན་དམ་མྱོང་བའམ་དོན་དམ་ཚོར་བ་ཞེས། མྱོང་བའི་ལྡོག་ཆ་ནས་ཀྱང་སྤྲོས་བྲལ་ཡིན། །སྤྲོས་པ་བྲལ་ཙམ་མ་ཡིན་བདེ་ཆེན་མྱོང༌། །སྟོང་པའི་ལྡོག་ཆ་ནས་ཀྱང་བདེ་བར་ཤར། །བདེ་ཆ་སྤྲོས་པ་སྟོང་པ་སྤྲོས་མེད་ཅེས། །བརྫུན་པའི་ཟུང་འཇུག་འཆད་དང་འདི་མི་མཚུངས། །བདེ་དང་སྤྲོས་བྲལ་རྣམ་པར་བཞག་པའི་ཚེ། །རྟོག་པས་གོ་ཚུལ་སོ་སོར་འབྱུང་མོད་ཀྱང༌། །རྒྱུ་མཚན་དེ་ཙམ་ཞིག་གིས་གནས་ཚུལ་ལ། །


TNT10_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ཡོད་པར་ནམ་ཡང་འགྲོ་བ་མིན། །སེམས་ལ་འཁོར་འདས་ཆོས་ཀུན་འཆར་བ་དང༌། །ལྷན་སྐྱེས་བློ་ལ་དེ་ཡང་འདོད་ཐོག་ཕྱིར། །སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དེ་ཡང༌། །དོན་དམ་རྣམ་པ་ཀུན་ལྡན་ཡིན་པར་གྲུབ། །སྐབས་འདིའི་དགའ་བ་བཞི་ནི། ཟག་མེད་ལྷན་ཅིག་སྐྱེས་པ་ཁོ་ནས་ལས་ཕྱེ་བ་ཡིན་ཅིང༌། ཆོས་ཉིད་ཀྱི་དགའ་བ་བཞི་ངོ་བོ་གཅིག་ཁོ་ན་ཡིན་ཀྱང༌། སློབ་པའི་ཟུང་འཇུག་གི་གནས་སྐབས་འདིར། ཆོས་དང་ཆོས་ཅན་གྱི་སྣང་བ་ཁྲེའུ་རིས་སུ་འཆར་བས། གཅིག་ཏུ་སྣང་བ་དང་ཐ་དད་པར་སྣང་བ་སྣ་ཚོགས་འབྱུང་ངོ༌། །གཟུང་འཛིན་གྱི་སྣང་བ་སྤངས་ཤིང་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། མཉམ་གཞག་ཕལ་ཆེར་དུ་གཅིག་ཏུ་སྣང་ལ། གཉིས་སྣང་གི་བག་ཆགས་མ་སྤངས་པའི་ཕྱིར། རྗེས་ཐོབ་དང་མཉམ་བཞག་སྐབས་འགར་དུས་མཉམ་པ་ལ་ཐ་དད་པར་སྣང་བ་ཡང་ཡོད། རྟེན་ལུས་ཀྱི་འགྱུར་བའི་གནས་ཀྱི་བག་ཆགས་ཡོད་པའི་ཕྱིར། ཐ་དད་དུ་སྔ་ཕྱི་ཅན་དུ་སྣང་བ་ཡང་ཡོད་དོ། །གང་ལྟར་ཡང་སྐུའི་གསང་བའི་བདེ་བ་ནི་དགའ་བ། གསུང་གི་གསང་བའི་བདེ་བ་ནི་མཆོག་དགའ། ཐུགས་ཀྱི་གསང་བའི་བདེ་བ་ནི་དགའ་བྲལ་ལམ། ཁྱད་པར་གྱི་དགའ་བ། དེ་དག་རོ་མཉམ་ལམ་ཐུགས་ཉིད་འགྱུར་བ་མེད་པར་ཤར་བ་ནི་ལྷན་ཅིག་སྐྱེས་པའོ། །བདེ་བའི་རང་གདངས་ལས་ཁམས་གསུམ་གྱི་གཟུགས་བརྙན་རྣམ་པ་སྣ་ཚོགས་པ་འཆར་བའི་ཕྱིར། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ།


TNT10_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་རང་གདངས་ལས་སེམས་ཅན་སྨིན་པར་བྱེད་པའི་ཆོས་ཀྱི་སྒྲ་འབྱུང་བའི་ཕྱིར། རྣམ་པར་སྨིན་པའི་སྐད་ཅིག་མ། བདེ་བའི་རང་གདངས་ལས་དམིགས་པ་མེད་པའི་སྙིང་རྗེ་སེམས་ཅན་རྣམས་ལ་ཡང་ཡང་འཇུག་པའི་ཕྱིར་ན། རྣམ་པར་ཉེད་པའི་སྐད་ཅིག་མ། དངོས་པོའི་རྣམ་པ་ཐམས་ཅད་པ་ཡིན་ཡང༌། དངོས་པོའི་རང་བཞིན་ཀུན་དང་བྲལ་བ་སོགས་མཚན་ཉིད་ཕྱོགས་རེར་བརྗོད་དུ་མེད་པས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །འདི་དག་ནི་གནས་ལུགས་དོན་གྱི་དགའ་བ་དང༌། སྐད་ཅིག་མའི་དབྱེ་བ་ཡིན་ལ། ཞུ་བདེ་ཡས་བབས་ཀྱི་དགའ་བ་བཞི་དང༌། ལམ་འགྱུར་མེད་ཀྱི་དགའ་བ་བཞི་དང༌། སྐད་ཅིག་མའི་དགའ་བཞི་དང༌། སའི་དགའ་བཞི་སོགས་དབྱེ་བ་དུ་མ་ཡོད་པ་རྣམས་ཀྱང་སྐབས་འདིར་མཐའ་གཅོད་པའི་ཕྱིར་རྟོགས་པར་བྱ་དགོས་མོད་ཀྱི། དཔྱིད་ཐིག་དང་རིམ་བཞིའི་འགྲེལ་པར་བཤད་ཟིན་པས། འདིར་མ་སྤྲོས་སོ། །གསུམ་པ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བཞུགས་ཚུལ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གསུངས་པ། ཐམས་ཅད་སྒྲ་རུ་བརྗོད་པ་ནི། །ལྷ་སོགས་འགྲོ་བ་དྲུག་རྣམས་ཀྱི། །གཟུགས་ལ་སོགས་པ་ཡུལ་གྱི་དངོས། །འདོད་པའི་ངོ་བོར་ཡང་དག་གནས། །འཇིག་རྟེན་གསུམ་དུ་གང་བྱུང་དེ། །མ་ལུས་ཐམས་ཅད་ཞེས་བྱར་གསུངས། །དྲུག་པོ་དེ་རྣམས་དེར་འཇུག་པ། །དེ་བཞིན་གཤེགས་པར་བརྗོད་པ་ཡིན། །དབང་པོ་རྣམས་དང་འབྱུང་བ་ཆེ། །


TNT10_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོའི་དངོས་དེ་ཇི་ལྟར་ན། །གང་ནས་ཇི་ལྟར་འོངས་གྱུར་པ། །དེར་ནི་དེ་ལྟར་འགྲོ་བས་ན། །དེ་ལྟར་དེ་དག་དེ་བཞིན་གཤེགས། །གཅིག་ནས་གཅིག་ཏུ་རིམ་བཞིན་འོངས། །ལྷ་སོགས་འགྲོ་བའི་རང་བཞིན་ཅན། །ཡུལ་རྣམས་དག་ནི་ཐམས་ཅད་ཀྱི། །ཡུལ་ལ་མྱང་བ་ཡོད་པས་ན། །དབང་པོ་དག་ནི་དེ་བཞིན་གཤེགས། །འགྲོ་བ་རྣམས་དང་ཡུལ་རྣམས་ལ། །དངོས་སུ་ཇི་བཞིན་འགྲོ་འགྱུར་བ། །དེ་བཞིན་དངོས་པོ་དེ་ཡི་ནི། །དེ་ཉིད་དུ་ནི་སླར་འགྲོ་བས། །དེ་བཞིན་གཤེགས་པའི་རང་བཞིན་ཅན། །དེ་དག་ཉིད་ནི་ཐམས་ཅད་ཀྱི། །དེ་ལྟར་སྐུ་དང་གསུང་དང་ཐུགས། །རྡུལ་དང་སྙིང་སྟོབས་མུན་པ་སྟེ། །བདེ་དང་སྡུག་བསྔལ་དེ་བཞིན་རྨོངས། །དེ་རྣམས་རྡོ་རྗེ་དེ་ཉིད་དེ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མི་ཕྱེད་པས་ནི་རྡོ་རྗེར་བརྗོད། །ཟད་དང་སྐྱེ་མེད་ངོ་བོ་ཡིས། །དེ་ནི་མི་ཕྱེད་པ་རུ་གྲགས། ཉོན་མོངས་དྲ་བས་འཆིངས་པའི་ཕྱིར། །དབང་པོ་རྣམས་དང་སངས་རྒྱས་འཇིག །སྦྱོར་བ་དང་ནི་བྲལ་བ་ཡིས། །རྡོ་རྗེ་སེམས་དཔའ་འཇིག་པ་མེད། །དེ་ནི་སྐྱེ་བ་མེད་པ་ཉིད། །དེ་ནི་གང་ནའང་གནས་པ་མིན། །དེ་ཡི་བཙུན་མོ་ཤེས་རབ་གནས། །ལྷ་སོགས་བུ་མོའི་འགྲོ་བར་འགྱུར། །སངས་རྒྱས་ཐམས་ཅད་བསྐྱེད་པ་སྟེ། །སེམས་ཅན་ཀུན་གྱི་དགེ་འབྱུང་མ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །སྣ་ཚོགས་གསལ་བར་ཡང་དག་བསྟེན། །ཤེས་རབ་རྡོ་རྗེ་བཙུན་མོར་བརྗོད། །བརྟན་པ་དང་ནི་གཡོ་བར་གནས། །རྡོ་རྗེ་བཙུན་མོ་སངས་


TNT10_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྤྱན། །རྡོ་རྗེ་བཙུན་མོ་མཱ་མ་ཀཱི། །རྡོ་རྗེ་བཙུན་མོ་གོས་དཀར་མོ། །རྡོ་རྗེ་བཙུན་མོ་སྒྲོལ་མ་སྟེ། །འཛིན་ཅིང་སྤེལ་བར་བྱེད་པས་ན། །དེ་དག་རྡོ་རྗེ་བཙུན་མོར་བརྗོད། །འཛིན་ཅིང་སྤེལ་བར་བྱེད་པས་ན། །རང་ཉིད་རྡོ་རྗེ་དེ་བཞིན་ནོ། །རྡོ་རྗེའི་འདོད་པའི་ངོ་བོ་ཡིས། །དེ་དག་རྡོ་རྗེ་བཙུན་མོར་གནས། །དེ་ཡི་བྷ་ག་ཞེས་གསུངས་པ། །ཡི་གེ་ཨ་ཡི་ཆ་བྱད་ཉིད། །རིགས་ལྔ་ཡི་ནི་རང་བཞིན་གྱི། །སངས་རྒྱས་དག་གི་གདན་བཞི་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། །ལྡན་པའི་རྡོ་རྗེ་སེམས་དཔའ་ནི། །དཔལ་ལྡན་བདེ་བས་སྤ་པ་སྟེ། །འཁོར་བའི་ཕ་རོལ་མཐར་གནས་པ། །འབྱོར་པ་རང་གི་རང་བཞིན་སྐྱེས། །སྤྱོད་ཅིང་ལྟ་བའི་དྲ་བ་ཡིས། །བཅིངས་ལས་གྲོལ་བ་ཁྱབ་བདག་སྟེ། །བསྐོ་བཤམ་འཕྲོག་པ་འབྱིན་པོ་དང༌། །འཛིན་པོ་ཉིད་དེ་ཡིད་འགྲོ་བའི། །བྷ་ག་ཉིད་ནི་གནས་ཡིན་ཏེ། །དེ་ན་འདི་ནི་རྟག་ཏུ་བཞུགས། །ཞེས་གསུངས་སོ། །འདི་ལ་བདུན་ཏེ། ཐམས་ཅད་ཀྱི་སྒྲས་སྤྲུལ་པའི་སྐུ་བཤད་པ། དེ་བཞིན་གཤེགས་པའི་སྒྲས་ལོངས་སྐུ་བཤད་པ། སྐུ་གསུང་ཐུགས་ཀྱི་སྒྲས་ངོ་བོ་ཉིད་སྐུ་བཤད་པ། རྡོ་རྗེའི་སྒྲས་ཆོས་སྐུ་བཤད་པ། བཙུན་མོའི་སྒྲས་བདེ་བ་ཆེན་པོའི་སྐུའི་རྣམ་པ་ཐམས་ཅད་བསྟན་པ། བྷ་གའི་སྒྲས་ཐུགས་བདེ་ཆེན་བསྟན་པ། རྟག་བཞུགས་ཀྱི་སྒྲས་སྐུ་ཟུང་འཇུག་བསྟན་པའོ། །དང་པོའི་དབང་དུ་བྱས་ནས། ཐམས་ཅད་སྒྲ་རུ་སོགས་


TNT10_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལ་ཐམས་ཅད་ཀྱི་སྒྲ་རུ་རྒྱུད་ལས་གསུངས་ཤིང་བརྗོད་པ་ནི། ལྷ་སོགས་འགྲོ་བ་དྲུག་པོ་རྣམས་ཀྱི་ཆོས་ཉིད་དང༌། གཟུགས་ལ་སོགས་པ་ཡུལ་རྣམས་ཀྱི་དངོས་པོ་སྟེ་རང་བཞིན་ནི་ཆོས་དབྱིངས་སོ། །སོགས་པའི་སྒྲས་ནམ་མཁའ་དང་མཉམ་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཕུང་ཁམས་དབང་ཡུལ་ལས་དང་བྱ་བྱེད་ཀུན་རྫོབ་ཀྱི་ཆོས་ཤེས་བྱ་ལ་སྲིད་ཚད་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་སམ། ཆོས་ཉིད་གསལ་ལ་མ་འགགས་པའི་རིག་པ་དེ། སེམས་ཅན་འཁོར་བ་ལས་སྒྲོལ་བར་འདོད་པ་སྙིང་རྗེ་ཆེན་པོའི་ངོ་བོར་གདོད་མ་ནས་ཡང་དག་པར་གནས་པ་དེ་ཉིད། དོན་དམ་འཇིག་རྟེན་གསུམ་ལ་ངོ་བོ་གཅིག་པའི་ཆོས་ཉིད་ཀྱི་ཚུལ་དུ། གང་ཞིག་ཁྱབ་སྟེ་བྱུང་བ་དང༌། སྙིང་རྗེའི་མཐུ་ལས་གདུལ་བྱ་གཞན་སྣང་དུ། གང་ལ་གང་གདུལ་གྱི་ཚུལ་གྱིས་སྣོད་བཅུད་མ་ལུས་པའི་གཟུགས་སུ་འཆར་ཞིང་འབྱུང་བ་དེ་ནི་འཇིག་རྟེན་ན་རྣམ་པ་སྣ་ཚོགས་སྟོན་པའི་ཕྱིར། །ཐམས་ཅད་ཞེས་བྱ་བའི་སྒྲས་གསུངས་ཏེ། སྤྲུལ་གཞི་ཡེ་ཤེས་དང་དེའི་སྤྲུལ་པ་གཉིས་ཀའོ། །དོན་ཚན་གཉིས་པའི་དབང་དུ་བྱས་ནས། འགྲོ་བ་དྲུག་པོ་དེ་རྣམས་ཆོས་དབྱིངས་དེར་འཇུག་ཅིང༌། དེ་ལས་འགྲོ་བ་དྲུག་ཏུ་སླར་འབྱུང་ཞིང་སྟོན་པར་བྱེད་པས། ཡེ་ཤེས་འགྲོ་བ་དྲུག་གི་ཚུལ་ཅན་ལ་ནི་དེ་བཞིན་གཤེགས་པའི་བརྡས་བརྗོད་པར་བཞེད་པ་ཡིན་ནོ། །དེའི་འགྲོ་བ་དྲུག་ནི། ལྷ་སོགས་ལ་བཤད་ཀྱང་རུང་ལ། འོན་ཀྱང་དུས་སྔ་མ་ནས་ཕྱི་མར་འགྲོ་བའི་ཕྱིར། ཀུན་རྫོབ་ཀྱི་ས་ཆུ་མེ་རླུང་


TNT10_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་རྣམ་ཤེས་དྲུག་ལ་བརྗོད་དེ། དེ་དག་གིས་དྭངས་མ་བདེ་བ་ཆེན་པོ་ནི་བདེ་བ་ཉིད་ཀྱི་ཆ་ནས་ཀྱང་ལོངས་སྤྱོད་རྫོགས་སྐུར་འཇོག་ལ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་ཤར་བས་ཀྱང་ལོངས་སྤྱོད་རྫོགས་སྐུའོ། ཁམས་དྲུག་གི་ཆོས་ཉིད་དུ་བསྟན་པས་ནི་རྣལ་འབྱོར་མ་རིགས་དྲུག་གི་དཀྱིལ་འཁོར་འཁོར་ལོའི་ཚོགས་མཚོན་པ་ཡིན་ལ། དེ་བས་ན་དབང་པོ་དྲུག་དང༌། འབྱུང་བ་ཆེན་པོ་དྲུག་དང༌། ཕུང་པོ་དྲུག་པོའི་དངོས་པོ་དེ་རྣམས་ཇི་ལྟར་ན། འཁོར་བའི་དུས་སུ་གློ་བུར་གྱི་དྲི་མའི་ཚུལ་གྱིས། གང་ནས་ཇི་ལྟར་ཚུར་ལ་འོངས་ཤིང་གཤེགས་པར་གྱུར་པ། འབྲས་བུའི་དུས་སུ་དེ་ལྟར་ཆོས་དབྱིངས་དེར་ནི་ཕར་ལ་འགྲོ་ཞིང་གཤེགས་པས་ན། ཡེ་ཤེས་དེ་དག་ནི་ཕུང་ཁམས་དེ་དག་གི་འགྲོ་འོང་གི་གཞི་ཡིན་པ་དེ་ལྟར་ན། དེ་བཞིན་གཤེགས་པའི་བརྡས་བསྟན་ཏོ། །འདི་ནི་གདོད་མ་ཆོས་དབྱིངས་ཀྱི་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ་ཁྲོ་བོ་ཁྲཽ་མོ་རིགས་དྲུག་གིས་བསྡུས་པའི་དཀྱིལ་འཁོར་རབ་འབྱམས་དོན་དམ་པའི་ཕུང་ཁམས་དབང་ཡུལ་ལས་དང་བྱ་བར་བཅས་པ་ཡིན་ལ། དེ་ཉིད་མཚན་དཔེ་ཡོངས་སུ་རྫོགས་པའི་ལྷ་དང༌། རྒྱན་ཐམས་ཅད་དང་ལྡན་པའི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་རང་བཞིན་གྱིས་འགྲུབ་པ་ནི། ལོངས་སྤྱོད་རྫོགས་སྐུ་དངོས་ཡིན་ནོ། །ཡེ་ཤེས་ཀྱི་ཕུང་ཁམས་དེ་ཉིད་ལ་གློ་བུར་གྱི་དྲི་མའི་ཚུལ་དུ་འཁོར་བའི་ཕུང་ཁམས་དབང་ཡུལ་སོགས་འཆར་བ་ནི། ནམ་མཁའ་དག་པ་ལ་སྤྲིན་འཆར་བའི་ཚུལ་


TNT10_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལམ་བསྒོམས་པས་ཀུན་རྫོབ་ཀྱི་ཕུང་སོགས་རྣམས། ཡེ་ཤེས་གདོད་མའི་ཕུང་སོགས་དཀྱིལ་འཁོར་ཆེན་པོའི་ནང་དུ་ཐིམ་པ་ནི། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་ནོ། །ཕུང་སོགས་དེ་དག་ཕན་ཚུན་དུ་འཆར་བ་དང་ནུབ་པས། གཤེགས་པའི་གཞི་ཡིན་པའི་ཕྱིར། གཤེགས་པའི་སྒྲར་བརྗོད་ལ། དེ་བཞིན་ཞེས་པའི་དོན་ནི། རྒྱུ་རྐྱེན་ཚོགས་པ་ལས་སྣང་བ་དང་རྒྱུ་རྐྱེན་དང་བྲལ་བའི་ཚེ་ཡལ་བར་གྱུར་པས། ལུགས་དང་མཐུན་པར་བྱུང་བའི་དོན་ནོ། ཡང་རྣམ་པ་གཅིག་ཏུ་ན། གཤེགས་པ་ནི་རྟོགས་པའི་དོན་ཡིན་པས། གཞན་འཁྲུལ་བའི་ཕྱོགས་ལ་མ་སོང་བར། མ་འཁྲུལ་བ་དེ་བཞིན་ཁོ་ནར་རྟོགས་པས། ཏ་ཐཱ་ག་ཏ་ནི་དེ་བཞིན་རྟོགས་པའོ། །དེ་ཡང་ཐོག་མ་མེད་པའི་དུས་ནས། ཀུན་གཞི་སེམས་ཏེ། སྐྱེ་བ་གཅིག་ནས་གཅིག་ཏུ་རིམ་བཞིན་འོངས་པས། ནམ་ཡང་མི་སྡོད་པར་འགྲོ་བའི་རང་བཞིན་ཅན་གྱི་ཕྱིར། ལྷ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་དབང་པོ་དྲུག་པོ་དག་ནི། གཟུགས་སོགས་ཡུལ་རྣམ་དག་ནི་ཐམས་ཅད་ཀྱི་བདེ་བའི་ཡུལ་ལ་མྱང་བ་ཡོད་པས་ན། བདེ་བ་མྱོང་ཞིང་རྟོགས་པའི་ཕྱིར། འགྲོ་བ་སེམས་ཅན་ཀུན་གྱི་དབང་ཡུལ་ཕྲད་པའི་བདེ་བ་འགྱུར་བཅས་དེ་ལ། དེ་བཞིན་གཤེགས་པ་ཞེས་དཔེའི་སྒོ་ནས་བསྟན་ལ། འདིར་དངོས་སུ་ཞེས་པ་འཇིག་རྟེན་པ་རྣམས་ལ་མངོན་སུམ་དུ་གྲུབ་པའི་དོན་ཡིན་པས། འགྲོ་བ་རྣམས་ཀྱི་དབང་ཤེས་ཡུལ་རྣམས་ལ། དངོས་སུ་


TNT10_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞིང་རྟོགས་པ་ཇི་བཞིན་དུ་འགྲོ་བར་འགྱུར་བ་ཐམས་ཅད་ཀྱི་དངོས་པོ་སྟེ། གནས་ཚུལ་ལ་ཡེ་ཤེས་ཀྱི་སྐུ་ལུས་ཅན་ཐུགས་རང་རིག་དེ་ཡིས་དེ་བཞིན་དུ། བདེ་བ་ཆེན་པོ་དེ་ཉིད་ཀྱི་རང་བཞིན་དུ་ནི་སླར་ཡང་རྟོགས་ཤིང་འགྲོ་བ་སྟེ། སླར་ཡང་ཞེས་པའི་དོན། གདོད་ནས་གནས་ཚུལ་བདེ་བ་ཆེན་པོ་ཡིན་པ་ལ། རྟོགས་ཚུལ་ཡང་དེ་དང་མཐུན་པར་བྱུང་བའི་ཕྱིར་གནས་ཚུལ་དང་རྟོགས་ཚུལ་མཐུན་པ་ནི་སླར་ཡང་ཟློས་པ་དང་འདྲའོ། །དེ་ཉིད་དུ་ནི་ཞེས་པའི་ཆོས་ཉིད་དེའི་མཚན་ཉིད་སྟོན་པ་ནི། དེ་བཞིན་གཤེགས་པའི་རང་བཞིན་ཅན་ཞེས་པ་འགྲོ་བ་རྣམས་ཀྱི་ཆོས་དབྱིངས་དེ་བཞིན་གཤེགས་པའི་རང་བཞིན་ཁོ་ནའོ་ཞེས་པའི་དོན་ནོ། །དོན་ཚན་གསུམ་པའི་དབང་དུ་བྱས་ནས། དེ་དག་ཉིད་ནི་སོགས་ཏེ། སེམས་ཅན་ཐམས་ཅད་ཀྱི་གནས་ལུགས་དེ་དག་ཉིད་ནི། དེ་ལྟར་ཀུན་ཏུ་ཁྱབ་པ་དང༌། བདེ་བ་ཆེན་པོ་ཡིན་ལ། དེ་ཉིད་གོང་དུ་བསྟན་པ་ལྟར་གསང་བ་གསུང་དབྱེར་མེད་པའི་བདག་ཉིད་དུ་བཞུགས་པ་ལས། སྙིང་སྟོབས་ནི་བདེ་བ་དག་པའི་སྐུ་དང༌། རྡུལ་ནི་སྡུག་བསྔལ་དག་པའི་གསུང་དང༌། མུན་པ་ནི་དེ་བཞིན་དུ་རྨོངས་པ་སྟེ། གཏི་མུག་དག་པའི་ཐུགས་སོ། །དེ་ལ་སྙིང་སྟོབས་རྡུལ་མུན་གསུམ་ནི། བདེ་སྡུག་རྨོངས་གསུམ་འཆར་བའི་གཞི་རྣམ་པར་རིག་པ་ཙམ་གཞན་དབང་གི་མཚན་ཉིད་ཅན་ཡིན་ལ། དེ་ལ་གཉིས་སྣང་དུ་འཁྲུལ་པའི་ཀུན་ཏུ་བཏགས་བྱ་ཡུལ་གྱི་ཆ་དང༌། འདོགས་བྱེད་ཡུལ་ཅན་རྣམ་རྟོག་གི་ཆ་ནི་ཀུན་བཏགས་ཏེ་


TNT10_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འཁོར་བར་འཁྲྀད་བྱེད་ཀྱི་སྒོ་ནས་བདེ་སྡུག་རྨོངས་གསུམ་དུ་དབྱེའོ། །དེ་དག་གིས་གདོད་ནས་གོས་མ་མྱོང་བའི་ཡོངས་གྲུབ་ནི། སྐུ་གསུང་ཐུགས་གསུམ་མོ། །དེ་ལྟར་སྐུ་གསུང་ཐུགས་གསུམ་མཉམ་པ་ཉིད་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དོན་ཚན་བཞི་པའི་དབང་དུ་བྱས་ནས། སྐུ་གསུང་ཐུགས་དོན་དམ་པ་དེ་རྣམས། རྡོ་རྗེ་ཡང་ཡིན་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱང་ཡིན་ནོ། །དེ་ལ་གསང་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ནི། རྡོ་རྗེ་ཞེས་བྱ་བའི་སྒྲར་བརྗོད་དེ། རྐྱེན་གྱིས་མི་ཕྱེད་ཅིང་གཞིག་ཏུ་མེད་པའི་ཕྱིར་རོ། །དེ་ནི་མི་ཕྱེད་པར་གྲགས་པ་ཡིན་ཏེ། ངོ་བོ་རང་བྱུང་ལྷུན་གྲུབ་ཡིན་པས། རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་སྐྱེ་བ་མེད་ལ། རྟག་པའི་རང་བཞིན་གྱི་ཕྱིར་ཟད་པའམ་འཇིག་པ་མེད་པའོ། །ཉོན་མོངས་པ་སྒྲིབ་པའི་དྲ་བས་བཅིངས་པའི་ཕྱིར། དབང་པོ་ཡུལ་དང་བཅས་པ་རྣམས་དང༌། སངས་རྒྱས་ཏེ་ཕུང་སོགས་ནི་འཇིག་ལ། ཉོན་མོངས་པའི་སྦྱོར་བ་ཐམས་ཅད་བྲལ་བའི་ཕྱིར། དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་ནི་ནམ་དུ་ཡང་འཇིག་པ་ཡོད་པ་མ་ཡིན་ནོ། །འདིར་མི་འཇིག་པ་ནི་གདོད་ནས་རྟག་པ་སྟེ། དོན་དམ་དཔྱོད་བྱེད་ཀྱི་རིག་ངོར་འཇིག་པ་མ་གྲུབ་པ་ལ་ནི་མི་བྱ་སྟེ། དེའི་ངོར་ནི་ཕུང་སོགས་ལ་ཡང་འཇིག་པ་མེད་པའི་ཕྱིར། ཕུང་སོགས་དང་རྡོ་རྗེ་སེམས་དཔའ་འཇིག་པ་ཡོད་མེད་དབྱེ་བ་མི་ཐུབ་པའི་ཕྱིར་རོ། །དེ་ལ་འཇིག་མི་འཇིག་གི་རྒྱུ་མཚན་དུ་ཉོན་མོངས་ཡོད་མེད་བཀོད་པ་ནི། གློ་བུར་བ་ཡིན་ན་


TNT10_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པས་ཁྱབ་པ་དང༌། གདོད་མ་ལ་རྟག་པས་ཁྱབ་པ་ལ་ཐུག་གོ །གང་འཇིག་པ་མེད་པ་དེ་ནི་སྐྱེ་བ་མེད་པ་ཉིད་ཡིན་ལ། དེ་ནི་ཀུན་རྫོབ་ཕྱོགས་ཆས་བསྡུས་པའི་ཆོས་གང་ན་ཡང་གནས་པ་མ་ཡིན་ཅིང༌། དུས་གང་དུ་ཡང་བྱུང་བ་མ་ཡིན་མོད་ཀྱི། རྟག་ཏུ་འགྱུར་བ་མེད་པའི་བཞུགས་པའི་ཕྱིར། ཅི་ཡང་མེད་པ་དང་བདེན་པར་མེད་པའང་མིན་ནོ། དེས་ན་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱེ་འཇིག་གནས་གསུམ་གཏན་ནས་ཀྱང་མེད་ལ། ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱེ་འཇིག་གནས་གསུམ་ལ་ཀུན་ཏུ་འགྲོ་བ་ཡང་ཡིན་ནོ། །དོན་ཚན་ལྔ་པའི་དབང་དུ་བྱས་ནས། དེའི་བཙུན་མོ་སོགས་ཏེ་རྡོ་རྗེ་དེའི་རང་བཞིན་གྱི་བཙུན་མོ་ནི་ཤེས་རབ་རྣམ་པ་ཐམས་ཅད་པ་ཡོན་ཏན་ཀུན་གྱི་གནས་སོ། །དེ་ཉིད་དོན་དམ་ལྷ་མོའི་ཚུལ་གྱིས་བཞུགས་པའི་ཕྱིར། དེ་དང་རང་བཞིན་མཚུངས་པའི་རྟེན་འབྲེལ་ལས། ཀུན་རྫོབ་ལས་ཀྱི་སྣང་བ་ལ་ཡང་ལྷ་མོ་ཀླུ་མོ་མི་མོ་གནོད་སྦྱིན་མོ་སོགས་སྲིད་པ་གསུམ་གྱི་བུ་མོའི་རྣམ་པར་སྣང་བར་འགྱུར་རོ། །དེ་བས་ན་ཡེ་ཤེས་དོན་དམ་པའི་ལྷ་མོ་རྣམས་ནི། བུད་མེད་ཀྱི་འགྲོ་བ་རྣམས་ཀྱི་ཆོས་ཉིད་དུ་བཞུགས་པ་ཡིན་པས། དེ་རྣམས་ཀྱང་རྡོ་རྗེ་བཙུན་མོའི་དཔེར་བསྟན་པ་ཡིན་ནོ། །ཅིའི་ཕྱིར་བཙུན་མོ་ཞེས་བྱ་ན། ཤེས་རབ་དེ་ཉིད་རྟོགས་པ་དང༌། སངས་རྒྱས་ཐམས་ཅད་བསྐྱེད་པ་དང༌། ཤེས་རབ་དེའི་མཐུ་ལས་སེམས་ཅན་ཀུན་གྱི་དགེ་བ་འབྱུང་བ་ཡིན་ལ། སེམས་ཅན་བསམ་པ་སོ་སོའི་བྱེ་བྲག་གིས།


TNT10_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་རིགས་སད་བྱེད་ཀྱི་རྐྱེན་སྣ་ཚོགས་གསལ་བར་ཡང་དག་པར་བསྟེན་པས་ན་བཙུན་མོའོ། །དེ་ཡང་འཁོར་འདས་ཀྱི་དགེ་བ་ཐམས་ཅད་ཆོས་ཉིད་དགེ་བའི་མདངས་སམ་ཁ་བུན་ཡིན་པས། དེ་ལྟར་བཤད་ལ། དཔེ་ལས་ཀྱི་ཕྱག་རྒྱའི་བདེ་བས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ངོ་སྤྲོད་པ་དང། འགྲོ་བ་རྣམས་ཀྱི་དགའ་བའི་རྒྱུ་དང༌། སེམས་ཅན་སོ་སོའི་བསམ་པ་དང་འབྲེལ་བ་སྟེ། ཇི་ལྟར་ལས་མཐུན་མཐུན་དུ་འགྲོ་བ་མཐའ་དག་གི་གཟུགས་འབྱུང་བའི་ཕྱིར་དེ་དང་རྣམ་པ་མཐུན་པར་ཡང་བསྟན་ཏོ། །ཤེས་རབ་དེ་ཉིད་བརྟན་པ་དང་གཡོ་བ་ཐམས་ཅད་ཀྱི་རང་བཞིན་དུ་གནས་ལ། སའི་དྭངས་མ་རྡོ་རྗེ་བཙུན་མོ་སངས་རྒྱས་སྤྱན་མ། ཆུའི་དྭངས་མ་རྡོ་རྗེ་བཙུན་མོ་མཱ་མ་ཀཱི། མེའི་དྭངས་མ་རྡོ་རྗེ་བཙུན་མོ་གོས་དཀར་མོ། རླུང་གི་དྭངས་མ་རྡོ་རྗེ་བཙུན་མོ་སྒྲོལ་མ་རྣམས། ཆོས་ཉིད་ཡེ་ཤེས་ཀྱི་ལྷ་མོ་བཞི་སྟེ། བརྟན་པ་འབྱུང་བ་བཞི་པོ་ཐམས་ཅད་ལ་ཁྱབ་པ། བཅུད་འགྲོ་བའི་ལུས་སེམས་ཀུན་ལའང་ཁྱབ་ཅིང་གནས་པ་ཡིན་མོད་ཀྱི། ཀུན་རྫོབ་དང་དོན་དམ་པའི་ལུས་རྩ་འཁོར་ལོ་བཞིའི་ལྟེ་བར། བཅིངས་གྲོལ་གྱི་བྱེད་པོའི་ཚུལ་དུ་བཞུགས་སོ་ཞེས་རྣམ་གཞག་བྱའོ། དེ་ནི་རྒྱ་སྐད་དུ་ཡོ་ཥཏ་ཞེས་བྱ་བ། འཛིན་ཅིང་སྤེལ་བ་སྟེ་འཇིག་རྟེན་དུ་བུད་མེད་ནི་མངལ་འཛིན་ཅིང་རིགས་དང་ལོངས་སྤྱོད་སྤེལ་བར་བྱེད་པའི་དོན་ཡིན་པ་ལྟར། འདིར་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་འཛིན་ཅིང༌། གང་ལ་དམིགས་ན་དགེ་ཆོས་མཐའ་དག་འཕེལ་བར་


TNT10_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར། འབྱུང་བཞིའི་དྭངས་མ་ཆོས་ཉིད་དེ་དག་ལ་རྡོ་རྗེ་བཙུན་མོར་བརྗོད་དོ། །སྟོང་པ་དེ་དང་གཉིས་སུ་མེད་པའི་རང་ཉིད་བདེ་ཆེན་འོད་གསལ་གྱི་རྡོ་རྗེ་དེ་ཡང་འཛིན་ཅིང་སྤེལ་བར་བྱེད་པ་སྟེ། ཤེས་རབ་རྣམ་པ་ཀུན་ལྡན་དེ་ཡང་ཐབས་བདེ་བ་ཆེན་པོས་རྒྱས་བཏབ་ཏུ་བསྟན་པའི་ཕྱིར། རྡོ་རྗེ་བཙུན་མོར་བརྗོད་དོ། །རྡོ་རྗེ་ནི་བཛྲ་ཞེས་པ་བ་ཧུ་རཱ་ཛ་སྟེ་ཞེས་ཡི་གེ་བསྣན་པའི་ངེས་ཚིག་གིས། མང་པོ་གསལ་བར་བྱེད་པ་ཞེས་པ་ཡིན་པས་ན། རྣམ་པ་མང་པོ་འཛིན་ཅིང་ཡོན་ཏན་གསལ་བར་བྱེད་པའོ། །རྡོ་རྗེ་སྟོང་ཉིད་འདོད་པ་ནི་སྙིང་རྗེ་ཆེན་པོའམ་བདེ་བའི་ངོ་བོ་ཡིན་པས། རྣམ་པ་ཀུན་ལྡན་དང་བདེ་ཆེན་དེ་དག་གཉིས་ཀ་ཡང༌། རྡོ་རྗེ་བཙུན་མོའི་དོན་དུ་གནས་སོ། །དེ་ཡང་སྟོང་པ་རྣམ་ཀུན་མཆོག་ལྡན་ཤེས་རབ་ཏུ་འཇོག་པའི་ཚེ། བདེ་སྟོན་ཐབས་སུ་འགྱུར་རོ། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཏུ་འཇོག་པའི་ཚེ། སྐུ་རྣམ་པ་ཀུན་ལྡན་ཐབས་སུ་འགྱུར་རོ། །དེའི་ཕྱིར་དེ་གཉིས་ཀར་ཡང་འཇོག་ཚུལ་སོ་སོ་ལ་བལྟས་ནས། རྡོ་རྗེ་བཙུན་མོ་སྟེ་ཤེས་རབ་ཀྱི་ཕྱོགས་སུ་བསྟན་ཏོ། །དོན་ཚན་དྲུག་པའི་དབང་དུ་བྱས་ནས། དེའི་བྷ་ག་སོགས་ཏེ། རྡོ་རྗེ་བཙུན་མོ་དེའི་བྷ་ག་ཞེས་གསུངས་པ། ཡི་གེ་ཨེའི་ཆ་བྱད་གྲུ་གསུམ་གྱི་བརྡས་བསྟན་པ། དཔེ་ནི་ཤེས་རབ་མའི་པདྨ་འམ། རྩ་འཁོར་བཞིའི་ལྟེ་བ་ཁོང་སྟོང་གྲུ་གསུམ་རྣམས་ཡིན་ལ། དོན་ནི་བདེ་བ་ཡེ་ཤེས་ལྔའི་རྒྱས་བཏབ་ཅན། རྒྱལ་བ་རིགས་ལྔའི་རང་བཞིན་ནོ། །ཤེས་རབ་བདེ་


TNT10_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་བྷ་ག་ཡིན་ཏེ། བྷ་གའི་དབུས་ཀྱི་རྩ་ལྔ་དང་དཔེ་དོན་དུ་སྦྱོར་ལ། སངས་རྒྱས་དག་གི་གདན་ནམ་གནས་བཞི་སྟེ། འཁོར་ལོ་བཞི་རྣམ་པར་དག་པ་ལས། སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་བདེ་ཆེན་བཞི་ནི། ཤེས་རབ་རྣམ་པ་ཀུན་ལྡན་སངས་རྒྱས་སྤྱན་མ་ལ་སོགས་པ་བཞིའི་བྷ་ག་ཡིན་པར་རིམ་བཞིན་བཤད་དེ། བྷ་གའི་དབྱིབས་གྲུ་གསུམ་པ་ཟུར་བཞི་པས་མཚོན་པའི་དོན་ནོ། །དོན་ཚན་བདུན་པའི་དབང་དུ་བྱས་ནས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་སོགས། སྐུ་ལུས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ནི་ཐུགས་རྒྱུད་བདེ་བ་ཆེན་པོས་སྤ་བ་སྟེ་བརྒྱན་པར་བྱས་པའོ། །འདིས་ནི་མཚན་དཔེ་ཅན་གྱི་སྐུ་རྟེན་དང༌། ཐུགས་རྒྱུད་བདེ་བ་ཆེན་པོ་བརྟེན་པར་བཞག་གོ །འཁོར་བའི་ཕ་རོལ་གྱི་མཐའ་དོན་དམ་དབྱིངས་ཀྱི་མྱ་ངན་ལས་འདས་པའི་ངོ་བོར་གནས་པ། རང་གི་ངོ་བོ་དབྱེར་མེད་པའི་འབྱོར་པ། ཆོས་ཉིད་རང་གི་རང་བཞིན་དུ་སྐྱེས་པའི་ཡོན་ཏན་གྱི་ཚོགས་མཐའ་ཡས་པས་ཉེ་བར་བརྒྱན་པ་སྟེ། ཤེས་བྱ་ཐམས་ཅད་དང་རྣམ་པ་མཚུངས་པར་སྤྱོད་ཅིང༌། ཀུན་རྫོབ་ཏུ་ཡང་ལྟ་བའི་དྲ་བ་མཐའ་དག་གིས་བཅིངས་པ་ལས་འགྲོལ་བ་སྟེ་དག་པ་གཉིས་ལྡན་དུ་གྱུར་པ། ཤེས་བྱ་ཐམས་ཅད་ཀྱི་ཁྱབ་བདག་གམ། གཙོ་བོའམ། བྱེད་པོར་གནས་པ་ནི། རྣམ་པ་ཀུན་ལྡན་གྱི་ཡེ་ཤེས་ཏེ། དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་འཛིན་པ་ལས། བྱེད་པོར་འཇོག་སྟེ། དོན་དམ་ལ་རྣམ་པ་དེ་དང་དེ་མེད་ན་ཀུན་རྫོབ་


TNT10_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྟེ་དེ་མི་འབྱུང་བའི་ཕྱིར་རོ། །དེ་བས་ན། བི་དྷི་སྟེ། ཚངས་པ་དང༌། འཕྲོག་པོ་སྟེ་ཁྱབ་འཇུག་དང༌། འབྱིན་པ་པོ་སྟེ་དབང་ཕྱུག་དང༌། འཛིན་པ་པོ་སྟེ་སྲིད་པ་གསུམ་གྱི་རྣམ་པ་འཛིན་པའི་སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག་དང༌། ཡིད་ཆགས་པ་འགྲོ་བ་སྟེ། འདོད་ཁམས་གནས་པ་ཐམས་ཅད་དགའ་བ་བསྐྱེད་པ་འདོད་པའི་ལྷ་བདུད་དོ། །ཚིག་འདི་གཉིས་ལ་འབྲོག་འགྱུར་ལས། ཡིད་ཀྱི་འགྲོ་བ་འབྱིན་བྱེད་དང༌། །བི་དྷི་བྱེད་པོ་ཁམས་ཉིད་དོ། །ཞེས་བསྒྱུར་ཏེ། ཚིག་དོན་འཆད་ཚུལ་མི་འདྲ་བ་ཆེར་འབྱུང་བར་སྣང་མོད། འོན་ཀྱང་གཙོ་བོའི་དོན། འཁོར་འདས་ཀྱི་བྱེད་པ་པོར་འཆད་པ་ལ་ཁྱད་པར་མེད་དོ། །གནས་ལུགས་ཟུང་འཇུག་དེ་ནི་ཐམས་ཅད་བསྐྱེད་པར་བྱེད་པས་ཚངས་པ། རྣམ་རྟོག་དང་ཉོན་མོངས་པ་འཇོམས་པའི་ཕྱིར་འཕྲོག་པ་པོ། ཡོན་ཏན་དུ་མ་བསྐྱེད་པའི་ཕྱིར་འབྱིན་པ་པོ། རྣམ་འགྱུར་གཟུགས་བརྙན་མཐའ་ཡས་པ་འཛིན་པའི་ཕྱིར་འཛིན་པ་པོ། བདེ་བ་བསྐྱེད་པའི་ཕྱིར་ཡིད་འགྲོ་བ་སྟེ། མདོར་ན་དོན་གྱི་རྣམ་པ་ཕྱོགས་མཚུངས་པར་གནས་པ་ལ། ཕྱི་རོལ་གྱི་གྲུབ་མཐའ་ཐ་དད་པ་རྣམས་ཀྱིས་གཞན་དང་གཞན་དུ་བཏགས་པའོ། །འབྲོག་འགྱུར་ལྟར་ན། རྣམ་པ་ཐམས་ཅད་པ་དེ་ནི། སྲིད་པ་གསུམ་གྱི་འགྲོ་བ་འབྱིན་པར་བྱེད་པ་ཡིན་མོད་ཀྱི། ཡིད་སེམས་ཙམ་གྱི་རང་བཞིན་ལས་སྣང་བ་དང༌། བི་དྷི་བྱེད་པོ་ནི་ཆོ་ག་བྱེད་པོ་སྟེ། སྔགས་རྒྱུད་དང་ལམ་གྱི་རྣལ་འབྱོར་ཐམས་ཅད་


TNT10_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བའོ། ཁམས་ནི་དབྱིངས་ཏེ་ཤེས་བྱ་ཐམས་ཅད་ཀྱི་བཅུད་དུ་གནས་པ་ཡིན་ནོ། །ཞེས་པའི་དོན་དུ་འཆད་དགོས་ལ། འདིར་བི་དྷི་ཞེས་པ་ཚངས་པའི་མིང་གི་རྣམ་གྲངས་ཡིན་ཅིང༌། འབྲོག་མི་ལས་གཞན་པའི་ལོ་ཙ་བ་ཐམས་ཅད་སྐབས་འདིར་ཚངས་པ་ལ་འཆད་པར་མཐུན་ཡང༌། བསྐོ་བཤམ་དུ་བསྒྱུར་བ་ནི། ལས་སོ་སོ་ལ་བསྐོ་བ་པོ་དང༌། བཀོད་བཤམས་བྱེད་པ་པོ་ཞེས་བླ་མ་རྣམས་གསུངས་ལ། དཔེ་རྙིང་མང་པོར་ཀོ་ཤམ་ཞེས་པ་སྣང་བས་བརྡ་རྙིང་ཡིན་ནམ། ཇི་ལྟར་ཞེས་བརྟག་དགོས་ལ། འོན་ཀྱང་བོད་སྐད་ལ་དེའི་སྒྲ་བཤད་པར་དཀའོ། །ཡིད་འགྲོ་བའི་ཞེས་ཚིག་ལྷག་མ་ཅན་དུ་ཡོད་པ་ནི། ཁྱབ་བདག་སྟེ་ཞེས་པ་ལ་བསྙེགས་པར་འདོད་དེ། ཡིད་ཀྱི་འགྲོ་བའི་ཁྱབ་བདག་གོ་ཞེས་པའི་དོན་ནོ། །དེ་ལྟར་སྟོང་ཉིད་འདི་ནི་བྷ་ག་ཉིད་དེ། རྟག་ཏུ་གནས་པའི་བདེ་ཆེན་ཡིན་ལ། གནས་དེ་ན་སྟོང་ཉིད་འདི་ནི་རྟག་ཏུ་བཞུགས་པ་སྟེ། འདིས་ནི་བདེ་སྟོང་རྟེན་དང་སྐུ་བརྟེན་པར་བསྟན་ནོ། །འདི་ཡན་ཆད་ཀྱི་གླེང་གཞི་ཡི་གེ་སོ་བདུན་གྱི་དོན་རྒྱས་བཤད་ཀྱི་ཚུལ་བསྟན་ཟིན་ཏོ། །གསུམ་པ་དོན་བསྡུ་ལ། རྗོད་བྱེད་ཚིག་གི་སྙིང་པོ་དང༌། བརྗོད་བྱ་དོན་གྱི་སྙིང་པོའོ། །དང་པོ་ནི་བཞུགས་པ་ཞེས་པའི་ཚིག་ལས་འཕྲོས་ནས། སྔར་རྒྱས་པར་བཤད་པའི་དོན་གྱི་སྙིང་པོ་མདོར་བསྡུས་པས་བསྟན་པ་སྟེ། བཞུགས་པ་ཞེས་པའི་ཚིག་ནི། འདིར་ནམ་མཁའི་ཁམས་ལ་ཡོངས་སུ་བརྗོད། བཅོམ་ལྡན་འདས་ཀྱི་ཚིག་གིས་ཀྱང༌།


TNT10_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ལ་ཡོངས་བརྗོད་དེ། །ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་པ། །བྷ་གའི་དཀྱིལ་འཁོར་གནས་པ་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །གསུམ་པོ་འདི་དག་དབྱེ་བ་མེད། །འདི་སྐད་ལ་སོགས་ངག་གིས་ནི། །རང་གི་ངོ་བོར་རབ་ཏུ་བསྟན། །འགྲོ་ཀུན་རྣམ་པ་གསུམ་དང་འབྲེལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །དེ་དག་དཀོན་མཆོག་དམ་པ་གསུམ། །དེ་ལས་རིན་ཆེན་ལྔ་ཉིད་དེ། །རིན་ཆེན་ལྔ་ཡི་རང་བཞིན་ལུས། །སངས་རྒྱས་ཀུན་གྱི་གནས་ཞེས་བརྗོད། །སྐུ་གསུང་ཐུགས་ཀྱི་དཀོན་མཆོག་རྣམས། །འདི་སྐད་ཞེས་བྱ་སོགས་པར་བཤད། །ཅེས་པ་སྟེ། བཞུགས་པ་ཞེས་བྱ་བའི་ཚིག་གིས་ནི། ཀུན་རྫོབ་ཏུ་རྩའི་ནང་གི་ནམ་མཁའི་ཁམས་དང་དོན་དམ་སྟོང་ཉིད་ནམ་མཁའི་ཁམས་ལ་བརྗོད་ཅིང༌། དེར་བཞུགས་མཁན་བཅོམ་ལྡན་འདས་ཞེས་པ། དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་ཡོངས་སུ་བརྗོད་དེ། ནམ་མཁའི་ཁམས་དེ་ཡང་དཀྱིལ་འཁོར་གསུམ་དུ་འགྱུར་བས། ཀུན་རྫོབ་ཏུ་ཕྱི་ལུས་དང་ནང་རྩ་འཁོར་དང་བཅས་པའི་དཀྱིལ་འཁོར་དང༌། རྩ་འཁོར་གྱི་ལྟེ་བ་དང༌། རྩ་སོ་གཉིས་ཀྱི་སྒོ་སོགས་ཡི་གེར་བཅས་པ། བྷ་གའི་དཀྱིལ་འཁོར་གྱི་ངོ་བོར་གནས་པ་དང༌། བྱང་ཆུབ་ཀྱི་སེམས་ཐིག་ལེ་རླུང་དང་བཅས་པའི་དཀྱིལ་འཁོར་དུ་ཡང༌། དཀྱིལ་འཁོར་གསུམ་པོ་འདི་དག་བྱ་བྱེད་འགྲོ་ལྡོག་གཅིག་


TNT10_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དབྱེ་བ་མེད་དོ། །དོན་དམ་གྱི་དབང་དུ་བྱས་ན། ལུས་བྷ་ག་ཐིག་ལེ་གསུམ་གྱི་ཆོས་ཉིད་དང༌། སྐུ་གསུང་ཐུགས་ཀྱི་གསང་བའི་དཀྱིལ་འཁོར་རང་བཞིན་མཉམ་པ་ཉིད་དོ། །ནམ་མཁའི་ཁམས་དཀྱིལ་འཁོར་གསུམ་ཡིན་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱང་དཀྱིལ་འཁོར་གསུམ་མོ། འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་ངག་ཚིག་གིས། རང་གི་ངོ་བོ་དཀྱིལ་འཁོར་གསུམ་ཁོ་ནར་རབ་ཏུ་བསྟན་ཅིང༌། སྣོད་བཅུད་ཀྱིས་བསྡུས་པ་ཀུན་རྫོབ་དོན་དམ་གྱི་འགྲོ་བ་ཀུན་དཀྱིལ་འཁོར་གསུམ་དངོས་སམ། དེའི་སྣང་བ་ཁོ་ནར་གནས་པའི་ཕྱིར། དེ་གསུམ་དང་འབྲེལ་བ་ཁོ་ནའོ། །དེ་ཉིད་དོན་དམ་པའི་དཀོན་མཆོག་གསུམ་སྟེ། ལུས་རྩའི་དཀྱིལ་འཁོར་རྣམ་པར་དག་པ་སྐུ་སྣ་ཚོགས་སྤྲོ་བ་ནི་དགེ་འདུན་དཀོན་མཆོག་དང༌། ཡི་གེ་བྷ་གའི་དཀྱིལ་འཁོར་ཆོས་ཀྱི་སྒོ་སྣ་ཚོགས་སྤྲོ་བ་ནི་ཆོས་དཀོན་མཆོག་དང༌། བདུད་རྩི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་མི་འགྱུར་བས། ཤེས་བྱ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་དཀོན་མཆོག་སྟེ། ཐུགས་གསུང་སྐུའི་ངོ་བོ་སྟེ་དབྱེ་བས། དཀྱིལ་འཁོར་གསུམ་པོ་དེ་དག་དཀོན་མཆོག་དམ་པ་རྣམ་པ་གསུམ་མོ། །དེ་དག་གསུམ་པོ་རེ་རེ་ལས་རྣམ་པར་ཕྱེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སོགས་པ་ཡེ་ཤེས་ལྔའི་རིན་ཆེན་ལྔ་ཉིད་དེ། དེ་བས་ན་ཡེ་ཤེས་རིན་ཆེན་ལྔའི་རང་བཞིན་གྱི་ལུས་ཏེ་དཀྱིལ་འཁོར་གསུམ་པོ་ལ་ཁྱབ་པ་ནི་སངས་


TNT10_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་གནས་ཞེས་བྱའོ། །དེ་བས་ན་སྐུ་དང་གསུང་ཐུགས་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་རིན་ཆེན་ནམ་དཀོན་མཆོག་རྣམས་ཁོ་ན། འདི་སྐད་ལ་སོགས་པའི་ཚིག་གི་དོན་དུ་བཤད་པ་ཡིན་ནོ། །དེ་ལྟར་ན་གླེང་གཞིའི་དོན་བཤད་ཟིན་ཏོ། །གཉིས་པ་བརྗོད་བྱ་དོན་གྱི་སྙིང་པོ་ནི། །གསང་བའི་དེ་ཉིད་རབ་གསལ་བ། །དེ་ལྟར་མཆོག་ཏུ་མཁྱེན་ནས་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྒྱལ། །སྐྲག་པ་དང་ནི་འཇིགས་པར་འགྱུར། །འདི་དེ་དཀོན་མཆོག་ཉམས་དགའ་གསུམ། །མི་ཕྱེད་པས་ནི་རྟག་ཏུ་གནས། །འདོད་དང་གཟུགས་དང་གཟུགས་མེད་དང༌། །སྣ་ཚོགས་ཁྱབ་སྟེ་རྣམ་པར་བཞུགས། །འདི་སྐད་ཅེས་སོགས་ངོ་བོའོ། །ངག་མཆོག་ཤིན་ཏུ་མཛེས་པ་ཡིན། །འཁོར་བའི་འཁོར་ལོ་བཟློག་བྱ་སྟེ། །མྱ་ངན་འདས་པའི་དབྱིངས་ལ་བརྟེན། །དེ་ལྟར་ན་དཔལ་གསང་བ་འདུས་པའི་རྒྱུད་དུ། སྐུ་གསུང་ཐུགས་ཀྱི་གསང་བའི་དེ་ཁོ་ན་ཉིད་འདི། སྟོན་པ་ཀུན་ཏུ་བཟང་པོས་འཁོར་རྣམས་ལ་རབ་ཏུ་གསལ་བར་བཤད་པ་ན། གོང་དུ་བཤད་པ་དེ་ལྟར་འཁོར་རྣམས་ཀྱིས་མཆོག་ངེས་པའི་དོན་དུ་མཁྱེན་ནས། སྔོན་ཆད་སྔགས་ཀྱི་ཐེག་པར་མ་ཞུགས་པའི་སངས་རྒྱས་ཏེ་ས་བཅུ་པ་པ་དབང་བསྐུར་ཐོབ་པ་རྣམས་དང༌། གཞན་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱང༌། ངོ་མཚར་ཆེར་སྐྱེས་ནས། དྲན་མེད་དུ་བརྒྱལ་བ་དང༌། དོན་བློར་ཤོང་དཀའ་བས་སྐྲག་པ་དང་འཇིགས་པར་གྱུར་ཏོ། །ཞེས་པ་སྟེ། །


TNT10_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དངོས་བསྟན་དེ་ཙམ་ནི། ངེས་དོན་གྱི་ཁྱད་པར་དང་ཆེ་བ་སྟོན་པའི་ཕྱིར། ཚུལ་སྟོན་ཙམ་ཡིན་ལ། སྒྲ་ཇི་བཞིན་པ་མ་ཡིན་པ་ནི། ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོན་པོ་ནི་སངས་རྒྱས་དང༌། རྟུལ་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་དག་དང་པོར་ཐེ་ཚོམ་དང་བཅས་པས་སྐྲག་པ་དང༌། བར་དུ་གསལ་སྣང་ཅུང་ཟད་ཐོབ་ཀྱང་མ་འདྲིས་པས་འཇིགས་པ་དང༌། མཐར་བརྒྱལ་བ་ལྟར་དམིགས་པ་མེད་པ་ལ་གནས་པར་གྱུར་ཏོ། །སྐྱེས་བུ་དམ་པ་འགའ་ཞིག་གི་ཞལ་ནས། ད་ལྟ་འོ་སྐོལ་རྒྱུད་མ་སྦྱངས་པ་རྣམས་སྟོང་ཉིད་ལ་སྐྲག་པ་མི་སྐྱེ་བ་ནི། རྒྱུད་ཐོག་ཏུ་བབས་པའི་གོ་བ་ཇི་བཞིན་མ་བྱུང་བས་ཡིན། རྒྱུད་ལ་ཇི་བཞིན་འབྱོར་ན་ལན་གཅིག་མི་སྐྲག་པ་མི་སྲིད་ཅེས་གསུངས་པ་ཡང༌། འདི་འདྲའི་རིགས་སོ། །འདི་ནི་དཔལ་གསང་བ་འདུས་པའི་ལེའུ་བཅུ་པ་ལས། དེ་ཉིད་སྔགས་སྙིང་ཀུན་བསྡུས་པ། །སྐུ་དང་གསུང་ཐུགས་གསང་བར་བསྒྲགས། །དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག །ཡང་དག་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ། །འབར་བ་དྲག་པོ་སྤྱན་ཡངས་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ལུས་དང་ངག་དང་ཡིད་རྣམས་ནི། །རྣམ་པར་མི་རྟོག་མི་དམིགས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྔགས་ཀྱི་གསང་བ། སྔགས་ཐམས་ཅད་ཀྱི་


TNT10_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཀུན་ཏུ་བསྐུལ་བར་བྱེད་པ་ཞེས་བྱ་བ། རབ་ཏུ་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ། ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་འདི། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས། སྔགས་བསྡུས་པ། འདི་ལྟ་བུ་གསུངས་སོ། །ཨོཾ་ཨཱཿཧཱུཾ་སྭཱཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་སྲས་དང་བཅས་པ་ཀུན། །རབ་ཏུ་འདར་ཞིང་བརྒྱལ་བར་འགྱུར། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཞེས་གསུངས་པའི་དོན་ཏེ། ཡི་གེ་གསུམ་གྱིས་གསང་བ་གསུམ་དང༌། ཡི་གེ་ལྔས་ཡེ་ཤེས་ལྔ་བསྟན་ཅིང༌། ཁྱད་གཞི་གསང་བ་གསུམ་ལ་ཁྱད་ཆོས་ཡི་གེ་ལྔ་ལྔས་རྒྱས་འདེབས་པའམ། ཡེ་ཤེས་ལྔ་ལ་གསང་བ་གསུམ་གསུམ་གྱིས་རྒྱས་བཏབ་ཀྱང་རུང་སྟེ། དེ་ཁོ་ན་ཉིད་དེ་ལུས་ངག་ཡིད་གསུམ་གྱི་གནས་ལུགས་ཡེ་ཤེས་ཡིན་པ་དང༌། གང་དུ་ཡང་མི་གནས་པའི་སྤྲོས་བྲལ་དང༌། མཉམ་པ་ཉིད་དེ་ནི་ཐམས་ཅད་ལ་ཁྱབ་པ་དང༌། སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་གདོད་མ་ནས་ཡོད་པར་བསྟན་སྟེ། སྒོམ་པའི་སྐད་དོད་བྷཱ་བ་ནི་ཡོད་པའི་དོན་དང༌། ཡི་གེ་འབྲུ་གསུམ་ཡང་དོན་དེ་དག་གི་བརྡའ་ཡིན་ལ། ཡང་རྣམ་པ་


TNT10_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ན་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་ངག་གིས་བྱ། །ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེ་སྐུ་ནི་ཐོབ་བྱེད་པའོ། །ཨཿནི་བྱང་ཆུབ་བདག་མེད་པ། །རྡོ་རྗེ་གསུང་ནི་ཐོབ་བྱེད་པའོ། །ཧཱུཾ་ནི་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །ཞེས་གསུངས་ཏེ། ཧཱུཾ་ནི་ཧ་ཨུ་མ་ཧ་ཡིག་ཐུར་སེལ་གྱི་རླུང་གིས་བསྐུལ་བ་ངག་དང༌། ཨུ་ཡིག་གཏུམ་མོ་འབར་བ་ཐུགས་དང༌། མ་ཡིག་ཐིག་ལེ་བཞུ་བར་བྱེད་པ་སྐུ་སྟེ། སྐུ་གསུང་ཐུགས་ཀྱི་ལམ་གསུམ་ཚོགས་པ་ཡིན་ཡང་གཙོ་བོར་ཐུགས་ཏེ་ཆོས་སྐུ་སྔགས་ཀྱི་རིམ་པའོ། །ཨཱཿནི་ཨ་ཨ་ཧ་གསུམ་སྟེ་སྙིང་ག་ཡན་ཆད་ཀྱི་མི་ཤིགས་པའི་ཨ་དང༌། ལྟེ་བའི་ཨ་འདྲེས་ཤིང༌། ཧ་ཡིག་ཐུར་སེལ་གྱི་གནས་གསང་གནས་སུ་བབས། བྱང་ཆུབ་ཞུ་བདེ་དང་སྟོང་པ་རོ་གཅིག་ཏུ་འདྲེས་པའི་ལོངས་སྐུ་ཡེ་ཤེས་ཀྱི་རིམ་པ་དང༌། ཨོཾ་ནི་ཨ་ཨུ་མ་སྟེ། ཨ་ཡིག་མི་ཤིགས་པ་ཞུ་བའི་ཐིག་ལེ་དང༌། ཨུ་ཡིག་གཏུམ་མོའི་མེ་དང༌། མ་ཡིག་ཁམས་དཀར་པོའི་བགྲོད་པ་རྣམས་འདྲེས་པ་མས་བརྟན་གྱི་ཚུལ་གྱིས། རྩའི་སྒོ་རྣམས་ཕྱེ་ནས་གང་བར་བྱེད་པ་ནི། ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་སྤྲུལ་སྐུ་གསང་བའི་རིམ་པ་སྟེ། གནས་ལུགས་ཀྱི་གསང་བ་གསུམ་རྟོགས་པར་བྱེད་པའི་ཐབས་ནི་དེ་དག་གོ །སྐབས་འདིར་རྒྱུད་དོན་མཆོག་ཏུ་ཡངས་པ་


TNT10_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་སྤྲོ་བར་ནུས་མོད་ཀྱི། རེ་ཞིག་མི་སྨྲའོ། །ད་ནི་དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། འདི་སྟེ་ཉམས་དགའ་བ་ལྷན་སྐྱེས་བདེ་བ་ཆེན་པོའི་རང་བཞིན་གྱི། དཀོན་མཆོག་གསུམ་པོ་ངོ་བོ་དབྱེར་མི་ཕྱེད་པར་གཅིག་པའི་ཚུལ་གྱིས། རང་གི་སེམས་ཉིད་ལ་རྟག་ཏུ་གནས་ཏེ། དེ་ནི་རང་གཅིག་པུར་མ་ཟད་འདོད་པའི་ཁམས་དང་གཟུགས་མེད་ཁམས་དང༌། འགྲོ་བ་དྲུག་གི་གནས་ལུས་ལོངས་སྤྱོད་སྣ་ཚོགས་ལ་ཁྱབ་སྟེ་རྣམ་པར་བཞུགས་པ་ནི། འདི་སྐད་ཅེས་སོགས་ཀྱི་དོན་གྱི་ངོ་བོའམ་སྙིང་པོ་ཡིན་ལ། ངག་ཚིག་མཆོག་དེ་ནི་ངེས་དོན་མཐར་ཐུག་སྟོན་པས་ཤིན་ཏུ་མཛེས་ཤིང་བཟང་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་རང་སེམས་ཀྱི་རང་བཞིན་དེ་ནི། སྐུ་གསུང་ཐུགས་རྡོ་རྗེའི་སངས་རྒྱས་སུ་གདོད་མ་ནས་བཞུགས་པའི་ཕྱིར་འཁོར་བའི་འཁོར་ལོ་སྡུག་བསྔལ་དང་ཀུན་འབྱུང་བཟློག་པར་བྱ་ཞིང༌། ལམ་དང་འགོག་པའི་རིམ་པས། མྱ་ངན་ལས་འདས་པའི་དབྱིངས་རང་ལ་གནས་པ་དེ་ཉིད་བསྟེན་པར་བྱའོ། །ལེའུའི་མཚན་བསྟན་པ་ནི་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད། སྤྲུལ་པ་དང་ལོངས་སྤྱོད་དང་ཆོས་ཀྱི་རང་བཞིན། དཀོན་མཆོག་གསུམ་དུ་མཚོན་པ་སྔོན་དུ་འགྲོ་བ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་བཤད་པ་སྟེ་གཉིས་པའོ། །འདིར་གནས་ལུགས་ཀྱི་སྐུ་གསུང་ཐུགས་དང༌། ལམ་དང་འབྲས་བུའི་སྐུ་གསུམ་དང༌། འབྲས་བུ་དཀོན་མཆོག་གསུམ་པོ་


TNT10_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱའི་སྙིང་པོར་ངེས་པ་རྙེད་ནས། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའྀ་ཚིག་དོན། འཆད་དགོས་པར་བསྟན་པ་ནི་ཕྱོགས་མཚོན་ཙམ་སྟེ། དེ་དག་ལ་ངེས་པ་རྙེད་པ་སྔོན་དུ་འགྲོ་བ་ནི་རྒྱུད་དོན་ཐམས་ཅད་ལ་ཡང་ངོ༌། །དཀོན་མཆོག་གསུམ་མཐར་ཐུག་གི་འབྲས་བུར་བྱེད་ཅིང༌། གསུམ་པོ་དེ་ཡང་གཅིག་ཁོ་ནར་འདུས་པ་དང༌། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་གནས་ལུགས་སུ་སྟོན་པ་དང༌། དེ་དང་རྣམ་པ་མཐུན་པའི་ལམ་གྱིས་གློ་བུར་གྱི་དྲི་མ་སྦྱོང་བ་སོགས། ཐེག་པ་ཆེན་པོ་མདོའི་ཚུལ་ལས་ཀྱང༌། ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་གྱི་ལམ་རིམ་འབྲས་བུ་དཀོན་མཆོག་གི་འཁོར་ལོར་གྲགས་པ་དང༌། གནད་གཅིག་པར་ཤེས་པར་བྱའོ། །ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་གསུམ་པ་དཔེ་དོན་གྱི་ཡེ་ཤེས་རྣམ་པར་དབྱེ་བ་བཤད་པ་ལ། རྗོད་བྱེད་གླེང་གཞིའི་ཚིག་དང་སྦྱར་བ་དང༌། བརྗོད་བྱ་དོན་གྱི་རབ་དབྱེ་བཤད་པའོ། །དང་པོ་ལ་གཉིས་ཀྱི་བཤད་པར་དམ་བཅའ་བ་ནི། དེ་ནས་ཡང་དག་བཤད་བྱ་བ། །ཀུན་རྫོབ་ཇི་བཞིན་དེ་བཞིན་དུའོ། །དེ་ལ་ཀུན་རྫོབ་ནི་དཔེའི་ཡེ་ཤེས་ཏེ། དེའི་མཚན་ཉིད་ཇི་ལྟ་བ་དེ་བཞིན་དུ་བཤད་པར་བྱའོ། །དོན་ཚན་གཉིས་པ་བཤད་པ་དངོས་ནི། ཡང་ནི་ཨེ་ཡིག་ཐིག་ལེ་སྟེ། །ཝཾ་ཞེས་བྱ་བ་སྒྲ་རུ་བརྗོད། །བདག་གིས་ཆགས་པའི་སེམས་ཀྱིས་ནི། །ཐོས་པ་བསྟེན་པ་ཞེས་བྱར་གསུངས། །གཅིག་ན་ཞེས་བྱ་མདོར་བསྟན་པ། །དེ་བཞིན་དུས་ནི་རྒྱས་བསྟན་ཏེ། །མདོར་བསྟན་


TNT10_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་མཚན་ཉིད་དེ། །ཐབས་ཞེས་བྱ་བར་ཡོངས་སུ་བརྗོད། །རྒྱས་པར་བསྟན་པའི་མཚན་ཉིད་དེའང༌། །ཤེས་རབ་ཏུ་ཡང་ཡོངས་སུ་གྲགས། །མདོར་བསྟན་པ་དང་རྒྱས་བསྟན་པ། །དེར་ནི་གཉིས་སུའང་བརྗོད་པར་བྱ། །རྒྱས་བསྟན་གཙུབ་བྱ་གཙུབ་བྱེད་ནི། །མདོར་བསྟན་སོ་སོའི་གདན་ཡིན་ནོ། །བཅོམ་ལྡན་སེམས་ཀྱི་རྡོ་རྗེ་སྟེ། །བཞུགས་པའི་ཚིག་ནི་གནས་པའོ། །དེ་ཀུན་འབྱུང་བའི་ངོ་བོ་སྟེ། འབྱུང་བ་བཞི་པོ་རྣམས་ནི་ཡུམ། །སངས་རྒྱས་ཕུང་པོ་ལ་སོགས་ཀུན། །སྲས་བཅས་དབང་པོ་དང་ལྷན་ཅིག །སྐུ་གསུང་ཟླ་བ་ཉི་མ་སྟེ། །ཐུགས་རྡོ་རྗེ་ནི་དབྱེར་མེད་པས། །བསྟེན་པའི་ངོ་བོས་གནས་པ་སྟེ། །རྟེན་ནི་བུད་མེད་བྷ་གར་བརྗོད༌། །རྟེན་དང་བརྟེན་པའི་ངོ་བོ་ཡིས། །ཚིག་ནི་གཉིས་གཉིས་དག་གི་ཡང༌། ཕན་ཚུན་འབྲེལ་བ་དེ་དག་ནི། །བརྒྱུད་ནས་རིམ་པ་བཞིན་དུ་རྟོགས། །ཤེས་དང་ཤེས་བྱའི་རབ་དབྱེ་ལས། །དེ་དག་རང་བྱུང་ངོ་བོ་ཡིན། །ཞེས་པ་སྟེ་སྔར་གླེང་གཞིའི་ཡི་གེ་སོ་བདུན། དོན་དམ་གཙོ་ཆེ་བའི་དབང་དུ་བྱས་ཏེ། གཞི་ལམ་འབྲས་གསུམ་དང་སྦྱར་བ་ཤིན་ཏུ་རྒྱས་པར་བསྟན་ལ། འདིར་ནི་སྦས་པ་རྣམ་གསུམ་ལས། འདོད་ཆགས་ཆོས་སྦས་ཀྱི་ཚུལ། དཔེ་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དང་སྦྱར་ཏེ་བཤད་ན། ཡང་ནི་ཞེས་པ། བཤད་པའི་རྣམ་གྲངས་གཞན་སྟོན་པའི་ཚིག་སྟེ། ཨེ་ཡིག་གིས་ནི་ཐབས་ཀྱི་གཞི་ལུས་སྤྱི་དང་ཁྱད་པར་རྩ་དབུ་མ་ལ་གནས་པའི་ཐིག་ལེའི་དྭངས་མ་དང༌།


TNT10_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་ཡིག་ཅེས་བྱ་བས། ཤེས་རབ་མའི་གཞི་ལུས་སྤྱི་དང༌། ཁྱད་པར་དབུ་མ་དང༌། ཡང་དགོས་པདྨའི་དབུས་སུ་གནས་པའི་རྩ་ཁ་ག་མུ་ཁ་ལ་ཉེ་བར་བསྟེན་པ། རྡུལ་གྱི་དྭངས་མ་རླུང་དང་བཅས་པ་སྒྲ་སྟེ། ནཱ་དའི་མཚན་ཉིད་དུ་གནས་པ་དེའོ། །བདག་གིས་ཞེས་པ་བདེ་བ་ཐོབ་པར་འདུན་པ་འདུ་ཤེས་གསུམ་ལྡན་གྱི་ཆགས་པའི་སེམས་སོ། །ཐོས་པ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་བསྟེན་པ་དང༌། གཅིག་ན་ཞེས་བྱ་བ་མདོར་བསྟན་པ་དང༌། དེ་བཞིན་དུ་དུས་ཞེས་བྱ་བ་ནི་རྒྱས་པར་བསྟན་པ་སྟེ། མདོར་བསྟན་པའི་མཚན་ཉིད་ནི། ཐབས་ཀྱི་བདེ་བར་ཡོངས་སུ་བརྗོད་ལ། རྒྱས་པར་བསྟན་པ་ནི། ཤེས་རབ་ཀྱི་བདེ་བར་ཡོངས་སུ་གྲགས་སོ། །དེ་བས་ན་གཅིག་ན་ཞེས་པ་ཐབས་ཀྱི་བདེ་བ་དང༌། དུས་ཞེས་པ་ཤེས་རབ་ཀྱི་བདེ་བ་ཡིན་ལ། མདོར་བསྟན་ནི་མི་གསལ་བ་ལྔ་རྒྱས་བཤད་ནི་གསལ་བའི་དོན་ནོ། །ཡང་རྣམ་གྲངས་གཞན་གྱིས་བསྟན་ན། མདོར་བསྟན་པ་ཐབས་ཀྱི་བདེ་བ་དང༌། རྒྱས་པར་བཤད་པ་ཤེས་རབ་ཀྱི་བདེ་བ་དེ་གཉིས་ཀར་ཡང་གཉིས་གཉིས་སུ་ཤེས་པར་བྱ་སྟེ། རྒྱས་པར་བསྟན་པ་དུས་ཀྱི་བརྡས་ནི། བསྲུབ་བྱ་ཤེས་རབ་ཀྱི་པདྨ་དང༌། སྲུབ་བྱེད་ཐབས་ཀྱི་རྡོ་རྗེ་མཉམ་པར་བསྲུབས་པ་ཡིན་ལ། མདོར་བསྟན་གཅིག་ནའི་བརྡས་ནི། བདེ་བའི་གདན་ནམ་གཞིའམ་གནས་རང་ལུས་ལྟེ་བ་ཡན་ཆད་ཀྱི་འཁོར་ལོ་བཞིར་གཡོ་བའོ། །དེ་བཞིན་དུ་ཤེས་རབ་མའི་དབང་དུ་བྱས་ནའང༌། གཅིག་ནའི་བརྡས་རྒྱས་བསྟན་ནི་བསྲུབ་བྱ་


TNT10_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ནོར་བུ་དང༌། སྲུབ་བྱེད་ཤེས་རབ་ཉིད་ཀྱི་རྩ་མཛེས་པའི་རྩེ་མོ་མཉམ་པར་བསྲུབས་པའི་ཡེ་ཤེས་དང༌། གཅིག་ནའི་བརྡས་མདོར་བསྟན་ནོ། །བདེ་བའི་གདན་ནམ་གཞིའམ་གནས་ཤེས་རབ་མ་ཉིད་ཀྱི་འཁོར་ལོ་བཞིར་གཡོ་བའི་བྱང་ཆུབ་ཀྱི་སེམས་སོ། །དེས་ན་རྒྱས་བསྟན་གཙུབ་བྱ་གཙུབ་བྱེད་ནི་མདོར་བསྟན་སོ་སོའི་གདན་ཡིན་ནོ། །ཞེས་ལོ་ཙཱ་བས་གོ་རིམ་མ་ནོར་བ་ནི། བོད་སྐད་དུ། དུས་གཅིག་ན་ཞེས་པའི་དུས་དང་གཅིག་ན་ཞེས་པ་ལ་འགྲིག་པའི་ཕྱིར་ཡིན་ཡང༌། རྒྱ་སྐད་ཀྱི་རིམ་པ་ལྟར་གོ་རིམ་བྱས་ན་ལེགས་ཏེ། འབྲོག་འགྱུར་ལས་ཀྱང༌། མདོར་བསྡུས་བསྟན་ནི་ཐ་དད་པ། །རྒྱས་བསྟན་བསྲུབ་དང་སྲུབ་བྱེད་ཉིད། །ཅེས་འབྱུང་བས། འདིར་ཡང་མདོར་བསྟན་སོ་སོའི་གནས་ཡིན་ཏེ། །རྒྱས་བསྟན་བསྲུབ་བྱ་བསྲུབ་བྱེད་ཉིད། །ཅེས་བཅོས་སོ། །དེ་ལ་སོ་སོའི་ཞེས་པ་ནི། ཐབས་ཤེས་ཕོ་མོ་སོ་སོའི་སྟེ། །གདན་ནི་གནས་ཀྱི་དོན་ཡིན་པས། །བདེ་བ་ཆེན་པོའི་གནས་སམ་རྟེན་འཁོར་ལོ་བཞིའི་ཐིག་ལེའོ། །འོ་ན་ཐབས་ཤེས་སོ་སོ་ལ་ཡང་འཁོར་ལོ་བཞིའི་བདེ་བ་གཡོ་བ་སྔོན་དུ་སོང་ནས། གསང་བར་ལྷན་སྐྱེས་ཉམས་སུ་མྱོང་བར་འགྱུར་བས། གདན་གྱི་རྗེས་སུ་བསྲུབས་པ་བཤད་ན་ལེགས་པར་འགྱུར་རོ་སྙམ་པ་དང༌། བསྲུབས་པའི་རྐྱེན་གྱིས་འཁོར་ལོ་བཞིར་འོང་བ་མ་ཡིན་ནམ། གཞུང་དཀྱུས་འགྱུར་ཕྱི་མ་ཉིད་ལེགས་སོ་སྙམ་ན། རྒྱས་བསྟན་


TNT10_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་མྱོང་བ་གསལ་བ་ལ་འཆད་དགོས་པས། བསྲུབས་པ་ཙམ་མ་ཡིན་པར། བྱང་ཆུབ་ཀྱི་སེམས་བསྲུབ་བྱ་སྲུབ་བྱེད་ཀྱི་གནས་སུ་འོངས་པ་ལ་འཆད་དགོས་སོ། དེ་ཡན་ཆད་ཀྱིས་འདི་ལྟར་བསྟན་པར་འགྱུར་ཏེ། དཔེའི་ལྷན་ཅིག་སྐྱེས་པ་དེ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་དྭངས་མ། རྐྱེན་འདོད་ཆགས་ཀྱི་མེས་བཞུ་བ་རྟེན་ལུས་ཀྱི་ཕྱོགས་ནས་ཐབས་ཤེས་ཀྱི་ཐིག་ལེ་ཁ་སྦྱོར། བརྟེན་པ་སེམས་ཀྱི་ཕྱོགས་ནས་ཐབས་ཤེས་ཀྱི་མཚན་ཉིད་ཅན་བདེ་བ་དང་མི་རྟོག་པ་ཁ་སྦྱོར་ཡིན་ལ། རྟེན་བརྟེན་པ་དབྱེར་མི་ཕྱེད་པའི་ཕྱིར། བཞི་ཀ་ཡང་ལྷན་ཅིག་སྐྱེས་པའི་ངོ་བོར་གཅིག་པའོ། །དེ་ལྟར་ཡང་དགྱེས་པ་རྡོ་རྗེ་ལས། རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བའམ་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང༌། །དེ་ཡི་ཁུ་བའམ་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡི་རབ་ཏུ་དབྱེ་བ་ཡིས། །སྐྱེ་མེད་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་སོ། །བཅོམ་ལྡན་ཞེས་པ་ནི། སེམས་ཀྱི་རྡོ་རྗེ་སྟེ། དོན་དམ་བདེ་བ་ཆེན་པོ་ཡིན་ལ། བཞུགས་པ་ཞེས་པ་ནི། ཀུན་རྫོབ་ཀྱི་ལྷན་སྐྱེས་ལ་དེ་གནས་པ་ཞེས་བྱའོ། །སངས་རྒྱས་ཕུང་པོ་ལ་སོགས་ཀུན། །ཅེས་པ་སྔོན་ལ་དྲངས་ནས། ཐམས་ཅད་ཀྱི་སྒྲས་ནི། ཕུང་པོ་ལྔ་དང་ཁམས་ལྔ་དང་དབང་པོ་ལྔ་དང་ཡུལ་ལྔ་ལ་སོགས་པ། སྣ་ཚོགས་པ་ནི་ཐམས་ཅད་ཀྱི་བརྡས་སྟོན་ལ།


TNT10_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་དྭངས་མའི་ཐིག་ལེ་ནི། དེ་ཞིན་གཤེགས་པ་ཐམས་ཅད་དོ། །དེ་ལ་ཕུང་པོ་ལྔ་ནི་སངས་རྒྱས་རྒྱལ་བ་རིགས་ལྔ་དང༌། སོགས་ཀྱི་སྒྲས་འབྱུང་བ་ལྔ་ཡུམ་ལྔ་དང༌། སྲས་བྱང་ཆུབ་སེམས་དཔའི་བརྡས་ནི་དབང་པོ་རྣམས་དང༌། བཅས་པའི་ཚིག་གིས་ལྷ་མོ་རྣམས་ཏེ། དེ་ཡང་དབང་པོ་དང་ལྷན་ཅིག་ཅེས་པ་ཡུལ་རྣམས་སོ། །སོགས་ཀུན་ཅེས་བྱ་བས་ནི། ལས་དང་བྱ་བའི་ཡན་ལག་ཁྲོ་བོ་ཁྲོ་མོ་ཡང་བསྟན་ཏོ། །དེ་རྣམས་ཀྱི་དྭངས་མ་ཐིག་ལེ་ནི། དགའ་བཞི་ལུགས་འབྱུང་ལུགས་བཟློག་ནས། རྩ་འཁོར་རྣམས་སུ་འགྲོ་འོང་བྱེད་ཅིང་གཤེགས་པའི་ཕྱིར། དེ་བཞིན་གཤེགས་པའོ། །སྐུ་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་ཞུ་བ། གསུང་ཉི་མས་དབང་དུ་བྱས་པའི་ཐིག་ལེ་རྩ་མཛེས་པའི་རྩེ་མོར་འོངས་པ། ཐུགས་ནི་ཐབས་ཀྱི་ནོར་བུའི་ནང་དུ་རྩ་མཛེས་པའི་རྩེ་མོ་ཆུག་སྟེ། རྩ་ཁ་སྦྱོར་དེ་ལ་གཉིས་ཤོར་གཉིས་མཉམ་གྱི་ཚུལ་གྱི་གནས་པས་ཐིག་ལེ་གཉིས་འདྲེས་པ་དང༌། རྡོ་རྗེ་ནི་བདེ་བ་དང་སྟོང་པ་དབྱེར་མེད་པས་གནས་པས། བརྟེན་པ་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོར་གནས་པ་སྟེ་ཉམས་པར་བཟུང་བའོ། །ཡང་ན་སྐུ་དང་གསུང་ནི་ཐབས་ཤེས་གཉིས་ཀར་གྱི་རོ་རྐྱང་གི་རྒྱུ་བ་འགགས་པ། ཐུགས་རྡོ་རྗཻ་དྷཱུ་ཏཱིའི་མས་སྣ་སྤྲད་པས་ཕན་ཚུན་དུ་དབུ་མའི་རླུང་རྒྱས་པའི་བདེ་བའོ། །བརྟེན་པ་ཐབས་ཀྱི་མིང་ཡིན་པས། བརྟེན་པའི་ངོ་བོར་གནས་པ་ནི། ཐབས་ཤེས་


TNT10_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་ཐིག་ལེའི་ཐབས་ཀྱི་ནོར་བུར་ཟིན་པའོ། །རྟེན་བྱང་ཆུབ་ཀྱི་སེམས་དང་བརྟེན་པ་བདེ་བ་ཡང༌། འབྱུང་བ་བཞིའམ་ལྔའི་ངོ་བོ་ཡིན་ལ། བཙུན་མོའམ་ཡུམ་ནི་འབྱུང་བ་བཞི་པོ་རྣམས་ཀྱི་བདེ་བ་རྣམས་སོ། །དེ་ཡང་རེག་པ་སྲ་བའི་བདེ་བ་སྤྱན་མ། གཤེར་བ་མཱ་མ་ཀཱི། དྲོ་བ་གོས་དཀར་མོ། གཡོ་བ་སྒྲོལ་མ་སྟེ་བཞི་དང༌། ཁྱབ་བྱེད་དུ་བདེ་བ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། དེ་རྣམས་ཀྱི་རྟེན་ནི། བུད་མེད་དེ་ལས་ཀྱི་ཕྱག་རྒྱའི་བྷ་གར་བརྗོད་ལ། ཕྱི་རོལ་དུ་ནི་པདྨ་ཅན་ལ་སོགས་པ་ཕྱག་རྒྱ་རིགས་ལྔའམ་བཞི་ཡུམ་ལྔའི་དག་པ་ཅན་གྱི་ཕྱིར། རྡོ་རྗེ་བཙུན་མོ་ཡིན་ལ། གཉིས་ཀ་ལྟར་ཡང་ལས་ཀྱི་ཕྱག་རྒྱའི་བྷ་ག་ལ། ཐིག་ལེ་མི་འགྱུར་བའི་རྡོ་རྗེ་ཡང་དག་པར་བཀོད་པ་ལ་ལྷན་ཅིག་སྐྱེས་པ་བཞུགས་སོ། །ཞེས་པའོ། །ཨེ་ཝཾ་ཞེས་པ་དང༌། བདག་གིས་ཐོས་པ་དང༌། དུས་གཅིག་ན་སོགས་ཚིག་གཉིས་གཉིས་སྡེབས་པ་དག་གིས་ཀྱང༌། རྟེན་ཤེས་རབ་དང་བརྟེན་པ་ཐབས་ཀྱི་ངོ་བོར་བསྟན་ལ། ཐབས་ཤེས་དེ་དག་ཕན་ཚུན་ཟུང་འབྲེལ་དུ་བྱས་ནས་སྒོམ་པ་དེ་དག་ནི། དགའ་བ་བཞི་དང་བཅུ་དྲུག་གི་དབྱེ་བ་སོགས་རིམ་གྱིས་རྒྱུད་ནས། རིམ་པ་བཞིན་དུ་དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྟོགས་པར་འགྱུར་རོ། །དོན་དམ་ནི་རིག་པར་བྱ་རྒྱུ་ཤེས་བྱ་ཡིན་ལ། ཀུན་རྫོབ་ཀྱི་བདེ་ཆེན་ནི། དེའི་ཤེས་པ་པོ་སྟེ་བརྡ་ཐབས་ཡིན་པའི་རབ་ཏུ་དབྱེ་བ་ལས། ཞུ་བདེའི་ཉམས་མྱོང་དེ་ཡང༌། རང་བྱུང་བདེ་བ་


TNT10_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ངོ་བོ་དང་དབྱེར་མེད་པ་ཡིན་ནོ། །ཤེས་བྱ་ནི་དོན་ཡིན་ལ་ཤེས་པ་ནི་དཔེ་སྟེ། དཔེས་དོན་རྟོགས་པར་བྱེད་པའི་ཕྱིར་རོ། །འབྲོག་འགྱུར་ལས་ནི། ཤེས་བྱའི་རབ་ཏུ་དབྱེ་བ་ལས། །རང་བྱུང་ཡེ་ཤེས་ངོ་བོ་ཅན། །ཞེས་འབྱུང་བ་ལྟར་ན་ཡང་ཤིན་ཏུ་ལེགས་ཏེ། ཞུ་བདེ་དངོས་དོན་དམ་མིན་ཡང༌། ཤེས་བྱ་ཆོས་ཉིད་ཡུལ་དུ་བྱས་པའི་ཕྱིར། རང་བྱུང་དོན་དམ་གྱི་ཡེ་ཤེས་ལ་འཇུག་ཐབས་བླ་ན་མེད་པོའོ་ཞེས་པར་འགྱུར་རོ། །དཔེ་ལྷན་ཅིག་སྐྱེས་པ་དེ་ཉིད་སྤྲོས་བྲལ་དུ་གཏན་ལ་འབེབ་པ་ནི། བདག་མིན་གཞན་ལས་ཀྱང་མ་ཡིན། །གཉིས་མིན་རྒྱུ་མེད་ལས་ཀྱང་མིན། །དངོས་པོ་སྐྱེ་བའི་ངོ་བོ་དང༌། །དངོས་པོ་མེད་པའི་རང་བཞིན་མིན། །རྟག་དང་མི་རྟག་པ་ཡང་མིན། །འདི་ནི་ཆད་དང་གཞན་མ་ཡིན། །རྟེན་ཅིང་འབྲེལ་འབྱུང་ངོ་བོ་ཡིས། །བརྟན་པ་དང་ནི་གཡོ་བ་དང༌། །དམའ་དང་མཐོ་བ་ཐང་དང་ཆུའི། །སྣ་ཚོགས་ཁྱབ་སྟེ་རྣམ་པར་བཞུགས། །ཨེ་ཡིག་དང་ནི་ཝཾ་ཡིག་དང༌། །བདག་གིས་ཞེས་དང་ཐོས་པ་ཞེས། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། །སྐུ་དང་གསུང་ནི་དེ་བཞིན་ཏེ། །ཐུགས་ཀྱི་རྡོ་རྗེ་བཙུན་མོ་ཡི། །བྷ་ག་རྣམས་ལ་ཞེས་བྱ་གཞན། །བཅོམ་ལྡན་འདས་ནི་བཞུགས་ཞེས་པ། །སྒྲ་དང་སྒྲ་ཉམས་སྤངས་པ་ཡིན། །དེ་ལྟར་བྱུང་བའི་རང་བཞིན་ཕྱིར། །མཐའ་དག་ངག་ལས་ངེས་པར་གྲོལ། །འདིར་རྐྱེན་འདི་པ་ཙམ་གྱི་ཆོས་འདི་ཐམས་ཅད་ནི།


TNT10_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་དང༌། གནས་པ་དང༌། རྣམ་པར་འགྱུར་བ་ལ་སོགས་པ་སྣ་ཚོགས་པར་སྣང་ཡང༌། གནས་ཚུལ་དེ་དག་ཡོད་པ་མ་ཡིན་པས་མ་སྐྱེས་པའི་ཕྱིར་རོ། །འདི་ནི་འཐད་དེ། མ་སྐྱེས་པ་ནི་སྲིད་པར་མ་བྱུང་བ་ཡིན་ལ། གང་ཐོག་མ་ཉིད་ནས་མ་བྱུང་བ་ལ། ཕྱིས་གནས་པ་དང༌། འགག་པ་དང༌། འགྱུར་བ་སོགས་ཡོང་བའི་གཞི་སྟོངས་པའི་ཕྱིར་རོ། །དེ་ལྟར་འཐད་དུ་ཆུག་ཀྱང་ཅིའི་ཕྱིར་སྐྱེ་བ་མེད་སྙམ་ན། འདི་ལྟར་ཆོས་འདི་དག་ནི་རང་དང་གཞན་གཉིས་སུ་ཟད་དེ། རང་གཞན་གཉིས་མ་ཡིན་པའི་གསུམ་པ་མེད་དོ། །དཔེར་ན་མྱུ་གུ་ཉིད་ནི་མྱུ་གུ་རང་ཡིན་ལ། མྱུ་གུ་མ་ཡིན་པ་སྲིད་ཚད་ནི་མྱུ་གུ་ལས་གཞན་པ་ཡིན་པའི་ཕྱིར་རོ། །དངོས་པོ་སྐྱེ་བ་ནི་རྒྱུ་མེད་པ་མི་སྲིད་ཀྱང༌། བློས་སྐྱེ་བར་འཛིན་ཚུལ་ལ། འདི་ནི་རྒྱུ་མེད་པའོ་སྙམ་པའི་བློ་འབྱུང་བ་སྲིད་པས། དོགས་པའི་མཐའ་གཞན་དགག་པའི་ཕྱིར་དུ། རྒྱུ་མེད་གཞན་ལ་མི་བལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་བྱ་བའི་རིགས་པ་དང༌། དངོས་པོ་ཕལ་ཆེར་རྒྱུ་ལས་སྐྱེ་བ་མངོན་སུམ་དུ་མཐོང་བའི་ཕྱིར། རྒྱུ་མེད་མིན་ནོ། །རྒྱུ་ལས་སྐྱེ་ན་རྒྱུ་དེ་ཡང༌། དངོས་པོ་དེ་ཉིད་རང་དང༌། དེ་ལས་གཞན་དང༌། རང་གཞན་གཉིས་ཀ་ལས་སྐྱེ་བ་གསུམ་ལས་འོས་མེད་ན། དང་པོར་རང་ལས་སྐྱེ་བ་མི་རིགས་ཏེ། རང་གྲུབ་ཟིན་ན་སྐྱེ་མི་དགོས་པའི་ཕྱིར་དང༌། སྐྱེས་པའི་རང་མ་གྲུབ་ན་


TNT10_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་སྐྱེས་པའི་རྒྱུ་མེད་པའི་ཕྱིར་རོ། །གཞན་ཉིད་ལས་སྐྱེ་བ་ཡང་མི་འཐད་དེ། རང་རང་གིས་ཉེར་ལེན་གྱི་རྒྱུ་རང་རྒྱུད་དུ་གཏོགས་པ་མེད་ན། གཞན་རྐྱེན་ཇི་ལྟ་བུ་ཞིག་ཚོགས་ཀྱང་མི་སྐྱེ་བར་མཐོང་བའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མ་ཡིན་ཏེ། གཉིས་ལས་སྐྱེ་ན་བདག་ལས་ཀྱང་སྐྱེ་བར་འགྱུར་ཞིང༌། གཞན་ལས་ཀྱང་སྐྱེ་བ་འགྱུར་བས། ཉེས་པ་གཉིས་ཀར་དུ་ཐལ་བར་འགྱུར་ཞིང༌། གལ་ཏེ་རང་ལས་སྐྱཻ་ན་ནི་གཞན་ལས་སྐྱེ་བ་དོན་མེད་ལ། དེ་ལས་སྐྱེ་ན་ཡང་ཅིག་ཤོས་དོན་མེད་པས། རང་ངམ་གཞན་ལས་སྐྱེ་བ་ཞིག་ཡིན་ཀྱང་གཉིས་ཀ་ལས་སྐྱེ་བ་དོན་མེད་དེ། རང་ལས་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་ན་ཡང་གཉིས་ཀ་ལས་མི་སྐྱེ་བར་གྲུབ་བོ། །ཅི་སྟེ་གཉིས་ཀ་ཚོགས་པ་ལས་སྐྱེའོ་སྙམ་ན། ཚོགས་པ་དེ་ཡང་རང་གཞན་གཉིས་པོའི་ངོ་བོ་ཉིད་ཡིན་ནམ། དེ་གཉིས་ཚོགས་པ་ལས་བྱུང་བའི་ངོ་བོ་གཞན་ཞིག་ཡིན། དང་པོ་ལྟར་ན་སྔར་གྱི་སྐྱོན་ཉིད་འཇུག་ལ། ཕྱི་མ་ལྟར་ན་དེ་ནི་གཞན་ཉིད་ཁོ་ན་ཡིན་པས། གཞན་སྐྱེས་ལ་བརྗོད་པའི་སྐྱོན་ཉིད་འཇུག་གོ །དེ་བཞིན་དུ་དངོས་པོ་ད་ལྟ་བ་འདས་པ་ལས་མི་སྐྱེ་སྟེ། རྒྱུ་དེ་འདས་མ་ཟིན་ན། ད་ལྟ་བ་ཁོ་ན་ཡིན་པས་འདས་པར་མི་འགྱུར་ལ། འདས་ཟིན་ན་ནི་འབྲས་བུའི་དུས་ན་དེ་མེད་ཅིང༌། མུ་འབྱོར་བའི་འབྲེལ་མཚམས་ཀྱང་མ་གྲུབ་པས། སྐྱེད་བྱེད་དུ་མི་འབྲེལ་བའི་ཕྱིར་རོ། །ད་ལྟ་བ་ལས་


TNT10_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་བ་སྐྱེ་བ་ཡང་མ་ཡིན་ཏེ། དངོས་པོ་ད་ལྟ་བར་སྐྱེས་ཟིན་པ་བསྐྱེད་མི་དགོས་པའི་ཕྱིར་རོ། །མ་འོངས་པའང་ད་ལྟ་བའི་དུས་ན། བྱ་བ་གང་ཡང་མི་བྱེད་པས། བསྐྱེད་པར་བྱ་བ་དང་སྐྱེད་པ་པོ་གཉིས་ཀར་དུ་མི་རུང་ངོ༌། །མ་འོངས་པའི་དུས་ན་མ་འོངས་པའི་དངོས་པོ་བྱ་བ་བྱེད་པར་འགྱུར་དུ་ཆུག་ཀྱང༌། དེའི་དུས་ན་དེ་ནི་བྱུང་ཟིན་མ་འགགས་པའི་ཕྱིར་ད་ལྟ་བ་ཁོ་ནའོ། །མེད་པ་ལས་མེད་པ་སྐྱེ་བ་མི་འཐད་པའི་ཕྱིར། འདས་པ་ལས་འདས་པ་དང༌། མ་འོངས་པ་ལས་མ་འོངས་པ་སྐྱེ་བ་ཡང་མ་ཡིན་ནོ། །འདི་དག་བདག་སྐྱེ་དང་གཞན་སྐྱེའི་སྟེང་དུ་ཡང་སྦྱར་ཏེ། དུས་གསུམ་དུ་རྣམ་པར་དཔྱད་པར་བྱ་སྟེ། བདག་འདས་པ་ལས་བདག་ད་ལྟ་བ་སྐྱེ་སྙམ་ན། དེ་ནི་བདག་ལས་སྐྱེ་བ་མ་ཡིན་ཏེ། གཞན་འདས་པ་ལས་གཞན་ད་ལྟ་བ་བྱུང་བར་ཐལ་བའི་ཕྱིར་རོ། །བདག་ད་ལྟ་བ་གཉིས་གནས་བྱ་དང་གནས་བྱེད་ཀྱི་རྒྱུར་འགྱུར་ན་ཡང༌། འདི་ནི་བདག་སྐྱེ་མ་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་བདག་མཚན་ཉིད་མི་འདྲ་བའི་ཕྱིར་གཞན་ཁོ་ནར་འགྱུར་རོ། །འདས་པའི་བུམ་པ་ལས་ད་ལྟ་བའི་བུམ་པ་གཞན་སྐྱེ་བ་ཡིན་ནོ་སྙམ་ན། བུམ་པ་འདས་པ་དང་ད་ལྟ་བ་གཉིས། ཡུལ་ཡང་གཅིག རྣམ་པ་ཡང་གཅིག མཚན་ཉིད་ཀྱང་མཚུངས་པ། སྐད་ཅིག་སྔ་མའི་རྒྱུད་དེ་ཉིད་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཕྱིར། དེ་གཉིས་གཞན་དུ་མི་འགྱུར་ཏེ་རང་གི་རྒྱུད་གཅིག་ལ་བརྟེན་པའི་ཕྱིར་རོ། །ལྡོག་ཆ་ཐ་དད་པ་ཙམ་གྱིས་


TNT10_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །ཡང་བདག་གཞན་གཉིས་ཀའི་ཚོགས་པ་ལས། བདག་གཅིག་པུ་སྐྱེའམ། གཞན་གཅིག་བུ་སྐྱེའམ། བདག་གཞན་གཉིས་ཀ་སྐྱེའམ། བདག་གཞན་གཉིས་མིན་ཞིག་སྐྱེ་བར་འགྱུར་གྲང་ན། རེ་རེ་ནས་མི་འཐད་དེ། དང་པོ་ལྟར་ན་བདག་གཞན་གྱི་ཚོགས་པ་ལས་སྐྱེ་བར་འགྱུར་བས་གཞན་སྐྱེ་ཉིད་དང༌། བདག་བདག་ཉིད་ལས་སྐྱེ་བའི་སྐྱོན་གཉིས་ཀར་དུ་འགྱུར་ལ། གཉིས་པ་ལྟར་ནའང༌། རྒྱུའི་བདག་གཞན་གཉིས་ཀར་འབྲས་བུ་ལས་གཞན་ཡིན་པའི་ཕྱིར། གཞན་སྐྱེས་ཉིད་དང༌། གསུམ་པ་ལྟར་ནའང༌། འབྲས་བུའི་བདག་གི་ཕྱོགས་ལ་དང་པོ་དང་མཚུངས་ཤིང༌། གཞན་གྱི་ཕྱོགས་ལ་གཉིས་པ་དང་མཚུངས་སོ། །ཅི་སྟེ་གཉིས་སྐྱེའི་སྐབས་འདིར། བདག་ལས་གཞན་དང་གཞན་ལས་གཞན་སྐྱེ་བ་ཡིན་ན་ནི་བདག་སྐྱེ་དང་གཞན་སྐྱེ་ལ་བརྗོད་པའི་སྐྱོན་རྣམས་སོ་ན་འདུག་གོ །དེ་བཞིན་དུ་འདས་པ་ལས་འདས་པ་མི་སྐྱེ་སྟེ། འདས་པ་ཕྱི་མ་དེ་སྐྱེ་བའི་འགོ་བརྩམས་ནས་འདས་པ་ཡིན་ན་ནི། དེ་ལྟ་བ་སྔོན་དུ་མ་སོང་བའི་འདས་པ་ཡོད་པ་དང༌། མ་སྐྱེས་པའི་གོང་ཉིད་ནས་འགགས་པ་ཡོད་པ་ཐལ་བར་འགྱུར་རོ། །དེ་དུས་འདས་པ་མ་ཡིན་ན་ནི། འདས་པ་ལས་འདས་པ་མ་ཡིན་པ་སྐྱེས་པར་སོང་གི འདས་པ་ལས་འདས་པ་ནི་མ་ཡིན་ནོ། །མ་འོངས་པ་ལས་མ་འོངས་པ་ནི་མི་སྐྱེ་སྟེ། མ་སྐྱེས་པའི་ཕྱིར་གཞན་སྐྱེད་པའི་རྒྱུར་ཡང་འགལ་བ་དང༌། སྐྱེས་ཟིན་པ་དང༌། མ་འོངས་


TNT10_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགལ་བའི་ཕྱིར་རོ། །དེ་ལྟར་ན་མཐའ་བཞིའི་སྐྱེ་བ་མ་གྲུབ་ཅིང༌། དུས་གསུམ་གྱི་སྐྱེ་བ་མ་གྲུབ་པས། གནས་ལུགས་ལ་སྐྱེ་བ་མ་གྲུབ་ཅིང༌། ཀུན་རྫོབ་སྣང་ངོ་ཙམ། འཁྲུལ་ངོ་ཙམ། རྟེན་འབྲེལ་ཙམ། སྒྱུ་མ་ལྟ་བུའི་སྐྱེ་བ་ཡང༌། འཁྲུལ་ངོར་ཡིན་པའི་ཕྱིར་དོན་དམ་པར་མེད་མོད། མ་བརྟགས་མ་དཔྱད་པའི་ངོར་སྣང་བ་བཞིན་དུ་ཀུན་རྫོབ་ཙམ་དུ་སྐྱེ་བ་ཙམ་ཁས་ལེན་པ་བཞིན་དུ། གཞན་ལས་སྐྱེ་བ་ཡང་འབྱུང་སྟེ། ཁ་ཅིག་གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད་ཅེས་སྨྲ་བ་ནི། ཚིག་ལ་འཁྲྀ་འཚོལ་བ་ཙམ་མ་གཏོགས། འཇིག་རྟེན་གྱི་མྱོང་བ་དང་ཡང་མི་མཐུན་ཏེ། གཞན་སྐྱེའི་དོན་འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་སྣང་བའི་ཕྱིར་རོ། །གལ་ཏེ་ཐ་སྙད་མི་བྱེད་པ་ཙམ་གྱིས་དེ་མེད་པར་འགྱུར་ན་ནི། འཇིག་ཚོགས་ལ་ལྟ་བ་སོགས་ཀྱི་ཐ་སྙད་ཀྱང་འཇིག་རྟེན་ལ་མེད་པའི་ཕྱིར། བློ་ལྷན་སྐྱེས་ལ་དེ་མེད་པར་འགྱུར་རོ། །དེ་ཡང་མཐའ་བཞིའི་སྐྱེ་བ་མེད་པས། ཡེ་ཤེས་དེ་སྐྱེ་མེད་ཡིན་ཅིང༌། དེས་མཚོན་པའི་དངོས་པོ་ཐམས་ཅད། སྐྱེས་པའི་ངོ་བོར་གྲུབ་པ་མེད་པས། ཡེ་ཤེས་དེ་ཡང་སྐྱེས་པ་དེ་འདྲར་མེད་ལ། དེ་དངོས་མེད་ཀྱང་མ་ཡིན་ཏེ་མྱོང་བའི་ཕྱིར་རོ། །དེ་སྐད་ཅིག་གི་སྐྱེ་འཇིག་བྱེད་པས་རྟག་པ་མིན་ལ། མི་རྟག་པ་ལ་གནས་པའི་གོ་སྐབས་མེད་ཅིང་མི་གནས་པ་ལ་འཇིག་རྒྱུ་ཡེ་ནས་མེད་པའི་ཕྱིར། མི་རྟག་པ་ཡང་བློས་ཀུན་བཏགས་ཁོ་ན་ལས་གནས་ལུགས་མ་ཡིན་ནོ། །རྒྱུ་རྐྱེན་ཚོགས་


TNT10_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འགག་མེད་དུ་འཆར་བའི་ཕྱིར། འདི་ནི་ཆད་པའང་མ་ཡིན་ལ། གཞན་ཏེ་རྟག་པའང་མ་ཡིན་ནོ། །འབྲོག་མིའི་འགྱུར་ལས། དངོས་པོ་སྐྱེ་བའི་སོགས་ལ། དངོས་པོའི་ཚུལ་གྱིས་སྐྱེས་པ་སྟེ། དངོས་པོ་རང་གི་ངོ་བོས་ནི། །རྟག་པ་མ་ཡིན་མི་རྟག་མིན། །འདི་ནི་མཆོག་ཏུ་རྒྱུན་མི་ཆད། །ཅེས་འབྱུང་བ་གོ་བདེ་སྟེ། རྒྱ་སྐད་དང་མཐུན་ན་ལེགས་སོ། །དེ་ལྟར་ན་དངོས་པོ་ཀུན་རྫོབ་ཀྱི་ཚུལ་གྱིས་སྐྱེ་བར་སྣང་བ་ཙམ་ཡིན་གྱི། རང་གི་ངོ་བོས་སྐྱེ་བ་གྲུབ་པ་མྀན་པ་དང༌། རང་གི་ངོ་བོས་རྟག་པ་དང་མི་རྟག་པ་མིན་ཡང༌། ཀུན་རྫོབ་ཏུ་རྒྱུན་གྱི་རྟག་པར་གནས་པའོ། །དེ་ལྟར་ན་རྒྱུ་རྐྱེན་ཚོགས་པའི་རྟེན་ཅིང་འབྲེལ་འབྱུང་གི་ངོ་བོའམ་ཚུལ་གྱིས། དམའ་བ་དང༌། མཐོ་བ་དང༌། ཐང་དང་ཆུ་སོགས་ཏེ། བརྟན་པའི་དངོས་པོ་རྣམས་ལ་ཡུལ་ཅན་གྱི་ཚུལ་དང༌། གཡོ་བ་སེམས་ཅན་རྣམས་ལ་རང་མྱོང་གི་ཚུལ་གྱིས་ཏེ། སྣོད་བཅུད་ཀྱི་འགྲོ་བ་ཐམས་ཅད་ལ་ཁྱབ་སྟེ་རྣམ་པར་བཞུགས་སོ། །ཚིག་འདི་རྣམས་ཀྱི་སྐྱེ་འགག་རྟག་ཆད་དངོས་པོ་ཡོད་མེད་སོགས། སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་བཤད་ལ། འོན་ཀྱང་མཚན་གཞི་དོན་གྱི་ཡེ་ཤེས་སུ་མ་ངེས་ཏེ། ཆོས་ཐམས་ཅད་སྤྲོས་བྲལ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་དང༌། དཔེའི་ཡེ་ཤེས་ཀྱི་འཕྲོས་ཡིན་པའི་ཕྱིར་རོ། །དེས་ན་གོང་དུ་རང་བྱུང་དུ་བཤད་པ་དང༌། གནས་པ་ཞེས་པའི་དོགས་གཅོད་དུ། ཞུ་བདེ་དེ་རང་བྱུང་དང་རྟག་ཏུ་གནས་པ་ཡིན་ན། མ་སྐྱེས་པའི་དངོས་པོ་དང་རྟག་དངོས་སུ་འགྱུར་


TNT10_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙམ་པའི་དོགས་པ་གཅོད་པའི་ཕྱིར་ཡིན་ལ། བཞུགས་སོ་ཞེས་པའི་ཚིག་དོན་འཆད་པའི་སྐབས་ཡིན་པས། རྒྱུན་གྱི་རྟག་པར་བཞུགས། རྟེན་འབྲེལ་གྱི་ཚུལ་གྱིས་བཞུགས། རིགས་མཐུན་གྱིས་ཁྱབ་པར་བཞུགས་ཞེས་འཆད་པས། གླེང་གཞི་ཚིག་དོན་འཆད་པའི་འཕྲོས་ཁོ་ན་ཡིན་ནོ། །ཨེ་ཡིག་དང་ནི་སོགས་ལ། དཔེའི་ཡེ་ཤེས་དེ་འདྲ་ཐིག་ལེའི་བདེ་བ་སོགས་ཀྱི་ཚིག་གིས་སྟོན་པར་རིགས་ཀྱི། ཨེ་ཝཾ་ལ་སོགས་པ་དང་སྒྲ་དོན་གྱི་འབྲེལ་པ་མེད་པའི་ཕྱིར་སྟོན་པར་མི་རིགས་སྙམ་ན། ཡེ་ཤེས་དེ་དང་དེའི་གནས་ཚུལ་དང་མཚན་ཉིད་ནི་སྤྲོས་བྲལ་སོགས་ཀྱི་སྒྲ་དང༌། ཐིག་ལེའི་བདེ་བ་སོགས་ཀྱི་སྒྲ་དང་ཨེ་ཝཾ་ལ་སོགས་པ་སྒྲ་ཉམས་ཀྱིས་ཀྱང༌། མཚོན་དུ་མེད་དེ་ཉམས་མྱོང་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །སྒྲ་ཉམས་ནི་འཇིག་རྟེན་དང་བསྟན་བཅོས་ལ་མ་གྲགས་པའོ། །བརྡ་ཐབས་ཙམ་གྱི་སྒོ་ནས་ནི། དེ་དག་གིས་མཚོན་ནུས་པ་བཞིན་དུ། ཨེ་ཝཾ་ལ་སོགས་པས་ཀྱང་མཚོན་ནོ། །དེ་བས་ན་ལེགས་སྦྱར་ལ་སོགས་པ་སྒྲ་གཟུག་པོར་འབབ་པ་རྣམས་དང༌། སྒྲ་ཉམས་ཀླ་ཀློའི་སྐད་དང༌། དེ་བཞིན་གཤེགས་པའི་བརྡའ་འདི་རྣམས་ཀྱང༌། གནས་ལུགས་ལ་སྤངས་ཤིང་ཡོད་པ་མ་ཡིན་ཏེ། བརྗོད་བྲལ་དེ་ནི་སྒྲ་རྟོག་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ད་ལྟར་བྱུང་བ་སྟེ། དེ་ཐོག་མཉམ་པའི་རིག་པ་སྐད་ཅིག་མའི་རང་བཞིན་ཙམ་གྱི་ཕྱིར། ངག་མཐའ་དག་གི་ཡུལ་ལས་ངེས་པར་གྲོལ་བའོ། །འབྲོག་


TNT10_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལས། ད་ལྟར་བྱུང་བ་ཞེས་པ་མེད་དེ། སོ་སོར་སྐྱེས་པའི་རང་བཞིན་ཞེས་འབྱུང་ན། དབང་གི་དུས་སུ་སོ་སོར་རང་གིས་རིག་པའི་ཉམས་མྱོང་དུ་སྐྱེས་པ་ཁོ་ནའི་སྤྱོད་ཡུལ་ལོ་ཞེས་པའི་དོན་ཡིན་ཏེ། བཤད་ཚུལ་འདི་ངོས་ནུས་པ་ཆེ་བས་ལེགས་སོ། །གཉིས་པ་བརྗོད་བྱ་དོན་གྱི་རབ་དབྱེ་བཤད་པ་ལ་གསུམ་སྟེ། དཔེ་དོན་གྱི་ཡེ་ཤེས་ངོས་བཟུང་བ་དང༌། དེ་ཉིད་སྟོན་པའི་ལུང་དང་སྦྱར་བ་དང༌། ཡོད་མེད་ཀྱི་དབྱེ་བ་དཔེའི་སྒོ་ནས་བསྟན་པའོ། །དང་པོ་ནི། བྱིས་པ་ལྐུགས་སོགས་ཤེས་པ་ཡིས། །ཤེས་བྱ་ལྟ་བུར་དེ་རབ་གྲགས། །བཟུང་དུ་མེད་ཅིང་བརྟག་ཏུ་མེད། །ཀུན་རྫོབ་ཇི་བཞིན་དེ་བཞིན་ཏེ། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །སྒྱུ་མ་སྨིག་རྒྱུ་འདྲ་བ་སྟེ། །སེང་གེ་ཟླ་བའི་གྲོང་ཁྱེར་མཚུངས། །རྨི་ལམ་རྩེད་མོ་བཞིན་དུ་སྣང༌། །དེ་ལྟར་རྫུན་སོགས་ངོ་བོ་ནི། ཁམས་གསུམ་མ་ལུས་རང་བཞིན་ནོ། །དེ་ཉིད་སྐྱེ་ཕྱིར་ཇི་ལྟར་ན། །བདག་གིས་ཐོས་ཞེས་ངེས་པར་རུང༌། །རང་གིས་རིག་པའི་ངོ་བོའི་ཕྱིར། །སངས་རྒྱས་ཀྱིས་ཀྱང་མཁྱེན་མ་ཡིན། །སེམས་ནི་ཕྲད་ཅིང་འདུས་པ་ཉིད། །རྨི་ལམ་སད་པ་ལྟ་བུ་སྟེ། །ཇི་ལྟར་གཞོན་ནུའི་ངོ་བོ་ཡི། །དབང་པོ་གཉིས་ཀ་འདུས་པ་བཞིན། །ཞེས་པ་སྟེ་བྱིས་པ་སྨྲ་མི་ཤེས་པའི་ཉམས་མྱོང་དང༌། ལྐུགས་པའི་ཉམས་མྱོང་གི་ཤེས་པའི་ཡུལ། ཤེས་བྱ་ནི་ཉམས་སུ་མྱོང་ཡང་བརྗོད་དུ་མེད་པ་ལྟ་བུར། གནས་ལུགས་དེ་ཡང་བརྗོད་མེད་ཡིན་པར་


TNT10_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གྲགས་ལ། དོན་དམ་པའི་ཡེ་ཤེས་དེ་ནི་བློས་བཟུང་དུ་མེད་ཅིང༌། སྒྲ་རྟོག་གིས་བརྟག་ཏུ་མེད་པའོ། །འགྱུར་གཞན་ལས་མ་གསལ་རྟོག་གེ་མེད་པ་ལྟར། ཞེས་པ་ལྟར་ན། མི་གསལ་བ་ནི་དཔེ་ལ་སོགས་པས་མཚོན་དུ་མེད་པའོ། །ཀུན་རྫོབ་ཞུ་བདེ་བརྗོད་བྲལ་དུ་འདུག་པ་ཇི་ལྟ་བ་བཞིན་དུ། དོན་དམ་ཡང་དེ་བཞིན་ཏེ་དྲི་ཟའི་སོགས་ནི་ཀུན་རྫོབ་སྣང་ཡང་བདེན་པར་མེད་པའི་དཔེ་སྟེ། སེངྒེ་ཟླ་བའི་གྲོང་ཁྱེར་ནི། མིག་འཁྲུལ་ལམ་སྒྱུ་མ་ཐམས་ཅད་ཀྱི་བདག་པོ། སྒྱུ་མ་མཁན་རྣམས་ཀྱི་ལྷ། ལྷ་མ་ཡིན་གྱི་རྒྱལ་པོ་ཧ་རི་ཙན་དྲའི་གྲོང་ཁྱེར་ཡིན་ནོ་ཞེས་གྲགས་པ། རྒྱ་མཚོའི་དབུས་སུ་གྲོང་ཁྱེར་དུ་སྣང་བའོ། །རྨི་ལམ་རྩེད་མོ་ནི། རྨི་ལམ་གྱི་རོལ་པ་སྟེ་རྣམ་འགྱུར་སྣ་ཚོགས་འབྱུང་བའོ། །དེ་ལྟར་རྫུན་སོགས་ཞེས་པ་ལ། མགོས་འགྱུར་གཙང་:མ་[བ་]ལས །དེ་ལྟར་ལོག་རྟོག་ཞེས་པ་འབྱུང་སྟེ་དོན་གཅིག་ལ། ལོ་ཆུང་འགྱུར་ལས། དེ་དག་ལ་སོགས་ངོ་བོ་ནི། །ཞེས་འབྱུང་བ། འབྲོག་འགྱུར་ལས། འདི་སྐད་ལ་སོགས་ཚུལ་གྱིས་ནི། ཞེས་པ་དང་མཐུན་ནོ། །འོན་ཀྱང་དཀྱུས་བཞིན་བཤད་ན། རྫུན་པ་སྒྱུར་མ་སོགས་ཀྱི་ངོ་བོ་བསྟེན་ཚུལ་ནི། ཁམས་གསུམ་མ་ལུས་པ་དེའི་ངོ་བོའོ། །འཆད་ཚུལ་འདི་ལྟར་ན། ཁམས་གསུམ་མ་ལུས་ངོ་བོ་ནི། །དེ་ལྟར་རྫུན་སོགས་རང་བཞིན་ནོ། །ཞེས་སྟོན་ན་དོན་ལ་འབྱོར་རོ། །ཀུན་རྫོབ་མཐོང་ཐོས་མྱོང་གསུམ་དང་སྒྲ་རྟོག་གི་ཡུལ་ཐམས་ཅད་བདེན་མེད་ཡིན་པ་


TNT10_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས་ཕྱིར་ན། གནས་ལུགས་དེ་ཀུན་རྫོབ་ཀྱིས་ཇི་ལྟར་ན་མཚོན་པར་ནུས་ཞེས་པ་སྟེ། འབྲོག་གིས། དེ་ཡི་ཕྱིར་ན་ཇི་ལྟར་མཚོན། །ཞེས་བསྒྱུར་བ་ལེགས་སོ། །གནས་ལུགས་ཀྱི་ཡེ་ཤེས་ནི། རང་གི་རིག་པའི་ངོ་བོ་ལ་རང་ཉིད་ཞུགས་པ་ཙམ་ཡིན་པའི་ཕྱིར། སྒྲ་དང་རྣམ་རྟོག་གི་སྒོ་ནས་སངས་རྒྱས་ཀྱིས་ཀྱང་མཁྱེན་པ་མིན་ནོ། །དེས་ན་རྟོགས་བྱ་རྟོགས་བྱེད་ཐ་དད་པའི་ཚུལ་གྱིས་ནམ་ཡང་རྟོགས་སུ་མེད་པས། བདག་གིས་རྟོགས་ཞེས་མི་བརྗོད་པར་ཐོས་ཞེས་ངེས་པར་རུང་ངོ༌། །ཡང་ཇི་ལྟར་ན་རུང་ཞེས་འཆད་པ་ལྟར་ན། ཐོས་པ་རྟོགས་པའི་དོན་དུ་བཤད་ནས། སངས་རྒྱས་རྣམས་ཀྱིས་མཁྱེན་པ་ཡིན་ཅེས་པ་འདོད་ལན་འདེབས་པར་འཆད་དགོས་ཀྱང༌། གོང་གི་འཕྲོས་ལ་མི་འབྲེལ་ལོ། །འབྲོག་འགྱུར་ལས་ནི། རང་གི་རིག་པའི་ངོ་བོའི་ཕྱིར། །སངས་རྒྱས་རྣམས་ཀྱིས་རྣམ་མི་མཁྱེན། །རང་གིས་རིག་པའི་ངོ་བོའི་ཕྱིར། །སངས་རྒྱས་ཉིད་ཀྱིས་རྣམ་པར་མཁྱེན། །ཞེས་ཚིག་རྐང་གཉིས་ལྷག་པོར་ཡོད་དེ། རིག་བྱ་རིག་བྱེད་ཐ་དད་པས་མི་མཁྱེན་པའི་དོན་དང༌། ངོ་བོ་གཅིག་པས་མཁྱེན་པའི་དོན་ནོ། །སེམས་ནི་ཕྲད་ཅིང་འདུས་པ་ལ་ཞེས་པ་ལ། འགྱུར་རྟིང་མ་རྣམས་ལས། འདུས་པར་སེམས་དང་འཕྲད་པ་ནི། །ཞེས་འབྱུང་ཞིང༌། འདུས་པ་ལྷན་ཅིག་སྐྱེས་པར་སེམས་བདེ་བ་དང་མི་རྟོག་པ་ལྷན་ཅིག་ཕྲད་ཅེས་འཆད་པའང་ཡོད་ལ། དཀྱུས་


TNT10_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ནའང་དེ་བཞིན་དུ་འཆད་དགོས་ཏེ། ཞུ་བདེ་ཁོ་ནའི་དོན་འཆད་པ་ཡིན་ལ། འབྲོག་གིས་འདུས་པ་བསམ་ཡས་མཉམ་སྦྱོར་བ།། ཞེས་བསྒྱུར་བ་ལྟར་ན་དོན་གྱི་ཡེ་ཤེས་བདེ་སྟོང་འདུས་པ་དང་རྣམ་པ་བསམ་ཡས་གཉིས་མཉམ་པར་སྦྱོར་བའི་ཟུང་འཇུག་གི་ཡེ་ཤེས་ཏེ་དཔེའི་ཡེ་ཤེས་ཀྱིས་མཚོན་པ་ནི། རྨི་ལམ་དུ་མཐོང་བའི་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་དེས་སང་དུས་སུ་མཐོང་བར་འགྱུར་བའི་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་དེ་མཚོན་པ་དང༌། གཞོན་ནུའི་བདེ་བས་དབང་པོ་གཉིས་འདུས་ཀྱི་བདེ་བ་མཚོན་པ་བཞིན་ནོ། །གཉིས་པ་ནི། བྷ་གར་ལིང་ག་རབ་བཞག་ལ། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཐོག་མ་དབུས་མཐའ་དྲི་མེད་པའི༌། །ཡེ་ཤེས་ཅི་ཞིག་སྐྱེ་འགྱུར་ཏེ། །ཡེ་ཤེས་དེ་ནི་རང་རིག་པས། །གཞན་དུ་བརྗོད་པར་ནུས་མ་ཡིན། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །བླ་མའི་དཀྱིལ་འཁོར་སྒོམ་པར་བྱ། ། ཞེས་སོགས་པ་ཡིས་དེ་ཉིད་གསུངས། །རྗེས་སུ་དྲན་པ་བཅུ་དྲུག་གནས། །བདེ་ཆེན་ནམ་མཁའི་ཁམས་གནས་པ། །བདེ་བ་ཅན་ཞེས་མངོན་པར་བརྗོད། །ཕུང་པོ་དང་ནི་ཁམས་དང་ནི། །སྐྱེ་མཆེད་ཐམས་ཅད་དེ་ལས་འབྱུང༌། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང༌། །ཚངས་སོགས་ལྷ་ཡི་སྐྱེ་གནས་དང༌། །ཁམས་གསུམ་པར་ནི་གྱུར་པ་ཀུན། །དེ་ཉིད་ལས་ནི་ངེས་པར་བྱུང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་ཁྲོ་བོའི་རྒྱལ་པོ་དག །


TNT10_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས་ནི་བྱུང་ནས་སུ། །དེ་ཉིད་དུ་ཡང་མྱ་ངན་འདས། །རིག་བྱེད་གྲུབ་མཐའ་མཐའ་དག་ཏུ། །སྙིང་པོ་གཅིག་པོར་རབ་ཏུ་གྲགས། །བདེ་བ་ཅན་དེ་ལྷ་རྫས་མཆོག །སངས་རྒྱས་རྣམས་ནི་ལྷག་པའི་གནས། །སངས་རྒྱས་ལྔའི་བདག་ཉིད་ཀྱི། །ལྷ་སོགས་འགྲོ་དྲུག་གནས་པ་ཀུན། །དེ་ཉིད་ལས་ནི་བྱུང་བ་སྟེ། །མ་ལུས་སངས་རྒྱས་གར་མཁན་ཡིན། །འདི་དེ་རྣལ་འབྱོར་རྒྱུད་དུ་ནི། །དེ་ཉིད་ངོ་བོ་མི་ཤིགས་པར། །སངས་རྒྱས་བྱེ་བ་སྙེད་རྣམས་ཀྱིས། །བཞེད་པ་གཅིག་གི་དུས་སུ་གསུང༌། །རི་རྒྱལ་ལྷུན་པོའི་རྡུལ་མཉམ་དང༌། །གང་གཱའི་བྱེ་མ་ལྟ་བུར་ནི། །ཀུན་ནས་ཏིལ་གྱི་གང་བུ་ལྟར། །མཁའ་དབྱིངས་ཞེས་གྲགས་འདི་ན་སྣང༌། །གང་གཱའི་བྱེ་མའི་གྲངས་སྙེད་ཀྱིས། །ཡོངས་སུ་གང་བའི་དེ་བཞིན་གཤེགས། །མཐའ་དག་རྣམས་ཀྱིས་རིགས་པ་འདིས། ། དེར་ནི་འདི་སྐད་གསུངས་པ་ཡིན། །དེ་ལ་བྷ་གར་ལིངྒ་ཞེས་སོགས་ཀྱི་ཚིག་འདི་རྣམས་ནི། དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ལས་བྱུང་བ་སྟེ། འོན་ཀྱང་ཐབས་རྒྱུད་གསང་བ་འདུས་པའི་རྡོ་རྗེའི་ཚིག་གསལ་བར་བྱེད་པ་ཡིན་ནོ། །འདིར་རང་ལུས་ཀྱི་དབང་དུ་བྱས་ན་རྩ་འཁོར་རྣམས་ཀྱི་ལྟེ་བའི་བྷ་གར་ཡས་བབས་ཞུ་བདེའི་རང་བཞིན་གྱིས། ཐིག་ལེའི་ལིང་གར་རབ་ཏུ་བཞག་པ་དང༌། ཕྱི་རོལ་རྐྱེན་གྱི་དབང་དུ་བྱས་ན། ཀུན་རྫོབ་ཀྱི་བྷ་གར་ལིངྒ་རབ་ཏུ་བཞག་པ་སྟེ། དེ་གཉིས་འཛོམས་པ་ལས། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་རྗེས་དྲན་དྲུག སངས་རྒྱས་རྗེས་དྲན་དུ་བསྡུས་ཏེ་སྒོམ་པ་ནི། དཔེའི་ཡེ་ཤེས་ཡིན་ལ། དེ་ལས་ཐོག་མཐའ་དབུས་གསུམ་དུ་


TNT10_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འགག་གནས་གསུམ་གྱི་དྲི་མ་དང་བྲལ་བའི་དོན་གྱི་ཡེ་ཤེས་ཅི་ཞིག་ན་སྐྱེ་བར་འགྱུར་ཏེ། ཡེ་ཤེས་དེ་ནི་རང་གི་རིག་པས་ཉམས་སུ་མྱོང་བ་ལས། གཞན་རྟོག་གེ་ལ་སོགས་པས་མཚོན་ཅིང༌། བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ཡང༌། གསང་བ་འདུས་པ་ལས། སངས་རྒྱས་རྗེས་སུ་དྲན་པ་དང༌། །ཆོས་ནི་རྗེས་སུ་དྲན་སྒོམ་པ། །སྐུ་དང་གསུང་དང་ཐུགས་རྣམས་སྒོམ། །རྡོ་རྗེ་རྗེས་སུ་དྲན་སྒོམ་པ། །རིགས་ནི་རྗེས་སུ་དྲན་པར་སྦྱོར། ཁྲོ་བོ་རྗེས་སུ་དྲན་སྒོམ་པ། །ལྷ་ནི་རྗེས་སུ་དྲན་པ་སྦྱོར། །བསྒོམ་ན་བྱང་ཆུབ་ཐོབ་པར་འགྱུར། །བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱྀིན་གྱིས་བརླབས་ཀྱི་གནས་གསུམ་དུ། །དབེན་པར་མཆོད་པ་རབ་དུ་བརྩམས། །ཞེས་པ་ནས། འབར་བཅས་ཟླ་འོད་བཞིན་དུ་དཀར། །ཡིད་དུ་འོང་བ་བསྒོམ་པར་བྱ། །ཞེས་པའི་བར་དུ་གསུངས་ནས། གོང་དུ་བཤད་པའི་ལོངས་སྐུའི་རིམ་པ་དང༌། གསང་རིམ་གྱི་སྐབས་སུ་ཡང༌། སྤྲུལ་སྐུ་དང་ངོ་བོ་ཉིད་སྐུའི་སྐད་ཅིག་མ་རེ་རེ་སྦྱོར་བའི་ཚུལ་དུ་འདི་འབྱུང་ལ། ལས་རྒྱ་དང་མཉམ་པར་སྦྱར་བ་ལས། ཟླ་འོད་བཞིན་དུ་དཀར་བའི་བརྡས་མཚོན་པ། ཞུ་བདེ་འགྱུར་མེད་ཡོངས་སུ་གང་བར་བྱས་ཤིང༌། སངས་རྒྱས་རྗེས་སུ་དྲན་ཞེས་པ་སྤྱི་ལྡོག་ནས། དངོས་པོ་རྟོགས་ཕྱིར་སངས་རྒྱས་དང༌། །ཞེས་གསུངས་པ་ལྟར། དངོས་པོ་གཏུམ་མོ་དང་ཐིག་ལེའི་འབར་སྣང་གཙོ་བོར་གྱུར་པའི་རང་གི་དམིགས་ཡུལ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་ཀྱིས་སྤྲོས་བྲལ་དུ་ཉམས་སུ་མྱོང་བ་སྐད་ཅིག་རེ་རེར་ཡང་ཡང་བསྐྱར་ཞིང་སྒོམ་པ་ནི་སངས་རྒྱས་རྗེས་དྲན་ནོ། །དེའི་ནང་ཚན་ལས་ཕྱེ་ན།


TNT10_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལས་བྱུང་བའི་བདེ་བའི་སྣང་བ་སྤེལ་ཞིང་སྤྲོས་བྲལ་དུ་འཇོག་པ་ལྷ་རྗེས་དྲན། ཡེ་ཤེས་ཉིད་ལ་གཟུགས་སྣང་སྤེལ་ཞིང༌། དེའི་རང་བཞིན་ཤེས་པ་སངས་རྒྱས་རྗེས་དྲན་ནོ། །དེ་བཞིན་དུ་སྦྱར་ཏེ། སྒྲར་སྣང་སྤེལ་བ་ཆོས། དཔེ་མཚོན་བྱེད་ཀྱི་བདེ་བ་དེས་རང་བཞིན་གསལ་བར་མཚོན་དུ་འཇུག་པ་རྡོ་རྗེ། ཀུན་རྫོབ་ཀྱི་འདོད་ཡོན་ལྔའི་སྣང་བ་ལ་ཡེ་ཤེས་ཀྱི་སྣང་བས་འགེབས་པ་ནི་རིགས། འདོད་ཆགས་ཆེན་པོས་བསྐུལ་ཞིང་དབྱིངས་སུ་བསྲེ་བ་ནི་ཁྲོ་བོ་རྗེས་དྲན་ནོ། །དྲུག་པོ་དེ་དག་སྐད་ཅིག་མ་རེ་རེར་ཚང་བར་བྱས་ཤིང་སྒོམ་པ་ནི་དཔེའི་ཡེ་ཤེས་མཐར་ཐུག་པ་ཡིན་ནོ། །འདི་ལ་ཡས་བབས་ཀྱི་དགའ་བཞི་ཕལ་པ་དང༌། དགའ་བཞིའི་ས་གཉིས་ཀར་ཡོད་ལ། མས་བརྟན་གྱི་དགའ་བའི་ས་མེད་ཀྱང་དགའ་བ་བཞི་དང་བཅུ་དྲུག་ནི་ཡང་ཡང་འོང་བས། མས་བརྟན་རྗེས་དྲན་བཅུ་དྲུག་གི་འདྲ་བའི་བཀོད་པ་ཙམ་འདི་ལ་ཡང་ཡོད་དོ། །འདི་ནི་ཞུ་བདེ་འཛག་མེད་ཁོ་ནའི་བདག་ཉིད་ཡིན་ལ། འདི་ཙམ་ཡང་དཔེའི་ཡེ་ཤེས་ཁོ་ན་ཡིན་གྱི། དོན་དམ་པར་མ་སླེབ་ན་ཕྲ་མོ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཡས་མཐའ་བཟུང་བའི་ཚུལ་ལོ། །ཐོག་མ་དབུས་མཐའ་སོགས་ལ། ལེའུ་བཅོ་བརྒྱད་པ་ལས། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡིས། །སྐུ་གསུང་ཐུགས་ཀྱི་ངེས་པ་དག །རྡོ་རྗེ་གསུམ་གྱི་ཀུན་ཏུ་ནི། །རྡོ་རྗེ་གསུམ་ལ་ཀུན་ཏུ་བཞུགས། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོར་ཡང་དག་བྱུང༌། །སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པའོ། །ཨེ་མ་ཧོ་འདི་རབ་ངོ་མཚར་ཆེ། །


TNT10_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ་དབང་པོ་ཞི་བ་འདས། །ཨེ་མ་ཧོ་འཁོར་བ་དག་གི་རྒྱུན། །ཨེ་མ་ཧོ་མཆོག་ཏུ་མྱ་ངན་འདས། །ཞེས་གསུངས་པ་སྟེ། །ཆོས་ཉིད་ཀུན་ཁྱབ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས། མཉམ་པ་ཉིད་དེ་སྐུ་གསུང་ཐུགས་ཀྱི་རྣམ་པས། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་བཞུགས་ཤིང༌། རྟག་བརྟན་གཡུང་དྲུང་དུས་ལས་གྲོལ་བ་དེ་ནི། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་ལ་དབྱེར་མི་ཕྱེད་པ་ལྟར་ཁྱབ་པའི་ཚུལ་གྱི་ཡང་བྱུང་ངོ༌། །དེ་ཉིད་རྫུ་འཕྲུལ་ལམ་འབྱོར་པ་སྟེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ཡང་ལྡན་པའོ། །ལུས་ངག་ཡིད་གསུམ་གྱི་གདོད་མའི་གནས་ཚུལ་དེ་མངོན་དུ་གྱུར་པ་ལ་བྱང་ཆུབ་ཐོབ་པ་ཞེས་བྱ་ཞིང༌། དེ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་གནས་པའི་སྤྲོས་བྲལ་གྱི་སེམས་ཉིད་འདི་ཁོ་ན་ཡིན་ཏེ། དེ་ཡང་ལྷ་སྦྱིན་དང་ཡོན་ཏན་བཤེས་གཉེན་ལ་སོགས་པ་ལ་ཐ་དད་པར་ཡོད་པ་མ་ཡིན་ཏེ། འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཁྱབ་བྱེད་གཅིག་ཡིན་གྱི་གཉིས་པ་མེད་དོ། །དེའི་རང་བཞིན་ནམ་ཡང་རྟོགས་པར་དཀའ་བས། འཁོར་བ་བ་ལ་ཤིན་ཏུ་ལྐོག་ཏུ་འགྱུར་པའང་ཡིན་ལ། རྣམ་འགྱུར་གྱི་ཆ་ཤས་ཉམས་སུ་མྱོང་བས་མངོན་དུ་གྱུར་པའང་ཡིན། སེམས་ཅན་རྣམས་ལ་རྣམ་ཤེས་ཀྱི་རྒྱུད་སོ་སོར་སྣང་བ་བཞིན་དུ། དེ་ཡང་སོ་སོར་ཡོད་པ་ལྟར་སྣང་ཞིང༌། ཅུང་ཟད་ལྐོག་གྱུར་འཇལ་བྱེད་ཀྱི་བློ་རྗེས་སུ་དཔག་པས་ཀྱང་སོ་སོར་གྲུབ་པ་སྙམ་ན། ཉིན་མོའི་སྣང་བ་ལ་འདབ་ཆགས་འུག་པའི་མིག་ཤེས་བཞིན་དུ། རྗེས་དཔག་དང་སོ་སོ་སྐྱེ་བོའི་མངོན་སུམ་ནི་ཟབ་མོའི་གནས་འདི་ལ། རྟག་ཏུ་ཕྱོགས་བསླད་པ་ཡིན་ཏེ། དཔེར་ན་ལྷའི་དབང་པོའི་


TNT10_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་དགུ་བཅུ་རྩ་གཅིག་དག་ནི། རང་རང་གི་སྣང་བ་ལ་བརྒྱ་བྱིན་ནི་བདག་ཉིད་ཁོ་ན་དང་རྩེ་བར་སེམས་པ་བཞིན་ནོ། །ཅི་སྟེ་དེ་དག་ཤིན་ཏུ་ཐ་དད་པར་འགྱུར་པ་ཡིན་ན་ནི། སངས་རྒྱས་རྣམས་ལ་འཕྲིན་ལས་རྒྱ་ཆེ་ཆུང་གི་ཁྱད་ཡོད་པར་འགྱུར་ཏེ། ད་ལྟ་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱི་འཕྲིན་ལས་འདས་པའི་གདུལ་བྱ་ལམ་ཞུགས་པར་ཐལ་བའི་ཕྱིར་རོ། །འཕྲིན་ལས་ལ་ཁྱད་པར་ཡོད་ན་ནི་ཡེ་ཤེས་ལ་ཡང་ཁྱད་པར་ཡོད་པར་འགྱུར་རོ། །དེ་ལྟར་འཁོར་བའི་རྒྱུན་ལ་ཁྱབ་པའི་སེམས་ཉིད་དེ་ནི་མཆོག་ཏུ་མྱ་ངན་ལས་འདས་པ་སྟེ། ཞི་བདེ་ཡང་སོ་སོ་སྐྱེ་བོའི་དབང་པོའི་སྤྱོད་ཡུལ་ལས་འདས་པའོ། །འཁོར་བའི་རྒྱུན་ལ་ཁྱབ་པ་ལ་འཁོར་བའི་རྒྱུན་ཞེས་མིང་འདོགས་པ་ནི། བུར་ཤིང་གི་རྒྱུན་དང་བུ་རམ་གྱི་རྒྱུན་བཞིན་དུ་དབྱེར་མེད་དུ་འདྲེས་པ་ལྟར་སྣང་བ་དགོངས་སོ། །དོན་འདི་སྟོན་བྱེད་འདུས་པའི་རྒྱུད་ཉིད་ཀྱི་ཡང་ལེའུའི་གནས་སྐབས་ཐམས་ཅད་ན་བཞུགས་མོད་ཀྱི། ཧ་ཅང་མངས་པར་འགྱུར་བའི་ཕྱིར་མ་བྲིས་སོ། །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསང་བ་འདུས་པའི་རྒྱུད་དུ་གསུངས་པས་ཀྱང༌། དཔེ་དོན་གྱི་ཡེ་ཤེས་དེ་ཉིད་གསུངས་པ་ཡིན་ལ། དེ་བཞིན་དུ་རྗེས་དྲན་བཅུ་དྲུག་བསྟན་པས་ཀྱང༌། རྗེས་སུ་དྲན་པ་བཅུ་དྲུག་བདེ་བ་ཆེན་པོའི་ཐིག་ལེ། གནས་ཀྱི་ཁྱད་པར་ནམ་མཁའི་ཁམས་ན་གནས་པ་བསྟན་པས་ཀྱང༌། ཡེ་ཤེས་གཉིས་པོ་ཉིད་བསྟན་པའོ། །དེ་ལྟར་ཡང་


TNT10_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལེའུ་དྲུག་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་སྒོམ་པར་བྱ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ། །སྣའི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་སྒོམ། །ཞེས་གསུངས་ཤིང༌། དེ་བཞིན་དུ། ཉི་མའི་དཀྱིལ་འཁོར་དང༌། གསང་བའི་དཀྱིལ་འཁོར་དང༌། རིན་ཆེན་དཀྱིལ་འཁོར་དང༌། པདྨའི་དཀྱིལ་འཁོར་དང༌། འོད་ཀྱི་དཀྱིལ་འཁོར་སྒོམ་པ་སོགས་གསུངས་ཏེ། མཐར་ཨུཏྤལ་མཐིང་ཀའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་གྱི། །སྣའི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཚད་ཙམ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣའི་རྩེ་མོར་འདི་ཤེས་ཏེ། །བསྒོམས་པས་བྱང་ཆུབ་གཞོལ་བར་འགྱུར། །འཁོར་ལོ་ལ་སོགས་ཁྱད་པར་དུ། །བསྒོམ་པ་དེ་ནི་བརྟག་པར་བྱ། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས༌། །ཉམས་དགའ་བྱང་ཆུབ་གནས་འགྲུབ་འགྱུར། །སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །དེ་རུ་མདོར་ན་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་མཚན་པ་ཡི། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། ། ཅེས་གསུངས་པའི་དོན་ནི། །དཔེའི་ཡེ་ཤེས་ཀྱི་དབང་དུ་བྱས་ན། དྷཱུ་ཏཱིའི་མས་སྣ་རྡོ་རྗེ་ནོར་བུའི་མཁའ་དབྱིངས་སུ། ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་ཕྱིན་པའི་ཚེ། སངས་རྒྱས་ཀྱི་གཟུགས་དངོས་པོ་མེད་པའི་རང་བཞིན་སྒོམ་པ་དང༌། ཕྲ་མོའི་སྦྱོར་བ་སྟེ། གནས་དེར་རླུང་ཐིམ་པ་ན། ཡུངས་ཀར་ཏེ་ཐིག་ལེ་གཡོ་མེད་དུ་འགྱུར་ཞིང༌། འགྲོ་བ་རླུང་དང༌། མི་འགྲོ་བ་བདེ་བའི་སེམས། ཡུངས་


TNT10_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཐིག་ལེ་ལ་གནས་པ་ཡུན་རིང་དུ་སྒོམ་པར་བྱའོ། །ཉི་མའི་དཀྱིལ་འཁོར་ནི་སྟོང་ཉིད་དང༌། གསལ་བའི་དཀྱིལ་འཁོར་ལྷར་སྣང་དང༌། རིན་ཆེན་དཀྱིལ་འཁོར་བདེ་བ་ཉིད་དང༌། པདྨའི་དཀྱིལ་འཁོར་བདེ་བའི་རང་བཞིན་ཤེས་པས་མ་ཆགས་པ་དང༌། འོད་ཀྱི་དཀྱིལ་འཁོར་རླུང་གྱེན་དུ་གཡོ་བས་བཟུང་བ་དང༌། རིགས་ལྔའི་ཕྱག་མཚན་སྤྲོ་བ་ནི། མཐར་ཁམས་ལྔ་ཆར་གྱི་དྭངས་མ་མ་ཉམས་པར་མས་བརྟན་གྱི་ཚུལ་གྱིས་སྟེང་གི་འཁོར་ལོ་རྣམས་སུ་སྤྲོ་བའོ། །དོན་གྱི་ཡེ་ཤེས་ཀྱི་དབང་དུ་བྱས་ན། ཟླ་བ་དང༌། ཉི་མ་དང༌། གསལ་བ་དང༌། རིན་ཆེན་དང༌། པདྨ་དང༌། འོད་ཀྱི་དཀྱིལ་འཁོར་ཏེ་དྲུག་ཏུ་བཤད་པ་ན། ནོར་བུ་དང༌། ལྟེ་བ་སོགས་འཁོར་ལོ་བཞི་དང༌། དབུ་མའི་ཡས་སྣ་སྟེ། གནས་དྲུག་ན་གནས་པའི་ཐིག་ལེ་དྭངས་མའི་དབང་དུ་བྱས་པ་སྟེ། དེ་ཡང་ནམ་མཁའི་དབྱིངས་གནས་དེ་རྣམས་ཀྱི་དྷཱུ་ཏཱིའི་དབུས་སུ། ཡས་བབས་ཀྱི་དུས་སུ་ཞུ་བདེའི་བྱང་ཆུབ་ཀྱི་སེམས་བཅིངས། མས་བརྟན་གྱི་དུས་སུ། ཆོས་ཉིད་ཀྱི་ཐིག་ལེ་ལ་ཐིམ་པ་ནི། རྩའི་ནམ་མཁར་ཟླ་བ་སོགས་སྒོམ་པའི་དོན་ཡིན་ལ། སངས་རྒྱས་ཀྱི་གཟུགས་དང༌། སྤྱན་གྱི་ཚུལ་དང༌། གསུང་རྡོ་རྗེའི་ཚུལ་དང༌། འཁོར་ཁྱད་པར་དུ་སྤྲོ་བ་སོགས་ནི། ཡེ་ཤེས་ཀྱི་ལྷར་སྣང་རབ་འབྱམས་དང༌། ཇི་ལྟ་ཇི་སྙེད་པའི་ཤེས་པ་དང༌། གཞོམ་མེད་ཀྱི་སྒྲ་དང་སྤྲུལ་པ་ལ་སོགས་པའི་དོན་ནོ། །ཕྲ་མོའི་སྦྱོར་བ་ནི་ལས་རླུང་ཐིམ་པ་དང༌། ཡུངས་ཀར་བསམ་པ་ནི་ཞུ་བདེ་བཅིང་བ་དང༌། འགྲོ་དང་མི་འགྲོ་སོགས་ནི། ཐིག་ལེ་ཡེ་ཤེས་སུ་གྱུར་པའི་


TNT10_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དུ་གྱུར་པ་དང༌། རིགས་ལྔའི་ཕྱག་མཚན་སྤྲོ་བ་ནི། དབུ་མའི་ཡས་སྣར་རླུང་དང་ཐིག་ལེ་ཐིམ་པ་ན། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་གྱི་ཡེ་ཤེས་རབ་འབྱམས་སུ་གནས་གྱུར་པའོ། །དེས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། ཆོས་ཉིད་དོན་གྱི་ཡེ་ཤེས་གསང་བ་གསུམ་གྱི་མཚན་ཉིད་ཅན་དེ། རྐྱེན་དབུ་མའི་ནམ་མཁར་ཐིག་ལེ་རྟག་ཏུ་བཅིངས་པའི་ནུས་པ་མཐར་ཕྱིན་པ་ན། རྩ་རླུང་ཐིག་ལེ་རྣམས་ཆ་ཤས་ཆ་ཤས་ནས། འོད་གསལ་དུ་ཇི་ཙམ་ཐིམ་པ་དེ་ཙམ་དུ། གནས་ལུགས་ཀྱི་ཡེ་ཤེས་ཇེ་གསལ་ཇེ་གསལ་དུ་འགྱུར་རོ་ཞེས། དོན་གྱི་ཡེ་ཤེས་དེ་རྟོགས་བྱེད་ཀྱི་ཐབས་ཐུན་མོང་མ་ཡིན་པ་དང་བཅས་པ་བསྟན་པ་ཡིན་ཅིང༌། གནས་དྲུག་པོ་ལ་གཉིས་གཉིས་སུ་ཕྱེ་བས། གསང་རིམ་བཅུ་གཉིས་དང་སྦྱར་བ་དང་དོན་གཅིག་པའོ། །རྗེས་དྲན་བཅུ་དྲུག་ནི་ལེའུ་བདུན་པ་ལས་གསུངས་པ་སྟེ། སངས་རྒྱས། ཆོས་རྡོ་རྗེ། རིགས་རྗེས་དྲན་ཏེ་བཞི་ནི་མགྲིན་པ་ནས་སྤྱི་བོའི་བར་ལྷན་སྐྱེས་ཀྱི་ས་བཞི་དང༌། ཁྲོ་བོ་དམ་ཚིག་དཀྱིལ་འཁོར། སྔགས་ཐམས་ཅད་ཀྱི་སྒོ་གསུམ་རྗེས་དྲན་ནི། སྙིང་ག་ནས་མགྲིན་པའི་བར་ཁྱད་དགའི་ས་བཞི་དང༌། སྐུ་དང༌། གསུང་དང༌། ཐུགས་དང༌། སེམས་ཅན་རྗེས་དྲན་ནི། ལྟེ་བས་ནས་སྙིང་གའི་བར་མཆོག་དགའི་ས་བཞི་དང༌། དམ་ཚིག་གཉིས་པ་དང༌། ཤེར་ཕྱིན་གྱི་དམ་ཚིག་དང༌། མ་སྐྱེས་པ་དང༌། ཞེ་སྡང་གི་རིགས་ཀྱི་མཆོད་པ་རྗེས་སུ་དྲན་པ་རྣམས་ནི། གསང་བ་ནས་ལྟེ་བའི་བར་དགའ་བའི་ས་བཞིའོ། །དེ་ལ་དམ་ཚིག་གཉིས་པ་རྗེས་དྲན་ནི། ཞུ་བདེ་ནོར་བུའི་བར་གྱི་རྩ་ནང་དུ་བྱུང་ཞིང༌། སྟོང་པར་ཡང་ཡང་གསོད་པ་དང༌། ཤེར་ཕྱིན་གྱི་དམ་ཚིག་ནི། སྟོང་པ་ཁོ་ན་


TNT10_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པ་དང༌། མ་སྐྱེས་པ་ནི། སྟོང་པ་དང་བདེ་བ་རོ་གཅིག་ཏུ་བསྲེ་བ་དང༌། ཞེ་སྡང་གི་རིགས་མཆོད་ནི། ཐབས་ཤེས་ཀྱི་ཐིག་ལེ་ཁ་སྦྱོར་ལ་སྔར་བཞིན་སྒོམ་པ་སྟེ་རྐྱེན་དེ་རྣམས་ལ་བརྟེན་ནས། སྐུ་དང་གསུང་དང་ཐུགས་དང་བདེ་བའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་སུ་མཆེད་པ་ནི། རྗེས་དྲན་གྱི་དོན་ཡིན་ཏེ། སྐུ་གསུང་ཐུགས་དང་བདེ་བའི་སྣང་བ་མཆེད་པའི་ཕྱིར། རིམ་པ་བཞིན་དགའ་བའི་དགའ་བ་སོགས་རིམ་པ་བཞིའི་མཐར་འཇོག་ལ། སྣང་བ་སྣ་ཚོགས་པ་སྤྲོ་བའི་ཕྱིར་རྗེས་དྲན་ནོ། །དེ་བཞིན་དུ་ལྟེ་བ་ཡན་ཆད་དུ་གཏུམ་མོའི་འབར་སྣང་དང་བླ་ལྷག་ཏུ་འདྲེས་པས། རིགས་ལྔ་སོགས་ལྷ་སྐུའི་དཀྱིལ་འཁོར་རབ་འབྱམས་དང༌། སངས་རྒྱས་ཀྱི་གསུང་དང་ཐུགས་ཀྱི་རྣམ་པ་རྗེས་མཐུན་པ་དང༌། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་རྟོགས་པ་བཞི་པོ་སྐུ་རྗེས་དྲན་ལ་སོགས་པ་བཞི་དང་རིམ་པ་བཞིན་དུ་སྦྱོར་ཏེ། མཆོག་དགའི་དགའ་བ་ལ་སོགས་པ་བཞིར་སྦྱོར་བའི་རྒྱུ་མཚན་དང༌། རྗེས་དྲན་དུ་འཇོག་ཚུལ་གོང་དང་འདྲའོ། །དེ་བཞིན་དུ་མགྲིན་པའི་ཨོཾ་དང་འདྲེས་པས། ངག་ཚིག་གི་རྣམ་རྟོག་ཤིན་ཏུ་འགགས་པའི་ཕྱིར། ཁྲོ་བོ་དང༌། ལྟེ་བ་དང༌། མགྲིན་པའི་གཏུམ་མོ་འབར་བ་གཉིས་འཛོམས་པས། ཞུ་བའི་ཐིག་ལེ་ལྷག་པར་དམར་ཆད་དང་འདྲེས་པ་དང༌། དེ་ཉིད་དུས་ཀྱི་མེའི་ཐིག་ལེར་གྱུར་པས། དཀྱིལ་འཁོར་གྱི་སྣང་བ་སྔར་ལས་ཆེས་མཆེད་པ་དང༌། སྐུ་གསུང་ཐུགས་ཀྱི་སྣང་བ་གསུམ་རོ་མཉམ་དུ་རྟོགས་པར་གྱུར་པ་སྟེ། ཁྲོ་བོ་དམ་ཚིག་དཀྱིལ་འཁོར། སྔགས་ཀྱི་སྒོ་གསུམ་རྗེས་དྲན་ཏེ། རྒྱུ་མཚན་གཉིས་སྔར་བཞིན་


TNT10_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐུ་དང་གསུང་ཕན་ཚུན་རྒྱས་བཏབ་པའི་ཁྱད་པར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་སྣང་བ་དང༌། འཕྲིན་ལས་ཀྱི་སྣང་བ་རྣམས། མཐར་ཐུག་པའི་ཚུལ་དུ་བཤད་པ་ནི། སངས་རྒྱས་རྗེས་དྲན་ལ་སོགས་པ་བཞི་སྟེ། རྒྱུ་མཚན་གཉིས་པོ་སྔ་མ་དང་འདྲའོ། །རྗེས་དྲན་འདི་རྣམས་མཐར་ཕྱིན་པས་ཟུང་འཇུག་གི་སྐུ་འགྲུབ་པའི་ཕྱིར། འདི་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་དང་ནི། །ཆོས་འཛིན་མཆོག་གི་གསུང་དག་ཀྱང༌། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ། །གང་གཞན་ཕྲ་མོར་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། །བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར། །ཞེས་གསུངས་སོ། །འདི་དག་ལ་བརྗོད་པར་བྱ་བ་ཤིན་ཏུ་མང་མོད་དེ། ཟུར་མཚོན་ཙམ་མོ། །དེ་ལྟར་ན། རགས་པའི་རྩ་ནང་གི་མཁའ་ཁམས་ལ་ཞུ་བདེའི་ཐིག་ལེ་ཟིན་པ་ལ་བརྟེན་པའི་མས་བརྟན་རྗེས་དྲན་བཅུ་དྲུག་རྗེས་མཐུན་པ་ནི་དཔེའི་ཡེ་ཤེས་ཡིན་ལ། ཡེ་ཤེས་ཀྱི་སྣང་བའི་རྩ་དང༌། སྟོང་པ་རྣམ་པ་ཐམས་ཅད་པའི་མཁའ་ཁམས་སུ་ཐ་མལ་པའི་རྩ་རླུང་ཐིག་ལེ་རྣམས་ཡེ་ཤེས་ཀྱི་གཏུམ་མོ་དང༌། བདེ་བ་ཆེན་པོའི་ཐིག་ལེར་རོ་མཉམ་པར་འགྱུར་པའི་མས་བརྟན་རྗེས་དྲན་བཅུ་དྲུག་ནི་དོན་གྱི་ཡེ་ཤེས་སོ། །དེ་ཡང་གོང་དུ་སྨོས་པ་ལྟར་དོན་གྱི་ཡེ་ཤེས་དངོས་ནི་ཆོས་ཉིད་ཡིན་ཡང༌། དེ་ཉིད་དག་པ་གཉིས་ལྡན་གྱི་ཚུལ་དུ་རྟོགས་པའི་ཐོག་མ། མས་བརྟན་རྗེས་དྲན་གྱི་ས་དང་པོ་ནས་ཡིན་པས། མ་མཐའ་ནས་ངོས་བཟུང་བ་ཡིན་ནོ། །འཕགས་པའི་ས་རྣམས་ཀྱང༌། ས་བཅུ་གཉིས་དང་བཅུ་དྲུག་གི་རབ་ཏུ་དབྱེ་བ། གསང་


TNT10_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་སྐབས་འདི་དག་དང་འདྲ་བའི་ཕྱིར། རྣམ་གཞག་ལོགས་སུ་མ་བྱས་མོད་ཀྱི། འདི་བསྟན་པས་དེ་ཡང་ཤུགས་ལ་གོ་བར་དགོངས་ལ། དེའི་ཕྱིར་དོན་གྱི་ཡེ་ཤེས་ལམ་གྱིས་བསྡུས་པ་ཐམས་ཅད་རྗེས་དྲན་བཅུ་དྲུག་གམ། དཀྱིལ་འཁོར་དྲུག་གི་སྤྲོ་བའི་ནང་དུ་འདུས་པར་ཤེས་པར་བྱའོ། །དེ་ལྟར་ན་ཕྱི་ཤེས་རབ་མའི་བྷ་ག་དང༌། ནང་རྩའི་བྷ་ག་དང༌། མཐར་ཐུག་དེ་ཁོ་ན་ཉིད་སྟོང་པ་ཆེན་པོའི་བྷ་ག་ནམ་མཁའི་ཁམས་དེ་རྣམས་ནི། རིམ་བཞིན་ཞུ་བདེ་ཁོ་ན་དང༌། གཉིས་ཀ་དང༌། རང་བཞིན་ཁོ་ནའི་བདེ་བ་ཆེན་པོ་འབྱུང་བའི་གནས་ཡིན་པའི་ཕྱིར། བདེ་བ་ཅན་ཞེས་མངོན་པར་བརྗོད་དོ། །དེ་ལྟར་སྒྲ་བཤད་ཚང་བར་མ་ཟད། དེ་རྣམས་དག་པའི་རང་སྣང་ལས་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་བདེ་བ་ཅན་བྱུང་བའམ་ཡིན་པས། འབྲེལ་བ་རྒྱུ་མཚན་དུ་བྱས་པ་ཡིན་ནོ། བདེ་ཆེན་དང་ནམ་མཁའ་ཟུང་དུ་འཇུག་པ་དེ་ཉིད་འཁོར་བ་ཐམས་ཅད་ཀྱི་གཞིར་བསྟན་པ་ནི། ཕུང་པོ་དང་ནི་སོགས་ཏེ། ཆོས་གསུམ་དང་འགྲོ་བ་ཐམས་ཅད་བྱུང་བར་བསྟན་ཏོ། །སངས་རྒྱས་ཀྱི་གཞིར་བསྟན་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས་ཏེ། མྱ་ངན་འདས་ཞེས་པ་ནི། དེའི་རང་བཞིན་དུ་གནས་པ་ཡིན་གྱི། ཞིག་པ་ནི་མ་ཡིན་ནོ། །དེ་ཉིད་གྲུབ་མཐའ་ཐམས་ཅད་ཀྱི་བརྗོད་བྱར་བསྟན་པ་ནི། རིག་བྱེད་སོགས་ཏེ་གྲུབ་མཐའ་ཐམས་ཅད་ཀྱང་ཟུང་འཇུག་འདི་ལ་དམིགས་ནས་སྟོན་པའི་དོན་ནོ། །དོན་དམ་པའི་བདེ་བ་ཅན་དེ་ནི། ཡེ་ཤེས་ཀྱི་སྣང་བའི་ཡིད་དུ་འོང་ཞིང༌། མཆོག་ཏུ་བཀྲ་བའི་རྣམ་པ་འཛིན་པའི་ཕྱིར་ལྷ་རྫས་


TNT10_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ནི་སངས་རྒྱས་ཉིད་དང་ངོ་བོ་དབྱེར་མེད་ཀྱང༌། རྟེན་གྱི་ཚུལ་དུ་སངས་རྒྱས་རྣམས་ཀྱི་ལྷག་པའི་གནས་ཏེ་མཆོག་གི་གནས་སུ་བཞག་གོ །ཡེ་ཤེས་ལྔ་ནི་རྟེན་པའི་ཚུལ་གྱིས་དེར་བཞུགས་པའི་སངས་རྒྱས་ཡིན་ལ། །དེའི་བདག་ཉིད་དེ་རྣམ་འཕྲུལ་ལས་བྱུང་བ། ལྷ་སོགས་འགྲོ་དྲུག་གནས་པ་སྟེ་དོན་དམ་སྲིད་གསུམ་ཀུན་ཡང༌། བདེ་བ་ཆེན་པོ་དེ་ཉིད་ལས་རྣམ་འགྱུར་གྱི་ཚུལ་དུ་བྱུང་བ་ཡིན་ཏེ། མ་ལུས་པ་དེ་དག་སངས་རྒྱས་གར་མཁན་ལྟ་བུའི་རྣམ་འགྱུར་རོ། །དེ་ལ་གར་མཁན་ནི། སྐྱེས་བུ་གཅིག་ཉིད་འབག་དང་གོས་དང་ཆ་བྱད་སྣ་ཚོགས་པར་བསྒྱུར་ཡང་ངོ་བོ་གཅིག་ལས་མི་འདའ་བ་བཞིན་ནོ། དེ་དག་ཀྱང་རྩ་བ་གདོད་མའི་ཡེ་ཤེས་གཅིག་ཉིད། སངས་རྒྱས་ཀུན་འདུས་རྣམ་པ་ཀུན་ལྡན་ངོ་བོ་བདེ་ཆེན་འགྱུར་མེད་ཡིན་པ་ལ་ཐུག་ལ། དོན་འདི་དེ་དཔལ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། ཡེ་ཤེས་དེ་ཉིད་ངོ་བོ་མི་ཤིགས་པ་སྟེ། རྟག་པ་འགྱུར་མེད་གཞོམ་དུ་མེད་པར། སངས་རྒྱས་བྱེ་བ་རྙེད་དེ། མང་ཞིང་ཆེས་མང་བ་རྣམས་ཀྱི་བཞེད་པ་སྟེ། དགོངས་པ་གཅིག་པ་དང༌། དབྱངས་གཅིག་གིས། དུས་རྟག་ཏུ་གསུངས་ཏེ། ལེའུ་གཉིས་པ་བྱང་ཆུབ་སེམས་ཀྱི་ལེའུ་ཐམས་ཅད་དང༌། ལེའུ་ལྔ་པར་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ནས། །སྐུ་དང་གསུང་ཐུགས་རབ་ཏུ་དག །ནམ་མཁའ་དང་ནི་མཉམ་ཉིད་གནས། །རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་འདུད། །ཅེས་སྐུ་ལ་མ་དག་པའི་སྣང་བ་མེད་པ་དང་རྟག་པར་གསུངས་ཤིང༌། ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །དུས་གསུམ་དག་གི་ལམ་དུ་འབྱུང༌། །


TNT10_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ། །ནམ་མཁའི་ལམ་ལ་ཕྱག་འཚལ་འདུད། །ཅེས་ཐུགས་ནམ་མཁའ་ལྟ་བུར་སྤྲོས་བྲལ་དེ་ཉིད། དུས་གསུམ་ཤེས་བྱ་ཀུན་གྱི་ཚུལ་དུ་འབྱུང་བར་བསྟན་ཅིང༌། གཞན་ཡང༌། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཞེས་པ་ལ་སོགས་པས་མི་ཤིགས་པ་སྟེ། འགྱུར་མེད་རྣམ་པ་ཐམས་ཅད་པ་དེ་ཡང་ཡང་གསུངས་ལ། དེ་བཞིན་དུ་རི་རྒྱལ་ལྷུན་པོའི་རྡུལ་གྱི་གྲངས་དང་མཉམ་པའམ། གང་གཱའི་བྱེ་མ་དང་མཉམ་པ་ལྟ་བུར་ཆེས་མང་བའི་སངས་རྒྱས་རྣམས་ཀྱིས་ནམ་མཁའི་དབྱིངས་འདི། ཀུན་ནས་ཏིལ་གྱི་གང་བུ་ལྟར་གོ་མཚམས་མེད་པར་གང་ངོ་ཞེས་གསུངས་པ་ཡང༌། མཁའ་ཁམས་དང་ཐིག་ལེ་འདི་ལ་སངས་རྒྱས་ཐམས་ཅད་གདོད་མ་ནས་བཞུགས་པའི་དོན་ནོ། །དེ་ཡང་དཔལ་འདུས་པའི་གླེང་གཞིའི་ཡི་གེའི་ཚིག་རྣམས་སོང་བའི་རྗེས་སུ། དམ་ཚིག་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཞིང་གི་རྡུལ་རྙེད་དང༌། སངས་རྒྱས་མཁའ་དབྱིངས་དང་མཉམ་པ་རིགས་ལྔ་ལ་སོགས་པའི་འཁོར་གྱི་རྣམ་གྲངས་གསུངས་ནས། དེ་དག་ལ་སོགས་པ་ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་པ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཤིན་ཏུ་གང་བར་གྱུར་ཏོ། །ཞེས་གསུངས་པ་འདིའི་དོན་ཏེ། མཁའ་དབྱིངས་སངས་རྒྱས་ཀྱིས་གང་བ་ནི་སེམས་ཉིད་སངས་རྒྱས་


TNT10_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ཡིན་པའི་དོན་དེའི་གང་གཱའི་བྱེ་མ་གྲངས་སྙེད་ཀྱི་མཁའ་དབྱིངས་ཡོངས་སུ་གང་བའི་དེ་བཞིན་གཤེགས་པ་མཐའ་དག་རྣམས་ཀྱི་སྤྲོས་བྲལ་རྣམ་པ་ཐམས་ཅད་པར་འཆར་པའི་རིགས་པ་འདི་ཉིད་ཐུགས་ལ་བཞག་ནས། གསང་བ་འདུས་པའི་རྒྱུད་ཀྱི་ཐོག་མ་དེར་ནི། འདི་སྐད་དེ་ཨེ་ཝཾ་གསུངས་པ་ཡིན་ནོ། །དེས་ན་མི་ཤིགས་པའི་བདེ་བ་དེ་ནི་ཝཾ་ཡིན་ལ། སངས་རྒྱས་ཀུན་ལྡན་གྱི་མཁའ་ཁམས་དེ་ནི་ཨེ་ཡིག་གོ །གསུམ་པ་ནི། དཔེར་ན། ཡུངས་མར་གྱིས་བསླན་སྡོང་བུ་ནི། །མར་མེའི་རྩེ་མོའི་རྒྱུན་ནི་རབ་ཏུ་འཇུག །དེ་ནི་ཡུངས་མར་སྡོང་བུ་ཟད་དུས་འགྱུར། །ཞི་བར་གྱུར་ཏེ་ཡེ་ཤེས་འདི་དེ་བཞིན། །ཡུངས་མར་སྡོང་བུ་གང་ཞིག་རྩེའི་རྒྱུན་གང༌། མར་མེའི་ལུས་གང་མེ་ཡི་དངོས་པོ་གང༌། །སྣང་བའི་ངོ་བོའམ་ཡང་ན་མུན་པ་སྟེ། །དེ་ལ་སོགས་པ་ལེགས་པར་རྟོགས་པར་གྱིས། །དཔེར་ན་གཙུབ་ཤིང་གཙུབ་གཏན་ལག་པ་ཡི། །རྩོལ་བ་ལ་བརྟེན་མེ་ཡི་རྩེ་དམིགས་པ། །བརྟགས་ན་གཙུབ་ཤིང་སོགས་ལ་ཡོད་མ་ཡིན། །དེ་བཞིན་འགྲོ་བ་གཡོ་ལ་སོགས་པའོ། །འགྲོ་བ་མཐའ་དག་སོ་སོར་སྣང་བ་ཙམ། །བདེ་སོགས་ངོ་བོ་མ་བརྟགས་ཉམས་དགའ་བ། །འདི་སྐད་བདག་གིས་ཞེས་བྱ་ལ་སོགས་དག །བསམ་མི་ཁྱབ་སྟེ་ཇི་ལྟ་དེ་ལྟའོ། །ཞེས་ཏེ། འོ་ན་ལམ་བསྒོམས་པས་འཁོར་བ་འགག་པའི་ཕྱིར། མ་འགགས་གོང་དུ་འཁོར་བ་གནས་ཚུལ་དུ་ཡོད་པ་མ་ཡིན་ནམ། བདེ་བ་དང་རྣམ་པ་ཐམས་ཅད་ལ་འཁྲུལ་པ་ཙམ་འཁོར་བ་མ་ཡིན་ནོ་སྙམ་ན། དཔེར་ན་ཡུངས་མར་གྱིས་བསླན་པའི་སྡོང་བུ་ནི། མེ་སྤར་ན།


TNT10_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་མར་དང་སྡོང་བུ་ཡོད་ཀྱི་བར་དུ། མར་མེའི་རྩེ་མོ་སྟེ་མེ་ལྕེའི་རྒྱུན་དེ་རབ་ཏུ་འདུག་ལ། ནམ་ཞིག་ཡུངས་མར་དང༌། སྡོང་བུ་ཡོངས་སུ་ཟད་པར་འགྱུར་པའི་དུས་སུ་ནི། མེ་ལྕེ་ཡང་ཞི་ཞིང་མནལ་བར་འགྱུར་ཏེ། དེ་བཞིན་དུ་རྣམ་ཤེས་འདི་ཡང་འཁྲུལ་པའི་རྒྱུ་ཚོགས་ཀྱི་སྣང་བ་ཡོད་ཀྱི་བར་དུ། འཁོར་བ་སྣང་ལ། རྒྱུ་ཚོགས་དེ་ཡང་ནམ་ཞིག་པ་ན་འཁོར་བ་མི་སྣང་ངོ༌། །འོ་ན་རྒྱུ་ལས་བྱུང་བའི་ཕྱིར་བདེན་ནོ་སྙམ་ན་འཁྲུལ་པའི་རྒྱུ་ལས་འཁྲུལ་པའི་འབྲས་བུ་བྱུང་བ་སྟེ། རྒྱུ་ཡུངས་མར་དང་སྡོང་བུ་ཡང་གང་ཞིག་ཡོད་དེ། གཅིག་ཏུ་བྲལ་གྱི་རིག་པ་ལྟ་བུས་བཙལ་ན་མེད་ལ། འབྲས་བུ་རྩེ་མོ་སྟེ་མེ་ལྕེའི་རྒྱུན་ཡང་གང་ལས་སྐྱེ་རྣམ་པར་བརྟགས་ན་སྐྱེ་བ་མི་འགྲུབ་ཅིང༌། རྒྱུན་ལ་བརྟགས་ནའང་རྒྱུན་དེ་རིགས་པས་མི་འགྲུབ་བོ། །དེ་བཞིན་དུ་མར་མེའི་ལུས་ཏེ། གཟུགས་དབྱིབས་དང༌། མེའི་དངོས་པོ་ཚ་བ་སོགས་ཀྱང་བརྟགས་ན་གང་ཞིག་ཡོད་ཏེ་མེད་དོ། །དེ་བཞིན་དུ་སྣང་བ་དང་མུན་པ་ཡང་བློས་བཏགས་པ་ཙམ་ཡིན་གྱི། ངེས་པར་མ་གྲུབ་སྟེ། དེ་ལ་སོགས་པ་ཀུན་རྫོབ་འཁོར་བའི་ཆོས་ཐམས་ཅད་བདེན་མེད་དུ་ལེགས་པར་རྟོགས་པར་གྱིས་ཤིག དཔེར་ན་གཙུབ་ཤིང་དང་གཙུབ་གཏན་དང༌། སྐྱེས་བུའི་ལག་པའི་རྩོལ་བ་ལ་བརྟེན་ནས། མེའི་རྩེ་དམིགས་ཤིང་མཐོང་བར་འགྱུར་ཡང༌། བརྟགས་ན་གཙུབ་ཤིང་ལ་སོགས་པ་རེ་རེ་ལ་མེ་ཡོད་པ་མ་ཡིན་ཞིང༌། རེ་རེ་མ་ཡིན་པའི་ཚོགས་པ་ཡང་མི་འགྲུབ་སྟེ། གང་ལས་ཀྱང་མ་བྱུང་བས་བྱུང་བར་སྣང་བ་ནི་འཁྲུལ་པའོ། །དེ་བཞིན་དུ་སྣོད་བཅུད་ཀྱི་འགྲོ་བ་དང༌། སྐྱེ་འཇིག་ལ་སོགས་པའི་གཡོ་བ་ཡང༌། མེད་སྣང་འཁྲུལ་པའི་


TNT10_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཚོགས་ལས། མེད་སྣང་འཁྲུལ་པའི་འབྲས་བུ་བྱུང་བ་ཡིན་ལ། དེ་ལས་དེ་བྱུང་བའམ་འཁྲུལ་པའོ། །དེའི་ཕྱིར་འགྲོ་བ་མཐའ་དག་རྣམ་ཤེས་ལ་སོ་སོར་སྣང་བ་ཙམ་ཡིན་ཅིང༌། ཚོར་བ་བདེ་བ་ལ་སོགས་པ་བདེ་སྡུག་མྱོང་བ་ཀུན་ཡང༌། མ་བརྟགས་གཅིག་པུར་ཉམས་དགའ་བ་ཙམ་ཡིན་གྱི། བརྟགས་ན་ངོ་བོས་མེད་དོ། །དེ་བས་ན་ཇི་ཙམ་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་ཐམས་ཅད་ཡོད་པ་མ་ཡིན་ཀྱང༌། འདི་སྐད་བདག་གིས་ཞེས་པ་ལ་སོགས་པའི་ངག་གིས་བསྟན་དོན། བསམ་མི་ཁྱབ་པའི་ཡེ་ཤེས་དེ་ནི་ཇི་ལྟ་བའི་གནས་ལུགས་ལ་དེ་ལྟར་གནས་ཤིང༌། བདེན་པར་གྲུབ་པ་མི་བསླུ་བ་མི་འགྱུར་བའོ། །མར་མེ་དང་གཙུབ་ཤིང་གི་དཔེ་འདི་དག་གིས་ལྷན་ཅིག་སྐྱེས་པ་དོན་གྱི་ཡེ་ཤེས་བདེན་མེད་དུ་བསྟན་པར་འདོད་པ་ནི། གཞུང་གི་སྔ་ཕྱིའི་བབས་མ་གོ་བར་མ་ཟད། ཚིག་རྐང་ཐ་མ་འདི་གཉིས་ཀྱི་དོན་ཡང་མ་གོ་བའི་བབ་བཅོལ་ལོ། ། ལེའུའི་མཚན་བསྟན་པ་ནི། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས་རྣམ་པར་ཤེས་པའི་ངོ་བོ། ཀུན་རྫོབ་པ་རྐྱེན་ལས་འབྲེལ་ཏེ་འབྱུང་བ་སོ་སོར་སྣང་བ་ཙམ་བསམ་གྱིས་མི་ཁྱབ་པ་ཉིད། འདི་སྐད་བདག་གིས་ཞེས་པ་ལ་སོགས་རྣམ་པས་བཤད་པ་བསྟན་པ་སྟེ་གསུམ་པའོ། །ཞེས་པ་སྟེ་ཀུན་རྫོབ་རྟེན་འབྲེལ་ནི་སྤྱི་ལྡོག་ནས་ཀྱང་བསྟན་ལ། ཁྱད་པར་མཚན་གཞི་དཔེའི་ཡེ་ཤེས་ཀྱི་སྟེང་དུ་ངེས་པར་བྱེད། བསམ་མི་ཁྱབ་ནི་དོན་གྱི་ཡེ་ཤེས་དོན་དམ་པའོ། །དེའི་ཕྱིར་འབྲོག་མིའི་འགྱུར་ལས། ཀུན་རྫོབ་བརྟེན་ཅིང་འབྲེལ་བར་འབྱུང་བ་སོ་སོར་སྣང་བ་ཙམ་དང༌། བསམ་གྱིས་མི་ཁྱབ་པ་སེམས་དཔའ་རབ་ཏུ་ཤེས་པའི་ངོ་བོ། འདི་སྐད་


TNT10_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཐོས་པ་ལ་སོགས་པ་ཞེས་འབྱུང་བ་ལྟར། དཔེ་དང་དོན་ཀུན་རྫོབ་དང་དོན་དམ་སོ་སོར་ཕྱེ་བའི་ཚིག་སྟེ། འགྱུར་དེ་ལྟར་ལེགས་སོ། །ལེའུ་གསུམ་པའི་བཤད་པའོ།། །། ད་ནི་ལེའུ་བཞི་པ་གསང་བའི་དེ་ཁོ་ན་ཉིད་དེ། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་དོན་ལ་བཞུགས་པར་བསྟན་པ་ལ། བཤད་པར་དམ་བཅའ་བ་དང༌། ལེའུ་གཞུང་དངོས་སོ། །དང་པོ་ནི། དེ་ནས་རྣལ་འབྱོར་མ་རྒྱུད་ཀྱི། །རིམ་པ་གཞན་ཡང་བཤད་པར་བྱ། །ཞེས་པ་སྟེ། རྣལ་འབྱོར་མའི་རྒྱུད་ལས་གསུངས་པའི་གཞི་ལམ་འབྲས་བུའི་རིམ་པ། སྔར་ཕ་རྒྱུད་ཀྱི་རིམ་པ་དང་དོན་གྱི་གནད་གཅིག་ཀྱང༌། ཚིག་ཐ་དད་ཅིང་དོན་གྱི་སྡེ་ཚན་ཡང་སྟོན་ཚུལ་མི་འདྲ་བ་གཞན་ཡང་བཤད་པར་བྱ་ཞེས་པའི་དོན་ནོ། །གཉིས་པ་ལེའུའི་གཞུང་དངོས་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་མོ། །དང་པོ་ལ་གཉིས་ཀྱི། དོན་ཚན་དང་པོ་རྒྱུད་གཉིས་དོན་མཚུངས་པར་བསྟན་པ་ནི། རྣལ་འབྱོར་གྱི་ནི་རྒྱུད་དག་ཏུ། །འདི་སྐད་ཅེས་སོགས་གསུངས་པ་གང༌། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །མེ་སྟེ་གཞན་དག་སོག་མ་འདྲ། །རང་བཞིན་དབྱེ་བ་ཡོད་མིན་ཞེས། །ཐུགས་ཀྱི་རྡོ་རྗེས་དེ་སྐད་གསུངས། ཞེས་ཏེ་འགོས་འགྱུར་ལས། རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །ཞེས་འབྱུང་བ་དོན་འདི་དང་འདྲ་ཡང་དེ་བཞིན་གཤེགས་པའི་སྐད་དོད་ཡོད་མེད་བརྟག་གོ །རྣལ་འབྱོར་གྱི་རྒྱུད་གསང་བ་འདུས་པ་ལ་སོགས་པ་དག་ཏུ། འདི་སྐད་ལ་སོགས་པ་གླེང་གཞིའི་ཚིག་ཏུ་གསང་བའི་དོན་གང་ཡིན་པ་དེ་ཉིད་རྣལ་འབྱོར་མའི་རྒྱུད་དུ་ཡང༌།


TNT10_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ཡེ་ཤེས་ཀུན་རྟོག་སྲེག་པའི་མེ་དང་འདྲ་བ་དེ་བསྟན་གྱི། ཅི་སྟེ་རྟག་པ་མཐར་བཟུང་དུ་གཞན་དག་སྟེ། དེ་མི་སྟོན་ན་ནི་སོག་མ་དང་འདྲ་བར་སྙིང་པོ་མེད་དོ། །སྐབས་འདིར། འབྲོག་འགྱུར་ལས་ནི། འདི་སྐད་ལ་སོགས་གསུངས་པ་ནི། །དེ་ཉིད་རྣལ་འབྱོར་མ་རྒྱུད་དོ། །གཞན་དག་སྲིན་བུས་ཟོས་རྩྭ་མཚུངས། །ཞེས་འབྱུང་བ་ལྟར་ན། འདི་སྐད་སོགས་ཀྱི་དོན་དེ་ཉིད། །རྣལ་འབྱོར་མའི་རྒྱུད་དུ་ཡང་བཤད་དོ། །ཟུང་འཇུག་དེ་མ་ཡིན་པའི་དོན་གཞན་སྙིང་པོར་བྱས་ཏེ་སྟོན་ན། །འབུས་ཟོས་རྩྭ་ལྟར་སྙིང་པོ་མེད། །ཅེས་པའོ། །དེས་ན་དེ་གཉིས་གྲུབ་དོན་གཅིག་ཀྱང༌། གཞུང་གི་ས་མཚམས་གཅོད་ལུགས་མི་འདྲ་བར་བྱུང་ཞིང༌། མེ་སྟེ་ཞེས་པའི་དོན་དུ། འབུས་ཟོས་ཞེས་འབྱུང་བ་རྒྱ་དཔེ་རྙེད་ན་རྒྱ་སྐད་ལ་བརྟག་ཅིང༌། སྐད་དོད་ལ་འགྲིག་ན་འབྲོག་འགྱུར་ལེགས་སོ། །དེ་ལྟར་ན་ཕ་རྒྱུད་མ་རྒྱུད་གཉིས་པོ་བརྗོད་བྱའི་དོན་གྱི་རང་བཞིན་ལ་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེས་དེ་སྐད་དུ་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་འཆང་གིས་ཁ་སྦྱོར་ཐིག་ལེ་ལ་སོགས་པ་ལས་གསུངས་སོ། །དོན་ཚན་གཉིས་པ་ཧེ་རུ་ཀའི་མཚན་དོན་བཤད་པ་ནི། ཧེ་ནི་རྒྱུ་དང་བྲལ་བ་སྟེ། །རུ་ནི་ངོ་བོ་མཉམ་པས་སོ། །ཀ་ནི་གང་ནའང་མི་གནས་པ། །ཤྲཱི་ནི་གཉིས་སུ་མེད་པར་གནས། །ཤྲཱི་ཞེས་བྱ་བྷ་གར་བརྗོད། །ཧེ་རུ་ཀ་ནི་སེམས་ཞེས་བྱ། །མཁའ་དབྱིངས་གནས་པ་དེ་ཉིད་དེ། །ཧེ་རུ་ཀ་དཔལ་ཞེས་བྱར་བརྗོད། །རྒྱུད་བྱེད་པ་ནི་ཡེ་ཤེས་སོ། །དེ་ལས་སྐྱེས་པ་ཞེས་བྱ་སྟེ། །རྣལ་འབྱོར་མ་རྣམས་ལེགས་འདུས་པའི། །ཛ་ལན་དྷ་ར་དཔལ་གནས་སུའོ། །ཞེས་ཏེ། རྒྱུད་བྱེད་པ་ནི་སོགས་ལ། འགོས་


TNT10_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཟང་མ་ལས། ཡེ་ཤེས་དེ་དབང་བྱེད་པ་སྟེ། །ཞེས་འབྱུང་ཞིང༌། འབྲོག་འགྱུར་ལས། ཡེ་ཤེས་དེ་ནི་རྒྱས་འབྱེད་ཅིང༌། །ཞེས་འབྱུང་བས། དོན་དེ་བཞིན་དུ་བཤད་ན་ལེགས་སོ། །ཧེ་ཡིག་ནི་རྒྱུ་རྐྱེན་ཐམས་ཅད་དང་བྲལ་བའི་རང་བྱུང་གདོད་མའི་ཡེ་ཤེས་ཆོས་སྐུ་ཐུགས་རྡོ་རྗེ་དང༌། རུ་ཡིག་ནི། སྒྲ་དང་རྟོག་པའི་ངོ་བོ་མཉམ་པའི་གསུང་རྣམ་པ་ཐམས་ཅད་པ་ལོངས་སྐུ་རྡོ་རྗེ་དང༌། ཀ་ཡིག་ནི་འཁོར་བ་རྡུལ་ཕྲ་རབ་དང་རྣམ་ཤེས་ཀྱི་ཆོས་ལ་མི་གནས་ཤིང༌། མྱང་འདས་སྟོང་ཉིད་ཙམ་ལའང་མི་གནས་པར་ཡེ་ཤེས་ཀྱི་དཀྱིལ་འཁོར་འགག་པ་མེད་པ་སྐུ་རྡོ་རྗེ་སྤྲུལ་སྐུ་འཁོར་འདས་གང་ནའང་མི་གནས་པ་དེའོ། །དེ་ལྟར་ན་རྡོ་རྗེ་གསུམ་བདེ་བ་ཆེན་པོའི་ངོ་བོར་མཉམ་པ་ནི། ཧེ་རུ་ཀ་ཡིན་ལ། ཤྲཱི་ནི་གཟུང་འཛིན་གཉིས་སུ་མེད་ཀྱང་གདོད་མ་ནས་གནས་པའི་ཡེ་ཤེས་ཏེ། རང་ཉིད་རྣམ་པ་ཀུན་ཏུ་མི་འགྱུར་བར་གནས་པས་རང་གི་དཔལ་དང༌། དེ་ཉིད་ཆོས་ཐམས་ཅད་ལ་ཆོས་ཉིད་དུ་སོང་བས་གཞན་གྱི་དཔལ་ལོ། །དེས་ན་བདེ་བས་བརྒྱན་པའི་སྟོང་པ་རྣམ་པ་ཐམས་ཅད་པ་ཤྲཱི་ཞེས་བྱ་བ་དེ་ནི་ཨེ་དང་རྡོ་རྗེ་བཙུན་མོའི་བྷ་གར་བརྗོད་ལ། ཧེ་རུ་ཀ་ནི། ཝཾ་ཡིག་དང་བཅོམ་ལྡན་འདས་ཀྱི་དོན་ཏེ། རྣམ་པ་ཐམས་ཅད་པའི་བརྒྱན་པའི་བདེ་ཆེན་གྱི་སེམས་ཞེས་བྱའོ། །དེས་ན་མཁའ་དབྱིངས་གནས་པ་ཞེས་གོང་དུ་བཤད་པ་ལས། ཤྲཱི་ནི་མཁའ་དབྱིངས་དང༌། ཧེ་རུ་ཀ་ནི་དེར་གནས་པ་དེ་ཉིད་དེ། བདེ་བ་དང༌། ཟུང་དུ་འཇུག་པའི་སྟོང་པ་དང༌། སྟོང་པ་དང་ཟུང་དུ་འཇུག་པའི་བདེ་བ་ཡང་མིང་འདོག་ཐ་དད་མ་


TNT10_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས། དོན་གྱི་དབྱེ་བ་མེད་པ་ནི་ཟུང་འཇུག་སྟེ། ཧེ་རུ་ཀ་དཔལ་ཞེས་བྱ་བར་བརྗོད་དོ། །རྒྱུད་བྱེད་པ་སྟེ་ཞེས་བསྒྱུར་བ་ལྟར་ན། རྒྱུད་བྱེད་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཧེ་རུ་ཀའི་ཡེ་ཤེས་དེ་ཡིན་ལ། དེ་ལས་སྐྱེས་པ་སྟེ་ཤྲཱི་ནི། ཛ་ལནྡྷ་ར་སྟེ་གནས་ཕུན་སུམ་ཚོགས་པར་བརྗོད་དོ། །འཁོར་ནི་རྣལ་འབྱོར་མ་རྣམས་ལེགས་བསྡུས་ཞེས་འཆད་པར་སྣང་ངོ༌། །འོན་ཀྱང་འདི་ལྟར་བཤད་ན་ལེགས་ཏེ་གདོད་མ་ནས་ཤྲཱི་ཧེ་རུ་ཀའི་ཡེ་ཤེས་དེ། དབང་དུ་བྱེད་པའམ། རྒྱས་ཤིང་གསལ་བར་འབྱེད་པ་སྟེ། མངོན་དུ་འགྱུར་ཞིང་རྟོགས་པའི་ཐབས་ནི། ཡེ་ཤེས་དེ་ལས་སྐྱེས་པ་སྟེ། དེའི་སྟོབས་ལས་བྱུང་བའི་ཞུ་བདེ་འཛག་མེད་ཀྱི་རང་བཞིན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དེ་ཡིན་ལ། དེས་རྣལ་འབྱོར་མ་རྩའི་དྲ་བ་ཐམས་ཅད་ལེགས་པར་འདུས་པ་སྟེ། ཀུན་རྫོབ་ཀྱི་རྩ་རྣམས་དོན་དམ་དབུ་མར་དག་ཅིང༌། ཛ་ལནྡྷ་ར་སྤྱི་གཙུག་གཙུག་ཏོར་གྱི་དབུ་ན་ཟུང་འཇུག་ལ་སོགས་པ་ཡོན་ཏན་བསྐྱེད་པའི་དཔལ་གྱི་གནས་སུ་ཐིམ་པ་ལས་ཤྲཱི་ཧེ་རུ་ཀ་མངོན་དུ་བྱེད་དོ། །འདིར་རྣལ་འབྱོར་མའི་བརྡས་བསྟན་པའི་རྩའི་དྲ་བ་ནི་མཚོན་པ་ཙམ་སྟེ་རླུང་དང་ཁམས་ཀྱི་བསྒྲོད་པ་ཡང་གཙུག་ཏོར་དུ་ཐིམ་པ་ཁོ་ན་ཡིན་ལ། དེ་ལྟ་བུའི་ལམ་གྱིས་ཡེ་ཤེས་དེ་ཡང་ཤྲཱི་ཧེ་རུ་ཀའོ། །དེ་བས་ན་ཡེ་ཤེས་དེ་དབང་བྱེད་པ་ནི། དེ་ལས་སྐྱེས་པ་ཞེས་བྱ་སྟེ། །ཞེས་འདོན་པ་བསྒྱུར་བར་བྱའོ། །ལེའུ་གཉིས་པར་གསང་བ་འདུས་པའི་མཚན་དོན་བཤད་པ་ལྟར། འདིར་ཡང་ཧེ་རུ་ཀའི་མཚན་དོན་དེ་ལྟར་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ནི་གླེང་གཞིའི་ཚིག་འབྲུ་


TNT10_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་བ་སྟེ། དེ་ལ་ལུས་སོགས་དཀྱིལ་འཁོར་གསུམ་བསྟན་པས་རྒྱུད་ཀྱི་དངོས་པོ་བཤད་པ་དང༌། གླེང་གཞིའི་ཚིག་རྐང་དྲུག་པོ་ལམ་དང་བཅས་པའི་འབྲས་བུ་ལ་སྦྱར་བའོ། །དང་པོ་ནི་རྐང་མཐིལ་གཞུ་ཡི་རྣམ་པ་ཡི། །རླུང་གི་དཀྱིལ་འཁོར་ཡང་དག་གནས། །ལྟེ་བའི་ཕྱོགས་འདིར་མེ་ཉིད་ནི། །གྲུ་གསུམ་རྣམ་པ་འབར་བའོ། །ལྟོ་བར་ཆུ་ཞེས་གྲགས་པ་ཡི། །དཀྱིལ་འཁོར་ཟླུམ་པོའི་རྣམ་པའོ། །སྙིང་ག་རུ་ནི་ས་ཉིད་དོ། །ཀུན་ནས་གྲུ་བཞི་པ་ཡིན་ནོ། །དེ་སྟེང་མགྲིན་པའི་ཕྱོགས་སུ་ནི། །རི་རབ་རི་ཡི་རྒྱལ་པོ་ཡང༌། རིགས་བརྒྱད་རིམ་པ་བདུན་ཡིན་ཏེ། །རིན་ཆེན་པོ་དང་ལྡན་པའོ། །དེ་ཡི་རྩེ་མོ་མགོར་གསུངས་ཏེ། །འདབ་སྐྱེས་འདབ་མ་སུམ་ཅུ་གཉིས། །དེ་ཡི་དབུས་སུ་ཧཾ་ཡིན་ཏེ། །ཨཱ་ལི་ཀཱ་ལིས་ལས་སྤྲུལ་པ། །མི་ཤིགས་གོ་འཕང་ཉམས་དགའ་བ། །བདེ་བ་ཆེན་པོ་ཞེས་བྱར་བརྗོད། །ཅེས་སོ། །དེ་ཡང་གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཅེས་པ་ལ་གསང་པ་སའི་ཁམས་ཡིན་ནོ། །ཞེས་སོགས་འབྱུང་བ་སྐབས་འདིར་ཡང་སྦྱར་ཏེ། གསང་བས་ནི། སྙིང་ག་ས་མཆོག་གིས་ལྟོ་བ་ཆུ། དགྱེས་པས་སུམ་མདོ་མེ། ཐམས་ཅད་བདག་ཉིད་ཀྱིས་རྐང་མཐིལ་རླུང༌། རྟག་ཏུ་བཞུགས་ཀྱིས་རི་རབ་སྟོད་སྨད་སྒལ་ཚིགས་མགོ་དང་བཅས་པའོ། །ཡང་གསང་བ་ས་ལྟེ་བ་མཆོག་ཆུ་སྙིང་ག་སྟེ། ས་ཆུ་བསྡོམས་པ་ནི་ཨཱ་ལིས་མཚོན་ལ། དགྱེས་པ་མེ་མགྲིན་པ། ཐམས་ཅད་བདག་ཉིད་རླུང་སྤྱི་བོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཉིད་དེ། མེ་རླུང་


TNT10_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་པ་ཀཱ་ལིས་མཚོན་ནོ། །རྟག་ཏུ་བཞུགས་པ་བདེ་བ་ཆེན་པོ་ནི། །སྤྱི་བོའི་ཧཾ་ཡིག་དཔལ་ཧེ་རུ་ཀ་ཉིད་དང༌། རྩ་སུམ་ཅུ་རྩ་གཉིས་ལ་སོག་པ་རྩའི་ཚོགས་པ་མཁའ་འགྲོ་མའི་དྲ་བ་རྣམས་སོ། །པདྨའི་འདབ་མ་ལ་མངོན་པར་བྱང་ཆུབ་པ་འགོད་པ་ནི། འཁོར་ལོ་བཞིའི་དྭངས་མ་རྣམས་སྤྱི་བོར་འདུ་བའི་དོན་ནོ། །ཚིག་དོན་གཞན་རྣམས་གོ་བླ་ལ། ལྟེ་བའི་ཕྱོགས་ཅེས་པ་ལྟེ་འོག་སྟེ་གསང་བའོ། །རིགས་བརྒྱད་ནི་རི་རབ་ཀྱི་རྩེ་མོ་བརྒྱད། རིམ་པ་བདུན་ནི། གསེར་གྱི་རི་བདུན་ནོ། །རི་རབ་ཀྱི་མགོ་ཞེས་བྱ་བ་ནི། རི་རབ་ཀྱི་སྟེང་དུ་ལྷ་རྣམས་སྤྱོད་པའི་གནས་ཡིན་ཏེ། དུས་ཀྱི་འཁོར་ལོ་ལས་མགྲིན་པ་གདོང་དང་གཙུག་ཏོར་སོགས་ཀྱི་ཐ་སྙད་གསུངས་པ་དང་འདྲ་བར་སེམ་མོ། །ཨཱ་ལི་ཀཱ་ལི་ལས་སྤྲུལ་པ། །ཞེས་བྱ་བ་ནི། རྩ་འཁོར་ཐམས་ཅད་ལས་སྤྲུལ་ཞིང་བྱུང་བའི་ཁམས་ཀྱི་དྭངས་མ་འདུས་པ་ནི་ཧཾ་ཡིག་གོ །ཞེས་ཏེ། གཏུམ་མོའི་མེ་ཚད་དུ་ཕྱིན་པས་མ་གཏོགས། རྗེས་ཆགས་གིས་ཕལ་པས་བཞུ་བར་མི་ནུས་པའམ། དེ་ཞུ་བའི་བདེ་བ་དང་མས་བརྟན་གྱི་སྐབས་དེ་ལ་ཐིམ་པའི་བདེ་བ་ནི་རྣམ་རྟོག་གིས་གཞོམ་པར་མི་ནུས་པའི་ཕྱིར། མི་ཤིགས་པའི་གོ་འཕང་ཞེས་བྱ་ལ། གང་ཅི་ཡང་རུང་བའི་ཉམས་མྱོང་དགའ་བ་ཐམས་ཅད་དེའི་མཐུ་ལས་བྱུང་བའི་ཕྱིར་ཉམས་དགའ་བ་སྟེ། ཧཾ་ཡིག་དེ་ལ་བདེ་བ་ཆེན་པོ་ཞེས་ཀྱང་བརྗོད་དོ། །གཉིས་པ་གླེང་གཞིའི་ཚིག་རྐང་དྲུག་ལམ་དང་བཅས་པའི་འབྲས་བུ་ལ་སྦྱར་བ་ནི། ཁྱད་པར་གྱི་ཚིག་ལྔ་བཤད་པ་དང༌། རྩ་བའི་ཚིག་ལྔ་བཤད་པའོ། །དང་པོ་ནི།


TNT10_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འཁོར་ལོ་ཆེན་པོ་ན། །སྡེ་ཚན་ཐ་མ་མིང་སྤངས་པ། །ཧེ་རུ་ཀ་དཔལ་རྒྱུད་ཆེན་དུ། །མེ་ཞེས་བྱ་བར་མངོན་པར་བརྗོད། །ཆགས་སོགས་ཉོན་མོངས་དྲ་བ་ཡི། །སོག་མ་སྲེག་པར་བྱེད་ཕྱིར་རོ། །འཁོར་ལོ་གསུམ་གྱི་རྣལ་འབྱོར་མ། །དེ་ཡང་མེ་ཞེས་བྱ་བར་བརྗོད། །རྣལ་འབྱོར་མ་རྩ་སུམ་ཅུ་དྲུག །རྩ་ནི་མགོ་ལ་སྐྱེས་ཞེས་བརྗོད། །དེ་ཡིས་བསྐུལ་པའི་ཡེ་ཤེས་ནི། །མཆོག་ཏུ་དགའ་བའི་ངོ་བོ་སྟེ། །འདི་དེ་རང་བྱུང་གཅིག་པུ་ཉིད། །འདི་ནི་བཅོམ་ལྡན་འདས་སུ་གསུངས། །ཐམས་ཅད་ཞེས་བྱར་རྣམ་གྲགས་པ། །སངས་རྒྱས་ཕུང་སོགས་དེ་བཞིན་ཏེ། །དེ་ཡི་མཁའ་འགྲོ་མ་དེ་དག །རྩ་ནི་སུམ་ཅུ་རྩ་དྲུག་ཉིད། །ཌེ་ནི་ནམ་མཁའ་འགྲོ་མ་ཞེས། །སངས་རྒྱས་ཁམས་ལས་རྣམ་པར་བཏགས། །ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་བྱ་བར་བརྗོད། །སངས་རྒྱས་ཕུང་པོ་ལ་སོགས་ཏེ། །དེ་ཡི་འབྱུང་བ་ཁམས་ཞེས་བཏགས། །བུད་མེད་:མི་[མེ་]སོགས་རྣམ་རྟོག་ཕྱིར། །རྣམ་རྟོག་རྣམ་པ་གཉིས་སུ་གསུངས། །མཁའ་གྲོ་མ་ནི་ཐམས་ཅད་ཀྱི། །རང་བཞིན་ཉིད་ཕྱིར་དེ་ཡི་དངོས། །སེམས་དཔའ་ཞེས་པའང་འཁོར་བ་ནི། །མཆོག་ཏུ་དགའ་བའི་ངོ་བོ་ཡིན། །བྱང་ཆུབ་སེམས་ནི་མི་ཕྱེད་ཕྱིར། །འདི་ལ་རྡོ་རྗེ་སེམས་དཔར་བརྗོད༌། །དེ་ཡི་ཕྱིར་ན་དེ་འོག་ཏུ། །བདེ་བའི་མཆོག་ཅེས་རྒྱུད་ལས་གསུངས། །ནམ་མཁའི་ཁམས་སུ་གནས་པས་ཀྱང༌། །དེ་ནི་བདེ་བའི་མཆོག་ཏུ་བརྗོད། །ཅེས་སོ། །དེ་ཡང་དཔལ་འཁོར་ལོ་སྡོམ་པ་ཉུང་ངུའི་རྒྱུད་ཀྱི་གླེང་གཞི་ནི། གསང་བ་མཆོག་གིས་དགྱེས་པ་ན། །ཐམས་


TNT10_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདག་ཉིད་རྟག་ཏུ་བཞུགས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཅེས་པའི་ཚིག་རྐང་དྲུག་པའི་ཚིགས་བཅད་གཅིག་གོ །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་དང༌། རྡོ་རྗེ་མཁའ་འགྲོ་སོགས་ཀྱི་གླེང་གཞི་ལ། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུར་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་པ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་གསུངས་ཏེ། དེ་དག་ལས་ཁྱད་པར་གྱི་ཚིག་ལྔ་ནི། མཁའ་འགྲོ་མའི་དྲ་བ་སྡོམ་པ་དང༌། རང་བྱུང་བཅོམ་ལྡན་དང༌། མཁའ་འགྲོ་ཀུན་དངོས་སེམས་དཔའ་དང༌། རྡོ་རྗེ་སེམས་དཔའ་དང༌། བདེ་བ་མཆོག་ཅེས་བྱ་བ་སྟེ། འཁོར་ལོ་སྡོམ་པའི་གླེང་གཞིའི་ཁྱད་པར་གྱི་ཚིག་དེ་ལྟར་ཡིན་ལ། སྒྱུ་མ་བདེ་མཆོག་ལ་ནི། མཁའ་འགྲོ་ཀུན་དངོས་ཀྱི་དོད་དུ། སངས་རྒྱས་ཀུན་དངོས་དང༌། མཁའ་འགྲོ་མའི་དྲ་བ་སྡོམ་པ་ཞེས་པའི་དོད་ལ། སངས་རྒྱས་མཉམ་སྦྱོར་ཅེས་པ་སྣོན་པ་དང༌། རང་བྱུང་བཅོམ་ལྡན་གྱི་ཚབ་ལ་ཡང་གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་བསྣན་ནས། ཁྱད་པར་གྱི་ཚིག་ཏུ་འདོད་དོ། །དེ་ལ་ཁྱད་པར་གྱི་ཚིག་ཅེས་བྱ་བ་ནི། རྒྱུད་སོ་སོ་དེ་དག་ལ། ཚིག་གི་ངོ་བོ་དང༌། གོ་རིམ་བརྗོད་ཚུལ་མི་འདྲ་བའི་ཁྱད་པར་ཡོད་པའི་དོན་ཡིན་གྱི། གླེང་གཞིའི་སྟོན་པ་ཕུན་སུམ་ཚོགས་པ་འཆད་བྱེད་ཡིན་པས་ཁྱད་པར་རོ་ཞེས་པ་ནི་ཚིག་དོན་ལ་མ་ཞུགས་པའི་བཤད་པ་ཡིན་ཅིང༌། དོན་ཡང་མི་འཐད་དེ། འདི་དག་གིས་སྟོན་པ་དང་འཁོར་གཉིས་ཀར་བསྟན་པ་ཡིན་གྱི། སྟོན་པ་ཁོ་ན་བསྟན་པ་མིན་པའི་ཕྱིར་རོ། །གཞུང་འདིར་ནི། རྒྱུད་དེ་གཉིས་ཀར་གྱི་གླེང་གཞི་འཆད་པ་ཡིན་ཏེ། བདེ་ཆེན་འཁོར་ལོ་ཞེས་སོགས་ཀྱིས། མཁའ་འགྲོ་མ་ཡི་དྲ་བ་སྡོམ་པ་ཞེས་པ་དེ་བཤད་ཅིང༌། དེ་ཡི་བསྐུལ་བའི་ཞེས་སོགས་ཀྱིས། འདི་ནི་རང་


TNT10_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བཅོམ་ལྡན་འདས། །ཞེས་པ་དེ་བཤད་དོ། །ཐམས་ཅད་ཞེས་བྱར་རྣམ་གྲགས་པ་སོགས་ཀྱིས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པ་དེ་བཤད་དོ། ། བྱང་ཆུབ་སེམས་ནི་མི་ཕྱེད་ཕྱིར། །ཞེས་པས་རྡོ་རྗེ་སེམས་དཔའ་དང༌། དེའི་ཕྱིར་ན་དེ་འོག་ཏུ་སོགས་ཀྱིས། བདེ་བའི་མཆོག་ཅེས་པ་དེ་བཤད་པས། འཁོར་ལོ་སྡོམ་པའི་ཁྱད་པར་གྱི་ཚིག་ལྔ་ནི། གསལ་བར་བྱུང་བ་དེ་ཡིན་ལ། གཅིག་པུ་ཉིད་ཅེས་པ་དང༌། སངས་རྒྱས་ཕུང་སོགས་ཅེས་པ་ལ་སོགས་པས། གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་པ་དང༌། སངས་རྒྱས་ཀུན་གྱི་དངོས་བྱ་བ་དང༌། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སོགས་ཀྱིས་འབྲུ་གནོན་པ་བཞེད་པའོ། །རྩ་བའི་ཚིག་ལྔ་ནི་གསང་བ་ལ་སོགས་པ་སྟེ། རྩ་བའི་གོ་དོན་ནི། གསང་བ་མཆོག་གིས་དགྱེས་པ་ན་སོགས་ཀྱི་རྒྱ་སྐད་དུ། ར་ཧསྱ་པ་ར་མ་ར་མེ་སརྦཱཏྨ་ནི་ས་དཱསྠི་ཏ། ཞེས་པ་ཡི་གེ་བཅུ་དྲུག་གིས་གླེང་གཞིའི་ཚིག་ལྷག་མའི་དོན་རྣམས་ཀྱང་བསྡུས་ལ་དེར་མ་ཟད་རྒྱུད་དོན་མཐའ་དག་ཀྱང་འདུས་པའོ། །དེ་བས་ན་རྒྱུད་མཐའ་དག་གི་རྩོམ་བྱེད་ཀྱི་ཚིག་ཡིན་པའི་ཕྱིར། རྩ་བའི་ཚིག་ཅེས་བྱའོ། །ཡང་ཐུན་མོང་གི་ཚིག་ཅེས་ཀྱང་བྱ་སྟེ། ཡི་གེ་བཅུ་དྲུག་ལ་ཚིག་གཉིས་ཡོད་པ་དེ་ནི། གོང་དུ་སྨོས་པ་ལྟར་རྣལ་འབྱོར་མིའི་རྒྱུད་མང་པོ་ཞིག་གི་ཐུན་མོང་དུ་ཚིག་གཉིས་པོ་ཉིད་དུ་མི་འདྲ་བ་མེད་པས། ཐུན་མོང་ཞེས་བྱ་ཞིང༌། གླེང་གཞིའི་ཚིག་ལྷག་མ་རྣམས་ལ་འདྲ་མིན་ཅི་རིགས་པ་ཡོད་པ་ཁོ་ནའོ། །དེ་ལྟར་ན་འདི་སྐད་ཅེས་བྱ་སྟེ་


TNT10_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་བཤད་པ་ལྟར་གྱི། བདེ་བ་ཆེན་པོ་ཧཾ་ཡིག་དེ་བཞུགས་པའི་ཕྱིར། སྤྱི་བོ་ལ་ཡང་བདེ་ཆེན་འཁོར་ལོ་ཆེན་པོ་ཞེས་བྱ་ཞིང༌། དེ་ན་སྡེ་ཚན་ཐམས་ཅད་ཀྱི་ཐ་མ་ཞེས་བྱ་བ་ཀྵ་ཡིག་སྤངས་པའོ། །མིང་སྤངས་པ་ཞེས་པ་འགྱུར་མི་ལེགས་པས། སྡེ་ཚན་ཐ་མ་ཞེས་སྤངས་པ་ཞེས་འདོན་པ་བསྒྱུར་རོ། །དེ་ལ་གསལ་བྱེད་རྣམས་ཀྱི་ནང་ནས་ཧ་སྟེ་ཧཾ་ཡིག་མིན་ལ། ཧ་ཀྵ་མ་གཏོགས་པ་སུམ་ཅུ་སོ་གཉིས་འདབ་མ་ལ་གནས་པའི་དོན་ནི། ཡ་སོགས་དྲུག་རྩ་བའི་ཁམས་དྲུག་དང༌། སྡེ་པའི་ཡི་གེ་ཉེར་ལྔ། འབྱུང་བ་ལྔ་ལ་ལྔ་ལྔས་ཕྱེ་བའི་དྭངས་མ་ཐིག་ལེ་ཉེར་ལྔ་དང༌། ས་ཀུན་ཁྱབ་ཡེ་ཤེས་ཀྱི་ཁམས་རྣམ་པར་བཅད་པའོ། །དབུས་ཀྱི་ཧཾ་ཡིག་ནི་དྭངས་མ་ཀུན་འདུས་ཡིན་ལ། ཀྵ་ནི་འཇུ་བྱེད་ཁོ་ན་ཡིན་གྱི། བཞུ་བར་བྱ་བའི་བདེ་བ་མི་མཚོན་པའི་ཕྱིར། ཀྵ་སྤངས་སོ་ཞེས་བརྡར་བཏགས་པའོ། །རྩ་སོ་གཉིས་ལ་དབྱངས་སོ་གཉིས་འགོང་པ་ཡང༌། འཕོ་བ་བཅུ་དྲུག་ལ་ཐབས་དང་ཤེས་རབ་ཀྱིས་དབྱེ་བའི་དོན་ནོ། །དེ་ལྟར་ན་འཁོར་ལོ་བཞིའི་འབར་འཛག་གི་ནུས་པ་སྨིན་ཏེ། མི་ཤིགས་པའི་གནས་སུ་བདེ་བ་ཆེན་པོ་འགྱུར་མེད་དུ་གྱུར་པ་ནི། རྣལ་འབྱོར་མ་ཡིས་རྒྱུད་ཆེན་དུ། ཧེ་རུ་ཀ་དཔལ་ཞེས་མཚན་དུ་གསོལ་བ་དང༌། ཀུན་རྫོབ་ཏུ་ཁྲོ་བོ་ཆེན་པོ་མེ་དཔུང་འབར་བའི་སྐུར་སྟོན་པ་ནི། ངེས་དོན་དུ་ཡང་ཆགས་སོགས་ཉོན་མོངས་པའི་དྲ་བའི་སོག་མ་ལ་སོགས་པ་སྲེག་པར་བྱེད་པའི་ཕྱིར། ཧེ་རུ་ཀ་སྐུ་ལ་མེ་འབར་བ་དང་བཅས་པ་ཞེས་བྱ་བའི་བརྡས་མངོན་པར་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་


TNT10_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གསུམ་ལ་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས། ཁྲོ་མོ་མེ་དཔུང་གི་དབུས་ན་བཞུགས་པར་བྱེད་པའི་ངེས་དོན་ཡང་མི་ཤིགས་པའི་གནས་སུ་བདེ་ཆེན་འགྱུར་མེད་དུ་གྱུར་པ་ན། མི་ཕྱེད་མ་ལ་སོགས་པའི་རྩ་ཐམས་ཅད་ཀྱང་བདེ་བ་མི་འགྱུར་བས་གང་བའི་ཕྱིར། ཕུང་སོགས་དང་རྣམ་རྟོག་སྲེག་པར་བྱེད་པའི་མེ་དཔུང་འཕྲོ་བའི་ལྷ་ཞེས་བརྗོད་དོ། ཁྲོ་བོ་དང་ཁྲོ་མོ་མེ་དཔུང་འབར་བ་ནི། དོན་དམ་ཡེ་ཤེས་ལ་ཡང་ཡོད་མོད་ཀྱི། དོན་དམ་རྣམ་པ་ཐམས་ཅད་པ་ཡིན་པས། རྣམ་པ་དེ་ཁོ་ནར་མ་ངེས་ལ། འདིར་ཀུན་རྫོབ་བསྐྱེད་རིམ་གྱི་སྐབས་སུ། དཔའ་བོ་དཔའ་མོ་ཁྲོ་གཏུམ་གྱི་སྐུར་སྒོམ་པ་དེ། ཀུན་རྫོབ་འཁྲུལ་པའི་སྣང་བ་མཐའ་དག་འཇོམས་པའི་ཡེ་ཤེས་མེ་དང་འདྲ་བ་མཚོན་ཞེས་པའི་དོན་ནོ། །ཀུན་རྫོབ་འཁོར་བའི་ལུས་ལ་ཡང༌། ཁམས་རྒྱུ་བ་དང་བྲལ་ན་རྩ་སྐམས་པར་འགྱུར་བས་རྩ་གནས་པ་ནི་ཁམས་རྒྱུ་བ་ལ་རག་ལས། ཁམས་ཐིག་ལེ་ཐམས་ཅད་ཀྱི། རྩ་བའི་འབྱུང་ཁུངས་སྤྱི་བོ་ཡིན་པ་དང༌། ལམ་བསྒོམས་པས་སྤྱི་བོར་བདེ་ཆེན་ཐོབ་པ་ན། རྩ་ཐམས་ཅད་ཀྱང་བདེ་ཆེན་གྱིས་ཁྱབ་འགྲོ་བའི་ཕྱིར། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་:ངག་[དག]་པ་རྩ་སུམ་ཅུ་རྩ་དྲུག་ནི། མགོ་བོ་སྟེ་སྤྱི་བོ་བདེ་ཆེན་འཁོར་ལོ་ལས་སྐྱེས་ཞེས་བརྗོད་དེ། སྐྱོར་སྤངས་ཤིང་བསྡུད་པའི་ཕྱོགས་ལྟར་བཤད་ན། རྩ་རླུང་ཐིག་ལེ་ཐམས་ཅད་དབུ་མར་ཐིམ་པ་དང༌། གཙུག་ཏོར་དུ་ཐིམ་ཞེས་བརྗོད་ལ། ཡོན་ཏན་བསྐྱེད་ཅིང་སྤྲོ་བའི་


TNT10_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་བཤད་ན། དབུ་མ་རྩ་ཐམས་ཅད་དུ་ཁྱབ་པ་དང༌། གཙུག་ཏོར་གྱི་ཐིག་ལེ་ཡང་ལུས་ཐམས་ཅད་དུ་ཁྱབ་པ་ཞེས་ཟེར་ཏེ། དོན་གཅིག་ཉིད་དོ། །དེའི་ཕྱིར་མཁའ་འགྲོ་མ་སྟེ། རྩ་ཐམས་ཅད་ཀྱི་ཚོགས་པའམ་དྲ་བ་གཅིག་ཏུ་བསྡོམས་པའི་གནས་ནི་ཧཾ་ཡིག་ཡིན་ལ། རྩ་རྣམས་ཀྱི་ཆོས་ཉིད་རྣམ་པ་ཀུན་ལྡན་གྱི་ཡེ་ཤེས་དེ་ཉིད། ཐིག་ལེ་ཧཾ་ཡིག་གི་ཆོས་ཉིད་བདེ་བ་ཆེན་པོར་སྡོམ་པ་ནི་རྣམ་པ་ཀུན་ལྡན་མཁའ་འགྲོ་མའི་དྲ་བ། བདེ་ཆེན་དུ་སྡོམ་པ་ཞེས་བྱ་སྟེ། འཇིག་རྟེན་གསུམ་ན་ཡེ་ཤེས་ཅན་གྱི་མཁའ་འགྲོ་མ་དཔག་ཏུ་མེད་པའི་ཚོགས་པ་ཐམས་ཅད་རྡོ་རྗེ་ཕག་མོའི་རྗེས་སུ་འབྲང་ཞིང་དེ་ལས་སྤྲོས་པ་ཡིན་ལ། དེ་ཉིད་དཔལ་ཧེ་རུ་ཀ་དང་མཉམ་པར་སྦྱོར་བ་སྟེ། ཧེ་རུ་ཀ་ཉིད་ཀྱི་ཡེ་ཤེས་རང་སྣང་བའི་རིག་མའོ། །དེ་ལ་ནི་གཟུགས་སྐུ་ཀུན་རྫོབ་ཀྱིས་བསྡུས་པ་དང༌། ཆོས་སྐུ་དོན་དམ་གྱིས་བསྡུས་པ་གཉིས་སུ་དབྱེར་ཡོད་ལ། ཆོས་སྐུའི་དེ་ནི་ལྷའི་ལྡོག་ཆ་དང་ཡེ་ཤེས་ཀྱི་ལྡོག་ཆའི་ཁྱད་མ་གཏོགས། གོང་དུ་བསྟན་པ་དེ་ཀ་ཡིན་ལ། གཟུགས་སྐུའི་དེ་ཡང་ཆོས་སྐུ་དེ་ཉིད་ཀྱི་རྣམ་འཕྲུལ་ལོ། །ཀུན་རྫོབ་བསྐྱེད་པའི་རིམ་པ་ལ་ཡང་དེ་ཉིད་མཚོན་པའི་ཕྱིར། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་སྤྲུལ་པ་པོ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་པའི་ཧེ་རུ་ཀའོ། །དེ་ལྟར་ན་དྲ་བ་སྡོམ་པ་རྣམ་གྲངས་བཞི་སྟེ། དཔེ་བསྐྱེད་རིམ་གྱི་མཁའ་འགྲོ་མའི་དྲ་བ་སྡོམ་པ་དང༌། རྟེན་ལུས་ཀྱི་མཁའ་འགྲོ་མའི་དྲ་བ་སྡོམ་པ་དང༌། བརྟེན་པ་ལྷན་ཅིག་སྐྱེས་པའི་མཁའ་འགྲོ་


TNT10_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དྲ་བ་སྡོམ་པ་དང༌། འབྲས་བུ་སྐུ་གཉིས་ཀྱི་མཁའ་འགྲོ་མའི་དྲ་བ་སྡོམ་པའོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ཞེས་པའི་དོན་བཤད་དོ། །རྩ་དེ་རྣམས་ཀྱིས་བསྐུལ་བ་སྟེ། དེ་ལ་གནད་དུ་བསྣུན་པ་ལས་ཐོབ་པའི་ཡེ་ཤེས་ནི་མཆོག་ཏུ་གྱུར་པའི་དགའ་བ་ལྷན་ཅིག་སྐྱེས་པ་འགྱུར་མེད་ཀྱི་ངོ་བོ་སྟེ། ལམ་གྱི་ཡེ་ཤེས་དེས་དངོས་སུ་རྟོགས་བྱའི་ཡུལ་ནི། གདོད་མའི་བདེ་ཆེན་རང་བྱུང་གཅིག་པུ་ཉིད་ཡིན་ལ། དེ་ལྟ་བུའི་ཡུལ་དང་ཡུལ་ཅན་ཐ་དད་དུ་འཛིན་པའི་རྟོགས་པ་སྤངས་པའི་ཕྱིར། གཉིས་པོའི་དབྱེ་བ་མ་བྱས་པར་ཐུན་མོང་དུ་རང་བྱུང་གཅིག་པུའོ་ཅེས་བརྗོད་དོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་འབྱུང་བའི་དབང་དུ་བྱས་ནས། ཐམས་ཅད་ཅེས་བྱ་བར་རྣམ་པར་གྲགས་པ་ནི། སངས་རྒྱས་ཏེ་ཕུང་པོ་ལྔ་དང༌། ཡུམ་སྟེ་འབྱུང་བ་ལྔ་ལ་སོགས་པ་དེ་བཞིན་དུ་གཞན་ལའང་སྦྱར་ཏེ། ཕུང་ཁམས་ཡབ་ཡུམ་དེའི་སྡེར་གཏོགས་པའི་མཁའ་འགྲོ་མ་ནི། རྩ་སུམ་ཅུ་རྩ་དྲུག་ཉིད་དོ། །དེ་ལ་མཁའ་འགྲོ་མའི་སྒྲ་བཤད་པ་ནི། ཌེ་བཻ་ཧ་ཡ་ས་ཞེས་པ་ནམ་མཁའ་ལ་འགྲོ་བ་མ་ཞེས་བྱ་བ་ཡིན་ཏེ། ཌེཾ་ནམ་མཁའ་ལ་འཕུར་བའོ། །ཞེས་པའི་དབྱིངས་ལས་ཌཱ་ཀི་ནི་ནམ་མཁའ་ལ་འགྲོ་བའོ། །དེ་ཡང་འཇིག་རྟེན་གྱི་སྲིན་མོ་ཆེན་མོ་རྣམས་ནི། གཟུགས་སྣ་ཚོགས་པར་བསྒྱུར་བའི་རོ་ལངས་ལ་བསྐྱོད་དེ། ནམ་མཁར་རྒྱུ་བ་བཞིན་དུ། ཡེ་ཤེས་ཀྱི་རྩའི་ནམ་མཁའ་ལ། བདེ་བ་ཆེན་པོ་ཀུན་ཏུ་རྒྱུ་བ་ནི། མཁའ་འགྲོ་མ་ཞེས་བརྗོད་དེ། བདེ་བ་ཆེན་པོ་དེ་ཡང་ཇི་ལྟ་བུའི་ཚུལ་གྱིས་རྒྱུ་ཞེ་ན། སངས་རྒྱས་དང་


TNT10_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང༌། རྣམ་པར་བཏགས་པ་སྟེ་རྣམ་པར་རྟོག་པའི་ཚུལ་གྱིའོ། །སངས་རྒྱས་ནི་ཕུང་པོ་ལྔའི་དྭངས་མ་བྱང་ཆུབ་ཀྱི་སེམས་དང༌། དེ་དང་ཚོགས་པ་གཅིག་པའི་འབྱུང་བའི་དྭངས་མ་ནི་ཁམས་ཞེས་རྣམ་པར་བཏགས་ལ། བུད་མེད་དེ་གཟུགས་སོགས་ཡུལ་ལྔའི་དྭངས་མ་དང༌། མི་ནི་སྐྱེས་པ་སྟེ་དེའི་བརྡས་དབང་པོ་ལྔའི་དྭངས་མ་བྱང་ཆུབ་ཀྱི་སེམས་སོ། །དབང་ཡུལ་དེ་དག་ནི་རྣམ་པར་རྟོག་པའི་རྒྱུ་ཡིན་པའི་ཕྱིར། །རྣམ་རྟོག་རྣམ་པར་རྟོག་གམ་རྣམ་པར་བཏགས་ཞེས་པས། དབང་ཡུལ་རྣམ་པ་གཉིས་སུ་གོ་བར་བྱ་བའི་ཕྱིར་རོ། །སོགས་ཀྱི་སྒྲས་ལས་དང་བྱ་བ་བསྟན་ནོ་ཞེས༌། ལོ་ཆུང་གི་རྗེས་འབྲང་འགའ་ཞིག་བཞེད་དོ། །འབྲོག་འགྱུར་ལས། ཤེས་རབ་ཐབས་ཀྱི་རང་བཞིན་ལས། །རྣམ་པ་གཉིས་སུ་བརྟགས་ནས་གསུངས། ཞེས་འབྱུང་སྟེ་རྒྱ་སྐད་ལ་ཁྱད་པར་ཅུང་ཟད་ཡོད་པ་འདུག་ཀྱང་དོན་གཅིག་གོ །ཚིག་འདིའི་རྗེས་སུ་མགོས་[འགོས་]འབྲོག་གཉིས་ཀྱི་འགྱུར་ལས། ཚིགས་བཅད་གཅིག་ལྷག་པོར་བྱུང་སྟེ། མཁས་པས་ནམ་མཁར་བདུད་རྩི་བཟུང༌། །ཀུན་ཞེས་བྱ་བ་ཡུལ་དུ་གསུངས། །དེ་བཞིན་གང་ཞིག་རྒྱུ་བ་དག ། ནམ་མཁའ་ཀུན་ཏུ་རྒྱུ་བར་འདོད། །ཅེས་འགོས་འགྱུར་ལས་འབྱུང་ཞིང་འབྲོག་འགྱུར་ལས་ཀྱང༌། ཀུན་ནི་ཡུལ་དུ་བརྗོད་པ་སྟེ། ནམ་མཁའ་བདུད་རྩིར་གསུངས་པའོ། །གང་གིས་དེར་ནི་སྤྱོད་པ་ནི། །ཀུན་གཅིག་མཁའ་རུ་སྤྱོད་པར་འདོད། །ཅེས་འབྱུང་བ་འགྱུར་ཁྱད་མ་གཏོགས་དོན་གཅིག་ལ། མཁས་པ་སྟེ་དེ་ཁོ་ན་ཉིད་རིག་པས། གནས་ལུགས་དོན་དམ་པའི་རྩའི་ནམ་མཁར་བདུད་རྩི་སྟེ་ཕུང་ཁམས་སྐྱེ་མཆེད་ཀྱི་ཐིག་ལེའི་དྭངས་མ། དགའ་བཞི་ལུགས་ཟློག་


TNT10_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིམ་པས་འཕོ་བ་མེད་ཅིང་འཛག་མེད་དུ་བཟུང་བས། ཡུལ་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དང་འདྲེས་ནས། གང་ཞིག་ཐིག་ལེ་རྒྱུ་བ་དེ་དག་དེ་བཞིན་ཏེ། ནམ་མཁའ་འམ་ཀུན་གྱི་དོན། སྟོང་ཉིད་གཏུམ་མོའི་སྣང་བ་ལས་བྱུང་བ། སྤྲོས་བྲལ་ཡང་ཡིན་ལ་དཀྱིལ་འཁོར་ཡང་ཡིན་པ། སེམས་ཉིད་ཀྱི་སྣང་བ་ཙམ་ལ་ཐིམ་པ་ནི། ནམ་མཁའ་ལ་ཀུན་ཏུ་རྒྱུ་བའི་དོན་དུ་འདོད་དེ། གོང་གི་ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པའི་ཅེས་པའི་དོན་གསལ་བར་བཤད་དོ། །ཤོ་ལོ་ཀ་འདི་ག་ཡ་དྷ་རའི་རྒྱ་དཔེ་ལ་ཡོད་པར་སྣང་ལ། ནཱ་རོ་པའི་རྗེས་འབྲང་རྣམས་ཀྱི་དཔེ་ལ་མེད་ཀྱང༌། འདི་ཡོད་པ་ལེགས་པས་དེ་དག་གི་དཔེ་ལ་ཆད་པའོ། །དེ་ལྟར་ན་མཁའ་འགྲོ་མ་སྟེ་རྩ་ཁམས་དག་པའི་རང་བཞིན་ཉིད་ཀྱི་ཕྱིར། དེའི་དངོས་པོ་སྟེ། རྣམ་པ་ཀུན་ལྡན་གྱི་ཡེ་ཤེས་དེའི་རང་གཟུགས་ནི་སེམས་དཔའ་ཞེས་བྱའོ། །སེམས་དཔའི་དོན་ནི། བཅུད་དམ་སྙིང་པོ་ཡིན་པས། འཁོར་བ་སྲིད་གསུམ་གྱི་ངོ་བོའམ། རང་བཞིན་མཆོག་ཏུ་གྱུར་པའི་དགའ་བ་ལྷན་ཅིག་སྐྱེས་པའོ། །དེས་ན་རྣམ་པ་ཀུན་ལྡན་གྱི་རང་གཟུགས་སམ་སྡོད་ལུགས་ནི་བདེ་བ་ཆེན་པོ་ཡིན་ལ། བདེ་ཆེན་གྱིའང་མཐོང་བྱའམ་སྣང་བ་ནི་རྣམ་པ་ཀུན་ལྡན་ནོ།། དེ་ནི་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཞེས་པའི་སེམས་དཔའ་དང༌། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞཻས་པའི་སེམས་དཔའ་བཤད་པའོ།། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབྱིངས་སུ་ཐིམ་པས། བདེན་གཉིས་ཟུང་འཇུག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་དེ་ནི། འཛག་བདེ་དང་རྣམ་རྟོག་གིས་མི་ཕྱེད་ཅིང་མི་འགྱུར་བའི་ཕྱིར་བདེ་བ་འགྱུར་མེད་འདི་ལ་རྡོ་རྗེ་སེམས་དཔའ་


TNT10_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་དེ། རྡོ་རྗེ་ནི་མི་འགྱུར་བ་སེམས་དཔའ་ནི་བདེ་བའོ། །རྒྱུ་མཚན་དེའི་ཕྱིར་ན་ཚིག་དེའི་དེ་མ་ཐག་གི་འོག་ཏུ་བདེ་བའི་མཆོག་ཅེས་གསུངས་ཏེ། རྒྱུ་རྐྱེན་ལས་བྱུང་བའི་བདེ་བ་ནི་འཇིག་པར་འགྱུར་བའི་ཕྱིར་མཆོག་མ་ཡིན་ལ། སྤྲོས་པ་དང་བཅས་པའི་ཕྱིར་གནས་ལུགས་སུ་མི་འགྱུར་རོ། །དེའི་ཕྱིར་ཡང་དེ་འདྲ་མཐར་ཐུག་གི་མཆོག་མ་ཡིན་མོད། དོན་གྱི་བདེ་ཆེན་ནི་རང་བྱུང་སྤྲོས་བྲལ་ཡིན་པའི་ཕྱིར་བདེ་བའི་མཆོག་གོ དེར་མ་ཟད་ནམ་མཁའི་ཁམས་སུ་གནས་པ་སྟེ། ངོ་བོ་སྤྲོས་བྲལ་དུ་ཡང་གནས། རྣམ་པ་ཐམས་ཅད་པར་ཡང་གནས་པས་ཀྱང༌། བདེ་ཆེན་དེ་ནི་བདེ་བའི་མཆོག་ཏུ་བརྗོད་དོ། །གཉིས་པ་རྩ་བའི་ཚིག་ལྔ་བཤད་པ་ནི། གླེང་གཞིའི་ཡི་གེ་བཅུ་དྲུག་གི་དོན་བཤད་པ་སྟེ། གསང་བ་ས་ཡི་ཁམས་ཡིན་ཏེ། །དེ་བཞིན་མཆོག་ནི་ཆུ་ཡིན་ཏེ། །དགྱེས་པ་ཞེས་བྱ་མེ་ཡིན་ཏེ། །རླུང་ནི་ཐམས་ཅད་བདག་ཉིད་གནས། །རྟག་ཏུ་བཞུགས་འདིར་ནམ་མཁའ་སྟེ། །བདེ་བ་ཆེན་པོའི་རང་བཞིན་ནོ། །བཤད་པ་གསང་བ་ཞེས་གསུངས་ཏེ། གཅི་བ་མཆོག་ཅེས་བྱ་བར་བརྗོད། ཁུ་བ་དགྱེས་པ་ཞེས་གསུངས་ཏེ། ཁྲག་ནི་ཐམས་ཅད་བདག་ཉིད་འགྱུར།། ཤ་ནི་རྟག་ཏུ་བཞུགས་པ་ཡིན། །དེ་ཡི་ངོ་བོར་རྟག་ཏུ་གནས། །རྟག་ཏུ་བཞུགས་པར་འདིར་གསུངས་པ། །མཁའ་འགྲོ་མ་རྣམས་རང་བཞིན་ནོ། །བདེ་བ་ཆེན་པོ་ཡེ་ཤེས་མཆོག །མི་ཤིགས་ཧཾ་ཞེས་བྱ་བར་འགྱུར། །འདི་ཉིད་མཆོག་གི་དེ་ཉིད་དེ། བདེ་བ་ཆེན་པོར་བརྗོད་པ་ཡིན། །ཅེས་པའོ། །གསང་བ་ལ་སོགས་པའི་བརྡས། ས་ཁམས་དང་བཤད་པ་ལ་


TNT10_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་བཤད་པ་ནི། དེ་བཞིན་གཤེགས་པས་བརྡར་མཛད་པ་ཡིན་གྱི་སྒྲ་བཤད་དུ་ཡོད་པ་ནི་མ་ཡིན་ནོ། །འདིས་ནི་གཞི་རྒྱུད་ཀྱི་དངོས་པོ་ལྟར་ན། གསང་བ་སའི་ཁམས་ལྟེ་བ་སྤྲུལ་འཁོར་གྱི་རྩ་ཁམས་ཐིག་ལེ་རྣམས་དང༌། མཆོག་ཆུ་སྟེ་སྙིང་གའི་དེ་རྣམས་དང༌། དགྱེས་པ་མེ་སྟེ་མགྲིན་པའི་དེ་རྣམས་དང༌། རླུང་ནི་ཐམས་ཅད་བདག་ཉིད་དེ། སྤྱི་བོའི་དེ་རྣམས་དང༌། རྟག་ཏུ་བཞུགས་པ་དེ་དག་སྤྱི་ལ་ཁྱབ་པ་རྩ་ཨ་ཝ་དྷཱུ་ཏཱི་སོགས་རྩ་གསུམ་སྟེ། ནམ་མཁའི་ཁམས་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་རྣམས་འབྱུང་བ་ལྔ་སྟེ་རྒྱུའི་ཕྱོགས་ཀྱི་དབང་དུ་བྱས་ལ། གསང་བའི་སྒྲས་བཤད་པའི་དྭངས་མ་ས་ཁམས་སུ་གཏོགས་པ་དང༌། གཅི་བའི་དྭངས་མ་ཆུ་ཁམས་མཆོག་ཅེས་བྱ་བས་བསྟན་པ་དང༌། ཁུ་བའི་དྭངས་མ་མེ་ཁམས་དགྱེས་པའི་སྒྲས་བསྟན་པ་དང༌། ཁྲག་གི་དྭངས་མ་རླུང་ཁམས་ཐམས་ཅད་བདག་ཉིད་ཀྱི་སྒྲས་བསྟན་པ་དང༌། ཤ་ཆེན་གྱི་དྭངས་མ་ནམ་མཁའི་ཁམས་རྟག་ཏུ་བཞུགས་པའི་སྒྲས་བསྟན་པ་སྟེ། འཁོར་ལོ་བཞི་དང་རྩ་གསུམ་ལ་དེ་དང་དེའི་ངོ་བོས་རྟག་ཏུ་གནས་པའོ། །འདིར་དེ་རྣམས་ཕུང་པོ་ལྔ་མཚོན་པ་བདུད་རྩི་ལྔའི་དྭངས་མ་སྟེ། ཁམས་གཙོ་བོར་གྱུར་པ་ཐབས་འབྲས་བུའི་ཆོས་སོ། །དེ་དག་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ལྔ་ཡང་མཚོན་པས། རྩ་དེ་རྣམས་ལ་གནད་དུ་བསྣུན་ན་ཡེ་ཤེས་ལྔ་མངོན་དུ་འགྱུར་བ་དང༌། གཞི་དུས་ཀྱི་ཡེ་ཤེས་རྣམས་དེའི་ཆོས་ཉིད་དུ་གནས་པ་ཡང་གོ་བར་ནུས་སོ། །རྟག་ཏུ་བཞུགས་པ་ཞེས་པའི་ཚིག་འདིར་གསུངས་པ་ནི། གང་ལ་རྟག་ཏུ་བཞུགས་པའི་གཞི་མཁའ་འགྲོ་མ་


TNT10_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རང་བཞིན་རྣམ་པར་དག་པ་རྩ་རྣམས་ཐམས་ཅད་དོ། །དེ་ལ་བཞུགས་པ་པོ་རིགས་ཀྱི་བདག་པོ་ནི། གཞི་དུས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་དང༌། དེའི་རྟེན་དུ་གྱུར་པ་སྤྱི་བོའི་མི་ཤིགས་པའི་ཐིག་ལེ་ཧཾ་ཞེས་བྱ་བར་འགྱུར་རོ། །རྟེན་འབྱུང་བ་ལྔ་དང༌། བདུད་རྩི་ལྔ་དང༌། རྩ་རྣམས་འཁོར་ཡིན་ཅིང༌། དེ་རྣམས་ལ་དབང་བསྒྱུར་བའི་གཙོ་བོ་ནི་ཧཾ་ཡིག་གོ །བརྟེན་པ་འབྱུང་བ་ལྔའི་དྭངས་མ་དང༌། བདུད་རྩི་ལྔའི་དྭངས་མ་ཐབས་ཤེས་ཀྱི་ཡེ་ཤེས་བཅུ་དང༌། དེ་ལས་ཕྱེ་བའི་རྣམ་པ་ཐམས་ཅད་པ་ནི་འཁོར་ཡིན་ལ། རང་བཞིན་མི་འགྱུར་བའི་བདེ་ཆེན་ནི་གཙོ་བོ་ཡིན་པས། བདེ་ཆེན་ཧཾ་ཡིག་དང་དབྱེར་མེད་པ་འདི་ཉིད་ནི། མཆོག་གི་དེ་ཉིད་ཅེས་པ་གནས་ལུགས་མཐར་ཐུག་པ་ཡིན་ཏེ། རྒྱུད་སྡེ་ཐམས་ཅད་དུ་བདེ་བ་ཆེན་པོར་བརྗོད་པ་དེ་ཡིན་ནོ། །དེ་ལྟར་གནས་ཐབས་རྒྱུད་ཀྱི་དངོས་པོ་བསྟན་པས། རྒྱུད་ཀྱི་རིམ་པ་ཡང་ཞོར་ལ་འཕངས་པ་ཡིན་ཏེ། རྩ་གསུམ་འཁོར་ལོ་བཞི་རྩའི་དྲ་བ་དང་བཅས་པ་ལ། རེ་རེའམ་ཕྱོགས་གཅིག་ཏུ་གནད་དུ་བསྣུན་པས། རྣམ་རྟོག་གི་རླུང་ཕྱི་རོལ་དུ་རྒྱུ་བ་ཞན་པར་སོང་བ་དང༌། ཅུང་ཟད་ནང་དུ་ལྡོག་པ་དང༌། འབྲིང་དུ་ལྡོག་པ་དང༌། ཆེར་ལྡོག་པ་དང༌། གནས་པ་དང་ཐིམ་པའི་བར་ལས་བྱུང་བ་དང༌། དེ་དག་གི་རྟེན་རྩ་དང༌། བརྟེན་པ་ཐིག་ལེའི་གཡོ་བ་ཅུང་ཟད་ཞན་པར་སོང་བ་དང༌། རྩ་མཉེན་པར་འགྱུར་བ་དང༌། ཐིག་ལེ་འདུ་འཕྲོད་ལ་སོགས་པའི་མཐུ་ལས། བདེ་བ་དང༌། སྟོང་པ་དང༌། གསལ་བའི་ཉམས་སྣ་ཚོགས་པ། སད་དུས་དང༌། རྨི་ལམ་དང༌། གཉིད་


TNT10_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཐུག་པོའི་ཉམས་མྱོང་ངམ་ཞུ་བདེའི་ཉམས་ཕྲ་མོ་མང་པོ་དག་དང་བཅས་པ་ཡིན་ཡང༌། གཏུམ་མོ་དྷཱུ་ཏཱིར་འབར་མི་ནུས་པ་ནི་རྒྱུད་ཀྱི་རིམ་པའོ། །ཡང་དེ་བཞིན་སྔགས་ཀྱི་རིམ་པ་ཡང་བསྟན་ཏེ། གཏུམ་མོའི་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོ་དང༌། རྩ་གནས་ཐམས་ཅད་དུ་ཁྱབ་པའི་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་རྣམས་སོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རིམ་པ་ལ་ཡང་སྦྱོར་ཏེ། སྤྱི་བོ་ནས་ཞུ་བ་མགྲིན་པར་བརྟན་པ་ནས། ལྟེ་བ་ནས་ཞུ་བ་གསང་བར་བརྟན་པའི་བར། ཐམས་ཅད་བདག་ཉིད་རླུང་ནས། གསང་བ་སའི་བར་ལ་སྦྱར་རོ། །རྟག་ཏུ་བཞུགས་པ་བདེ་ཆེན་ནི། ནོར་བུར་ཡས་བབས་ཀྱི་ཐིག་ལེ་ནི་བརྟན། མས་བརྟན་གྱི་ས་མ་ཐོབ་ཀྱི་བར་དུ། རྗེས་དྲན་རྗེས་མཐུན་པ་འབྱུང་བ་དེ་ཉིད་དོ། །དེ་བཞིན་དུ་གསང་བའི་རིམ་པ་ལ་ལྟེ་བ་ནས་སྤྱི་བོའི་བར་དུ་མས་བརྟན་གྱི་དགའ་བའི་ས་བཞི་དང༌། རྟག་ཏུ་བཞུགས་ཀྱིས་གསང་རིམ་གྱི་འབྲས་བུའོ། །མཐར་ཐུག་གི་འབྲས་བུའི་དབང་དུ་བྱས་པ་ནི། ཐུགས་ཡེ་ཤེས་ལྔ་དང༌། སྐུ་རིགས་ལྔའི་དཀྱིལ་འཁོར་ཏེ། དཔྱིད་ཀྱི་ཐིག་ལེ་སོགས་སུ་བཤད་པ་བཞིན་ནོ། །དེ་ཐམས་ཅད་ལ་ཡང༌། རྟག་ཏུ་བཞུགས་པ་པོ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་མཁའ་འགྲོ་མ་རྩའི་ཚོགས་པའི་འཁོར་གྱིས་བསྐོར་བའི་རྣམ་གཞག་ཤེས་པར་བྱའོ། །དེ་ལྟར་ན་གསང་བ་མཆོག་གིས་དགྱེས་པ་ན། ཐམས་ཅད་བདག་ཉིད་ཅེས་པ་ནི། གནས་ཕུན་སུམ་ཚོགས་པ། རྡོ་རྗེ་བཙུན་མོའི་བྷ་ག་དང་དོན་གཅིག་


TNT10_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ངོ་བོ་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དོ། །རྟག་ཏུ་བཞུགས་ནི་དུས་ཕུན་སུམ་ཚོགས་པ་སྟེ། དུས་གཅིག་ན་ཞེས་པ་དང་དོན་གཅིག་པ་བསམ་གྱིས་མི་ཁྱབ་པའི་དུས་ལམ་གྱིས་བསྡུས་པའི་བདེ་བ་ཆེན་པོའོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ། སྟོན་པ་ཕུན་སུམ་ཚོགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཞེས་པ་དང་དོན་གཅིག་པ་བདེ་བ་ཆེན་པོ་ཟུང་འཇུག་གི་བདག་ཉིད་དོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཞེས་པ་ནི། འཁོར་ཕུན་སུམ་ཚོགས་པ་སྟེ་བདག་གིས་ཞེས་པ་དང་དོན་གཅིག་ཅིང༌། རླུང་འགགས་པ་དང་ཞུ་བདེ་ལ་སོགས་པའི་ཐབས་སྣ་ཚོགས་སོ། །འདི་ན་རང་བྱུང་བཅོམ་ལྡན་འདས་ཞེས་པ་ནི། ཟུང་འཇུག་ལ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་རྟོགས་བྱ་ཆོས་ཉིད་ཟུང་འཇུག་གི་ལྡོག་པ་ནས་གཞལ་པས། ཆོས་ཕུན་སུམ་ཆོགས་པ་སྟེ། འདི་སྐད་དང་དོན་གཅིག་གོ །ཡང་རྒྱུད་གཞན་ལས་ནི། ཨེ་དང་གསང་བ་གཅིག ཝཾ་དང་རྡོ་རྗེ་སེམས་དཔའ་གཅིག་པར་ཡང་གསུངས་སོ། །བཅོམ་ལྡན་འདས་བཞུགས་པ་ནི། དུས་གཅིག་ན་བཞུགས། བྷ་ག་ལ་བཞུགས་ཞེས་དུས་དང་གནས་གཉིས་ཀར་སྦྱོར་བ་བཞིན་དུ། འདིར་ཡང་རྟག་ཏུ་བཞུགས། གསང་བ་ལ་བཞུགས་ཞེས་གཉིས་ཀ་ལ་སྦྱར་རོ། །འདིར་གཅྀག་པུའི་སྒྲ་དང༌། སངས་རྒྱས་ཞེས་བྱ་བ་ལ་བཤད་པ་མཛད་པ་ནི། འཁོར་ལོ་སྡོམ་པའི་གླེང་གཞིའི་ཚིག་ལ་མེད་ཀྱང༌། མཉམ་སྦྱོར་སོགས་ལ་ཡོད་པ་དེ་ལ་བཤད་པ་མཛད་པའོ། །གསུམ་པ་དོན་བསྡུ་བའི་ཚིགས་སུ་བཅད་པ་ནི་རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། འདི་སྐད་


TNT10_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཞེས་བྱར་གསུངས། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །བདེ་བའི་མཆོག་ཏུ་བརྗོད་པ་ཡིན། །འདི་ཉིད་རྣལ་འབྱོར་རྒྱུད་དང་ནི། །རྣལ་འབྱོར་མ་རྒྱུད་ཅེས་བྱར་ཡང༌། །བདེ་བ་ཆེན་པོའི་ཡེ་ཤེས་མཆོག །མེ་ཞེས་བྱ་བར་མངོན་པར་བརྗོད། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །ཚོགས་གཉིས་དག་ནི་བསགས་པ་ཡིན། །ཡེ་ཤེས་མཆོག་ནི་འདི་ཉིད་ཀྱང༌། །ཕྱི་དང་བཅས་པར་ནང་ན་གནས༌། ཁམས་གསུམ་རྒྱུ་མི་རྒྱུར་བཅས་ན། །འདི་དེ་སྤངས་ནས་གཞན་མེད་དེ། །དངོས་པོ་ཀུན་གྱི་རང་བཞིན་གྱི། །ཆོ་གའི་ཚུལ་གྱིས་ཡོད་པ་ཡིན། །རྣལ་འབྱོར་ཐབས་ཀྱི་རྒྱུད་དུ། འདི་སྐད་བདག་གིས་ལ་སོགས་པ། དེ་བཞིན་གཤེགས་པས་གསུངས་པའི་བསྟན་དོན། གསང་གསུམ་ཐབས་ཤེས་ཟུང་འཇུག་དེ་ཉིད། རྣལ་འབྱོར་མའི་རྒྱུད་དུ་ནི། བདེ་བའི་མཆོག་ཅེས་བརྗོད་པ་ཡིན་ལ། དེ་བས་ན་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་འདི་ཉིད། རྣལ་འབྱོར་རྒྱུད་དང་རྣལ་འབྱོར་མའི་རྒྱུད་གཉིས་ཅར་དུ། ཐ་མལ་གྱི་ཀུན་རྟོག་སྲེག་པའི་ཕྱིར་མེ་ཞེས་བྱ་བར་མངོན་པར་བརྗོད་དོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཟུང་འཇུག་དེ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་འབྲས་བུ་ཡིན་ནོ། །ཟུང་འཇུག་གི་ཡེ་ཤེས་མཆོག་འདི་ཉིད་ཀྱང༌། ཕྱི་སྣོད་ཀྱི་འཇིག་རྟེན་དང་བཅས་པའི་ནང་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་དྲག་ཏུ་གནས་པ་ཡིན་པས། ཁམས་གསུམ་པོ་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་དང་བཅས་པ་འདི་ན། ཆོས་ཉིད་འདི་ནི་སྤངས་པ་སྟེ། དེ་མ་ཡིན་པ་འདི་ལས་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ།


TNT10_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་མེ་ལོང་ལ་གཟུགས་བརྙན་ཇི་ཙམ་སྣང་བ་དེ་ཡང༌། བཞིན་ལ་སོགས་པར་སྣང་མོད་ཀྱི། མེ་ལོང་ལས་གཞན་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་བཞིན་ནོ། །དེ་ལྟར་ཡང་ཆོས་ཀྱི་དབྱིངས་ནི་མ་གཏོགས་པ་གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས་ཀྱིས་དེ་དག་ལ། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་གསུངས་སོ། །དེ་ལྟ་བས་ན་དངོས་པོ་ཀུན་གྱི་རང་བཞིན་དུ་ཡོད་པ་དེ་ཉིད། ཆོ་ག་སྟེ་སྒྲུབ་པའི་ཐབས་ཀྱི་ཚུལ་གྱིས་ཡོད་པ་སྟེ་མངོན་དུ་གྱུར་པ་ཡིན་ནོ། །ལེའུའི་མཚན་བསྟན་པ་ནི། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། རྣལ་འབྱོར་མའི་རྒྱུད་དུ་གསུངས་པའི་རྫོགས་པའི་རིམ་པའི་རང་བཞིན་བསྟན་པ་སྟེ་བཞི་པའོ། །འདིར་གསུངས་པའི་ཞེས་པ། རྫོགས་པའི་རིམ་པ་ངོ་བོ་གཅིག་ཡིན་ཡང་རྣལ་འབྱོར་མའི་རྒྱུད་ལས་གསུངས་ཚུལ་ལོ། །རྩ་བའི་གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི། བླ་མའི་མན་ངག་ལ་བརྟེན་ནས། མཁས་པ་རྣམས་ཀྱིས་གསུངས་པ་ཡི། །གསང་བའི་དེ་ཉིད་རབ་གསལ་བ། །སྡོམ་བརྩོན་ནག་པོས་བྱས་པ་ཡིན། །བླ་མ་ནི་ཛ་ལནྡྷ་ར་བའོ། །མཁས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། མདོ་རྒྱུད་སྣ་ཚོགས་སུ་གསུངས་པའོ། །སྡོམ་བརྩོན་ནི་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལས་གནས་པ་སྟེ། འཕོ་མེད་ཀྱི་ཚུལ་ཁྲིམས་མཆོག་ལ་གནས་པའམ། དེ་བས་ཆེས་ལྷག་པའི་བསླབ་པ་དང་སྤྱོད་པ་གང་ཡང་མེད་པའི་ཕྱིར་རོ། །གསང་བའི་དེ་ཉིད་རབ་གསལ་བ། །བྱེད་ནས་བསོད་ནམས་གང་བསྒྲུབས་པ། །དེ་ཡིས་སྐྱེ་


TNT10_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡང་དག་རྫོགས། །སངས་རྒྱས་སྤྱོད་ཡུལ་སར་འགྲོ་ཤོག །སྤྱོད་ཡུལ་ནི་གོ་འཕང་ངོ༌། །དེའི་སར་འགྲོ་བ་ནི་ཐོབ་པའོ། །རྣལ་འབྱོར་མའི་རྒྱུད་ཀྱི་རྫོགས་པའི་རིམ་པ་བཤད་པ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སྤྱོད་པ་པའི་བརྟུལ་ཞུགས་ཅན། ནག་པོའི་ཞལ་སྔ་ནས་གསུངས་པ་རྫོགས་སོ། །ཞེས་པ་ནི་ཕྱིས་སློབ་མ་རྣམས་ཀྱིས་བཅུག་པའི་མཛད་བྱང་ངོ༌། །འབྲོག་འགྱུར་གྱི་འཇུག་ན། གང་ཞིག་མ་ཐོབ་ཀྱཻ་རྡོ་རྗེ། །གང་ཞིག་ཀུན་ཏུ་དབང་མ་ཐོབ། །གསང་བའི་དེ་ཉིད་ཕྱེ་བ་འདི། །དེ་ལ་རབ་ཏུ་བསྟན་མི་བྱ། །ཞེས་འབྱུང་བ་ནི་འཕགས་ཡུལ་དུ་ཕྱིས་བྱུང་བ་ཀྱཻ་རྡོར་མཁན་པོ་འགའ་ཞིག་གིས་རང་འདོད་དབང་གིས་བཅུག་པ་ཡིན་གྱི། དཔེ་གཞན་ལ་མེད་དོ། །རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙ་བ་འགོས་ལྷས་བཙས་ཀྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ནས་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀིརྟིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙ་བ་མཁས་པ་ཆེན་པོ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པ་ཡིན་ནོ། །ཞེས་པ་ནི་འགྱུར་བྱང་ངོ༌། །འདི་ལ་ལོ་ཙཱ་བ་ཤེས་རབ་བརྩེགས་དང༌། རྭ་ལོ་རྡོ་རྗེ་གྲགས་པ་དང༌། མལ་གྱོ་བློ་གྲོས་གྲགས་པ་དང༌། རྗེ་བཙུན་གྲགས་འབྱོར་ཤེས་རབ་ལ་སོགས་པ། འགོས་འགྱུར་ལ་འགྱུར་བཅོས་མཛད་པ་པོ་མི་འདྲ་བ་མ་བྱུང་ཡང༌། འགོས་འགྱུར་ཉིད་ལས་འགྱུར་ཁྱད་ཆེར་མི་སྣང་ལ། གཞུང་དེ་ཐོག་མར་བསྒྱུར་བ་པོ་འབྲོག་མིའི་འགྱུར་དང༌། འགོས་སོགས་ཀྱི་འགྱུར་གཞན་


TNT10_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འགྱུར་ཁྱད་ཆེར་སྣང་ངོ༌། །བརྗོད་བྱ་རབ་ཟབ་ཟུང་འཇུག་གསང་བ་གསུམ། །རྗོད་བྱེད་རྟོགས་དཀའ་གླེང་གཞི་རྡོ་རྗེའི་ཚིག །འཆད་བྱེད་གཞུང་གི་ཚིག་ཀྱང་རབ་བརླིང་པས། སྤྱོད་པའི་རྡོ་རྗེ་ཉིད་ཀྱི་སྤྱོད་ཡུལ་ལགས། །མཁས་པར་གྲགས་ལྡན་མཁས་རློམ་རྣམས་ཀྱིས་ཀྱང༌། །རྫོགས་རིམ་གཞུང་གསུམ་རྫོགས་པར་བཤད་པ་མེད། །བློ་ལྡན་ཕལ་ཆེར་བློ་གྲོས་རྟག་ངོམ་ཀྱང༌། །རྟོགས་དཀའི་གཞུང་ལུགས་རྟོགས་པར་མ་ནུས་བོར། །སྤྱོད་པའི་རྡོ་རྗེའི་གཞུང་འདིར་མི་འཇུག་དང༌། །ཞུགས་ཀྱང་དགོངས་དོན་ཕྱོགས་ཙམ་མ་རིག་པར། །གོ་བདེའི་གཞུང་ལ་ཡང་ཡང་བསྐྱར་བཤད་མཁན། །དེ་དག་བླུན་པོའི་ཚོགས་པས་མཁས་པར་བཀུར། །རྒྱལ་བ་སྲས་བཅས་ཀུན་དགའ་བསྐྱེད་བྱེད་པ། །ཟུང་འཇུག་སྙིང་པོའི་ངེས་གསང་བླ་མེད་གཏམ། །བསྐལ་བརྒྱར་འཆད་ཀྱང་འཇིགས་མེད་སྤོབས་པ་ཅན། །བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་འདིར་བྱོན་བཞིན། །རྒྱུད་སྡེ་ཀུན་གྱི་གསང་བའི་མཛོད། །ལན་བརྒྱར་འབྱེད་པའི་ལྡེ་མིག་འདི། །རྣམ་བཤད་མཆོག་གིས་བདག་གར་བྱས། །དགེ་བས་རྫོགས་སངས་རྒྱས་ཐོབ་ཤོག །ཅེས་པ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་རྣམ་པར་བཤད་པ། དགོངས་པ་རབ་གསལ་ཞེས་བྱ་བ་འདི་ཡང༌། སྤྱོད་པའི་རྡོ་རྗེའི་མཚན་གྱིས་བྱིན་གྱིས་བརླབས་པ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའམ། མིང་གཞན་ཀུན་དགའ་སྙིང་པོ་ཞེས་བྱ་བས། །དཔལ་ལྡན་ཤམྦྷ་ལ་གཉིས་པ་


TNT10_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་ཆེན་པོ་ཇོ་ནང་དུ་སྨྲས་པའོ།། དགེ་ལེགས་འཕེལ།། ཞུས་དག །།བཀྲ་ཤིས།། འདི་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་ཆོག་བདེ་བཤེགས་སྙིང་པོ་མྱུར་ཐོབ་ཤོག །ཅེས་འདི་ནི་བརྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་པའོ། དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བས་གསར་བ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག་མ་ཏིས་སོ། །

དེ་ཉིད་བདུན་པའི་རྣམ་པར་བཤད་པ་རིན་ཆེན་སྙེ་མ།


TNT10_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བདུན་པའི་རྣམ་པར་བཤད་པ་རིན་ཆེན་སྙེ་མ་བཞུགས།


TNT10_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི་པྲ་ཛ་བྷྱ༔ ཡེ་ཤེས་མཆོག་གི་འབྲས་རབ་སྩོལ་བ་པོ། །དེ་ཉིད་རིག་པ་རིག་པའི་བརྟུལ་ཞུགས་ཅན། །ནང་གི་འོད་སྣང་མཆོག་གིས་ཀུན་གསལ་བ། །དཔལ་ལྡན་བླ་མ་རིགས་ཀྱི་མགོན་བཏུད་དེ། །དེ་གསུང་དྲི་མེད་རྡོ་རྗེ་འཛིན་པ་ཡི། །རྒྱུད་ཀུན་སྣང་བྱེད་ཟབ་དང་རྒྱ་ཆེ་བ། །ཟབ་དོན་མཐའ་དག་ལྟ་བའི་མིག་གཅིག་ནི། །འགྲོ་ལ་སྦྱིན་གྱིས་སྐལ་ལྡན་དེང་འདིར་ལོང༌། དབང་ཕྱུག་ཙམ་གྱིས་ཆོག་ཤེས་ཆེར་རློམ་རྣམས། །ཆོས་བརྒྱད་མཐོ་དམའི་ལམ་དུ་རྡེག་འཆོས་ནས། །མ་སྦྱངས་མན་ངག་མི་ཤེས་མི་སྒོམ་པར། །བརྗོད་འདོད་དབང་གི་རབ་བརྟགས་གཡང་དུ་ལྷུང༌། །ཕྲག་དོག་འཛིན་ཁྲིས་གང་བའི་ཡིད་མཚོ་རུ། །ལེགས་བཤད་གྲུ་ཆེན་འཇུག་པ་དཀའ་མོད་ཀྱི། །པདྨའི་གཉེན་གྱིས་པདྨའི་


TNT10_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ་བཞིན། །སྐལ་བཟང་བློ་ཡི་པད་ཚལ་རྒྱས་བྱེད་ཡིན། །དོན་བྲལ་གླེགས་བམ་རི་བོའི་ལུས་འཆང་བས། །སྔོན་གྱི་ཤིང་རྟ་ཆེ་ལ་འགྲན་པ་མཐོང༌། །དེ་ལྟར་འདི་མིན་སྔོན་ཆད་འདི་མ་གྲགས། །ཉུང་གསལ་གོ་བདེའི་ངག་གིས་བཤད་པར་འདོད། །དེ་ལ་ཐར་འདོད་རྣམས་ཀྱི་འཇུག་ངོགས་ནི་རྒྱལ་བའི་བསྟན་པ་གཅིག་པུ་ཡིན་ལ། དེ་ཉིད་ཀྱང་གདུལ་བྱ་རྣམས་ཀྱི་སྐལ་བའི་རིམ་པས་ཐེག་པ་དུ་མར་འགྱུར་བ་ཡིན་ཏེ། ལང་གར་གཤེགས་པ་ལས། ལྷའི་ཐེག་དང་ཚངས་པའི་ཐེག ཉན་ཐོས་ཀྱི་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་དེ་དག་ངས་བཤད་དོ། །ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་


TNT10_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །ཐེག་པ་གཅིག་ཏུ་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ནི་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་པ་ལྟར་མཐའ་ཡས་པའི་ཐེག་པ་དེ་དག་ཀྱང་མཐར་གྱིས་བླ་ན་མེད་པའི་ཐེག་པ་ལ་ཉེ་བར་གཞོལ་བ་ཁོ་ན་ཡིན་པའི་ཕྱིར། ཐམས་ཅད་ཀྱང་སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཁོ་ནར་གྱུར་པ་སྟེ་ལན་གཅིག་དད་པ་སྐྱེས་པ་ཙམ་གྱིས་ཀྱང༌། ཚེ་རབས་མང་པོར་གསགས་པའི་བསོད་ནམས་ལས་ཀྱང་ཆེས་བླ་ལྷག་ཏུ་འགྱུར་ཏེ། མདོ་ལས་ཀྱང་ཟླ་བ་རེ་རེར་མཆོད་སྦྱིན་སྟོང༌། །ལོ་བརྒྱར་བྱེད་པ་གང་ཡིན་ཏེ། །དམ་པའི་ཆོས་ལ་དད་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང༌། མི་ནི་ལོ་བརྒྱད་ནགས་ཚལ་ན། །མེ་ལ་ཡོངས་བརྟེན་གང་ཡིན་དང༌། །གང་ཞིག་སྒོམ་ལ་ཡུད་ཙམ་ཞིག །མཆོད་པ་བྱེད་པ་གང་ཡིན་པ། །མཆོད་བྱེད་དེ་ཉིད་ཆེས་རུང་གི །ལོ་བརྒྱར་སྦྱིན་སྲེག་བྱེད་མི་རུང༌། །ཞེས་སོ། །དེ་ལྟར་ཐེག་གཅིག་ཐེག་པ་དུ་མར་བསྟན་པ་དེ་རྣམས་ཀྱི་རྩེ་མོར་གྱུར་པ་ནི། རྣལ་འབྱོར་བླ་ན་མེད་པ་འདི་ཉིད་ཡིན་ལ། ཐེག་པ་དེ་ཉིད་ཀྱང་ཟུང་དུ་འཇུག་པའི་ཡེ་ཤེས་ཡིན་ཅིང༌། ཡེ་ཤེས་དེའི་རང་བཞིན་གསལ་བར་སྟོན་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྒྱ་ཆེར་འགྲེལ་ཡི་གེ་ཉུང་ངུར་གྱུར་པ་འདི་ནི་དཔལ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་སྦས་པའི་ཞལ་སྔ་ནས་ཀྱིས། བློ་དམན་རྣམས་ལ་ཕན་པའི་ཕྱིར་དུ་ཡི་གེའི་ལམ་དུ་མཚོན་པར་མཛད་དེ། བསྟན་བཅོས་འདིའི་མིང་ནི། དེ་ཁོ་ན་ཉིད་བདུན་གྱི་འགྲེལ་པ་ཞེས་བྱ་སྟེ། རྒྱུད་སྡེ་གང་དུ་དེ་ཁོ་ན་ཉིད་ཅེས་གསུངས་པ།


TNT10_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གསལ་བར་བྱེད་ཅིང༌། སློབ་དཔོན་ཆེན་པོ་ཛ་ལནྡྷ་རའི་ཞལ་སྔ་ནས། དེ་ཉིད་གཅིག་སྟེ་བདུན་གྱི་མིང་ཡིན་ནོ། །ཞེས་གསུངས་པའི་དོན་རྒྱ་ཆེར་འགྲེལ་པའི་ཕྱིར། དེ་སྐད་ཅེས་བཏགས་སོ། །རྒྱུད་གང་ལ་བརྟེན་པ་ནི་གཙོ་བོར་འཁོར་ལོ་བདེ་མཆོག་ལ་བརྟེན་མོད་ཀྱི་བླ་མེད་ཐམས་ཅད་ཀྱི་སྤྱི་འགྲེལ་དུ་འགྱུར་ལ། འདི་འཆད་པར་བྱེད་པ་ལ། སྤྱི་དོན་དང༌། གཞུང་གི་དོན་གཉིས་ལས། དང་པོ་ལ། དེ་ཁོ་ན་ཉིད་ནོད་པར་བྱ་བའི་ཡུལ། གང་ལ་འདོམས་པའི་སློབ་མ། ཇི་ལྟར་གདམས་པའི་ཚུལ། གདམས་བྱ་དེ་ཁོ་ན་ཉིད་དངོས་ཏེ་བཞི་ལས། དང་པོ་ནི། བླ་མ་དམ་པ་མན་ངག་དང་ལྡན་པ་ཞིག་ཡིན་ཏེ། མན་ངག་མེད་པའི་མཁས་སྨྲ་ལ། འདིའི་གཏམ་ཡང་ཡོད་མ་ཡིན། །ཞེས་གསུངས། གཉིས་པ་ནི། འཕགས་པ་ལྷའི་ཞལ་སྔ་ནས། ཇི་ལྟར་སྨན་པ་མཁས་གྱུར་པས། །ནད་པ་བསྒྲུབ་མེད་དཀོན་དེ་བཞིན། །བྱང་ཆུབ་སེམས་དཔའི་སྟོབས་བརྙེད་ནས། །གདུལ་བྱ་མ་ཡིན་ཤིན་ཏུ་དཀོན། །ཞེས་སེམས་ཅན་གྱི་ཁམས་ཤས་ཆེ་བ་ཡང་ཡིན་མོད་ཀྱི་འོན་ཀྱང༌། གང་ཞིག་གང་ལ་གང་དགའ་བ། །དེ་ཡིས་དེ་དེ་སྔར་བཤད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་དངོས་སུ་གང་ལ་བསྟན་པ་ནི། རྡོ་རྗེ་ཐེག་པའི་རིགས་སད་པ་དང༌། དམ་ཚིག་དང་ལྡན་པ་དང༌། བླ་མ་ལ་གུས་པས་བསྙེན་བཀུར་བ་དང༌། སྙིང་རྗེ་དང་ལྡན་པ་སྟེ་མཚན་ཉིད་བཞི་དང་ལྡན་པའི་སློབ་མའོ། །གསུམ་པ་ནི། ཇི་སྐད་དུ་ཀྱཻ་རྡོ་རྗེ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །ཞེས་པ་ནས་བརྩམས་ཏེ། སྔགས་ཀྱི་རིམ་པ་ཀུན་


TNT10_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བརྩམས། །ཞེས་གསུངས་པ་ལྟར། ལམ་ཐུན་མོང་པས་རྒྱུད་སྦྱངས་ཞིང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཡན་ཆད་རིམ་ཅན་དུ་ནོད་ཟིན་པ་ལ། བཞི་པ་བསྟན་པར་བྱ་བ་ཡིན་ཅིང༌། དེ་ཡང་དེ་ཉིད་དང་བདུན་དང་ལྡན་པར་སློབ་དཔོན་གྱི་སྟོན་དགོས་པ་ཡིན་ཅིང༌། གཞན་ཡང་བསྐྱེད་རིམ་དང་རྫོགས་རིམ་དང་འབྲས་བུ་འགྲུབ་པའི་གནས་སྐབས་སུ་ཕྱི་རོལ་གྱི་དུས་ཁྱད་པར་ཅན་ལ་བརྟེན་ནས་དབང་བསྐུར་བའི་དབང་གི་ཡེ་ཤེས་ལ། དེ་ཉིད་བདུན་དུ་ངོ་སྤྲོད་པ་ཡིན་ནོ། །བཞི་པ་ལ། ཟུང་འཇུག་གི་ཡེ་ཤེས་ཀྱི་མཚན་ཉིད། སྐུ་བཞི་ཡན་ལག་བདུན་ཚང་ཚུལ། གཞི་ལམ་འབྲས་བུའི་ཁྱད་པར་རོ། །དང་པོ་ལ། གཞིའི་དུས་དང༌། སོ་སོ་སྐྱེ་བོའི་ལམ་གྱི་སྐབས་དང༌། འཕགས་ལམ་གྱི་ཡེ་ཤེས་ཀྱི་མཚན་ཉིད་སྟེ་གསུམ་ལས། དང་པོ་ནི། དྲི་མ་ཅུང་ཟད་ཀྱང་མ་སྦྱངས་པའི་དེ་བཞིན་ཉིད་གང་ཞིག སྟོང་ཉིད་དང་རྟེན་འབྲེལ་རོ་གཅིག་པའི་སེམས་ཀྱང་ཡིན། རང་བཞིན་འགྱུར་བ་མེད་པའོ། །གཉིས་པ་ནི། དྲི་བཅས་དེ་བཞིན་ཉིད་ཀྱི་སྣང་བ་གང་ཞིག་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་སྣང་སྟོང་ངོ༌། །དེ་ལ་ཡང༌། བསྐྱེད་རིམ་དང༌། རྒྱུའི་རྫོགས་རིམ་དང་འབྲས་བུའི་རྫོགས་རིམ་གྱི་སྐབས་གསུམ་པོ་ལ་རིམ་པས་རབ་བརྟགས་ལས་བྱུང་བ་དང༌། བཅོས་མིན་གྱི་ལྷའི་སྐུ་སྣང་སྟོང་མི་བརྟན་པ་དང་བརྟན་པ་ཞེས་ཁྱད་པར་དུ་སྦྱར་རོ། །གསུམ་པ་ལ། སློབ་པ་དང་མི་སློབ་པའི་ཡེ་ཤེས་གཉིས་ཏེ། དང་པོ་ལ་འཕགས་རྒྱུད་ཀྱི་ཡེ་ཤེས་གང་ཞིག་ཞུ་བདེ་དང་མཚུངས་ལྡན་དུ་འབྱུང་བའི་ལྷ་སྐུ་ཁ་སྦྱོར་དང༌། གཉིས་པ་ནི། དག་པ་གཉིས་ལྡན་གྱི་ཡེ་ཤེས་མཐར་ཐུག་གང་ཞིག ཁ་སྦྱོར་ལ་སོགས་པའི་


TNT10_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བདུན་དང་ལྡན་པའོ། །འདིར་འབྲས་བུའི་རྫོགས་རིམ་ཡིན་ཙམ་གྱི། གཞི་ལམ་འབྲས་བུ་གསུམ་གྱི་ཟླས་ཕྱེ་བའི་འབྲས་བུས་ནི་མ་ཁྱབ་སྟེ། འཕགས་པ་སློབ་པ་རྣམས་དང༌། ཡེ་ཤེས་ཀྱི་སྐུ་དངོས་སུ་གྲུབ་པའི་སོ་སོ་སྐྱེ་བོའི་ལམ་གྱི་རྫོགས་རིམ་བཞིན་ནོ། །གཉིས་པ་ལ། སྐུ་བཞི་ཇི་ལྟར་ཚང་ཚུལ་དང༌། དེ་ཉིད་བདུན་ཚང་ཚུལ་ལོ། །དང་པོ་ནི། སེམས་རང་བཞིན་གྱི་འོད་གསལ་བའི་སྣང་བ་ལས་ཁམས་གསུམ་ཀུན་སྣང་བ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་བཞག་པས་རྒྱུ་བྱས་ཤིང༌། ལས་ཉོན་གྱི་རྐྱེན་བྱས་པས་སྣང་བ་ཡིན་ནོ། །དེ་རྣམས་ཀྱི་རང་བཞིན་མེད་པའི་ཆ་ནི་ཆོས་ཀྱི་སྐུ་ཡིན་ཏེ། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །བསམ་ཡས་ཡེ་ཤེས་ཡུལ་ཡིན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་ཆོས་ཐམས་ཅད་ཀྱི་ལུས་སམ་རང་བཞིན་ནི་སྟོང་པ་ཉིད་ཡིན་པས་ན། སྟོང་པ་ཉིད་དེ་ཆོས་སྐུའོ་ཞེས་པ་དང་མཐུན་པ་ཡིན་ནོ། །གཉིས་སྣང་གི་ཆ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་འཁོར་བའི་ཆ་ནི་སྤྲུལ་པའི་སྐུ་དང༌། དེ་གཉིས་སྟོང་པ་དང་རོ་གཅིག་པའི་ཟུང་འཇུག་གི་ཆ་ནི་བདེ་བ་ཆེན་པོའི་སྐུའོ། །གཞན་ཡང་འཆི་བའི་སྲིད་པ་ནི་ཆོས་ཀྱི་སྐུ་དང༌། བར་སྲིད་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྐྱེ་སྲིད་ནི་སྤྲུལ་པའི་སྐུ་དང༌། དེ་གསུམ་ཀའི་འགྱུར་བྱས་ཀྱི་བདེ་བའི་ཆ་ནི་བདེ་བ་ཆེན་པོའི་སྐུའོ། །དེ་ལྟར་ཡང༌། མི་གཡོ་བ་རྣལ་འབྱོར་བླ་ན་མེད་པ་ལས། སྐུ་བཞི་རང་བཞིན་དབྱེར་མེད་པས། །ཐ་དད་མེད་པའི་ཡིད་ཀྱིའོ། །སླར་


TNT10_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱང་ཆུབ་དབྱེར་མེད་པས། །ཐབས་དང་ཤེས་རབ་ཉིད་དུ་འདོད། །འཆི་བ་ཉིད་ནི་ཆོས་སུ་བརྗོད། །ལོངས་སྤྱོད་རྫོགས་པ་བར་སྲིད་དང༌། །འགྲོ་བ་དྲུག་གཟུགས་སྤྲུལ་པ་དང༌། །འདོད་པའི་ལོངས་སྤྱོད་བདེ་ཆེན་པོ། །སྐུ་བཞི་ཡི་ནི་རང་བཞིན་འདི། །ཞེས་གསུངས་པས་ན། སྨྲ་བའི་དབང་ཕྱུག་གང་དག སྐྱེ་བ་སྤྲུལ་སྐུ་ཞེས་པའི་ཐ་སྙད་ཚད་ལྡན་མི་སྣང་ངོ་ཞེས་པ་ནི། སྲེ་བ་དགུའི་གདམས་ངག་མཐར་ཐུག་ཏུ་བྱེད་པ་རྣམས་ལ་སྡང་སེམས་ཀྱི་དབང་དུ་གྱུར་པའི་བབ་ཆོལ་ལོ། །གཞིའི་སྐུ་བཞི་པོ་འདི་དག སྐུ་གཞི་དངོས་ནི་མ་ཡིན་ལ། གནས་གྱུར་དང་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་པ་སྟེ། གཉིས་སྣང་གི་ཆ་གནས་གྱུར་པ་དང༌། དག་བྱ་བར་སྲིད་ཀྱི་བག་ཆགས་དག་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པས་ན། དེ་ལོངས་སྐུར་བཞག་པ་སྟེ། གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ལམ་གྱི་དུས་སུ་ཇི་ལྟར་ལྡན་པའི་ཚུལ་ལ། དབང་ལ་སྦྱར་བ་དང༌། སྐྱེད་པའི་རིམ་པ་ལ་སྦྱར་བ་དང༌། རྫོགས་པའི་རིམ་པ་ལ་སྦྱར་བ་གསུམ་ལས། དང་པོ་ནི། དབང་བཞི་རིམ་བཞིན་སྐུ་བཞི་ལ་སྦྱར་བའང་ཡིན་མོད་ཀྱི། འདིར་དབང་བཞི་ཀའི་ཡེ་ཤེས་ལ་སྐུ་བཞི་སྦྱོར་ཏེ། ལྷ་སྐུར་སྣང་བ་ལོངས་སྤྱོད་རྫོགས་པ་དང༌། དེ་འབྱུང་ལུས་དང་གོ་ས་གཅིག་པར་སྣང་བ་སྤྲུལ་པ་དང༌། རང་བཞིན་མེད་པར་ཤེས་པ་ཆོས་དང༌། སེམས་ཞུ་བདེའི་ངོ་བོར་སྐྱེས་པ་ནི་བདེ་བ་ཆེན་པོའོ། །གཉིས་པ་ལ། སྟོང་པའི་ངང་ལས་སྐྱེད་པ་དང༌། ཞུ་བའི་ཐིག་ལེར་ཐིམ་པ་དང༌། སྟོང་པས་རྒྱས་འདེབས་པ་ནི་ཆོས་དང༌། ནད་ལ་སོགས་པ་དང༌། ཡིད་ངོར་ལྷ་སྐུའི་གསལ་སྣང་ནི་ལོངས་སྤྱོད་དང༌། མངོན་བྱང་ལྔས་


TNT10_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང༌། འབྱུང་ལུས་ཀྱི་སྣང་བ་དང་བསྲེ་བ་སོགས་ནི་སྤྲུལ་པ་དང༌། ཞུ་བདེ་ནི་བདེ་བ་ཆེན་པོའོ། །གསུམ་པ་ནི། སྤྲོས་བྲལ་གྱི་ངོ་བོ་ལ་རྣམ་པར་མི་རྟོག་པའི་ཚུལ་གྱི་འཇུག་པ་ཆོས་དང༌། རང་ལུས་དང་གཞན་ལུས་ལ་བརྟེན་པའི་ལྷན་སྐྱེས་གཉིས་བསྐྱེད་པ་ནི་བདེ་བ་ཆེན་པོ་དང༌། དེ་དང་གཅིག་ཏུ་སྲེས་པའི་ཡེ་ཤེས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པ་དང༌། དེ་ཉིད་རགས་པའི་ལུས་རྟེན་ལ་འཇུག་པས། དེ་དག་པར་བྱེད་པ་ནི་སྤྲུལ་པའོ། །གསུམ་པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་མངོན་དུ་གྱུར་པ་ནི། ཆོས་དང་སྟོང་པ་ཉིད་མངོན་དུ་གྱུར་པ་ན། ཆོས་དང་སྟོང་པ་དེ་རྟོགས་པའི་འགྱུར་མེད་བདེ་བའི་ཡེ་ཤེས་རང་བཞིན་ལྷན་སྐྱེས་མཐར་ཐུག་པ་ནི་བདེ་བ་ཆེན་པོ་དང༌། ཡེ་ཤེས་དེ་ཉིད་ཀྱི་སྣང་བའི་ཆ་དག་པའི་དཀྱིལ་འཁོར་དུ་སྣང་བ་ལོངས་སྤྱོད་རྫོགས་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ཁམས་སོགས་མཁྱེན་པའི་ཡེ་ཤེས་དམིགས་པ་མེད་པའི་སྙིང་རྗེ་དང་མཚུངས་པར་ལྡན་པ་ནི་སྤྲུལ་པའོ། །དེ་ལྟར་སྐུ་བཞི་པོ་དེ་ནི་ངོ་བོ་གཅིག་ཅིང༌། སངས་རྒྱས་རང་སྣང་ཁོ་ན་ལས་གཞན་གཟུགས་ཀྱི་སྐུ་ནི་འདིར་དངོས་སུ་མི་བསྡུད་དེ། དེ་དག་ནི་སྨོན་ལམ་གྱི་སྟོབས་ལས་གདུལ་བྱ་ལ་སྣང་བ་ཙམ་ཡིན་ནོ། །སངས་རྒྱས་ཀྱི་རང་སྣང་ལ་ཁ་སྦྱོར་སོགས་ཡན་ལག་བདུན་ལྡན་གྱི་དག་པའི་དཀྱིལ་འཁོར་མི་སྣང་སྟེ། དེ་དག་ནི་ཀུན་རྫོབ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ནི་སྤྲོས་བྲལ་ཁོ་ན་གཟིགས་པའོ། །ཞེས་སྨྲ་བ་ནི། ཨིནྡྲ་བྷུ་ཏིའི་ཞལ་སྔ་ནས་ཡེ་ཤེས་གྲུབ་པར། སྔར་ཡོད་པ་ནི་ཐམས་ཅད་ཞིག སྔར་མེད་པ་ནི་འདིར་མེད་པས། སངས་རྒྱས་


TNT10_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་འདི་འདྲ་ན། དེ་ལས་གཞན་དག་དོན་མེད་དོ། །ཞེས་དང༌། གཞན་ཡང༌། གལ་ཏེ་ཡེ་ཤེས་སྣང་མེད་ཡིན་ན་ནི། །གཉིད་ལོག་འདྲ་བར་བསྒྲུབ་བྱ་ཉིད་དུ་འགྱུར། །གང་ཡང་དབང་པོ་རྣམས་ནི་འགོག་པ་དང༌། །ཡེ་ཤེས་བྱེ་བྲག་སྨྲ་བའི་ལུགས་ཡིན་ནོ། །ཞེས་དེ་ཉིད་མཁྱེན་པ་རྣམས་ཀྱིས་བཀག་གོ །གལ་ཏེ་ལོངས་སྤྲུལ་གཉིས་གཟུགས་ཀྱི་སྐུ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་སྐད་དུ་གསེར་འོད་དམ་པ་ལས། སྐུ་གསུམ་གྱི་ལེའུར། དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པ་ཐམས་ཅད་མི་སྐྱེ་བའི་ཕྱིར། རྣམ་པར་དག་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ནི་མེད་པ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་ཆོས་ཀྱི་སྐུ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པས་སྤྲུལ་པའི་སྐུར་སྣང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པས་ཆོས་ཀྱི་སྐུར་སྣང་བར་འགྱུར་རོ། །དཔེར་ན་ནམ་མཁའ་ལ་བརྟེན་ནས་གློག་འབྱུང་བར་འགྱུར་རོ། །གློག་ལ་བརྟེན་ནས་འོད་སྣང་ངོ༌། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བར་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་རྟེན་ནས་སྤྲུལ་པའི་སྐུར་སྣང་བར་འགྱུར་རོ། །དེ་ལ་རང་བཞིན་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་སྐུ་སྣང་ངོ༌། །ཡེ་ཤེས་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ༌། །ཏིང་ངེ་འཛིན་རྣམ་པར་དག་པས་སྤྲུལ་པའི་སྐུ་སྣང་ངོ༌། །དེ་གསུམ་རྣམ་པར་དག་པ་ནི། ཆོས་ཀྱི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། རོ་གཅིག་པའི་དེ་བཞིན་ཉིད་དང༌། རྣམ་པར་གྲོལ་བའི་དེ་བཞིན་ཉིད་དང༌།


TNT10_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཐས་ཀླས་པའི་དེ་བཞིན་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཐ་མི་དད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པ་ཆེན་པོའོ་ཞེས་སྨྲ་ཞིང་མོས་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་མེད་པར་བསམ་པ་ཐག་པས་ཤེས་པ་ཡིན་ནོ་ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ཞེས་བྱ་བའི་སྐུ་གསུམ་ཀ་ཡིན་ལ། མེད་པ་ཞེས་པ་ནི་དོན་དམ་པར་མེད་པ་སྟེ་ཀུན་རྫོབ་ཡིན་ལ། འདིར་དེ་རྣམས་དེ་མ་ཡིན་པར་བསྟན་ཅིང༌། གཟུགས་ཀྱི་སྐུ་ནི་ཀུན་རྫོབ་ཡིན་ནོ། །ཉོན་མོངས་པའི་སྒྲིབ་པ་ནི་ཁམས་གསུམ་གྱི་ཉོན་མོངས་ཐམས་ཅད་ཡིན་མོད་ཀྱི། འདིར་གཙོ་བོར་བདག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཡིད་དོ། །ལས་ཀྱི་སྒྲིབ་པ་ནི། ཟག་བཅས་ཀྱི་ལས་ཐམས་ཅད་དོ། །ཡེ་ཤེས་ཀྱི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པའོ། །དེ་རྣམས་དག་པའི་ལྡོག་ཆ་ནས་སོ་སོར་རྟགས་པ་ཡིན་གྱི། ངོ་བོའི་སྒོ་ནས་ཆོས་ཀྱི་སྐུ་གཅིག་པུ་ཡིན་པས་ཆོས་ཀྱི་སྐུ་ནི་ཞེས་ཐོག་མར་སྨོས་སོ། །སྣང་ངོ་ཞེས་པ་ནི་སངས་རྒྱས་རང་སྣང་ལ་སྣང་བ་ཡིན་ཏེ། གདུལ་བྱ་གཞན་སྣང་ལ་ཆོས་སྐུ་སྣང་བ་མེད་ཅིང་མེད་པར་ཐམས་ཅད་མཐུན་པའི་ཕྱིར་རོ། །གློག་གི་དཔེ་དོན་སྦྱར་བ་ནི། རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ཆོས་ཀྱི་སྐུ་ཡིན་ཅིང༌། དེ་གློ་བུར་རྣམ་དག་མཐར་ཐུག་པས་ཁྱད་པར་དུ་བྱས་པ་ན། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་གཟིགས་པ་ཆོས་ཐམས་ཅད་ལ་རྗེས་སུ་འཇུག་ཅིང༌། ཕྱིན་ཅི་ལོག་གི་སྣང་བ་གཏན་ནས་སྤངས་པའི་དག་པ་རབ་འབྱམས་སུ་སྣང་བའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་


TNT10_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཡེ་ཤེས་དེའི་མཐུས་འགྲོ་བའི་དོན་བྱེད་པས་དེའི་ནུས་པའི་ཆ་ནི་སྤྲུལ་པའི་སྐུ་སྟེ། དེའི་ཕྱིར་དེ་དེ་ལས་བྱུང་བ་ཡིན་ཅིང༌། དེ་གཉིས་ཀྱང་གཞན་དོན་གྱི་སྐུ་ཡིན་ནོ། །ཕྱི་མ་གཉིས་ཆོས་སྐུ་དང་ངོ་བོ་གཅིག་ཡིན་ན་དོན་དམ་པའི་སྐུར་འགྱུར་རོ་ཞེ་ན། རང་གི་ངོ་བོས་ནི་འདོད་ཅིང༌། ལྡོག་པའི་ཆ་ནས་ནི་ཆོས་ཀྱི་སྐུར་མི་འཇོག་པས་སྐྱོན་མེད་ལ། འོན་ཀྱང་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་དབྱེ་བས་དང་པོ་གཉིས་དོན་དམ་གྱི་སྐུ་དང་ཕྱི་མ་ཀུན་རྫོབ་ཀྱི་སྐུར་ནི་འཇོག་ལ། དེ་བརྡའི་སྐུར་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་ཀུན་རྫོབ་ཀྱི་སྐུ་གཟུགས་ཀྱི་སྐུར་བཤད་པ་མ་ཡིན་ནམ་ཞེ་ན་ཡིན་མོད་ཀྱི། ཀུན་རྫོབ་ཀྱི་སྐུ་ལ་གཟུགས་སྐུས་ཁྱབ་པར་མ་བཤད་པས་འགལ་བ་མ་ཡིན་ནོ། །དེ་གསུམ་རྣམ་པར་དག་པ་ཞེས་པ་ནི་དེའི་སྐུ་གསུམ་སྟེ། ཆོས་རྣམས་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་དེ་བཞིན་ཉིད་དང༌། དོན་གཞན་དུ་འགྱུར་བ་མེད་པའི་ཕྱིར་གཞན་མ་ཡིན་པ་དང༌། མཉམ་པ་ཉིད་དུ་གཟིགས་པས་ན་རོ་གཅིག་པ་དང༌། སྤང་བྱ་ལས་རྣམ་པར་གྲོལ་བ་དང༌། མཐས་ཀླས་པའི་དངོས་པོ་ཐམས་ཅད་ལ་ཉེ་རིང་མེད་པ་རྣམ་གསུམ་ཀ་ལ་ཚང་བའི་ཕྱིར་སྐུ་གསུམ་པོ་ཐམས་ཅད་ཐ་མི་དད་དོ། །དེ་ལྟར་སྐུ་གསུམ་གཉིས་སུ་མེད་པར་ཤེས་པ་ན་སྟོན་པ་འདི་ཉིད་གཞན་པས་ཀྱང་ཆེས་ཆེན་པོའོ་ཞེས་མོས་ཞིང་དང་བར་འགྱུར་ཞེས་པ་ནི་རིགས་ཀྱི་བུའམ་ཞེས་སོགས་ཀྱི་བསྟན་ནོ། །ལོངས་སྤྲུལ་རྗེས་སུ་མཐུན་པ


TNT10_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འམ་བཏགས་པ་བ་གཟུགས་ཀྱི་སྐུ་གཉིས་ཇི་ལྟར་འབྱུང་ཞེ་ན། སྔར་བཤད་པའི་སྐུ་གཉིས་པོ་དེ་དག་མེད་པར་ནི་གདུལ་བྱའི་སེམས་དག་ཀྱང་མི་འབྱུང་ལ། འོན་ཀྱང་གདུལ་བྱའི་སེམས་རྒྱུད་ཀྱི་བསྡུས་པ་ནི་ཡིན་ཅིང་གདུལ་བྱའི་སེམས་དག་པ་དང༌། ཡེ་ཤེས་དེ་གཉིས། སྔོན་གྱི་སྨོན་ལམ་དང་རྐྱེན་ཉེ་བར་ཕྲད་པ་ལས་སྣང་བ་ཡིན་ནོ། །དེའི་ཕྱིར་སེམས་དག་པ་ནི་ཉེར་ལེན་དང༌། གཉིས་ནི་ལྷན་ཅིག་བྱེད་པའོ། །གཟུགས་ཀྱི་སྐུ་སངས་རྒྱས་སུ་འདོད་པ་མཛངས་པ་མ་ཡིན་པའི་གཏམ་རྒྱ་ཆེན་པོ་དག་ནི་འདི་ལྟར་རྟག་པར་བྱ་སྟེ། ལུང་འགལ་ཕྱིར་དང་ལུས་མེད་དང༌། །དོན་སྨྲས་དོན་དམ་མིན་འདོད་ཅིང༌། །རིག་པས་གནོད་ཕྱིར་ཐེག་ཆེན་ལ། །སངས་རྒྱས་གཟུགས་སུ་རིགས་མ་ཡིན། །ཅི་འདི་བེམ་པོའམ་ཡང་ན་ཤེས། །གཉིས་འདུས་ན་ནི་བཏགས་ཡོད་ཙམ། །བེམ་པོའི་རྒྱལ་བ་ངོ་མཚར་རྨད། །ཤེས་ན་སོ་སོ་སྐྱེ་སོགས་ཀྱིས། །རྒྱལ་བའི་ཡེ་ཤེས་མཐོང་འགྱུར་ཞིང༌། །མིག་ཤེས་ཡུལ་ན་གཟུགས་ཉིད་དམ། །རྣམ་པ་དེ་ཕྱིར་བྱས་སོགས་རྒྱུད། །རྒྱལ་དང་སེམས་ཅན་རྒྱུད་གཅིག་འགྱུར། །དེ་ལྟས་ཀུན་རྫོབ་བདེན་པ་སྟེ། །སངས་རྒྱས་གཉིས་སུ་ཐལ་མིན་ནམ། །གཅིག་ན་ཆོས་ཀྱི་སྐུར་འགྱུར་རོ། །ལྷ་མིག་གཅིག་པུས་ཀུན་ཤེས་སོ། །སངས་རྒྱས་གཅིག་ཉིད་ལུང་དུ་གསུངས། །རྒྱལ་ཡོང་གཟུགས་མེད་ཡོད་མེད་གཉིས། །འགལ་བ་མི་ཟད་སྨྲ་དེ་བླུན། །གཟུགས་སྐུ་སྐྱེས་བུར་འདོད་པ་ནི། །གཞུང་ལུགས་མ་ཀླགས་བློ་རྩིང་པ། །སྐྱེས་བུར་དབང་པོ་སོགས་འདོད་པ། །ཐེག་ཆེན་འདི་ལ་


TNT10_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཆེན་པོ། ། སེམས་ཅན་ཀྱང་དེ་མ་ཡིན་ན། །བླུན་པོའི་སྤྱོད་པ་མུ་མེད་དོ། །ཡེ་ཤེས་མི་ལྡན་པར་འགྱུར་ན། །གདོང་ལས་མེ་ལོང་གཟུགས་འབྱུང་ཡང༌། །དེ་མིན་དེ་ལ་གདོང་ཅི་ཡོད། །དེ་ལྟར་འདི་ལ་དེ་མེད་དོ། །ངན་སེམས་ཁྲག་ཕྱུང་ཅི་ཞེ་ན། །རྒྱལ་ལ་དམིགས་ཤིང་ལས་རྫོགས་པས། །གནོད་དེ་ཁམས་གསུམ་སེམས་ཙམ་ཡང༌། ། དགེ་དང་སྡིག་པས་འགྲོ་གཉིས་བགྲོད། །དེ་ལྟ་བས་ན་རེ་ཞིག་འདིར། །ཡང་ན་ཕྱི་རོལ་དོན་དུ་སྨྲོས། །རང་བཟོ་ཐེག་པ་ཆེན་པོར་མིན། །དེ་ཡང༌། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ་ལས། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ་དེ་ནི་མ་སྐྱེས་པ། མི་འབྱུང་བ། མི་འགགས་པའོ། །ཞེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོར་ཡང༌། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་འཆང་བ། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་བཞག །ཅེས། སངས་རྒྱས་ལ་རྡུལ་ལས་གྲུབ་པ་དང༌། ལུས་ཀྱི་སྐྱེ་མཆེད་མེད་པར་བཤད་པ་དང༌། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཞེས་དང༌། བསྟན་བཅོས་ལས་ཀྱང༌། མདོའི་རྗེས་སུ་འབྲངས་ཏེ། ཇི་ལྟར་བཻ་ཌུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོ་སྐུ་


TNT10_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཟུགས་བརྙན་འཆར། །ཞེས་གདུལ་བྱའི་སེམས་ཀྱི་སྣང་བར་གསལ་བར་བཤད་ཅིང༌། དེ་དག་ལ་སོགས་པ་འཁོར་ལོ་བར་པ་དང་ཐ་མའི་མདོ་སྡེའི་ལུང་འབྱམས་ཀླས་པ་དང་འགལ་བར་འགྱུར་ལ། དེ་དག་དགོངས་པ་ཅན་ནོ་ཞེ་ན་དེ་ལྟར་སྟོན་པའི་ལུང་མེད་ཅིང༌། དེར་མ་ཟད་གཟུགས་ཀྱི་སྐུ་སངས་རྒྱས་དངོས་ཡིན་པར་སྟོན་པ་ཙམ་གྱི་ལུང་ཡང་བསྟན་བཅོས་རྣམ་པར་དག་པ་ལས་ཀྱང་མ་མཐོང་ན། ཞལ་ནས་གསུངས་པ་ལྟ་ཅི་ཞིག སྔགས་ཀྱི་ཐེག་པ་འདིར་ཡང༌། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་པས། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་དང༌། དག་པའི་སེམས་ནི་བཟུང་གྱུར་ན། །རྡོ་རྗེའི་ལུས་ནི་རྣམ་སྒོམ་པས། ། བརྟན་ལུས་ཁོང་སྟོང་མ་ཡིན་པ། །རྡོ་རྗེའི་སྐུ་ནི་ངེས་ཐོབ་འགྱུར། །ཞེས་རྒྱུན་ཆད་པ་མེད་པ་དང་ཁོང་སྟོང་མ་ཡིན་པ་དང་ཤ་ཁྲག་སོགས་ཀྱི་རྣམ་པ་རྡོ་རྗེའི་སྐུ་ལ་གཏན་མི་མངའ་བར་གསུངས་ལ། མཆོག་གི་སྤྲུལ་པའི་སྐུ་རྣམས་ལ་ནི། དེ་དག་མངའ་སྟེ་མྱ་ངན་ལས་འདའ་བ་དང༌། སྐུ་སྙུན་པོ་དང༌། སྐུ་མཚལ་དབྱུང་བར་བསྟན་པ་བཞིན་ནོ། །དེ་ལྟ་ན་ཡང་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་རང་སྣང་གི་རྡོ་རྗེའི་སྐུའོ་སྙམ་ན། དེ་ཡང་སྤྱིར་རྒྱུན་མི་འཆད་པར་ནི་བཞག་ཏུ་རུང་མོད་ཀྱི་གདུལ་བྱ་གཅིག་ལ་བལྟོས་ནས་ནི་རྒྱུན་མི་འཆད་པ་མ་ཡིན་ཏེ། བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་སྣང་གི་ཕྱི་རོལ་གྱི་སྟོན་པ་ངེས་པ་ལྔ་ལྡན་གྱི་སྣང་བ་


TNT10_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་ཡིན་ཅིང༌། གཞན་ཡང་སྐུ་དེ་གཉིས་ལ་སྐབས་འདིར་རྣམ་པར་དབྱེ་བར་མི་འཐད་དོ། །གལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་ཀྱང་སྔར་གྱི་ལོངས་སྐུའི་རྣམ་པ་དེ་ཉིད་རྒྱུན་མི་འཆད་པར་སྣང་ན་ལོངས་སྐུ་གཉིས་སུ་ཐལ་བར་འགྱུར་ཞིང༌། མེད་ཀྱང་སྣང་བ་དང༌། ཡོད་ཀྱང་མི་སྣང་བ་ནི་རྒྱལ་བ་ལ་ཡོད་པར་ཁྱེད་ཅག་ཀྱང་མི་འདོར་གྲང༌། གཞན་ཡང་སྔར་ཡོད་པ་ལས་ཕྱིས་མེད་པར་གྱུར་ན་རྒྱུན་ཆད་པར་འགྱུར་བ་དང༌། སྔོན་ཉིད་ནས་ཀྱང་མེད་པ་གསལ་སྣང་ཡིན་ན་ནི་སངས་རྒྱས་སུ་ཅི་ལྟར་འགྱུར། འོན་ཏེ་ཁོང་སྟོང་མ་ཡིན་པ་སོགས་ཀྱི་ལུང༌། དོན་ལ་མེད་པ་ཡིན་གྱི་ཚུལ་སྟོན་པ་མི་འགལ་ཏེ། འཕགས་པ་ལྷས། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེའི་སྐུ་ལ་རྐང་རུས་ཤ་མེད་ཀྱང༌། །སེམས་ཅན་ཕན་ཕྱིར་རིང་སྲེལ་འཇོག་པར་མཛད། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ལྟར། །ཞེས་པ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ལ་དེ་ལྟར་མི་མངའ་ཡང༌། སྤྲུལ་པའི་སྐུ་ལ་སྣང་བ་ནི་སྤྲུལ་པ་ཡིན་ནོ་ཞེ་ན། དེ་ལྟར་སྤྲུལ་པ་ཡིན་པ་ཉིད་ཀྱི་སྐྱེས་བུ་མ་ཡིན་པར་གྲུབ་བོ། །དེའི་ཕྱིར་སངས་རྒྱས་ཅི་ལྟར་ཡིན། སྤྲུལ་པའི་སྐྱེས་བུ་ཞེས་བཤད་པ་མ་ཡིན་ནམ། དེ་ལྟ་ན་ནི་སྒྱུ་མའི་སྐྱེས་བུ་ཡང༌། བཤད་པས་སྒྱུ་མ་ཡང་སྐྱེས་བུར་ཐལ་བར་གྱུར་རོ། །དོན་སྨྲ་བ་རྣམས་ཀྱང༌། གཟུགས་ཀྱི་སྐུ་ནི་སངས་རྒྱས་དངོས་སུ་མི་འདོད་ཅིང༌། ནོར་བུ་དང་ཟ་མ་ཏོག་གི་དཔེས་ཡེ་ཤེས་ཆོས་ཀྱི་སྐུ་ཁོ་ན་སངས་རྒྱས་དངོས་སུ་འདོད་ན་ཁྱེད་ཅག་ནི་དེ་བས་ཀྱང་དམན་པ་ཞིགགཞན་ཡང་ཅི་གཟུགས་ཀྱི་སྐུ་ནི་བེམ་པོའམ་ཤེས་པའམ་དེ་དག་གི་ཁྱད་པར་ལ་


TNT10_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གདགས། གསུམ་པ་ལྟར། གཉིས་ཚོགས་པའི་ཆ་ཙམ་མམ་གཉིས་ཀ་མ་ཡིན་ན་ནི། བཏགས་ཡོད་ཙམ་དུ་ཐལ་བ་དང༌། དངོས་མེད་ནི་གདུལ་བྱ་ལ་སྣང་བ་དང་འགྲོ་བའི་དོན་བྱེད་པར་མི་རུང་བ་དང༌། འཇིག་རྟེན་པའི་བློས་རྣམ་པར་བརྟགས་པའི་ཆོས་གཅིག་སངས་རྒྱས་སུ་ཁས་བླངས་པས་ཤིན་ཏུ་ཐ་ཆད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང༌། བེམ་པོ་དང་སངས་རྒྱས་ཀྱི་གཞི་མཐུན་པ་ཁས་བླངས་པས་འགལ་བ་ལ་མ་འཁྲུལ་བའི་ཚད་མ་ཡ་མཚན་ཆེ་སྟེ། བེམ་པོ་དང་ཤེས་པ་འགལ་བའི་ཕྱིར་རོ། །དང་པོ་ལྟར་ན་སེམས་ཅན་གྱི་རྒྱུད་དུ་གཏོགས་སམ་སངས་རྒྱས་ཀྱི་རྒྱུད་དུ་གཏོགས། དང་པོ་ལྟར་ན་ནི་སེམས་ཅན་དང་སངས་རྒྱས་རྒྱུད་གཅིག་པར་འགྱུར་བ་དང༌། སངས་རྒྱས་དེ་ཡང་ཀུན་རྫོབ་སླུ་བའི་ཆོས་ཅན་དུ་ཐལ་བ་དང༌། སྒྲིབ་པ་དང་བཅས་པར་ཐལ་བའམ། ཡང་ན་སེམས་ཅན་དེ་ཉིད་སངས་རྒྱས་ཡིན་པར་ཐལ་བ་དང༌། ཆོས་ཀྱི་སྐུ་རྒྱུད་ལྡན་ཡིན་པར་ཡང་ཐལ་བར་འགྱུར་ཏེ། གཟུགས་སྐུའི་རྒྱུད་ལ་ཆོས་སྐུ་ཡོད་པར་ཁྱེད་ཉིད་འདོད་པའི་ཕྱིར་རོ། །གལ་ཏེ་གཉིས་པ་ལྟར་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་གྱིས་མཐོང་བར་ཐལ་ཞིང༌། མཚན་དང་དཔེ་བྱད་སོགས་མིག་ཤེས་ཀྱི་མཐོང་ན་ནི། གཟུགས་སམ་གཟུགས་ཀྱི་རྣམ་པ་གང་དུ་འདོད། དང་པོ་ལྟར་ན་ནི་སྐྱོན་སྔར་བསྟན་ཟིན་ལ། ཕྱི་མ་ལྟར་ན་ནི་སེམས་ཅན་གྱི་རྒྱུད་དུ་ཁས་བླངས་པ་ཡིན་ནོ། །གཞན་ཡང་སངས་རྒྱས་ནི་གཉིས་མེད་ཀྱི་ཡེ་ཤེས་ཡིན་ཅིང༌། དེ་ཡོད་པར་འདོད་ལ་གཟུགས་སོགས་ཀུན་རྫོབ་ནི་མེད་པར་འདོད་པས། ཡོད་


TNT10_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཉིས་དོན་གཅིག་ལ་འདུས་པར་འདོད་པས་ཤིན་ཏུ་ནོངས་པ་དང༌། སྐུ་གཉིས་ངོ་བོ་ཐ་དད་པ་སངས་རྒྱས་སུ་ཁས་བླངས་པས་གང་ཟག་གཅིག་རྣམ་པར་གྲོལ་བ་ལ་ཡང་སངས་རྒྱས་ངོ་བོ་ཐ་དད་པ་དུ་མ་འབྱུང་བར་ཐལ་ཞིང༌། ལུང་ལས་ནི་གང་ཟག་དུ་མ་ཡང་སངས་རྒྱས་པའི་ཚེ་གཅིག་ཏུ་གསུངས་པ་དང༌། དེ་བཞིན་གཤེགས་པའི་ལྷའི་སྤྱན་གཅིག་པོས་ཤེས་བྱ་ཐམས་ཅད་མཁྱེན་པར་གསུངས་པ་སོགས་ཡེ་ཤེས་ངོ་བོ་གཉིས་པ་མེད་པར་གསུངས་པ་དང༌། བསྟན་བཅོས་ལས་ཀྱང༌། སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །ཞེས་སོགས་རྣམ་པ་མང་པོ་དག་དང་འགལ་ཆེས་སོ། །གཞན་ཡང་གཟུགས་ཀྱི་སྐུ་ནི་སྨོན་ལམ་གྱི་སྤྲུལ་པ་ཡིན་གྱི་འབྱུང་པོ་རྣམས་ཀྱིས་གཟུགས་ཡོངས་སུ་བསྒྱུར་བ་ལྟ་བུ་མ་ཡིན་པས་སྐྱེས་བུར་མི་འགྱུར་ཞིང༌། དེའི་ཕྱིར་རྣམ་མཁྱེན་རྒྱུད་མི་ལྡན་ཐལ་བར་འཕེན་པ་ནི་ཁོ་བོ་ཅག་འདོད་པར་བྱེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་རང་སྣང་གི་སྐུ་གཉིས་ཁོ་ན་ལ་བདག་ཉིད་གཅིག་པའི་ཚུལ་གྱི་ལྡན་ཏེ། ཕྲག་ཁུར་ཐོགས་པའི་ཚུལ་གྱིས་ནི་མ་ཡིན་ནོ། །གཞན་ཡང་སྐྱེས་པའི་ངོ་བོ་དབང་པོ་དྲུག་ལ་སོགས་པར་འདོད་པ་ནི། ཐེག་པ་ཆེན་པོ་འདི་ལ་མི་བཟད་པའི་གདོན་ཡིན་ཏེ། འདིས་ནི་དབང་པོ་རྣམས་ཡང་སྲིད་པའི་ལེན་པར་བྱེད་ཅེས་ལོག་པའི་ཆོས་བསྟན་པ་ལ་བསྲེ་བར་བྱེད་པའི་སྙད་དོ། །དེ་བས་ན་སེམས་ཅན་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་ལ་བཞག་དགོས་པ་ཡིན་ན། སངས་རྒྱས་ཀྱི་སྐྱེས་བུ་གཟུགས་ཀྱི་སྐུར་འདོད་པ་ནི་ག་ལ་ཞིག ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་འབྱུང་བ་ནི་ཡིན་


TNT10_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། གདོང་ལས་མེ་ལོང་གི་གཟུགས་བརྙན་འབྱུང་ཡང་གཟུགས་བརྙན་གདོང་མ་ཡིན་ཞིང་དེའི་རྒྱུད་ལ་དེ་མེད་དོ། །དེ་སངས་རྒྱས་མ་ཡིན་ན་དེ་ལ་ངན་སེམས་ཀྱི་ཁྲག་བྱུང་བས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་མཚལ་ཕྱུང་བར་ཅིའི་ཕྱིར་འགྱུར། དེ་ནི་འཇིག་རྟེན་ལ་གྲགས་པའི་དབང་དུ་མཛད་པ་ཡིན་ཏེ། གཞན་དུ་ན་དེ་བཞིན་གཤེགས་པ་ལ་ལྟ་ཞོག ཕྱིར་མི་ལྡོག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་ཡང་བདུད་ཀྱི་ཚོགས་ཐམས་ཅད་ཀྱིས་ལྟ་བར་ཡང་མི་ནུས་ན་དེ་བཞིན་གཤེགས་པ་ལ་སུ་ཞིག་གི་སྐུ་མཚལ་འབྱིན་ཏེ། རི་བོང་གིས་རྭས་བསྣུན་ན་མཚམས་མེད་པར་འགྱུར་ཞེས་བྱ་བར་མི་འགྱུར་རམ། དེ་བས་ན་གཟུགས་ཀྱི་སྐུ་དེ་ཡང་འཇིག་རྟེན་ལ་དེ་བཞིན་གཤེགས་པར་གྲགས་སོ། །མཚམས་མེད་པར་ནི་འགྱུར་ཏེ། སངས་རྒྱས་ལ་དམིགས་ཤིང་ལས་དེ་ཉིད་ཟིན་པའི་ཕྱིར་དེར་འགྱུར་བའི་རྒྱུ་རྐྱེན་མ་ཚང་བ་མེད་དོ། །དཔེར་ན་ཁམས་གསུམ་པོ་ཐམས་ཅད་རང་སེམས་ཀྱི་སྣང་བ་ཡིན་ཀྱང༌། དེ་དག་ལ་དམིགས་ནས་ལས་བྱས་པས་འབྲས་བུ་མྱོང་བར་འགྱུར་བ་བཞིན་ནོ། །གཟུགས་ཀྱི་སྐུ་རྒྱལ་པའི་རྒྱུད་དུ་གཏོགས་ཤིང་ཕྱི་རོལ་གྱི་དོན་དུ་སྨྲ་ན་ནི། དྲང་དོན་གྱི་མདོ་རྣམས་ཀྱི་རྗེས་སུ་འབྲངས་ལ་དོན་སྨྲ་པ་རྣམས་ཀྱི་ལུགས་རྟེན་ཅིག རང་བཟོའི་སྡེ་སྣོད་བརྩམས་པར་མི་བྱའོ། །འོ་ན། འཇིག་རྟེན་དག་དང་དཀྱིལ་འཁོར་དུ། །སྣང་ལ་ལྷ་དང་མི་རྣམས་ཀྱི། །རྣམ་པ་ཀུན་ཏུ་མི་མཐོང་ངོ༌། །ཞེས་སྐུ་གཉིས་གཟུགས་ཀྱི་སྐུར་བཤད་པ་མ་ཡིན་ནམ་ཞེ་ན། འདིའི་སྐུ་གཉིས་ལ་སྣང་ཚུལ་དང་གནས་ཚུལ་གྱི་སྐུ་སོ་སོར་འབྱེད་པ་སྔོན་གྱི་བླ་མ་རྣམས་


TNT10_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུགས་ནི་ལེགས་པ་ཡིན་ཏེ། ཐུན་མོང་མ་ཡིན་པའི་རྐྱེན་སངས་རྒྱས་ལས་བྱུང་བ་ཡིན་པའི་ཕྱིར། གཟུགས་སྐུ་ལ་ཡང་སངས་རྒྱས་ཀྱི་སྐུ་ཞེས་པ་བཏགས་མིང་ནི་འཇུག་ལ། དེས་ན་སངས་རྒྱས་དང་འབྲེལ་བའི་སྐུ་ཐམས་ཅད་སྐུ་གསུམ་དུ་བསྡུས་པའི་ཚེ་གཟུགས་སྐུ་གཉིས་ཀྱང་ལོངས་སྤྲུལ་གཉིས་སུ་བསྡུ་སྟེ། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང་སྤྲུལ་པའི་ཡེ་ཤེས་གཉིས་ལས་དེ་དག་བྱུང་བའི་ཕྱིར། ཐུན་མོང་མིན་པའི་རྒྱུའི་ཕྱིར། དེའི་ཐ་སྙད་དབང་པོས་བྱས། །ཞེས་པ་ལྟར་ཐུན་མོང་མ་ཡིན་པའི་རྒྱུའི་སྒོ་ནས་ལོངས་སྤྲུལ་གྱི་སྐུར་མིང་འདོགས་པ་ཡིན་ལ། དངོས་བཏགས་མ་ཕྱེ་བའི་ཚེ་ན་དེ་དང་དེ་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ །འོན་ཀྱང་ལམ་འདི་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་བསྲེ་བའི་མན་ངག་རྣམས་ནི་གཅིག་ལ་ཡང༌། སྣང་ཚུལ་དང་གནས་ཚུལ་གྱི་སྐུ་གཉིས་ཀ་དང་མཐུན་དགོས་ཏེ། འདིའི་གནད་ཞིབ་ཏུ་ཤེས་དགོས་པ་ཞིག་ཡོད་དོ། །གཉིས་པ་ཡན་ལག་བདུན་ཚང་ཚུལ་ལ། དབང་བཞི་སོ་སོ་ལ་སྦྱར་བ། བསྐྱེད་རིམ་ལ་སྦྱར་བ། གནས་སྐབས་ཀྱི་རྫོགས་རིམ་ལ་སྦྱར་བ། མཐར་ཐུག་གི་རྫོགས་རིམ་ལ་སྦྱར་བ། སངས་རྒྱས་ཀྱི་ཡེ་ཤེས་ལ་སྦྱར་བ་སྟེ། འདི་དག་རྣམས་ནི་རྒྱ་ཆེར་གཞན་དུ་བྲི་བར་བྱའོ། གསུམ་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། གཞིའི་དེ་ཉིད་བདུན་ནི། སེམས་ཉིད་རང་བཞིན་སྟོང་པ་ཉིད་ནི་ཟབ་པ། སྣང་བ་ཐམས་ཅད་དུ་ཁྱབ་པའི་ཕྱིར་རྒྱ་ཆེ་བ། ཉེ་རིང་མེད་པའི་ཕྱིར་ཁྱབ་པ། རྒྱུན་མི་འཆད་ཅིང་རང་བཞིན་འགྱུར་བ་མེད་པའི་ཕྱིར་རྟག་པ། གསལ་བའི་འཆར་སྒོ་མ་འགགས་པ་ལུས་སུ་སྣང་བའི་ཕྱིར་ཡེ་ཤེས་ཀྱི་སྐུ། སྣང་སྟོང་དབྱེར་མེད་པའི་ཕྱིར།


TNT10_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག ཡུལ་ཡུལ་ཅན་རོ་གཅིག་ཏུ་ཡེ་ནས་འདྲེས་པའི་ཕྱིར་བདེ་བ་ཆེན་པོའོ། །ལམ་ནི། གཞི་ལ་དེ་ལྟར་གནས་པ་དེ་ཉིད་མངོན་དུ་འགྱུར་པའི་ཕྱིར་གཞི་འབྲས་གཉིས་ཀ་དང་རྣམ་པ་མཐུན་པར་སྒོམ་པ་ཡིན་ནོ། །དེ་ཡང་རང་བཞིན་མེད་པར་སྒོམ་པ་ནི་ཟབ་པ་དང༌། དེ་ཉིད་དངོས་པོ་ཐམས་ཅད་དུ་འཆར་ཡང་རང་རིག་པའི་བདག་ཉིད་དུ་འཆར་བ་ལ་བསླབ་པ་ནི་རྒྱ་ཆེ་བ་དང༌། དེ་ཉིད་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་ཁྱབ་པ་དང༌། སེམས་ཀྱི་རང་བཞིན་འགྱུར་བ་མེད་པ་ལ། སློབ་པ་ནི་རྟག་པ་དང༌། ལྷའི་དཀྱིལ་འཁོར་དུ་འཆར་བ་ལ། སླབ་པ་ནི་ཡེ་ཤེས་ཀྱི་སྐུ་དང༌། ལྷ་སྐུའི་སྣང་བ་དང་བདེ་སྟོང་རོ་གཅིག་ཏུ་བསྲེ་བ་ནི་ཟུང་འཇུག་དང༌། ཞུ་བདེ་ལ་བརྟེན་ནས་རང་བཞིན་ལྷན་སྐྱེས་མཚོན་པར་བྱེད་པས་མི་འགྱུར་བའི་བདེ་བ་སྟེ། འདི་རྣམས་ལ་དབང་དང་བསྐྱེད་རྫོགས་ལ་སོགས་པའི་དབྱེ་བས་སོ་སོར་སྒོམ་ཚུལ་རྒྱས་པར་སྦྱོར་དགོས་མོད་ཀྱི་ཚེགས་ཆུང་བའི་ཕྱིར་དང་ཡི་གེ་མངས་ཀྱི་དོགས་སོ། །གསུམ་པ་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ལ་སྦྱར་བ་ནི། ཇི་ལྟ་བའི་གནས་ལུགས་སྤྲོས་བྲལ་མཁྱེན་པའི་ཕྱིར་ཟབ་པ། ཇི་སྙེད་པ་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྒྱ་ཆེ་བ། གནས་ཚུལ་གྱི་སྐུ་གསུམ་པོ་ནམ་མཁའི་མཐས་གཏུགས་པ་ལ་ཉེ་རིང་མེད་ཅིང༌། གཟུགས་སྐུ་གཉིས་ཀྱང་མཐའ་ཡས་པའི་འཇིག་རྟེན་དུ་མཐའ་ཡས་པའི་གདུལ་བྱ་ལ་ནམ་ཞིག་དུས་ལ་བབ་པ་ན་དེ་ཉིད་དུ་འབྱུང་བར་འགྱུར་བ་སོགས་དངོས་པོ་ཐམས་ཅད་ལ་གཅིག་ཅར་ཁྱབ་པ་ལྟར་གནས་པས་ན་ཁྱབ་པའམ་གར་ཡང་ཕྱིན་པ་ཞེས་བྱའོ། །སྐུ་གསུམ་པོ་ལ་འཇིག་པ་མེད་ཅིང་ངོ་བོ་ནམ་དུ་ཡང་འགྱུར་བ་མེད་པ་ནི་


TNT10_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ། རང་སྣང་དང་དེའི་རྐྱེན་གྱིས་གཞན་ལའང་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་སྣང་བ་ནི་ཡེ་ཤེས་ཀྱི་སྐུ་ཡིན་ལ། གདུལ་བྱ་རྣམས་ལ་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བ་ཡང་འདིའི་ཁོངས་སུ་བསྡུའོ། །སྐུ་དང་ཡེ་ཤེས་དབྱེར་མེད་པ་ནི་ཟུང་འཇུགརང་བཞིན་ལྷན་སྐྱེས་མི་འགྱུར་བའི་བདེ་བ་རྟེན་བརྟེན་པ་དབྱེར་མེད་དུ་གྱུར་པ་ནི་བདེ་བའོ། །གཉིས་པ་གཞུང་གི་དོན་ལ། བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། མཆོད་པར་བརྗོད་པ་དང༌། བརྩོམ་པར་དམ་བཅའ་བའོ། །དང་པོ་ནི། སློབ་དཔོན་དང་འགྲོ་བའི་བླ་མ་སངས་རྒྱས་དབྱེར་མེད་པ་ལ་བཏུད་ཅེས་པའོ། །དེ་ལྟར་ཕྱག་འཚལ་ནས་ཅི་ཞིག་བགྱིད་ན། གཉིས་པ་ནི། རྒྱུད་སྡེ་རྣམས་ནས་དེ་ཁོ་ན་ཉིད་ཅེས་གསུངས་པ་དེ་རྣམས་རབ་ཏུ་གསལ་བར་བཤད་པར་བྱའོ་ཞེས་པའོ། །གཉིས་པ་ལ། དེ་ཁོ་ན་ཉིད་ཀྱི་བསྔགས་པ་དང༌། རྒྱུད་ལས་དེ་ཁོ་ན་ཉིད་གསུངས་པའི་རྣམ་གྲངས་དང༌། སྐབས་དོན་དེ་ཉིད་བདུན་རྒྱས་པར་བཤད་པ་དང༌། ཞར་བྱུངས་དང་ལམ་གྱི་རྣམ་པར་བཞག་པའོ། །དང་པོ་ནི། ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་ཐམས་ཅད་ཐོས་ཀྱང༌། དེ་དག་གི་དེ་ཁོ་ན་ཉིད་གང་གིས་མི་ཤེས་པ་དེའི་ཐོས་པ་དེ་ཐམས་ཅད་འབྲས་བུ་མེད་པ་ཉིད་ཡིན་ཏེ། དེ་རྣམས་ཀྱི་རྣམ་པར་གྲོལ་བའི་ལམ་མི་ཤེས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མདོ་ལས། ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་པ་མིན། །གང་དག་འདི་ན་ཐོས་ཉུང་ཡང༌། །ལུས་ཀྱི་ཆོས་དག་མངོན་སུམ་བྱས། །རིམ་ལྔ་ལས་ཀྱང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་བརྙེད་པར་མ་གྱུར་པ། །


TNT10_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡིས་ངལ་བ་དོན་མེད་ཡིན། །ཞེས་པ་ལྟར་རོ། །དེ་ལ་གཞུང་ཚིགས་བཅད་གཅིག་པོ་འདི་ནི། ལྷ་མོ་བཞིས་ཞུས་པའི་རྒྱུད་ལས་འབྱུང་བ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ནི་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད། སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པའི་ཐབས་བླ་ན་མེད་པ་ཡིན་པས་བཅུད་ལེན་དམ་པ་དང་མཚུངས་ཏེ། དེའི་ཕྱིར་ཚིག་རྒྱ་ཆེན་པོའི་མདོ་རྒྱུད་དག་ལས་སྙིང་པོའི་དོན་དེ་ཁོ་ན་ཉིད་ཡང་དག་པར་ལེན་འོས་པ་ཡིན་ནོ། །གཉིས་པ་ལ། དེ་ཁོ་ན་ཉིད་གཅིག་པུར་བཤད་པ། དེ་ཉིད་གཉིས་སུ་བསྟན་པ། བཞིར་བསྟན་པ། བཅུ་བཞིར་བཤད་པ། བདུན་དུ་བཤད་པ། རྣམ་གྲངས་ཐོར་བུ་པ་གཞན་བཤད་པ། དེ་ཉིད་བཅུ་གཉིས་སུ་བསྟན་པ་རྣམས་ལ། དང་པོ་ནི། དེ་ཁོ་ན་ཉིད་གཅིག་པུར་བཤད་པའི་དེ་ཁོ་ན་ཉིད་ནི། སྤྲོས་པ་ཐམས་ཅད་དང་བྲལ་བ། རང་གིས་རིག་པའི་མཚན་ཉིད་ཅན་ནི་སྟོང་པ་ཉིད་དེ། དེ་ལྟར་ཡང༌། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། ། རྟོག་པའི་ཆོ་ག་ཐམས་ཅད་ལ། །གྲུབ་པ་དམ་པ་མཆོག་གི་མཆོག །ཅེས་སངས་རྒྱས་མཉམ་སྦྱོར་གྱི་དགོངས་པ་སྟེ། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཐམས་ཅད་དང༌། ལམ་སྒོམ་པ་ཐམས་ཅད་ལ་འདི་ཡོད་ན་གྲུབ་པ་ཀུན་གྱི་མཆོག་གི་ཡང་མཆོག་ཏུ་འགྱུར་ཞེས་པ་སྟེ། རྒྱུད་གཞན་རྣམས་སུ་ཡང་འདིའི་དོན་ཤིན་ཏུ་མང་ངོ༌། །གཉིས་པ་ནི། དེ་ཁོ་ན་ཉིད་ཅེས་གསུངས་པ་འགའ་ཞིག་རིམ་པ་གཉིས་ལ་བརྗོད་པར་བྱ་སྟེ། དེ་ཉིད་ཐོབ་པ་ཤིན་ཏུ་སྦེད་ཅེས་གསུངས་པ་ལྟ་བུ་སྟེ། འདི་ནི་དེ་ཉིད་ཅེས་གསུངས་


TNT10_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གཉིས་པའོ། །གསུམ་པ་ནི། དེ་ཉིད་ཅེས་གསུངས་པ་གཞན་ཁ་ཅིག་ནི། དཀྱིལ་འཁོར་གྱི་དེ་ཉིད་དང༌། ལྷའི་དེ་ཉིད་དང༌། སྔགས་ཀྱི་དེ་ཉིད་དང༌། ཡེ་ཤེས་ཀྱི་དེ་ཉིད་དེ་བཞི་པོ་ལ་ཡང་རབ་ཏུ་བརྗོད་པ་ཡོད་དོ། །འདི་ནི་འཁོར་ལོ་བདེ་མཆོག་གི་ལེའུ་གསུམ་པའི་དོན་ཏེ། །ཀྱེ་རྡོ་རྗེར་འདི་དང་ཅུང་ཟད་མི་འདྲ་བར་བཤད་ལ། བྱ་བའི་རྒྱུད་དུའང་མིང་ཕྱོགས་འདྲ་བར་བཤད་མོད་ཀྱི་དོན་ཁྱད་ཆེའོ། །བཞི་པ་ནི། འཁོར་ལོ་བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པར། དེ་ཉིད་བཅུ་བཞི་བཤད་པ་ལས། དེ་དག་ནང་རྫོགས་རིམ་ལ་སྦྱར་ན་འདི་ལྟར་ཡིན་ཏེ། གང་ལ་གནད་དུ་བསྣུན་པའི་ལུས་ནི་གནས་ཀྱི་དེ་ཉིད་དང༌། ལྷའི་ཆ་ལུགས་སུ་འཇུག་པ་སྤྲོས་བཅས་ཀྱི་སྤྱོད་པ་ལ་སོགས་པ་སྤྱོད་པ་གསུམ་ནི་ཕྱག་རྒྱ་ལྔའི་དེ་ཉིད་དང༌། ཕྱག་རྒྱ་གསུམ་གྱི་བྷ་གས་བདེ་ཆེན་འདྲེན་པ་ནི་ཤེས་རབ་ཡན་ལག་གི་དེ་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཁུ་བ་སྟེང་དུ་བཅིངས་པའི་སྦྱོར་བ་ནི་དེ་བཞིན་དུ་སྲུང་བའི་འཁོར་ལོའི་དེ་ཉིད་དང༌། གཡོན་དང་སྲོག་ཟླ་བའི་རླུང་དང༌། གཡས་དང་ཐུར་སེལ་ཉི་མའི་རླུང་དབུ་མར་དགག་པ་ཨཱ་ལི་ཀཱ་ལིའི་དེ་ཉིད་དང༌། བདག་གཉིས་མེད་པའི་དོན་གྱི། སྟོང་པ་ཉིད་སྒོམ་པ་ནི་སྟོང་པའི་དེ་ཉིད་དང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་རླུང་སེམས་ཙམ་གྱི་སྣང་བ་ལས་གྲུབ་པའི་སྒྱུ་མའི་སྐུ་ནི་སྒ་[སྒྲ་]ཚུལ་གྱི་དེ་ཉིད་དང༌། དེ་དག་འོད་གསལ་བར་འཇུག་པ་ནི་བསྡུས་པའི་རྣལ་འབྱོར་གྱི་དེ་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཞུ་བ་ལུས་ཀྱི་གནས་རྣམས་སུ་ཕྱིན་པ་དགའ་བ་བཞིའི་རང་བཞིན་གྱི་ཁུ་བའི་བདེ་བ་ནི་བདུད་རྩི་ཚིམ་བྱེད་ཀྱི་དེ་ཉིད་དེ། འདིར་ལུས་བདེ་བ་ཞེས་གསུངས་པས་ངེས་པར་ཞུ་བདེའོ། །ཡང་དག་པའི་མཐའ་ལས་ལོངས་སྤྱོད་རྫོགས་པ་རྡོ་རྗེའི་སྐུར་བཞེངས་པ་མི་གནས་པའི་


TNT10_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་ནི། མྱང་འདས་ཀྱི་དེ་ཉིད་དེ། འདི་གཅིག་པུ་འབྲས་བུའི་སྐབས་ལ་སྦྱར་ཞིང༌། དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒྲིབ་གཉིས་བག་ཆགས་བཅས་སྤངས་པས། སྡུག་བསྔལ་དང་ཀུན་འབྱུང་གཏན་ནས་ལོག་པའི་ཕྱིར་འཁོར་བར་མི་གནས། འཁོར་བའི་མཐའི་བར་དུ་སྐུ་གསུམ་རྒྱུན་ཆད་མེད་པས་འགྲོ་བའི་དོན་སྤྱོད་པས་ཞི་བ་ལ་མི་གནས་པ་ཡིན་ལ། དེ་གཉིས་ཡང་དག་པའི་མཐའ་དང་རྡོ་རྗེའི་ལུས་ཐོབ་པས་འགྲུབ་པ་ཡིན་ནོ། །རྩ་འཁོར་ལོ་རྣམས་ཀྱི་ལྟེ་བར་གནས་པའི་ཁམས་རྣམས་ཀྱི་དྭངས་མ་ནི་རང་གི་ཐིག་ལེ་སྟེ། དེ་ཕྱག་རྒྱའི་མཆོག་ཕྱག་རྒྱ་ཆེན་པོ་དང་སྦྱར་བའི་ཕྱག་རྒྱ་བཞི་པོ་གང་རུང་གིས་ལས་རླུང་འགགས་པའི་སྟོབས་ཀྱི་རང་གནས་སུ་བཅིངས་པ་ལག་མཆོད་ཀྱི་དེ་ཉིད་དང༌། ཉེ་རྒྱུ་སྤྱོད་པའི་གནས་སྐབས་གསུམ་དུ་རྒྱལ་བ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་ཐོབ་པས་ལྷན་ཅིག་སྐྱེས་པའི་མཆོག རིམ་པ་གསུམ་གནས་སྐབས་གསུམ་གང་ཡང་རུང་བར་མངོན་དུ་བྱེད་པ་ནི་དབང་བསྐུར་བའི་དེ་ཉིད་དང༌། མི་ཕྱེད་མ་ལ་སོགས་པ་རྩ་ཉི་ཤུ་རྩ་བཞིར་རྒྱུ་བའི་རླུང་རྣམས་འཇུག་པ་དང༌། གནས་པ་དང༌། དབང་དུ་བྱེད་པའི་རིམ་པས་དབུ་མར་ཐིམ་པ་ནི་གོ་ཆ་ཆེན་པོ་དེ་ཉིད་དང༌། དེར་མ་ཟད་དེ་བཞིན་དུ་རྡོ་རྗེའི་བཟླས་པ་དང༌། དེ་ལ་སོགས་པའི་སྟོབས་ཀྱི་རླུང་གནས་པ་དང༌། སྟོང་པ་ཉིད་ལ་ཐིམ་པ་རྣམས་ཀུན་རྫོབ་རྫོགས་རིམ་གྱི་སྔགས་དང༌། བདེ་བ་ཆེན་པོའི་ཡེ་ཤེས་ནི་དོན་དམ་པའི་སྔགས་ཀྱི་དེ་ཉིད་དང༌། ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྫོགས་པའི་རིམ་པའི་ཕྱོགས་ཡིན་གྱི་བསྐྱེད་པའི་རིམ་པ་ནི་འདིར་མ་བྲིས་སོ། །དེ་ཉིད་བཞི་དང་བཅུ་བཞི་དང་བཅུ་གཉིས་ལ་སོགས་པ་ནི། དེ་ཁོ་ན་ཉིད་གཉིས་


TNT10_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕྱཻ་བ་ཡིན་ཅིང། འཆད་པར་འགྱུར་པ་དེ་ཁོ་ན་ཉིད་བདུན་དུ་ནི། དེ་ཉིད་གཅིག་པུ་ཡང་དག་གྲུབ་པ་དང༌། རིམ་པ་གཉིས་ཀར་འདུས་པ་ཡིན་ནོ། །ལྔ་པ་ལ། དེ་ཉིད་བདུན་དངོས་བཤད་པ། དེའི་ཡན་ལག་རྣམས་བཤད་པ། དེ་རྣམས་ཀྱི་རབ་དབྱེ་བཤད་པ་གསུམ་ལས། དང་པོ་ལ་བཤད་པ་དང་དོན་བསྡུ་ལས། དང་པོ་ནི། ཟབ་པ་དང༌། རྒྱ་ཆེ་བ་དང༌། ཁྱབ་པ་དང༌། རྟག་པ་དང༌། ཡེ་ཤེས་ཀྱི་སྐུ་དང༌། ཟུང་དུ་འཇུག་པ་དང༌། མི་འགྱུར་བའི་བདེ་བ་སྟེ་ཡེ་ཤེས་ཀྱི་རང་བཞིན་ངོ་བོ་གཅིག་ལས། ཆད་རྣམ་པར་ཕྱེ་བས་བདུན་དུ་བསྒྲགས་པ་སྟེ་བཤད་ལ། ངོ་བོ་ཙམ་བསྟན་པ་ནི། དང་པོའི་རྒྱུད་དེ་མདོར་བསྡུས་པ་བརྗོད་པ་ཡིན་ལ། རེ་རེ་ལ་ཡང་གཞི་གང་ཡིན་པ་དང༌། རིགས་མཐུན་རྒྱུ་གང་ཡིན་པ་དང༌། མངོན་དུ་བྱེད་པའི་རྐྱེན་ནམ་ཐབས་གང་ཡིན་པ་དང༌། དམིགས་པ་གང་ཡིན་པ་དང༌། རྣམ་པའམ་འཛིན་སྟངས་གང་ཡིན་པ་དང༌། བྱེད་པ་གང་ཡིན་པ་དང༌། ལས་གང་ཡིན་པ་དང༌། འབྲས་བུ་གང་ཡིན་པ་སྟེ། དོན་བརྒྱད་བརྒྱད་ཀྱི་སྟོན་པ་ནི་གཉིས་པའི་རྒྱུད་སྡེ་རྒྱས་བཤད་དོ། །དེ་ཡང་མདོར་བསྡུས་སུ་མཚོན་ན། གཞིའམ་རྟེན་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་ཆ་མ་ཕྱེ་བར་ཀུན་གཞི་ཙམ་སྟེ་བདུན་པོ་ཐམས་ཅད་དུ་འདྲའོ། །ཟབ་པའི་རིགས་མཐུན་གྱི་རྒྱུ་ནི་སེམས་ཉིད་རང་བཞིན་ཅིར་ཡང་མ་གྲུབ་པའོ། །རྐྱེན་ནི་དེ་ལྟར་སྟོང་ཉིད་དུ་གནས་པ་ཚུལ་ཇི་བཞིན་དུ་སྒོམ་པ་གོམས་པར་བྱེད་པའོ། །དམིགས་པ་ནི་ཆོས་ཐམས་ཅད་ཡིན་ལ། རྣམ་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའོ། །བྱེད་པ་ནི་རང་གི་རང་བཞིན་མངོན་དུ་བྱེད་པ་ཡིན་ལ། བྱེད་ལས་ནི་མཚན་མ་དང་མཚན་མེད་ཀྱི་རྣམ་རྟོག་ཐམས་ཅད་གཅོད་པ་ཡིན་ལ། འབྲས་བུ་ནི། ལམ་གྱི་ཡེ་ཤེས་ཀྱི་དབང་དུ་བྱས་ན་ཆོས་སྐུའི་ཕྱོགས་གཅིག་མངོན་དུ་བྱེད་དེ་སྟོང་པ་ཉིད་དོ། །


TNT10_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བ་ལ་གཞི་ནི་འདྲའོ། །རྒྱུ་ནི་སེམས་ཉིད་སྣང་བ་སྣ་ཚོགས་སུ་འཆར་པའོ། རྐྱེན་ནི་ཐབས་སྣ་ཚོགས་ལ་བསླབ་པའོ། །དམིགས་པ་ནི་སྣང་བའི་ཆོས་ཐམས་ཅད་དོ། །རྣམ་པ་ནི་བརྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པའོ། །བྱེད་པ་ནི་རང་གི་རང་བཞིན་རྟེན་འབྱུང་མངོན་དུ་བྱེད་པ་ཡིན་ལ། བྱེད་ལས་ནི་ལྟ་བ་མཆོག་ཏུ་འགྱུར་བ་ཡིན་ཅིང༌། འབྲས་བུ་ནི་ཆོས་སྐུའི་ཕྱོགས་གཅིག་གོ ཁྱབ་པ་ལ། རྒྱུ་ནི་སེམས་ཉིད་རིས་མེད་པ་ཡིན་ལ། རྐྱེན་ནི་སྣང་བ་ཐམས་ཅད་ལ་རྩལ་སྦྱངས་པའོ། །དམིགས་པ་ནི་དང་པོ་དང་འདྲ་ལ། རྣམ་པ་ནི་མཉམ་པ་ཉིད་ཀྱི་ཚུལ་ཡིན་ཅིང༌། བྱེད་པ་ཅིག་ཅར་འཕྲིན་ལས་སྣ་ཚོགས་སྤྱོད་པ་ཡིན་ལ། ལས་ནི་ཐག་རིང་ཐུང་དང་རྒྱ་ཆེ་ཆུང་ལ་ཆགས་ཐོགས་མེད་པའོ། ། འབྲས་བུ་སྐུ་གསུམ་ཀར་གྱི་ཕྱོགས་གཅིག་གོ །རྟག་པ་ལ་རྒྱུ་ནི་སེམས་འགྱུར་བ་མེད་པའི་ཆ་རྐྱེན་ནི་དེ་ཉིད་ལ་དེ་ལྟར་ཤེས་པ། དམིགས་པ་ནི་ཆོས་རྣམས་ཀྱི་རང་བཞིན། རྣམ་པ་ནི་སེམས་མི་གཡོ་བ་བྱེད་པ་ནི་ཟབ་པ་དང་འདྲ་ལ། ལས་ནི་རྐྱེན་གང་གིས་ཀྱང་མི་རྫི་བ། འབྲས་བུ་ཆོས་སྐུའི་ཕྱོགས་གཅིག་གོ །སྐུ་ལ། རྒྱུ་ནི་ལུས་ཀྱི་ཆོས་སུ་སྔོན་ནས་སྣང་བ། ཇི་སྐད་དུ། ཞལ་ཕྱག་རྣམ་པའི་ཚུལ་ཅན་དུ། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་པ་ལྟར་དྲི་བཅས་ཡེ་ཤེས་ཀྱི་སྐུའོ། །རྐྱེན་ནི་ཡིད་ངོར་གསལ་སྣང་ཐོབ་པའི་ལྷ་སྐུ། དམིགས་པ་ནི་རླུང་སེམས་ཙམ། རྣམ་པ་ནི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་མཐུན་པ། བྱེད་པ་ནི་ལུས་སེམས་རོ་གཅིག་ཏུ་སྣང་བ་ལས་མ་དག་པའི་སྣང་བ་འཕྲལ་དུ་འགོག་པ་འབྲས་བུ་ནི་ལོངས་སྤྲུལ་གྱི་ཕྱོགས་རེའོ། །ཟུང་འཇུག་གི་རྒྱུ་ནི་རང་བཞིན་ལ་གཉིས་ཆོས་མེད་པའི་ཆ། རྐྱེན་ནི་


TNT10_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་རོ་གཅིག་པར་ལྷ་སྐུ་རྣམ་པར་མི་རྟོག་པས་འཇུག་པ། དམིགས་པ་ནི་དང་པོ་དང་འདྲ་ལ་རྣམ་པ་གཉིས་སྣང་རང་བཞིན་མེད་པ། བྱེད་པ་ནི་ཟབ་པ་དང་འདྲ་ཞིང༌། ལས་ནི་གཟུང་འཛིན་གྱི་སྣང་བ་འགོག་པ། འབྲས་བུ་གནས་ཚུལ་གྱི་སྐུ་གསུམ་གའི་ཕྱོགས་གཅིག་གོ །བདེ་བ་ལ། རྒྱུ་ནི་སེམས་ཀྱི་རང་བཞིན་བདེ་བར་གནས་པ། རྐྱེན་ནི་ཞུ་བདེ་ལྷན་སྐྱེས་གཙོ་བོར་གྱུར་པའི་ཞུ་བདེ་ཐམས་ཅད། དམིགས་པ་ལུས་སེམས་སུ་སྣང་བ། རྣམ་པ་ལུས་སེམས་ཀྱི་བདེ་བ་ལ་རྣམ་པར་མི་རྟོག་པས། བྱེད་པ་རང་བཞིན་བདེ་བ་མངོན་དུ་བྱེད་པ། ལས་རང་གཞན་གྱི་སྡུག་བསྔལ་འཕྲལ་དུ་འགོག་ཅིང་སྟོང་པ་ཉིད་ལ་ཆེས་བོགས་འབྱིན་པ། འབྲས་བུ་ནི། ཆོས་སྐུ་དང༌། ལོངས་སྐུ། དེའི་གཟུགས་སྐུ་དང་བཅས་པའི་ཕྱོགས་གཅིག་གོ །དེ་ལ་རྒྱུ་ནི་ཉེར་ལེན་དང་རྐྱེན་ནི་ལྷན་ཅིག་བྱེད་པ་སྟེ། ཟབ་པ་ལ་སོགས་པའི་ཡེ་ཤེས་ཀྱི་རྒྱུ་རྐྱེན་ཡིན་ལ། དེ་ཡང་དེ་ཉིད་བདུན་དངོས་ཀྱི་འཇོག་མཚམས་འཕགས་ལམ་ཁོ་ན་ལ་བྱེད་ཅིང་དོན་བརྒྱད་དུ་སྟོན་པ་འདི་ནི་ལམ་དུས་ཀྱི་ཡེ་ཤེས་ཡིན་ལ། འོག་ནས་འབྱུང་བའི་ཡན་ལག་བཞི་བཅུ་ནི་འབྲས་བུ་ལ་གཙོ་བོར་སྦྱོར་ཞིང༌། དེ་ལ་བྱེད་པ་ནི་འཕྲལ་དུ་མངོན་དུ་བྱེད་པའི་གནས་སྐབས་ཀྱི་འབྲས་བུ་དང༌། འབྲས་བུ་ནི་མཐར་ཐུག་ལ་སྦྱར་བ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ནི་དེ་གཉིས་ཐ་དད་དུ་བཞག་མི་དགོས་སོ། །འདིས་མཚོན་པར་བྱས་ཏེ། ཞིབ་ཏུ་སློབ་དཔོན་ལས་མཉམ་པར་བྱའོ། གཉིས་པ་ནི། དེ་ཉིད་གཅིག་ཏུ་བཤད་པ་བསྡུས་པ་དང༌། དང་པོའི་རྒྱུད་དུ་བཤད་པ་རྒྱས་པ་དང༌། གཉིས་པའི་རྒྱུད་དུ་བཤད་པ་ནི་ཆེར་རྒྱས་པ་རྣམས་སོ། །གཉིས་པ་དེའི་ཡན་ལག་བཤད་པ་ལ། ཟབ་པའི་དང༌། རྒྱ་ཆེ་བའི་དང༌། ཁྱབ་པའི་


TNT10_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྟག་པའི་དང༌། སྐུའི་དང༌། ཟུང་འཇུག་གི་དང༌། བདེ་བའི་ཡན་ལག་བདུན་ལས། དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་དང༌། རིག་ཙམ་གྱི་ངོ་བོར་སྐྱེས་པ་རིག་བྱ་རིག་བྱེད་གཉིས་དང་བྲལ་བར་རང་རིག་པ་དང༌། ཡོན་ཏན་རང་བཞིན་དང་དབྱེར་མེད་དུ་ལྡན་པའི་ཕྱིར་ངོ་བོའི་ཆ་ནས་ཡོན་ཏན་འཕེལ་བ་མེད་པ་དང༌། ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་ནི། །དག་པ་བཞིན་དུ་དག་པར་འདོད། །ཅེས་རང་བཞིན་ནི་དྲི་མ་གཏན་དུ་བྲལ་བ་ཡིན་པས། སྤང་བྱ་བྲི་བ་མེད་པ་ནི་འཕེལ་འགྲིབ་མེད་པ་དང༌། མཚན་འཛིན་གྱི་རྣམ་རྟོག་གི་ཡུལ་མ་ཞིང་མཚན་མས་རྣམ་པར་མི་རྟོག་པའི་བདག་ཉིད་དུ་གནས་པ་དང༌། རྣམ་པར་མི་རྟོག་པ་དེ་ཉིད་ལས་དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་དུ་སྣང་བ་པོ་སྟེ། ཟབ་པའི་ཡེ་ཤེས་ནི། ཡན་ལག་གམ་མཚན་ཉིད་ལྔ་པོ་དེ་དག་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། རྒྱུ་བསོད་ནམས་རྒྱ་ཆེ་བ་དང༌། ཡེ་ཤེས་རྒྱ་ཆེ་བ་དང༌། ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་དེའི་སྣང་བ་རྒྱ་ཆེ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ལ་དམིགས་པའི་ཕྱིར་དམིགས་པ་རྒྱ་ཆེ་བ་དང༌། ཆོས་ཐམས་ཅད་ཀྱི་རྣམ་པས་འཇུག་པའི་ཕྱིར་འཇུག་པ་རྒྱ་ཆེ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་སྒོ་ནས་ཐམས་ཅད་ནས་སྦྱོར་བའི་ཕྱིར་ལས་རྒྱ་ཆེ་བ་སྟེ། རྒྱ་ཆེ་བའི་མཚན་ཉིད་དམ་ཡན་ལག་ལྔ་ཡིན་ནོ། །གསུམ་པ་ནི། ཡེ་ཤེས་དེ་ཡུལ་ཐམས་ཅད་དུ་ཉེ་རིང་མེད་པ་དང༌། དུས་ཐམས་ཅད་དུ་ཉེ་རིང་མེད་པ་དང༌། གཞི་ལམ་འབྲས་བུ་གསུམ་ངོ་བོ་ཁྱད་པར་མེད་པས་ཁྱབ་པ་དང༌། སྟོང་པ་ཉིད་དེ། དེ་བཞིན་ཉིད་ཐ་དད་མེད་པའི་ཕྱིར་ཁྱབ་པ་དང༌། ཆོས་ཐམས་ཅད་རྣམ་པར་མི་རྟོག་པས་མཉམ་པ་ཉིད་དུ་གཟིགས་པའི་ཕྱིར་ཁྱབ་པ་སྟེ་ཁྱབ་པའི་ཡན་ལག་ལྔའོ། །


TNT10_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ལ་རྒྱུན་ཆད་མི་སྲིད་པས་རྒྱུན་མི་འཆད་པ་དང༌། ལྷག་མེད་དུ་འཇུག་པ་ལྟ་བུའི་འགོག་པ་མེད་པ་དང༌། སྐུ་ལ་རྡུལ་ཕྲ་རབ་ཀྱི་ཆོས་མེད་པ་དང༌། ཇི་སྐད་དུ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། ། ཞེས་པ་ལྟར། རང་བཞིན་ལ་གནས་སྐབས་ཐམས་ཅད་དུ་འགྱུར་བ་གཏན་མེད་པ་དང༌། རྒྱལ་སྲས་ཆེན་པོ་རྣམས་ཀྱིས་ཀྱང་བསམ་པའི་ཡུལ་ལས་འདས་པའི་ཕྱིར་བསམ་ཡས་ཡེ་ཤེས་ཏེ། ལྔ་པོ་རྟག་པའི་ཡན་ལག་ཉིད་དོ། །ལྔ་པ་ནི། ཟབ་པའི་དོན་དུ་འགྱུར་བ་ལྟར་སྣང་མོད། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་མི་བྱེད་པའི་བར་དུ་ནི། གློ་བུར་གྱི་ཡེ་ཤེས་རྣམས་རང་བཞིན་འགྱུར་བ་ཅན་ཡིན་ཅིང་དེ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་འགྱུར་བ་མེད་པའི་ཡན་ལག་ཏུ་འབྲེལ་ལ། རྟག་པ་ནི་འགྱུར་བ་མེད་པའི་དོན་ཡིན་ཏེ། །ནམ་མཁའ་ལྟར་རྟག་པ་མིན་གསུང༌། ལྔ་པ་ནི། སྐུ་ཐབས་ཤེས་ཡབ་ཡུམ་ཁ་སྦྱོར་གྱི་རྣམ་པ་དང༌། ཐུགས་རང་བཞིན་འགྱུར་བ་མེད་པའི་བདེ་བར་གནས་པ་དང༌། རྣམ་པ་སྙིང་རྗེ་ཆེན་པོ་གསུམ་དབྱེར་མེད་པའི་རང་བཞིན་དུ་གནས་པ་དང༌། བདེ་ཆེན་གྱི་འགལ་ཟླ་ཡིན་ཏེ། རྣམ་རྟོག་གི་ཉེ་བར་སྦྱོར་བ་ཐིམ་པ་དང༌། དེའི་བཞོན་པ་ལས་རླུང་ཡང་ཐིམ་ཞིང་འགགས་པ་དང༌། ཞུ་བའི་རྐྱེན་གྱིས་བདེ་བ་ཐོབ་པ་ལས་མངོན་དུ་འགྱུར་པ་དང༌། བྱང་ཆུབ་ཀྱི་སེམས་རང་གནས་ལས་མི་འཛག་པའི་བདེ་བའི་ངོ་བོར་གནས་པ་སྟེ། བདེ་བའི་ཡན་ལག་བདུན་ནོ། །སྙིང་རྗེ་ཆེན་པོ་བདེ་བར་བཤད་པ་ནི། རང་དང་གཞན་གྱི་སྡུག་བསྔལ་ཉེ་བར་འགོག་པ་དང༌། འགྱུར་མེད་ཀྱི་སྐད་ཅིག་རེ་རེ་སྐྱེས་པ་ན། འགྱུར་བཅས་ཀྱི་སེམས་ཅན་རྣམས་ལ་སྙིང་རྗེ་དམིགས་པ་མེད་པའི་རྣམ་པ་ཅན་རྒྱ་ཆེན་པོ་འདྲེན་


TNT10_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞིང༌། བདེ་ཆེན་དེ་ཉིད་ཀྱང་དེའི་རྣམ་པར་འཆར་པ་ཡིན་པས། ལས་དང་པོ་པས་ཀྱང་འདྲ་མཚུངས་སུ་སྒོམ་པའི་མན་ངག་ཤེས་དགོས་སོ། །དེ་ལྟར་ཤེས་ན། ཐམས་ཅད་མཁྱེན་པ་གཉིས་པ་ཨ་བྷ་ཡ་ཀ་ར་གུཔྟས། མི་འཇིགས་པའི་གཞུང་འགྲེལ་དུ། བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་གཙོ་བོར། ཡུལ་རེག་བྱ་དང་དེའི་དབང་པོ་དང་དེའི་རྣམ་པར་ཤེས་པ་སྙིང་རྗེ་ལ་སོགས་པའི་ངོ་བོར་དང་ཤེས་རབ་ལྔའི་ངོ་བོར་ཡང་སྒྲུབ་པའི་ཆེད་དུ་གསུངས་པ། ཞེས་གསུངས་པ་ལ་ལེགས་བཤད་ཆེན་པོར་ཤེས་ཤིང༌། གྲུབ་ཆེན་དྲིལ་བུ་པས། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །ཞེས་གསུངས་པ་དང༌། སྣང་བ་གསུམ་སྙིང་རྗེ་གསུམ་དུ་བཤད་པ་སོགས་ལ་ངེས་པ་དཔྱིས་ཕྱིན་པ་སྟེར་བར་འགྱུར་མོད་ཀྱི། འདི་ན་ཕྱོགས་ཙམ་རྟོགས་པའང་ཉུང་བར་སྣང་ངོ༌། །དྲུག་པ་ནི། ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་ཞིང་སྐྱེས་པ་དང༌། མ་དག་པའི་ལས་སྣང་གི་སྡུག་བསྔལ་འགོག་པ་དང༌། གར་ཡང་ཕྱིན་པ་དང༌། རྐྱེན་གང་གིས་ཀྱང་མི་གཡོ་བ་སྟེ་འགྱུར་བ་མི་སྟེན་[བརྟན་]པ་དང༌། ཡིད་དེ་སེམས་ཀྱི་སྣང་བ་ཙམ་གྱི་སྐུ་དང༌། རླུང་གི་དྭངས་མ་ཙམ་གྱི་ལུས་ཅན་དང༌། དུས་མཐུའི་སྐད་ཅིག་ལ་ཡུལ་དུས་ཀྱི་བསྡུས་པའི་ཤེས་བྱ་ཀུན་སྟོན་ཡང་མི་འགལ་བ་དང༌། མཚན་དང་དཔེ་བྱད་དང་ལྡན་ཞིང་རང་དང་འདྲ་བའི་སྤྲིན་སྤྲོ་བ་སྟེ། དེ་ལྟར་བདུན་པོ་དེ་ནི་རྡོ་རྗེའི་སྐུའི་ཡན་ལག་ཏུ་གསུངས་སོ། །འདིར་རླུང་སེམས་ཀྱི་ལུས་གཅིག་ཏུ་བསྡོམས་པས་བདུན་ཡིན་ལ། རླུང་ཞེས་བྱ་བ་བེམ་པོ་རང་མཚན་པ་ལ་གོ་བར་མི་བྱའོ། །བདུན་པ་ནི། གཉིས་སྣང་ཐམས་ཅད་གཏན་ནས་ལོག་པས་གཉིས་མིན་དང༌། སེམས་སེམས་བྱུང་གི་རྒྱུ་བ་ཆད་དེ་ཡང་དག་མིན་རྟོག་འགགས་པས་མི་རྟོག་པ་དང༌། ཆོས་


TNT10_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རང་བཞིན་ཇི་ལྟ་བ་ལ་ཞུགས་པ་དང༌། གཉིས་སྣང་མེད་པས་དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བ་དང༌། ཡུལ་དུས་ཀུན་ཏུ་རྣམ་པ་ཀུན་ནས་འགྲོ་བའི་དོན་མཛད་པར་སྣང་བ་དང༌། ནམ་ཡང་གོ་འཕང་དེ་ལས་གཡོ་བ་མེད་པའི་ཕྱིར། རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི་ཟུང་འཇུག་གོ །ཞེས་ཟུང་འཇུག་གི་ཡན་ལག་དྲུག་གོ །སྣང་བ་མེད་པ་ཞེས་པ་ཇི་ལྟར་སྣང་བ་ཐམས་ཅད་རང་བཞིན་མེད་པར་གཟིགས་པ་དང༌། ཀུན་ཏུ་སྣང་བ་རང་སྣང་གི་དག་པའི་དཀྱིལ་འཁོར་ལ་འཆད་པའང་ཡོད་གསུང་ཞིང༌། དེ་ལྟར། ཡན་ལག་བཞི་བཅུ་པོ་འདི་རྣམས་རྡོ་རྗེ་སྤོའི་རྒྱུད་ལས་རྒྱས་པར་འབྱུང་བ། མན་ངག་གི་དོན་བསྡུས་པ་ཡིན་ཞེས་རྒྱུད་དེ་ཉིད་ཀྱི་ལུང་ཚིགས་སུ་བཅད་པ་དྲུག་ཅུ་ཙམ་འདྲེན་པར་མཛད་དེ་བཟུང་བར་མ་ནུས་སོ། །འདི་རྣམས་ཀྱང་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཐམས་ཅད་ཚང་ཞིང་དེའི་ཕྱིར་ཡེ་ཤེས་ངོ་བོ་གཅིག་ཉིད་ཡིན་གྱི་ཐ་དད་དུ་གོ་བར་མི་བྱའོ། །གསུམ་པ་རབ་དབྱེ་བཤད་པ་ལ། དེ་ཉིད་བདུན་དང་ཡན་ལག་ཅི་རིགས་པ་དག་ལ། ཡང་ན་སོ་སོ་ཀུན་གྱི་གཞི་གང་ཡིན་པ་དང༌། འཇིག་རྟེན་པའི་དབང་གི་སྐབས་སུ་ཇི་ལྟར་ཐོབ་པ་དང༌། འཇིག་རྟེན་འདས་པ་ཉེ་རྒྱུའི་དབང་གི་ཐོབ་ཚུལ་དང༌། བློ་ལྡན་སྔགས་པ་རྣམས་ཀྱིས་བསྐྱེད་རིམ་དང༌། རྫོགས་རིམ་རྣམས་སུ་འབྱུང་བའི་ཚུལ་དང༌། སྐུ་གསུམ་གང་དུ་བསྡུད་པ་དང༌། དེ་དག་དེ་ལ་ལྡན་ཚུལ་གྱི་སྒོ་ནས་ཀྱང་བཤད་པར་བྱ་ལ། ཡན་ལག་བདུན་གྱི་རང་བཞིན་གང་ཡིན་པ་དང༌། ཐོབ་པ་ལ་གེགས་བྱེད་ཀྱི་སྤང་བྱ་དང༌། སྒྲུབ་བྱེད་ཀྱི་ལམ་གྱི་གྲོགས་དང་དེའི་འགལ་ཟླ་དང༌། གྱ་ནོམ་ཏེ་སྐྱོན་མེད་པ་དང་སྐྱོན་དང་བཅས་པའི་ཁྱད་པར་དང༌། ཟག་བཅས་དང་ཟག་པ་མེད་པའི་ཁྱད་པར་དང༌། རྒྱུན་ཆད་པ་དང་རྟག་པ་སྟེ་མི་བརྟན་པ་དང་བརྟན་པའི་ཁྱད་


TNT10_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པར་དང༌། ལ་སོགས་ཀྱི་སྒྲས་འཛག་བཅས་འཛག་མེད་དང༌། ལུས་སེམས་ཀྱི་ཡེ་ཤེས་དང༌། ཞི་གནས་ལྷག་མཐོང་དང༌། རང་སྣང་གཞན་སྣང་དང༌། ཕ་རོལ་དུ་ཕྱིན་པ་དྲུག་དང་སླབ་པ་གསུམ་ལ་སོགས་པ་རབ་ཏུ་དབྱེ་བའི་ཁྱད་པར་མཐའ་ཡས་པས་དེ་ཁོ་ན་ཉིད་བདུན་ལ་ཐེ་ཚོམ་བསལ་བ་ཡིན་ནོ། །དེ་ལ་དོན་ལྔར་བཤད་པ་དེ་ནི། སྔ་ཕྱིར་བརྟགས་པས་ཤུགས་ལ་གོ་བ་ཡིན་ཅིང༌། གཉིས་ཚན་དང་པོ་ལས། རང་བཞིན་ནི་སྤྱི་དོན་གྱི་སྐབས་སུ་བཤད་ཟིན་ལ། དེ་རྟོགས་པ་ལ་གེགས་བྱེད་པའི་སྤང་བྱ་ནི། ཟབ་དང་རྒྱ་ཆེ་ཁྱབ་པ་སོགས་ཀྱི་གཞུང་ཚིག་གི་གོ་རིམ་དང་སྦྱར་ན་བདེན་པར་ཞེན་པ་དང༌། སྟོང་པ་ལ་ཞེན་པ་དང༌། བདག་གཞན་དུ་ཞེན་པ་དང༌། འགྱུར་བར་འཁྲུལ་བ་དང། ཐ་མལ་དུ་ང་རྒྱལ་བ་དང༌། གཉིས་སུ་སྣང་བ་མངོན་གྱུར་བ་དང༌། སེམས་སྡུག་བསྔལ་དུ་འཁྲུལ་བ་རྣམས་སོ། །དེ་དག་ཀྱང་རེ་རེར་རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་འཁོར་དང་བཅས་པ་དྲི་བཅས་ཀྱི་སྣང་བ་གསུམ་དང་བཅས་པ་སྟེ། མཐོང་སྤངས་དང་སྒོམ་སྤངས་ཀྱི་དབྱེ་བ་དང་བཅས་པ་རྣམས་ཏེ། དེ་དག་ནི་ཕྱོགས་གཞན་དུ་གཏན་ལ་དབབ་པར་བྱའོ། །གྲོགས་ནི་སྔར་བཤད་པའི་རྐྱེན་རྣམས་སོ། །འགལ་ཟླ་ནི་དེ་མ་ཐག་ཏུ་བཤད་པའི་སྤང་བྱའོ། །གྱ་ནོམ་ནི་བཟང་པོའི་མཆོག་ཏུ་གྱུར་པའི་མིང་སྟེ། དེ་ཡང་ཟག་མེད་ཀྱི་སེམས་རྒྱུད་མངོན་དུ་གྱུར་པ་ན། དེའི་ཆོས་དེ་ཉིད་བདུན་པོའང་ཟག་མེད་ཡིན་པས་དེ་འཕགས་པ་ལ་ཡོད་ཅིང༌། སོ་སོ་སྐྱེ་བོ་རྣམས་ནི་སྐྱོན་དང་བཅས་པའོ། །དེ་བཞིན་དུ་ཟག་བཅས་ཟག་མེད་ཀྱང་ཡིན་ཅིང༌། དེ་ཡང་རགས་པ་ཉོན་སྒྲིབ་ཀྱི་དབང་དུ་བྱས་ཀྱི། སྤྱིར་སྐྱོན་ཅན་དང་སྐྱོན་མེད་ནི་སློབ་མི་སློབ་ལ་བཞག་ན་ལེགས་སོ། །བརྟན་མི་བརྟན་ལ་སོ་སོ་སྐྱེ་བོའི་ནི་རྒྱུན་ཆད་ཅིང་འཇུག་པ་ཡིན་ལ། འཕགས་ལམ་དུ་ནི་ཡེ་ནས་རྒྱུན་ཆད་


TNT10_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་མོད། འོན་ཀྱང་མ་དག་ས་བདུན་དུ། མཉམ་རྗེས་སོ་སོར་ཡོད་པས་མི་བརྟན་པ་དང༌། དག་པའི་ས་གསུམ་དུའང་ད་དུང་ཁྱད་པར་དུ་འགྱུར་པའི་ཕྱིར། མི་རྟག་པ་ཞེས་བྱ་ལ། སངས་རྒྱས་ནས་ནི་རང་བཞིན་དང་གནས་སྐབས་ཅུང་ཟད་ཀྱང་འགྱུར་བ་མེད་པས་རྟག་པ་ཞེས་བཏགས་པ་ཡིན་ནོ། །རབ་ཏུ་དབྱེ་བ་ཞིབ་མོ་འདིའི་གཏམ་ཙམ་ཡང་མན་ངག་མེད་བཞིན་དུ་བདག་མཁས་པའོ་ཞེས་ཁེངས་གཏམ་སྨྲ་བ་དེ་རྣམས་ལ་ཡོད་པ་མ་ཡིན་ན། ཉམས་སུ་མྱོང་བ་ལྟ་ག་ལ་ཞིག དྲུག་པ་རྣམ་གྲངས་ཐོར་བུ་པ་བཤད་པ་ལ། ཇི་སྐད་དུ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེ་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་པའི་ཡན་ལག་བདུན་ལ་དེ་ཉིད་བདུན་དུ་བཤད་པ་དང༌། འོག་ནས་འབྱུང་བའི་ཐབས་ཤེས་ཀྱི་དེ་ཉིད་བདུན་དང༌། སྟོང་པ་ཉིད་དང་སྙིང་རྗེ་བདེ་ཆེན་དབྱེར་མེད་པ་དོན་དམ་པའི་དབང་བསྐུར་བ་བཞི་པའི་ཡེ་ཤེས་རིམ་པ་བཞིན་གོང་ན་མེད་པས་བླ་ན་མེད་པ། དེ་ནི་དོན་དམ་པའི་ཤེས་རབ་ཡེ་ཤེས་ཏེ། ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པའམ་རྣམ་མེད་ཕྱག་ཆེན་ལས་སྐྱེས་པའི་ཡེ་ཤེས་སེམས་ཀྱི་རང་བཞིན་ཇི་ལྟ་བུའི་གནས་ཚུལ་ལོ། །ཞེས་པ་སྟེ། དབང་བཞི་པའི་ཡེ་ཤེས་ཀྱི་ངོས་འཛིན་དེ་ཉིད་བདུན་དུ་བཤད་པ་གསུམ་པོ་འདི་དག་གང་རུང་ལས་ཤེས་དགོས་པ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་ནི་དེ་ཉིད་ལྔ་རུ་བཤད་པའང་ཡོད་ལ། ངོ་བོ་ཉིད་ཀྱི་སྐུ་དང༌། ཡེ་ཤེས་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་སྟེ། སྐུ་བཞི་ནི་སྐུའི་དེ་ཉིད་རྣམ་པ་བཞིར་བཤད་པ་དང༌། དབང་ཕྱུག་བརྒྱད་ལ་དེ་ཁོ་ན་ཉིད་བརྒྱད་དུ་བཤད་པའང་ཡོད་པས། སྤྱིར་དེ་ཉིད་ཅེས་པ་རྒྱུད་སྡེ་རྣམས་སུ་དགོངས་པ་སྣ་ཚོགས་ལ་གསུངས་པས། ཕྱོགས་གཅིག་ཁོ་ན་ལ་


TNT10_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མཐས་བར་མི་བྱའོ། །བདུན་པ་ནི། ཨེ་མ་ཧོ། ཞེས་པ་ནས། ཕྱག་འཚལ་ལོ་ཞེས་པའི་བར་སྡོམ་འབྱུང་ལས་འབྱུང་ཞིང༌། དེ་ཡང་ལྷན་ཅིག་སྐྱེས་དང་ཞེས་སོགས་བཅུ་གཉིས་པོའི་མིང་བཤད་པས་མདོར་བསྟན། རྒྱུད་ཚིག་གི་རྒྱས་པར་བཤད་པ་འདིར་ཚིག་ཚོགས་ཆུང་ངུར་སྡོམ་ན། འདི་ལྟར། ཨེ་མ་ཧོ། ཞེས་པ་ནི་རྫོགས་རིམ་གྱི་དེ་ཉིད་འདི་རྣམས་ལ་ངོ་མཚར་སྐྱེས་པ་ལྟར་སྟོན་པ་སྟེ། ལྷན་སྐྱེས་དང༌། མཁྱེན་པས་ཁྱབ་པ་དང༌། སྐུས་ཁྱབ་པ་དང༌། ལས་ཀྱི་ཁྱབ་པ་དང༌། དགའ་བ་དང༌། འོད་གསལ་རྣམས་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་བསྔགས་པ་ཡིན་ཅིང༌། སྒྱུ་མའི་ཚུལ་ཡང་དོན་གྱི་གཙོ་བོ་ཡིན་པའི་ཕྱིར། ལམ་འདི་ཉིད་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ། །དེ་ཡང་ལྷན་ཅིག་སྐྱེས་པ་ནི་ས་ཧ་ཛ་ཞེས་པ་ལུས་སེམས་སུ་སྣང་བའི་རྟེན་བརྟེན་པ་ནི་ཐོག་མ་མེད་པ་ནས་ལྷན་ཅིག་ཏུ་བྱུང་བ་ཡིན་ལ། འོན་ཀྱང་སྐད་ཅིག་རེ་རེར་ཕན་ཚུན་གཅིག་ལ་བརྟེན་པ་ནི་ཡ་མཚན་ཏོ་ཞེས་ལྷན་སྐྱེས་ཀྱི་དེ་ཉིད་དང༌། བདག་ཉིད་ཆེན་པོ་ནི། དེ་ལྟར་ཡང༌། བདག་དང་བདག་མེད་སྤྲོས་པ་དག ཉེ་བར་ཞུ་བས་དམ་པའི་བདག །ཅེས་པ་ལྟར། སེམས་ཀྱི་རང་ཞིན་ནི་བདག་དང་གཞན་དུ་དབྱེ་བ་དང༌། བདེན་རྫུན་སོགས་གཉིས་ཆོས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་དུ་གནས་པའི་ཕྱིར་དམ་པ་ཡིན་ལ། དེ་ཉིད་ནམ་ཡང་རྒྱུན་ཆད་པ་མེད་པས་ཡོན་ཏན་སྒྲུབ་པའི་གཞི་དང༌། ལས་དང་འབྲས་བུ་མྱོང་བར་བྱེད་པའི་ཕྱིར་བདག་སྟེ། དེ་ལྟར་ཡང་ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་འདི་ནི་ངས་མ་བསྟན། །ཞེས་གསུངས་ཏེ། ཤིན་ཏུ་རྟོགས་དཀའ་བའི་ཕྱིར་ཕྲ་བའི་བདག་གི་དེ་ཉིད་དང༌།


TNT10_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀུན་གྱི་རང་བཞིན་ནི་སྟོང་པ་ཉིད་དེ། ཆོས་ཅན་ལ་དབྱེ་བ་ཡོད་ཀྱང༌། དེ་རྣམས་ཀྱི་རང་བཞིན་མེད་པ་ལ་ནི་དབྱེ་བ་མེད་དེ། སྟོང་པ་ཉིད་གཉིས་པ་མེད་པས་ན་དངོས་པོ་ཀུན་གྱི་རང་བཞིན་ཏེ། རང་བཞིན་མེད་པའི་དེ་ཉིད་དང༌། ཆོས་ཐམས་ཅད་ཀྱི་ཇི་སྙེད་པའི་ཚུལ་སྣ་ཚོགས་པ་མངོན་སུམ་གྱི་ཁོང་དུ་ཆུད་ཅིང་རྟོགས་པ་ནི་རྒྱ་ཆེ་བའི་དེ་ཉིད་དང༌། དེ་ཡང་རང་བཞིན་མེད་པར་མཁྱེན་པ་ལས་ངོ་བོ་ཐ་དད་དུ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་དབུ་མ་ལ་འཇུག་པ་ལས། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་པ། །མཁྱེན་བཟང་ཁྱོད་ཀྱི་སྐད་ཅིག་གི་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་སོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དངོས་པོ་ཐམས་ཅད་ལ་རྣམ་པར་མི་རྟོག་པས་འདོད་པ་སྟེ། དེར་སྣང་བ་ཐམས་ཅད་བདེ་ཆེན་གྱི་ངོ་བོར་རྒྱས་འདེབས་པ་ནི་མཁྱེན་པས་ཁྱབ་པ་དང༌། དེ་ཉིད་ཀྱི་སྣང་བ་ཡེ་ཤེས་ཀྱི་སྐུས་ས་གསུམ་པོ་ཐམས་ཅད་དུ་གང་ཞིང་ཁྱབ་པ་སྟེ་དེ་ནི་སྐུས་ཁྱབ་པའི་དེ་ཉིད་དང༌། སེམས་ཅན་གྱི་བསམ་པ་ཇི་ལྟ་ཇི་ལྟ་བ་དེ་ལྟ་དེ་ལྟར་འགྲོ་བའི་དོན་སྤྱོད་པ་ནི་ལས་ཀྱི་ཁྱབ་པའི་དེ་ཉིད་དང༌། དེ་ལ་བཟའ་ཞེས་བྱ་བ་ནི་སྤྱོད་པའི་དོན་ཏེ། སེམས་ཅན་གྱི་བསམ་པ་བཞིན་དུ་དམ་པའི་ཆོས་ལ་ལོངས་སྤྱོད་པའི་དོན་ནོ། །ཞི་བ་ནི་ནང་གི་ཞི་བའི་ལྟུང་བ་ཡིན་པའམ་གང་ཞུ་བའི་བདེ་བ་སྐྱེས་ན་མཚན་མ་མཐའ་དག་ཉེ་བར་ཞི་བའི་བྱང་ཆུབ་སེམས་ཀྱི་བདེ་བ་རྩ་བདུན་ཁྲི་ཉིས་སྟོང་ཐམས་ཅད་ནས་ཨ་བ་དྷཱུ་ཏཱིར་འབབ་པ་ནི་ཐིག་ལེའི་དེ་ཉིད་དེ། བདེ་བའི་རྟེན་དང༌། བདེ་བ་ཞེས་པ་ནི་བརྟེན་པ་ཞུ་བདེ་སྟཻ་བདེ་བའི་དེ་ཉིད་དང༌། བདེ་བ་ཆེན་པོ་ཞེས་པ་ནི་རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་ཏེ་དོན་གྱི་འོད་གསལ་ལམ་འོད་གསལ་གྱི་དེ་ཉིད་དོ། །


TNT10_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་སྐུའི་དེ་ཉིད་ནི་འགྲོ་བ་ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་ལྟར་རང་བཞིན་མེད་ཀྱང་རྒྱུ་རྐྱེན་ཚོགས་པ་ལས་སྣང་བ་མི་འགག་པར་དངོས་པོ་རྣམས་ལ་ཀུན་རྫོབ་དང་དོན་དམ་པའི་གནས་ཚུལ་ཇི་ལྟ་བ་དེ་ཉིད་དེ་ལྟར་ཤེས་པས། སྐྱོ་བ་སྟེ་སྡུག་བསྔལ་དང༌། དགའ་བ་སྟེ་བདེ་བར་སྣང་བ་ཐམས་ཅད་དོན་ལ་མེད་པར་ཤེས་པས་སྤང་བླང་མེད་པར་མཉམ་པ་ཉིད་དུ་རབ་ཏུ་སྤྱོད་ཅིག །འཇིགས་པ་དང༌། འཇིགས་པར་བྱ་བ་དང༌། འཇིགས་པར་བྱེད་པ་ལས་དང་ཉོན་མོངས་པ་ཡང་རང་གི་ངོ་བོ་ཉིད་ཀྱིས་མེད་པར་ཤེས་ཤིང་མྱ་ངན་ལས་འདས་པའི་བདེ་བ་དང་དེ་འབྱུང་བའི་ལམ་ལ་ཡང་རང་བཞིན་སྐྱེ་བ་མེད་ལ་རྒྱུ་འབྲས་ཀྱང་འགག་མེད་པར་ཤེས་ཏེ། དེ་ལྟར་རྣལ་འབྱོར་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཇི་ལྟ་བའི་རྗེས་སུ་ཡེ་ཤེས་ཀྱི་སྣང་བ་འཇུག་སྟེ། འགྲོ་བའི་གཟུགས་སུ་སྣང་བ་ཐམས་ཅད་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ཇི་བཞིན་དུ་མཐོང་བར་གྱུར་ཅིང༌། སྒྲ་ཐོས་པ་ཐམས་ཅད་ནི་བྲག་ཆ་དང་ཁྱད་པར་མེད་པར་ངོ་བོ་གཅིག་ཏུ་ཡང་དག་པར་འཇུག་པ་དང༌། རང་གཞན་གྱི་སེམས་ཀྱི་ཀུན་ཏུ་རྟོག་གཡོ་བ་ཡང་མྱ་ངན་གྱི་ཐང་གི་སྨིག་རྒྱུ་ལྟ་བུར་བྱ་ཤིང་བཟའ་བ་དང་བཏུང་བ་ནམ་མཁའ་ལྟ་བུར་རང་བཞིན་མེད་པ་དང༌། གང་གི་ཚེ་དྲི་མནམ་པ་དག་ནི་དེའི་རང་བཞིན་ནམ་མཁའི་མེ་ཏོག་གི་དྲི་ལྟ་བུར་མེད་པ་དང༌། ཟླ་བ་ཉི་མ་རྣམ་པར་རྟོག་པ་མེད་བཞིན་དུ་བསྐོར་བ་བྱེད་པ་ཇི་ལྟ་བ་བཞིན་དུ་བསྐོར་བ་བྱེད་པའི་ཡིད་དང༌། ཡང་དག་པར་ལུས་གནས་པ་ན་ཡང་སྡོད་པར་བྱའོ་མཉམ་པ་ལ་སོགས་པའི་རྣམ་རྟོག་མེད་པ་རི་རབ་དང་དེ་མཚུངས་ཏེ་གང་ལ་དམིགས་པ་ན་ཡང༌། གཞོན་ནུ་མའི་རྨི་ལམ་ཇི་བཞིན་དུ་བརྗོད་དུ་མེད་པར་མཉམ་པར་འཇོག་པ་དང༌། ཐ་སྙད་དུ་ཡོངས་སུ་བཏགས་པའི་ཆོས་རྣམས་ནི་སྒྱུ་མ་དང༌།


TNT10_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འཕྲུལ་ལྟ་བུར་སྣང་ལ་རང་བཞིན་མེད་པར་གསལ་བར་རྟོགས་པའི། དེ་ལ་སྤྱིར་ཡེ་ཤེས་ཀྱི་སྐུ་ནི་སྒྱུ་མའི་ལུས་ལ་བཤད་པ་མང་ན་ཡང༌། སྐབས་འདིར་ཆོས་ཐམས་ཅད་སྒྱུ་མ་ལྟར་སྟོང་པ་ཉིད་དང་རྟེན་འབྲེལ་ཟུང་འཇུག་ཏུ་རྟོགས་པའི་ཡེ་ཤེས་སྤྱི་དོན་གྱི་སྒྱུ་ལུས་ཡེ་ཤེས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ལུས་སུ་བསྟན་པ་ཡིན་ནོ། །སྒྱུ་མའི་ཚུལ་གྱི་དེ་ཉིད་ནི། ཡེ་ཤེས་ཀྱི་སྐུའི་དེ་ཉིད་ཇི་ལྟ་བ་བཞིན་དུ་སྒྱུ་མའི་ལུས་ཀྱང་དེ་ལྟར་ཡིན་ཏེ། ལྷན་ཅིག་སྐྱེས་པའི་བདེ་བ་སེམས་རྣམ་པར་དབེན་པ་ཆེན་པོ་ལས་འབྱུང་བའི་སྐུ་དེ་ཡང་དེ་བཞིན་དུ་དངོས་པོའི་རང་བཞིན་ཐམས་ཅད་དང་བྲལ་བ། སྤྲོས་བྲལ་གྱི་དབྱིངས་ནི་བསམ་པའི་ཡུལ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཚུལ་ལས་ཡན་ལག་བདུན་ལྡན་གྱི་དཀྱིལ་འཁོར་རབ་འབྱམས་རྟག་ཏུ་འཆར་བ་བདེ་བར་གཤེགས་པའི་ལམ། ལམ་བདེན་གྱི་མཆོག་ལ་ཕྱག་འཚལ་ལོ། །དེ་ལྟར་ན་དེ་ཁོ་ན་ཉིད་ནང་ལ་མཆོག་ཏུ་གཞོལ་བ་དག་གི་རྣལ་འབྱོར་འདིར་བཤད་ཀྱི། སྔགས་ལ་མཆོག་ཏུ་གཞོལ་བ་དག་གི་དེ་ཉིད་བཅུ་ལ་སོགས་པ་ནི་འདིར་མི་འཆད་དོ། །གསུམ་པ་དེ་ཉིད་བདུན་རྒྱས་པར་བཤད་པ་ལ། ཡན་ལག་དང་པོ་གཉིས་རྒྱས་པར་བཤད་པ། ལྷག་མ་ལྔ་བཤད་པ། དེ་ཁོ་ན་ཉིད་རྣམས་ཀྱི་བསྡུ་བའོ། །དང་པོ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། བདེ་བ་དང༌། རྣམ་པ་ཐམས་ཅད་པ་དང༌། སོ་སོར་འབྱེད་པ་དང༌། རང་བཞིན་སྟོང་པ་དང༌། ལྷུན་གྱིས་གྲུབ་པ་དང༌། མཉམ་པ་ཉིད་དེ་དྲུག་དང༌། མཉམ་ཞེས་པས་ནི་ཟུང་དུ་འཇུག་པ་སྟེ། ཐབས་ཤེས་ཡན་ལག་བདུན་གྱི་ཟུང་འཇུག་ནི། ཟུང་འཇུག་གི་རིམ་པ་དང་དོན་གཅིག་ཀྱང་འཇོག་ཚུལ་ཅུང་ཟད་མི་འདྲ་སྟེ་འདིར་བདེ་བ་དང༌།


TNT10_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དབྱེར་མེད་པ་དང༌། རྣམ་པ་ཐམས་ཅད་པ་དང་ལྷུན་གྲུབ་དབྱེར་མེད་པ་དང༌། སོ་སོར་འབྱེད་པ་དང་མཉམ་ཉིད་དབྱེར་མེད་པ་སྟེ། ཐབས་ཤེས་ཡན་ལག་དྲུག་ངོ་བོ་དབྱེར་མེད་པ་ནི་ཟུང་འཇུག་ཅེས་བྱ་བས་དེ་ལྟར་ཡན་ལག་བདུན་ནོ། །དེ་རྣམས་ཉིད་ལས་དང་པོ་གསུམ་ནི་རྒྱ་ཆེ་བ་དང་ཐབས་ཀྱི་ཡན་ལག་ཡིན་ལ། བར་པ་གསུམ་ནི་ཟབ་པ་དང་ཤེས་རབ་བོ། ཐ་མ་ནི་ཐུན་མོང་ཡིན་མོད་ཀྱི། ངོ་བོས་ནི་ཟབ་པར་བསྡུའོ། །གཉིས་པ་ལ། བརྒྱད་ལས། དང་པོ་བདེ་བ་རྒྱས་པར་བཤད་པ་ནི། འདིར་རེ་ཞིག་བདེ་བ་ནི་འགྱུར་བ་མེད་པའི་བདེ་བ་ཡིན་ལ། དེ་ཡང་གང་ཞིག་འགྱུར་བ་མེད་པ་ཡིན་ཞེ་ན། རྟེན་བརྟེན་པ་བཅུ་གཉིས་འགྱུར་བ་མེད་པའི་རང་བཞིན་ཅན་བདེ་བ་སྟེ། དེ་ཡང་མི་འགྱུར་བ་ཉིད་བདེ་བའི་དོན་དུ་ཇི་ལྟར་འགྱུར། ཇི་ལྟར་མི་རྟག་པ་ལས་སྡུག་བསྔལ་བའི་འདུ་ཤེས་སྐྱེ་སྟེ། གང་མི་རྟག་པ་དེ་ནི་གདོན་མི་ཟ་བར་འཇིགས་པས་ན་གནོད་དོ་ཞེས་སྡུག་བསྔལ་གྱི་འདུ་ཤེས་རབ་ཏུ་འཇུག་གོ །མི་རྟག་པ་ནི་སྡུག་བསྔལ་གྱི་མཚན་ཉིད་ཅན་ཡིན་པ་བཞིན་དུ། འགྱུར་བ་མེད་པ་ཡང་བདེ་བའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་རྟེན་དང་བརྟེན་པ་བཅུ་གཉིས་ནི་རེ་ཞིག་རགས་རིམ་ནས་བརྗོད་ན། ལུས་ཀྱི་ཆོས་རགས་པ། ཁུ་བ་ཕྲ་རགས་གསུམ་དང༌། དེ་བཞིན་དུ་རླུང་ཡང་ཕྲ་རགས་གསུམ་དང༌། དགའ་བ་ལ་སོགས་པའི་སེམས་གསུམ་དང༌། སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་སྟེ། བཅུ་གཉིས་འགྱུར་བ་མེད་པ་ནི་བདེ་བ་དམ་པ་སྟེ་ཟག་པ་མེད་པ་ཡིན་ནོ། །དེ་ལ་ཁུ་བ་ཕྲ་བ་ནི། ཁམས་རྣམས་ཀྱི་དྭངས་མའི་དྭངས་མ་དབུ་མར་གནས་པ་དག་ཡིན་ལ། ཤིན་ཏུ་ཕྲ་བ་ནི། སེམས་ཐིག་ལེ་དེ་དང་འདྲེས་པས་ཟག་བཅས་


TNT10_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདེ་བའི་ངོ་བོར་གནས་པ་ཡིན་ནོ། །རླུང་རགས་པ་ནི། གསལ་བར་རྒྱུ་བ་རྣམ་རྟོག་རགས་པའི་བཞོན་པ་ཡིན་ལ། ཕྲ་བ་ན་ནི་སྣང་བ་གསུམ་གྱི་བཞོན་པ་དང༌། ཤིན་ཏུ་ཕྲ་བ་ནི་འོད་གསལ་གྱི་བཞོན་པའོ། །དེ་ལྟར་ན་ཁུ་བ་རྣམས་འཛག་མེད་དུ་བྱས་པ་དང༌། རླུང་རྣམས་འགགས་པས་སེམས་དང་རྣམ་ཤེས་གསུམ་པོ་ཡང༌། ལྷན་སྐྱེས་སམ་འོད་གསལ་དུ་གནས་གྱུར་བ་ན་རྩ་བ་བཅད་པས་སྡོང་པོ་སོགས་འགྱེལ་བ་ལྟར་གཟུང་འཛིན་གྱི་སྣང་བ་ཐམས་ཅད་ལྷན་སྐྱེས་རང་གི་ངོ་བོར་དག་ནས་སེམས་རང་གི་ངོ་བོ་འགྱུར་བ་མེད་པ་གདོད་མ་ནས་གནས་པ་དེའི་ཚེ་མངོན་དུ་གྱུར་པ་ཡིན་ཅིང༌། རང་བཞིན་འགྱུར་བ་ནི་སྔོན་ནས་ཀྱང་མེད་མོད་མོད། །འགྱུར་མེད་དུ་རང་ངོ་མ་ཤེས་པས་འགྱུར་བཅས་སུ་འཁྲུལ་བ་ཡིན་ལ། འདིར་ནི་རང་བཞིན་མངོན་དུ་གྱུར་པས། དཔེར་ན་ཞུ་བདེ་ལ་ལྷག་པར་སྤྱོད་པ་ན་བདེ་བ་དེ་ཉིད་ཀྱང་རང་བཞིན་མ་དམིགས། དེ་ལ་འདོད་ཆགས་སྐྱེས་པ་ལྟར་སྣང་ཡང༌། འདོད་ཆགས་ཉིད་སྐྱེ་བ་དང༌། གནས་པ་དང་འགག་པ་ཡང་རང་བཞིན་མ་དམིགས་པས་ཆེད་ཀྱི་མི་འགོག་ཅིང་གཉེན་པོ་གཞན་མེད་ཀྱང་སེམས་ཀྱི་རྣམ་པ་དངོས་སུ་འགྱུར་བ་མི་བསྟེན་པ་དང༌། འགྱུར་བཅས་ཀྱི་ས་བོན་མི་འཇོག་པར་མ་ཟད། ཞུ་བདེའི་རང་བཞིན་བདེ་སྟོང་སེམས་ཀྱི་འོད་གསལ་དང་དབྱེར་མེད་དུ་སྣང་བ་དེས་ནི་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱི་གྲུབ་པ་མེད་པར་རང་མཚང་རིག་པས་གྲོལ་བར་འགྱུར་ཏེ། མདོ་ལས། མི་མཆོག་གང་དག་མྱ་ངན་འདས་པ་དང༌། །དེ་དག་གིས་ཀྱང་སེམས་ཅན་མང་བཀྲོལ་བ། །མཁས་རྣམས་རང་བཞིན་འོད་གསལ་སྟོང་པ་ཡི། ཆོས་རྣམས་དེ་ལྟར་མཁྱེན་པས་རྣམ་པར་གྲོལ། །ཞེས་ཆོས་རྣམས་རང་བཞིན་གྱི་དག་པ་ལ་དེ་ལྟར་མཁྱེན་པས་གྲོལ་ཞེས་


TNT10_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གསེར་མཆོག་འོད་དཔལ་གྱིས་ཞུས་པ། འཇམ་དཔལ་རྣམ་པར་རོལ་པའི་མདོར་ཡང༌། བུ་མོ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཁྱོད་མཐོང་ཡང༌། ཕྱིར་ཞིང་ཆགས་པ་མེད་ན་ཁྱཽད་ཀྱི་ཉོན་མོངས་པ་དེ་གང་དུ་བཞག །བུ་མོས་སྨྲས་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་རྣམས་ནི་ཡེ་ཤེས་དང་རྣམ་པར་གྲོལ་བ་ལ་གནས་པ་དང༌། ཆོས་ཀྱི་དབྱིངས་ལ་གནས་པ་སྟེ། དེ་དག་ཀྱང་མ་སྐྱེས་པ་དང༌། མ་བསྒྱུར་བ་དང༌། མ་བཀག་པ་སྟེ། དེ་ལྟར་བདག་གིས་རྟོགས་སོ། །ཉོན་མོངས་པའི་རང་བཞིན་གང་ལགས་པ་དེ་ཡང༌། བདག་གིས་རྟོགས་ལགས་སོ། །ཞེས་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར་ཡང༌། རིགས་ཀྱི་བུ་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། བྱང་ཆུབ་རང་བཞིན་གྱིས་འོད་གསལ་བའོ། །ཅིའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ནམ་མཁའ་དང་མཚུངས་པ་ནམ་མཁའི་རང་བཞིན་ནམ་མཁའ་དང་མཉམ་པར་གཞོལ་བ། ནམ་མཁའ་དང་མཉམ་པས་མཉམ་པ་སྟེ། རང་བཞིན་དེ་ནི་ཤིན་ཏུ་འོད་གསལ་བ་ཉིད་དོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་རང་བཞིན་འདི་ཁོང་དུ་མ་ཆུད་པས་གློ་བུར་གྱི་ཉེས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་ཏེ། རང་བཞིན་འོད་གསལ་བ་དེ་དག་གིས་ཁོང་དུ་ཆུད་པར་བྱའོ། །སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ་ཞེས་དང༌། དེ་ལྟར་སེམས་ནི་ནམ་མཁར་ལྟར་རང་བཞིན་འཕེལ་འགྲིབ་མེད་པ་ཡང༌། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པར། ལྷའི་བུས་སྨྲས་པ།


TNT10_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཡང་དག་པ་ཞེས་བགྱི་བ་ཅི་ལགས། ལྷའི་བུ་ཡང་དག་པ་ཞེས་བྱ་བ་ནམ་མཁའ་སྟེ། ནམ་མཁའ་ནི་འཕེལ་བའམ། འགྲིབ་པའམ། འབྱུང་བའམ། འཇིག་པར་མི་འགྱུར་བས། དེའི་ཕྱིར་ནམ་མཁའ་ནི་ཡང་དག་པའོ། །ཡང་དག་པ་ནི་སྟོང་པ་ཉིད་དོ། །ཡང་དག་པ་ནི་དེ་བཞིན་ཉིད་དོ། །ཡང་དག་པ་ནི་ཆོས་ཀྱི་དབྱིངས་སོ། །ཡང་དག་པ་ནི་ཡང་དག་པའི་མཐའ་འོ། །ཡང་དག་གང་ཡིན་པ་དེ་ནི་མ་བྱུང་བའོ་ཞེས་དང༌། འཇམ་དཔལ་རྣམ་པར་རོལ་པ་དེ་ཉིད་དུ་ཡང༌། སྲིང་མོ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་གང་ལ་མེ་འབར་ཡང་ནམ་མཁའ་ནི་མེ་དེས་ཚིག་པར་མི་ནུས་སོ། །སྲིང་མོ་དེ་བཞིན་དུ་གང་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང༌། རང་བཞིན་གྱིས་འོད་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པར་ཡང་བྱེད་མི་ནུས་སོ། །བདེ་བ་རང་བཞིན་མེད་པར་རྣམ་པར་མི་རྟོག་པས་ཤེས་ན་འཛག་མེད་ཀྱི་བདེ་བ་འདི་ནི་ཚུལ་ཁྲིམས་ཀྱི་ཚོགས་རྣམ་པར་དག་པར་འགྱུར་ཏེ། འོད་སྲུང་གིས་ཞུས་པ་ལས་ཀྱང༌། འོད་སྲུང་བཞི་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པར་བཅོས་པ་ཡིན་ཏེ། བཞི་གང་ཞེ་ན། འོད་སྲུང་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་ལྡན་ཞེས་སོགས་ནས་འཚོ་བ་ཡོངས་སུ་དག་ཀྱང་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུང་དེ་ནི་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་འཆོས་པ་དང་པོའོ། །དེ་བཞིན་དུ་སྦྱར་ཏེ་འཇིགས་ཚོགས་ལ་ལྟ་བ་ལས་མི་བསྐྱོད་པ་གཉིས་པ་དང༌། བྱམས་པ་དང་ལྡན་པ་ཡིན་ཡང་འདུ་བྱེད་སྐྱེ་བ་མེད་པ། ཐོས་ན་སྐྲག་སྟེ་ཀུན་ཏུ་དང་བ་གསུམ་པ་དང༌། སྦྱངས་པའི་ཡོན་ཏན་ལ་གནས་ཀྱང་ངར་འཛིན་པ་དང་ང་ཡིར་འཛིན་ན་བཞི་པར་གསུངས་ཤིང༌། འོད་སྲུང་


TNT10_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཚུལ་ཁྲིམས་ཞེས་བྱ་བ་ནི་གང་ལ་བདག་མེད་པ་དང་བདག་གི་བ་མེད་པ་དང༌། བྱ་བ་མེད་པ་དང༌། མི་བྱ་བ་མེད་པ་དང༌། བྱེད་པ་མ་ཡིན་པ་བྱེད་པ་མེད་པ། རྒྱུ་བ་མི་རྒྱུ་བ། རབ་ཏུ་སྤྱོད་པ། རབ་ཏུ་སྤྱོད་པ་མེད་པ། མིང་དང་གཟུགས་མ་ཡིན་པ་ཞེས་པ་ནས། རྟེན་མེད་པ་དང་བརྟེན་མེད་པའང་མ་ཡིན་པ་དང༌། བདག་གི་ཚུལ་ཁྲིམས་ལ་མི་བསྟོད་པ་དང༌། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད་པ་དང་ཚུལ་ཁྲིམས་ལ་མི་རྟོག་པ་ཡིན་ཏེ་ཞེས་སོགས་གསུངས་པ་མཐུན་ནོ། །འོན་ཀྱང་མདོའི་དགོངས་པ་ནི། ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། གང་ཕྱིར་དེ་ནི་ཁྲིམས་དག་རང་བཞིན་ལྟ། །དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། ། དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཅར་ལ། །གཉིས་བློའི་རྒྱུ་བ་ཡང་དག་བྲལ་བར་འགྱུར། །ཞེས་དང༌། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཞེས་པ་ལྟར་འཁོར་གསུམ་མི་དམིགས་པས་ཡོངས་སུ་ཟིན་ན་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་ཞེས་པ་ཙམ་སྟོན་པ་ཡིན་ལ། འདིར་ཚུལ་ཁྲིམས་ནི་འཛག་མེད་ཀྱི་ཚུལ་ཁྲིམས་ཏེ་བདེ་སྟོང་གཉིས་སུ་མེད་པ་སྟོན་པའི་ཕྱིར་ཐུན་མོང་མ་ཡིན་པའི་ཁྱད་པར་ནི་དབྱེར་ཡོད་དོ། །དེ་ལྟར་ན་སྔར་བཤད་པ་ལྟར་འདོད་ཆགས་ལ་སོགས་པ་རང་བཞིན་མེད་པ་དེ་ཉིད་སྟོང་པ་ཉིད་དེ་ཆོས་ཀྱི་སྐུ་དང་ངོ་བོ་གཅིག་པ་ཡིན་ལ། འདིར་རང་བཞིན་མེད་པའི་དོན་ཡང༌། དཔེར་ན་འདོད་ཆགས་ཀྱི་རང་བཞིན་ནམ་ཡིན་ལུགས་ནི་མི་བདེ་ཞིང་མེད་པ་སྟེ། འདོད་ཆགས་ཉིད་རང་བཞིན་མེད་པ་ཡིན་པ་དང༌། གནས་ཚུལ་ལ་མེད་པ་དེ་ཉིད་ཁོ་ན་ལ་སྣང་བའི་ཆ་འདོད་ཆགས་ལ་སོགས་པར་སྣང་བ་དེ་ཉིད་རང་བཞིན་མེད་པའི་དོན་ཡིན་གྱི་དེ་དང་དེའི་རང་བཞིན་མེད་པ་ཐ་དད་


TNT10_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གོ་བར་མི་བྱའོ། །དེ་ཡང་ཐ་སྙད་དུ་འཇོག་ན་དེ་ཡང་ཡིན་ལ། བརྟགས་ན་མི་སྙེད་པའི་རང་བཞིན་མེད་པ་ཡིན་པས་དེ་རང་བཞིན་མེད་པར་འཇོག་དགོས་ལ། དོན་དུ་ནི་དེ་རང་བཞིན་མེད་པའི་ཕྱིར་འཇོག་རྒྱུ་མེད་དོ། །དེ་ལྟར་མེད་པ་ལ་མེད་པར་ཤེས་པའི་ཚེ་ན། ཆགས་སྡང་ལ་སོགས་པའི་སྣང་བ་བརྒྱ་ཕྲག་དུ་མ་ཤར་ཡང༌། སྐྱེས་ཙམ་ཉིད་ན་རང་བཞིན་སྟོང་བར་མཐོང་བའི་ཕྱིར། སེམས་འགྱུར་བཅས་སུ་འཁྲུལ་པ་གཏན་མེད་པར་འགྱུར་རོ། །ཅི་འདི་ལྟར་སེམས་འགྱུར་བ་མེད་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཀྱང་འབྱུང་ལ། དེ་ཉིད་མི་འགྱུར་བའི་བདེ་བ་ཡིན་ནོ་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པར་ཅི་ལྟར་འགྱུར། དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། ཁོ་བོ་ཅག་གིས་འདི་ལྟར་ཞུ་བདེ་ལ་ཡང་དང་ཡང་དུ་བསྔགས་པ་བརྗོད་པ་མ་ཐོས་སམ། གང་ཐུན་མོང་དེ་དག་ནི་ཐུན་མོང་པར་བསྟན་ལ། ཐུན་མོང་མ་ཡིན་པ་རྣམས་ཀྱང་བཤད་ཅིང་འཆད་པར་འགྱུར་མོད་ཀྱི། འོན་ཀྱང་ངག་དོན་ནི། ཇི་སྲིད་འགྱུར་མེད་ཉིད་ཀྱི་བར། །རྟེན་དང་བརྟེན་པའི་འབྲེལ་བར་བཅས། །སེམས་ཀྱི་འགྱུར་མེད་ཉིད་ཐོབ་ནས། །རྟེན་དང་བརྟེན་པའི་འབྲེལ་བ་མེད། །ཅེས་པ་ལྟར། ལུས་ཀྱང་སེམས་ཀྱི་སྣང་བ་ཡིན་པ་དང༌། འགྱུར་མེད་ཐོབ་པ་ན་རྟེན་བརྟེན་པ་ཐ་དད་དུ་སྣང་བ་འགག་པས་སེམས་འགྱུར་མེད་ཀྱི་གནས་ཚུལ་རྟོགས་པ་གལ་ཆེ་བས། ལུས་ནི་འགྱུར་མེད་ཉིད་ཐོབ་ནས་ཞེས་ནི་མ་གསུངས་ལ། དེ་ལྟར་ན་སྔར་བཤད་པ་ལྟར་འགྱུར་མེད་དེ་ཉིད་རྡོ་རྗེ་སྐུ་གཞིག་ཏུ་མེད་པ་དང་རོ་གཅིག་པ་ཡིན་ལ། འགྱུར་བ་མེད་པའི་སེམས་དེ་ཡང་སྡུག་བསྔལ་ལོག་ཙམ་མ་ཡིན་པ་སྟེ། རང་བཞིན་མངོན་དུ་གྱུར་པའི་སྒཽ་གསུམ་གྱི་བདེ་བ་ཟག་མེད་རོ་གཅིག་པའི་བདག་ཉིད་ཡིན་ལ། དེ་ཉིད་སྒྲུབ་


TNT10_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཐབས་ཕྱག་རྒྱ་ཆེན་མོས་ལུས་ཀྱི་ཆོས། ཐིག་ལེ་འཛག་མེད་དུ་བཅིངས་པས་ལུས་སེམས་རོ་གཅིག་འགྱུར་མེད་བདེ་བར་འགྱུར་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བདེ་བ་ལ་ཡང་ཐིག་ལེ་འགྱུར་མེད་ཀྱི་བདེ་བ་ཞེས་བྱ་ལ། དེ་ཞུ་བདེ་དང་རྣམ་པ་མཐུན་པ་ཡིན་པ་དང༌། དེ་མངོན་དུ་བྱེད་པ་ལ་སྒྲིབ་པ་ནི་ཤེས་སྒྲིབ་ཀྱི་ཁྱད་པར་སེམས་ཀྱི་རང་བཞིན་སྡུག་བསྔལ་དུ་འཁྲུལ་བའི་བག་ཆགས་ཀྱི་ས་བོན། གཟུང་འཛིན་གཉིས་སྣང་གི་ཆ་ཤས་ཕྲ་མོ་ཞིག་ཡིན་པ། ལམ་གཞན་གྱི་འཇོམ་པར་མི་ནུས་ཏེ། ལྷན་སྐྱེས་གཉིས་རོ་མཉམ་པའི་རྣམ་པ་ཅན་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནས་འཇོམས་པར་བྱེད་པའི་ཕྱིར་དང༌། དེའི་རྒྱུད་ལས་དང་པོ་པ་ནས་ཀྱང་ཐབས་རྒྱ་ཆེན་པོ་དག་ཡོད་དེ། མདོ་ལས་ནི། རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང༌། བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བསྟན་བཅོས་ལས་ཀྱང༌། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་ཡིད་ལུས་དང༌། མ་རིག་བག་ཆགས་ཀྱིས། ལོག་པས་བདེ་བར་བཞག་པ་སོགས་དོན་གྱིས་འགྱུར་མེད་ཀྱི་བདེ་བའང་ཕྱོགས་ཙམ་བསྟན་མོད་ཀྱི་ལྷན་སྐྱེས་ཀྱི་བདེ་བར་ནམ་ཡང༌། མ་བསྟན་པ་དང༌། ལས་དང་པོ་པའི་སྐབས་སུ་དད་པར་བྱ་བ་ལས་གཞན་ཉེ་བར་མཁོ་བའི་ཐབས་ནི་མ་གསུངས་པས་མདོ་དང་ཐུན་མོང་དུ་ཅི་ལྟར་འགྱུར། དེ་ལྟར་ཡང༌། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཨ་བྷ་ཡ་ཀ་རའི་ཞལ་སྔ་ནས། འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་དང་འཁོར་ལོས་སྒྱུར་པ་རྣམས་བཞིན་དུ་བདེ་བ་ཉེ་བར་བསྟན་ན་བདག་མེད་པ་གཉིས་ཀ་རྟོགས་པས་ཅི་ཞིག་བྱ། དེ་ལྟར་ནི་དགའ་བ་ལྷག་པ་ཁོ་ན་ལས་དང་པོའི་ས་ནི་རབ་ཏུ་དགའ་བར་


TNT10_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ་ཞེ་ན། བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་མ་ཡིན་ཞིང༌། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ལ། ལས་དང་པོ་པའི་གནས་སྐབས་སུ་ཐབས་སུ་གྱུར་པ་ཡང་མ་ཡིན་ཏེ། ཞེས་དང༌། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་གསུངས་མོད། འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཡང་རིམ་པ་འདི་ཁོ་ནས་གོ་བར་བྱའོ་ཞེས་དང༌། མཐར་ཐུག་པ་ན་ཡང་ཐབས་འདི་ལ་ངེས་པར་བལྟོས་སོ་ཞེས་མི་འཇིགས་པའི་གཞུང་འགྲེལ་དང༌། མན་ངག་སྙེ་མར་ཡང་དེ་བཞིན་དུ་གསུངས་སོ། །དེ་ལ་བསམ་གཏན་དང་པོ་ཞེས་སོགས་ནི། བསམ་གཏན་གྱི་ཡན་ལག་རྣམས་ལ་བདེ་བའི་ཡན་ལག་ཞེས་པའང་ཡོད་པ་དང༌། ས་དང་པོ་རབ་ཏུ་དགའ་བ་སོགས་ཀྱི་མིང་འཁྲུལ་གཞི་མང་དུ་ཡོད་པ་རྣམས་ལྷན་སྐྱེས་ཀྱི་བདེ་བར་འཁྲུལ་བའི་དོགས་པ་བཀོད་པ་ཡིན་ལ། གཞན་རྣམས་ཀྱི་དོན་སྔར་བཤད་ཟིན་ཏོ། །སྤྲོས་པས་ཆོག་གོ །དེ་ལྟར་ཐབས་སུ་གྱུར་པའི་ཞི་བདེ་དེ་ཡང་དགའ་བ་བཞིའི་བདག་ཉིད་ཅན་ཡིན་པ་ལས་དགའ་བ་གཞན་གསུམ་ལྷན་སྐྱེས་ཀྱི་ངོ་བོར་གནས་སམ་མི་གནས་ཞེ་ན། ཡང་ན་ཞེས་པ་འགའ་ཞིག་གི་དོན་ཏེ། རླུང་དབུ་མར་ཐིམ་པ་བརྟན་པའི་བདེ་སྟོང་གཉིས་སུ་མེད་པའི་ལྷན་སྐྱེས་མངོན་དུ་གྱུར་པའི་མས་བརྟན་གྱི་དགའ་བ་ཐམས་ཅད་དང༌། རང་བཞིན་ལྷན་སྐྱེས་མངོན་དུ་གྱུར་ནས་ནི། དགའ་བ་བཞི་པོ་ཐམས་ཅད་ཀྱང་ལྷན་སྐྱེས་དེ་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་དག་མ་ཡིན་པ་ལ་ནི། དགའ་བ་གསུམ་པོ་ལྷན་སྐྱེས་མ་ཡིན་ནོ། །དེའི་ཕྱིར་དེ་ཀུན་གྱི་ལྷན་སྐྱེས་སྤངས་ཞེས་


TNT10_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། འོན་ཀྱང་མས་བརྟན་གྱི་དགའ་བ་ཐམས་ཅད་ལ་ལྷན་སྐྱེས་དང་རྣམ་པ་མཐུན་པ་ནི་ངེས་པར་ཡོད་ཅིང༌། དེ་ལྟར་ན་ཡང་རླུང་དབུ་མར་མས་བརྟན་གྱི་བར་དུ་མས་བརྟན་གྱི་དགའ་བ་གསུམ་པོ་ལ། སྤྲོས་པ་མཐའ་དག་ནུབ་པའི་རྣམ་པ་ཅན་དུ་མི་འབྱུང་བས་ལྷན་སྐྱེས་སུ་ནི་མི་འཇོག་གོ །བརྟན་ནས་ནི་ཡས་བབས་ཀྱི་ལྷན་སྐྱེས་ཀྱི་སྐབས་སུ་སྤྲོས་པ་ཐམས་ཅད་ནུབ་པ་ལས། སླར་མས་བརྟན་གྱི་སྐབས་ཀྱང་རླུང་སེམས་དྷཱུ་ཏཱིར་ཐིམ་པ་ཞེས་པ་དེ་ལ་གནས་པས་སེམས་སྤྲོས་མེད་ཁོ་ནར་འབྱུང་བ་དང༌། ཡས་བབས་ཀྱི་ལྷན་སྐྱེས་པས། མས་བརྟན་གྱི་དགའ་བ་དང་པོ་ཡང་བདེ་བ་ཆེ་བ་དང༌། མས་བརྟན་བཞི་པོ་ཡང་ཕྱི་མ་ཕྱི་མ་བདེ་བ་ཆེ་བ་ཡིན་ནོ། །འོ་ན་ཕྱག་རྒྱ་ཆེན་པོ་ཐིག་ལེར། དགའ་བཞི་སྣང་བ་བཞི་དང་གཅིག་པར་བཤད་པ་མ་ཡིན་ནམ། སྣང་བ་གསུམ་གྱི་འོད་གསལ་ཐམས་ཅད་སྟོང་པར་འཇོག་པ་ནི་ནམ་ཡང་མེད་པ་ལྟ། ཞེ་ན། སྨྲས་པ། བདེན་མོད་ཀྱི་སྤྱིར་ནི་སྣང་བ་བཞིའི་བདེ་བ་དགའ་བཞི་ཡིན་མོད་ཀྱི། ཡས་བརྟན་དང་མས་བརྟན་གྱི་དགའ་བཞི་དང༌། རླུང་སྙིང་ཁར་འདུས་པའི་སྣང་བ་བཞི་ནི་རྣམ་པ་ཕྱོགས་མཐུན་ན་ཡང༌། ངོ་བོ་མི་ཅིག་པས་སྐྱོན་དེ་ཡོད་པ་མ་ཡིན་ལ། ཡོངས་ཡེ་མས་བརྟན་གྱི་དགའ་བ་བཞི་ལ་ཡང་སྟོང་པ་བཞི་ལུགས་བཟློག་གི་ཐ་སྙད་འཇོག་མོད་ཀྱི། འཁོར་ལོའི་རིམ་པ་ལུགས་བཟློག་ཡིན་གྱི། སྣང་བ་བཞིའི་རིམ་པ་ནི་ལུགས་འབྱུང་ལྟར་སྦྱོར་ཞིང༌། རླུང་སྙིང་ཁར་ཐིམ་པ་ལས་སྡང་བའི་དུས་ཀྱི་སྟོང་པ་བཞི་ལུགས་བཟློག་ལ། དགའ་བཞི་ལུགས་བཟློག་སྦྱོར་མོད་ཀྱི། གོ་རིམ་ནི་ལྷན་སྐྱེས་ནས་དགའ་བའི་བར་དུའོ། །འདིར་གཞན་ཡང་ཞིབ་ཏུ་དགོས་མོད་ཀྱི་ཡི་གེ་མངས་པར་འགྱུར་བའི་ཕྱིར་རེ་ཞིག་བཞག་གོ །དེ་ལྟར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་འདི་


TNT10_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་བྱ་ལ།འདི་ལས་ནི། རྒྱུ་བ་བཅུད་དང་ལྷ་ཚོགས་དང༌། མི་རྒྱུ་བ་སྣོད་དང་དཀྱིལ་འཁོར་སོགས་དག་པ་དང་མ་དག་པའི་འཇིག་རྟེན་གསུམ་གྱི་གཟུགས་བརྙན་ཐམས་ཅད་འཆར་ཞིང་འགྲོ་བའི་ཡོན་ཏན་ཏེ་ཐུན་མོང་གི་དངོས་གྲུབ་ཀུན་ཡང་གཡོན་དེ་བདེ་སྟོང་ལས་བྱུང་བ་ཡིན་ནོ། །དེ་ལྟར་ཡང་གྲུབ་ཆེན་རྟོག་རྩེ་པས་བསམ་མི་ཁྱབ་ཀྱི་གཞུང་དུ། ཀུན་མཁྱེན་གནས་ཀྱི་སྦྱོང་བ་ནི། །བསམ་གྱིས་མི་ཁྱབ་མི་རྟོག་པ། །ཀུན་ཏུ་བཟང་པོ་ཞེས་བྱའི་ལྷ། །ཡིད་བཞིན་ནོར་བུ་ལྟ་བུ་འབྱུང༌། །ས་འོག་རལ་གྲི་རིལ་བུ་དང༌། །ཤིང་ལྷམ་བུམ་པ་གནོད་སྦྱིན་མོ། །བཅུད་དང་མིག་སྨན་བཟང་པོ་ཡང༌། །རང་ཉིད་འགྲུབ་སྟེ་གཞན་དུ་མིན། །སྔགས་པས་དངོས་པོ་སྒོམ་མི་བྱ། །དངོས་མེད་ཉིད་ཀྱང་སྒོམ་བྱ་མིན། །རྣམ་པར་མི་རྟོག་མོས་པ་ཡིས། །ཐམས་ཅད་རང་ཉིད་སྐྱེ་བར་འགྱུར། །སངས་རྒྱས་ཉིད་ཀྱང་འགྲུབ་འགྱུར་ན། །ཞི་བ་ཁྱབ་འཇུག་སོགས་ཅི་སྨོས། །ཞེས་དང༌། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་སྒྱུ་མ་བདེ་མཆོག་ལས། །སྙིང་དང་དགའ་དང་བདེ་ཀུན་གྱི། །ངན་པར་སྤོང་པའང་འགྲུབ་པར་འགྱུར། །དེ་བས་བདེ་བ་ཉིད་ཀྱི་ནི། །སངས་རྒྱས་བདེ་བ་ཀུན་འཐོབ་བོ། །ཞེས་གསུངས་སོ། །གཉིས་པ་རྣམ་པ་ཐམས་ཅད་པ་བཤད་པ་ལ་ཡེ་ཤེས་འཇུག་ཚུལ། ངོ་བོ་ཇི་ལྟར་ཡིན་པ། གཞི་ལ་གནས་ཚུལ། དེ་རྣམས་ལུང་གི་སྒྲུབ་པའོ། །དང་པོ་ནི། ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་ཅན་གྱི་ཡེ་ཤེས་ནི། ཡུལ་དང་དུས་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པ་ཚུལ་ཐམས་ཅད་ཀྱི་ཡེ་ཤེས་འཇུག་པ་ཡིན་ནོ། །གཉིས་པ་ནི། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་སོ། །གསུམ་པ་ནི། ས་


TNT10_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱི་མཐུས་བག་ཆགས་ཀྱི་སྣང་བ་བརྟས་པ་ལས། རྩ་ལ་སོགས་པ་ཕྱི་ནང་གི་ཆོས་ཇི་སྙེད་པར་སྣང་བའི་སེམས་འདི་ཉིད་ཀྱི་རང་བཞིན་ནི་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཡིན་ཏེ། མི་ཕྱེད་མ་ལ་སོགས་པའི་རྩ་རྣམས་ཐམས་ཅད་རབ་གཏུམ་མ་ལ་སོགས་པའི་མཁའ་འགྲོ་མ་དང༌། དེའི་ཤུགས་ལས་ཁམས་རྣམས་དཔའ་བོ་དང༌། ཕུང་པོ་ལྔ་ཡང་སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་ཏེ། དེ་ལྟར་བསྟན་པའི་ཤུགས་ལ་འབྱུང་བ་བཞི་ལྷ་མོ་བཞི་དང༌། སྐྱེ་མཆེད་རྣམས་ནི་སེམས་དཔའ་ཡབ་ཡུམ་དང༌། ཡན་ལག་རྣམས་ནི་ཁྲོ་བོར་ཡང་སྟོན་ནོ། །གཙོ་བོ་ལུས་ཡིན་མོད་ཀྱི་དེར་མ་ཟད་འདི་ལྟར་སྣང་བ་སྟེ་ཐོག་བཅས་གཟུགས་ཅན་རྣམས་དང༌། མི་སྣང་བ་སྟེ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་ཆོས་རྣམས་ཀུན་ཡང་དཀྱིལ་འཁོར་དམ་པ་ཉིད་དུ་ཤེས་པར་བྱའོ། །བཞི་པ་ལ་གཉིས་ལས་མངོན་བརྗོད་བླ་མའི་ལུང་ནི། ཡི་གེ་བརྒྱ་པ་ཞེས་དང་པོར་འབྱུང་བའི་ཚིགས་བཅད་གཅིག་ནི། ཡི་གེ་བརྒྱ་པས་ཐམས་ཅད་དུ། གསང་སྔགས་བསྟན་པར་བསྒོམས་ནས་སུ། །རང་གི་མིང་དང་ལྡན་པར་ནི། །གཅིག་པུ་སྤེལ་ནས་བཟླས་པ་བྱ་ཞེས་ངེས་པར་བརྗོད་པར་འདི་གསུངས་པའོ། །དེ་ཉིད་དགོངས་པས་བཤད་པ་ནི། ཡི་གེའི་སྐད་དོད་ཨཀྵར་འགྱུར་མེད་དེ། སྤྱོད་བསྡུས་སྒྲོན་མ་ལས་རྒྱས་པར་འབྱུང་བ་ལྟར། གཞི་དུས་ཀྱི་ཕུང་ཁམས་དམ་པ་རིགས་བརྒྱའི་ངོ་བོར་གནས་པ་སྟེ་དེ་རྣམས་ཀྱི་རང་བཞིན་སྟོང་པའི་ཡེ་ཤེས་ནི་འགྱུར་མེད་དེ། དེ་རྣམས་རྣམ་པ་ཐམས་ཅད་པའམ། རྣམ་པ་ཀུན་ཏུ་འཆར་བའི་ལྷའི་དཀྱིལ་འཁོར་དུ་སྣང་བ་གཞོམ་མེད་ཀྱི་ནཱ་དའི་དབྱངས་ཀྱི་གསང་སྔགས་དང་ལྡན་པའི་ཕྱི་རོལ་གྱི་རྐྱེན་གྱིས་མི་འགྱུར་བས་བརྟན་པར་བསྒོམས་ལ། གཅིག་པུ་ཞེས་པ་བདག་ཉིད་ཀྱི་སེམས་ཏེ།


TNT10_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་སྤེལ་བ་ནི་དེའི་རང་བཞིན་དུ་ཤེས་པ་དང༌། རང་གི་མིང་དང་ལྡན་པ་ནི་དངོས་པོ་ཀུན་ཏེ། སེམས་དེ་ཡང་མིང་ཙམ། དེའི་ཕྱིར་དེའི་སྣང་བ་ཀུན་ཡང་མིང་ཙམ་སྟེ་དོན་དུ་རང་བཞིན་མེད་དོ། །ཟུང་འཇུག་གི་ཡེ་ཤེས་ཀྱང་དོན་དམ་པར་མིང་ཙམ་སྟེ། རྟོག་རྩེ་པས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ལ་མིང་ཡང་ཡོད་མ་ཡིན། །གཉིས་མེད་མིང་དུ་བཟུང་བ་ལ། །བདག་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་གསུངས་སོ། །གཉིས་མེད་མིང་དུ་བཟུང་བ་ནི་སྒྲ་སྤྱི་སྣང་བ་ཞིག་ལ་ཟུང་འཇུག་ཏུ་ཞེན་པའོ། །དེ་ལྟར་ན། ལྷ་སྐུར་སྣང་བ་ཡང་སྟོང་པ་ཉིད་དུ་ཤེས་པས་བདེ་སྟོང་འོད་གསལ་བར་འཇུག་པའི་བཟླས་པ་བྱའོ་ཞེས་རྣམ་པ་ཐམས་ཅད་པ་རྒྱ་ཆེ་བ། དེ་ཡང་ཟབ་པ་དང་སྒྲོལ་ལོ། །གཉིས་པ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ལུང་ནི། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད་དེ། སེམས་རང་བཞིན་གྱི་འོད་གསལ་བ་འདི་ནི། གང་ཡང་དྲུག་པའི་སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། དང་པོའི་སངས་རྒྱས་ཞེས་བྱ་བ་ཡིན་ལ། འདི་ཉིད་གཅིག་པུ་གཞི་ལམ་འབྲས་བུའི་ཉམས་ནི་དུ་མ་ལ་གར་མཛད་དེ། སོ་སོ་སྐྱེ་བོ་དང༌། འཕགས་པ་དང༌། སངས་རྒྱས་ཞེས་གནས་སྐབས་ཐ་དད་ནི་གར་མཁན་གཅིག་ཉིད་ཚུལ་སྣ་ཚོགས་སུ་བསྒྱུར་བ་ལྟ་བུ་དང༌། མ་དག་པ་དང་དག་པའི་ཆོས་ཇི་སྙེད་སྣང་བ་ནི་ཐམས་ཅད་སེམས་གཅིག་པུའི་བཀོད་པ་ཡིན་པའི་ཕྱིར། རི་མོ་མཁན་མཁས་པས་རི་མོ་སྣ་ཚོགས་འདྲི་བ་ལྟར་སྣང་ངོ༌། །གསུམ་པ་སོ་སོར་འབྱེད་པ་ལ། ཡོངས་སུ་འབྱེད་པའི་ཤེས་རབ་ཀྱི་རང་བཞིན། དེའི་དབྱེ་བ་དང་རྟོགས་ཚུལ་ལོ། །དང་པོ་ནི། ཡེ་ཤེས་གང་ལ་དངོས་པོ་ཀུན་གྱི་རྣམ་པ་གསལ་བར་ཤར་བ་སྟེ་རྩོལ་བ་དང་རྣམ་པར་རྟོག་པས་ཅུང་ཟད་ཀྱང་མ་རྟོགས་


TNT10_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་ཤེས་བྱ་ཐམས་ཅད་ཡེ་ཤེས་གཅིག་ཅར་མཁྱེན་པའོ། །གཉིས་པ་ལས་དབྱེ་བ་ནི། ཇི་ལྟ་བ་མཁྱེན་པ་དང༌། ཇི་སྙེད་པ་མཁྱེན་པ་གཉིས་ཏེ། དེ་ཡང༌། ཆས་ཕྱེ་བ་ལས་ངོ་བོ་གཉིས་པ་ནི་མེད་དེ། ཡེ་ཤེས་གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དེ་རྣམ་པར་ཤེས་པ་དེའི་ཚེ་ཇི་སྙེད་པ་ཐམས་ཅད་ཤེས་པར་འགྱུར་ཏེ། ཆོས་ཀུན་གྱི་ངོ་བོ་ཤིན་ཏུ་རྟོགས་དཀའ་བར་རབ་ཏུ་ཤེས་པས་དེའི་རྣམ་པ་རྟོགས་པ་སླ་བ་ཀུན་ཤེས་པ་ཉིད་དུ་འགྱུར་བ་རིགས་པས་སོ། །རྟོགས་ཚུལ་ནི་གནས་ལུགས་ཇི་ལྟ་བ་དང་སྣང་ཚུལ་ཇི་སྙེད་པ་ཇི་ལྟར་གནས་པ་ཀུན་དེ་ལྟར་རྟོགས་པ་ནི་དཔེ་དང་གཏན་ཚིགས་ལ་བརྟེན་ཏེ་བྱུང་བའི་རྗེས་དཔག་གིས་ནི་མ་ཡིན་ལ། རྣལ་འབྱོར་གྱི་མངོན་སུམ་གྱི་ནི་ཚད་མས་རྟོགས་པར་བྱེད་དོ། །དེས་ན་ཐ་སྙད་གདགས་པར་ནི་གཞལ་བྱ་དང་འཇལ་བྱེད་དུ་འཇོག་ལ། ངོ་བོ་ནི་ཇི་ལྟ་བ་དང་ཇི་སྙེད་པ་དང་དེ་གཉིས་མཁྱེན་པའི་ཡེ་ཤེས་རྣམས་ངོ་བོ་གཅིག་ཡིན་ཏེ། གཞན་གྱི་གཞན་རྟོགས་པ་དོན་དམ་ལ་མི་རུང་བའི་ཕྱིར། དེས་ན་དོན་དམ་པ་ལ་གཞལ་བྱ་འཇལ་བྱེད་ཀྱི་དབྱེ་བ་མེད་པས་རྟོག་གེ་ལས་འདས་པ་ཡིན་ནོ། །སངས་རྒྱས་ལ་དབང་ཡིད་ཀྱི་མངོན་སུམ་ཡོད་ཟེར་བ་དང༌། གཉིས་སྣང་ཡོད་ཀྱང་མ་འཁྲུལ་བར་བཞེད་པ་སོགས་ནི་འཐད་པར་མི་སྣང་ཡང་ཡི་གེའི་འཇིགས་པས་བཏང་སྙོམས་སུ་བྱས་སོ། །བཞི་པ་སྟོང་པ་ཉིད་ལ། སྟོང་ཉིད་དངོས་བཤད་པ་དང༌། ལྷུན་གྲུབ་དང་ཐུན་མོང་གི་དོན་བཤད་པའོ། །དང་པོ་ནི། དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ཉེ་བར་ཕྲད་པ་ལས་བྱུང་བའི་ཕྱིར་རང་གི་ངོ་བོས་མ་གྲུབ་པའམ། ཆོས་ཐམས་ཅད་ནི་གཞན་ལ་ཉེ་བར་ལྟོས་པའི་བརྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་


TNT10_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་རང་བཞིན་གྱི་སྟོང་པ་སྟེ། དཔེར་ན་ཆུང་ངུ་ལ་ལྟོས་ནས་ཆེན་པོ་བཞག་པ་ཡིན་གྱི། རང་གི་ངོ་བོས་ནི་ཆེན་པོར་གྲུབ་རྒྱུ་མེད་ལ། ཆུང་ངུ་ཡང་དེ་ལ་ལྟོས་ནས་དེར་བཞག་པ་ཡིན་པས། ཕན་ཚུན་བརྟེན་པའི་ཕྱིར་གཉིས་ཀའང་འགྲུབ་པ་མེད་པ་ཡིན་ནོ། །སྐྱེ་བ་མེད་པ་ནི་བདག་དང་གཞན་དང་གཉིས་ཀ་དང༌། རྒྱུ་མེད་པ་ལས་མི་སྐྱེ་བ་སྟེ། སྐྱེ་བ་རང་བཞིན་གྱིས་མེད་དེ། བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་རང་བཞིན་གྱིས་དམིགས་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་འཕགས་པའི་ཞལ་ནས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་སོགས་རྒྱ་ཆེར་སྦྱར་ན་འོས་པ་ཡིན་ནོ། །དེ་ལྟར་བརྟེན་ཅིང་འབྲེལ་འབྱུང་གི་ཕྱིར་སྐྱེ་བ་མ་དམིགས་ལ། དེའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡོད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་དང༌། མེད་ཅེས་ཀྱང་མི་བྱ་སྟེ་རྒྱུ་འབྲས་བསླུ་བ་མེད་པར་སྣང་བ་མི་འགགས་པའི་ཕྱིར། དེ་ལྟར་ཡང་འཕགས་པས། རྒྱུ་དང་བཅས་པ་སྐྱེ་མཐོང་བས། །མེད་པ་ཉིད་དུ་ཁས་མི་ལེན། །རྒྱུ་དང་བཅས་པ་འགགས་མཐོང་བས། །ཡོད་པ་ཉིད་དུའང་ཁས་མི་ལེན། །ཞེས་གསུངས་སོ། དེ་ཉིད་ཀྱིས་གཉིས་ཀ་ཡིན་པ་ཁེགས་ཤིང༌། གཞན་ཕྱོགས་བཞི་པ་ནི་སྲིད་པ་མ་ཡིན་ནོ། །དེ་གསུམ་ལས། འདས་པས་སྤྲོས་པ་མེད་ཅིང་བརྗོད་པ་དང་བྲལ་བའོ། །ཅི་དངོས་པོ་རྣམས་ནི་རྒྱུ་དང་རྐྱེན་གྱིས་འདུས་བྱས་པ་ཡིན་ན་ཆོས་ཉིད་ནི་ཇི་ལྟ་བུ། བརྗོད་པ་དངོས་པོ་རྣམས་ལས་གཞན་དུ་ཆོས་ཉིད་ཞིག་མེད་མོད་ཀྱི། ཆོས་ཉིད་རང་གི་ཆ་ནས་རྒྱུ་དང་རྐྱེན་གྱི་འདུས་མ་བྱས་པ་སྟེ། དོན་དམ་པ་ལ་རྒྱུ་དང་རྐྱེན་མེད་པའི་ཕྱིར་རོ། །


TNT10_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱི་མེད་པའི་རྒྱུ་མཚན་ཅི་ཞེ་ན། ཡོད་ན་རང་བཞིན་གཅིག་དང་དུ་མ་གང་རུང་དུ་གྲུབ་དགོས་པ་ལས། བརྟགས་ཤིང་དཔྱད་ན་དེ་དང་བྲལ་བའི་ཕྱིར་རོ། །འདིར་སྤྲོ་ན། :རིག་[རིགས་]པའི་ཚུལ་རྒྱ་ཆེར་ཡང་བརྗོད་དུ་རུང་མོད་ཀྱི་ཡི་གེ་མངས་པར་འགྱུར་པ་དང༌། སྙིང་པོའི་དོན་ཇི་ཙམ་གསུངས་བ་དེ་ཙམ་མོ། །གཉིས་པ་ནི། སེམས་ཉིད་ལ་ཐོག་མ་དང་ཐ་མའི་མཐའ་མེད་པས་སྟོང་པ་ཉིད་ཀྱང་ཡིན་ལ་ལྷུན་གྲུབ་ཀྱང་ཡིན་པ་དང༌། དེ་བཞིན་དུ་འོག་མ་རྣམས་ལ་ཡང་རེ་རེས་དེ་གཉིས་ཀའི་དོན་དུ་ཤེས་པར་བྱ་སྟེ། སེམས་ཀྱི་ངོ་བོ་གདོད་མ་ནས་ཟག་པ་མེད་པ་དང༌། ཡུལ་དང་དུས་ལས་ཡོངས་སུ་འདས་ཤིང་མ་བཟུང་བ་དང༌། ངོ་བོ་ལ་གཟུང་འཛིན་གྱི་རང་བཞིན་མེད་པ་དང༌། ཁམས་ཏེ་དབྱིངས་གདོད་མ་དེ་ཡང་རང་བཞིན་མེད་པ་དང༌། བདག་མེད་པའི་ཆོས་ཉིད་ལས་སེམས་ཀྱི་སྣང་བ་དག་འབྱུང་བ་སྟེ། རྒྱུ་རྐྱེན་མ་ཚང་བ་མེད་པར་འབྱུང་བ་དང༌། ཐོག་མ་ནས་རང་རིག་བདེ་བ་ཆེན་པོར་འདུག་པ་འདི་ནི་དོན་དམ་པ་སྟོང་པའི་དཀྱིལ་འཁོར་ཏེ། མཎྜལ་ཞེས་པའི་སྒྲ་ལས་དྲངས་ན། མཎྜལ་ནི་སྙིང་པོ་ལ་ནི་ལེན་པ་སྟེ། སྙིང་པོའི་དོན་ཡང་དབུས་ན་འདུག་པའི་ཕྱིར་རྙེད་དཀའ་བ་དང༌། འགྱུར་བ་མེད་པའི་ཕྱིར་སྲ་བའི་དོན་ཏེ་དེའི་ཕྱིར་མཎྜལ་ལོ། །དེས་ན་ཆོས་ཐམས་ཅད་ཀྱི་སྙིང་པོ་རང་བཞིན་འགྱུར་བ་མེད་པ་ནི། སྟོང་པ་ཉིད་གཅིག་པུ་སྟེ། དེ་ལེན་པའི་ཕྱིར་དཀྱིལ་འཁོར་ནི། དེ་ཁོ་ན་ཉིད་དུ་ཡང་དག་པར་རིག་ཅིང་སྟོང་པ་དེ་ཡང་རྣམ་པ་ཐམས་ཅད་པ་དང༌། དེ་རྟོགས་ཤིང་ལེན་པ་པོ་ཡང་སྤྲོས་པའི་མཚན་ཉིད་ཐམས་ཅད་དང་བྲལ་བའི་བདེ་ཆེན་གྱི་ཡེ་ཤེས་རང་གི་རིག་པ་སྟེ། ངག་དོན་ནི་སེམས་བདེ་བ་ཆེན་པོའི་རང་བཞིན་སྤྲོས་བྲལ་རིག་བྱ་རིག་བྱེད་དབྱེར་མེད་པར་རྟོགས་པ་


TNT10_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོན་དམ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་སྟེ། ངོ་བོའི་སྒོ་ནས་གསར་བྱུང་མ་ཡིན་པར་ལྷུན་གྱིས་གྲུབ་པ་དང༌། རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་ཡང་ཡིན་ནོ། །དེ་ལྟར་ཡང་དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་བདེ་སྟོང་ཟུང་འཇུག་གི་དཀྱིལ་འཁོར་དང༌། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པ་བདེ་བ་མཆོག །ཅེས་བདེ་བ་མཆོག་དེ་རང་རིག་ཏུ་ཡང་གསུངས་སོ། །ལྔ་པ་ལྷུན་གྲུབ་ནི། རང་བཞིན་དྲི་མ་དང་གཏན་ནས་བྲལ་བ་ལྷུན་གྱིས་གྲུབ་པ་ཡིན་ཅིང༌། ནང་སྟེ་རང་བཞིན་གྱི་བདེ་སྟོང་རྟོགས་པའི་ཡོན་ཏན་ཐམས་ཅད་ངོ་བོ་ཡང་ལྷུན་གྱིས་གྲུབ་པར་གནས་པ་ཡིན་པས་ན། སེམས་གང་ལ་ཆོས་ཀྱི་སྐུ་ནི་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ལ་ལྷུན་གྱིས་གྲུབ་པ་ཞེས་བྱ་བ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་ཅེས་གསུངས་པ་ལྟར་རྣམ་པར་མི་རྟོག་བཞིན་དུ་ཡོན་ཏན་དང་མཛད་པ་ཐམས་ཅད་འབད་རྩོལ་མེད་པར་འབྱུང་བ་ལ་བཤད་པ་མང་ཤིང༌། ཐེག་ཆེན་རྒྱུད་བླ་མའི་བསྟན་བཅོས་དང༌། ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ་ལ་སོགས་པར་ཡང་དེ་ཁོ་ན་ལ་འཆད་ཅིང་འབྲས་བུའི་སྐབས་སུ་སྦྱོར་བར་མཛད་དོ། །འདིར་ནི་ཡེ་ནས་གནས་ཤིང་ཐོག་མ་ནས་ཡོད་པའི་དོན་ལ་སྦྱོར་ཏེ་འབྲས་བུའི་ཡེ་ཤེས་ཀྱི་ངོ་བོའི་ཆ་གཞིའི་དུས་ནས་ཀྱང་གྲུབ་བོ་ཞེས་སྟོན་པའོ། །དྲུག་པ་མཉམ་པ་ཉིད་ནི། གཉིས་ཆོས་སུ་འཛིན་པ་ཐམས་ཅད་རྣམ་པར་སྤངས་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་པ་ཉིད་མངོན་དུ་གྱུར་པ་དང་མ་དག་པའི་སྣང་བ་མེད་ཅིང་རྣམ་


TNT10_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པའི་གཡོ་བ་མེད་ལ། ཀུན་རྫོབ་གཟིགས་པའི་ཆ་ནས་ཀྱང་ཙནྡན་གྱི་བྱུགས་པ་དང༌། ལྟེའུས་གཞོགས་པ་ལ་བྱམས་སྡང་མེད་པར་བཏང་སྙོམས་པ་སྟེ། ཉོན་མོངས་སྤངས་པའི་འབྲས་བུ་དང་གཅིག་དང་དུ་མ་དང་ཉེ་རིང་ལ་སོགས་པ་མཉམ་པར་གྱུར་པ་སྟེ། ཆོས་ཐམས་ཅད་ལ་ཡངས་དོག་མེད་པ་ནི་ཤེས་སྒྲིབ་སྤངས་པའི་འབྲས་བུ་སྟེ། མཉམ་པ་ཉིད་ཀྱི་དོན་ཡིན་ནོ། །བདུན་པ་ཟུང་འཇུག་ནི། ཐབས་སྐུའི་ཆོས་ཀུན་རྫོབ་བདེན་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་ཆོས་དོན་དམ་བདེན་པ་གཉིས་མཉམ་པ་ཉིད་དུ་གྱུར་པ་ནི་ཟུང་འཇུག་སྟེ། ཡུལ་གྱི་གནས་ལུགས་ལ་གཉིས་ཀྱི་ཆོས་མེད་པ་བཞིན་དུ་ཡེ་ཤེས་དེ་ལའང་གཉིས་སུ་མི་སྣང་ངོ༌། །དེ་ཡང་སྔར་བཤད་པའི་ཆོས་དྲུག་པོ་གཉིས་སུ་མེད་ཅིང་མི་སྣང་བ་ཡིན་ནོ། །བརྒྱད་པ་ལམ་དང་འབྲས་བུ་ཐབས་ཤེས་ཀྱི་ཡན་ལག་བདུན་གྱི་མཚན་ཉིད་ཅན་དེ་ལ་རྣམ་རྟོག་གི་ཞེན་ཞུགས་ཙམ་གྱི་མི་རྟོགས་པ་བསྟན་པ་ནི་ཀུན་སྤྱོད་ཀྱི་རྒྱུད་ལས་དྲངས་པའི་ཚིགས་བཅད་གཅིག་སྟེ། ཇི་ལྟ་བུ་བུད་མེད་གཞོན་ནུ་མར་གྱུར་པ་བྱིས་པའི་གཏམ་སྟེ་འདོད་པའི་གཏམ་ལ་དགའ་བས་རྗེས་སུ་ཡིད་རང་བ་འདོད་པའི་ཡུལ་དང་ཕེབས་པར་སྨྲ་ཞིང༌། ཕྲད་པའི་གཏམ་ཡང་བརྗོད་པར་བྱེད་མོད་ཀྱི་དགའ་བ་མི་མྱོང་བ་དེ་ལྟར་རྣལ་འབྱོར་གྱི་ལམ་ངན་པ་ཡང་འབྲས་བུ་མེད་པའོ། །དེ་ལ་ལམ་ངན་པ་ནི་སྒྲ་རྟོག་ལ་མཆེལ་པ་དང༌། འཕགས་པའི་མན་ངག་མེད་པར་སོ་སོ་སྐྱེ་བོས་བསྟན་པའོ། །ངན་པའི་ལམ་དེ་ཉིད་སྟོན་ཅིང་སྔགས་པ་ཡང་བརྗོད་ལ། ཡོངས་སུ་ཞེན་ན་འཆིང་བར་བྱེད་པས་ན། ལམ་ཐམས་ཅད་ལ་རློམ་


TNT10_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མེད་པའི་ཞེན་མེད་གལ་ཆེ་བ་ཡིན་ནོ། །གཉིས་པ་ཡན་ལག་ལྷག་མ་ལྔ་བཤད་པ་ལ། ཁྱབ་པ་དང༌། བདེ་བ་དང༌། རྟག་པ་དང༌། སྐུ་དང༌། ཟུང་འཇུག་སྟེ་ལྔ་ལས། དང་པོ་ལ། སྤངས་པའི་ཆ་དང་རྟོགས་པའི་ཆ་གཉིས་ལས། དང་པོ་ནི། ཁྱབ་པའི་སྐད་དོད། །བི་བྷུ་ཞེས་པའི་སྒྲ་ལས་དྲངས་ན། ཡང་དག་པར་རབ་ཏུ་ཐོབ་པ་དང༌། བྲལ་བ་ལས་འབྱོར་བ་ཞེས་པའི་དོན་དུ་འགྱུར་ཏེ། སྒྲིབ་པ་ཐམས་ཅད་ཡོངས་སུ་བྲལ་བ་ནི་མི་མཐུན་པའི་ཕྱོགས་སྤངས་པ་ལས་འབྱོར་པ་ཡིན་ཏེ། དགྲ་དང་བྲལ་བ་ལས་རྒྱལ་སྲིད་ཀྱི་འབྱོར་པ་ཐོབ་པ་བཞིན། ཡང་དག་པ་ལས་རབ་ཏུ་ཐོབ་པ་ནི། གདོད་ནས་དྲི་མ་ཞིག་ཡོད་ན་ནི་སྤོང་མི་ནུས་པ་ལས་ཐོག་མ་མེད་ནས་དྲི་མས་ཡོངས་སུ་དག་པའི་ཕྱིར་དྲི་མ་སྤངས་པའི་འགོག་པ་ཐོབ་པ་ཡིན་ཏེ། འགོག་པའི་བདེན་པ་འདུས་མ་བྱས་པ་ཆོས་ཉིད་དེ་ལ་དབྱེ་བ་མེད་པས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་དོན་ནོ། །གཉིས་པ་ནི། ཡུལ་ལ་ཉེ་རིང་མེད་པ་དང༌། གང་ཟག་སྟེ་སྐྱེས་བུ་ཐམས་ཅད་ལ་ཁྱབ་པ་དང༌། དུས་གསུམ་དུ་ཉེ་རིང་མེད་པའི་ཕྱིར་ཁྱབ་པའོ། །གཉིས་པ་རྟག་པ་ནི། ཐུགས་ཡེ་ཤེས་འགྱུར་བ་མེད་པ་དང༌། རང་སྣང་གི་སྐུ་རྒྱུན་མི་འཆད་པ་དང༌། གཞན་སྣང་གི་སྐུ་ཡང་འཕྲིན་ལས་ཆད་པའི་དུས་མི་སྲིད་པས་རྒྱུན་མི་འཆད་པའི་ཕྱིར་རྟག་པའོ། །དེ་ལྟར་ཡང་གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཞེས་གསུངས་སོ། །གསུམ་པ་བདེ་བ་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། ལས་ཀྱི་ཕྱག་རྒྱའི་བདེ་བ་ནི། ཉོན་མོངས་པའི་རྙོག་པ་ཅན་ཏེ། དགའ་བའི་སྐད་ཅིག་མ་དྲུག་ཅུ་རྩ་བཞི་དང༌། ཕྱི་རོལ་


TNT10_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱེད་པའང་དྲུག་ཅུ་རྩ་བཞིའི་དབྱེ་བ་དང་ལྡན་པས་ན་སྤྲོས་པ་རྣམ་པ་དུ་མ་ཅན་ཡིན་ནོ། །རྣམ་བཅད་དང་རྣམ་མེད་ཀྱི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པའི་བདེ་བ་ཆེན་པོ་ནི། རྒྱུ་འབྲས་ཐམས་ཅད་དུ་སྤྲོས་པ་མེད་ཅིང་ཡང་དག་མ་ཡིན་པའི་ཀུན་རྟོག་འཇོམས་པ་ལ་ཤིན་ཏུ་མཐུ་ཆེ་བ་ཡིན་ནོ། །གཉིས་པ་ལ། ཞུ་བདེའི་དགོས་པ། ཀཱ་ར་ཎའི་དབྱེ་བ་དྲུག་ཅུ་རྩ་བཞི། ལས་རྒྱའི་མཐར་ཐུག་གི་དགོངས་པ། སྤྲོས་མེད་ཀྱི་བདེ་ཆེན་བཤད་པ་སྟེ་བཞི་ལས། དང་པོ་ནི། ཆགས་ཅན་རྗེས་སུ་བཟུང་བའི་ཕྱིར་ཏེ། སྒྲོན་གསལ་ལས་ཀྱང༌། སྐྱེ་བོ་འདོད་ཆགས་ཅན་དོན་དུ་ཞེས་གསུངས་ཤིང༌། དོན་གྱི་གཙོ་བོ་ནི་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་ཐབས་སྟོང་དུ་གཅིག་གིས་མ་ཆོག་པ་དྲག་པོ་དབང་ཕྱུག་ཆེན་པོས་ནི་གང་བཤད་པ་དེ་ལྟ་བུར་ཡང༌། དེ་བསྟན་པ་ནི་སྟོང་ཉིད་ཀྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ་ཆེན་སྒྲུབ་པར་བྱེད་པའི་ཐབས་སོ། །དེ་ལྟར་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཇི་ལྟར་མུན་པའི་སྣོད་རྣམས་ནི། །མར་མེ་མེད་ན་མཐོང་མི་འགྱུར། །མར་མེས་མཐོང་པར་གྱུར་ཙམ་ན། །ཕྱི་ནས་མར་མེ་དོར་བར་བྱ། །སྣོད་ནི་འབད་དེ་བསྲུང་བར་བྱ། །མར་མེའི་མཚན་ཉིད་འདི་རུ་རྩ། །རྩ་ནི་ཤེས་རབ་མཚན་ཉིད་དོ། །ཐབས་ནི་བདེ་བ་ཞེས་སུ་གྲགས། །བདེ་བ་ཡེ་ཤེས་ཞེས་བྱར་དྲན། །བདེ་བའི་ཡེ་ཤེས་རང་བཞིན་ནི། །གང་གིས་ཤེས་རབ་མ་ལས་རྙེད། །དེ་ནི་ཤེས་རབ་ཡེ་ཤེས་དབང༌། །དེ་ནི་རྫོགས་པས་རིམ་པའོ། །ཞེས་གསུངས་སོ། །སྦྱོར་ཐབས་སྟོང་དུ་མ་ཆོག་པ་ནི། དྲག་པོའི་རྒྱུད་སྟོང་ཕྲག་སུམ་ཅུ་པར་ཀཱ་ར་ཎའི་དབྱེ་བ་བྲིས་པ་ལས། ས་འདིའི་རྡུལ་ནི་ཇི་ཙམ་པ། །དེ་ཙམ་རོལ་པ་མཐའ་ཡས་ལས། །སྐར་མ་རྣམས་ཀྱི་གྲངས་ཀྱི་


TNT10_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚད། །འབྱུང་པོ་རྣམས་ཀྱི་སྤྱོད་པ་ཡིན། །རབ་དགའི་དབང་མོ་མི་རྣམས་ཀྱིས། །སྒྱུ་རྩལ་དག་ནི་སྟོང་ཕྲག་གཅིག །ཅེས་པ་ནས་བརྩམས་ཏེ་བསྟན་པ་ལས། དགུ་བརྒྱ་པ་དང་དགུ་བཅུ་རྩ་དགུ་བསྟན་ཟིན་པ་ན། ཐ་མ་དེ་ཤིན་ཏུ་ཟབ་པ་ཞིག་ཡིན་པས། དྲང་སྲོང་རྒྱལ་བ་དམ་པས་ཕྲག་དོག་གིས་འཁོར་གཞན་རྣམས་ཀྱི་རྣ་བ་བཀག་པ་ཡིན་ཅེས་ཟེར་རོ། །གཉིས་པ་ནི། འཁྱུད་དང་ཙུམྤ་དེ་བཞིན་དུ། །སོ་ཡིས་བཏབ་དང་སེན་རིས་བརྒྱབ། །སྦྱོར་དང་སྨྲ་དང་ཉེད་པ་དང༌། །སྐྱེས་པའི་ཚུལ་བརྒྱད་དྲུག་ཅུ་བཞི། །ཞེས་པ་སྟེ། འཁྱུད་པ་ནས་བརྩམས་ཏེ་སྐྱེས་པའི་ཚུལ་གྱིས་བར་བརྒྱད་ལ། བརྒྱད་བརྒྱད་དུ་ཕྱེ་བ་དྲུག་ཅུ་རྩ་བཞི་སྟེ། ལག་ལེན་ལས་ཤེས་པའམ་བྷ་བ་བྷ་དྲས་རྡོ་རྗེ་མཁའ་འགྲོའི་འབྲེལ་བར་ཡང་བཤད་པས་དེར་བལྟ་བར་བྱའོ། །གསུམ་པ་ནི། འདྲེན་པ་བཅོམ་ལྡན་འདས་བདེན་པ་ཁོ་ན་ཉིད་གསུང་མོད། འོན་ཀྱང་འགྲོ་བའི་དོན་དང་ལྡན་པས་དེར་འགྱུར་ན། དོན་གཞན་ལ་དགོངས་ཏེ། ཚིག་གཞན་ནི་གསུངས་ཏེ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་འདྲའི་ཚུལ་གྱི་གཞན་ཕྱག་རྒྱ་ཆེན་པོ་ཉིད་གསུང་པ་མི་འགལ་ཏེ། དགོངས་ལྡེམ་དགོངས་བརྒྱད་གསུངས་པའི་ཕྱིར་རོ། བཞི་པ་ལ་ལོག་རྟོག་གསལ་བ་ངོ་བོ་བཤད་པ། ཐུན་མོང་མ་ཡིན་པར་བསྟན་པའོ། །དང་པོ་ནི། མི་མོ་ལས་ཀྱི་ཕྱག་རྒྱ་དང༌། མི་དམིགས་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་དང༌། རྟགས་པའི་ཆོས་ཀྱི་ཕྱག་རྒྱ་རྣམས་སྤྲོས་པ་ཅན་དང༌། ཕྱག་རྒྱ་ཆེན་མོ་སྤྲོས་མེད་ཀྱི་བདེ་ཆེན་འདྲེན་པའོ། །ཞེས་བརྗོད་ཅིང་ཞེན་ན་དེ་ཡང་སྤྲོས་པ་དང་བཅས་པ་ཡིན་པ་དེའི་ཕྱིར། དེ་འདྲའི་བདེ་བ་ཡང་དེ་ཁོ་ན་ཉིད་མ་ཡིན་ནོ། །སྟོང་པ་ཉིད་ལ་དཔེ་དང་གཏན་ཚིགས་དང་རྟོག་གེས་དཔྱོད་པ་ཁོ་ན་ལྷུར་བྱེད་པ་དང༌། མེད་པ་


TNT10_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཙལ་བས་མ་བརྙེད་པ་ལ་འཇོག་པ་ལ་ལྷུར་བྱེད་པ་དང༌། མེད་པ་ལ་དངོས་པོར་ཞེན་པའི་སྟོང་ཉིད་རྣམས་དང༌། ལུས་ཀྱི་སྦྱོར་བ་སོགས་ལས་བྱུང་བ་ལས་ནི། བདེ་བ་ཆེན་པོར་འགྱུར་བ་མིན་ཏེ། དེ་དག་ནི་རྩོལ་བ་དང་བཅས་པའི་ཕྱིར་དང༌། མཚན་མར་འཛིན་པའི་ཕྱིར་རོ། །གཉིས་པ་ནི། བདེ་ཆེན་དེ་ནི་སོ་སོར་རང་གི་རིག་པའི་མཚན་ཉིད་ཅན་ཉིད་དེ། མཐའ་འབྲས་མངོན་དུ་གྱུར་པ་མི་འགྱུར་བའི་བདེ་བའོ། །གསུམ་པ་ནི། རང་བཞིན་ལྷན་སྐྱེས་དེ་ཐེག་པ་གཞན་དུ་མ་བསྟན་སྟེ། གསང་སྔགས་བླ་ན་མེད་པ་ཁོ་ནར་བསྟན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡིན་ཏེ། དྷཱུ་ཏཱིའི་ནང་དུ་འབར་འཛག་གི་ཐོབ་པའི་ཞུ་བ་དང་བདེ་བ་ནི་རང་གཞན་གྱི་ལམ་གཞན་ཀུན་དང་ཐུན་མོང་མིན་པ་སྟེ། ལམ་དེ་ཡིས་ཁྱད་པར་དུ་བྱས་པའི་རང་བཞིན་གྱི་བདེ་བ་མངོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །བཞི་པ་ཡེ་ཤེས་ཀྱི་སྐུ་ལ། སྐུའི་ངོ་བོ་བཤད་པ་དང༌། དེ་རྣམ་པ་ཐམས་ཅད་པར་བསྟན་པ། རྡོ་རྗེ་སྐུའི་སྒྲ་དོན་བསྟན་པའོ། །དང་པོ་ལ་དབྱེ་བ་དང་ངོ་བོ་གཉིས་ལས། དང་པོ་ནི། ཡེ་ཤེས་ཀྱི་སྐུ་ནི། ཡེ་ཤེས་ཀྱི་སྐུ་ཙམ་པོ་དང༌། རྣམ་པར་དག་པའི་སྐུ་གཉིས་སོ། །གཉིས་པ་ལ། རྣམ་པར་དག་པའི་སྐུ་ནི་ཁ་སྦྱོར་ལ་སོགས་པ་སྦྱོར་བ་བདུན་དང་ལྡན་པ་སྟེ། དེ་ཡང་ཡན་ལག་བདུན་དངོས་ནི། ས་དང་པོའི་རྗེས་ཐོབ་ཀྱི་ཐོག་མ་ནས་འབྱུང་བ་ཡིན་ནོ། །དེས་ན་དག་པའི་སྒྱུ་ལུས་ཏེ། དག་པའི་གོ་དོན་ཡང་རང་བཞིན་བརྒྱད་ཅུ་དང་གཉིས་སྣང་རགས་པ་དག་པ་ཡིན་ནོ། །སྤྱིར་སྒྱུ་མའི་ལུས་དངོས་ཐམས་ཅད་ལ་ཡེ་ཤེས་སྐུ་ཞེས་གསུངས་མོད་ཀྱི། རྣམ་པར་ཕྱེ་ན་ཟག་བཅས་ཟག་མེད་ཀྱི་དབྱེ་བས་མཐོང་ལམ་མན་ཆད་ཀྱི་སྣང་བ་གསུམ་ལ་


TNT10_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་གསུམ་དང༌། དེ་ཡན་ཆད་ཡེ་ཤེས་གསུམ་དུ་བརྗོད་ཅིང༌། དེའི་འབྲས་བུ་སྐུ་ལ་ཡང༌། དེ་དང་དེ་ཉིད་ཀྱི་ཕྱེ་བས། རྣམ་ཤེས་དང་ཡེ་ཤེས་ཀྱི་སྐུ་གཉིས་སོ། །སྐུ་འདི་དག་ཤེས་པར་གསུངས་ཀྱི་བེམ་པོར་རང་མཚན་པར་གསུངས་པ་ནི་མ་མཐོང་ངོ༌། །རིམ་ལྔ་ལས་ཀྱང༌། དེ་ཉིད་གླུད་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པའི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་རྣམ་ཤེས་གསུམ་པོ་ཉིད་ཀྱི་སྣང་བ་ཡིན་པར་བཤད་པ་དང༌། སྒྱུ་མ་བདེ་མཆོག་ལས་ཀྱང༌། གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་བསྐྱེད་པར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དེ་བས་ཐམས་ཅད་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །ཞེས་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་སྟེ་འོད་གསལ་བ་ཡིན་ལ། འོད་གསལ་གྱི་ཡེ་ཤེས་ལས་བེམ་པོ་ཅི་ལྟར་འབྱུང་ཞེས་དཔྱད་དོ། །གཉིས་པ་ལ། འཁོར་ལོ་བདེ་མཆོག་རྩ་རྒྱུད་ནས་འབྱུང་བ་དང༌། བཤད་རྒྱུད་ཀུན་སྤྱོད་ནས་འབྱུང་བའོ། །དང་པོ་ནི། ཧེ་རུ་ཀ་དཔལ་དག་པའི་འཁོར་གྱི་བསྐོར་བའི་ཕྱིར་རམ། འཁོར་འདས་ཐམས་ཅད་ན་མཐར་ཐུག་པ་ཕུལ་དུ་དབྱུང་དུ་མེད་པའི་བདེ་བ་རྙེས་པས་ན་རྒྱལ་པའོ། །དབང་ཕྱུག་བརྒྱད་དང་ལྡན་པའི་ཕྱིར་ཅི་བཞེད་པ་ཐམས་ཅད་འགྲུབ་པས་འདོད་པ་ཀུན་གྱི་དབང་ཕྱུག་གི་གཙོ་བོ། དེའི་སྐུ་ནི་རྣམ་པ་ཐམས་ཅད་པ་སྟེ། ཕྱག་དང་ཞབས་རྣམ་པ་ཀུན་ཏུ་སྟོན་པ་དང༌། དེ་བཞིན་དུ་ཞལ་དང་དབུ་ཡང་རྣམ་


TNT10_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་གྱི་མཆོག་དང་ལྡན་པ་སྟེ། ཡེ་ཤེས་གཅིག་ཉིད་རྣམ་པར་རྟོག་པ་མེད་བཞིན་དུ་ཇི་ལྟར་འདུལ་བ་དེ་ལྟར་སྣང་བའོ། །སྤྱན་རྣམ་པ་ཐམས་ཅད་པ་ནི་ཐམས་ཅད་ཅིག་ཅར་གཟིགས་པ་སྟེ། དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་གཟིགས་སོ་མཛོད་སྤུས་ཀྱང་གཟིགས་སོ་ཞེས་སོགས་དད་པའི་སྟོབས་སྐྱེད་པའི་མདོ་ལས་གསུངས་སོ། །འཇིག་རྟེན་གྱི་ཁམས་ཀུན་ན་སྒྲ་ཇི་སྙེད་ཡོད་པ་གསན་པའི་མཁྱེན་པ་དང་ལྡན་ཅིང་འཇིག་རྟེན་ཀུན་ཏུ་གར་ཡང་ཕྱིན་པས་ཐམས་ཅད་ལ་གཡོགས་པ་སྟེ་ཁྱབ་པས་རྣམ་པར་བཞུགས་སོ། །གཉིས་པ་ནི། མཐོ་རིས་ཏེ་ནམ་མཁའ་ལ་སྤྱོད་པ་དང༌། ས་སྟེང་མིའི་ཡུལ་དང༌། ས་འོག་སྟེ་སྲིད་པ་གསུམ་གྱི་དངོས་པོ་ཐམས་ཅད་ལ། ཡེ་ཤེས་ཀྱི་སྐུ་སྤྲོས་པས་ཐམས་ཅད་སྐད་ཅིག་གཅིག་གིས་ཡེ་ཤེས་གཟུགས་གཅིག་གི་ངོ་བོར་འགྱུར་ཞིང༌། ས་བོན་སོགས་མེད་པར་སྐད་ཅིག་གི་གྲུབ་པའི་ལྷའི་རྣམ་པའི་རྣལ་འབྱོར་གྱིས་སྐད་ཅིག་གིས་ནི་གཞོམ་མེད་ཀྱི་སྒྲའི་གསང་སྔགས་བརྗོད་དོ། །དེ་ཡང་འོད་གསལ་དུ་འཇུག་པ་དང༌། དེ་ལས་སྒྱུ་ལུས་སུ་ལྡང་བའི་ཚེ་གཞོམ་མེད་ཀྱི་ནཱ་ད་ཆེན་པོ་འབྱུང་བ་ཡིན་ལ། གཞན་ཡང་ཡེ་ཤེས་ཀྱི་སྐུ་གཅིག་གི་རང་སྣང་ལ་ཁམས་གསུམ་གྱི་གཟུགས་བརྙན་ཐམས་ཅད་སྣང་བ་དང༌། ཁམས་གསུམ་གྱི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་སྣང་བའང་ཡིན་ནོ། །གསུམ་པ་ནི། ཡེ་ཤེས་ཀྱི་སྐུ་དེ་ལ་རྡོ་རྗེའི་སྐུ་ཞེས་བྱ་སྟེ། ཡེ་ཤེས་སྔ་ཕྱིར་འགྱུར་བ་མེད་པ་སྟེ། སྔོན་ནས་ཇི་ལྟར་གནས་པ་དེ་ལྟར་ཕྱིས་ཀྱང་འགྱུར་བ་མེད་པ་དང༌། རྡོ་རྗེའི་སྐུ་ཡང་དག་པའི་སྐུ་ནི་ནམ་ཡང་འགྱུར་བ་མེད་པ་དང༌། མ་དག་པའི་སྐུ་ཡང་འོད་གསལ་དུ་འཇུག་


TNT10_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གཞན་གྱིས་གཞིག་མི་ནུས་པ་དང༌། རང་དང་གཞན་གྱི་སྒྲིབ་གཉིས་འཇོམས་པར་བྱེད་པའི་ཕྱིར་རྡོ་རྗེའི་སྐུ་ཞེས་གསུངས་ཏེ། རྡོ་རྗེ་ནི་ངོ་བོ་མི་འགྱུར་བ་དང་གཞན་གྱི་མི་གཞོམ་པ་དང༌། ཕ་རོལ་གཞན་རྣམས་འཇོམས་ནུས་པ་སྟེ། རྡོ་རྗེ་ཆོས་གསུམ་དང་མཚུངས་པའོ། །ལྔ་པ་ནི། རྡོ་རྗེ་འཆང་གི་ཟུང་འཇུག་གི་སྐུ་ནི་དཔེ་གསུམ་གྱིས་མཚོན་པ་སྟེ། མེ་ལོང་ནང་གི་གཟུགས་བརྙན་དང༌། ཆུ་ཟླ་དང༌། འཇའ་ཚོན་ལྟ་བུར་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་དང་སྐྱེད་པའི་རིམ་པར་ཡང་མཚོན་པར་བྱ་དགོས་ཏེ། གཞི་ལ་གནས་པ་དེ་ལྟར་ལམ་བསྒོམས་པས་འབྲས་བུ་འགྲུབ་པ་ཡིན་ནོ། །དེ་ལ་དཔེ་གསུམ་གྱི་དོན་ནི། རིམ་ལྔ་ལས། མེ་ལོང་གི་ནི་གཟུགས་བརྙན་གྱི། །སྒྱུ་མའི་ལུས་ནི་མཚོན་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུའི་ཟླ་བས་སོ། །རྡོ་རྗེ་སེམས་པ་[དཔའ་]ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། ། གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། ། སྐུ་ནི་ལྟ་བས་མི་ངོམས་ཤིང༌། །ཞེས་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། ། དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཞེས་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་གི་ཞལ་ཕྱག་ཐམས་ཅད་གྲུབ་པ་དང༌། འཇའ་ཚོན་ལྟར་བརྟན་འབྱུང་ཙམ་ལས་བྱུང་ཞིང་ཁ་དོག་མ་འདྲེས་པར་གསལ་བ་ལྟར་མཚན་དཔེ་གསལ་ལ་མ་འདྲེས་པ་དང༌། ཟླ་བ་གཅིག་ཤར་བའི་གཟུགས་བརྙན་ཆུ་ཀླུང་ཀུན་ཏུ་ཅིག་ཅར་སྣང་བ་ལྟར་ཡེ་ཤེས་ཀྱི་སྐུ་གཅིག་པུ་དངོས་པོ་ཐམས་ཅད་ལ་ཁྱབ་པ་སྟེ། དཔེ་བཅུ་གཉིས་ཀྱི་ནང་ནས་གཙོ་བོ་གསུམ་བཟུང་བ་སྟེ། མཚན་ཉིད་དེ་དང་ལྡན་པའི་སྒྱུ་མའི་སྐུ་དེས་བར་དོའི་སྲིད་པ་སྦྱོང་ཞིང་ལོངས་


TNT10_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་སྐུའི་རིགས་མཐུན་གྱི་རྒྱུ་བྱེད་པ་ཡིན་ནོ། །འདི་དག་གི་མན་ངག་དང་གོ་བ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས། འདུས་པ་ལུགས་གཉིས་སུ་རྒྱས་པར་རིག་པར་བྱའོ། །གསུམ་པ་བསྡུ་བ་ནི། དེ་ཉིད་གཅིག་དང་རིམ་པ་གཉིས་དང༌། རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་སྐུ་གསུམ་སོགས་དེ་ཉིད་གསུམ་དང༌། དཀྱིལ་འཁོར་གྱི་དེ་ཉིད་ལ་སོགས་པ་དེ་ཉིད་བཞི་བ་དང་པོ་དང༌། སྐུའི་དེ་ཉིད་བཞི་དང༌། དེ་ཉིད་བདུན་པ་ཚན་གསུམ་དང༌། དེ་ཉིད་བཅུ་བཞི་སོགས་པ་རྣམས་རེ་རེའི་ནང་དུ་ཕན་ཚུན་བསྡུ་བར་བྱ་བ་ཡིན་པས་ངོ་བོའི་སྟེང་ནས་རྒྱ་ཆེ་ཆུང་མེད་དོ། །འདིར་དེ་ཉིད་བདུན་པ་སོགས་པ་ཁ་ཅིག་བསྐྱེད་རིམ་དང་དབང་གི་དུས་ལ་སོགས་པ་ཕྱོགས་མཐུན་རྣམས་ཀྱང་བསྡུ་དགོས་པས་དེ་ལྟར་ཤེས་པར་བྱ་ལ་སྔར་བཤད་པ་རྣམས་ལ་གོ་བ་ལེགས་པར་ཆགས་ན་རྟོགས་བླ་བའི་ཕྱིར་དང་ཡི་གེ་མངས་པར་འགྱུར་བའི་ཕྱིར་དང༌། ཁོ་བོ་སྙིང་པོ་ལ་དགའ་བས་སྤྲོས་པས་རྣམ་པར་མ་ཕྱེའོ། །ཞེས་པའོ། །འདི་དག་གི་བསྡུ་བ་ཞིབ་མོ་དག་ལས་ཤེས་པར་བྱའོ། །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཉིས་སུ་མེད་པ་ཟུང་འཇུག་གི་སྐུ་ནི་དེ་ཉིད་བདུན་པོ་འདིས་ནི་གཙོ་བོར་ཉེ་བར་མཚོན་པ་སྟེ། རྣམ་པ་གཞན་ལམ་དང་གཞི་ནི། དངོས་བསྟན་དང༌། གཙོ་བོའི་དོན་ལས་གཞན་ཤུགས་བསྟན་དང་ཞར་ལ་བསྟན་ལ། འདི་ནི་བླ་མའི་མན་ངག་གདམ་པ་སྟེ། གཞན་མན་ངག་མེད་པ་རྣམས་ཀྱིས་ཡོངས་སུ་མི་ཤེས་སོ། །བཞི་པ་ཞར་བྱུང་ས་དང་ལམ་གྱི་རྣམ་བཞག་ལ། ས་ལམ་བརྩི་ཚུལ་གཞན་དུ་ཁ་འཕངས་པ། དངོས་གྲུབ་ཀྱི་རྟགས་བརྒྱད་བཤད་པ། གང་ཟག་གསུམ་གྱི་འཚང་རྒྱ་བའི་དུས་སོ། །དང་པོ་ནི་ས་བཅུ་གཉིས་དང༌། ལམ་ལྔ་ལ་


TNT10_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཚུལ་ཞིབ་མོ་དང༌། གཞན་ཡང་རིམ་པ་གཉིས་དང་སྤྱོད་པ་ལ་སོགས་པ་གཞན་དག རྒྱུད་ཀྱི་འགྲེལ་པ་དང༌། བསྟན་བཅོས་གཞན་རྣམས་སུ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཀྲོལ་ཟིན་པ་དང་མདོར་བསྡུས་ཙམ་ཚིགས་སུ་བཅད་པ་བཅུ་པར་བཀོད་ཟིན་པས་འདིར་མ་འབྲི་ཞེས་དགོས་སོ། །གཉིས་པ་ནི། མཆོག་གི་དངོས་གྲུབ་དེ་འགྲུབ་པའི་རྟགས་ཀྱི་རིམ་པ་ནི་རྣམ་པ་བརྒྱད་དུ་དྲན་ཏེ་དང་པོར་རླུང་དབུ་མར་ཞུགས་པ་ལས། ཕྱོགས་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མེ་འོད་ཟེར་ནི་དང་པོའི་མཚན་མ་དག་ཏུ་བརྟག་པར་བྱ་ལ། གསལ་བར་བྱེད་པ་གློག་གི་ཆ་ཤས་ཙམ་ནི་མཚན་མ་གཉིས་པ་ཡིན་པར་བརྟགས་ལ། དཀར་པོ་ལ་སོགས་པའི་འོད་ཀྱི་དཀྱིལ་འཁོར་གྱི་ཚུལ་ཅན་ཟླུམ་པོ་རྣམས་ནི་ཕྱོགས་བཅུ་གང་བ་དག་ཏུ་ལྟ་བ་སྟེ་མཐོང་བར་བྱ་སྟེ། རླུང་དབུ་མར་ཞུགས་པས་གཟུང་འཛིན་རགས་པའི་ཉོན་མོངས་འབྱིན་ཅིང་འགག་པ་ནི་གསུམ་པ་ཡིན་ཏེ་རྟགས་ལྔ་གསུམ་དུ་བསྡུས་པའོ། །ཡང་དང་པོས་ནི། དུ་བ་སྨིག་རྒྱུ་གཉིས། གཉིས་པ་སྲིན་བུ་མེ་ཁྱེར་དང་མར་མེ་གཉིས། གསུམ་པས་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ལ་སྣང་བའི་མེ་འབར་བ་དང༌། ཟླ་འོད་ཉི་འོད་མུན་པ་གློག་དང་ཐིག་ལེ་རྣམས་བསྡུ་བ་ཡིན་ཏེ། དེ་ལྟར་རྟགས་ལྔའམ་བཅུ་རིམ་པས་རྣལ་འབྱོར་པ་ཡི་རྣམ་པར་རྟག་གོ །དེ་ལྟར་གསུམ་པོ་དེ་ནི། གསལ་བ་དང་འབར་བ་དང་ཐིག་ལེའི་མཚན་མ་གསུམ་མོ། །དེར་ཞུ་བདེ་ཅི་རིགས་པ་སྐྱེ་བ་ནི་འདོད་པའི་ལྷའི་ལོངས་སྤྱོད་སྟེ། དེ་ནི་རྣམ་ཤེས་ཏེ་མཚན་མའི་ཡེ་ཤེས་བཞི་པར་རབ་ཏུ་བསྟན་ནོ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་བརྙན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཀྱི་ལྷ་མོའི་སྣང་བ་ནི་ཕྱོགས་ཐམས་ཅད་དུ་ཁྱབ་པ་སྟེ་ཡེ་ཤེས་སམ་


TNT10_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལྔ་པ་ཡིན་ནོ། །གཟུགས་སོགས་ཕྱི་རོལ་གྱི་ཡུལ་སྣང་མེད་ཅིང་མི་སྣང་བར་སེམས་གནས་པ་ནི་རླུང་དབུ་མར་ཐིམ་པའི་ཡེ་ཤེས་སམ་རྟགས་དྲུག་པ་སྟེ། སྔ་མའི་རྗེས་ཐོག་ཏུ་འགྱུར་རོ། །རླུང་ཐིམ་ཟིན་པའི་ཞུ་བདེ་ཁྱད་པར་ཅན་སྐྱེ་བས་སྣང་བ་བཞིའི་རིམ་པས་ཆོས་ཀྱི་དབྱིངས་ཏེ་འོད་གསལ་ལྷན་སྐྱེས་འཆར་བ་དག་ནི་བདུན་པའོ། །བརྒྱད་པ་ནི། སྟོང་པ་འདི་ཉིད་ལས་རང་ཉིད་ཇི་ལྟར་འདོད་བཞིན་དུ་སངས་རྒྱས་ཀྱི་སྐུ་སྒྱུ་མ་ལྟ་བུའི་འབྲས་བུ་འབྱུང་བ་དག་ཡིན་ནོ། །གསུམ་པ་ལ། ཚེ་འདི་དང་ཕྱི་མ་དང་བར་དོ་གསུམ་དུ་སོ་སོར་འཚང་རྒྱ་ལ། འདིར་ཡང་དབང་པོ་རྣོ་རྟུལ་དུ་བཞེད་ཅིང༌། དེས་ན་བོད་ཀྱི་བླ་མ་སྔ་མ་རྣམས་བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བ་དང༌། ལེ་ལོ་ཅན་བར་དོར་འཚང་རྒྱ་བ་དང༌། བར་ཆད་ཅན་སྐྱེ་བ་བརྒྱུད་མ་ནས་འཚང་རྒྱའོ་ཞེས་གསུངས་པ་དང་མཐུན་པར་ཐ་སྙད་སྦྱར་ནའང་ལེགས་པ་ཡིན་ནོ། །དེ་ལ་དང་པོ་ནི། གང་ཞིག་ལམ་འདི་འདི་ནི་བརྩོན་འགྲུས་ཆེན་པོས་རྟག་ཏུ་སྒོམ་པ་དེ་ནི་སའི་སྟེང་དུ་འདོད་པ་ཀུན་གྱི་དབང་ཕྱུག་སྟེ། དབང་ཕྱུག་བརྒྱད་དང་ལྡན་པའི་གོ་འཕང་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ས་ཐོབ་ཅིང༌། མཐོང་བའི་ཆོས་ལ་སངས་རྒྱས་པ་ཞེས་བྱ་ཏེ། དེ་ཡང་ཤིན་ཏུ་དབང་པོ་རྣོན་པོར་གྱུར་པས་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན་ལ། གཞན་དུ་འཕགས་ལམ་མངོན་དུ་གྱུར་པ་ལ་ཡང་སངས་རྒྱས་ཞེས་ཐ་སྙད་འདོགས་ཏེ་མིང་དང་དོན་ཕྱོགས་མཐུན་པ་ཡིན་ནོ། །དེས་ན་སངས་རྒྱ་བ་ཞེས་བྱ་བ་མཆོག་གི་དངོས་གྲུབ་ཐོབ་པ་ལ་བྱའོ། །གཉིས་པ་ནི། ཚེ་འདི་ཉིད་ལ་གྲོལ་བར་མ་ནུས་ཀྱང༌། ལྷན་སྐྱེས་ཀྱི་བདེ་ཆེན་མངོན་དུ་གྱུར་པའི་


TNT10_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་རྣམས་འདི་ནས་ཕ་རོལ་ཏུ་འཕོ་བའི་ཚེ་དཔལ་ཁྲག་འཐུང་ཧེ་རུ་ཀ་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་མེ་ཏོག་སྣ་ཚོགས་ལག་ན་ཐོགས་ཤིང༌། རྒྱལ་མཚན་དང་བ་དན་སྣ་ཚོགས་དང་རོལ་མོའི་སྒྲ་སྣ་ཚོགས་པ་དང༌། གླུ་དང་གར་གྱི་མཆོད་པ་སྣ་ཚོགས་པ་དང་བཅས་པ་བསུ་བར་བྱེད་ལ། འཆི་བ་ཞེས་བྱ་བའི་རྣམ་པར་རྟོག་པ་སེམས་ཅན་རྣམས་ལ་འབྱུང་བ་དེ་ཉིད་སླར་སེམས་ལ་དམིགས་པ་མཐར་ཐུག་པ་ལ་ཉེ་བ་མངོན་དུ་བྱས་ན་དེར་ཞུ་བདེ་ལྷན་སྐྱེས་ཆེན་པོར་འགྱུར་ཞིང༌། བར་དོར་རྡོ་རྗེའི་སྐུ་མངོན་དུ་བྱེད་ཅིང༌། ཚེ་འདིར་རྡོ་རྗེའི་སྐུ་ཐོབ་པས་ནི་འཆི་བའི་ཚེ་དོན་གྱི་འོད་གསལ་མཐོང་ལམ་ཐོབ་ནས་བར་དོར་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་ཡིན་ལ། དེས་ན་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པ་ནི། དེ་འདྲ་བའི་རྣལ་འབྱོར་པ་དང༌། བསྐྱེད་པའི་རིམ་པ་ཤིན་ཏུ་མཐར་ཕྱིན་པ་ཁ་ཅིག་ཀྱང་ནམ་མཁའི་གནས་ན་གསང་སྔགས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཁྱད་པར་ཅན་དུ་ཁྲིད་དེ། རིག་པ་འཛིན་པ་རྣམས་དང་སྐལ་བ་མཉམ་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་ཐོབ་ན། །རིག་པ་འཛིན་པའི་གཙོ་བོར་འགྱུར། །ཞེས་པ་ལྟར་ཡིན་ལ། །དེས་ན་རྣམ་ཤེས་གོང་དུ་འཕོ་བའི་ཐབས་ཁྱད་པར་ཅན་གྱིས་ཀྱང་མཁའ་སྤྱོད་དེར་འཕོ་ནུས་པ་ཡིན་ནོ། །འོན་ཀྱང་འདིར་མཁའ་སྤྱོད་ཅེས་བྱ་བ་ནི་ནམ་མཁའ་འོད་གསལ་སྟོང་པ་ཉིད་དེ་ཆོས་ཀྱི་སྐུ་དངོས་དང་རྗེས་མཐུན་རྣམས་ཡིན་ལ། དེར་སྤྱོད་པ་ནི་དེ་ཐོབ་པའི་དོན་ཡིན་ནོ། །དེས་ན། ཕྱག་རྒྱ་གྲུབ་པའི་སྐྱེས་བུ་ནི་འགྲོ་འོང་གནས་པ་ཐམས་ཅད་དང་བྲལ་བར་སྟོན་པ་འདི་ལྟར་སཾ་བུ་ཊཱི་ལས། རིག་མའི་སྐྱེས་བུ་གྲུབ་པ་ནི་གང་དུ་ཡང་མི་འགྲོ་གང་


TNT10_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་མི་གནས་ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ་ཞེས་གསུངས་སོ། །སྒྱུ་མ་བདེ་མཆོག་ལས་ཀྱང༌། ཌཱ་ནི་ནམ་མཁར་འགྲོ་མ་ཞེས། །སྐད་ཀྱི་བྱིངས་ལས་མངོན་པར་རྟོགས། །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་འོད་གསལ་བདེ་སྟོང་དབྱེར་མེད་པ་ལ་ནམ་མཁའ་ཞེས་བྱའོ། །གསུམ་པ་ནི། ཚེ་འདིར་རྫོགས་རིམ་གྱི་རྟོག་པ་མངོན་དུ་མ་གྱུར་པ་རྣམས་དེར་ཡང་གྲོལ་བར་མ་ནུས་ན། སྐྱེ་ཤིང་སྐྱེ་བ་ཐམས་ཅད་དུ་བདེ་གཤེགས་ཀྱི་རིགས་སུ་སྐྱེ་ཞིང་བསོད་ནམས་མཆོག་གི་མཐུས་ཆོས་དང་ལྡན་པའི་རྒྱལ་པོར་འགྱུར་བའམ། ལྷར་སྐྱེ་ཤིང་རྟེན་དེ་ལས་བརྟེན་ནས་སྒྲིབ་པ་སྦྱངས་ཏེ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ལས། བསམ་གཏན་སེམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་དོན་བགྱིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་པའམ། །ཡང་ན་འཁོར་ལོས་བསྒྱུར་བ་ཐོབ། །ཅེས་པའོ། །དེ་ལ་དངོས་གྲུབ་འགྲུབ་པའི་ཚེ། རྣམ་པ་ཐམས་ཅད་དུ་གོང་དུ་བཤད་པ་ལྟར་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་མཆོད་པ་སྔར་ལྟར་འབྱུང་བ་ཡིན་པས་འཆི་བའི་དུས་རྐྱང་པ་མ་ཡིན་ནོ། །དེ་ལ་དངོས་གྲུབ་འགྲུབ་པའི་ལྟས་དང་གྲུབ་ཟིན་ནས་ཇི་ལྟར་འབྱུང་ཚུལ་གཉིས་ལས། དང་པོ་ནི་སཾ་པུ་ཊི་ལས། དེ་ནས་གང་དུ་རིག་མ་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དག་དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོས་ནས། བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང། ཕྱོགས་བཅུར་བསྐལ་པའི་མེ་ལྟ་བུའི་སྐར་མདའ་ལྟུང་བ་དང༌། རྒྱ་མཚོ་ཆེན་པོ་


TNT10_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའི་སྒྲ་དང༌། ཐམས་ཅད་དུ་གནམ་རྡོ་ལྟུང་བ་དང༌། དེ་ཉིད་དུ་བསྐལ་པའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང༌། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོ་ཁམས་གསུམ་ཐམས་ཅད་སྣང་བ་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། ཆུ་བདག་དང༌། བརྒྱ་བྱིན་དང༌། དྲག་པོ་དང༌། མེ་དང༌། སྟོབས་བཟང་པོ་དང༌། ཉི་མ་དང༌། ཟླ་བ་དང༌། གནོད་སྦྱིན་དང༌། གྲུབ་པ་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་དང༌། ལྷའི་མཆོག་དང། རིག་པ་འཛིན་པ་དང༌། ཆུང་བྱུང་ལ་སོགས་པ་གང་ཞིག་གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་པར་དགའ་བས་མེ་ཏོག་གིས་མཆོད་པར་བྱེད་དོ། །པི་ཝཾ་དང༌། གླིང་བུ་དང༌། མུ་ཀུན་ད་དང༌། ཏམ་བུ་ར་དང༌། དུང་དང༌། ཟངས་དུང་དང༌། ནན་ཏི་དང༌། པ་ཊ་ཧ་དང༌། རྫ་རྔས་ནམ་མཁར་གནས་ཏེ། དེས་རྟག་ཏུ་མཆོད་པར་བྱེད་དོ། །ལྷའི་བུ་མོ་དང༌། རིག་པ་འཛིན་པའི་རྒྱལ་པོའི་བུ་མོ་ཐམས་ཅད་ཀྱིས་གར་བྱེད་པ་དང༌། སིལ་སྙན་དུ་མ་བྱེད་པ་དང༌། མིའམ་ཅི་དང་གནོད་སྦྱིན་གྱིས་གླུ་ལེན་པར་བྱེད་ཅིང༌། དེ་ལ་དགའ་བ་དང་བཅས་པས། རྒྱལ་བ་རྒྱལ་ཞེས་བྱ་བའི་སྒྲས་རྟག་ཏུ་རོལ་བར་བྱེད་པ་དང༌། གང་ཞིག་གྲུབ་པ་ནམ་མཁར་གནས་པའི་ལྷ་རྣམས་ཀྱིས་ནི་ལེགས་སོའི་རྣམ་པ་རབ་ཏུ་གསོལ་བར་མཛད་དོ། །གང་ཞིག་དགའ་ལྡན་དུ་གནས་པའི་ལྷ་རབ་མཆོག་དང༌། གང་ཞིག་ལྷའི་བུ་དང༌། རིག་པ་འཛིན་པ་དང༌། འོག་མིན་གྱི་བར་དུ་འོངས་ནས་ཕྱག་འཚལ་ཞིང༌། མེ་ཏོག་སྣ་ཚོགས་ཀྱི་རྣམ་པ་དང༌། དྲི་སྣ་ཚོགས་ཀྱིས་དྲིའི་ཆར་དང༌། བདུག་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས་གུས་པའི་ཚུལ་གྱིས་མཆོད་པར་བྱེད་དོ། །གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་དགོས་ཏེ། བསྒྲུབ་པར་བྱ་བའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་


TNT10_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །ཞེས་གསུངས་ཏེ། ས་གཡོ་བ་དང༌། བདུད་རྣམས་ལ་སྒྲོན་པ་དང༌། འབར་བར་སྣང་བ་དང༌། ལྷ་ལ་སོགས་པས་མཆོད་པ་དང༌། གཞན་ཡང་སྲིད་ཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་གསུངས་སོ། །གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུན་གསུམ་དུ་མཆོད་པར་བྱེད་དེ། །དེ་ལྟར་ཡང་འཇམ་དཔལ་ཞལ་ལུང་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རིག་པའི་ལྷ་མོ་ཁྲོ་བོ་སོགས། །མེ་ཏོག་ལ་སོགས་མཆོད་པར་བཅས། །ཞག་གཅིག་སྐྱ་རེངས་དང་པོ་དང༌། །ཕྱེད་ནི་དྲོས་པའི་དུས་ཉིད་དང༌། །ཆལ་ཆིལ་མཚམས་སུ་ནམ་མཁའ་ལས། །མཆོད་པ་བྱས་ནས་བསྔགས་བརྗོད་ཅིང༌། །རང་གི་ཞིང་དུ་འགྲོ་བར་འགྱུར། །ཞེས་དང༌། འབྲས་བུ་སྨིན་བྱེད་སྔགས་པའི་ཡིད་ལས་ཡང་དག་འབྱུང་བ་ཡི། །དངོས་གྲུབ་རྒྱ་ཆེན་ཐོབ་ནས་གང་གཱའི་ཇི་སྙེད་དཔག་མེད་ཀྱི། །འཁོར་གྱིས་བསྐོར་ནས་འཇིག་རྟེན་ཁམས་ཀུན་ཐམས་ཅད་རབ་ཏུ་བགྲོད། །ཞེས་པ་ལྟར་རོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། ལམ་བསྒྲུབ་པར་གདམས་པ། དགེ་བ་བསྔོ་བ། གང་གིས་དོན་དུ་མཛད་པ་སྟེ་གསུམ་ལས། དང་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་བདུན་དང་ལྡན་པ་འདི་བཞིན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དང༌། བསྐྱེད་པ་དང་རྫོགས་པའི་རིམ་པ་ཡང་དེ་ཁོ་ན་ཉིད་བདུན་པ་འདྀ་འབད་དེ་སྒོམ་པར་བྱའོ། །གཉིས་པ་ནི། དགེ་བ་འདི་དང་གཞན་ཡང་ལེགས་བྱས་ཀྱི། །དཔག་ཏུ་མེད་པའི་འགྲོ་བ་མ་ལུས་པ་སྒྲིབ་པ་གཉིས་ཀྱི་སྐྱོན་ཐམས་ཅད་བྲལ་ན་ཅི་མ་རུང༌། ནམ་ཞིག་ཡོན་ཏན་ཐམས་ཅད་དང་འགྱུར་ཞིང་སངས་རྒྱས་ཀྱི་ཡོན་ཏན་སྤངས་པ་དང་རྟོགས་


TNT10_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་ཐམས་ཅད་རྫོགས་པར་གྱུར་ཅིག་ཅེས་སྨོན་ནོ། །གསུམ་པ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་རྒྱུད་རྣམས་སུ་ཤིན་ཏུ་རྒྱས་པའི་སྒོ་ནས་ཡང་དག་པར་བསལ་བ་གྲུབ་ཆེན་ཛ་ལན་དྷ་རའི་རྡོ་རྗེའི་གླུར་བླངས་པའི་དོན་དེ་ཁོ་ན་ཉིད་བདུན་གྱི་འགྲེལ་པ་མན་ངག་གི་གནས་འདི་འབད་པ་སྟེ་བསྒྲིམས་ཏེ་དོན་གྱི་གནས་ལ་དྲི་མ་ཐམས་ཅད་བྲལ་བར་བྱས་པའོ། །སུ་ཞིག་གི་དོན་དུ་མཛད་པ་ནི་སྒྲོལ་བའི་མགོན་པོ་བདག་གིས་གསོལ་བ་བཏབ་པར་གྱུར་པ་ལས་སོ། །ཞེས་པ་ནི་དེ་ཁོ་ན་ཉིད་བདུན་གྱི་འགྲེལ་བ་ཤར་ཕྱོགས་ཀམྤ་ལ་དང་གཉིས་སུ་མ་མཆིས་པ་སངས་རྒྱས་སྦས་པའི་ཞལ་སྔ་ནས་མཛད་པའོ། །ཞེས་པ་ནི་བདག་གིས་སྦྱར་བའོ། །གཞུང་འདི་ནི་རྡོ་རྗེ་སློབ་དཔོན་ཆེན་པོ་གུ་རུ་ལྷོ་ཕྱོགས་པ་དེ་ཉིད་དང༌། ཀུན་དགའ་སྙིང་པོ་བདག་གིས་བཤད་པ་ཞིབ་མོ་དང་མན་ངག་རྣམས་ནོད་ནས་གཡར་ཁྲལ་དུ་བསྒྱུར་བའོ། །གཞུང་འདི་དང༌། རྣམ་པར་གྲོལ་བའི་སྙེ་མ་གཉིས་ལེགས་པར་སྦྱར་བ་ལས་རྒྱུད་སྡེ་མཐའ་དག་ལ་ངེས་པ་མཆོག་:གཏེར་[སྟེར་]བར་འགྱུར་རོ། །འདིར་སྨྲས་པ། འདྲེན་པ་ཀུན་གྱི་བགྲོད་ཅིག་ལམ་བཟང་པོ། །ཕྱོགས་རེ་མ་ཡིན་ཟུང་འཇུག་དཀྱིལ་འཁོར་ནི། འདིར་གསལ་བྱས་ཀྱི་བློ་ལྡན་དེང་ལོང་ལ། །ངེས་དོན་འདོད་པ་འཇོ་བ་ལྷུར་བྱོས་ཤིག །ཅེས་པ་དེ་ཁོ་ན་ཉིད་བདུན་གྱི་འགྲེལ་པའི་རྣམ་པར་བཤད་པ་རིན་ཆེན་སྙེ་མ་ཞེས་བྱ་བ་བཞེད་པ་ཐུན་མོང་མ་ཡིན་པ་རྣམས་གསལ་བར་བྱས་ཞིང་ས་བཅད་དང་མཐའ་གཅོད་ཅི་རིགས་པས་ཀྱང་བརྒྱན་ཏེ། མདོ་རྒྱུད་ཀྱི་གཞུང་ལུགས་དང་འགལ་བའི་རང་བཟོ་འབད་པས་སྤངས་ནས། མན་ངག་འཁྲུལ་མེད་ཇི་ལྟ་བ་


TNT10_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བཞིར་ཉེ་བ་ན་རྣམ་འཕྱང་གི་ལོ་དབོའི་ཟླ་བའི་ཉེར་ལྔ་ལ་ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་དུ་སྦྱར་བའི་ཡི་གེ་པ་ནི་གྲགས་པ་བཟང་པའོ། །སྤར་ཡིག་ཀུན་དགའ་ལེགས་པས་བྲིས། །འདི་ཡི་དགེ་བས་ཀུན་ཏུ་བདག བླ་མ་མཆོག་གི་བྲིན་འབྱེད་ཅིང༌། །འགྲོ་བའི་མགོན་དུ་འགྱུར་བ་དང༌། །དོན་གཉིས་ཕུན་སུམ་ཚོགས་གྱུར་ཅིག །ཤུབྷམ་སྟུས་སརྦ་ཛག་ཏཱཾ།། །།དགེ་ལེགས་འཕེལ། བསོད་ནམས་བསགས་སྒོ་དེ་ཡིས། །འཁོར་བར་འཁྱམ་པའི་འགྲོ་ཀུན། །སྲིད་པའི་སྡུག་ལ་གྲོལ་ཏེ། །སྤངས་རྟོགས་མཐར་ཕྱིན་ཏུ་ཤོག །ཅེས་པ་འདི་ཡང་ཆོས་གྲོགས་ཀྱི་ངོར་མ་ཏིས་སྨྲས་པའོ། །

ཚིགས་བཅད་བཅུ་པའི་འགྲེལ་པ་ཟིན་བྲིས་སུ་བཀོད་པ།


TNT10_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་བཅུ་པའི་འགྲེལ་པ་ཟིན་བྲིས་སུ་བཀོད་པ་བཞུགས།


TNT10_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་འཁོར་ལོའི་མགོན་པོ་དང༌། །དབྱེར་མེད་རྗེ་བཙུན་ལ་བཏུད་ནས། །གཞུང་བཟང་ཚིགས་བཅད་བཅུ་པ་ཡི། །གོ་དོན་བླ་མའི་གསུང་བཞིན་དུ། །བདག་གིས་འབད་དེ་ཟིན་བྲིས་བྱ། །སྤྱན་ལྡན་རྣམས་ཀྱིས་བཟོད་པར་མཛོད། །དེ་ལ་ཚིགས་བཅད་བཅུ་པ་ཞེས་བྱ་བའི་གཞུང་འདི་འཆད་པ་ལ། བཤད་པ་ལས་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་འགོད་པ་དང་གཉིས་སམ། ཡང་བཤད་པ་མཐར་ཕྱིན་པའི་བྱ་བ་སྟེ་གསུམ་ལས། །༈ དང་པོ་ལ་མཚན་དོན་བཤད་པ་དང༌། འགྱུར་གྱི་ཕྱག་གཉིས་ལས། དང་པོ་མཚན་དོན་ནི། རྒྱ་གར་སྐད་དུ། ད་ཤ་གཱ་ཐཱ་ནཱ་མ་མརྒ་ཀྲ་མ་སྟེ། དེ་ཉིད་བོད་སྐད་དུ་བསྒྱུར་ན། ཚིགས་བཅད་བཅུ་པ་ཞེས་བྱ་བ་ལམ་གྱི་རིམ་པ་ཞེས་བྱ་སྟེ། ད་ཤ་ནི་བཅུ་པ། གཱ་ཐཱ་ནི་ཚིགས་བཅད། ནཱ་མ་ནི་ཞེས་བྱ་བ། མརྒ་ནི་ལམ་གྱི། ཀྲ་མ་ནི་རིམ་པའོ། །༈ གཉིས་པ་ལོ་ཙཱ་བའི་འགྱུར་གྱི་ཕྱག་ནི། དཔལ་


TNT10_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་དཔལ་ཞེས་བྱ་བའི་སྐད་དོད་ཤྲཱི་སྟེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་འདོད་བྱ་མཐར་ཐུག་དོན་དམ་པའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ཧེ་ཞེས་བྱ་བ་ནི་ཧེ་རུ་སྟེ། དང་པོའི་དུས་ན་རྒྱུ་གང་གིས་ཀྱང་མ་བསྐྱེད་ཅིང༌། སྐྱེ་བ་སྤངས་པས་དང་པོ་རྒྱུ་དང་བྲལ་བའི་སྟོང་པ་ཉིད་དང༌། རུ་ནི་རཱུ་པ་སྟེ་གཟུགས་སམ་ཚོགས་པའམ་བཀོད་པ་ལ་འཇུག་པས། བར་དུ་གཟུགས་སམ་བཀོད་པར་གྲུབ་མེད་ལ། དེའི་ཕྱིར་འཇིགས་པ་དང་བྲལ་བའི་སྟོང་པ་ཉིད་དང༌། ཀ་ནི་མཐར་གང་དུ་ཡང་མི་གནས་པ་སྟེ། གནས་པ་དང་བྲལ་བའི་སྟོང་པ་ཉིད་དོ། །དེ་ཡང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་སྟེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་ཏེ། དེ་ལྟ་བུའི་རྟག་ཆད་སྐྱེ་འགག་གནས་གསུམ་དང་བྲལ་བ་དོན་དམ་པའི་དཔལ་ཧེ་རུ་ཀ་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། སུ་ཞིག་གིས་འཚལ་ན། གཞུང་བསྒྱུར་བ་པོའི་ལོ་ཙཱ་བ་རྗེ་བཙུན་


TNT10_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་སོ། །རྩ་བའི་གཉིས་པ་ལའང༌། མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་དང༌། བཤད་པ་དངོས་ཀྱི་བྱ་བ་སྟེ་གསུམ་ལས། ༈ དང་པོ་ནི། མཆོག་ཏུ་བླ་མ་ལ་ནི་དང་པོར་ཕྱག་འཚལ་ཡེ་ཤེས་བཙུན་མོ་རྡོ་རྗེ་བདེ་མར་གུས་བཏུད་ནས། ཞེས་སོ། དེའི་དོན་ནི། མཆོག་ཏུ་དང་བའི་ཡིད་དང་བཅས་པས་བླ་མ་སྟེ་རྡོ་རྗེ་སློབ་དཔོན་འཁོར་ལོའི་དབང་ཕྱུག་དང་དབྱེར་མེད་པ་དེ་ལ། དང་པོར་སྟེ་ཐོག་མར་ཕྱག་འཚལ་ཞིང་དེའི་རྗེས་སུ་ཡི་དམ་ལ་ཕྱག་བྱ་སྟེ། དེ་ཡང་ཡེ་ཤེས་གཙོ་མོ་ནི། ཆོས་དབྱིངས་དོན་དམ་སྟོང་ཉིད་ཤེས་རབ་ལྷ་མོའི་དཀྱིལ་འཁོར་གྱི་གཙོ་མོ་སྟེ། མཚན་གྱི་རྣམ་གྲངས་རྡོ་རྗེ་བདེ་མ་དང༌། སྣ་ཚོགས་ཡུམ་དང་རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་ཕག་མོ་ལ་སོགས་པ་དུ་མ་ཞིག་ཡོད་པ་ལས། རྡོ་རྗེ་བདེ་མའམ་རྡོ་རྗེ་ཕག་མོ་ལ་གུས་པ་ཆེན་པོ་དང་བཅས་པས་རབ་ཏུ་འདུད་པའོ། །སུ་ཞིག་གིས་ནི་བསྟན་བཅོས་མཛད་པ་པོ་སློབ་དཔོན་བུདྡྷ་ནཱ་ཐ་ཉིད་ཀྱིས་སོ། །འོ་ན་བླ་མ་དང་ཡི་དམ་ལ་ཕྱག་འཚལ་ཞིང་འདུད་དགོས་པས་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། སྤྱིར་ནས་གསང་སྔགས་པའི་དངོས་གྲུབ་ཐམས་ཅད་ཡི་དམ་ལས་ཐོབ་དགོས་པ་དང༌། དེ་ཡང་བླ་མའི་བྱིན་རླབས་ལ་བརྟེན་ནས་འབྱུང་བའི་ཕྱིར། ཐོག་མར་དེ་དག་ལ་ཕྱག་འཚལ་བ་ཡིན་ལ། སྤྱིར་ནས་མཆོད་པར་བརྗོད་ཅིང་ཕྱག་འཚལ་བ་ནི། བསྟན་བཅོས་རྩོམ་པ་པོ་རང་ཉིད་དམ་པར་གཏོགས་པ་དང༌། རྩོམ་པ་ལ་བར་ཆད་མི་འབྱུང་ཞིང་མཐར་ཕྱིན་པའི་ཕྱིར་དང༌། ཚོགས་རྫོགས་པ་དང༌། གཞན་ཡང་ཚུལ་དེ་ལྟ་བུ་ལ་སློབ་པར་གདམས་པའོ། །༈ གཉིས་པ་ནི། སུ་ཞིག་གི་དོན་དུ་རྩོམ་ཞེ་ན།


TNT10_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་ལེགས་པར་གྲགས་པ་སྟེ། སཱ་དྷུ་ཀཱིརྟི་ཞེས་པའི་དོན་དུ་མཛད་པ་ཡིན་ཏེ། དེ་ཡང་རིགས་ཅན་ལེགས་པར་གྲགས་པ་མགུ་བ་སྐྱེད་བྱེད་སྔགས་རྒྱུད་ལམ་ནི་སྤྱན་ལྡན་ཀུན་གྱིས་བཤད་པ་དང༌། བདེ་ཆེན་རྡོ་རྗེའི་ལུང་ནི་ཐོབ་པར་གྱུར་པས་ངེས་པར་བྱོས་ཞེས་གསུངས་ཏེ། དེའི་དོན་ནི། རིགས་ཅན་ཞེས་པ་ལ་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་གྱི་གང་ཟག་དང༌། རང་རྒྱལ་གྱི་རིགས་ཅན་དང༌། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་སྟེ་གསུམ་ལས། ཐེག་པ་ཆེན་པོ་དང༌། དེའི་ཡང་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་རིགས་ཡིན་པས་ན། རིགས་ཅན་ཞེས་བྱ་ལ། མཚན་ལེགས་པར་གྲགས་པ་ཞེས་བྱ་བའི་པཎྜི་ཏ་དེ་ཉིད་ཡིད་དགའ་ཞིང་མགུ་བ་བསྐྱེད་པའི་ཕྱིར་རྩོམ་པ་ཡིན་ལ། འོ་ན་གཞུང་ཇི་ལྟ་བུ་ཞིག་རྩོམ་ཞེ་ན། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་ལས་གསུངས་པའི་ལམ་གྱི་རིམ་པ་དེ་ཉིད་འཆད་ལ། དེ་ཡང་གྲུབ་ཆེན་རང་ཉིད་ཀྱི་བློ་སྟོབས་ཀྱིས་འཆད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གསང་སྔགས་ཟབ་མོའི་གནས་ལུགས་ཀྱི་དོན་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་སྤྱན་དང་ལྡན་པའི་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་བཤད་པ་དང༌། ཁྱད་པར་དུ་བདེ་བ་ཆེན་པོ་རྡོ་རྗེའི་ལུང་ཞེས་པ་བདེ་བ་ཆེན་པོ་རྡོ་རྗེའི་ལུང་ནི། གྲུབ་ཆེན་ཞི་བ་སྦས་པའི་གསང་མཚན་ཡིན་ལ། དེའི་ལུང་ནི་དེ་ཉིད་ཀྱི་ཞལ་ནས་གསུངས་པ་དངོས་སུ་ཐོས་པ་དང༌། དེའི་གསུང་རབ་ལ་བརྟེན་ནས་ངེས་པར་བཤད་པ་ཞེས་པའོ། །གསུམ་པ་བརྩམས་པའི་བསྟན་བཅོས་དངོས་བཤད་པ་ནི། རྣམ་པ་བདུན་གྱིས་ངེས་པར་བྱ་བ་ཡིན་ཏེ། བདུན་གྱིས་ངེས་པ་ཞེས་པའི་དོན་ནོ། །དེ་དག་ལ། མདོར་བསྟན་པ་དང༌།


TNT10_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བཤད་པ་གཉིས་ཡོད་པ་ལས། དང་པོ་མདོར་བསྟན་པ་ནི། ལམ་དང་བཅས་པའི་ཟླ་བ་རྟ་དམར་ས་ཡི་ཚུལ་དང་ལག་པའི་རིམ་པ་དེ་རྗེས་སྤྱོད་པ་འབྲས། ཞེས་པ་སྟེ། དེའི་དོན་ཡང༌། ལམ་དང་བཅས་པའི་ཞེས་པ་ལམ་ལྔའི་རིམ་པ་བཤད་པ་དང༌། ཟླ་བ་ཞེས་པ་ཁམས་དཀར་པོ་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་འཕོ་བ་འགགས་པའི་རིམ་པ་བཤད་པ་དང༌། རྟ་དམར་ཞེས་པ་རླུང་སྟེ། རླུང་རྒྱུ་བའི་བགྲོད་པ་འགགས་པའི་རིམ་པ་བཤད་པ་དང༌། སའི་ཚུལ་ཞེས་པས་ས་བཅུ་གཉིས་བཤད་པ་དང༌། ལག་པའི་རིམ་པ་ཞེས་པ་ལག་པ་ནི་གཉིས་ཏེ། རིམ་པ་གཉིས་ཀྱི་དོན་བཤད་པ་དང༌། སྤྱོད་པ་ཞེས་པས་སྤྱོད་པའི་རྣམ་གཞག་བཤད་པ་དང༌། འབྲས་ཞེས་པའི་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་བཤད་པ་བདུན་ནོ། །ཞེས་པའོ། །༈ གཉིས་པ་རྒྱས་པར་བཤད་པ་ལའང་བདུན་ལས། དང་པོ་ལམ་ལྔའི་རིམ་པ་རྒྱས་པར་བཤད་པ་ནི། རྟོག་པའི་རྣལ་འབྱོར་དང་ནི་དྲན་པ་གཅིག་དང་གསལ་བ་དམིགས་པ་དང་བཅས་རྫོགས་པ་འདི་རྣམས་ལ། རྣམ་གསུམ་ཚོགས་ཀྱི་ལམ་དུ་འགྱུར་ཏེ་ཡེ་ཤེས་གསུམ་དང་རྣམ་པར་རྟོག་པ་གསུམ་བྲལ་ཡེ་ཤེས་སྐུ། ཕྲ་མོ་གསུམ་ཉམས་དེ་བཞིན་བྱང་ཆུབ་སྐད་ཅིག་གསུམ་ནི་བཅུ་གཉིས་སྦྱོར་བའི་ལམ་གྱི་དོན་དམ་གྱི། །དགའ་བའི་བདེན་པ་མངོན་རྟོགས་མཐོང་བའི་ལམ་སྟེ་བཅུ་གཉིས་པ་ནི་ཡན་ལག་བདུན་ནོ་དེ་ལས་འབྲས། ཞེས་གསུངས་པས་བསྟན་ཏེ། ད་ལ་ལམ་ལྔ་རྒྱས་པར་བཤད་པ་ལས། ཚོགས་ལམ་བཤད་པ། སྦྱོར་ལམ་བཤད་པ། མཐོང་ལམ་བཤད་པ། སྒོམ་ལམ་བཤད་པ། མི་སློབ་ལམ་བཤད་པ་སྟེ། དེའི་དང་པོ་ཚོགས་ལམ་ལ། ཚོགས་


TNT10_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་སྟེ་གསུམ་ལས། རྟོག་པའི་རྣལ་འབྱོར་ཞེས་པ་རྣམ་པར་རྟོག་པའི་སྒོམ་པ་ནི། བསྐྱེད་རིམ་ཡིན་ལ། བསྐྱེད་རིམ་དེ་རགས་པ་ལ་གསལ་སྣང་ཐོབ་པ་ནི་ཚོགས་ལམ་ཆུང་ངུ་དང༌། དྲན་པ་གཅིག་པ་སྟེ་ཕྲ་བ་ལ་གསལ་སྣང་ཐོབ་པ་ནི་ཚོགས་ལམ་འབྲིང་དང༌། གསལ་བ་དམིགས་པ་དང་བཅས་པའི་རྫོགས་རིམ་ལ་བརྟན་པ་ཐོབ་པས་ཚོགས་ལམ་ཆེན་པོ་ཐོབ་པ་ཞེས་བྱ་སྟེ་དེ་ཡང་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་མཚོན་ན། དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་ནས། མཁའ་འགྲོ་མ་བཞི། འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོ། སྒོ་མཚམས་མ་བརྒྱད་ཀྱི་བར་ལྷ་ཚོགས་རྣམས་བསྒོམ་བསྒོམ་པ་ལས་ནམ་ཞིག་དམིགས་པ་ལ་གསལ་སྣང་བརྟན་པོ་ཐོབ་པ་ནི། དངོས་སུ་རེག་རྒྱུ་དང་མཐོང་བ་ནི་མཚན་མ་ཐོབ་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་རགས་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྟེ། དེ་ནི་ཚོགས་ལམ་ཆུང་ངུ་དང༌། དེའི་སྟེང་དུ་གཙོ་བོའི་སྐུ་ལ་ལུས་དཀྱིལ་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་དང༌། གོ་ཆའི་ལྷ་རྣམས་དང་བཅས་པ་གསལ་བར་སྒོམ་ནུས་ཤིང༌། གསང་གནས་སམ། སྙིང་གར་རམ། སྣ་རྩེ་ལྟ་བུར་ཐིག་ལེ་ཕྲ་མོའི་ནང་དུ་ཡང་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་ཐེབས་ཤིང༌། རེག་མཐོང་གི་མཚན་མ་མཐོང་བ་ནི་ཕྲ་མོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྟེ། དེ་ནི་ཚོགས་ལམ་འབྲིང་དང༌། དེ་ནས་གསལ་བར་ཞེས་པ་ནི། ངེས་པར་ཞེས་པའི་དོན་ཡིན་ལ། དམིགས་པ་དང་བཅས་པའི་རྫོགས་པའི་རིམ་པ་སྟེ། ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་ལ་བརྟན་པ་ཐོབ་པས་ནི་ཚོགས་ལམ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་པའོ། །༈ གཉིས་པ་སྦྱོར་ལམ་


TNT10_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབྱེ་ན་ས་བཅུ་གཉིས་ཏེ། སྦྱོར་ལམ། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་སྟེ་བཞི། དེ་དག་ལའང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གསུམ་གསུམ་དུ་དབྱེ་བས་ན་བཅུ་གཉིས་སོ། །དེ་ལ་ཡེ་ཤེས་གསུམ་དང་ཞེས་པས། དགའ་བའི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་ཆུང་ངུ་དང༌། མཆོག་དགའི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་འབྲིང་དང༌། དགའ་བྲལ་གྱི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་ཆེན་པོ་སྟེ། ཡང་འདུས་པ་སོགས་ན། ཕ་རྒྱུད་ལས་སྣང་བའི་རིམ་པའི་སོགས་དང་སྦྱོར་ཀྱང་མིང་འདོགས་ཙམ་ལས་དོན་ཁྱད་མེད་དོ། ། དེ་ལ་ཐོག་མར་ཏིང་ངེ་འཛིན་གྱི་རིམ་པའི་དགའ་བའི་སྐད་ཅིག་མ་དེ་ཉིད་སྒོམ་སྒོམ་པས། ཐོག་མ་རྣམས་སུ་དགའ་བདེ་ཆུང་ངུ་དང༌། མི་བརྟན་ཞིང་འགྱུར་བའི་ཚུལ་དུ་ཡོད་པ་ལས། ནམ་ཞིག་ན་སྔར་ལས་བརྒྱ་འགྱུར་གྱི་བཟང་བའི་བདེ་བའི་སྐད་ཅིག་མ་མི་འབྱུང་བ་ཞེས་སྐྱེ་སྟེ། དེ་ནི་དགའ་བའི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་སྣང་བའི་རིམ་པའི་ས་ཞེས་བྱ་བ་དྲོད་ཆུང་ངུ་ཡིན་ལ། དེ་བཞིན་དུ་སླར་ཡང་བསྒྲུབས་པས་དེ་བས་ཀྱང་བརྒྱ་འགྱུར་གྱི་བཟང་བ་ཐོབ་པ་ནི། མཆོག་དགའི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་མཆེད་པའི་རིམ་པའི་ས་སྟེ་དྲོད་འབྲིང་དང༌། དེ་བཞིན་དུ་དེ་བས་ཀྱང་བརྒྱ་འགྱུར་གྱི་བཟང་བ་ཐོབ་པ་ནི། དགའ་བྲལ་གྱི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་ཐོབ་པའི་ས་སྟེ་དྲོད་ཆེན་པོ་ཐོབ་པ་ཡིན་ནོ། །དེའི་ཚེ་རླུང་སེམས་ཙམ་གྱི་སྒྱུ་ལུས་ཀྱི་སྐུ་གྲུབ་བོ། །དེ་ནས་སྦྱོར་ལམ་རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་བཤད་པ་ནི། རྣམ་པར་རྟོག་པ་གསུམ་བྲལ་ཡེ་ཤེས་སྐུ་ཞེས་པ་སྟེ། དེའི་དོན་ཡང་རྣམ་པར་རྟོག་པ་ནི་རང་བཞིན་བརྒྱད་བཅུའི་རྣམ་རྟོག་ཡིན་ལ། གསུམ་


TNT10_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུག་གསུམ་གྱིས་བསྡུས་པ་སྟེ། ཞེ་སྡང་གི་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ། འདོད་ཆགས་ཀྱི་རྣམ་པར་རྟོག་པ་བཞི་བཅུ། གཏི་མུག་གི་རྣམ་པར་རྟོག་པ་བདུན་ཏེ་རྣམ་པ་གསུམ་ཡིན་ལ། དེ་ཉིད་དང་བྲལ་བ་ནི། རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་གྱི་ཡེ་ཤེས་ཀྱི་སྐུའོ། །དེ་ཡང་གོང་དུ་བཤད་པའི་སྒྱུ་ལུས་ཀྱི་སྐུ་དེ། རིལ་བོར་འཛིན་པ་དང་རྗེས་སུ་གཞིག་པའི་རྣལ་འབྱོར་གྱི་འོད་གསལ་དུ་ཡང་ཡང་བཅུག་པ་ལས། ཞེ་སྡང་གི་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ་རགས་པ་འགགས་པ་ནི། རྩེ་མོ་ཆུང་ངུའི་ས་ཐོབ་པ་ཡིན་ལ། དེ་ནས་ཡང་སྔར་བཞིན་བསྒོམས་པས། འདོད་ཆགས་ཀྱི་རྣམ་པར་རྟོག་པ་བཞི་བཅུར་རགས་པ་འགགས་པ་ནི་རྩེ་མོ་འབྲིང་གི་ས་དང༌། དེ་བཞིན་དུ་སླར་ཡང་བསྒོམས་པས་གཏི་མུག་གི་རྣམ་པར་རྟོག་པ་བདུན་རགས་པ་འགགས་པ་ནི། རྩེ་མོ་ཆེན་པོའི་ས་ཐོབ་པ་ཡིན་ནོ། །དེ་ནས་སྦྱོར་ལམ་བཟོད་པ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་གསུམ་བཤད་པ་ནི། ཕྲ་མོ་གསུམ་མཉམ་ཞེས་པས་བསྟན་ཏེ། དེ་ཡང་ཕྲ་མོ་ཞེས་པས་རང་བཞིན་བརྒྱད་བཅུའི་རྣམ་རྟོག་ཕྲ་མོ་གསུམ་ཉམས་པ་སྟེ། འགགས་པ་ལས་བཟོད་པ་ཆུང་འབྲིང་ཆེན་པོ་གསུམ་ཐོབ་པ་ཡིན་ཏེ་དེ་སླར་ཡང་གོང་བཞིན་བསྒོམ་ཞིང་འོད་གསལ་དུ་བཅུག་པས། ནམ་ཞིག་ན་ཞེ་སྡང་གི་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ་ཕྲ་མོ་ཡང་འགགས་པས། སྦྱོར་ལམ་བཟོད་པ་ཆུང་ངུའི་ས་ཐོབ་པ་ཡིན་ལ། དེ་བཞིན་དུ་འདོད་ཆགས་ཀྱི་རྣམ་རྟོག་བཞི་བཅུ་ཕྲ་མོ་ཡང་འགགས་པས་ནི། བཟོད་པ་འབྲིང་གི་ས་ཐོབ་པ་དང༌། གཏི་མུག་གི་རྣམ་རྟོག་བདུན་ཕྲ་མོ་ཡང་འགགས་པས་ནི་བཟོད་པ་ཆེན་པོའི་ས་ཐོབ་པ་ཡིན་ནོ། །དེ་ནས་ཆོས་མཆོག་ནི་བྱང་ཆུབ་


TNT10_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གསུམ་ནི་ཞེས་པས་ཏེ། བཟོད་པ་ཆེན་པོའི་མཐར་རིམ་པ་དེ་སྦྱོར་ལམ་ཆོས་མཆོག་ལ་མཚམས་སྦྱོར་ཞིང༌། དེ་དག་གི་རིམ་པ་སོགས་གོང་དང་འདྲ་བ་ལས། སངས་རྒྱས་རྣམས་ཀྱིས་ཉེ་རྒྱུས་དབང་བསྐུར་ཞིང་གྲོགས་རིག་མའི་སྤྱོད་པ་ངེས་པར་འཇུག་པས། དེས་བསྒྲུབས་པས་དགའ་བའི་སྐད་ཅིག་མ་དང༌། དེ་ནས་མཆོག་དགའི་སྐད་ཅིག་མ་དང༌། དགའ་བྲལ་གྱི་སྐད་ཅིག་མའམ། སྣང་མཆེད་ཐོབ་གསུམ་གྱི་སྐད་ཅིག་མ་གསུམ་གྱིས་ནི་གོང་གི་རྣམ་རྟོག་གི་རིགས་གསུམ་པོ་དེ་དག་གི་རིགས་རྒྱུན་ཕྲ་མོ་རྣམས་ཀྱང་སྤོངས་ཏེ། སྦྱོར་ལམ་ཆོས་མཆོག་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་ས་རྣམས་ཡིན་ལ། དེ་དག་ནི་བཅུ་གཉིས་ཏེ་སྦྱོར་ལམ་ས་བཅུ་གཉིས་ཀྱི་ལམ་མོ་ཞེས་པའོ། །དེའི་མཐར་དོན་གྱི་འོད་གསལ་འགྲུབ་པ་ཡིན་ནོ། །༈ གསུམ་པ་མཐོང་ལམ་བཤད་པ་ནི། དོན་དམ་གྱི་དགའ་བའི་བདེན་པ་མངོན་རྟོགས་མཐོང་བའི་ལམ་སྟེ། ཞེས་གསུངས་པས་ཏེ། དོན་དམ་པའི་དགའ་བའི་བདེན་པ་མངོན་པར་རྟོགས་པ་སྟེ་ཡེ་ཤེས་ཀྱི་སྐུ། དེ་ལ་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱི་ཉེ་རྒྱུས་དབང་བསྐུར་བའི་རྐྱེན་གྱིས་དོན་གྱི་འོད་གསལ་ཐོག་མར་རྟོགས་ཤིང་མཐོང་བའི་སྐབས་དེ་ནི་མཐོང་ལམ་ཡིན་ནོ། །༈ བཞི་པ་བསྒོམ་ལམ་ནི། བཅུ་གཉིས་ས་ནི་ཡན་ལག་བདུན་ནོ། ཞེས་པ་སྟེ། དེ་ཡང་གོང་གི་དོན་གྱི་འོད་གསལ་མཉམ་གཞག་ལས་ལངས་སློབ་པའི་ཟུང་འཇུག་གི་སྐུ་ཡང་འགྲུབ། ཟུང་འཇུག་གི་རིམ་པའི་འོད་གསལ་དང་སྒྱུ་ལུས་དབྱེར་མེད་མཐོང་ཞིང་རྒྱུད་ལ་སྐྱེས་ནས་དེའི་རིམ་པ་ལ་སློབ་པ་ནི་སྒོམ་ལམ་ཡིན་ཏེ། དེའི་ཚེ་འཕགས་པའི་ས་དང་པོ་ཐོབ་པ་ཡིན་ཞིང་འཕགས་པའི་ས་བཅུའི་བར་


TNT10_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ནི་རྡོ་རྗེ་འཆང་ཆུང་ངུ་ཡན་ལག་བདུན་དང་ལྡན་པ་སྟེ། དེ་ཡང་སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགག་པ་མེད། །ཅེས་པ་སྟེ། སྐུ་མཚན་དཔེ། གསུང་ཆོས་སྒྲ། འདོད་པའི་ཡོན་ཏན་སྣ་ཚོགས་ལ་ལོངས་སྤྱོད་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། ལྷན་ཅིག་སྐྱེས་པའི་བདེ་བ་ལ་རྟག་ཏུ་གནས་པའི་རྒྱུ་རྗེས་ཆགས་པ་ཁ་སྦྱོར་གྱི་རྣམ་པ་དང༌། རང་བཞིན་བདེ་བ་ཆེན་པོ་ཡིན་པ་དང༌། མཚན་མའི་རྣམ་རྟོག་ལ་སོགས་པའི་རང་བཞིན་མེད་པ་དང༌། སྙིང་རྗེ་ཆེན་པོས་རྒྱུད་ཡོངས་སུ་གང་བ་དང༌། དེ་ལྟ་བུའི་སྐུ་དེ་ཉིད་རྒྱུན་མི་འཆད་པ་དང༌། འགོག་པ་ལ་མི་གནས་པ་སྟེ་ཡན་ལག་བདུན་དང་ལྡན་པའོ། །༈ ལྔ་པ་མི་སློབ་ལམ་བཤད་པ་ནི། དེ་ལས་འབྲས་ཞེས་པས་བསྟན་ཏེ། ལམ་བཏགས་པ་བ་དང༌། འབྲས་བུ་མཚན་ཉིད་པ་ཡིན་ལ། དེ་ཡང་སྒོམ་ལམ་གྱི་འཕགས་པའི་ས་བཅུའི་མཐར་སངས་རྒྱས་ལོངས་སྐུ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་ས་བཅུ་རྒྱུན་མཐའི་སྐད་ཅིག་མ་གཉིས་པ་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཐོབ་པ་ཡིན་པས། འབྲས་བུ་མཐར་ཐུག་པ་ཡིན་ནོ། །དེས་ལམ་ལྔའི་འབྲུ་གནོན་ལམ་པ་བཤད་གྲུབ་པའོ། །དོན་ཚན་གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་བགྲོད་པ་འགགས་ཚུལ་རྒྱས་པར་བཤད་པ་ནི། དྲོ་བ་ནས་ནི་ཆོས་ཀྱི་མཆོག་དང་ཐོག་མ་དེ་བཞིན༌། ་མའི་ས་མཐར་རི་བོང་ཅན་འགག་གོ །ཞེས་གསུངས་ཏེ། ཀུནྡ་བྱང་ཆུབ་ཀྱི་སེམས་ལ་རགས་པ་ཁམས་གསུམ་གྱིས་བསྡུས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དང༌། ཕྲ་བ་རྣམ་ཤེས་ཙམ་གྱི་བྱང་སེམས་ཀྱི་ཐིག་ལེ་


TNT10_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་པ་ལས། དེ་དག་འགག་ཚུལ་དྲོ་བ་ནས་ནི་ཞེས་པས། ཐིག་ལེ་རགས་པ་ནི་དྲོད་ཐོབ་ནས་འགག་པའི་འགོ་རྩོམ་པ་དང༌། ཆོས་ཀྱི་མཆོག་དང་ཞེས་པས་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཐོབ་ནས། ཐིག་ལེ་ཕྲ་བ་རླུང་སེམས་ལས་གྲུབ་པ་འགགས་པའི་འགོ་རྩོམ་པ་སྟེ། ཐོག་མ་ཞེས་པས་དེ་དག་ཏུ་ཐོག་མར་འགག་པ་བསྟན་ལ། དེ་བཞིན་དུ་ཐ་མ་ནི་ས་བཅུའི་མཐའ་མར་རི་བོང་ཅན་ཏེ་བྱང་ཆུབ་ཀྱི་སེམས་ཕྲ་བ་ཡང་རྩ་བ་ནས་འགག་གོ་ཞེས་པའོ། །༈ གསུམ་པ་རླུང་འགག་ཚུལ་རྒྱས་པར་བཤད་པ་ནི། དང་པོ་རྟོག་དང་གཉིས་པ་སྦྱོར་བའང་དེ་རྣམས་བདེན་པ་མཐོང་བས་འགག་ཅིང་འགག་པ་དེ་ལས་སླར། །ས་བཅུའི་མཐའ་མར་དབུགས་དག་འགོག་པ་རགས་དང་དབུས་མ་དང་ནི་ཕྲ་མོའི་དབྱེ་བ་ཤེས་པར་བྱ། ཞེས་པས་བསྟན་ཏེ། དེ་ལ་རླུང་ལ་དབྱེ་ན། རགས་པའི་རླུང་དང༌། དེ་ལས་ཕྲ་ཤིང་ཤིན་ཏུ་ཕྲ་བ་རང་ཡང་མ་ཡིན་པའི་བར་མའམ་དབུས་མའི་རླུང་དང༌། ཤིན་ཏུ་ཕྲ་བའི་རླུང་སྟེ་གསུམ་ཡོད་པ་ལས། དང་པོ་རྟོག་དང་ཞེས་པ་རྟོག་པའི་རྣལ་འབྱོར་ནི་བསྐྱེད་རིམ་སྟེ་དེ་ལ་བརྟན་པ་ཐོབ་པས་རླུང་རགས་པ་འགགས་པའི་མགོ་རྩོམ་པ་དང༌། གཉིས་པ་སྦྱོར་བ་ཅེས་པས་རླུང་འབྲིང་པོའི་བར་ནི་སྦྱོར་ལམ་དྲོད་ཐོབ་པས་འགག་པ་དང༌། ཕྲ་བ་ནི་བདེན་པ་མཐོང་བས་འགག་པ་ཡིན་ཞིང༌། རྩ་བ་ནས་འགགས་པ་ནི་སླར་འཕགས་ས་བཅུ་པའི་མཐའ་མར། ཤིན་ཏུ་ཕྲ་བའི་རླུང་ས་བོན་དང་བཅས་པ་འགོག་པ་སྟེ་འགག་ཅིང་སྤོང་བར་ཤེས་པར་བྱའོ། །ཞེས་པ་ལ། རགས་དང་དབུ་མ་དང་ནི་ཕྲ་མོའི་དབྱེ་བས་ཤེས་པར་བྱ། ཞེས་པའོ། ། ༈ བཞི་པ་སའི་རྣམ་གཞག་རྒྱས་པར་བཤད་པ་ནི། བྱིས་པའི་ལམ་དང་ཆོས་ཀྱི་སྐུ་ནི་བཅུ་དང་བཅས་པ་འདིར་ནི་ས་ཏེ་རྩ་ལ་སོགས་


TNT10_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། བགྲོད་པ་འགྱེལ་བའི་སྦྱོར་བ་བཅུ་གཉིས་ས་རུ་འགྱུར་ཏེ་འོད་གསལ་དེ་བཞིན་མཚུངས་པའི་རྡོ་རྗེ་འཛིན། ཡན་ལག་བཅུ་གཉིས་འཕོ་བ་དང་བཅས་ཁུ་བ་འགགས་པས་ལུས་དང་ངག་ཡིད་རྡོ་རྗེའི་སྐུ་ཉིད་དོ། །འཕགས་པ་རྣམས་ཀྱི་བཅུ་གཉིས་ས་ལ་དེ་རྣམས་གཉིས་ཀྱི་ཕྲ་མོ་ས་བོན་དང་བཅས་ཤིན་ཏུ་འགགས། སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན་ཞིང་ཆོས་ཀྱི་སྤྲིན་ལས་དབྱེ་བ་ཐ་མའི་གསུམ་པའོ། །ཐ་དད་གཞུང་ལུགས་སྣ་ཚོགས་རྒྱུན་དུ་བསྟན་པ་དག་ནི་ཅུང་ཟད་ཅུང་ཟད་དབྱེ་བ་ཁོ་ནའོ། །བར་ཆད་མེད་དང་རྣམ་པར་གྲོལ་བར་དུས་ཀྱི་འཁོར་ལོ་ལས་འབྱུང་གཞན་དུ་སྦྱོར་དང་བཅས་པ་ཡང༌། ཁྱད་པར་ལམ་ཡང་ཁ་ཅིག་ཏུ་ནི་སྟོང་པ་གསུམ་དང་སྒྲའི་རབ་དབྱེ་རྒྱུད་དང་རྒྱུད་དུ་སྟེ། ཀུན་ཏུ་འོང་སོགས་སློབ་དང་མི་སློབ་ས་རྣམས་རེ་རེར་བཅུ་གཉིས་བཅུ་གཉིས་ཀུན་ལ་དབྱེ་བས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སའི་རྣམ་གཞག་འདི་ལ་སྤྱིར་མང་དུ་ཡོད་པ་ལས། སྐབས་འདིར་ས་ཐམས་ཅད་བཅུ་གཉིས་སུ་བསྡུས་ཏེ་བཤད་པ་དང༌། རྩ་དང་ཐིག་ལེ་རླུང་འགག་ཚུལ་གྱི་རིམ་པས་ས་ཐོབ་ཚུལ་བཤད་པ་དང༌། འཕགས་པའི་ས་བཅུའི་རྣམ་གཞག་བཤད་པ་སྟེ་གསུམ་ཡོད་པ་ལས། དང་པོ་ནི། བྱིས་པའི་ལམ་དང་ཞེས་པས། མོས་སྤྱོད་ཀྱི་ས་དང༌། ཆོས་ཀྱི་སྐུ་ཞེས་པས་སངས་རྒྱས་ཀྱི་ས་དང༌། བཅུ་དང་ཞེས་པས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་དང་བཅས་པས་བཅུ་གཉིས་ཏེ། དེ་དག་ཀྱང་སྐབས་འདིར་འཁོར་ལོ་སྡོམ་པའི་གཞུང་རྣམས་དང་བསྟུན་ནས་བཤད་ན། དེ་ཡང་གཞུང་འདི་དག་གི་སྐབས་སུ་དངོས་སུ་གསུང་པ་བཅུར་བཤད་པ་ཤས་ཆེ་ཡང་ས་དེ་དག་གི་འབྲས་བུ་ཡིན་པས།


TNT10_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་གཉིས་ཀྱང་བསྣན་ནས་བཅུ་གཉིས་སུ་འཆད་པ་ཡིན་ལ། དེ་ལ་རིམ་པ་བཞིའི་ནང་ནས་ཡེ་ཤེས་ཀྱི་རིམ་པའི་སྐབས་སུ། དུར་ཁྲོད་བརྒྱད་དང་དག་པ་སྦྱོར་རྒྱུའི་བུ་ག་བརྒྱད་ཀྱི་རྩ་རྣམས་དག་པས་རྒྱུ་བྱས་ནས། གསང་རིམ་གྱི་ཐོག་མའི་སྐབས་སུ་སྙིང་གའི་རྩ་ནང་བསྐོར་གྱི་རྩ་བ་གསུམ་སྐོར་མ་དང༌། འདོད་མ་དང༌། ཁྱིམ་མ་དང༌། གཏུམ་མོ་སྟེ་བཞི་ཐིག་ལེས་གང༌། ནོར་བུའི་རྩ་མདུད་བཞི་གྲོལ་བ་ནི། འཐུང་སྤྱོད་དམ་མོས་སྤྱོད་ཀྱི་ས་ཐོབ་པའོ། །དེ་བཞིན་དུ་རྡོ་རྗེའི་སྐྱེད་པའི་རྩ་མདུད་བཞི་གྲོལ། མི་ཕྱེད་མ་དང༌། ཕྲག་གཟུགས་མ་དང༌། མཆོག་མ་དང༌། གཡོན་མ་སྟེ་བཞི་བྱང་ཆུབ་སེམས་ཀྱིས་གང༌། གནས་སམ་ས་དང་པོ་རབ་ཏུ་དགའ་བ་ཐོབ། གསང་གནས་ཀྱི་རྩ་མདུད་བཞི་གྲོལ། ཐུང་ངུ་མ་དང༌། རུས་སྦལ་སྐྱེས་མ་དང༌། སྒོམ་མ་དང༌། དབང་བསྒྱུར་མ་བཞི་བྱང་ཆུབ་སེམས་ཀྱིས་གང༌། ཉེ་བའི་གནས་སམ་དྲི་མ་མེད་པའི་ས་དང༌། དེ་ནས་ལྟེ་བའི་རྩ་མདུད་གཉིས་གྲོལ། སྐྱོན་མ་དང༌། བཤང་མ་གཉིས་བྱང་ཆུབ་སེམས་ཀྱིས་གང༌། ཞིང་ངམ་འོད་བྱེད་པའི་ས་དང༌། དེ་ནས་སླར་ཡང་ལྟེ་བའི་རྩ་མདུད་གཉིས་གྲོལ། མ་མོ་དང༌། མཚན་མོ་གཉིས་བྱང་སེམས་ཀྱིས་གང༌། ཉེ་བའི་ཞིང་ངམ། འོད་འཕྲོ་བའི་ས་དང༌། དེ་ནས་སྙིང་གའི་རྩ་མདུད་གཉིས་གྲོལ། སིལ་སྦྱིན་མ་དང༌། དྲོད་མ་གཉིས་བྱང་སེམས་ཀྱིས་གང༌། ཚནྡྷོ་ཧའམ། སྦྱང་དཀའ་བའི་ས་དང༌། དེ་ནས་སླར་ཡང་སྙིང་གའི་རྩ་མདུད་གཉིས་གྲོལ། རྩ་གཞོལ་མ་དང༌། མདོག་ནག་མ་གཉིས་བྱང་སེམས་ཀྱིས་གང༌། ཉེ་བའི་ཚནྡྷོ་ཧའམ། མངོན་དུ་གྱུར་པའི་ས་དང༌། དེ་ནས་མགྲིན་པའི་རྩ་མདུད་གཉིས་གྲོལ། ཤིན་ཏུ་གཟུགས་ཅན་


TNT10_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། སྤྱི་མ་གཉིས་བྱང་སེམས་ཀྱིས་གང༌། འདུ་བ་དང་རིང་དུ་སོང་བའི་ས་ཐོབ། དེ་ནས་སླར་ཡང་མགྲིན་པའི་རྩ་མདུད་གཉིས་གྲོལ། རྒྱུ་སྦྱིན་དང་སྦྱོར་བྲལ་མ་གཉིས་བྱང་སེམས་ཀྱིས་གང༌། ཉེ་བའི་འདུ་བ་དང་མི་གཡོ་བ་དང་ས་བརྒྱད་པ་དང༌། དཔྲལ་བའི་རྩ་མདུད་གཉིས་གྲོལ། རྩ་སྡུག་གུ་མ་དང༌། གྲུབ་མ་བྱང་སེམས་ཀྱིས་གང༌། དུར་ཁྲོད་དམ་ས་དགུ་པ་ལེགས་པའི་བློ་གྲོས་ཐོབ། ཡང་དཔྲལ་བའི་རྩ་མདུད་གཉིས་གྲོལ། རྩ་འཚེད་མ་དང་ཡིད་བཟང་མ་བྱང་སེམས་ཀྱིས་གང༌། ཉེ་བའི་དུར་ཁྲོད་དམ་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ། དེའི་མཐར་གཙུག་ཏོར་གྱི་རྩ་མདུད་བཞི་གྲོལ་ཞིང་ཐིག་ལེས་གང༌། རོ་རྐྱང་དབུ་མ་བདུད་བྲལ་མ་བཞི་ཐིག་ལེས་གང་སྟེ། དེ་དང་དུས་མཉམ་དུ་སྙིང་གའི་ཕྱི་སྐོར་གྱི་རྩ་བརྒྱད་དང་བུ་ག་བརྒྱད་དང་བཅས་པའི་རྩ་ཐམས་ཅད་བྱང་སེམས་ཀྱིས་གང་བའི་རྒྱུད་དེ་གང་བ་མཐར་ཐུག ཉེ་བའི་འཐུང་སྤྱོད་དམ་སངས་རྒྱས་ཀྱི་མིག་ཅན་ཏེ་བཅུ་གཉིས་སོ། །དེའི་ཚེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འོད་གསལ་ཟུང་འཇུག་གི་རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན་པའི་ས་ཆུང་ངུ་ཐོབ་པ་ཡིན་ནོ། །དེ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགག་ཚུལ་ས་དང་སྦྱར་ནས་བཤད་པ་ནི། ཡན་ལག་བཅུ་གཉིས་འཕོ་བ་དང་བཅས་ཁུ་བ་འགགས་པས་ལུས་དང་ངག་ཡིད་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པས་ཏེ། དེ་ཡང་གོང་གི་སྦྱོར་ལམ་ས་བཅུ་གཉིས་པོ་དེ་དག་གི་སྐབས་སུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་བཟློག་གི་རིམ་པས་འགགས་པ་ཡིན་ཏེ། ཐོག་མར་རྒ་ཤི་དང་སྐྱེ་བ་དང་སྲིད་པ་གསུམ་འགག་པའི་མ་དག་པའི་ལུས་རགས་པ་འདི་གནས་གྱུར་ཏེ། ཡེ་ཤེས་ཀྱི་ལུས་སུ་གྱུར། སྦྱོར་ལམ་གྱི་ས་དང་པོ་གསུམ་དང་


TNT10_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། དེ་བཞིན་དུ་ལེན་པ་དང་སྲེད་པ་དང་ཚོར་བ་གསུམ་འགགས་པས། ཐ་མལ་པའི་ངག་རྣམ་པར་དག་སྟེ། གཞོམ་མེད་ཀྱི་སྒྲར་གྱུར་པ་དང༌། རེག་པ་སྐྱེ་མཆེད་དྲུག་དང་མིང་གཟུགས་གསུམ་འགགས་པས་མ་དག་པའི་སེམས་གནས་གྱུར་ཏེ་ཐུགས་བདེ་བ་ཆེན་པོར་གྱུར་པ་དང༌། རྣམ་ཤེས་དང་འདུ་བྱེད་དང་མ་རིག་པ་གསུམ་འགགས་པས། ཐ་མལ་པའི་ཡེ་ཤེས་གནས་གྱུར་ཏེ། དོན་དམ་གྱི་ཡེ་ཤེས་སུ་གྱུར། སློབ་པའི་ཟུང་འཇུག་གི་སྐུའམ་རྡོ་རྗེ་སྐུར་གྱུར་ཏེ། འོ་ན་སྦྱོར་ལམ་སྐབས་སུ་དེ་དག་འགགས་ཤིང་ལུས་ལ་སོགས་པ་གནས་གྱུར། འཕགས་པའི་ས་བཅུ་ལ་སོགས་པར་སྤང་ན་ཇི་ལྟར་ཡིན་ཞེ་ན། འཕགས་པ་རྣམས་ཀྱི་བཅུ་གཉིས་སར་ནི་དེ་རྣམས་ཉིད་ཀྱི་ཕྲ་མོ་ས་བོན་དང་བཅས་ཤིན་ཏུ་འགགས། ཞེས་གསུངས་ཏེ། ཟུང་འཇུག་གི་སྐུ་དེའི་སྐབས་སུ་རྒ་ཤི་སོགས་ཕྲ་མོ་གནས་ངན་ལེན་གྱི་ས་བོན་དང་བཅས་པ་འགགས་ཤིང་དག་པའི་འཕགས་པའི་ས་དང་པོ་ལ་སོགས་པ་ཐོབ་སྟེ། གོང་གི་རིམ་པས་འཕགས་པའི་ས་དགུ་དང༌། རྟེན་འབྲེལ་རྣམ་ཤེས་ལ་སོགས་པ་གསུམ་འགགས་པས། འཕགས་པའི་ས་བཅུ་པ་ཐོབ་ཅིང༌། དེའི་ཁྱད་པར་ནི། སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན་ཞིང་ཆོས་ཀྱི་སྤྲིན་ལས་ཤིན་ཏུ་དབྱེ་བ་ཐ་མའི་ས་གསུམ་པོ། ཞེས་གསུངས་པས། ཡོན་ཏན་རྣམ་པ་སྣ་ཚོགས་པ་བརྒྱ་ཕྲག་བཅུ་ལ་སོགས་པ་རྣམས་ཀྱིས་བརྒྱན་པའི་སྐྱེས་བུ་ས་བཅུ་པ་ཆོས་ཀྱི་སྤྲིན་དེ་ལ་ཤིན་ཏུ་སྟེ་ངེས་པར་དབྱེ་བ་ནི་ཐ་མའི་ས་གསུམ་པོ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ས་བཅུ་པ་དེའི་དང་པོའི་གནས་སྐབས་ནི་རྒྱུན་མཐའི་ཡེ་ཤེས་བར་ཆད་མེད་ལམ་ཞེས་བྱ་བ་ས་བཅུ་གཅིག་པ་དང༌། དེའི་རྗེས་ཀྱི་སྐབས་ནས་སྐད་ཅིག་མ་དང་པོ་ཡན་ནི་


TNT10_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བའི་ལམ་སྟེ་ས་བཅུ་གཉིས་པ་དང༌། དེ་ནས་རྒྱུན་མཐའི་རྗེས་སྐད་ཅིག་མ་གཉིས་པ་ནི་ཁྱད་པར་ལམ་དང་སའི་མིང་ཅན་འབྲས་བུ་མཚན་ཉིད་པ་སྟེ་བཅུ་གསུམ་རྡོ་རྗེ་འཛིན་གྱི་ས་ཞེས་པ་ཡིན་ནོ། དེ་ལྟ་བུའི་ས་འདི་དག་ལ་རྣམ་གྲངས་དང་དབྱེ་བ་མི་འདྲ་བ། ཐ་དད་གཞུང་ལུགས་སྣ་ཚོགས་རྒྱུད་དུ་བསྟན་པ་དག་ནི་ཅུང་ཟད་ཅུང་ཟད་དབྱེ་བ་ཁོ་ན་སྟེ། ཞེས་གསུངས་ཏེ། གཞུང་ལུགས་ཐ་དད་པ་རྣམ་པ་སྣ་ཚོགས་པ་དང༌། གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་ནས་ས་ལམ་གྱི་དབྱེ་བ་མི་འདྲ་བ་བསྟན་པ་དག་ནི། ནང་སེལ་དུ་ཅུང་ཟད་ཅུང་ཟད་མི་འདྲ་བ་གསུངས་པ་ཡིན་ཏེ། དོན་གཅིག་པ་ཁོ་ན་ཡིན་ལ། དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། བར་ཆད་མེད་དང་རྣམ་པར་གྲོལ་བར་དུས་ཀྱི་འཁོར་ལོ་ལས་འབྱུང་གཞན་དུ་སྦྱོར་དང་བཅས་པ་ཡང༌། ཁྱད་པར་ལམ་ཁ་ཅིག་ཏུ་སྟེ་སྟོང་པ་གསུམ་དང་སྐུའི་རབ་དབྱེ་རྒྱུད་དང་རྒྱུད་དུ་ཞེས་གསུངས་སོ། ས་བཅུ་གཉིས་སུ་བྱེད་པ་དང༌། བཅུ་གསུམ་དུ་བྱེད་པ་དང༌། བཅོ་ལྔར་བྱེད་པའི་ལུགས་སོ། །དེ་ཡང་བཅུ་གཉིས་སུ་བྱེད་པའི་ལུགས་ནི། ཡོངས་སུ་གྲགས་པའི་ས་བཅུའི་སྟེང་དུ་བར་ཆད་མེད་པའི་ས་བཅུ་གཅིག་པ་དང༌། རྣམ་པར་གྲོལ་བའི་ས་བཅུ་གཉིས་པ་སངས་རྒྱས་ཀྱི་ས་ཞེས་པ་བཅུ་གཉིས་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པ་དང༌། བཅུ་གསུམ་དུ་བྱེད་པའི་ལུགས་ནི་གཞན་རྒྱུད་དུ་ས་བཅུའི་སྟེང་དུ་སྤོངས་གཉེན་སྦྱོར་བའི་ས་ཞེས་བྱ་བ་ས་བཅུ་གཅིག་པ་དང༌། བར་ཆད་མེད་པའི་ས་བཅུ་གཉིས་པ་དང༌། རྣམ་པར་གྲོལ་བའི་ས་བཅུ་གསུམ་པ་སངས་རྒྱས་ཀྱིས་རྡོ་རྗེ་འཛིན་ཏེ་བཅུ་གསུམ་སྟེ། གཞན་དུ་སྦྱོར་དང་ཞེས་པའི་དོན་ནོ། །བཅུ་བཞིར་བྱེད་པ་ནི། མོས་


TNT10_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་རབ་ཏུ་དགའ་བ་ལ་སོགས་པ་བཅུ་གཅིག་བཅུ་གཉིས་པ་ཀུན་ཏུ་འོད་ཀྱི་ས་དང༌། ཀུན་ཏུ་སྣང་བའི་བཅུ་གསུམ་པ། ཀུན་ཏུ་ཐོབ་པའི་ས་བཅུ་བཞི་སྟེ་སངས་རྒྱས་ཀྱི་སའོ། །བཅོ་ལྔར་བཤད་པ་ནི་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་གསུངས་སོ། །དེ་དག་ལའང་ཀུན་ཏུ་འོད་སོགས་སློབ་དང་མི་སློབ་པ་རྣམས་རེ་རེར་བཅུ་གཉིས་བཅུ་གཉིས་ཀུན་ལ་དབྱེ་བས་སོ། །ཞེས་པ་ནི། ཀུན་ཏུ་འོད་ཀྱི་ས་ཆེན་པོ། དེ་ནི་ཉི་མའི་དཀྱིལ་འཁོར་ལས། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པད་མའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱི། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་རྟོགས་པར་བྱེད། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། ཞེས་གསུངས། །དེ་ཡང་རྣམ་རྟོག་དག་པས་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཕྱིར་ཀུན་ཏུ་འོད་དང༌། བདེ་བ་ཆེན་པོའི་བདག་ཉིད་རྒྱས་པའི་བདུད་རྩི་འོད་དང༌། སྤྲོས་པའི་སྣང་བ་ཐམས་ཅད་


TNT10_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཕྱིར་ནམ་མཁའི་འོད། བདེ་བ་ཆེན་པོ་མི་འགྱུར་ཞིང་རྟག་པའི་ཕྱིར་རྡོ་རྗེ་འོད་དང༌། སངས་རྒྱས་རྣམས་ཀྱིས་ཡང་ཡང་དབང་བསྐུར་བ་ལས་བྱུང་བའི་ཡོན་ཏན་འདོད་དགུར་འབྱུང་བའི་རིན་ཆེན་འོད་དང༌། འདོད་ཆགས་ཆེན་པོའི་བདག་ཉིད་ཡིན་ཡང༌། བདག་ཉིད་ལ་བག་མེད་དང་འདོད་ཆགས་ཀྱིས་མ་གོས་པས་པདྨ་ཆུས་མ་གོས་པ་དང་འདྲ་བའི་པདྨའི་འོད་དང༌། སངས་རྒྱས་ཀྱི་འཕྲིན་ལས་འགྲོ་བའི་དོན་མ་ལུས་པ་བྱེད་པས་ལས་ཀྱི་འོད་དང༌། དཔེ་གང་གིས་ཀྱང་མཚོན་དུ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་དཔེ་མེད་པའི་ས། རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དཔེ་ཐམས་ཅད་རྫོགས་པའི་དཔེ་ལྡན་གྱི་ས་དང་ཤེས་བྱའི་ཆོས་མཐའ་དག་མཁྱེན་པས་ཤེས་རབ་འོད་དང༌། དེ་བཞིན་གྱི་འོད་གསལ་བ་རང་གི་ངོ་བོ་ནི་ཐམས་ཅད་མཁྱེན་པའི་ས་དང༌། རྣམ་པ་ཐམས་ཅད་པ་དེ་གཉིས་སྣང་གི་ཆོས་དང་བྲལ་ཞིང་འགལ་འདུས་སྐྱོན་མེད་དེ་རང་གིས་རིག་ཅིང་རྟོགས་པས། སོ་སོ་བདག་ཉིད་རིག་པའི་ས་ཞེས་པ་སྟེ། མཚན་ཉིད་འདི་དག་དང་ལྡན་པའི་ས་བཅུ་གཉིས་པོ་འདི་ནི། སྦྱོར་ལམ་གྱི་ས་རྣམས་དང༌། འཕགས་ལམ་གྱི་ས་རྣམས་རེ་རེ་ལ་ཡང་གོང་གི་མཚན་ཉིད་བཅུ་གཉིས་པོའི་དབྱེ་བ་ཚངས་པར་ཡོད་པ་ཡིན་ནོ། །དེས་སའི་རྣམ་གཞག་ལམ་པ་སོང་ནས། དེ་དག་ལས་འཕྲོས་པའི་དོན་འགའ་ཞིག་བཤད་པ་ནི། རིམ་པ་དང་པོ་ཚོགས་ཀྱི་ས་དང་སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་ཏེ་གྲོལ་བ་ཆེན་པོར་ནི། ཀུན་ཀྱང་བགྲོད་བ་གཅིག་ཏུ་ཞུགས་ཤིང་སྣང་བ་ལ་སོགས་ཐོབ་ལ་བར་དོར་འདའ་དང་སྐྱེ་བའང་ཡོད། བདག་ལ་བྱིན་རླབས་ཐོབ་ལ་འཆི་བར་མི་འགྱུར་གང་ཕྱིར་གནས་སྐབས་གསུམ་འཕགས་པའི་གནས་ཐོབ་བོ། །གྲུབ་པའི་ཁྱད་པར་འགའ་དང་བརྩོན་


TNT10_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མིན་ཡང་རང་བཞིན་ལྷན་ཅིག་སྐྱེས་པས་ལུས་གཞན་ངེས་པར་བསྒྱུར། ཞེས་གསུངས་ཏེ། འདི་དག་གོང་གི་ས་ལམ་ལ་འཕྲོས་ནས་གསུངས་པ་ཡིན་ཞིང༌། དེ་ཡང་རིམ་པ་དང་པོ་སྟེ་བསྐྱེད་རིམ་མཐར་ཕྱིན་པས། ཚོགས་ཀྱི་ས་ཞེས་པ་ཚོགས་ལམ་ཆེན་པོ་ཐོབ་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་ཞེས་པ། དེ་ནས་གང་ཟག་དེ་ཚེ་འཕོས་ན་རིག་པ་འཛིན་པའི་གནས་སུ་སྐྱེ་བའམ་གནས་ཐོབ་པ་ཡིན་ལ། དེའི་རྟེན་ལ་ཟུང་འཇུག་གི་སྐུ་ཐོབ་པ་ཡིན་ཅིང༌། སྐྱེ་བ་གཅིག་བརྒྱུད་པར་སོང་བས་སྐྱེ་བ་གཅིག་གིས་ཐོགས་པའི་གང་ཟག་ཏུ་གྱུར་བ་ཡིན་ལ། དྲོ་བ་ཆེན་པོར་ཞེས་པ་དྲོད་ཆེན་པོ་ཐོབ་པར་གྱུར་ནས་ནི། ལམ་མི་གཅིག་པས་བགྲོད་པ་གཏན་ནས་མེད་པར་གང་ཟག་ཐམས་ཅད་ལམ་བགྲོད་པ་གཅིག་གིས་འཇུག་པ་ཡིན་པས། གཅིག་ཏུ་ཞུགས་ཤིང་ཞེས་པ་དང༌། སྣང་བ་ལ་སོགས་ཐོབ་ལ་ཞེས་པ། ཡང་སྣང་བ་དང་མཆེད་པའི་ས་ཐོབ་ནས་གང་ཟག་དེ་ཤི་ནས། འཆི་སེམས་ཀྱི་དོན་དུ་སེམས་དབེན་པའི་ཡེ་ཤེས་ཐོབ་ནས། བར་དོའི་དོད་ལ་མྱ་ངན་ལས་འདའ་ཞེས་པ་སྟེ། ཟུང་འཇུག་གི་སྐུ་ཐོབ་པ་དང༌། སྐྱེ་བའང་ཡོད་ཅེས་པ་རིག་པ་འཛིན་པ་ལྟ་བུར་སྐྱེ་བ་ལེན་པའང་ཡོད་ཅེས་པའི་དོན་ནོ། །བདག་ལས་བྱིན་རླབས་ཐོབ་ནས་ཏེ། གསོན་པའི་དུས་ན། བདག་བྱིན་རླབས་པའི་སྒྱུ་ལུས་ཀྱི་སྐུ་ཐོབ་ནས་ནི། གང་ཟག་དེ་ལ་འཆི་སྲིད་འབྱུང་བ་མི་འགྱུར་ཏེ། རྒྱུ་གང་གིས་ཕྱིར་ན། གནས་སྐབས་གསུམ་ལ་འཕགས་པའི་ས་ཐོབ་པོ་ཞེས་པ། བདག་བྱིན་རླབས་པ་ཐོབ་པའི་གང་ཟག་དེ་རྩོལ་བ་ཆེན་པོས་སྤྱོད་པ་གསུམ་ལ་སོགས་པ་སྤྱད་ཅིང་སྒྲུབ་ན་ནི། གནས་སྐབས་ཚེ་འདིར་འཕགས་པ་སྟེ་སློབ་པའི་ཟུང་འཇུག་འགྲུབ་པ་དང༌།


TNT10_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་ཟག་དེས་བདག་བྱིན་རླབས་པའི་སྒྱུ་ལུས་ཀྱི་སྐུ་ཐོབ་ཀྱང་གཡེངས་རྐྱེན་གྱིས་སྒོམ་ལོང་མ་བྱུང་བར་འཆི་བ་བྱུང་ན། དེ་ལ་གཞན་གྱིས་ཤི་བ་ལྟར་མཐོང་ཡང༌། རང་ཉིད་ལ་འཆི་བ་མཚན་ཉིད་པ་མེད་པར་དེའི་ཚབ་ཏུ་ཟུང་འཇུག་གི་སྐུ་ཐོབ་པ་དང༌། ཡང་གང་ཟག་དེའི་ཚེ་འཇུག་ལྟ་བུར་སྒྱུ་ལུས་ཀྱི་སྐུ་ཐོབ་བས་སྒོམ་ལོང་མ་བྱུང་ན། གོང་དུ་བཤད་པ་ལྟར་འཆི་བ་མཚན་ཉིད་པ་མེད་ཀྱང༌། འཆི་སེམས་ཀྱི་ཚབ་ཏུ་ལམ་སྒོམ་ཞིང་བར་དོར་སངས་རྒྱས་རྣམས་ཀྱིས་ཉེ་རྒྱུའི་དབང་བསྐུར་ནས། གནས་སྐབས་དེར་ཟུང་འཇུག་གི་སྐུ་འགྲུབ་པ་ཡིན་ནོ། །དེ་ནས་གྲུབ་པའི་ཁྱད་པར་འགའ་དང༌། བརྩོད་ལྡན་མིན་ཡང་རང་བཞིན་ལྷན་ཅིག་སྐྱེས་པས་ལུས་གཞན་ངེས་པར་བསྒྱུར་ཞེས་པ་ནི། བསྐྱེད་རིམ་གྱི་སྒོ་ནས་རི་ལུ་མིག་སྨན་སོགས་ཀྱི་དངོས་གྲུབ་འགྲུབ་ནས་ཐ་མལ་གྱི་ལུས་གནས་གྱུར་པའང་ཡོད། ཡང་རྫོགས་རིམ་གྱི་སྐབས་སུ་གནས་གྱུར་པའང་ཡོད་པ་སོགས་ལུས་གནས་གྱུར་འགྲོ་མཚམས་མང་ཡང༌། ལྷན་ཅིག་སྐྱེས་པའི་སྐུ་སློབ་པའི་ཟུང་འཇུག་ཐོབ་པའི་ཚེ་ནི། ཆོས་ཉིད་ཀྱི་ངེས་པར་ལུས་དེ་ཉིད་གཞན་དུ་གནས་འགྱུར་བ་ཡིན་ནོ། ། ༈ ལྔ་པ་རིམ་པ་གཉིས་པར་བཤད་པ་ལ། དང་པོ་བསྐྱེད་རིམ་གྱི་མཚན་ཉིད་བཤད་པ་ནི། འབྲས་བུ་དང་མཚུངས་རྟོག་པའི་རྒྱུ་ཅན་བདེ་བ་ཆེ་དང་སྟོང་པའི་རྣམ་པ་ལྷ་ཡི་གཟུགས་བརྙན་ནི། བདེ་བ་ཅུང་ཟད་ལམ་དུ་བྱཻད་ནུས་སྣང་དང་འཛིན་པ་ལྷོད་བྱེད་རྫོགས་པ་སྦྱོར་བ་དང་པོ་སྟེ། ཞེས་གསུངས་ཏེ། བསྐྱེད་རིམ་གྱི་ངོ་བོ་ནི་འབྲས་བུ་སངས་རྒྱས་ཀྱི་རྣམ་པ་བཞུགས་ཚུལ་དང་མཐུན་པ་ཞིག་དང༌། འཁོར་བའི་གནས་ལུས་ལོངས་སྤྱོད་དང་རྣམ་པ་མཐུན་པའི་སྒོ་ནས་སྦྱོངས་ཐུབ་


TNT10_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་དང༌། རྫོགས་རིམ་གྱི་ལམ་གྱི་གཞི་འདིངས་ཤིང་སྨིན་བྱེད་དུ་འགྲོ་བ་ཅིག་དང༌། རྟོག་པའི་རྒྱུ་ཅན་ཞེས་པ་ངོ་བོ་མི་རྟོག་པ་ལས་རང་ཤར་བ་མ་ཡིན་པར། རྣལ་འབྱོར་རྟོག་པའི་རྩོལ་བ་ལས་འབྱུང་ཞིང་གོམས་པ་ལས་ལྷ་སྐུར་ཤར་བ་ཡིན་པ། བདེ་བ་ཆེ་དང་ཞེས་པས། དེ་ཡང་བདེ་བ་ཆེན་པོར་ཤར་བ། སྟོང་པའི་རྣམ་པ་ཞེས་པས། དེ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་རྒྱས་ཐེབས་པ། ལྷའི་གཟུགས་ནི་ཞེས་པས། ཐ་མལ་གྱི་སྣང་བ་མ་ཡིན་པ་ལྷ་གང་དང་གང་བསྒོམས་པ་དེ་རྣམ་པ་ཤིན་ཏུ་གསལ་བ་དེ་ལྟ་བུ་ཡིན་ལ། དེ་ཉིད་སྒོམ་པ་གོམས་པས་ནི། བདེ་བ་ཅུང་ཟད་ལམ་དུ་བྱེད་ནུས་པ་ཡིན་ཏེ། ཕྲ་ཐིག་གི་རྣལ་འབྱོར་གྱི་སྒོ་ནས་འབར་འཛག་གི་བདེ་བ་མྱོང་ཞིང་ལམ་དུ་བྱེད་པ་ཡིན་པས། རྫོགས་རིམ་ལྟ་བུའི་བདེ་བ་ཆེན་པོ་མྱོང་མི་ཐུབ་པས། ལམ་དུ་བྱེད་ནུས་ཞེས་པའོ། །སྣང་དང་འཛིན་པ་ལྷོད་བྱེད་ཞེས་པས། དེ་ལྟ་བུའི་བྱེད་ལས་དེའི་བྱེད་པ་ནི། མ་དག་པའི་སྣང་བ་གནས་ལུས་ལོངས་སྤྱོད་ལ་སོགས་པ་རྣམ་པ་སྣ་ཚོགས་པར་ཤར་བའི་སྣང་ཞེན་དམ་པོ་འདི་ལྷོད་པོར་བྱེད་པ་དང། དེ་ལས་གང་ཟག་དང་ཆོས་ལ་སོགས་པ་འདི་དང་འདི་ལྟ་བུའོ་ཞེས་སྙམ་དུ་འཛིན་པའི་གཟུང་འཛིན་གྱི་བློ་བརྟན་པོ་རྣམས་བསྐྱེད་རིམ་གྱི་ལྷ་སྐུ་བསྒོམས་པས། དེ་དག་གི་སྣང་ཞེན་ལ་སོགས་པ་འཛིན་པ་བརྟན་པོ་རྣམས་འགག་ཅིང་ཅིང་ལྷོད་པོ་བྱེད་པ་དང༌། རྫོགས་པ་སྦྱོར་བ་ཞེས་པས། ལམ་གོང་བ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཞིང་མཚམས་སྦྱོར་བ་དང༌། རྫོགས་རིམ་སྒོམ་པའི་སྐལ་བ་ཅན་དུ་བྱེད་པ་ཡིན་ནོ། །རིམ་པ་གཉིས་པ་རྫོགས་རིམ་གྱིས་ནི། མ་བརྟགས་ལུས་དང་སེམས་ལ་ཡེ་ཤེས་འབྱུང་བ་དབུ་མར་བྱེད་པ་སྣ་ཚོགས་བཅིངས་པ་ཉིད་ལས་སོ། །ཞེས་གསུངས་


TNT10_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྫོགས་རིམ་གྱི་སྐད་དོད་ནི། ནིཥྤནྣི་ཀྲ་མ་ཞེས་པ། ནིཥྤནྣི་རྫོགས་པ་སྟེ། རྩོལ་མེད་དུ་ཐོབ་ཤུགས་འབྱུང་དུ་འབྱུང་བའི་དོན་དང༌། ཀྲ་མ་ནི་རིམ་པའོ། །ངོ་བོ་ནི་མ་བརྟགས་པ་ལ་རང་ཤར་བ་ཡིན་པ་སྟེ། དེ་ཡང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བ་ཞིག་ཡིན་ཏེ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ཞིག་མེད་ན། མ་བརྟགས་པ་ལས་འཆར་བ་ཙམ་མདོ་ལམ་ལས་ཀྱང་ཡོད་པས། གསང་སྔགས་ཀྱི་རྫོགས་རིམ་ལ་དེ་གཉིས་ཆར་ཚང་ཞིག་དགོས་པས། རྡོ་རྗེའི་ལུས་དང་སེམས་གཉིས་པོ་དེ་ལས་ཡང་དག་པའི་ཡེ་ཤེས་འབྱུང་བ་ཡིན་ཞིང༌། དེ་ཡང་རགས་པའི་རྩ་དབུས་མར། བྱེད་པ་སྣ་ཚོགས་བཅིངས་པ་སྟེ། བྱེད་བཅིངས་སྦྱོར་བ་སྣ་ཚོགས་ཀྱིས་རྣམ་རྟོག་གི་རྒྱུ་ཐ་མལ་གྱི་རླུང་སེམས་རྣམས་དབུ་མར་བཅུག་ཅིང་འགགས་པར་བྱས་པ་ཉིད་དོ། །དེ་ལ་དབྱེ་ན། བསྐྱེད་པས་དྲངས་དང་ནང་གི་བདེ་རིག་མངོན་སུམ་ལྷ་དག་ལྷན་ཅིག་སྐྱེས་པ་རྒྱུ་དང་བཅས་པར་དབྱེ། ཞེས་པས་ཏེ། བསྐྱེད་རིམ་གྱིས་སྣ་དྲངས་པའི་རྫོགས་རིམ་བཏགས་པ་བ་དང༌། དེ་དག་ལ་མ་ལྟོས་པར་ནང་གི་ཞུ་བདེ་ལྷན་སྐྱེས་རང་གིས་རིག་པ་ནི་པ་རྫོགས་རིམ་མཚན་ཉིད་པ་དང༌། རྣམ་རྟོག་ལ་སོགས་པའི་བློས་གསར་དུ་སྒོམ་པ་ལ་མ་ལྟོས་པར། མི་རྟོག་པའི་རྣལ་འབྱོར་དེ་ཁོ་ན་ཉིད་ཀྱི་སྦྱོར་བས། རྫོགས་རིམ་གྱི་ལྷ་སྐུ་རང་ཤར་དུ་བྱུང་བ་སྟེ། མངོན་སུམ་དང་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་པ་ལྟར་སྟེ། དེ་ལྟ་བུ་ནི་རྫོགས་རིམ་གྱི་མཚན་ཉིད་མཐར་ཐུག་པ་ཡིན་པ་དང༌། སྟོང་གཟུགས་དང་བདེ་ཆེན་གཉིས་ལྷན་ཅིག་པ་ཤར་བ་ཡང༌། རྫོགས་རིམ་གྱི་ཁྱད་ཆོས་གཅིག་དང༌། ཡང་དེ་


TNT10_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་རྒྱུ་སྟེ་ལུས་དབེན་ལྟ་བུ་ཡང་རྫོགས་རིམ་དངོས་མ་ཡིན་ཡང༌། རྫོགས་རིམ་གྱི་ཉེ་རྒྱུ་ཡིན་པས་དེའི་མིང་བཏགས་པ་སོགས་དབྱེ་བ་དེ་དག་ཡོད་དོ། ། ༈ དྲུག་པ་སྤྱོད་པའི་རྣམ་གཞག་རྒྱས་པར་བཤད་པ་ནི། གྲུབ་པ་སྤྱོད་པའི་རྒྱུ་ཅན་དང་པོ་ཆེ་དང་སྐུ་ཡི་དོན་དང་དེ་ཉིད་རྣམ་པར་སྦྱོང་བ་དང༌། ཞེས་པས་བསྟན་ཏེ། སྤྱོད་པ་ལ་དབྱེ་ན། བསྐྱེད་རིམ་གྱི་སྤྱོད་པ་དང༌། རྫོགས་རིམ་གྱི་སྤྱོད་པ་གཉིས་སོ། །ཐོག་མར་སྤྱོད་པ་དེ་དག་སྤྱོད་པའི་དུས། རགས་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས། རི་ལུ་ལ་སོགས་པའི་དངོས་སྒྲུབ་རྣམས་མ་གྲུབ་པ་འགྲུབ་པའི་ཕྱིར་སྤྱད་པ་སྤྱོད་པ་དང༌། ཕྲ་བའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་འདོད་གཟུགས་ཀྱི་རིག་པ་འཛིན་པ་བསྒྲུབ་པའི་ཕྱིར་སྤྱད་པ་སྤྱོད་པ་ནི་བསྐྱེད་རིམ་གྱི་སྤྱོད་པའི་དུས་དང༌། རྫོགས་རིམ་གྱི་སྤྱོད་པ་ནི། དངོས་གྲུབ་སྦྱོར་ལམ་དྲོད་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གང་ཡང་རུང་བའི་སྐབས་སུ། སྒྱུ་ལུས་བདག་བྱིན་རླབས་པའི་རིམ་པའི་རླུང་སེམས་ཀྱི་སྐུ་སྒྲུབ་དོན་དུ་སྤྱད་པ་སྤྱོད་པ་དང༌། སྦྱོར་ལམ་རྩེ་མོ་སོགས་ཀྱི་སྐབས་སུ་རླུང་སེམས་ཀྱི་སྐུ་དེ་འོད་གསལ་དུ་འཇུག་པའི་ཕྱིར་དང༌། སློབ་པའི་ཟུང་འཇུག་གི་སྐུ་ཐོབ་ན། འཕགས་པའི་ས་བཅུ་པའི་བར་དུ་སྤྱད་པ་སྤྱོད་པ་ནི། གཙོ་བོར་སེམས་ཅན་གྱི་དོན་སྣ་ཚོགས་གྱི་ཕྱིར་དུ་སྤྱོད་པ་དང༌། མངོན་བྱང་གོང་འོག་གི་སྐབས་སུ་ཉེ་རྒྱུའི་སྤྱད་པ་སྤྱོད་པ་ནི། རང་གཞན་གྱི་དོན་ཆེན་པོར་རྒྱུར་ཕྱིར་སྤྱོད་པ་སྟེ། དེ་དག་ཀྱང་ཕལ་ཆེར་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ལ། དེ་དག་ཏུ་མ་ཟད་གཞན་ཡང་ཉེ་ཚེ་བའི་ལམ་ལ་སྤྱོད་པའི་དུས་སྣ་ཚོགས་ཀྱི་དབྱེ་བ་མཐའ་གཅིག་ཏུ་མ་ངེས་སོ། །སྤྱོད་པའི་ངོ་བོ་ལ་སོགས་པ་ནི། ངོ་བོ་ཉིད་དང་དེ་བཞིན་གཞན་


TNT10_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱོད་པའི་དགོས་པ་བདག་སྟེ་སླར་ཡང་དེ་ནས་གཞན། གནས་ཀྱི་དབྱེ་བ་མཛད་དེ་དུས་དང་ཆོ་ག་ན་ཆོད་བསམ་པ་འདོད་ཆགས་ཤེས་རབ་ཀྱིས་ཀྱང་གཞན། ཞེས་པས་བསྟན་ཏེ་སྤྱོད་པའི་ངོ་བོ་ནི། ཡུལ་སྣ་ཚོགས་དང་བདེ་སྡུག་འདོད་ཡོན་ལ་སོགས་པ་ཐམས་ཅད། ནང་ཏིང་ངེ་འཛིན་དང་རོ་གཅིག་ཏུ་བསྲེས་ཏེ་བསྒོམ་པའོ། །ཇི་ལྟར་སྤྱོད་པའི་ཚུལ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དམ། ཀུན་དར། ཀུན་བཟང༌། ཕྱོགས་ལས་རྣམ་རྒྱལ་གསུམ་སྟེ། ཕྱག་རྒྱ་རིག་མ་མང་པོ་དང་བཅས་ཏེ་ཡུལ་སྣ་ཚོགས་སུ་རྒྱུ་ཞིང་འདོད་ཡོན་སྣ་ཚོགས་ལ་རོལ་ལ། དེ་དག་ཏུ་བརྡའ་དང་བརྡའི་ལན་དང༌། གླུ་གར་དང་བཅས་པའི་སྤྲོས་པ་རྒྱ་ཆེན་པོ་དང་བཅས་ཏེ་སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་དང༌། ཕྱག་རྒྱ་ཇི་ལྟར་འོས་པ་དང་བཅས་ཏེ། བརྡའ་ལ་སོགས་པའི་སྤྲོས་པ་ཕལ་ཆེར་སྤངས་ཏེ་སྤྱོད་པ་ནི་སྤྲོས་མེད་ཀྱི་སྤྱོད་པ་དང༌། ལས་རྒྱ་སྤངས་ཏེ་ཡེ་ཤེས་ཀྱི་རིག་མ་ཙམ་དང༌། འདོད་ཡོན་སྤངས་པ་ཤིན་ཏུ་སྤྲོད་མེད་ཀྱི་སྤྱོད་པའོ། །དགོས་པ་ནི་དངོས་གྲུབ་ཀྱི་ཁྱད་པར་འགའ་ཞིག་མ་གྲུབ་པ་འགྲུབ་པའི་ཕྱིར་དང༌། གྲུབ་པ་རྣམས་གོང་འཕེལ་དུ་འགྱུར་པའི་ཕྱིར་སྤྱོད་པའོ། །གནས་ནི་རང་གི་ཁྱྀམ་ཁོ་ནར་འདུག་བཞིན་པས་སྤྱོད་པ་དང༌། པཱུ་ལི་ར་མ་ལ་སོགས་པའི་ཡུལ་ཆེན་པོ་ཉི་ཤུ་རྩ་བཞིར་རྒྱུ་བ་གནས་ཀྱི་ཁྱད་པར་དང༌། དུས་ཀྱི་གོ་རིམ་ནི་ཐོག་མར་སྤྲོས་བཅས་དང༌། དེ་ནས་སྤྲོས་མེད་དང༌། དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱོད་དོ། །ཆོ་ག་ནི་དེ་དག་ཏུ་ལྷའི་རྣལ་འབྱོར་དང༌། སྔགས་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱ་ལ་སོགས་པ་ཆོ་གའི་རིམ་པ་རྒྱས་བསྡུས་རྣམས་དང༌། བསམ་པ་ནི། སྒྲུབ་པོ་རང་གི་མོས་པས་སྤྱོད་པ་གསུམ་གང་


TNT10_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་སྤྱོད་པ་དང༌། ན་ཚོད་ནི། གཞོན་ནུའི་སྐབས་སུ་སྤྲོས་བཅས་དང༌། དར་ལ་བབ་ནས་སྤྲོས་མེད་དང༌། རྒན་པོའི་དུས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱད་པ་སྤྱོད་དོ། །དེ་བཞིན་དུ་འདོད་ཆགས་ཤས་ཆེན་སྤྲོས་བཅས་དང༌། དེ་ལས་ཆུང་ནས་སྤྲོས་མེད་དང༌། ཤིན་ཏུ་ཆུང་ན་ཤིན་ཏུ་སྤྲོས་མེད་ཀྱི་སྤྱད་པ་སྤྱོད་དོ། །ཕྱག་རྒྱ་མང་པོ་ནི་སྤྲོས་བཅས་དང༌། ཉུང་ངུ་ནི་སྤྲོས་མེད་དང༌། སྤངས་པ་ཤིན་ཏུ་སྤྲོས་མེད་དོ། །སྤྱོད་པའི་ཡན་ལག་ཏུ་དགོས་པ་དྲག་ཤུལ་གྱི་སྤྱོད་པ་བསྟན་པ་ནི། དྲག་ཤུལ་གྱི་སྦྱོར་བ་རྣམ་པ་གཉིས་སུ་འགྱུར་ཏེ། རིམ་པ་གཉིས་པ་སྟོང་ཉིད་གོམས་པ་དག་གིས་སོ། །གཅིག་ནི་འཇིག་རྟེན་དངོས་གྲུབ་དོན་ནོ་གླང་པོའི་བདག་པོ་རྟ་ཡི་མཐའ་བཞིན་རྫོགས་པ་ལ་གནས་པས། །མཚན་མའི་སྤྱོད་པ་འཇུག་པ་ཉིད་དོ་ཞེས་པས་བསྟན་ཏེ། དེ་ལ་སྡིག་སྦྱོར་གྱི་ལས་སེམས་ཕུར་བུས་གདབ་པའམ། དྲག་ཤུལ་གྱི་སྦྱོར་བ་ཞེས་བྱ་བ། དངོས་གྲུབ་ཀྱི་དོན་དུ་ལྷ་གནད་ལ་དབབ་པ་ཡིན་ཏེ། དེའི་སྦྱོར་བ་ནི་རྣམ་པ་གཉིས་ཡིན་ཏེ། བསྐྱེད་རིམ་དང་རྫོགས་རིམ་ལ་སྟོང་ཉིད་ཀྱི་རྣལ་འབྱོར་གོམས་པ་དག་གིས་བྱ་དགོས་པ་ལས། དང་པོ་བསྐྱེད་རིམ་གྱི་དྲག་ཤུལ་སྦྱོར་བ་ནི་བསྐྱེད་རིམ་གྱི་རྣལ་འབྱོར་ལ་གནས་པའི་གང་ཟག་ལ་གཉིས་ཡོད་དེ། སྔགས་ལ་གཞོལ་བའི་རྣལ་འབྱོར་པ་དང༌། ནང་ལ་གཞོལ་བ་གཉིས་ཡོད་པའི་ནང་ལ་གཞོལ་བའི་རྣལ་འབྱོར་པ་ལ་ནི། དྲག་ཤུལ་གྱི་སྦྱོར་བ་དགོས་པ་མ་ཡིན་ལ། སྔགས་ལ་གཞོལ་བའི་རྣལ་འབྱོར་པ་ལ་དགོས་པ་ཡིན་ཞིང༌། དེ་ཡང་གཅིག་ནི་སོགས་ཀྱི་དོན་དེ། རགས་པའི་བསྐྱེད་རིམ་བརྟན་པ་ནི་སྔགས་ལ་གཞོལ་བ་ཡིན་པས། དེས་རིལ་ལུ་མིག་སྨན་སོགས་དངོས་གྲུབ་སྒྲུབ་པའི་ཕྱིར་དུ།


TNT10_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལན་གསུམ་བསྐྱར་ནས་ཟླ་བ་དྲུག་ལ་སོགས་པའི་བར་དུ་སྤྱད་ཀྱང་མ་གྲུབ་ན། དེའི་ཚེ་སྔགས་ཀྱི་ལྷ་ལ་ཕུར་བུའི་འདེབས་པ་སོགས་དྲག་ཤུལ་གྱི་སྦྱོར་བ་བྱས་པས་དངོས་གྲུབ་འགྲུབ་པ་ཡིན་ནོ། །རྫོགས་རིམ་གྱི་རྣལ་འབྱོར་པ་ལ་དྲག་ཤུལ་གྱི་སྦྱོར་བ་མི་དགོས་པར་འདོད་པ་ཡང་བྱུང་མོད། རང་ལུགས་ལ་ནི་རྫོགས་རིམ་ལ་ཡང་དགོས་པའི་སྐབས་ཀྱང་ཡོད་པ་ཡིན་ལ། དེ་ཡང་གླང་པོའི་བདག་པོ་སོགས་ཀྱི་དོན་ཏེ། རྫོགས་རིམ་གྱི་རྣལ་འབྱོར་བ་དེས། མཆོག་གི་དངོས་གྲུབ་ཀྱི་དོན་དུ། སྤྱོད་པ་ལན་གསུམ་བསྐྱར་བ་ཟླ་བ་དྲུག་ཏུ་སྤྱད་ཀྱང་མ་གྲུབ་ན། རྫོགས་རིམ་གྱི་འཕྲོས་རེ་ཞིག་བཞག་ནས། མཚན་མ་དང་བཅས་པའི་བསྐྱེས་རིམ་གྱི་སྤྱོད་པ་དྲག་ཤུལ་སྦྱོར་བ་དང་བཅས་པ་ལ་བཞུགས་པས་འགྲུབ་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ཞིག་གིས་རི་ལ་བགྲོད་པ་ལ་བཞོན་པ་གླང་པོ་ཆེ་ལ་གནས་ནས་གཡུལ་འཐབ་པ་ལ་འཁྲུགས་པས་རྒྱལ་བར་མ་གྱུར་ན། དེ་ལས་བབས་ཏེ་རྟ་ལ་གནས་ཏེ་འཐབ་པས་རྒྱལ་བ་བཞིན་ནོ། དེས་ན་རྫོགས་རིམ་ལ་གནས་པའི་རྣལ་འབྱོར་བ་འགའ་ཞིག་ལའང་མཚན་བཅས་ཀྱི་སྤྱོད་པ་དྲག་ཤུལ་སྦྱོར་བ་དང་བཅས་པ་ལ་འཇུག་དགོས་པ་ཉིད་དོ། །གཞན་ཡང་འཕྲོས་དོན་ནི། དབང་བསྐུར་བ་དང་ཡོངས་སུ་འབྲེལ་བའི་ཉེ་བའི་རྒྱུ་ཞེས་བྱ་བ། སེམས་དབེན་པ་དང་ངེས་པར་བྱང་ཆུབ་གཉིས་ཀྱང་དབང་ལས་གྱུར་པ་སྤུལ་དང་ལོངས་སྤྱོད་རྫོགས་ལས་སོ། །ཞེས་པ་ནི། སྤྱོད་པ་སྤྱད་པའི་རྣལ་འབྱོར་པ་དེ་ལ་དབང་བསྐུར་བ་དང་ཡོངས་སུ་འབྲེལ་བ་ནི་ཉེ་རྒྱུ་མངོན་བྱང་ཞེས་བྱ་བ་ཡིན་ཏེ། དེ་ཡང་སེམས་དབེན་གྱི་རྣལ་འབྱོར་པ་དེ། སྤྱོད་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་མིའི་རྟེན་ཅན་གྱིས་དབང་བསྐུར་བ་ཡིན་ལ། དེ་ཡང་མོས་པ་ལམ་བྱེད་ཙམ་མ་ཡིན་པར་དངོས་སུ་རིག་མ་དངབཅས་པས་དབང་


TNT10_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ཡིན་ལ། དེའི་རྒྱུད་དམ་ཚིག་མ་ཉམས་པ་དང༌། རྟེན་འབྲེལ་གྱི་ཉེ་རྒྱུས་དབང་བསྐུར་བ་འོག་མར་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་དབང་བསྐུར་བ་ཡིན་ཏེ། སྐུ་དངོས་སམ། སྔར་གྱི་རྡོ་རྗེ་སློབ་དཔོན་དེའི་ཚུལ་བཟུང་ནས་སམ། དེ་ལ་བྱིན་གྱིས་རླབས་ནས་དབང་བསྐུར་བ་དང༌། མངོན་བྱང་གོང་མར་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལས་དབང་བསྐུར་བ་ཐོབ་པ་ཡིན་ནོ། །༈ བདུན་པ་འབྲས་བུ་ནི། བཞི་དང་བཅུ་དྲུག་སྐུ་སྟེ་ཡེ་ཤེས་རྣམ་པ་ལྔ་ནི་ཡན་ལག་བདུན་དང་ལྡན་པ་འབྲས་བུ་སྟེ། སྐུ་དང་བརྗོད་ཚུལ་ཞིང་དང་མཛད་པ་འདི་ལ་རང་རྒྱུད་བདེན་པ་གཉིས་ཀྱི་དབྱེ་བས་སོ། །ཞེས་གསུངས་པས། སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཆོས་ཀྱི་སྐུ་དང༌། བདེ་བ་ཆེན་པོའི་སྟེ་བཞི་དང༌། དེ་དག་ལས་དབྱེ་བའི་སྤྲུལ་པའི་སྐུའི་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་ཏེ་བཞི་དང༌། ལོངས་སྐུའི་སྐུ་དང༌། གསུང་དང༌། ཐུགས་དང་ཡེ་ཤེས་ཏེ་བཞི་དང༌། ཆོས་སྐུའི་སྐུ་དང༌། གསུང་དང་ཐུགས་དང༌། ཡེ་ཤེས་ཏེ་བཞི་དང༌། བདེ་བ་ཆེན་པོའི་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་ཏེ་བཅུ་དྲུག་གོ །ཡེ་ཤེས་རྣམ་པ་ལྔ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོགས་པའི་ཡེ་ཤེས་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་དང༌། ཆོས་དབྱིངས་ཡེ་ཤེས་ཏེ་ཡེ་ཤེས་ལྔ་དང༌། དེ་དག་ཀྱང་གསང་སྔགས་ཐུན་མོང་མ་ཡིན་པའི་སྐབས་འདིར། གོང་དུ་བཤད་པའི་ཡན་ལག་བདུན་དང་ལྡན་པ་ཉིད་ནི། དེ་ནི་འབྲས་བུ་ཡིན་ལ། དེ་དག་ལས་ལོངས་སྐུ་དང་སྤྲུལ་སྐུ་རྣམ་པ་གཉིས་དང༌། བརྗོད་ཚུལ་ཏེ་གསུང་དམ་ཆོས་དང༌། དེ་དག་གི་ཞིང་ཁམས་དང༌། མཛད་པ་འཕྲིན་ལས་ཏེ། གཞི་པོ་འདི་ལ་རང་རྒྱུད་ཀྱི་བདེན་པ་རེ་དང༌། གདུལ་བྱ་གཞན་སྣང་གིས་བསྡུས་པ་རེ་སྟེ་གཉིས་སུ་དབྱེ་དགོས་པ་


TNT10_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། ། ༈ རྩ་བའི་གསུམ་པ་མཐར་ཕྱིན་པའི་བྱ་བ་ནི། དེ་ལྟར་བདག་གི་བླ་མ་ཆེན་པོའི་གཞུང་ནི་ཚིགས་བཅད་བརྒྱ་ཕྲག་གཉིས་ལས་སྙིང་པོ་ཙམ་ཞིག་བསྡུས། ལམ་ནི་ལྔ་པ་བསྟན་པའི་དོན་འདིར་འབད་པའི་མཐུ་ལས་འགྲོ་བ་ཀུན་ལ་ཡེ་ཤེས་རྒྱས་གྱུར་ཅིག།ཅེས་པ་སྟེ། དེའི་དོན་ནི། དེ་ལྟ་བུའི་བདག་གི་བཤད་པའི་གཞུང་འདི་ནི། བླ་མ་ཆེན་པོ་སྟེ་གྲུབ་ཆེན་ཞི་བ་སྦས་པས་མཛད་པའི་ལམ་ལྔ་བསྟན་པ་ཞེས་བྱ་བ་གཞུང་ཚིགས་བཅད་བརྒྱ་ཕྲག་གཉིས་ཡོད་པ་དེ་ལས། དོན་གྱི་སྙིང་པོར་གྱུར་པའི་གཞུང་ཚིགས་བཅད་བཅུ་པ་འདི་སློབ་དཔོན་བུདྡྷ་གུཔྟ་ནཱ་ཐ་བདག་གིས་བསྡུས་པ་ཡིན་ལ། དེ་ལྟ་བུའི་ལམ་ལྔ་རྣམ་པ་བསྟན་པའི་དོན་འདིར་འབད་པ་ལས་བྱུང་བའི་དགེ་བ་དེ་དག་གང་ཡིན་པ་དེའི་མཐུ་ལས། འགྲོ་བ་དྲུག་གི་སེམས་ཅན་མ་ལུས་པ་འདི་དག་ཀུན་ལ། བདེ་བ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་རྒྱས་པར་གྱུར་ཅིག་ཅེས་དགེ་བ་བསྔོ་བར་མཛད་པའོ། །ཞེས་པས་ཏེ། དེ་ལྟ་བུའི་གཞུང་འདིའི་མིང་ནི་ཚིགས་བཅད་བཅུ་པ་ཞེས་བྱ་བའི་ལམ་གྱི་རིམ་པའོ། གཞུང་འདི་སུ་ཞིག་གིས་མཛད་ཅེ་ན། སློབ་དཔོན་བུདྡྷ་གུཔྟ་ནཱ་ཐས་ཉེ་བར་སྦྱར་བའོ། །ཞེས་པ་སྟེ། བོད་སྐད་དུ་སློབ་དཔོན་སངས་རྒྱས་སྦས་པའི་མགོན་པོས་སྦྱར་བའོ། །ཞེས་པའོ། །འོ་ན་གཞུང་འདི་སུ་ཞིག་གིས་བསྒྱུར་ཞེ་ན། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་སྙིང་པོས་གཞུང་མཛད་པ་པོའི་བླ་མ་དེ་ཉིད་ལ་ལེགས་པར་བསྙེན་བཀུར་ཞིང་བསྟེན་ཅིང་གསན་ནས། སླར་ཡང་བླ་མ་དེ་ཉིད་ཀྱི་སློབ་མར་གྱུར་པ་པཎྜི་ཏ་པཱུརྞ་བཛྲ་སྟེ་གང་བའི་རྡོ་རྗེ་ལ་ཞུས་ནས་ཏཱ་ར་ནཱ་ཐས་བསྒྱུར་བའོ། །ཞེས་པ་སྟེ་ཏཱ་ར་ཐཱ་ནི་སྒྲོལ་བའི་མགོན་པོ་སྟེ་དེས་རང་འགྱུར་དུ་མཛད་པའོ། །གཞུང་འདིའི་འགྲེལ་བ་ཟིན་བྲིས་སུ་བགྱི་བ་པོ་ནི། རྗེ་བཙུན་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་སློང་ཡེ་ཤེས་རྒྱ་མཚོ་བདག་གིས་རང་རྟོག་གི་དྲི་མས་མ་གོས་པ་བགྱི་བ་ལྷུར་བླངས་པའོ། །གཅིག་ཞུས་དག །སརྦ་མངྒ་ལཾ་ཀརྨ་ཀུ་རུ་མཾ། །

རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད།


TNT10_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ཅེས་བྱ་བ་བཞུགས།


TNT10_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་ལས་བྱུང་བའི་སྔགས་དང༌། དེའི་ཆོ་ག་ལམ་གྱི་གཙོ་བོར་སྟོན་པ་ལ། གསང་སྔགས་རྡོ་རྗེ་ཐེག་པ་ཞེས་བྱ་བ་ཡིན་ཏེ། འདི་ནི་ཐེག་པ་གཞན་ལས་ཁྱད་པར་འཕགས་པའི་ཚུལ་སྤྱིར་མང་དུ་ཡོད་ཀྱང་གཙོ་བོ་ནི་ལས་ཚོགས་དང༌། དངོས་གྲུབ་བསྒྲུབ་ཚུལ་དང། ལྷ་དང༌། སྔགས་དང༌། ལུས་ལ་གནད་དུ་བསྣུན་པ་སོགས། ཐེག་པ་གཞན་ལ་མེད་པའི་ཐབས་མང་བ་སྟེ། སློབ་དཔོན་ཏྲི་པི་ཊ་ཀ་མཱ་ལས་མཛད་པའི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ཐབས་མང་བར་བཤད་པ་ལ་སོགས་པའོ། །


TNT10_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཞན་ཡང་གསང་བ་མཛོད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཤིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་དག་ན། །མ་བསྒོམ་པར་ཡང་སངས་རྒྱས་འགྱུར། །ཞེས་གསུངས་པ་ལྟར། ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནུས་པ་ནས་སྐྱེ་བ་བདུན་ནམ་བཅུ་དྲུག་གམ། བྱ་རྒྱུད་ལྟ་བུར་མ་མཐའ་ཤིན་ཏུ་ཐོགས་ཀྱང་བསྐལ་བ་བརྒྱད་ཀྱིས་སངས་རྒྱས་འགྲུབ་པའི་ཕྱིར་ལམ་མྱུར་བ་སྟེ། གསང་འདུས་ལས། སེམས་ཅན་མཚམས་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །ཅེས་གསུངས་ཤིང༌། ཡང་དེ་ཉིད་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ལྟར་རོ། །ཡང་དེར་མ་ཟད། བཀའ་


TNT10_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དང་དཀའ་སྤྱད་མི་དགོས་པར་འདོད་ཡོན་གྱི་བདེ་བ་བསྟེན་པས་དངོས་གྲུབ་འགྲུབ་པ་སོགས་བདེ་བས་སངས་རྒྱས་ཐོབ་པའང་ཡིན་ཏེ། ཐབས་མང་བ་དང༌། དུས་མྱུར་བ་དང༌། འཇུག་པ་བདེ་བ་སྟེ་ཁྱད་ཆོས་གསུམ་པོ་འདིའི་སྒོ་ནས། ཐེག་པ་གཞན་ཐམས་ཅད་ལས་མཆོག་ཏུ་འགྱུར་པ་ཡིན་ནོ། །དེ་ལ་དབྱེ་ན་རྒྱུད་སྡེ་གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། དྲུག་ལ་སོགས་པའི་བར་དུ་དབྱེ་བ་ཡོད་པ་ལས། གཙོ་བོར་རྒྱུད་སྡེ་བཞི་ཡིན་ལ། དེའི་ནང་ཚན་རྒྱུད་སྡེ་དང་པོ་བྱ་རྒྱུད་ལ་དབྱེ་ན། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེ་རིགས་ཏེ་འཇིག་རྟེན་འདས་པའི་རིགས་གསུམ་དང༌། ནོར་བུའི་རིགས་དང༌། ལྔ་རྩེན་གྱི་རིགས། འཇིག་རྟེན་ཕལ་པའི་རིགས་ནི་འཇིག་རྟེན་པ་གསུམ་སྟེ། དེ་ལྟར་རིགས་དྲུག་གོ །དེ་བཞིན་གཤེགས་པའི་རིགས་ལ་དམ་ཚིག་གསུམ་བཀོད། ཚེ་དཔག་མེད། མི་འཁྲུགས་པ། སྨན་བླ་སོགས་སངས་རྒྱས་དངོས་རྣམས་གཙོ་བོའི་རིགས་ཡིན་ལ། འཇམ་དཔལ་གྱི་རིགས་རྣམས་རིགས་ཀྱི་བདག་པོ་དང༌། གཙུག་གཏོར་རྣམ་རྒྱལ་གདུགས་དཀར་དྲི་མེད་སོགས་རིགས་ཀྱི་གཙུག་གཏོར་དང༌། སྤྱན་རས་གཟིགས་དང༌། ཕྱག་རྡོར་འཁོར་བཅས་མ་གཏོགས། བྱང་སེམས་རྣམས་རིགས་ཀྱི་སེམས་དཔའ་དང༌། སངས་རྒྱས་སྤྱན་མ། གཟུངས་གྲྭ་ལྔ་ལ་སོགས་པ་རིགས་ཀྱི་ཡུམ་དང༌། གཤིན་རྗེ་གཤེད་ནི་རིགས་ཀྱི་ཁྲོ་བོ་དང་རིག་པའི་བདག་པོ་དང༌། མི་


TNT10_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ལ་སོགས་པ་རིགས་ཀྱི་ཕོ་ཉ་དང༌། འཕགས་མ་འོད་ཟེར་ཅན་མ་དང༌། རི་ཁྲོད་མ་ལོ་མ་གྱོན་མ་སོགས་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང༌། གཞན་གྱིས་མི་ཐུབ་མ་དང༌། ཕྱིར་བཟློག་ཆེན་མོ་ལ་སོགས་པ་རིགས་ཀྱི་ཕོ་ཉ་མོ་ཡིན་ནོ། །པདྨའི་རིགས་ལ། རིགས་ཀྱི་གཙོ་བོ་འཕགས་པ་སྤྱན་རས་གཟིགས་ཡིན་ལ། བཅོམ་ལྡན་མ་གོས་དཀར་མོ་སོགས་རིགས་ཀྱི་ཡུམ་དང༌། སྒྲོལ་མ་སོགས་རིགས་ཀྱི་ལྷ་མོ་དང་དོན་ཡོད་ཞགས་པ་དང༌། ཧ་ལ་ཧ་ལ་སོགས་རིགས་ཀྱི་སེམས་དཔའ་དང༌། རིགས་ཀྱི་བདག་པོ་ཞེས་བྱ་བ་རིགས་ཀྱི་ཁྲོ་བོ་ནི་རྟ་མགྲིན་ནོ། །རལ་གཅིག་མ་ལ་སོགས་པ་རིགས་ཀྱི་ཁྲོ་མོ་དང། སྲིན་མོ་རལ་གཅིག་མ་དང༌། དཔལ་ཆེན་མོ་ལ་སོགས་པ་ནི་རིགས་ཀྱི་ཕོ་ཉ་མོའོ། །རྡོ་རྗེའི་རིགས་ལ། རིགས་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེ། རིགས་ཀྱི་ཡུམ་ལྷ་མོ་མཱ་མ་ཀཱི་དང་མེ་ལྟར་རབ་ཏུ་རྨོངས་བྱེད། རྡོ་རྗེ་མི་ཕམ་མོ་ལ་སོགས་པའོ། ། རིགས་ཀྱི་སེམས་དཔའ་ནི་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་ཡིན་ཡང་ཁྲོ་བོའི་ཁོངས་སུ་འདུས། རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ། རིགས་ཀྱི་ཕོ་ཉ་སྟོབས་པོ་ཆེ་ལ་སོགས་པ། རིགས་ཀྱི་ཕོ་ཉ་མོ་རྡོ་རྗེ་ལྕགས་སྒྲོགས་མ་ལ་སོགས་པ་དྲུག་ཅུ་རྩ་བཞི་ཡོད་པར་གསུངས། ནོར་བུའི་རིགས་ཀྱི་རྒྱུད་ནི། གནོད་སྦྱིན་ནོར་བུ་བཟང་པོས་བཤད་པ་སྟེ། ཛམྦྷ་ལ་དང་ནོར་རྒྱུན་མ་ལ་སོགས་པའི་རྒྱུད་དོ། །ལྔ་རྩེན་གྱི་རིགས་ནི། གནོད་སྦྱིན་ལྔ་རྩེན་ཉིད་


TNT10_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཕྲོག་མ་དང༌། བུ་དགའ་བྱེད་ལ་སོགས་པའོ། །འཇིག་རྟེན་པའི་རིགས་ལ་ཚངས་པ། དབང་ཕྱུག ཁྱབ་འཇུག ཟླ་བ། ཉི་མ། མཁའ་ལྡིང་རྣམས་གཙོ་བོར་བཤད་ཅིང་སྤྱིར་ལྷ་ཀླུ་གནོན་སྦྱིན། དྲི་ཟ་མིའམ་ཅི། ལྷ་མ་ཡིན། མཁའ་ལྡིང༌། འབྱུང་པོ་སྟེ་སྡེ་བརྒྱད་ཀྱི་རིགས་མཐའ་ཡས་པ་རྣམས་སོ། །དེ་ལྟར་བྱ་བའི་རྒྱུད་ཀྱི་རིགས་ཀྱི་དབྱེ་བ་རྣམས་བཤད་ནས། རྗོད་བྱེད་ཚིག་གི་རྒྱུད་ལ་དབྱེ་ན། མདོ་སྡེ་དང༌། རྒྱུད་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་ལྔ་ཡོད། དང་པོ་ནི། གསེར་འོད་དམ་པ་ལྟ་བུ་ཆོ་ག་བསྡུས་ཤིང་ས་ལམ་འབྲས་བུའི་རྣམ་གཞག་མང་བ་གཅིག་ལ་ཟེར། གཉིས་པ་ནི། ཆོ་ག་རྒྱས་ཤིང་ས་ལམ་བསྡུས་པ་སྤྱི་རྒྱུད་གསུམ་དང་ཞལ་བཅུ་གཅིག་པའི་གཟུངས་ལ་སོགས་པའོ། །སྤྱི་རྒྱུད་གསུམ་པ་ནི། གསང་བ་སྤྱི་རྒྱུད་དང༌། དཔུང་བཟང་གིས་ཞུས་པ་དང༌། ལེགས་གྲུབ་ཀྱི་རྒྱུད་གསུམ་མོ། །གསུམ་པ་ནི། གནོད་སྦྱིན་མའི་རྟོག་པ་ལྟ་བུ་ཆོ་གའམ་སྒྲུབ་ཐབས་ཀྱི་རྣམ་གྲངས་གཅིག་ཁོ་ན་ཞིབ་མོར་སྟོན་པའོ། །བཞི་པ་ནི། འཇམ་དཔལ་རྩ་རྒྱུད་དང༌། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་སོགས་ཆོ་ག་དང༌། ས་ལམ་གཉིས་ཀ་རྒྱས་པར་བསྟན་པའོ། །ལྔ་པ་ནི་གཟུངས་སྔགས་ཕན་ཡོན་དང་བཅས་པ་ཙམ་སྟོན་པ་འོད་ཟེར་ཅན་མའི་གཟུངས་ལ་སོགས་པའོ། །དེ་ལྟ་བུའི་བྱ་རྒྱུད་ཀྱི་ཉམས་ལེན་ལམ་གྱི་རིམ་པ་ནི། སྨིན་བྱེད་ཀྱི་དབང་ལ་ཆུ་དང་ཅོད་པན་གྱི་དབང་ཙམ་ལས་མེད་ཅིང༌།


TNT10_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བྱ་རྒྱུད་རང་ལུགས་ཀྱི་སློབ་དཔོན་གྱི་གོ་འཕང་ཐོབ་ཕྱིར་དུ་བསྐུར་བ་དང༌། སྔགས་བསྒྲུབ་པའི་དོན་དུ་སློབ་མའི་དབང་བསྐུར་བ་དང༌། བར་ཆད་ཞི་བའི་དོན་དུ་དབང་བསྐུར་བ་དང༌། འབྱོར་བ་ཐོབ་པའི་ཕྱིར་དུ་དབང་བསྐུར་བ་སྟེ། དགོས་པའི་དབང་གིས་ཕྱཻ་བས་དབང་བསྐུར་ཚུལ་བཞི་ཡོད།རྒྱུད་འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཁོ་ན་བཤད། གྲོལ་བྱེད་ཀྱི་ལམ་ལ་མཚན་བཅས་མཚན་མེད་གཉིས་ཀྱི་དང་པོ་ལ། བདག་བསྐྱེད་ཀྱི་ལྷའི་རྣལ་འབྱོར་མེད་ཅིང༌། མདུན་བསྐྱེད་ལ་ཡང་དམ་ཚིག་པ་བསྐྱེད་པ་མེད་དེ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཕྱག་རྒྱ་བསྟན། མཆོད་པ་ཕུལ་ཏེ་སྔགས་བཟླས་ནས་མཐར་གཤེགས་སུ་གསོལ་བ་ཙམ་ཡིན། གཉིས་པ་ནི་སྟོང་པ་ཉིད་བསྒོམ་པ་སྟེ། མདོ་དང་ཐུན་མོང་བ་ཁོ་ནའོ། ། གྲུབ་པ་འབྲས་བུའི་དུས་ནི། རྒྱུད་སྡེ་འདིར་ཞུགས་ན་དབང་པོ་རྣོན་པོས་བསྐལ་པ་བརྒྱད་ནས་སངས་རྒྱས་ཐོབ་པར་བཞེད། དྲག་པོའི་ལས་ཐོབ་པའི་སྐབས་འགའ་དང༌། ཁྲོ་བོ་འཆོལ་པ་སྟོབས་པོ་ཆེ་བསྒྲུབས་པ་ལ་སོགས་པ་དམིགས་བསལ་ཅན་རྣམས་མ་གཏོགས་ཁྲུས་དང་གཙང་སྦྲ་དང་སྙུང་གནས་ལ་སོགས་པའི་དཀའ་ཐུབ་དང༌། མཆོད་རྫས་ཀྱང་སྲོག་ཆགས་ཀྱི་ལུས་དང་མ་འདྲེས་པ་གཙང་མ་ཁོ་ན་དགོས་པར་བཞེད་ཅིང༌། བསྙེན་པ་དང་བསྒྲུབ་པའི་དུས་ཚངས་སྤྱོད་དགེ་བསྙེན་ཡད་ཆོད་ཀྱི་སྤྱོད་པ་ལ་བརྟེན་དགོས་པ་དང༌། རྒྱུད་ཀྱི་ནང་སེལ་རེ་རེ་ཙམ་ལས་མདུན་


TNT10_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལྷ་ཕོ་མོ་ཕན་ཚུན་གཟིགས་པ་ལ་བསྒྲུབ་པ་རང་ཉིད་ཕར་ལྟ་བའི་ཆགས་ལམ་ཙམ་བཤད་དོ། །རྒྱུད་སྡེ་གཉིས་པ་སྦྱོད་བའི་རྒྱུད་ནི། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱཽད་པས་སྤྱོད་པའི་རྒྱུད་ཅེས་བྱ་ཞིང་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་གཉིས་ཀའི་རྒྱུད་ཅེས་ཀྱང་ཟེར་རོ། །འདི་ལ་དབྱེ་ན་རིགས་གསུམ་སྟེ། སྐུའི་རིགས་དང༌། གསུང་གི་རིགས་དང༌། ཐུགས་ཀྱི་རིགས་སོ། དེ་ལ་སྐུའི་རིགས་ནི། རིགས་གསུམ་གྱི་གཙོ་བོ་ཡིན་ལ། བོད་དུ་འགྱུར་བའི་དབང་དུ་བྱས་ནས་སྤྱོད་རྒྱུད་མཐའ་དག་གི་གཙོ་བོའམ་རྩ་བར་གྱུར་བ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཡིན་ཅིང༌། དེ་ལས་ལྷའི་རྣམ་གྲངས་མང་པོ་སྟོན་ཀྱང་གཙོ་བོ་སངས་རྒྱས་རྣམ་སྣང་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཅན་སྐུ་མདོག་སེར་པོ་ཕྱག་མཉམ་གཞག་མཛད་པ་ཅིག་གསུངས། བྱ་རྒྱུད་དུ་སངས་རྒྱས་རྣམས་རང་བྱུང་ཆགས་བྲལ་གྱི་རྣམ་པ་ཁོ་ནར་བཤད། འདི་ནས་བརྩམས་ཏེ་རྒྱུད་སྡེ་གོང་མ་རྣམས་སུ་སངས་རྒྱས་ཞི་བ་སྐུ་རྒྱན་དང་ལྡན་པ་དང༌། ཁྲོ་ཆགས་ཀྱི་སྐུ་ལ་སོགས་པ་མ་ངེས་པ་མང་དུ་གསུངས་སོ། །དེ་ལྟར་ན་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་དང༌། རིགས་ཀྱི་ཁྲོ་བོ་མི་གཡོ་བ་བརྟུལ་ཕོད་པའི་རྒྱུད་དང༌། གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་གཉིས་སོ། །གཉིས་པ་ལ་གསུང་གི་རིགས་ནི་བོད་དུ་མ་འགྱུར། གསུམ་པ་ཐུགས་ཀྱི་རིགས་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཡིན་ལ། འདི་ལས་ལྷའི་རིགས་མང་དུ་བཤད་ཀྱང༌། གཙོ་བོ་ཕྱག་ན་རྡོ་རྗེ་ཞི་བ་ཡིན། འོད་ཟེར་ཅན་


TNT10_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྷ་མང་གི་རྒྱུད་འདི་བོད་དུ་སྔར་བྱ་རྒྱུད་དུ་གྲགས་ཀྱང་རང་ལུགས་སྤྱོད་རྒྱུད་ཡིན་པས་སྐུའི་རིགས་སུ་བསྡུ་དགོས། ངན་སོང་སྦྱོང་རྒྱུད་ཀྱང་རྣལ་འབྱོར་རྒྱུད་ཡིན་པར་གྲགས་ཀྱང༌། རང་ལུགས་སྤྱོད་རྒྱུད་ཡིན། དཀྱིལ་འཁོར་སྐུ་གསུང་ཐུགས་འདྲེས་པར་བསྟན་པས། རིགས་གསུམ་ཀ་འདྲེས་པའི་རྒྱུད་དུ་འགྲོ་ཞིང་འདི་ལས་དཀྱིལ་འཁོར་བཅུ་གཉིས་བཤད་པའི་རྩ་བ་ནི་ཀུན་རིག་ཡིན་ནོ། །དེ་ལྟར་སྤྱོད་རྒྱུད་ཀྱི་དབྱེ་བ་བཤད་ཟིན་ནས། ཉམས་ལེན་གྱི་རིམ་པ་ནི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ལམ་གྲུབ་པ་འབྲས་བུའི་དུས་ཏེ་གསུམ་ལས། དང་པོ་ནི། ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། མིག་ཐུར་མེ་ལོང་གི་དབང་བསྐུར་སོགས་མཐའ་རྟེན་ལྷག་པོ་དང་སྤྱོད་རྒྱུད་ཀྱི་ནང་ནས་རིགས་མཐོ་བ་འགའ་ཞིག་ལ་ཆུ་ཅོད་པན་ཕྱག་མཚན་རྡོ་རྗེ་དྲིལ་བུ་ལྟ་བུ་དང༌། མིང་གི་དབང་བདག་པོའི་དབང་སོགས་ཡོད་པས། རིག་པའི་དབང་ལྔ་རྗེས་མཐུན་པ་ཡོད། གྲོལ་བྱེད་ལམ་ལ་མཚན་བཅས་ཀྱི་རྣལ་འབྱོར་གྱི་སྐབས་སུ་བདག་ཉིད་ལྷར་བསྒོམ་པ་ཡང་ཡོད་ཅིང་མདུན་བསྐྱེད་ལ་ཡང་དམ་ཚིག་པ་ལ་ཡེ་ཤེས་པ་བསྲེ་བའི་སྐབས་ཀྱང་ཡོད་པ་དང༌། ཇི་སྐད་དུ། རྒྱུད་ལས། དང་པོར་ཁྲུས་བྱས་རྣལ་འབྱོར་བས། །རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། ཕྱག་རྒྱ་མཚན་མ་དྲུག་ཏུ་འདོད། །ཅེས་འབྱུང་བ་ལྟར། ཕྱི་ནང་གི་ཁྲུས་སྔོན་དུ་འགྲོ་བའི་བསྲུང་འཁོར་བསྒོམ་པ་དང༌། ཡེ་ཤེས་ཀྱི་ལྷ་


TNT10_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ཏེ་ཕྱག་རྒྱས་བཏབ་ནས་མཆོད་པ་འབུལ། གསོལ་བ་བཏབ། དེ་རྗེས་གནས་ལུགས་ཀྱི་དོན་བསྒོམ་པ་སྟོང་པའི་ལྷ། དེའི་ངང་ལས་སྔགས་ཀྱི་ཡིག་འབྲུ་དང་ས་བོན་བསྒོམ་པ་ཡི་གེའི་ལྷ། སྔགས་ཀྱི་སྒྲ་དང་བཅས་པའི་འོད་ཟེར་སྤྲོ་བསྡུ་བསྒོམ་པ་སྒྲའི་ལྷ། ལྷའི་སྐུ་གཟུགས་སྒཽམ་པ་གཟུགས་ཀྱི་ལྷ། ཐུགས་ཀར་ཕྱག་མཚན་སོགས་བསྒོམ་པ་ཕྱག་རྒྱའི་ལྷ། རང་ལུས་ལ་སྔགས་ཀྱི་བྱིན་གྱིས་བརླབས་པས་ལྷ་སྐུར་བསྒོམ་པ་མཚན་མའི་ལྷ་ཞེས་ལྷ་དྲུག་གི་རྣལ་འབྱོར་གསུངས་སོ། །མཚན་མེད་ཀྱི་རྣལ་འབྱོར་ལ་ཡང་སྙིང་གར་ཕྱག་མཚན་དང་ཡིག་འབྲུ་བསྒོམ་པ་དང༌། རླུང་སྲོག་རྩོལ་དགག་པ་དང༌། ལྷ་ཕོ་མོ་རྒོད་པའི་འདོད་ཆགས་ལམ་བྱེད་སོགས་བྱ་རྒྱུད་ལས་ལྷག་པའི་ཁྱད་ཆོས་ཡོད། སྤྱོད་པ་གཙང་སྒྲ་ལ་གནས་པ་དགོས་ཀྱང་དམིགས་བསལ་རེ་ཙམ་མ་གཏོགས་དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། བདག་ཉིད་ལྷར་སྒོམ་དགོས་པའི་ཕྱིར་རོ། གྲུབ་པ་འབྲས་བུའི་དུས་ནི། བསྐལ་པ་ཆེན་པོ་གསུམ་ནས་སངས་རྒྱས་ཐོབ་ནུས་པར་བཤད་ལ། འབྲས་བུ་ཇི་ལྟར་བསྒྲུབ་པའི་རིམ་པ་ནི། འདི་དང་བྱ་རྒྱུད་གཉིས་འདྲ་སྟེ། སྤྱོད་པ་བཞི་ཞེས་བྱ་བ། འཇུག་པའི་སྤྱོད་པ་དབང་དང་དམ་ཚིག་རྣལ་འབྱོར་པའི་སྤྱོད་པ་རྣལ་འབྱོར་གཉིས་ལ་བརྟེན་ནས་བསྙེན་པ་བྱེད་པ། སྒྲུབ་པའི་སྤྱོད་པ་རྣལ་འབྱོར་པ་དམིགས་པ་ལ་བརྟན་པ་ཐོབ་ནས། བྲིས་སྐུའམ་དཀྱིལ་འཁོར་བཞེངས་པ་ལ་མཆོད་ཅིང་བསྒྲུབས་པས་དངོས་སམ་རྨི་ལམ་དུ་ལྷའི་སྣང་བ་འབྱུང་བ། སྒྲུབ་པ་ཆེན་པོའི་


TNT10_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་སོ་སོའི་རྒྱུད་ལས་འབྱུང་བ་ལྟར་ལས་ཚོགས་དང་དངོས་གྲུབ་བསྒྲུབ་པའོ། །རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ལ་རྩ་རྒྱུད་ནི་དེ་ཉིད་བསྡུས་པ་ཡིན། འདིའི་དུམ་བུ་དང་པོ་ནས་རྡོར་དབྱིངས། གཉིས་པ་ནས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ། གསུམ་པ་ལས་འགྲོ་བ་འདུལ་བ། བཞི་པ་ལས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རྣམས་སྟོན། བཤད་རྒྱུད་རྡོ་རྗེ་རྩེ་མོ་ཡིན། འདི་ཡང་རྒྱས་བསྡུས་མ་གཏོགས་དཀྱིལ་འཁོར་སྟོན་ཚུལ་སྔ་མ་དང་ཕྱོགས་འདྲ། ཡན་ལག་གི་རྒྱུད་ཐམས་ཅད་གསང་བ་དང༌། ཁམས་གསུམ་རྣམ་རྒྱལ་གྱི་སྒོས་རྒྱུད་ཅིག་ཀྱང་ཡོད། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ཡིན། རྒྱུད་འདི་ལས་འབྱུང་བའི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་མཆོག་རིགས་བསྡུས་སུ་གྲགས་པ་འདི་ཡིན་ལ། དཀྱིལ་འཁོར་གྱི་གཙོ་བོ་ནི་རྡོ་རྗེ་སེམས་དཔའོ། །ཡོ་ག་རིགས་བཞི་ཞེས་ཀྱང་གྲགས་རྩ་རྒྱུད་ཀྱི་དུམ་བུ་ལ་རིགས་བཞི་ཡོད་པའི་དབང་དུ་བྱས་པ་ཡིན། རྒྱུད་སོ་སོ་བ་རང་ནི་མེད། རྒྱུད་ཀྱི་དབྱེ་བ་ནི་ཐབས་རྒྱུད་ཤེས་རབ་རྒྱུད་གཉིས་སུ་བྱེད། དཔལ་མཆོག་ཤེས་རབ་ཀྱི་རྒྱུད་ཡིན། གཞན་རྣམས་ཐབས་རྒྱུད་དོ། །ཡོ་གའི་སྐོར་ལ་ལུགས་སྲོལ་མང་པོ་བྱུང་ཡང་གསུམ་པོ་འདི་གྲགས་ཆེ་སྟེ་སློབ་དཔོན་ཤཱཀྱ་བཤེས་གཉེན་དང༌། སངས་རྒྱས་གསང་བ་དང༌། ཀུན་དགའ་སྙིང་པོའི་ལུགས་སོ། །དེ་གསུམ་ལས་ཀྱང་ཕྱི་དར་ལ་ཀུན་སྙིང་ཁོ་ནའི་ལུགས་དར་རོ། །འདིའི་ལམ་གྱི་དབང་དུ་བྱས་ན། སྨིན་བྱེད་ཀྱི་དབང་གི་དུས་སུ་ཆུ་ཅོད་པན། རྡོ་རྗེ་དྲིལ་བུ།


TNT10_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དབང་རྡོ་རྗེའི་བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་ཏེ་བུམ་དབང་བདུན་གྱི་མཐའ་རྟེན་དང་བཅས་བླ་མེད་ཕྱོགས་འདྲ་རུང་ཡོད། གྲོལ་བྱེད་ཀྱི་ལམ་ལ་ལྷའི་རྣལ་འབྱོར་མངོན་པར་བྱང་ཆུབ་ལྔ་བསྐྱེད་པ་སོགས་དང་བདག་བསྐྱེད་དཀྱིལ་འཁོར་རྒྱས་པ་ཡང་ཡོད། དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམ་ནས་ཕྱག་རྒྱ་བཞིའི་རྒྱས་བཏབ་བྱེད། དབང་བླངས་ཏེ་བཟླས་བརྗོད་བྱེད་པ་སོགས་མ་དག་པའི་སྣང་བ་སྦྱངས་ནས་དཀྱིལ་འཁོར་བསྒོམས་པའི་བསྙེན་པ་དང་སྒྲུབ་པ་ལས་སྦྱོར་རྒྱས་པར་གསུངས། ལག་བཅངས་བདེ་བ་ལམ་བྱེད་དང༌། མཚན་མེད་ཀྱི་རྣལ་འབྱོར་ཡང་སྤྱོད་རྒྱུད་དང་འདྲ་རུང་བ་ལས་ཟབ་ཁྱད་ཐོན་པ་ཡོད། གྲུབ་པ་འབྲས་བུའི་གནས་སྐབས་ཀྱང་དབང་པོ་རྣོན་པོས་ཚེ་གཅིག་ནས་རྟུལ་པོས་སྐྱེ་བ་བཅུ་དྲུག་ཚུན་ཆོད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད། དེ་ནས་ཀྱང་ལམ་ལ་འབད་པས་མི་རིང་པར་རྫོགས་པའི་སངས་རྒྱས་འགྲུབ་སྟེ་ཤིན་ཏུ་ཐོགས་ཀྱང་བསྐལ་པ་ཆུང་ངུ་གཅིག་ལ་མཐར་ཐུག་གི་སངས་རྒྱས་ཐོབ་པར་འགྱུར་རོ། །རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་ལ་དབྱེ་ན། ཕ་རྒྱུད་མ་རྒྱུད་གཉིས་ཡོད་ཅིང༌། དེ་ཡང་རྣལ་འབྱོར་བླ་མའི་རྒྱུད་དང་ཐབས་རྒྱུད་དང་ཕ་རྒྱུད་སྐབས་འགར་རྣལ་འབྱོར་ཆེན་པོ་རྣམས་དོན་གཅིག་ཅིང༌། སྐབས་འགར་རྣལ་འབྱོར་བླ་མེད་ཅེས་པའང་མ་རྒྱུད་ཁོ་ན་ལ་འཇུག་པའི་སྐབས་ཡོད། སྤྱིར་ནས་ཤེས་རབ་ཀྱི་རྒྱུད་དང་མ་རྒྱུད་དང་རྣལ་འབྱོར་མའི་རྒྱུད་རྣམས་དོན་གཅིག་གོ །དེ་གཉིས་ཀྱི་ཁྱད་པར་ཐབས་དཀྱིལ་འཁོར་ལྷ་ཡབ་


TNT10_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་གྱུར་པའི་བསྐྱེད་རིམ་གྱི་རྣམ་གཞག་དང་སྔགས་དང་ཆོ་ག་གཙོ་བོར་སྟོན་ཅིང༌། ཤེས་རབ་ལྷ་མོའི་སྔགས་དང་ཆོ་ག་མཆོག་བསྒྲུབ་པའི་དོན་དུ་མི་སྟོན་པ་དེ་ནི་ཐབས་རྒྱུད་ཡིན་ལ། ཐབས་རྒྱུད་ཀྱི་ཁྱད་ཆོས་རྣམས་ཤེས་རབ་ཀྱི་རྒྱུད་ལ་ཚང་ཞིང༌། ཐབས་རྒྱུད་ལ་མེད་པའི་གནད་མང་པོ་ཡང་ཤེས་རབ་ཀྱི་རྒྱུད་ལ་ཡོད་པས། ཐབས་རྒྱུད་ལས་ཤེས་རབ་ཀྱི་རྒྱུད་ཟབ་བོ། །དེས་ན་ཤེས་རབ་རྡོ་རྗེ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་དང༌། སྔགས་དང་ཆོ་ག་རྒྱས་པར་སྟོན་པ་དེ་ནི་མ་རྒྱུད་ཅེས་བྱ་སྟེ། འདི་ལ་ཡང་ཡབ་ཡུམ་ཆ་མཉམ་པར་སྟོན་པ་དང༌། ཡུམ་གྱི་རིགས་ཤས་ཆེར་སྟོན་པ་སྟེ་རིགས་གཉིས་ཡོད་དོ། །གཞན་དག་ཐབས་སྙིང་རྗེ་དང༌། ཤེས་རབ་སྟོང་ཉིད། ཐབས་སྤྱོད་པ་དང༌། ཤེས་རབ་ལྟ་བ། ཐབས་སྒྱུ་ལུས་དང༌། ཤེས་རབ་འོད་གསལ། ཐབས་བསྐྱེད་རིམ་དང༌། ཤེས་རབ་རྫོགས་རིམ། ཐབས་སྣང་བ་བཞི་དང༌། ཤེས་རབ་དག་པ་བཞི་སྟོན་ཚུལ་གྱི་སྒོ་ནས་འབྱེད་པར་འདོད་པ་དང༌། གཞན་ཡང་སྐུའི་རྣམ་འགྱུར་རྒྱན་ཆ་ལུགས་རྩ་དང་རླུང་སོགས་ཀྱི་སྒོ་ནས་དབྱེ་བ་མཛད་པ་དང༌། ཕ་རྒྱུད་མ་རྒྱུད་གཉིས་ཐབས་ཤེས་ཕྱོགས་རེ་དང༌། གཉིས་མེད་ཀྱི་རྒྱུད་ཐབས་ཤེས་ཟུང་འཇུག་ཡིན་ཟེར་བ་སོགས་འདོད་ཚུལ་སྐྱོན་དང་བཅས་པ་ཡིན་པས་རང་ལུགས་ལ་མི་བཞེད་དོ། །དེ་ལས་ཕ་རྒྱུད་ལ་དབྱེ་ན་འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་དང༌། ཞེ་སྡང་གི་རིགས་ཀྱི་རྒྱུད་དང༌། གཏི་མུག་གི་རིགས་ཀྱི་རྒྱུད་དོ། །དབྱེ་བ་འདི་རྡོ་


TNT10_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དཀྱིལ་འཁོར་རྒྱན་གྱི་རྒྱུད་ལས་བཤད། དང་པོ་ནི། གསང་འདུས་ཡན་ལག་དང་བཅས་པ་དང༌། གཤིན་རྗེ་གཤེད་དགྲ་ནག་དང༌། གདོང་དྲུག་པ་དང༌། གཤེད་དམར་དང༌། རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལ་སོགས་པའོ། །དང་པོ་གསང་འདུས་ལ་རྒྱུད་ཀྱི་དབང་དུ་བྱས་ན་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་དང༌། བཤད་རྒྱུད་ཀྱི་རིགས་ལ་དགོངས་པ་ལུང་སྟོན་རྡོ་རྗེ་འཕྲེང་བ། ལྷ་མོ་བཞིས་ཞུས་པ་ལ་སོགས་པའི། དགོངས་འགྲེལ་མཁན་པོ་སློབ་དཔོན་སོ་སོའི་ལུགས་སྲོལ་ལྟར་ན། སྤྱིར་རྒྱ་གར་ཡུལ་དུ་གསང་འདུས་ལ་ལུགས་ཉི་ཤུ་རྩ་བཞི་ཡོད་པར་གྲགས། བོད་དུ་འགྱུར་བ་ལ་འཕགས་བསྐོར་ཞེས་བྱ་བ་ཀླུ་སྒྲུབ་ལུགས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས། སློབ་དཔོན་ཤནྟི་པའི་ལུགས། རྡོ་རྗེ་བཞད་པའི་ལུགས། པདྨ་བཛྲ་གྱི་ལུགས། ཀུན་སྙིང་གི་ལུགས་ཏེ་དྲུག་གོ །དེའི་ཕྱི་མ་ནི་རྒྱ་གར་མཁས་པས་བཀྲལ་བ་ཙམ་ཡིན་ཡང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཡིན་ངེས་པ་ཞིག ཕྱིས་ཡོ་གའི་ཚུལ་དུ་བཀྲལ་བ་ཡིན་པས་མཁས་པ་ཆེན་པོ་རྣམས་མི་འཐད་པར་བཞེད། གཞན་རྣམས་ལུགས་རྣམ་པར་དག་པ་ཡིན་ནོ། ། དང་པོ་འཕགས་ལུགས་ནི་དབང་ཆོག་ཉི་ཤུ་པ། སྒྲུབ་ཐབས་མདོ་བྱས། རྫོགས་རིམ་རིམ་པ་ལྔ་དང༌། སྤྱོད་བསྡུས་སྒྲོན་མེ། འགྲེལ་པ་སྒྲོན་གསལ་དང་བཅས་པའི་སྐོར་རྣམས་ཡིན། སྔོན་སློབ་དཔོན་ཀླུ་སྒྲུབ་མི་ཡུལ་དུ་མངོན་སུམ་པར་བཞུགས་ཤིང༌། ཚོགས་གསུམ་གྱི་བསྟན་བཅོས་མཛད་པའི་


TNT10_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གདུལ་བྱ་དུས་ལ་མ་བབ་པ་འདི་རྣམས་གཞན་ལ་དངོས་སུ་མ་གྲགས། ཀླུའི་བྱང་ཆུབ་ཅེས་བྱ་བའི་སློབ་མ་གཅིག་ཁོ་ན་ལ་བཤད། དེ་གྲུབ་པ་ཐོབ་ནས་འཆི་བ་མེད་པའི་ཚུལ་གྱིས་བཞུགས་ལ། ཕྱིས་ཀླུ་སྒྲུབ་སྐུ་འདས་ནས་ལོ་བདུན་བརྒྱ་ཙམ་ལོན་པ་ན་ཀླུའི་བྱང་ཆུབ་དངོས་སུ་མཇལ་བའི་སློབ་དཔོན་མ་ཏངྒི་པ་དང༌། རྒྱལ་སྲས་པ་འདྲེས་པ་གཉིས་ལས་རྒྱ་ཆེར་འཕེལ་ཞིང་དར་བ་ཡིན། གཉིས་པ་ཡེ་ཤེས་ཞབས་ལུགས་ནི། བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་ཅན་ཁྲི་ལྡེ་གཙུག་བརྟན་གྱི་དུས་ཙམ་ན་སློབ་དཔོན་འདི་བྱུང་བ་ཡིན། འདིས་སློབ་དཔོན་སེང་གེ་བཟང་པོ་དང་འཇོ་སྒེག་རྡོ་རྗེ་དང༌། རྣལ་འབྱོར་མ་གུ་ཎེ་རུ་དང༌། རྣལ་འབྱོར་མ་ཛ་ཏི་ཛ་ལ་དང༌། སློབ་དཔོན་བྱིས་པའི་ཞབས་དང༌། གྲུབ་ཐོབ་སྲུང་བའི་ཞབས་རྣམས་བསྟེན། ཐུན་མོང་གི་དངོས་གྲུབ་དང་ནུས་མཐུ་དཔག་ཏུ་མེད་པ་ཐོབ། ད་དུང་གནས་ལུགས་མ་རྟོགས་ཏེ་སྒྲུབ་པ་མཛད་པས། འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པར་ལུང་བསྟན། ས་ཕྱོགས་ཞིག་ཏུ་འཕགས་པ་འཇམ་དཔལ་ཉིད་ཁྱིམ་བཙུན་རིག་མ་དང་བཅས་པའི་ཚུལ་དུ་གཟིགས། གསོལ་བ་བཏབ་པས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དངོས་སུ་གྱུར་ཏེ་དབང་བསྐུར། གདམས་པ་བསྟན། ཡེ་ཤེས་ཁྱད་པར་ཅན་བརྙེས། ཟས་དང་སྤྱོད་པ་དང་ཆ་བྱད་གསུམ་ལ་མ་དད་པས་ལུས་གནས་མ་གྱུར། བར་དོར་སངས་རྒྱ་བར་ལུང་བསྟན། བི་ཀྲ་མ་ལ་ཤཱི་ལའི་རབ་གནས་དང༌། རྡོ་རྗེ་


TNT10_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གདན་མཆོད་པ་དང༌། ནཱ་ལནྡ་བཏུལ་བ་དང༌། གནོད་གནས་དབང་པོས་ཡོན་བདག་བྱེད་པ་སོགས་ཆེ་བ་སོགས་ཆེ་བ་དཔག་ཏུ་མེད་པ་དང་ལྡན་པའི་སློབ་དཔོན་དེས། འཇམ་དབྱངས་ཀྱི་གསུང་ལ་ཟིན་བྲིས་འཇམ་དཔལ་ཞལ་ལུང་བསྡུས། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་པའི་ཐིག་ལེ་སོགས་མཛད། རྗེས་འབྲང་སོ་སོས་རྒྱུད་བཤད་འགྲེལ་པ་རིགས་མི་གཅིག་པ་མཛད་པ་མང་དུ་ཡོད། དངོས་སློབ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་འཇའ་ལུས་ཡེ་ཤེས་ཀྱི་སྐུ་ཐོབ་པ་བཞི་བྱུང་སྟེ། མར་མེ་མཛད་བཟང་པོ། པདྨ་འབྱུང་གནས། རབ་ཞི་བཤེས་གཉེན། རྒྱལ་རིགས་སྒྲ་གཅན་འཛིན་ནོ། གཞན་རྒྱལ་ཚབ་ཀྱི་ས་ལ་གནས་པ་ཞེས་བྱ་བ་བསྐྱེད་རིམ་ལ་བརྟན་པར་ཐོབ། ཐུན་མོང་གི་དངོས་གྲུབ་ཐོབ་པའི་སློབ་མ་བཅོ་བརྒྱད་བྱུང༌། འཕགས་ཞབས་ཀྱི་ལུགས་འདི་གཉིས་རྒྱ་བོད་གཉིས་ཀར་དུ་ཤིན་ཏུ་དར་ལ། སློབ་དཔོན་རབ་ཞི་ཡེ་ཤེས་ཀྱི་འགྲེལ་པ་སོགས་ཞབས་ལུགས་ཅུང་ཟད་ཙམ། སྔ་འགྱུར་གྱི་དུས་སུ་ཡང་བྱུང༌། ཕྱི་དར་ལ་ལོ་ཆེན་རིན་ཆེན་བཟང་པོ་དང༌། གཉན་ལོ་ཙཱ་བ་དར་མ་གྲགས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། ལོ་ཙཱ་བ་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་ཅུང་ཟད་དར་བར་མཛད། འཕགས་ལུགས་ནི་བསྟན་པ་སྔ་དར་ལ་མ་བྱུང་ཕྱི་འགྱུར་ལ་ལོ་ཆེན་རིན་ཆེན་བཟང་པོ་དང༌། འགོས་ཁུག་པ། ལྷོ་བྲག་མར་བ། ཆག་ལོ་སོགས་ཀྱིས་དར་བར་མཛད་ཅིང༌། བར་སྐབས་སུ་འགོས་ཀྱི་སློབ་བརྒྱུད་སྡོག་སྟོན་ཡབ་སྲས་རྣམས་ཀྱིས་ཤིན་ཏུ་དར་བར་


TNT10_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། གསུམ་པ་ཤཱནྟི་པའི་ལུགས་ལ། འགྲེལ་ཆེན་སྙིམ་པའི་མེ་ཏོག་ཙམ་ཞིག་འགྱུར་བ་དང༌། བཞི་པ་རྡོ་རྗེ་བཞད་པའི་ལུགས་ནི་སྔ་དར་གྱི་དུས་ལྕེ་བཀྲ་ཤིས་དང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། ལྔ་པ་པདྨ་བཛྲ་གྱི་ལུགས་ལ་རྒྱུད་དོན་ཉམས་ལེན་གྱི་རིམ་པ་གསང་བ་གྲུབ་པ་ཞེས་བྱ་བའི་གཞུང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། འདི་གསུམ་ལ་དབང་བཤད་མན་ངག་རིང་དུ་མ་དར་བར་མངོན། རྒྱུད་ཟླ་གསང་ཐིག་ལེ་དང༌། རྡོ་རྗེ་སྙིང་རྒྱན། ནོར་ཐིག་རྣམས་རྒྱུད་ཙམ་ཞིག་འགྱུར་རོ། །གཤིན་རྗེ་གཤེད་ནག་པོ་དང༌། གདོང་དྲུག་དང༌། རྡོ་རྗེ་འཇིགས་བྱེད་དེ་ནག་པོ་སྐོར་གསུམ་དུ་གྲགས་པ་ལ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང༌། སྐྱོ་འོད་འབྱུང་དང༌། ཞང་ལོ་ཤེས་རབ་བླ་མ་དང༌། གཉོས་ལོ་ཙཱ་བ་དང༌། ཀློག་སྐྱ་ཤེས་རབ་བརྩེགས་ཏེ་ལོ་ཙཱ་བ་ལྔ་པོ་དེ་ལས་བརྒྱུད་པ་ད་ལྟའི་བར་མ་ནུབ་པ་ཡོད། གཞན་རོང་ཟོམ་ཆོས་བཟང་དང༌། བ་རི་ལོ་ཙཱ་བ་ནས་བརྒྱུད་པ་སོགས་སྔོན་དུས་ལུགས་གཞན་ཡང་མང་དུ་བྱུང༌། རྒྱ་གར་དུ་ལ་ལཱི་ཏ་བཛྲ་ཆུང་བ་དང༌། ཨ་མོ་གྷ་བཛྲ་ཆེ་ཆུང་དང༌། གྲུབ་ཐོབ་དཔལ་འཛིན་དང༌། སློབ་དཔོན་འཇམ་དཔལ་ཡེ་ཤེས་ལ་སོགས་པས་བསྟན་བཅོས་མང་དུ་མཛད་མོད། ལུགས་སྲོལ་ཐ་དད་པའི་དབྱེ་བ་མ་བྱུང་ངོ༌། །དེ་ལས་དགྲ་ནག་གདོང་དྲུག་གཉིས་འདོད་ཆགས་ཀྱི་རྒྱུད་དུ་གཏོགས་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ནི་ཞེ་སྡང་གི་རིགས་ཀྱི་རྒྱུད་ཡིན་པར་རྟོག་པ་བདུན་པ་ཉིད་


TNT10_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཤད་དོ། །སྒྱུ་འཕྲུལ་དྲ་བ་ནི་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་ལ་ཕྱི་འགྱུར་རྒྱུད་འགྲེལ་གཉིས་ཙམ་ལོ་ཆེན་གྱིས་བསྒྱུར། གཞན་ཕྱི་དར་ལ་འགྱུར་བྱེད་མ་བྱུང༌། གཏི་མུག་གི་རིགས་ཀྱི་རྒྱུད་ནི། སྤྱིར་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཡིན་ཅིང༌། བོད་དུ་འགྱུར་བ་ལ་མཚན་བརྗོད་ཕན་ཡོན་དང་བཅས་པ་ཁོ་ནའོ། །འདི་དངོས་བླ་མེད་ཀྱི་ཕ་རྒྱུད་ཡིན་ཡང་རྒྱུད་ཀུན་གྱི་བདག་པོར་གསུངས་པས་སློབ་དཔོན་སོ་སོས་སྣ་ཚོགས་སུ་བཀྲལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་འཁོར་གྱི་ལུགས་སུ་བཀྲལ་ལ། པཎྜི་ཏ་འཇམ་དཔལ་གྲགས་པ་དང༌། འཇམ་དཔལ་བཤེས་གཉེན་གྱིས་ཡོ་གར་བཀྲལ། སློབ་དཔོན་སྒེག་པའི་རྡོ་རྗེས་བླ་མེད་ཕ་རྒྱུད་དུ་བཀྲལ། གཞན་ཡང་བོད་དང་རྫོགས་ཆེན་དང་རྒྱ་གར་དུ་དབུ་མར་བཀྲལ་བ་སོགས་ཀྱང་ཡོད་པར་གྲགས་སོ། དེ་ལྟར་ཕ་རྒྱུད་རིགས་གསུམ་པོ་དེ་དག་མཚན་དང་མཐུན་པའི་བརྗོད་བྱ་སྟོན་ཚུལ་སོ་སོར་ཡོད་དེ་འདུས་པ་སོགས་བསྐྱེད་རིམ་གྱི་སྐབས་སུ་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་དང༌། ཞུ་བ་གླུས་བསྐུལ་བ་དང༌། འཁོར་ཚོགས་ཡུམ་གྱི་མངལ་ནས་སྤྲོ་བ་སོགས་དང༌། རྫོགས་རིམ་གྱི་སྐབས་སུ་ལས་རྒྱ་རིག་མ་བསྟེན་པ་གཙོ་བོར་འཆད་པ་སོགས་ཆགས་ལམ་གཙོ་བོར་སྟོན། གནས་ལུགས་གཏན་ལ་འབེབས་པ་དང༌། དྲག་པོ་མངོན་སྤྱོད་ཅུང་ཟད་ཙམ་ལས་རྒྱས་པར་མི་འབྱུང༌། རྡོ་རྗེ་འཇིགས་བྱེད་ལྟ་བུ་ཞེ་སྡང་གི་རྒྱུད་ལས་ནི་ལྷའི་རྣམ་པ་ཡབ་རྐྱང་གཙོ་བོ་དང༌། རྫོགས་རིམ་གྱི་སྐབས་ཀྱང་རླུང་དབུ་མར་འགོག་པའི་ཐབས་


TNT10_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་གཙོ་ཆེ་བ་དང༌། དྲག་པོ་མངོན་སྤྱོད་ཀྱི་ལས་ཁོ་ན་རྒྱས་པར་འཆད། མཚན་བརྗོད་ལྟ་བུ་གཏི་མུག་གི་རིགས་ཀྱི་རྒྱུད་ལ་ལྷ་ཡབ་རྐྱང་ངམ་ཁ་སྦྱོར་ཡོད་དུ་ཆུག་ཀྱང་ཞུ་བ་གླུས་བསྐུལ་དངགག་འཁོར་རྣམས་མངལ་འབྱིན་མེད་ཅིང༌། གཞི་ལམ་འབྲས་བུ་གསུམ་གྱི་གནས་ཚུལ་རྒྱས་པར་འཆད། རྫོགས་རིམ་ཀྱང་རྣམ་པར་མི་རྟོག་པ་ཉིད་གཙོ་བོར་འདོན། དྲག་ལས་དང་ཆགས་ལམ་སོགས་ཟུར་ཙམ་མ་གཏོགས་རྒྱས་པར་མ་གསུངས་པས། དབྱེ་བ་དེ་ལྟར་ཤེས་དགོས་ཀྱི་ཁ་ཅིག་རྣམ་སྣང་སྒྱུ་དྲ་གཏི་མུག་དང༌། གཤིན་རྗེ་གཤེད་དམར་ནག་ཞེ་སྡང་རིགས་ཀྱི་རྒྱུད་དུ་འདོད་པ་སོགས་རྒྱུད་རང་རང་གི་བརྗོད་བྱའི་དོན་དང་མི་མཐུན། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་ཕ་རྒྱུད་དང་མ་རྒྱུད། རིགས་གཉིས་ཀ་ཡོད། ལེའུ་བཅུ་དགུ་པ་ནི་ཕ་རྒྱུད་ཡིན། ཆགས་ཅན་གྱི་རྒྱུད་དུ་གཏོགས། ལེའུ་ཉེར་གཉིས་པ་ནི་མ་རྒྱུད་ཧེ་རུ་ཀའི་ཕྱོགས་སུ་གཏོགས་པའི་དབྱེ་བ་ཤེས་པར་བྱའོ། །གཉིས་པ་མ་རྒྱུད་ལ་དབྱེ་ན། རྡོ་རྗེ་སེམས་དཔའི་རིགས། ཧེ་རུ་ཀའི་རིགས། རྟག་པའི་རིགས། རྡོ་རྗེ་ཉི་མའི་རིགས། པདྨ་གར་དབང་གི་རིགས། རྟའི་རྒྱལ་པོའི་རིགས་ཏེ་དྲུག་ཡོད་པ་ལས། དང་པོ་ནི་དུས་ཀྱི་འཁོར་ལོ་དང༌། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ཡིན་ཏེ། དུས་འཁོར་རྒྱ་གར་ཡུལ་དུ་ཤིན་ཏུ་དར་ཡང་རྒྱུད་དང་འགྲེལ་པ་གཉིས་ཀ་ཞལ་གསལ་བས་ལུགས་སྲོལ་མི་འདྲ་བ་མེད། སློབ་དཔོན་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་དང༌། སློབ་


TNT10_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཙི་ལུ་པ་དང། པི་ཊྭ་ཨ་ཙརཡ་གསུམ་སོ་སོས་རེ་རེ་ཞིང་ཤམྦྷ་ལ་ནས་སྤྱན་དྲངས་པ་ལ་ཤོ་ལོ་ཀ་རེ་རེ་གཉིས་གཉིས་མང་ཉུང་ཡོད་ཟེར། བོད་ཡུལ་འདིར་སྔ་ཕྱིར་ལོ་ཙཱ་བ་སོ་སོས་བསྒྱུར་བས་འགྱུར་མི་གཅིག་པ་ཉེར་བཞི་ཙམ་ཡོད་པར་གྲགས། དེ་དག་ལས་རྭ་ལོ་ཆོས་རབ། འབྲོ་ལོ་ཤེས་རབ་གྲགས། ཆག་ལོ་ཆོས་རྗེ་དཔལ། ཙ་མི་སངས་རྒྱས་གྲགས། བི་བྷཱུ་ཏི་ཙནྡྲ་ལས་བརྒྱུད་པ་གསུམ་ལ་དབང་བཤད་མན་ངག་གསུམ་ག་ཡོད་ལ། རྫོགས་རིམ་སྦྱོར་དྲུག་ནི། ལུགས་སྲོལ་བཅུ་བདུན་ཙམ་རྒྱུད་མ་ཆད་པར་བཞུགས། རྒྱུད་འདི་ལས་དཀྱིལ་འཁོར་བཅུ་གཉིས་གསུངས་ཏེ་སྒྲུབ་ལེ་ལས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང༌། ཡེ་ཤེས་ལེའུ་ལས། སྡོམ་ཆེན་སྡོམ་ཆུང་གཉིས། གསང་འདུས་ལྷ་དགུ་མ། བཅུ་གསུམ་མ། བཅུ་བདུན་མ། ཉེར་ལྔ་མ། སོ་གཉིས་མ། སོ་བདུན་མ་སྟེ་གསང་འདུས་རིགས་དྲུག སྒྱུ་འཕྲུལ་དྲ་བ་ཞེ་གཅིག་མ། ཞེ་ལྔ་པ། ཞེ་དགུ་པ་སྟེ་རིགས་གསུམ། དེ་ལྟར་བཅུ་གཉིས་སོ། །དེ་རྣམས་ཀྱི་ནང་སེལ་ཕྱེ་བ་ཤིན་ཏུ་མང༌། སྡོམ་པ་ཆུང་བ་མ་གཏོགས་པའི་དཀྱིལ་འཁོར་བཅུ་གཅིག་པོ་དེ་སྡོམ་པ་ལ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་ཟེར་རོ། །སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ནི། སྔ་དར་གྱི་དུས་སུ་སློབ་དཔོན་ཧཱུཾ་ཀ་ར་དང༌། ཐུ་བོ་ར་ཛ་ཧ་ཏི་ལ་སོགས་པ་དང༌། ལོ་ཙཱ་བ་ལྷ་རིན་ཆེན་དང༌། དྲན་པ་ནམ་མཁའ་ལ་སོགས་པས་བསྒྱུར། ཕྱི་དར་ལ་ལོ་ཆེན་རིན་བཟང་གིས་བསྒྱུར།


TNT10_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་རྒྱ་གར་གྱི་ཡུལ་དུ་ལུགས་སྲོལ་གཉིས་ཙམ་བྱུང་སྟེ། བརྒྱ་བྱིན་སྡོང་པོའི་ལུགས་དང༌། བྲམ་ཟེ་རིན་ཆེན་རྡོ་རྗེའི་ལུགས་གཉིས་བོད་དུ་ཡང་འགྱུར་རོ། །འདི་ལས་དཀྱིལ་འཁོར་རིགས་དྲུག་ཀར་སྟོན་ཀྱང༌། གཙོ་བོ་རྡོ་རྗེ་སེམས་དཔའ་ཡིན་པས། རྡོར་སེམས་ཀྱི་རིགས་སུ་བསྡུ། །གཉིས་པ་ཧེ་རུ་ཀའི་རིགས་ནི་འཁོར་ལོ་བདེ་མཆོག་དང༌། དགེས་པ་རྡོ་རྗེ་དང༌། མ་ཧཱ་མ་ཡ་དང༌། སངས་རྒྱས་ཐོད་པ་དང༌། ཕྱག་ཆེན་ཐིག་ལེ་རྗེས་འབྲངས་དང་བཅས་པ་དང༌། ཨ་རལླིའི་རྒྱུད་གཉིས་དང་བཅས་པ་རྣམས་ཡིན་ལ། དེ་ལས་འཁོར་ལོ་བདེ་མཆོག་ལ་རྒྱུད་ཀྱི་དབང་དུ་བྱས་ན། རྩ་རྒྱུད། བཤད་རྒྱུད་གཉིས། བཤད་རྒྱུད་ཀྱི་ནང་ནས་སྡོམ་པ་འབྱུང་བ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་རྣམས་ལ་དབང་བཀའ་རེ་རེ་ཡོད་ཅིང༌། ཨ་བྷི་དྷ་ནའི་ནང་ནས་གསུངས་པའི་འཁོར་ལོ་བསྒྱུར་དྲུག འཇམ་པའི་རྡོ་རྗེ། བོང་ཞལ་ཅན། མཆོག་གི་ཕག་མོ་སོགས་དབང་བཀའ་མང་དུ་ཡོད། རྣལ་འབྱོར་མ་ཀུན་སྤྱོད་དང༌། ཧེ་རུ་ཀ་སྔོན་བྱུང་ལ་སྒོས་བཀའ་མེད། ཐུན་མོང་གི་བཤད་རྒྱུད་སམྦུ་ཊའི་ཁ་སྦྱོར་རྡོར་སེམས་དང་ཧེ་རུ་ཀ་བཞིའི་དཀྱིལ་འཁོར་གྱི་དབང་རྒྱུན་ཡོད། ཀུན་གྱི་རྩ་བ་རྩ་རྒྱུད་ཀྱི་དབང་བཤད་མན་ངག་གསུམ་ལ་སྤྱིར་ལུགས་སྲོལ་ཤིན་ཏུ་མང་བ་ཡོད་པར་གྲགས་ཤིང༌། རྒྱ་གར་གྱི་གྲུབ་ཐོབ་ཤས་ཆེ་བ་ཞིག་རྒྱུད་འདིའི་གྲུབ་ཐོབ་ཡིན་པར་གྲགས་པ་དང༌། བོད་དུ་ཡང་ལོ་དྲིལ་ནག་གསུམ། ལངྐ་རྒྱལ་བཟང༌།


TNT10_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྡོ་རྗེ། མི་ཐུབ་ཟླ་བ། བྷ་བ་བྷ་དྲ། ཤར་ཕྱོགས་ལྭ་བ་པ། ཕྱག་རྡོར་སྟོད་འགྲེལ་གྱི་ལུགས། སྟོང་ཉིད་ཏིང་འཛིན་གྱི་ལུགས་རྣམས་འགྱུར་ཡོད། དང་པོ་གསུམ་དང༌། ཕྱག་རྡོར་སྟོད་འགྲེལ་ལུགས་ལ་ད་ལྟའང་དབང་རྒྱུན་ཡོད་མོད། གཙོ་ཆེར་རྒྱ་བོད་གཉིས་ཀར་དུ་ཤིན་ཏུ་གྲགས་ཆེ་བའི་ལུགས་སྲོལ་ནི། ལཱུ་ཡི་བ། དྲིལ་བུ་པ། ནག་པོ་པའི་ལུགས་གསུམ་ཡིན་ལ། དེའི་དང་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བ་ཙམ་ན་རྒྱ་གར་དུ་སློབ་དཔོན་འཕགས་པ་ཐོགས་མེད་བྱོན་པ་དང་རགས་རྩིས་སུ་དུས་མཉམ་པ། བོད་ཡུལ་དུ་ཆོས་ཀྱི་དབུ་བསྙེངས་པའི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཡང་དུས་མཚུངས་པ་ཙམ་ལ་སློབ་དཔོན་ལཱུ་ཡི་བ་བྱོན། འདི་ཨུ་རྒྱན་གྱི་རྒྱལ་པོའི་ཡིག་མཁན་ཡིན། དང་པོའི་བླ་མ་གྲུབ་ཐོབ་ཤཱ་བཱ་རི་པ་ཡིན་ཅིང༌། རྒྱ་གར་ཤར་ཕྱོགས་བྷཾ་ག་ལར་ཉའི་རྒྱུ་ལྟོ་གསོལ་ཞིང་སྒྲུབ་པ་མཛད་པས་རྒྱ་སྐད་དུ་ལཱུ་ཡི་པ་བོད་སྐད་དུ་ཉ་ལྟོ་བར་གྲགས། གྲུབ་པ་བརྙེས་ནས་ཡུལ་ལ་ཨུ་ཌི་བི་ཤའི་རྒྱལ་པོ་དང་བློན་པོ་རྫུ་འཕྲུལ་གྱིས་བཏུལ། ཕྱིས་རྒྱལ་པོས་གྲུབ་པ་ཐོབ་པ་དྷ་རི་ཀ་པ་སྟེ་འཁོར་ཁྲི་དྲུག་སྟོང་དང་བཅས་པ་འཇའ་ལུས་ཐོབ། བློན་པོ་གྲུབ་པ་ཐོབ་པ་ནི་ཌི་ངྒི་པ་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་འཇའ་ལུས་བརྙེས་སོ། །སློབ་དཔོན་ལཱུ་ཡི་པ་འདིས་བདེ་མཆོག་གི་སྒྲུབ་ཐབས་ཙམ་ཞིག་མཛད། དེ་ལ་ལཱ་བ་པས་འགྲེལ་པ་མཛད། རྒྱ་བོད་ཐམས་ཅད་དུ་ཤིན་ཏུ་དར་ཤིང་འཁོར་ལོ་སྡོམ་པའི་ཆོས་ཚུལ་ཆུ་མགོ་ལྟ་བུར་གྲགས་


TNT10_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདིའི་མཚན་སཾསྐྲྀ་ཏའི་སྐད་དུ་ལཱུ་ཡི་པ་དང༌། ཟུར་ཆག་གི་སྐད་ལོ་ཨི་པ་ཡིན། ལུ་ཧི་པ་ཟེར་བ་མ་དག་གོ །གཉིས་པ་དྲིལ་བུ་ལུགས་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པར་གྲགས་པ་འདི། དང་པོ་གྲུབ་ཐོབ་དྷ་རི་ཀ་པའི་སློབ་མ་ཡིན། མཚན་དངོས་བློ་གྲོས་སྙིང་པོའི་དཔལ་ཞེས་བྱ། མུ་སྟེགས་པའི་རྒོལ་བ་འཇོམས་ནུས་པའི་མཁས་པ་ཡིན་པ་ལས་རྡོ་རྗེ་ཕག་མོས་དངོས་སུ་ལུང་བསྟན། ཨོ་ཌི་བི་ཤའི་ཡུལ་དུ་བསྒྲུབ་པ་མཛད་ཚེ། དང་པོ་རྒྱལ་པོས་སྤྱན་དྲངས་པ་ལ་མ་བྱོན། ཕྱིར་རིག་མ་དང་བཅས་པར་གྱུར་པ་ལ་སྐྱེ་བོ་རྣམས་མ་དད་པས་དེ་རྣམས་འདུལ་བའི་དོན་དུ་ཁྱེའུ་གཅིག་དང༌། བུ་མོ་གཅིག་སྤྲུལ། ལན་ཅིག་གྲོང་ཁྱེར་དུ་དེ་དག་བཅས་ཏེ་བྱོན་པས་སྐྱེ་བོ་རྣམས་ཀྱིས་སྨད་པ་ན། རྭའི་གཤོར་ཞལ་ས་ལ་བརྡབས་པས་ས་འོག་ནས་ཆུ་བྱུང༌། ཁྱེའུ་རྡོ་རྗེར་བྱས། བུ་མོ་དྲིལ་བུར་སོང་དེ་གཉིས་ཕྱག་གཉིས་སུ་བསྣམས་སློབ་དཔོན་ཡབ་ཡུམ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པར་གྱུར་ནས་ནམ་མཁའ་ལ་གཤེགས་པའི་ཆོ་འཕྲུལ་བསྟན་པས་མཚན་ཡང་རྡོ་རྗེ་དྲིལ་བུ་པར་གྲགས། དེ་ནས་བརྩམས་ཏེ་སྔགས་ཀྱི་ཐེག་པའི་འགྲོ་དོན་མཛད། སློབ་དཔོན་འདིས་བདེ་མཆོག་ལུས་དཀྱིལ་སྒྲུབ་ཐབས། དབང་ཆོག་རྫོགས་རིམ་རིམ་ལྔ་རྣམས་མཛད་དེ་སློབ་མ་ཡང་གྲུབ་པ་ཐོབ་པ་མང་དུ་བྱུང་ངོ༌། །གསུམ་པ་ནག་པོ་ལུགས་ནི། ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ནག་པོ་སྤྱོད་པའི་འདི་ནི། དུས་ཀྱི་འཁོར་ལོའི་རྒྱུད་


TNT10_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་དང༌། མགོན་པོ་མངོན་འབྱུང་ལས་ལུང་བསྟན་ཏེ། དུས་འཁོར་ལས། ཁ་ཊཱཾ་ཅང་ཏེ་ཆང་སྣོད་ཐོགས་པ་ནག་པོའི་མིང་ཅན་རྣལ་འབྱོར་འབྱུང་བར་འགྱུར། །ཞེས་དང༌། ནག་པོ་ཆེན་པོ་མགོན་པོ་མངོན་འབྱུང་གི་རྒྱུད་ལས། ཡུལ་ཨུ་རུ་བི་ཤ་དེར་སྐྱེས་བུ་བརྩོན་འགྲུས་དང་ལྡན་ཞིང་སྦྱོར་བ་ལ་བརྩོན་པ། རཱ་མ་ཎའི་བཀའི་འཇུག་པ་དང་མཐུན་པ་སྡེ་ཚན་དང་པོའི་དང་པོ་བདུན་པའི་བཞི་བ་ཅུང་ཟད་ན་ལ་ཞོན་པ་སྐྱེས་བུའི་མཆོག་འདིས་རལ་གྲི་ལ་སོགས་པའི་དངོས་གྲུབ་བརྒྱད་ཐོབ་པར་འགྱུར་རོ། །འཛམ་བུའི་གླིང་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། །དེའི་སློབ་མ་དྲུག་གིས་ལུས་ཀྱི་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་པའོ། །སློབ་དཔོན་འདིའི་བླ་མ་ནི་གྲུབ་ཐོབ་ཛ་ལན་དྷ་ར་པ་ཡིན། འཁྲུངས་སའི་ཡུལ་ཤར་ཕྱོགས་སུ་ཨུ་རུ་བི་ཤའོ། །ཡུལ་དབུས་ནཱ་ལན་དར་པཎྜི་ཏ་ཆེན་པོར་གྱུར། བྱང་ཕྱོགས་ཛལནྡྷ་རར་བླ་མ་དང་མཇལ། བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ས་གཡོ་བ་དང་བྲག་ལ་ཐོགས་པ་མེད་པའི་ནུས་པ་བརྙེས། མཁའ་འགྲོ་མ་སྐལ་བ་བཟང་མོའི་ཕྱག་ནས་སམྦྷུ་ཊའི་རྒྱུད་སྤྱན་དྲངས། ཌ་མི་ཌོ་ཞེས་བྱ་བ་འགྲོ་ལྡིང་ཡུལ་དུ་ཕྲ་མིན་པ་ཐམས་ཅད་བཏུལ་ཞིང༌། དེ་རྣམས་ཀྱི་གཙོ་མོ་སྲིན་མོ་སྣ་ཚོགས་གཟུགས་ཞེས་བྱ་བ་འཛམ་བུ་གླིང་པའི་སྐྱེ་བོ་མང་པོའི་སྲོག་འཕྲོག་པ་ཞིག་ཡོད་པ་དེ་འདུལ་བར་བྱོན། དང་པོར་དེས་འཁོར་མང་པོ་དང་ལྷན་ཅིག་འཇིགས་པའི་གཟུགས་ཀྱིས་ནམ་མཁའ་ལ་


TNT10_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་ལ། སློབ་དཔོན་གྱིས་ལྟ་སྟངས་མཛད་པས་ས་ལ་ལྷུང་ཞིང་བརྒྱལ། ཏིང་ངེ་འཛིན་གྱིས་གཟིར་དམ་འོག་ཏུ་བཙུད་པས་དེ་ཕྱིན་ཆད་འབྱོན་པ་ན་ཆིབས་དང༌། བཞུགས་པ་ན་གདན་དུ་ལུས་ཕུལ་ཏེ་གདུག་པའི་སྐྱེ་བོ་མང་པོ་སྐྲག་ཅིང་ཟིལ་གྱིས་གནོན་པར་མཛད་པ་དང༌། གདུགས་བདུན་འཛིན་པ་མེད་པར་རང་འཁོར། ཌ་མ་རུ་བདུན་འཁྲོལ་བ་པོ་མེད་པར་རང་འཁྲོལ། ཁྲུ་གང་གིས་ས་ལ་མ་རེག་པར་རྟག་ཏུ་འབྱོན། དུས་རྟག་ཏུ་སྣང་བའི་འཁོར་བདུན་བརྒྱ་དང༌། མི་སྣང་བའི་འཁོར་བདུན་བརྒྱ་དང༌། གྲུབ་པ་ཐོབ་པ་སྟོང་དང་བཞི་བརྒྱའི་འཁོར་གྱིས་སྐོར་ལ། ཡུལ་གྲུ་ཆེན་པོ་བཅུ་གསུམ་གྱི་སྐྱེ་བོ་ཐམས་ཅད་རྡོ་རྗེ་ཐེག་པའི་ཆོས་ལ་བཀོད་པས་དེ་ཐམས་ཅད་རྣལ་འབྱོར་པོ་མོར་གྱུར་ཏེ་གྲོང་ཁྱེར་རྣམས་སྟོངས་པར་གྱུར་སྐད། བླ་མའི་བཀའ་ཅུང་ཟད་བཅག་པས། སྐུ་ལུས་དེ་ལ་མཆོག་གི་དངོས་གྲུབ་མ་བརྙེས་ཀྱང༌། རལ་གྲི་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། བར་དོར་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཡིན་ནོ། །འདིའི་སློབ་མའི་མཆོག་དྲུག་ནི། ཨེ་ཡ་ལ་དང༌། མ་ཧི་ལ་དང༌། དྷ་མ་པ་དང༌། དྷུ་མ་པ་དང༌། བཟང་པོའི་ཞབས་དང༌། དགེ་ཚུལ་ཚེམ་བུ་པ་རྣམས་སོ། །སློབ་དཔོན་འདིས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དབང་ཆོག་སྦྱིན་སྲེག་སྟེ་བསྐྱེད་རིམ་གཞུང་གསུམ་དང༌། དཔྱིད་ཀྱི་ཐིག་ལེ་དང་རིམ་པ་བཞི་པ་དང༌། གསང་བའི་དེ་


TNT10_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་དེ་རྫོགས་རིམ་གཞུང་གསུམ་མོ། །དེ་ལྟར་ན་ནག་པོ་གཞུང་དྲུག་ཏུ་གྲགས་སོ། །སྤྱིར་དོ་ཧ་རྡོ་རྗེའི་གླུ་སོགས་བསྟན་བཅོས་ཕྲ་མོ་བརྒྱ་དང་ཉི་ཤུ་ཙམ་ཡོད་པར་གྲགས། བོད་དུ་ཡང་ཐོར་བུ་མང་དུ་འགྱུར་རོ། ། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་ཡུལ་ཉི་ཤུ་རྩ་བཞི་དང༌། དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ་བྱོན་ཞིང་མུ་སྟེགས་གྲུབ་ཐོབ་ཀྲིཥྞ་བྷི་མ་དང་ཀཙྪའི་རྒྱལ་པོ་སོགས་བཏུལ། ཤར་ཕྱོགས་བྷང་ག་ལར་རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་མུ་སྟེགས་པར་ཡོད་པ། ཧེ་རུ་ཀ་མནན་པའི་དབང་ཕྱུག་གི་བྲིས་སྐུ། དབང་ཕྱུག་མནན་པའི་ཧེ་རུ་ཀར་སོང་བའི་ཆོ་འཕྲུལ་བསྟན་པས། བྷང་ག་ལ་བ་རིལ་གྱིས་སངས་རྒྱས་པར་སོང༌། གྲུབ་པའི་སློབ་དཔོན་ཆེས་ཆེ་བའོ། །བདེ་མཆོག་གི་ཆོས་སྐོར་ཁུང་མ་རྣམས་ཀྱི་ནང་ནས་ལུགས་འདི་རྒྱས་ཤོས་ཡིན། ཕྱིས་ཇོ་བོ་ནཱ་རོ་པའི་ལུགས་འདི་ཁོ་ན་གཙོ་བོར་མཛད་དོ། །འཁོར་ལོ་སྡོམ་པའི་ཆོས་སྐོར་དེ་རྣམས་བོད་དུ་བྱུང་ཚུལ་ནི། སྔ་དར་དུས་འདི་མ་འགྱུར། ཕྱི་དར་གྱི་ཐོག་མ་ལོ་ཙཱ་བ་རིན་ཆེན་བཟང་པོས་རྩ་བའི་རྒྱུད་དང༌། ལངྐ་རྒྱལ་བཟང་གི་ལུགས་དང༌། ལཱུ་ཡི་པའི་ལུགས་དང༌། རིན་ཆེན་རྡོ་རྗེའི་ལུགས་རྣམས་བསྒྱུར། གཞན་ཡང་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས། གྱི་ཇོ་ཟླ་བའི་འོད་ཟེར། མ་ནང་པ་ཆོས་ཀྱི་ཤེས་རབ། མལ་བློ་གྲོས་གྲགས་པ། མར་པ་ཆོས་ཀྱི་དབང་ཕྱུགཔུ་རངས་ལོ་ཆུང་གྲགས་འབྱོར་ཤེས་རབ། རྭ་ལོ་རྡོ་རྗེ་གྲགས། ཀློག་སྐྱ་ལོ་ཙཱ་བ་ཤེས་རབ་


TNT10_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ཙ་མི་སངས་རྒྱས་གྲགས། སྨོན་འགྲོའི་མར་པ་དང་དར་མ་རྡོ་རྗེ། འཛིམ་ལོ་ཙཱ་བ། བྲ་བོ་ལོ་ཙཱ་བ་སྟེ་ལོ་ཙཱ་བཅོ་ལྔའི་བདེ་མཆོག་རྩ་རྒྱུད་བསྒྱུར་ཅིང་བཤད། དེ་རྣམས་ཀྱི་ནང་ནས་རྭ་ལོ་མལ་མར་དོ། པུ་རངས་ལོ་ཆུང་སྟེ་ལོ་ཙཱ་བ་བཞི་པོ་འདིས་ལཱུ་དྲིལ་ནག་གསུམ་གྱི་མན་ངག་དབང་བཀའ་རྒྱུད་བཤད་དང་བཅས་པ་ཤིན་ཏུ་དར་བར་མཛད་ཅིང༌། ད་ལྟའི་བར་དུ་ཡང་བཞུགས་པ་ཡིན། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོའི་སྐོར་ནི་ཕྱིས་གསུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ་ཡིན་ནོ། །ཀྱཻ་རྡོ་རྗེའི་རྒྱུད་ནི་རྩ་རྒྱུད་བརྟག་པ་གཉིས་པ་དང༌། དེའི་བཤད་རྒྱུད་དུ་ཡང་སྦྱོར་བར་མཛད་ཅིང་རྒྱུད་རྒྱས་པའི་དོན་བསྡུ་ལྟ་བུའི་རྒྱུད་རྡོ་རྗེ་གུར་གཉིས་ཡིན་ལ། རྒྱ་བོད་མང་པོ་ཞིག་སམྦུ་ཊི་ཡང་ཀྱཻ་རྡོར་གྱི་བཤད་རྒྱུད་དུ་བཞེད་མོད། འདི་ནི་བདེ་མཆོག་དང༌། ཀྱཻ་རྡོར་དང༌། གདན་བཞི་གསུམ་ཆ་མཉམ་པ་ལྟ་བུ་ཡིན་གྱི་ཀྱཻ་རྡོར་ཁོ་ན་མིན་ནོ། །དགེས་རྡོར་ལ་རྒྱ་གར་དུ་གྲུབ་ཐོབ་མང་དུ་བྱོན་ཞིང༌། ལུགས་སྲོལ་མི་འདྲ་བའང་མང་དུ་ཡོད་པར་གྲགས་ནའང༌། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ལུགས། མི་ཐུབ་ཟླ་བའི་ལུགས། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་ཏེ་གསུམ་པོ་མི་འདྲ་བ་ཆེ་བ་ཡོད་ལ། གཞན་ནཱ་རོ་མཻ་ཏྲི་སོགས་ཀྱི་ལུགས་ནི་དེ་གསུམ་ཀས་ལེགས་པར་བསྡུས་པ་ལྟ་བུར་ཡོད་དོ། སྤྱིར་བདག་མེད་མའི་སྒྲུབ་ཐབས་ལ་ཌོམྦྷི་ཧེ་རུ་ཀའི་སྒྲུབ་ཐབས་བདུད་རྩིའི་འོད་དང༌། ཡབ་དཔའ་བོ་ལྷ་དགུའི་སྒྲུབ་ཐབས་ལ་མཚོ་སྐྱེས་


TNT10_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པའི་སྒྲུབ་ཐབས་དེ་གཉིས་པོ་འདི་ཀྱཻ་རྡོར་གྱི་གཞུང་སྔ་ཤོས་སོ། །བོད་དུ་ལྷ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་ཐོག་མར་བསྒྱུར། གཞན་ཡང་ལོ་ཙཱ་བ་འཚུར་དབྱིག་གི་སྙིང་པོ་དང༌། རྨ་བན་ཆོས་འབར་ལ་སོགས་པས་ཀྱང་བསྒྱུར་ཞིང་བཤད་མོད་ཀྱི། ཤིན་ཏུ་གྲགས་ཆེ་བ་ནི་འབྲོག་འགོས་མར་གསུམ། དཔྱལ་ལོ་བསོད་ནམས་རྒྱལ་མཚན་གྱི་ལུགས་ཏེ་རྣམ་པ་བཞི་ཡིན་ལ། དེ་ལས་དང་པོ་གསུམ་ད་ལྟའི་བར་དུ་ཡང་རྒྱུན་མི་ཆད་པ་ཡོད། གཙོ་བོར་འབྲོག་མིའི་རྗེས་འབྲང་ས་ཆེན་ཡབ་སྲས་ལ་ཌོམྦྷིའི་ལུགས། མན་ངག་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས། ནཱ་རོ་མཻ་ཏྲིའི་ལུགས་ཏེ་ལུགས་སྲོལ་དྲུག་བྱུང༌། ཕྱི་མ་གཉིས་ད་ལྟར་ཆད། གཞན་རྣམས་ལ་བཀའ་བབས་བཞི་ཞེས་པ་ལུགས་ཕྱི་རབས་པ་རྣམས་ཟེར། འགོས་ལུགས་ལ་མཚོ་སྐྱེས་ལུགས་དང༌། ཤནྟི་པའི་ལུགས་གཉིས་བྱུང༌། མར་ལུགས་དང་དཔྱལ་ལུགས་གཉིས་ཀ་ནཱ་རོ་པའི་རྗེས་འབྲང་ཡིན། མར་ལུགས་ལ་རྔོག་ལུགས། མེས་ཚོམ་པོའི་ལུགས། འཚུར་དབང་གི་རྡོ་རྗེའི་ལུགས་ཏེ་གསུམ་བྱུང་བ་ལས། རྔོག་ལུགས་ད་ལྟའི་བར་དུ་ཡོད་དོ། །དེ་ལ་བརྟག་གཉིས་ལས། སྐུ་ཀྱཻ་རྡོ་རྗེ་ཕྱག་གཉིས། གསུང་ཀྱཻ་རྡོ་རྗེ་ཕྱག་བཞི་པ། ཐུགས་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྙིང་པོ་དགྱེས་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཡུམ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་རྣམས་གསུངས། རྡོ་རྗེ་གུར་ལས།


TNT10_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དགེས་རྡོར་རིགས་ལྔ་སོ་སོ་དང༌། རིགས་བསྡུས་དང༌། རྡོ་རྗེ་སྒྲོལ་མ་སོགས་གསུངས་ཤིང༌། གཉིས་ཀ་ནས་ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད། སམྦུ་ཊི་ལས། ཀྱཻ་རྡོ་རྗེ་མཚོན་ཆ་ཅན། ཁ་སྦྱོར་རྡོར་སེམས་ཀྱི་དཀྱིལ་འཁོར་ལ་སོགས་པ་གསུངས། སངས་རྒྱས་ཐོད་པ་ནས་རྒྱ་གར་དུ། གྲུབ་ཐོབ་ས་ར་ཧའི་མན་ངག་གི་ལུགས་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་རའི་ལུགས་གཉིས་བྱུང་ཞིང༌། བོད་དུ་ཡང་གྱི་ལོ་ཙཱ་བའི་ལུགས་དང༌། སྤོང་ཞོ་གསལ་བ་གྲགས་ཀྱི་ལུགས་གཉིས་དང༌། མར་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབང་ཙམ་ཡོད། མཧཱ་མ་ཡ་ནི་གྲུབ་ཐོབ་ཀུ་ཀུ་རི་པ་ཞེས་བྱ་བས་སྤྱན་དྲངས། དེས་སྒྲུབ་ཐབས་ལ་སོགས་པ་བསྟན་བཅོས་དྲུག་མཛད། སློབ་དཔོན་དེ་ཉིད་རྒྱ་གར་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། བོད་ཀྱི་རྒྱལ་པོ་ཁྲི་སྲོང་གི་སྐུ་ཚེའི་སྟོད་དང་དུས་དང་མཉམ། རིག་མ་ཁྱིའི་གཟུགས་སུ་བསྒྱུར་བས། ཀུ་ཀུ་རི་པ་ཞེས་པ་ཁྱི་མོ་ཅན་དུ་གྲགས། གཞན་ཡང་སློབ་དཔོན་འདུལ་བས་བྱིན་དང༌། རིན་ཆེན་འབྱུང་གནས་ཞི་བ་ལ་སོགས་པས་ཀྱང་བཀའ་སྲོལ་མི་འདྲ་བ་རེ་རེ་དར་བར་མཛད། བོད་དུ་འགོས་ལོ། ཇོ་བོ་རྗེ། མར་པ་ལོ་ཙཱ་རྣམས་ཀྱིས་བསྒྱུར་བཤད་དར་བར་མཛད་ཅིང༌། མར་པ་ནས་རྔོག་པ་ལས་བརྒྱུད་པ་ད་ལྟའི་བར་དུ་ཡང་དར་རོ། །ཕྱག་ཆེན་ཐིག་ལེ་སོགས་ཐིག་ལེའི་སྐོར་ནི། དཔལ་ཨུ་རྒྱན་གྱྀ་གནས་སུ་རྒྱལ་པོ་ཨིནྡྲ་བྷུ་ཏི་ཆུང་བའི་དུས་སུ་དར། ལུགས་སྲོལ་མི་འདྲ་བར་དགྱེས་པ་མེད། བྲམ་ཟེ་རིན་ཆེན་རྡོ་རྗེའི་


TNT10_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཨ་ཙ་ར་དམར་པོར་གྲགས་པ་སློབ་དཔོན་ཤེས་རབ་གསང་བས་བོད་ཡུལ་དུ་གཙང་རོང་གི་ལོ་ཙཱ་བ་ཕྱུག་མཚམས་དགྲ་བཅོམ་ལ་བཤད། དེ་དང་འབྲོག་མི་སོགས་ཀྱིས་ཀྱང་བསྒྱུར་ཏེ། རྩ་རྒྱུད་ཕྱག་ཆེན་ཐིག་ལེ་དང་ཕྱོགས་མཐུན་གྱི་རྒྱུད་གསུམ་ཡོད་དེ། ཡེ་ཤེས་ཐིག་ལེ། ཡེ་ཤེས་སྙིང་པོ། རྣལ་འབྱོར་མ་གསང་བའི་སྒྲོན་མ་རྣམས་སོ། རྒྱུད་འདི་རྣམས་ཀྱཻ་རྡོར་གྱི་རྒྱུད་དུ་འདོད་པ་དག་ནི་མི་འཐད་དེ། ཕྱག་ཐིག་ཉིད་ལས། འདུས་པའམ་ནི་ཀྱཻ་རྡོ་རྗེ། །དེར་ཡང་འདི་ནི་མ་བསྟན་ནོ། །ཞེས་ཀྱཻ་རྡོར་ལས་ཕྱག་ཆེན་ཐིག་ལེ་ཉིད་ལྷག་ཅིང་ཟབ་པར་བསྔགས་བརྗོད་མཛད་པས་སོ། །བརྗོད་བྱ་སྟོན་ཚུལ་ཡང་མི་མཚུངས་པ་ཆེར་ཡོད་ཅིང༌། རྒྱུད་འདི་བཞི་ལས་རྩ་རླུང་ཐིག་ལེའི་རྣམ་གཞག་ཤིན་ཏུ་ཞིབ་པ་དང༌། ས་ལམ་མང་པོ་དང་དབང་གསུམ་པའི་ཆགས་ལམ་ཁོ་ན་རྒྱས་པར་བཤད་དོ། །རྡོ་རྗེ་ཨ་རལླི་དང༌། རྀ་གི་ཨ་རལླའི་རྒྱུད་ནི་གྲུབ་ཐོབ་ཌོམྦྷི་ཧེ་རུ་ཀས་མཁའ་འགྲོའི་གནས་ནས་སྤྱན་དྲངས། བོད་ཡུལ་དུ་འབྲོག་མིས་བསྒྱུར། དབང་བཤད་མན་ངག་གི་བཀའ་ནི་མ་བྱུང་མོད། རྒྱུད་གཞན་ལ་མ་ལྟོས་པའི་རང་རྐང་པ་རེ་ཡིན་པ་སྔ་མ་དགེས་རྡོར་དང་མཐུན་ཤས་ཆེ་ལ། ཕྱི་མ་བདེ་མཆོག་དང་མཐུན་ཤས་ཆེའོ། །མི་གཡོ་བ་བླ་མེད་ཀྱི་རྒྱུད་གཉིས་ཀྱང་ཧེ་རུ་ཀའི་རིགས་སུ་བསྡུས་ན་ལེགས་སོ། །གསུམ་པ་རྟག་པའི་རིགས་ནི་བོད་དུ་འགྱུར་བ་གདན་བཞི་ཁོ་ན་ཡིན་ལ། འདི་ལ་གདན་བཞི་རྩ་རྒྱུད། བཤད་རྒྱུད་མནྟྲ་ཨཾ་ས་དང་སྦྱོར་བའི་


TNT10_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དབྱེ་སྟེ་གཉིས་རྒྱུད་གསུམ་ཡོད། རྒྱ་གར་དུ་རྩ་རྒྱུད་ལ་བརྟེན་པ་ཨཱཪྱ་དེ་བའི་ལུགས་དང༌། བསྡུས་རྒྱུད་ལ་བརྟེན་པ་སློབ་དཔོན་བྷ་བ་བྷ་དྲའི་ལུགས་གཉིས་གསལ་བར་བྱུང་ལ། བོད་དུ་པཎྜི་ཏ་སྨྲྀ་ཏའི་རང་འགྱུར་གྱི་སྐོར་དང༌། འགོས་ཁུག་པའི་ལུགས་དང༌། ལྷོ་བྲག་མར་པའི་ལུགས་རྣམས་བྱུང༌། ད་ལྟ་ཡང་དབང་རྒྱུད་བཤད་མན་ངག་རྣམས་ཚང་བར་བཞུགས་སོ། །དེ་ལྟར་ན་མར་པ་ལ་ནི་གསང་འདུས་འཕགས་སྐོར་དང༌། དགེས་སྐོར་དང༌། མ་ཧཱ་མ་ཡ་དང༌། གདན་བཞིའི་ཆོས་སྐོར་རྣམས་ཟབ་རྒྱས་སུ་བཞུགས། སངས་རྒྱས་ཐོད་པའི་དབང་རྒྱུན་ཙམ་ཡོད། འཁོར་ལོ་སྡོམ་པའི་ཆོས་སྐོར་ནི་རྫོགས་པར་མི་བཞུགས་པས། མར་པ་ནས་བརྒྱུད་པའི་བདེ་མཆོག་གི་སྐོར་ཡིན་ཟེར་བ་རྣམས་ནི་བོད་དུ་གསར་བཅོས་ཡིན་པར་ངེས་སོ། །བཞི་པ་རྡོ་རྗེ་ཉི་མའི་རིགས་ཀྱི་རྒྱུད་ནི། ཕྱོགས་འདིར་འགྱུར་བ་རྡོ་རྗེ་བདུད་རྩི་ཁོ་ན་ཡིན་ཞིང༌། རྒྱུད་འདི་གྲུབ་ཐོབ་བདུད་རྩི་གསང་བས་མཁའ་འགྲོའི་གནས་ནས་སྤྱན་དྲངས། རྒྱ་གར་དུ་སློབ་དཔོན་དྲི་མེད་བཟང་པོའི་ལུགས་དང༌། སློབ་དཔོན་བྷ་གོ་ཞེས་པ་སྐལ་ལྡན་གྱི་ལུགས་ཏེ་གཉིས་བྱུང༌། བོད་དུ་དང་པོ་བྱུང་བ་ནི་ལོ་ཙཱ་བ་ལྕེ་བཙན་སྐྱེས་ཀྱིས་བསྒྱུར། ཕྱིས་སྨྲྀ་ཏི་དང་གྱི་ཅོ་ཟླ་བའི་འོད་ཟེར་གྱིས་ཆོས་སྐོར་ཅི་རིགས་བསྒྱུར། ད་ལྟ་རྡོ་རྗེ་འཕྲེང་བའི་ནང་གི་དབང་རྒྱུན་ཙམ་ཞིག་བཞུགས། ལྔ་པ་པདྨ་གར་དབང་གི་རིགས་ལ། པདྨ་གར་དབང་ཉིད་ཀྱི་རྟོག་པ་བ་རི་ལོ་ཙཱ་བས་བསྒྱུར་བ་དང༌། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་


TNT10_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་རྒྱུད་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། དྲུག་པ་རྟའི་རྒྱལ་པོའི་རིགས་ཀྱི་རྒྱུད་ནི་སྔོན་སྔ་དར་གྱི་དུས་སུ་དཔལ་བདུན་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད་འགྱུར་ཏེ། ད་ལྟ་བཀའ་སོགས་མེད། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་དང༌། ཕུར་པ་རྩ་དུམ་སོགས་ཀྱང་རིགས་འདིའི་ནང་ཚན་ཡིན་ཞིང༌། མགོན་པོ་མངོན་བྱུང་གི་རྒྱུན་ཀྱང་འཕྲིན་ལས་ཀྱི་རིགས་ཡིན་པས་ཕྱོགས་འདིར་བསྡུ། སྒྲོལ་མ་འབྱུང་བའི་རྒྱུད་འདུས་པ་དོན་དམ་པ་ཞེས་བྱ་བ་གསར་དུ་བསྒྱུར་པ་འདི་ནི་གྲུབ་ཐོབ་རོལ་པའི་རྡོ་རྗེ་དང་ལོག་པྲ་ད་གཉིས་ཀྱིས་སྒྲུབ་ཐབས་སོ་སོར་མཛད་པས་ལུགས་མི་འདྲ་བ་གཉིས་ཡོད་ཅིང༌། ཕྱིས་གྲུབ་པའི་དབང་ཕྱུག་ཞི་བ་སྦས་པས་དར་བར་མཛད་དེ། སློབ་དཔོན་པ་བ་དྱཱ་ནཱ་ཐ་དང༌། བུདྡྷ་གུཔྟ་ནཱ་ཐ་དང༌། པུརྞ་བཛྲ་སྟེ་གསུམ་ལས་འཇམ་མགོན་ཏཱ་ར་ནཱ་ཐས་གསན་ཞིང་བསྒྱུར་བར་མཛད་པ་ཡིན། རྒྱུད་འདི་ལས་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། དབུགས་དབྱུང་དྲུག་ལ་སོགས་པ་དཀྱིལ་འཁོར་ཡང་མང་དུ་འབྱུང་ཞིང༌། རྫོགས་རིམ་རྒྱས་པར་བཤད་དོ། །དེ་ལྟར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དབྱེ་བ་རྣམས་བཤད་ནས། དེ་དག་གི་ལམ་གྱི་རིམ་པ་ནི་གསང་འདུས་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་མོ། །དང་པོ་རྒྱུ་རྒྱུད་ནི་སེམས་རང་བཞིན་གྱི་འོད་གསལ་པ་གདོད་མ་ནས་བདེ་བ་དང་སྟོང་པ་དང་གསལ་བ་ཟུང་འཇུག་ཏུ་གནས་པ་དེ་ཡིན་པས་ལམ་ཡང་བདེ་བ་དང༌།


TNT10_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དང་ལྷ་སྐུ་གསལ་བར་བསྒོམས་པས་འབྲས་བུ་སངས་རྒྱས་པའི་དུས་སུ་ཡང་སྟོང་པ་ཆོས་ཀྱི་སྐུ་དང༌། བདེ་བ་ལོངས་སྐུ་དང༌། གསལ་བ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་སྐུ་སྟེ། སྐུ་གསུམ་ཐོབ་ཏུ་རུང་བའི་ནུས་མཐུ་ཅན་སེམས་ལ་སྐུ་གསུམ་ས་བོན་གྱི་ཚུལ་དུ་བཞུགས་པའོ། །གཉིས་པ་ཐབས་རྒྱུད་ནི་སྨིན་གྲོལ་གཉིས་ཏེ། སྨིན་བྱེད་ཀྱི་དབང་ལ་དབང་བཞི་ཚང་བ་སྟེ། དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཡིན་ལ། བུམ་དབང་གི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་དང་ལུས་དཀྱིལ་གསུམ་གསལ་བར་གསུངས་ཤིང༌། བློས་སླངས་ལ་སོགས་པ་ཡང་དོན་གྱིས་ཐོབ་པ་ཡིན། དེ་ལྟ་བུའི་དཀྱིལ་འཁོར་དེ་དག་བདག་མདུན་དབྱེར་མེད་དམ་ཐ་དད་གང་རུང་གི་སྒོ་ནས་སྒྲུབས་ཤིང་མཆོད་དགོས་པ་ཡིན་ལ། དབང་བསྐུར་བ་ནི། ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། ཆུ་ཅོད་པན། རྡོ་རྗེ་དྲིལ་བུ། མིང་སྟེ་རིག་པའི་དབང་ལྔ་དང༌། སློབ་དཔོན་དང༌། བརྟུལ་ཞུགས་དང༌། རྗེས་གནང་དང༌། ལུང་བསྟན་དང༌། དབུགས་དབྱུང་དང༌། གཟེངས་བསྟོད་དེ། དེ་རྣམས་བུམ་དབང་ཡིན་ལ། རྗེས་གསང་བ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་དང༌། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་དང༌། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་རྣམས་བསྐུར་བ་ཡིན། ཡང་དུས་ཀྱི་འཁོར་ལོ་ལས་ནི། བྱིས་འཇུག་བདུན་དང༌། དབང་གོང་མ་བཞི་གསུངས་ཏེ། ཆུ་དང༌། ཅོད་པན་དང༌། དར་དཔྱངས་


TNT10_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྡོར་དྲིལ་དང༌། བརྟུལ་ཞུགས་དང༌། མིང་དང༌། རྗེས་གནང་སྟེ། བྱིས་པ་འཇུག་པའི་དབང་བདུན་ནོ། །དབང་གོང་མ་ལ་སློབ་མའི་དབང་གོང་མ་དང༌། རྡོ་རྗེ་སློབ་དཔོན་བདག་པོའི་དབང་དང༌། སློབ་དཔོན་བདག་པོ་ཆེན་པོའི་དབང་ཏེ་གསུམ་པོ་དེ་དག་རེ་རེ་ལའང་བུམ་གསང་ཤེས་རབ་བཞི་པ་རྣམས་སུ་ཕྱེ་བས་བཅུ་གཉིས་སུ་འགྱུར་ལ། འདི་སྐབས་ཀྱི་བུམ་དབང་ནི་གཞན་གྱི་བུམ་དབང་དང་མི་གཅིག་སྟེ། བུམ་པ་ཞེས་པ་བརྡས་བསྟན་པ་ཡིན་པས་ཕྱག་རྒྱའི་ལུས་མཚོན་པ་ཡིན། དེས་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་དབང་ཞེས་པའི་ཐ་སྙད་མཛད། གཞན་རྣམས་སྤྱི་འགྲོས་དང་གནད་གཅིག་པ་ཡིན་ནོ། །དེ་ལྟར་ན་བླ་མེད་ཀྱི་རྒྱུད་སྡེ་འདིར་ཁམས་གསུམ་དཀྱིལ་འཁོར་དུ་དག་པ་དང་གཉིས་སྦྱོར་འོད་གསལ་ལམ་དུ་བྱེད་པ་རྒྱས་པར་བཤད་དོ། །གཉིས་པ་གྲོལ་བྱེད་ཀྱི་ལམ་ལ་བསྐྱེད་རིམ་ནི་བརྫུས་སྐྱེས་དང་མཚུངས་པ་སྐད་ཅིག་གིས་བསྐྱེད་པ་དང༌། དྲོད་གཤེར་སྐྱེས་དང་མཚུངས་པར་ས་བོན་ཕྱག་མཚན་ལས་བསྐྱེད་པ་དང༌། སྒོང་སྐྱེས་དང་མཚུངས་པ་མངོན་པར་བྱང་ཆུབ་ལྔ་ལས་བསྐྱེད་པ་དང༌། མངལ་སྐྱེས་དང་མཚུངས་པ་ཞུ་བ་གླུས་བསྐུལ་དང༌། མཁའ་ནང་ནས་སྤྲོ་བ་སོགས་ཡིན་ཅིང༌། མངོན་རྟོགས་ཚར་གཅིག་ལ་འཆི་བ་དང་བར་དོ་དང༌། སྐྱེ་བ་གསུམ་སྦྱང་བའི་ཐབས་ཚང་བ། ཆོས་ལོངས་སྤྲུལ་གསུམ་ལམ་དུ་བྱེད་ནུས་པ་ཅིག་དགོས་ཏེ། དེ་ཡང་ལྷ་གཙོ་བོ་བསྐྱེད་པ་དང་པོ་སྦྱོར་བ། འཁོར་ཚོགས་སྤྲོ་བ་དཀྱིལ་འཁོར་རྒྱལ་མཆོག དག་


TNT10_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲན་པ་དང༌། ཕྲ་ཐིག་བསྒོམ་པ་སོགས་ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་ཚང་བའམ། བསྙེན་པ། ཉེ་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་བསྙེན་བསྒྲུབ་ཡན་ལག་བཞི་ཚང་པའི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞི་ཆ་ཚང་བ་གང་རུང་ཞིག་དགོས། བསྐྱེད་རིམ་གྱི་ཡན་ལག་ཏུ་བཟླས་པ་དང་གཏོར་མ་གཉིས། ཁ་ཟས་དང་རྗེས་ཆགས་གཉིས། ཉལ་བ་དང་ལྡང་བ་དང་གཉིས། སྤྱོད་ལམ་དང་མཆོད་པའི་རྣལ་འབྱོར་གཉིས་ཏེ་རྣལ་འབྱོར་བརྒྱད་པོ་དེ་རྣམས་དགོས་ལ། སྦྱིན་སྲེག་དང་འཁོར་ལོའི་མཆོད་པ་སོགས་ལའང་བསླབ་པར་བྱའོ། །རྫོགས་རིམ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པས་རྡོ་རྗེའི་བཟླས་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། བདག་བྱིན་རླབས་པའི་རིམ་པ། མངོན་པར་བྱང་ཆུབ་ཀྱི་རིམ་པ། ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔར་བཞེད་ལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནི་སྙིང་གར་མི་ཤིགས་པའི་ཐིག་ལེ། གསང་བར་རྫས་ཀྱི་ཐིག་ལེ། སྣ་སྒོར་སྤྲུལ་པའི་ཐིག་ལེ། ཆོས་ཉིད་ཡེ་ཤེས་ཀྱི་ཐིག་ལེ་སྟེ་ཐིག་ལེའི་རྣལ་འབྱོར་བཞིར་འདུས་པར་བཞེད་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་བཞེད་པ་ནི། བདག་བྱིན་རླབས་པའི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛ་ལནྡྷ་རའི་རིམ་པ། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་བདེ་མཆོག་རིམ་ལྔར་གྲགས་པ་ལྟར་ཡིན། སློབ་


TNT10_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ནག་པོ་སྤྱོད་པ་ནི་རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་སྟེ་རིམ་པ་བཞི་ལམ་ཐམས་ཅད་བསྡུས་པར་བཞེད་དོ། །དུས་འཁོར་དང་གཞན་ཡང་རྒྱུད་མང་པོར། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་རྣལ་འབྱོར་ཡན་ལག་དྲུག་གིས་བསྡུས་པར་བཞེད་དོ། །ཐམས་ཅད་མཐུན་པར། གང་ལ་གནད་དུ་བསྣུན་པའི་གཞི་རྩ་དང༌། རླུང་དང༌། ཐིག་ལེའི་རྣལ་འབྱོར་ཤེས་ནས་དམིགས་པ་དང༌། རླུང་སྦྱོར་དང༌། འཁྲུལ་འཁོར་གྱི་སྒོ་ནས་རང་ལུས་རྩ་དབུ་མ་ལ་གནད་དུ་བསྣུན་པ་དང༌། བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་དབབ་བཟུང་བཟློག་ཁྱབ་ཀྱི་རིམ་པས་རྗེས་ཆགས་ཀྱི་དགའ་བ་བཞི་ངོས་འཛིན་པ་གཞན་ལུས་ཤེས་རབ་ཀྱི་ལམ་དང༌། ལུས་ངག་གི་རྩོལ་བ་དང༌། ཡིད་རྣམ་རྟོག་གིས་མ་བརྟགས་པར་སྟོང་གཟུགས་ཕྱག་རྒྱ་ཆེན་པོས་མི་འགྱུར་བའི་བདེ་ཆེན་འདྲེས་པ་སྟེ་རྫོགས་རིམ་ཐམས་ཅད་ཀྱང་གསུམ་དུ་འདུས་སོ། །དེ་ལྟར་བསྐྱེད་རྫོགས་རིམ་པ་གཉིས་ལ་བརྟན་པ་ཐོབ་པ་ན། བརྟུལ་ཞུགས་ཀྱི་སྤྱད་པ་སྤྱོད་དགོས་པ་ལས། དེ་ལ་དབྱེ་ན་སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་མམ། ཡང་ན་ཀུན་འདར། ཀུན་བཟང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ་གསུམ་དུ་ཡོད་དོ། །བརྟུལ་ཞུགས་ཀྱི་སྤྱོད་པའི་ངོ་བོ་ནི་སེམས་བདེ་བ་ཆེན་པོར་ཤར་བ་དང་རྐྱེན་


TNT10_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཕྱག་རྒྱ་སོགས་བསྟེན་པའི་བདེ་སྟོང་གི་ཏིང་ངེ་འཛིན་གཅིག་གི་སྟེང་དུ། ཕྱི་བདེ་སྡུག་གི་སྣང་བ་ཐམས་ཅད་རོ་མཉམ་དུ་བསྲེ་བ་ཡིན་ལ། དེ་ལྟར་སྤྱོད་པ་ལ་བརྟེན་ནས་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་འབྲས་བུ་རྒྱུད་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ལས། ཐུན་མོང་ལ་ཕྲ་མོའི་ཆུང་ངུ་ལས་རིམ་སྣ་ཚོགས་ནི་ཞི་རྒྱས་དབང་དགུག་བསད་བསྐྲད་དབྱེ་མནན་ཏེ་ལས་ཆེན་བརྒྱད་ལ་སོགས་པའོ། །འབྲིང་རྫས་ཀྱི་དངོས་གྲུབ་ནི་ས་འོག་དང༌། རལ་གྲི་དང༌། རིལ་བུ་དང༌། མིག་སྨན་དང༌། རྐང་མགྱོགས་དང༌། བཅུད་ལེན་དང༌། རོ་ལངས་དང༌། གཏེར་གྱི་དངོས་གྲུབ་སྟེ་དངོས་གྲུབ་བརྒྱད་དོ། །ཆེན་པོ་ལས་ཀྱི་རིག་འཛིན་ནི། འདོད་ཁམས་ཀྱི་ལྷའི་གཟུགས་ཁམས་ཀྱི་ལྷ་དང་བསྐལ་བ་མཉམ་པའི་རིག་པ་འཛིན་པའི་རྒྱལ་པོའོ། །གཉིས་པ་མཆོག་གི་དངོས་གྲུབ་ལ་གནས་སྐབས་སུ་སྔགས་ཀྱི་ལམ་ལ་བརྟེན་ནས་འཕགས་པའི་ས་ཐོབ་པ་ཟུང་འཇུག་གི་སྐུ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་གྲུབ་པ་གཉིས་སོ། །སངས་རྒྱས་ནི་སྐུ་བཞི་ཡེ་ཤེས་ལྔ་འཕྲིན་ལས་དང་བཅས་པས་བསྡུས་པའོ། །ཆོས་ལོངས་སྤྲུལ་གསུམ་གྱི་སྟེང་དུ་བདེ་བ་ཆེན་པོའི་སྐུ་བསྣན་པ་ནི་སྐུ་བཞི་དང༌། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་སྒྲུབ་སྟེ་ཡེ་ཤེས་ལྔ་དང༌། འཕྲིན་ལས་ནི་ཐེག་པ་གཞན་དུ་བཤད་པ་དང་ཐུན་མོང་པ་ཡང་ཡོད། རིགས་དྲུག་གི་དཀྱིལ་འཁོར་སྤྲུལ་བཤད་སོགས་ཐུན་མོང་


TNT10_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཡང་ཡོད་དོ། །དེ་ཐམས་ཅད་བསྡུ་ན་ཡན་ལག་བདུན་དང༌། དབང་ཕྱུག་བརྒྱད་དུ་འདུ། ཇི་སྐད་དུ། སློབ་དཔོན་ངག་དབང་གྲགས་པས་ཡན་ལག་བདུན་པའི་གཞུང་དུ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་ཡན་ལག་བདུན་ནོ། །གསང་འདུས་ཀྱི་འགྲེལ་ཆེན་སྒྲོན་གསལ་ལས། རྒྱུད་རྒྱས་པའི་ལུང་དྲངས་པ་ན། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་ཏེ་ཕྱི་མ་གཉིས་ནི་འདོད་པའི་དབང་ཕྱུག་དང༌། ཡོན་ཏན་གྱི་དབང་ཕྱུག་ཅེས་བྱའོ། །དེ་ལྟར་ན་རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ཅེས་བྱ་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་མཁས་གྲུབ་དུ་མའི་གཙུག་རྒྱན་འཇམ་མགོན་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་རྡོ་རྗེའི་གསུང་ལས་བྱོན་པ་དགས་ལ་སྤྱོད་པའི་དབང་ཕྱུག་རྒྱལ་བའི་བསྟན་པ་རིན་པོ་ཆེ་བླ་ན་བཀུར་བ་དང་འགྲོ་བ་ཀུན་ལ་ཕན་བདེའི་དཔལ་ཡོན་རྟག་ཏུ་སྦྱིན་པའི་སྙིང་སྟོབས་ཅན་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོ་ཞེས་བྱ་བས་གསར་དུ་བསྒྲིགས་པའི་དགེ་བ་འདིས་ཀྱང་སྐྱེ་དགུ་མཐའ་དག་ཟབ་ལམ་རྡོ་རྗེ་ཐེག་པའི་སྤྱོད་པའི་སྐལ་བ་བཟང་པོ་དང་ལྡན་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །ཞུས་དག། །།མངྒ་ལཾ།།

ལས་དང་པོ་པ་རྣམས་ལ་ཕན་པའི་རབ་ཏུ་བྱེད་པ་བསྟན་པའི་ནོར་རྫས།


TNT10_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པ་རྣམས་ལ་ཕན་པའི་རབ་ཏུ་བྱེད་པ་བསྟན་པའི་ནོར་རྫས་ཞེས་བྱ་བ་བཞུགས།


TNT10_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་སྟི། ལས་དང་པོ་པ་རྣམས་ལ་ཕན་པའི་རབ་ཏུ་བྱེད་པ་བསྟན་པའི་ནོར་རྫས་ཞེས་བྱ་བ། བླ་མ་དམ་པ་མཆོག་གི་ཞབས་རྡོ་རྗེ་སེམས་དཔའི་རིགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཟབ་གསལ་གཉིས་མེད་དཀྱིལ་འཁོར་ལས། །མ་ལུས་རིགས་ཀྱི་སྤྲུལ་པའི་ཚོགས་སྤྲོ་བ། །བདེ་སྟོང་མཁའ་ལ་ཡེ་ཤེས་འོད་རིས་ཤར། །ཟུང་འཇུག་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདིར་ནི་ལས་དང་པོ་ལ་ཉེར་མཁོ་བ། །ཅུང་ཟད་བདག་གིས་རྣམ་པར་དབྱེ་འདོད་ན། །ཤེས་ལྡན་རྣམས་ཀྱིས་སྔོན་མེད་ཉུང་ངུའི་གཏམ། །འགྲོ་ལ་ཕན་པའི་རྒྱུ་རུ་མཉན་པའི་རིགས། །སྡོམ་ནི། རྒྱུད་ཀྱི་རང་བཞིན་དེ་དོན་སྒོམ་ཚུལ་དང༌། །རྒྱུད་རྣམས་བཤད་པའི་མན་ངག་ཅེས་བྱའོ། །འདིར་རྡོ་རྗེའི་ཐེག་པའི་དོན་ནི་འདི་ཙམ་སྟེ། རྒྱུད་རྣམས་ཀྱི་རང་བཞིན་དང༌། དེའི་དོན་སྒོམ་ཚུལ་དང༌། རྒྱུད་བཤད་ཐབས་ཏེ་གསུམ་པོ་


TNT10_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གོ །དེ་ལ་རྒྱུད་ཅེས་བྱ་བ་ནི་སྔགས་རྣམས་དང་དེའི་ཆོ་གའོ། ། དེ་སྟོན་པར་བྱེད་པའི་བཀའི་ཚོགས་ལ་ཡང་རྡོ་རྗེ་ཐེག་པའི་སྡེ་སྣོད་དང་རྒྱུད་ཅེས་བྱའོ། །རིག་པ་འཛིན་པའི་སྡེ་སྣོད་དང༌། སྔགས་ཀྱི་སྡེ་སྣོད་དང༌། ཆོས་འདི་པ་རྣམས་ཀྱི་རྒྱུད་དང༌། རྡོ་རྗེ་ཐེག་པའི་སྡེ་སྣཽད་ཅེས་པ་རྣམས་གྲངས་སོ། །རྡོ་རྗེ་ཐེག་པ་དང༌། སྔགས་ཀྱི་ཐེག་པ་དང༌། རིག་པ་འཛིན་པའི་ཐེག་པ་དང༌། འབྲས་བུའི་ཐེག་པ་ཞེས་པ་ཡང་རྣམ་གྲངས་སོ། །ཅི་སྔགས་དང་རྒྱུད་སོ་སོའི་སྐྱེ་བོས་བྱས་པ་དག་ཡོད་དམ། ཡོད་དེ། ཕྱུགས་བདག་གིས་བྱས་པ་དང༌། དྲང་སྲོང་གིས་བྱས་པ་དང༌། ལྷ་དང་འབྱུང་པོ་དང༌། གསང་བ་པ་དག་དང༌། སྔགས་མཁན་དག་གིས་བྱས་པ་དག་ཡིན་ཏེ། དེ་དག་ནི་རྡོ་རྗེ་ཐེག་པ་དང༌། སྔགས་ཀྱི་སྡེ་སྣོད་ནི་མ་ཡིན་ཏེ། གཞན་དུ་སྔགས་དང་རྒྱུད་ཅེས་བྱའོ། །ཡོང་ཡེ་སྔགས་ཀྱི་ཐེག་


TNT10_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་ཇི་ཞིག དབྱེ་བ་ནི་གང་དངོས་དང་མིང་གིས་བཏགས་པའི་ཁྱད་པར་ནི་ཅི་ཞེ་ན། རིག་སྔགས་ཀྱི་སྦྱོར་བ་གཅོ་བོར་སྟོན་པའི་ལམ་དང༌། དེའི་འབྲས་བུ་ནི་སྔགས་ཀྱི་ཐེག་པའོ། །དེ་ཡང་རྣམ་པར་དབྱེ་ན། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །འཇིག་རྟེན་པའི་ཐེག་པ་གང་ཞེ་ན། འདོད་པའི་རིག་པ་འཛིན་པ་དང༌། གཟུགས་ཀྱི་རིག་པ་འཛིན་པ་དང༌། དེ་དག་གི་ལམ་དང༌། གཟུགས་མེད་པའི་ཁམས་སུ་སྐྱེ་བ་གཞན་ལ་སྔགས་ཀྱི་སྦྱོར་བས་བགྲོད་པར་བྱེད་པའི་ལམ་རྣམས་སོ། །འཇིག་རྟེན་ལས་འདས་པའི་ཐེག་པ་གང་ཞེ་ན། ཐེག་པ་གསུམ་པོ་དག་གོ །འཇིག་རྟེན་པའི་ཐེག་པ་ནི་མིང་ཙམ་སྟེ། གོ་འཕང་མི་གཡོ་བ་མ་ཡིན་པའི་ཕྱིར་དང༌། དེ་ལ་ངེས་པར་འཇུག་པ་མ་ཡིན་པའི་ཕྱིར་དང༌། ཡུལ་དུས་ཉེ་ཚེ་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ནི་དངོས་ཏེ། རྡོ་རྗེའི་ཐེག་པའོ། །དེའི་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་གཙོ་བོ་མ་ཡིན་ནོ། གང་རིག་པ་འཛིན་པའི་སྡེ་སྣོད་འདིར་འཇིག་རྟེན་པའི་སྦྱོར་བ་དེ་དག་འཇིག་རྟེན་པའི་ཐེག་པ་ཞེས་བྱའམ་ཞེ་ན་དེ་ལྟར་ཡིན་ཏེ། འཇིག་རྟེན་པའི་ཐེག་པ་ལ་དངོས་བཏགས་ཀྱིས་དབྱེ་ན། སླར་ཡང་འཇིག་རྟེན་པའི་ཐེག་པ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་པ་ཉིད་ཀྱི་ཐེག་པ་དང༌། ངེས་པ་ལ་འཇུག་པའི་འཇིག་རྟེན་པ་དང༌། སེམས་ཀྱི་རྟེན་འཇིག་རྟེན་པའོ། །དང་པོ་ནི་སོ་སོའི་སྐྱེ་བོས་བྱས་པའོ། །གཉིས་པ་ནི། རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བ་འཇིག་རྟེན་པའི་ཐེག་


TNT10_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གསུམ་པ་ནི། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་མོ། །དེ་ལ་ཕྱི་མ་གཉིས་ནི། འཇིག་རྟེན་ལས་འདས་པའི་སྡེར་གཏོགས་ཏེ། དེ་སྟོན་པར་བྱེད་པ་རྣམས་ཀྱང་དེའི་སྡེ་སྣོད་དུ་གཏོགས་སོ། །འཕགས་པའི་སེམས་ཅན་གྱིས་རང་དགར་བྱས་པ་ཡང༌། དེའི་སྡེར་གཏོགས་མོད་ཀྱི། འོན་ཀྱང་སྡེ་སྣོད་ནི་མ་ཡིན་ནོ། །བར་སྡོམ་ནི། ངོ་བོ་རྣམ་གྲངས་འཇིག་རྟེན་པའི། །རྒྱུད་དང་སྔགས་ཀྱི་ཐེག་པ་ཡི། །རང་བཞིན་དབྱེ་བ་དངོས་བཏགས་ཁྱད། །འཇིག་རྟེན་པ་ཡི་དབྱེ་བའོ། །རྒྱུད་ཀྱི་ངོ་བོ་དང༌། རྣམ་གྲངས་དང༌། འཇིག་རྟེན་པའི་རྒྱུད་དང༌། སྔགས་ཀྱི་ཐེག་པའི་རང་བཞིན་དང༌། དབྱེ་བ་དང༌། འཇིག་རྟེན་པའི་ཐེག་པའི་དབྱེ་བའོ། །འདི་ལ་མདོ་དང་རྒྱུད་ནི་ཅི་ཞེ་ན། འདིར་མདོ་ནི་གཅིག་ལས་འཕྲོས་པ་ལ་སོགས་པ་ཕལ་ཆེར་དག་གོ །རྒྱུད་ནི་མཁའ་ལྡིང་གི་སྦྱོར་བ་ལ་སོགས་པའོ། །མདོ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པ་ནི། སྔགས་ཀྱི་སྡེ་སྣོད་དེ་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི་རྟོག་གེ་ལ་སོགས་པའོ། །རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པའི་ཁྱད་པར་གང་ཞེ་ན། འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བ་ལྷའི་རྣལ་འབྱོར་གྱི་ཁྱད་པར་རོ། །ཕ་རོལ་དུ་ཕྱིན་པའི་ཚུལ་དང༌། སྔགས་ཀྱི་ཚུལ་གྱི་ཁྱད་པར་གང་ཞེ་ན། སྔགས་དང་སྦྱོར་བ་གཙོ་བོར་སྟོན་པ་དང༌། མ་ཡིན་པའི་ཁྱད་པར་རོ། །ཅིའི་ཕྱིར་སྔགས་ཀྱི་ཚུལ་མཆོག་ཏུ་གྱུར་པ་ཡིན། སྔགས་ཀྱི་ཚུལ་རྣམས་ནི་དུ་ཞེ་ན། ལས་དང་པོ་ལ་ཐབས་སུ་གྱུར་པ་སྟེ། མྱུར་བ་དང༌། བདེ་བ་དང༌། ཐབས་


TNT10_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པའི་ཁྱད་པར་གྱིས་མཆོག་ཏུ་གྱུར་པའོ། །ཇི་ལྟར་མྱུར་བ་ཡིན་ཞེ་ན། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་པ་གསུམ་མམ། བསྐལ་པ་བརྒྱད་ཀྱི་བྱང་ཆུབ་ཐོབ་པའོ། །རྒྱུ་ཅིས་མྱུར་བ་ཡིན་ཞེ་ན། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པས་ཡོངས་སུ་སྤྱད་པ་ལས་བྱུང་པའི་བསོད་ནམས་ཡོད་པ་དང། སྔགས་ཀྱི་མཐུས་ཆུ་ཐིགས་པ་གཅིག་ལ་ཡང་གངྒཱའི་བྱེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང༌། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང༌། སྔགས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག་ཐེག་པ་ལ་ཞུགས་པ་ཙམ་ལ་ཡང་ཡོད་པ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱིས་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ཤེས་རབ་རྣམས་དང་པོ་དང་ཐ་མའི་བར་དུ་ཡོད་པས་ནའོ། །ཇི་ལྟར་ན་བདེ་བ་ཡིན་ཞེ་ན། ལུས་དང་སེམས་ལ་ཚོར་བ་རྩུབ་པོ་མེད་པ་ཉིད་དོ། །རྒྱུ་ཅིས་བདེ་བ་ཡིན་ཞེ་ན། འདི་ལ་བསྐལ་པ་དྲུག་དང་ལྡན་པའི་ལུས་དང་གྲུབ་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང༌། སྔགས་ཀྱི་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་འགྲོ་བའི་བསམ་པ་ཐམས་ཅད་བསྒྲུབས་པས་ནའོ། །ཐབསས་ལ་མཁས་པ་གང་ཞེ་ན །ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སྤྱོད་ཡུལ་ལ་འཇུག་པ་རྣམས་ཀྱིའོ། །རིག་པ་འཛིན་པ་རྣམས་


TNT10_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཚུལ་ཁྲིམས་:མཉམ་[མ་ཉམས་]པས་ལྷ་དགེས་པ་དང༌། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་པའི་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། གཞན་དག་ནི་ཐེག་པ་ཆེན་པོ་ཚུལ་ཉིད་ཀྱི་བསླབ་པ་གསུམ་དང༌། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ཡོད་དོ། །བྱ་བའི་རྒྱུད་ཆེན་པོའམ། སྤྱོད་པའི་རྒྱུད་དམ། གཉིས་ཀའི་རྒྱུད་ཅེས་བྱ་བ་འདི་ལྷའི་བསྙེམས་པ་རྒྱས་པའི་ཚུལ་གྱིས་འཇུག་གོ །རྣལ་འབྱོར་གྱི་རྒྱུད་ལ་ནི་ལྷའི་བསྙེམས་པ་ཁྱབ་པའི་ཚུལ་གྱིས་འཇུག་པའོ། །རྣལ་འབྱོར་བླ་ན་མེད་པར་ནི་བདེ་བའི་སྡོམ་པ་ཚུལ་ཁྲིམས་དང༌། བག་ཆགས་དང༌། སྤྱོད་པ་དང༌། གོང་མའི་རྣམ་པའི་ཏིང་ངེ་འཛིན་དང༌། བདེ་བ་ཁྱབ་པ་དང༌། སྤྱོད་ཡུལ་དེ་ཉིད་ལ་དམིགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་དང༌། མཉམ་པ་ཉིད་དང༌། རང་བཞིན་མེད་པ་དང༌། བདེ་བ་དང༌། ལྷའི་རྣམ་པས་ཁྱབ་པ་དང༌། དེས་དེ་དག་ཉིད་མཆོག་ལ་སྦྱོར་བས་སྤྱོད་ཡུལ་ལ་འཇུག་གོ །ཚུལ་ཁྲིམས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་དང་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱང་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་རོ། །ཅིའི་ཕྱིར་བདེ་བ་ཆེན་པོས་མྱུར་ཞེ་ན། བདེ་བ་ནི་སྙིང་རྗེའི་རང་བཞིན། དེ་ཉིད་རང་བཞིན་མེད་ཅིང༌། དམིགས་པ་མེད་པར་མངོན་སུམ་མམ། མངོན་སུམ་གྱི་ཚུལ་གྱིས་ལས་དང་པོ་བས་བསྐྱེད་པས། བདེ་བས་སྟོང་པ་ཕུལ་དུ་འགྱུར་བ་མངོན་སུམ་གྱི་རྣམ་པ་དང༌། དེས་ཀྱང་


TNT10_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཕུལ་དུ་ཕྱིན་པར་འགྱུར་བའི་ཕྱིར་རོ། །བར་བསྡོམ་ནི། རྒྱུད་དང་འབྲས་དང་སྔགས་ཀྱི་ཁྱད། །མྱུར་བདེ་ཐབས་མཁས་རྣམས་ཀྱིས་མཆོག །མྱུར་དང་བདེ་ལ་ཇི་ལྟར་རྒྱུ། །ཡོངས་སྤྱད་འཕེལ་དང་སྦྱོང་དང་སྨིན། །ཤེས་རབ་ཀྱིས་མྱུར་ལུས་ཏིང་འཛིན། །མངོན་སུམ་བཞུགས་དང་བསམ་པ་སྒྲུབ། །བསླབ་གསུམ་སྤྱོད་ཡུལ་བླ་མེད་ལ། །ཐུན་མོང་མིན་དང་རྒྱ་ཆེ་ཟབ། འདིར་སྔགས་ཀྱི་ཚུལ་ནི་གསུམ་སྟེ། མཆོག་དང་དམན་པ་དང་ཡན་ལག་གོ །དེའི་ངོ་བོ་གང་ཞེ་ན། བདེ་བ་ཆེན་པོ་དང༌། ལྷའི་བསྙེམས་པ་དང༌། སྔགས་དང་སྦྱོར་བ་ཙམ་དང་བཅས་པའོ། །དང་པོ་གཉིས་ནི་དངོས་དང༌། སྔགས་ཀྱི་ཐེག་པ་དང༌། རིག་པ་འཛིན་པའི་ཚུལ་དང༌། སྡོམ་པ་དང་འབྲེལ་བ་ཡིན་ནོ། །ཕྱི་མ་ནི་རྣམས་མ་ཡིན་ཏེ་གཞན་དུ་ན། སྔགས་པ་ཞེས་པ་ཙམ་མོ། །ཡང་སྔགས་ཀྱི་ཚུལ་བདུན་ཏེ། གཏན་དུ་བའི་ལམ་དང༌། ཆ་ཤས་ཅན་དང༌། ཁྱད་པར་དུ་གྱུར་པ་དང༌། དང་པོར་བདེན་པ་དང༌། ཕལ་ཆེར་བདེ་ཆེན་གྱི་ཚུལ་དང༌། འགའ་ཞིག་བདེ་ཆེན་དང༌། ཅུང་ཟད་བདེ་ཆེན་གྱི་ཚུལ་ལོ། །འདིར་ཐམས་ཅད་བདེ་ཆེན་ཞེས་བྱ་བ་ཡོད་མོད་ཀྱི། དེ་ནི་གཏན་དུ་བའི་ལམ་ཉིད་དུ་འགྱུར་རོ། །བར་སྡོམ་ནི། གསུམ་ལ་དབྱེ་བ་ངོ་བོ་དང༌། ཁྱད་པར་དང་ནི་ཚུལ་བདུན་ནོ། །སྔོན་ཆད་ཁ་བ་ཅན་འདིར་ནི། །སྔགས་པར་སྨྲ་བ་ཤས་ཆེས་ཀྱང༌། འདི་ནི་མ་རྟོགས་འདི་རྟོགས་པ། བླ་མ་རྣམས་ཀྱི་དྲིན་ཉིད་དེ། །ཚུལ་འདི་ཇི་བཞིན་མ་ཤེས་པས། །མདོ་རྒྱུད་ཁྱད་པར་མཁས་པས་ཀྱང༌། །རྣམ་པ་ཀུན་ཏུ་མ་ཕྱེད་ཅིང༌། །


TNT10_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྣམས་ཀྱི་གཏམ་འདི་ཡིན། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལ་རྒྱུད་དང་སྔགས་ནི་རྣམ་པར་དབྱེ་བར་བྱ་སྟེ། དེ་ལ་སྔགས་གང་ཞེ་ན། གསང་སྔགས་རྣམས་དང༌། བདེ་བ་ཆེན་པོའི་ཡེ་ཤེས་སོ། །རྒྱུད་གང་ཞེ་ན། དེའི་སྦྱོར་བ་སྟེ། ལས་དང་དངོས་གྲུབ་ཀྱི་ཚོགས་རྣམས་སོ། །སྔགས་དང་རྒྱུད་ཀྱི་རིམ་པར་ཕྱེ་བ་སྟེ་དང་པོའོ། །དེ་ལ་དེ་ཉིད་རྣམ་པར་བཤད་པར་བྱ་སྟེ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དོ། །དེ་སྐད་དུ་ཡང༌། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་ངོ་བོ་རང་བཞིན་དང༌། །མི་འཕྲཽགས་པ་ཡི་རབ་ཕྱེ་བ། ཞེས་པ་འདི་ནི་རེ་ཞིག་ལུང་ངོ༌། །ངོ་བོ་གཙོ་བོ་མཚན་ཉིད་དང༌། ། རྣམ་གྲངས་ལྡན་པ་གནས་སྐབས་དང༌། །མི་འགྱུར་བས་ཀྱང་རྒྱུ་རྒྱུད་བསྡུས། ། རྒྱུའི་རྒྱུད་གང་ཞེ་ན། ཐོག་མ་མེད་པའི་དུས་རྣམས་ནས་རྒྱུད་དེ་འོངས་པ། སེམས་རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་དང༌། སྣོད་དང་བཅུད་ཀྱི་རང་བཞིན་དང༌། རྩ་དང་རླུང་དང༌། ཁམས་དང༌། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །དེ་ཉིད་གང་ཞེ་ན། ཞིང་དང༌། སྐུ་དང༌། ཡེ་ཤེས་ལ་སོགས་པ་འབྲས་བུའི་ཆོས་མཐུན་པའི་ཁྱད་པར་ཅན། རང་བཞིན་བདེ་བ་ཆེན་པོ་རྒྱུན་ཆད་པ་མེད་པ། ཆོས་ཉིད་ཀྱིས་ཐོབ་པ་སྟེ་ཁྱད་པར་བཞི་དང་ལྡན་པའོ། །རྒྱུའི་རྒྱུད་དང༌། སྦྱང་གཞི་དང༌། ཀུན་གཞི་དང༌།


TNT10_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་སངས་རྒྱས་ནི་རྣམ་གྲངས་སོ། །རྒྱུ་ནི་དུ། གཞི་ནི་དུ། ཀུན་གཞི་ནི་དུ། དང་པོའི་སངས་རྒྱས་ནི་དུ་ཞེ་ན། རྒྱུ་ནི་བཅུ་བཞི་སྟེ། ཉོན་མོངས་པའི་རྒྱུ་དང༌། ལས་ཀྱི་རྒྱུ་དང༌། སྡུག་བསྔལ་གྱི་སྟཻ་ཀུན་ནས་ཉོན་མོངས་པའི་དང༌། སྣོད་དང༌། བཅུད་དང༌། ལམ་གྱི་རྒྱུ་དང༌། སྟོང་པ་དང༌། བདེ་བ་དང༌། ཟུང་དུ་འཇུག་པའི་རྒྱུ་དང༌། རགས་པ་དང༌། ཕྲ་བ་དང༌། ཤིན་ཏུ་ཕྲ་བའི་རྒྱུ་དང༌། གཟུགས་ཀྱི་སྐུ་གཉིས་དང༌། ཆོས་ཀྱི་སྐུའི་རྒྱུ་རྣམས་སོ། །གཞི་ནི་བཅོ་ལྔ་སྟེ། སྣོད་དག་པའི་གཞི་དང༌། བཅུད་དག་པའི་གཞི་དང༌། ཉེར་སྤྱོད་དག་པའི་གཞི་དང༌། རྣམ་པར་འགྱུར་བ་དག་པའི་གཞི་དང༌། རང་བཞིན་དག་པའི་གཞི་དང༌། འཁོར་བའི་གཞི་དང༌། མྱ་ངན་ལས་འདས་པའི་གཞི་དང༌། རང་བཞིན་གྱི་གཞི་དང༌། རྣམ་གྲངས་ཀྱི་གཞི་དང༌། མཐར་གཏུགས་པའི་གཞི་དང༌། ཀུན་རྫོབ་ཀྱི་གཞི་དང༌། དོན་དམ་པའི་གཞི་དང༌། རགས་པའི་གཞི་དང༌། ཕྲ་བའི་གཞི་དང༌། ཤིན་ཏུ་ཕྲ་བའི་གཞི་རྣམས་སོ། །དང་པོ་ལྔ་ནི་ལས་དང་བྱ་བའི་སྒོ་ནས་ཏེ། སྦྱང་བྱའི་རབ་ཏུ་དབྱེ་བའོ། །དེ་ནས་གསུམ་ནི་བཅིངས་གྲོལ་གྱི་རབ་ཏུ་དབྱེ་བའོ། །དེ་ནས་གཉིས་གཉིས་ནི་དངོས་དང་བཏགས་པ་བ་དང༌། རྫས་དང་བཏགས་པའི་རབ་ཏུ་ཕྱེ་བའོ། །ཐ་མར་གསུམ་ནི་རྟོགས་ཚུལ་གྱིས་རབ་ཏུ་ཕྱེ་བའོ། །དེ་ལ་རགས་པའི་གཞི་གང་ཞེ་ན། དགུ་པོ་འདི་དག་སྟེ། གང་ཟག་ཏུ་བཏགས་པས་ཡོད་པ་དག་ལ་བརྗོད་དེ། ཙན་དན་དང༌། ཨུཏྤལ་དང༌། པདྨ་དང༌། པདྨ་དམར་པོ་དང༌། རིན་པོ་ཆེ་ལྟ་བུ་


TNT10_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཉོན་མོངས་པས་རྣམ་པར་ཕྱེ་བ་དང༌། ལས་ཀྱི་རྣམ་པར་ཕྱེ་བ་དང༌། ལུས་ཀྱི་རྣམ་པར་ཕྱེ་བ་དང༌། རིགས་ཀྱི་རྣམ་པར་ཕྱེ་བའོ། །དང་པོ་ལྔ་ནི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། །ཕྱི་མ་བཞི་ནི་རྣམ་གྲངས་ཀྱིས་རབ་ཏུ་ཕྱེ་བའོ། །འདིར་ཀུན་གཞི་ཞེས་བྱ་བ་ནི། སྡེ་སྣོད་ཀྱི་ཚུལ་ལས་འབྱུང་བ་ཁོ་ན་བཞིན་ནོ། །དང་པོའི་སངས་རྒྱས་ནི་གཉིས་ཏེ། རང་བཞིན་གྱི་དང་པོ་དང༌། གློ་བུར་གྱི་དང་པོའི་སངས་རྒྱས་སོ། །འདི་ལ་ཇི་ལྟར་ན་སྐྱོན་དང་ཡོན་ཏན་དང༌། རྒྱུ་དང་འབྲས་བུ་དག་དང་འབྲེལ་བར་ལྡན་ཞེ་ན། སད་་པའི་གནས་སྐབས་དང༌། རྨི་ལམ་གྱི་གནས་སྐབས་དང༌། གཉིད་སྟུག་གི་གནས་སྐབས་དང༌། བཞི་པའི་གནས་སྐབས་ཀྱི་སྒྲིབ་པ་ཞེས་བྱ་བ་གནས་ཏེ། དགའ་བ་བཞིའམ་སྣང་བ་བཞི་དང་ལྷན་ཅིག་གནས་པ་ཡིན་ནོ། །རླུང་བཞི་དང༌། ཐིག་ལེ་བཞི་དང༌། འཁོར་ལོ་བཞི་ལས་དྲི་བཅས་དང༌། ཅུང་ཟད་དྲི་བྲལ་དང༌། ཆོས་དྲི་བྲལ་ལམ། འཛག་བཅས་ཀྱི་དབང་དང༌། འཛག་མེད་ཀྱི་དབང་དང༌། ཤིན་ཏུ་འཛག་པ་དང་བྲལ་བའི་དབང་ལས་རིགས་བཞི་དང༌། རྒྱུད་བཞི་དང༌། འགྲོ་བ་བཞི་དང༌། ཡོན་ཏན་བཞི་དང༌། ཐུན་ཚོད་བཞི་དང༌། བག་ཆགས་བཞིས་རྣམ་པར་རྟོག་པ་བཞི་འབྱུང་སྟེ། ཐམས་ཅད་ཡོད་པར་རྟོག་པ་དང༌། རྡུལ་ཕྲན་དུ་རྟོག་པ་དང༌། སེམས་ཙམ་དུ་རྟོག་པ་དང༌། དེ་ཡང་མི་དམིགས་པ་སྟེ། གྲུབ་མཐའ་བཞི་དང༌། སྡེ་པ་བཞི་དང༌། སྐད་ཅིག་མ་བཞི་དང༌། དགའ་བ་བཞི་དང༌། བདེན་པ་བཞི་ལ་སྒྲོ་འདོགས་པའམ་དེ་དག་ལ་ཇི་བཞིན་དུ་


TNT10_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་སྟེ། དེ་བཞིན་དུ་ཨེ་ཝཾ་མ་ཡཱ་དང༌། གནས་བཞི་དང༌། རིགས་བཞིའི་ཕྱག་རྒྱས་དྲི་མ་སྦྱོང་བའི་ཁྱད་པར་དང༌། སྐུ་བཞི་དང༌། རྡོ་རྗེ་བཞི་ལ་སོགས་པ་ཇི་ལྟར་རྒྱུད་ལས་རྒྱས་པས་འབྱུང་བ་དེ་ལྟར་ཤེས་པར་བྱའོ། །འདིར་གནས་སྐབས་གང་ཞེ་ན། ཐར་པའི་ཆ་མཐུན་མ་བསྐྱེད་པ་དང༌། བསྐྱེད་པ་དང༌། སོ་སོའི་སྐྱེ་བོའི་ལམ་དང༌། སློབ་པའི་ལམ་དང༌། མི་སློབ་པ་རྣམས་སུ་དང་པོའི་སངས་རྒྱས་དང༌། རྒྱུའི་རྒྱུད་དང༌། ལམ་དུ་ཞུགས་པ་དང༌། འཕགས་པ་དང༌། འབྲས་བུའི་རྡོ་རྗེ་འཛིན་པ་ཞེས་མིང་གིས་བཏགས་སོ། །དེ་རྣམས་སུ་འགྱུར་བ་མེད་པ་ཇི་ལྟ་བུ་ཞེ་ན། སྔ་མ་ལས་ཕྱི་མའི་ཚེ་ངོ་བོ་མི་འགྱུར་བ་སྟེ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། འགྲོ་བ་རྣམས་དང༌། རྟེན་འབྲེལ་རྣམས་དང༌། རིགས་པ་དང༌། བདེན་པ་མཐོང་བ་དང༌། རྣམ་པར་མི་རྟོག་པ་ལ་ཞུགས་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀྱང་མི་འཇིག་ཅིང་མི་འགྱུར་བའོ། །ཐབས་ཀྱི་རྒྱུད་གང་ཞེ་ན། སྡོམ་ནི། དབང་བསྐུར་དམ་ཚིག་སྡོམ་པ་དང༌། །ཏིང་ངེ་འཛིན་རྒྱུད་ཀྱི་སྦྱོར་བའོ། །ལྔ་པོ་འདི་དག་ནི་ཐབས་ཀྱི་རྒྱུད་དེ། །དབང་བསྐུར་བ་དང༌། དམ་ཚིག་རྣམས་དང༌། སྡོམ་པ་དང༌། ཏིང་ངེ་འཛིན་དང༌། ལས་དང་དངོས་གྲུབ་ཀྱི་སྦྱོར་བའོ། དབང་བསྐུར་བ་གང་ཞེ་ན། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། སློབ་མའི་དབང་དང༌། ཕྱིར་མི་ལྡོག་པ་དང༌། ཐ་མལ་གྱི་དབང་དང༌། མཆོག་གི་དབང་དང༌།


TNT10_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཆོ་ག་དང༌། དངོས་གཞི་དང༌། རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། ཡོན་དབུལ་བ་དང་བཅས་པ་རྣམས་སོ། །དམ་ཚིག་གང་ཞེ་ན། ངོ་བོའི་སྒོ་ནས་བསྲུང་བའི་དམ་ཚིག་དང༌། སྒྲུབ་པའི་དམ་ཚིག་གོ །བསྲུང་བའི་དམ་ཚིག་གང་ཞེ་ན། རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་ལ་སོགས་པ་བསྲུང་བ་ཉིད་དོ། །རྩ་བའི་ལྟུང་བ་གང་ཞེ་ན། བཅུ་བཞི་པོ་རྣམས་སོ། །ཡན་ལག་གི་ལྟུང་བ་གང་ཞེ་ན་བརྒྱད་དམ་དགུ་པོ་རྣམས་སོ། སློབ་དཔོན་སྨད་པར་མི་བྱ་ཞིང༌། བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པར་མི་བྱ་ཞིང༌། །སེམས་ཅན་རྣམས་ལ་བྱམས་མི་སྤངས། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །མ་སྨིན་པ་ལ་གསང་མི་སྒྲག །ཕུང་པོ་རྣམས་ལ་སྨད་མི་བྱ། །དག་པའི་ཆོས་ལ་སོམ་ཉི་སྤངས། །གདུག་པ་ཅན་ལ་བྱམས་པ་སྤངས། ། མིང་སོགས་བྲལ་ལ་དེར་མི་རྟོག །དད་ལྡན་སེམས་ནི་སུན་མི་དབྱུང༌། །དམ་ཚིག་སྤོང་དང་བུད་མེད་སྨོད། །རྩ་བའི་ལྟུང་བ་ཞེས་བརྗོད་དོ། །འདི་དག་མི་ཤེས་མི་རུང་བས། །སྔོན་གྱི་མཁན་པོའི་ལུང་ལས་ཤེས། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྒྲིབ་པའི་དམ་ཚིག་གང་ཞེ་ན། ཏིང་ངེ་འཛིན་དང༌།


TNT10_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་དང༌། བཟའ་བའི་དམ་ཚིག་དང༌། མི་འབྲལ་བར་ཡོ་བྱད་ཀྱི་དམ་ཚིག་གོ །རིགས་ལྔ་པོ་རྣམས་ཀྱི་དམ་ཚིག་གང་ཡིན་པ་དེ་རྣམས་ནི་ཏིང་ངེ་འཛིན་གྱི་དམ་ཚིག་གོ ། གཞན་ཡང་དམ་ཚིག་ནི་གསུམ་སྟེ་ལས་དང་པོ་པ་དང༌། བརྟན་པ་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་རྣམས་སོ། །ཡང་དམ་ཚིག་ནི་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ། ཡང་གསུམ་སྟེ་བུམ་དབང་གི་དམ་ཚིག་དང༌། གསང་དབང་གི་དང༌། ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་གོ །གཞན་ཡང་བསྙེན་པའི་དམ་ཚིག་དང༌། འཇིག་རྟེན་པ་སོ་སོའི་སྒྲུབ་པའི་དང༌། ལས་སོ་སོའི་དང༌། འཇིག་རྟེན་ལས་འདས་པའི་སྒྲུབ་པའི་དང༌། སྒྲུབ་པ་ཆེན་པོའི་དམ་ཚིག་གོ །དེ་ལ་དམ་ཚིག་ཅེས་བྱ་བ་ནི་བརྟུལ་ཞུགས་སོ། །སྡོམ་པ་ནི། ཐོབ་པར་བྱེད་པའི་ཆོ་ག་དང༌། ཐོབ་པའི་དུས་དང༌། ངོ་བོ་དང༌། དབྱེ་བ་དང༌། གཏོང་བའི་དུས་དང༌། གསོ་བའི་ཆོ་ག་སྡེ་དྲུག་པོ་དེ་དག་གོ །སྡོམ་ནི་ཆོ་ག་དུས་དང་ངོ་བོ་དབྱེ། །གཏོང་དུས་གསོ་བའི་ཐབས་རྣམས་སོ། །དེ་ལ་སངས་རྒྱས་རྣམས་ཀྱིས་མ་བཤད་པའི་ཆོ་ག་ལས་ནི་སྡོམ་པ་མེད་དེ་བརྟུལ་ཞུགས་ཙམ་མོ། །དེའི་ཕྱིར་ཆོ་ག་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་བཤད་པའི་དབང་བསྐུར་བའོ། །དུས་ནི་དབང་སོ་སོའི་དངོས་གཞི་རྫོགས་


TNT10_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནའོ། །ངོ་བོ་ནི་བྱིན་གྱིས་བརླབས་པའི་སེམས་ཀྱི་རྒྱུན་གྱི་ཁྱད་པར་ཉེས་པ་རྣམས་བཟློག་པར་བྱེད་པ་ཡོན་ཏན་གྱི་རྟེན་མཐུ་བརྟས་པའམ། དབྱེ་བ་ནི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྡོམ་པའོ། །ཐུན་མོང་གི་སྡོམ་པ་གང་ཞེ་ན། བྱ་བ་དང་རྣལ་འབྱོར་ཕྱིའི་སྡོམ་པའོ། །ཐུན་མོང་མ་ཡིན་པ་གང་ཞེ་ན། བདེ་བས་བྱིན་གྱིས་བརླབས་པ་སྟེ། སློབ་མ་དང༌། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་གཉིས་གཉིས་སུ་རྟོགས་པར་བྱའོ། །འཇིག་རྟེན་པ་རྣམས་ཀྱང་ཕལ་ཆེར་འདོད་པས་བསྡུས་སོ། །གཟུགས་དང་གཟུགས་མེད་པས་བསྡུས་པ་དག་ཀྱང་ཡོད་དོ། །གཏོང་བའི་དུས་ནི་རྩ་བའི་ལྟུང་བ་དག་འབྱུང་བ་དང༌། སྔགས་ཀྱི་ཐེག་པ་སྤོང་བ་དེའི་ཚེའོ། །ཆ་ཤས་ཆ་ཤས་ནི་རང་རང་གི་རྩ་བའི་དམ་ཚིག་ལས་འདས་པ་ནའོ། །གསོ་བའི་ཆོ་ག་ནི་སྡིག་པ་ཡོངས་སུ་སྦྱངས་ནས་སླར་ཡང་བླང་བ་ཡིན་ནོ། །ཏིང་ངེ་འཛིན་གང་ཞེ་ན། མཚན་མ་དང་བཅས་པ་དང་མཚན་མ་མེད་པའོ། །དེ་ཡང་བྱ་བའི་རྒྱུད་དུ་ནི། བདག་གི་དེ་ཉིད་དང༌། ལྷའི་དེ་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཉིད་དང༌། བསམ་གཏན་གྱི་དེ་ཉིད་དོ། །བདག་གི་དེ་ཉིད་དང༌། བསམ་གཏན་


TNT10_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དེ་ཉིད་ནི་མཚན་མ་མེད་པར་གཏོགས་སོ། །བར་པ་གཉིས་ནི་མཚན་མ་ཅན་དུ་གཏོགས་སོ། །ལྷ་དྲུག་ནི། སྟོང་དང་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཏུ་འདོད། །བཟླས་བརྗོད་ནི་གསུམ་སྟེ། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོ་ཞིག །བསམ་གཏན་ནི། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་བྱེད། །སྒྲ་མཐའི་ཐར་པ་སྦྱིན་པར་བྱེད། །ཅེས་འབྱུང་ངོ༌། །སྤྲོས་པས་ཆོག་གོ །འདིར་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་གཉིས་སྒོམ་དགོས་པའི་རྒྱུ་མཚན་དང༌། སྒྲ་དོན་དང༌། གྲངས་དང༌། གོ་རིམ་ངེས་པ་ནི་སྔོན་གྱི་མཁན་པོ་དག་གིས་བཤད་པ་དང༌། གཞན་དུ་སྨྲ་བར་འདོད་དོ། །འདིར་རེ་རེ་ཡང་ངོ་བོ་དང༌། ཡན་ལག་དང༌། དབྱེ་བ་དང༌། གནས་སྐབས་དང༌། དངོས་དང་བཏགས་པའི་ཁྱད་པར་རོ། །བསྐྱེད་པའི་ངོ་བོ་གང་ཞེ་ན། རྣམ་པར་རྟོག་པས་གསར་དུ་བསྒོམ་པ་ལས་བྱུང་བའི་ལྷ་སྐུའི་རྣམ་པ་ཅན་སྲིད་པ་གསུམ་དང་ཆོས་མཐུན་དུ་བསྒོམ་པའི་ཞུ་བདེའི་ཏིང་ངེ་འཛིན་ནོ། །ཡན་ལག་གང་ཞེ་ན། མཐུན་མཚམས་སམ་མཆོད་པ་དང་བསྟོད་པ་ལ་སོགས་པ་དང༌། རྣལ་འབྱོར་བརྒྱད་ལ་


TNT10_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །ཅིའི་ཕྱིར་ཡན་ལག་ཅེས་བྱ་ཞེ་ན། རང་གི་ངོ་བོའི་སྲིད་པ་དང་འབྲས་བུའི་རྣམ་པ་ལ་ལམ་དུ་མི་བྱེད་པའི་ཕྱིར་རོ། །དབྱེ་བ་གང་ཞེ་ན། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་དང༌། བསྙེན་པ་དང༌། ཉེར་བསྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་དང༌། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་རྣམས་སོ། །གནས་སྐབས་གང་ཞེ་ན། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་བ་དང༌། ཡེ་ཤེས་ལ་ཆེས་དབང་བ་རྣམས་སོ། །དངོས་ནི་ཡན་ལག་བདུན་དང་ལྡན་པ་ཡིན་ལ་གཞན་རྣམས་ནི་བཏགས་པའོ། །བསྐྱེད་རིམ་གྱི་དཔྱད་པའི་གནས་དྲུག་གང་ཞེ་ན། སྨྲས་པ། སྦྱང་གཞི་གང་ཡིན་མཐར་ཐུག་འབྲས་བུ་གང༌། །རྫོགས་རིམ་གང་ཡིན་སྨིན་བྱེད་དགོས་པ་གང༌། །ངོ་བོ་གང་ཡིན་མཐར་ཕྱིན་ཚད་གང་ཡིན། །དཔྱད་པའི་གནས་དྲུག་ཡན་ལག་ཀུན་ལ་སྦྱར། །རྫོགས་པའི་རིམ་པ་གང་ཞེ་ན། སྡོམ་ནི། ངོ་བོ་དབྱེ་བ་སོ་སོ་ཡི། །རང་བཞིན་དང་ནི་དཔྱད་པའི་གནད། །ངོ་བོ་གང་ཞེ་ན། སེམས་དང་ཡིད་དང་རླུང་དབུ་མར་ཐིམ་པས། མངོན་དུ་གྱུར་པའི་བདེ་སྟོང་ངོ༌། །དབྱེ་བ་གང་ཞེ་ན། དངོས་དང༌། བཏགས་པ་དང། མཚན་མ་ཅན་དང༌། མཚན་


TNT10_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་དང༌། ཁྱབ་བྱེད་དང༌། ཁྱབ་བྱ་རྫོགས་པའི་རིམ་པའོ། །དེ་ལ་ཐོག་མ་གཉིས་ནི་རང་བཞིན་གྱི་དབྱེ་བའོ། །ཐ་མ་གཉིས་ནི་ཐ་སྙད་ཀྱིས་ཕྱེ་བའོ། །བར་བ་གཉིས་ནི་རྣམ་པས་རབ་ཏུ་ཕྱེ་བའོ། །དེ་རྣམས་ཉིད་ཀྱི་རང་བཞིན་གང་ཞེ་ན། དེ་ཡང་ཞུ་བའི་བདེ་བ་ལྷན་སྐྱེས་ཆེན་པོ་དང༌། སྒྱུ་མའི་སྐུ་དང༌། རང་བཞིན་ལྷན་སྐྱེས་དང༌། ཟུང་འཇུག་གི་སྐུ་དང༌། རླུང་དབུ་མར་ཐིམ་པའི་མཐར་ཐོབ་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་སྣང་བ་གསུམ་དང༌། དགའ་བ་གསུམ་དང༌། དེ་རྣམས་དངོས་སུ་འཐོབ་པའི་ལམ་གང་ཡིན་པ་དེ་རྣམས་རྫོགས་པའི་རིམ་པ་དངོས་ཞེས་བྱའོ། །བཏགས་པ་གང་ཞེ་ན། རྩའི་རྣལ་འབྱོར་དང༌། རླུང་དང༌། ཕྲ་མོ་དང༌། ཐིག་ལེ་དང༌། ཕྱག་རྒྱའི་རིམ་པ་རླུང་དབུ་མར་འཇུག་པ་དང༌། གནས་པ་དང༌། ཐིམ་པར་བྱེད་པའི་ལས་ཅན་རྣམས་སོ། །མཚན་མའི་རྫོགས་པའི་རིམ་པ་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་མ་དང༌། བཏགས་པའི་མཚན་མ་ཅན་ནོ། །ངོ་བོ་ཉིད་ཀྱི་མཚན་མ་གང་ཞེ་ན། སྣང་བ་གསུམ་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་འོད་གསལ་བར་གནས་ཡོངས་སུ་མ་གྱུར་པ་སྟེ་སོ་སོའི་སྐྱེ་བོ་ཐམས་ཅད་དང་གཞན་ལ་ཡང་ཡོད་དོ། །བཏགས་པའི་མཚན་མ་གང་ཞེ་ན། སྒྲ་དོན་ཅན་གྱི་རྟོག་པ་དང་མཚུངས་པར་ལྡན་པ་


TNT10_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་སྟེ། དོན་གྱི་འོད་གསལ་མ་ཐོབ་པའི་བར་དག་ཏུ་ཅི་རིགས་པར་ཡོད་དོ། །མཚན་མ་མེད་པ་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་མ་མེད་པ་དང༌། བཏགས་པའི་མཚན་མ་མེད་པ་སྟེ། དང་པོ་ནི་འཕགས་པ་ཁོ་ན་ལ་ཡོད་དོ། །ཕྱི་མ་ནི་སོ་སོའི་སྐྱེ་བོ་ལ་ཡང་ཡོད་དོ། །ཁྱབ་བྱེད་རྫོགས་པའི་རིམ་པ་གང་ཞེ་ན། སོ་སོར་སྡུད་པ་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་སུ་དྲན་པ་དང༌། ཏིང་ངེ་འཛིན་དང༌། དགའ་བ་བཞི་དང༌། སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པ་དང༌། འོད་གསལ་བ་དང་སྣང་ཕྱོགས་དང༌། སྟོང་ཕྱོགས་དང༌། བདེ་བའི་ཕྱོགས་དང༌། ཕྱོགས་དང་བྲལ་བ་རྣམས་སོ། །དེ་ལ་དང་པོ་དྲུག་ནི་ཡན་ལག་གི་རབ་ཏུ་ཕྱེ་བ་དང༌། དེ་ནས་བརྒྱད་ནི་ངོ་བོ་ཉིད་དང༌། དེ་ནས་གསུམ་ནི་རྣམ་པ་དང༌། ཐ་མ་ནི་རང་བཞིན་གྱིས་རབ་ཏུ་ཕྱེ་བའམ། ཡང་ན་བཞི་གའང་རྣམ་པས་རབ་ཏུ་ཕྱེ་བའོ། ཅིའི་ཕྱིར་ཁྱབ་བྱེད་ཅེས་བྱ་ཞེ་ན། གང་རྫོགས་པའི་རིམ་པ་དེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། ཁྱབ་བྱ་གང་ཞེ་ན། ལུས་རྣམ་པར་དབེན་པ་དང༌། ངག་དབེན་པ་དང༌། སེམས་དབེན་པ་དང༌། བདག་བྱིན་རླབས་པ་དང༌། འོད་གསལ་བ་དང༌། ཟུང་འཇུག་དང༌། རྫོགས་པའི་


TNT10_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའི་སྤྱོད་པའི་ཏིང་ངེ་འཛིན་དང༌། བདག་བྱིན་རླབས་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛ་ལནྡྷ་ར་དང༌། བསམ་མི་ཁྱབ་དང༌། རང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། རྒྱུད་ཀྱི་རིམ་པ་དང༌། སྔགས་དང་ཡེ་ཤེས་དང༌། གསང་བའི་རིམ་པ་དང༌། སོ་སོར་སྡུད་པ་ལ་སོགས་པ་ཡང་འགའ་ཞིག་ཏུ་ཡོད་དེ། གཞན་ཡང་སྔགས་དང༌། དབྱིབས་དང༌། ཆོས་དང༌། རྩ་དང༌། རླུང་དང༌། ཐིག་ལེ་དང༌། མེ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་དང༌། སྙིང་གའི་ཐིག་ལེ་དང༌། ནོར་བུ་དང༌། སྤྲུལ་པ་དང༌། མི་ཤིགས་པའི་རྣལ་འབྱོར་དང༌། དེ་དག་ལ་སོགས་པ་དཔག་ཏུ་མེད་པ་དག་གོ །དཔྱད་པའི་གནད་རྣམས་གང་ཞེ་ན། སྨྲས་པ། ངོ་བོ་གང་ཡིན་གང་ལ་གནད་དུ་བསྣུན། །ཇི་ལྟར་གནད་བསྣུན་དེ་ཡི་ཉམས་རྟགས་གང༌། །ཡོན་ཏན་གང་བསྐྱེད་དེ་ཡི་རྒྱུ་མཚན་གང༌། །དངོས་བརྒྱུད་སྤངས་བྱ་གང་སྤོང་མཐར་ཕྱིན་ཚད། །ས་དང་ལམ་གྱི་མཚམས་གང་གེགས་སེལ་དང༌། །བོགས་འདོན་ཅི་ཞིག་གཙོ་འཁོར་ཁྱད་གང་ཡིན། །དཔྱད་པའི་གནས་བཅུ་གཅིག་གི་སྒོ་ནས་དཔྱད། །རྫོགས་རིམ་རིམ་པ་ཀུན་གྱི་གནད་ཤེས་འགྱུར། །གང་ལ་གནད་དུ་བསྣུན་པ་ལུས་ཀྱི་རྣམ་པར་


TNT10_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་གང་ཞེ་ན། ལུས་ཆགས་པ་དང༌། གནས་པ་དང༌། འཇིག་པའི་ཚུལ་ལོ། །བརྗོད་པ། བ་སྤུའི་བུ་གའི་གྲངས་ཉིད་ཀྱི། །རྩ་ནི་བྱེ་བ་ཕྱེད་དང་བཞི། །དེ་ལས་སྟོང་ཕྲག་བདུན་ཅུ་གཉིས། །དེ་ལས་བརྒྱད་ཅུ་གཉིས་ལྷག་བརྒྱ། །དེ་བཞིན་བརྒྱ་དང་ཉི་ཤུ་དང༌། །སུམ་ཅུ་གཉིས་དང་རྩ་གསུམ་མོ། །བསྐྱེད་དང་བསྡུད་པ་ཐམས་ཅད་ཀྱི། །གནས་ནི་སྙིང་ག་ཡིན་པའི་ཕྱིར། །གྲུབ་པ་རྣམས་དང་མཁས་རྣམས་ཀྱི། །སྙིང་ག་ཁོ་ན་བསྔགས་པ་ཡིན། ཁམས་ཀྱང་སོ་གཉིས་བཅུ་དྲུག་དང༌། །ཁུ་ཁྲག་འཁོར་ལོ་གནས་ཚུལ་དང༌། དཀར་དམར་འཕེལ་འགྲིབ་འཕོ་བའི་འགྲོས། །རླུང་ཡང་ཉི་ཁྲི་ཆིག་སྟོང་དང༌། དྲུག་བརྒྱ་བརྒྱད་ལྷག་བརྒྱ་དག་ལས། །བཅུ་ནི་རྣམ་པར་ཤེས་པར་བྱ། །རེ་རེ་ཡང་ནི་གནས་དང་གྲངས། །རྒྱུ་ཚུལ་ཁ་དོག་མགོན་པོ་དང༌། །ལྷ་མོ་རྣམས་ཀྱི་དབྱེ་བ་དང༌། །འཇུག་གནས་འབྱུང་དང་འཕོ་ཚུལ་ལོ། །ཕུང་ཁམས་དབང་ཡུལ་ཡེ་ཤེས་ལྔ༌། །ཉེར་ལྔ་ཕྲ་དང་རགས་པའི་ཚུལ། །སེམས་དེའི་བཞོན་པར་གྱུར་པ་ནི། །རླུང་ཡང་ཕྲ་རགས་རྣམ་གསུམ་མོ། །ཇི་ལྟར་གནད་དུ་བསྣུན་ཞེ་ན། །ཡུལ་གྱི་གནད་དང༌། དུས་དང། ལུས་དང༌། རླུང་དང༌། དམིགས་པའི་གནད་དོ། །དམིགས་པའི་གནད་ཀྱང༌། གང་ལ་སེམས་འཇོག་པ་དང༌། རླུང་སྡུད་ཚུལ་


TNT10_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དམིགས་པ་དང་རྣམ་པའི་ཁྱད་པར་ཏེ། བཞི་པོ་དེ་དག་གིས་ཡོན་ཏན་མངོན་དུ་བྱེད་ཅིང༌། དྲི་མ་རྣམས་སྦྱོང་བར་བྱེད་དོ། །ས་དང་ལམ་གྱི་མཚམས་གང་ཞེ་ན། ལམ་ནི་ལྔ་སྟེ། ཚོགས་དང༌། སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པའི་ལམ་མོ། །ཡེ་ཤེས་ཕེབས་པ་ནི་ཚོགས་ལམ་ཆུང་ངུ་སྟེ་དྲན་པ་ཉེ་བར་བཞག་པའོ། །ཡེ་ཤེས་ལ་ཆེས་དབང་བ་ནི་ཡང་དག་སྤོང་བ་སྟེ་ཚོགས་ཀྱི་ལམ་འབྲིང་པོའོ། །དེ་ཉིད་སྤྱོད་པས་མཐར་ཕྱིན་ཅིང་ལྟ་སྟངས་རྣམས་ཐོགས་པ་མེད་པ་དང༌། སངས་རྒྱས་རྣམས་མངོན་དུ་འགྱུར་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་འདི་ནི་རྫུ་འཕྲུལ་གྱི་རྐང་པ་ཅན། ཚོགས་ལམ་ཆེན་པོའོ། །རྫོགས་རིམ་དངོས་ཀྱི་སེམས་དབེན་པ་ཐོབ་པ་ཞུ་བའི་བདེ་བ་མཐར་ཐུག་པ་དབང་པོ་ལྔའི་རང་བཞིན་དྲོད་དང་རྩེ་མོ་ཞེས་བྱ་ལ། ཡེ་ཤེས་ཀྱི་སྐུ་ནི་ནམ་མཁའ་མཛོད་ཐོབ་པ་སྟོབས་ལྔ་དང་ལྡན་པ་བཟོད་པ་དང་ཆོས་མཆོག་གོ །འདིར་རྩ་དང༌། རླུང་དང༌། ཐིག་ལེ་ཐིམ་པའི་ཡེ་ཤེས་ཡོན་ཏན་གྱི་གཞིར་གྱུར་པ་གོང་མའི་ལམ་དང་མཐུན་པ་བཅུ་གཉིས་སོ། ། དེའི་ཚེ་ཡེ་ཤེས་ཀྱི་སྐུ་ལ་སངས་རྒྱས་ཞེས་བཏགས་སོ། །དེ་ལས་གཞན་པའི་མོས་སྤྱོད་ཀྱི་ས་བཅུ་ཡང་ཡོད་དོ། །འཕགས་པའི་ས་བཅུ་དང༌། མོས་སྤྱོད་ཀྱི་ས་དང༌། སངས་རྒྱས་ཀྱི་ས་སྟེ་བཅུ་


TNT10_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི། ལམ་འདིའི་སའོ་ཅོག་ས་བཅུ་གཉིས་སུ་སྡུད་པ་རྒྱུད་ལས་འབྱུང་ཞིང་མཁན་པོ་རྣམས་ཀྱིས་ཀྱང་བཤད་དོ། །དོན་དམ་པའི་སོ་སོ་རང་གི་རིག་པ་ཐམས་ཅད་སྟོང་པ་འོད་གསལ་བ་ནི་དང་པོར་བྱང་ཆུབ་ཡན་ལག་མཐོང་བའི་ལམ་མོ། །འདི་ལ་དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་དག་གོ །སློབ་པའི་ཟུང་འཇུག་རྣམ་པ་དགུ་ནི་ས་ལྷག་མ་དགུའོ། །ས་བཅུ་ཙམ་དང༌། རྒྱུན་མཐའི་ཡེ་ཤེས་དག་ལས་རྣམ་གྲོལ་ལམ་དང༌། ཁྱད་པར་ལམ་ནི་ས་བཅུ་གཉིས་སམ་བཅུ་གསུམ་སྟེ། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །འདི་དག་ནི་སྒོམ་པའི་ལམ་འཕགས་ལམ་ཡན་ལག་བརྒྱད་དོ། །མི་སློབ་པའི་ཟུང་འཇུག་ནི་མཐར་ཕྱིན་པའོ། །མན་ངག་ལས་ནི་ཐོག་མར་རྫོགས་པའི་རིམ་པ་དང༌། གཞན་ཡང་སྣ་ཚོགས་པར་འཆད་དོ། །དེ་དག་ལ་ནི་རིམ་པ་མི་འདྲ་བ་དག་འབྱུང་སྟེ། གལ་ཏེ་སྦྱོར་བའི་ལམ་དུ་ཞུགས་ན་ནི་བྱེ་བྲག་མེད་པ་ཁོ་ནའོ། །མོས་པས་སྤྱོད་པ་དང༌། ལྷག་པའི་བསམ་པ་དག་པ་ལ་སྤྱོད་པ། མཚན་མ་ལ་སྤྱོད་པ་དྲུག་དང༌། མཚན་མ་མེད་པ་ལ་སྤྱོད་པ་བདུན་དང༌། མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་གསུམ་ལ་སོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་ལ་སོགས་པ་ནི་ཐམས་ཅད་དུ་མདོའི་སྡེ་བཞིན་ཏེ། འོན་


TNT10_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདིར་ནི་ཚེ་གཞན་དུ་མ་གྱུར་པ་ཁོ་ན་ཡིན་གྱི་སྐྱེ་བ་གཅིག་གིས་ཐོགས་པའང་མ་ཡིན་ན། བསྐལ་པ་མང་པོ་ནི་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་དུས་མྱུར་བ་ཁོ་ནས་རྡོ་རྗེ་སེམས་དཔས་ཡང་དང་ཡང་དུ་མ་བསྟན་ནོ། །གཞན་དག་ནི་རང་རང་གི་མན་ངག་ཉིད་དུ་རྣམ་པར་བཞག་གི་འདིར་མི་བརྗོད་དོ། །འདིར་སྨྲས་པ། གྲངས་ངེས་མཚན་ཉིད་གོ་རིམ་ངེས་པ་དང༌། །ངེས་ཚིག་ཡོན་ཏན་སྦྱངས་བྱ་འབྲས་བུ་དང༌། །རྟེན་དང་ཤེས་བྱ་སྤང་བྱ་ཉམས་ལེན་ཚད། །དབྱེ་བསྡུ་འདི་རྣམས་རིམ་པ་ཀུན་ལ་སྦྱར། །ཕུང་ཁམས་ཁམས་གསུམ་འདུས་བྱས་རྫས་ཡོད་དང༌། །ཀུན་རྫོབ་ཡོད་དང་ལུས་སེམས་རྟེན་གྱི་ཁྱད། །བླཽ་རིགས་རྟེན་འབྲེལ་ཟག་མེད་རབ་དབྱེ་བཅུ། །རིམ་པ་གཉིས་ཀྱི་ཁྱད་པར་གཞན་ཡང་ནི། །བཏགས་པ་དང་ནི་མངོན་སུམ་གྱུར་པའི་ལྷ། །རགས་དང་ཕྲ་བའི་སྔགས་དང་རིག་འཛིན་གཉིས། །ལས་དང་དངོས་གྲུབ་སྒྲུབ་པའི་ཁྱད་པར་དང༌། །སྔགས་དང་ཡེ་ཤེས་སྐུ་ཞེས་རྣམ་པར་ཕྱེ། །ཐ་མལ་བག་ཆགས་དངོས་སུ་གནོན་དང་འཇོམས། །རྟོག་པའི་སྲིད་དང་སྣང་བའི་སྲིད་འཇོམས་དང༌། །ལས་དང་ཡེ་ཤེས་སྒྲིབ་སེལ་རྣམ་ཤེས་དང༌། །ཡེ་ཤེས་ཀྱིས་རབ་ཕྱེ་དང་དངོས་གྲུབ་གཉིས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྒྱུད་ཀྱི་སྦྱོར་པ་གང་ཞེ་ན། ལས་ཀྱི་རྒྱུད་དང༌། དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལ་


TNT10_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རྒྱུད་གང་ཞེ་ན། ཁྱད་པར་བཅུའམ། བརྒྱད་དེ། ཕྱོགས་དུས་ལྷ་དང་ཆ་བྱད་བསམ་པ་དང༌། །གནས་དང་ཡུལ་དང་ཟས་དང་ཆོ་ག་སྔགས། དེ་ཡང་བཞི་སྟེ། བསམ་གཏན་གྱི་ལས་དང༌། སྦྱིན་སྲེག་གི་ལས་དང༌། འཁྲུལ་འཁོར་གྱི་ལས་དང༌། སྦྱོར་བའི་ལས་ཕལ་པའོ། །དེ་ཁོ་ན་ལྟར་དངོས་གྲུབ་ཀྱི་རྒྱུད་དེ། འོན་ཀྱང་དམ་ཚིག་གི་ཁྱད་པར་དང༌། ཐུན་མོང་མ་ཡིན་པའི་རྫས་ནི་ལྷག་པའོ། །ལས་ནི་ལས་ཆེན་བཅུ་གཉིས་ལ་སོགས་པའོ། །དངོས་གྲུབ་ཀྱི་རྒྱུད་ནི་གཉིས་ཏེ། །ཐུན་མོང་དང་མཆོག་གི་དངོས་གྲུབ་བོ། །ཐུན་མོང་གི་དངོས་གྲུབ་གང་ཞེ་ན། རྫས་ཀྱི་རིག་པ་འཛིན་པ་དང༌། ལུས་དང༌། ལོངས་སྤྱོད་དང༌། འདོད་པ་དང༌། གཟུགས་ཀྱི་རིག་པ་འཛིན་པ་དང༌། གཟུགས་མེད་པར་འགྲོ་བའོ། །དང་བ་དང༌། མཁའ་ལྡིང་དང༌། ཁྱུ་མཆོག་སོགས་བཞོན་པ་དང༌། རིན་པོ་ཆེ་སྣ་བདུན་དང༌། རྡོ་རྗེ་དང༌། འཁོར་ལོ། པདྨ་ལ་སོགས་པ་དང༌། འཇིག་རྟེན་པ་རྣམས་ཀྱི་མཚོན་ཆ་དང༌། ཡི་གེ་དང༌། མིང་གི་སྔགས་ཀྱི་རིག་པ་འཛིན་པ་ལ་སོགས་པ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་ལ་སོགས་པ་བསྒྲུབས་པས་གཞན་ལ་བརྟེན་པའི་དངོས་གྲུབ་མཐའ་ཡས་པ་ཡོད་དོ། །འདི་ལས་ཆེ་ལོང་ཙམ་བསྡུས་པ་ནི། ཆུང་ངུ་ནི་བརྒྱད་དེ་


TNT10_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་མིག་སྨན་དངོས་གྲུབ་དང༌། ས་འོག་རལ་གྲི་དངོས་གྲུབ་དང༌། མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །འབྲིང་ནི་འདོད་པའི་རིག་པ་འཛིན་པ་ཕལ་པའོ། །ཆེན་པོ་ནི་ཚེ་དང༌། ལོངས་སྤྱོད་ལ་སོགས་པ་བསྐལ་པ་དྲུག་པ་དཔག་ཏུ་མེད་པ་འདོད་པ་དང༌། གཟུགས་ཀྱི་རིག་པ་འཛིན་པའོ། །དངོས་གྲུབ་གཉིས་ཀར་སྤྱོད་པ་བསྒྲུབ་པ་ཡིན་ཏེ། ཐུན་མོང་དང་མཆོག་གི་བསྙེན་པ་ལ་ཞི་གནས་དང༌། ལྷག་མཐོང་གྲུབ་པ་ནའོ། །དེ་ལ་སྤྱོད་པ་གང་ཞེ་ན། གང་ཟག་དང༌། འབྲས་བུ་དང༌། དུས་དང༌། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ཆོ་གའོ། །དེ་ལ་དབྱེ་བ་གང་ཞེ་ན། སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། ཡང་ན་གཉིས་སྤངས་དང༌། ཀུན་བཟང་དང༌། ཕྱོགས་ལས་རྣམ་པར་རྒྱལ་བ་དང༌། ཡང་ན་འདོད་འཇུག་དང༌། རྟེན་སློབ་དང༌། རིག་པ་བརྟུལ་ཞུགས་དང༌། ཡང་ན་རེས་འཇོག་དང༌། མཉམ་པོར་སྤྱོད་པ་དང༌། མཉམ་བཞག་དང༌། རྗེས་ཐོབ་དང༌། ཆགས་བྲལ་དང༌། ཆགས་ཅན་དང༌། འདོད་ཆགས་ཆེན་པོའོ། །དེ་ཡང་སྒོམ་བསམ་དང༌། དུས་དང༌། བྱ་བ་དང༌། ངོ་བོའི་སྒོ་ནས་སྤྱོད་པ་གསུམ་དུ་བཞག་གོ །སྨྲས་པ། གནས་དང་ཕྱག་རྒྱའི་གྲངས་དབྱེ་བ། མཚན་ཉིད་ཆ་ལུགས་ཁྱད་པར་རོ། །


TNT10_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་དང༌། ངོ་བོ་དང༌། སྤྱོད་ཚུལ་དང༌། དབང་པོ་སྦྱངས་མ་སྦྱངས་དང༌། གནས་སྐབས་དང༌། རང་བཞིན་གྱི་སྒོ་ནས་དེ་རྣམས་སུ་དབྱེའོ། །འདི་དག་ནི་བརྗོད་པར་བྱ་བ་མང་ངོ༌། །མཆོག་གི་དངོས་གྲུབ་གང་ཞེ་ན། འབྲས་བུའི་རྒྱུད་དོ། །སྡོམ་ནི། ཁྱད་པར་ངོ་བོ་དཔེ་རྣམས་དང༌། །དེ་ཡི་རིག་འཛིན་གྱི་ཁྱད་དང༌། །རིག་འཛིན་ཟུང་འཇུག་ཡོན་ཏན་དང༌། །སྐུ་དང་ཡེ་ཤེས་ཉེ་རྒྱུའི་ཚུལ། །འབྲས་བུའི་རྒྱུད་གང་ཞེ་ན། དངོས་དང་བཏགས་པའོ། །དངོས་ནི་རྡོ་རྗེ་འཆང་ཆེན་པོའོ། །བཏགས་པ་ནི་སྒྱུ་མའི་སྐུ་དང༌། ཟུང་འཇུག་གི་སེམས་ཅན་ནོ། །འདི་གཉིས་དྲི་མ་ཅན་དང༌། དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་སྟེ། རིག་པ་འཛིན་པ་དང༌། འཇའ་ལུས་ཞེས་བརྗོད་ཀྱི་ཁམས་གསུམ་པ་མ་ཡིན་ནོ། །རྡོ་རྗེ་སྐུའི་དཔེ་བཅུ་གཉིས་གང་ཞེ་ན། སྒྱུ་མ་ཆུ་ཟླ་མིག་ཡོར་སྨིག་སྒྱུ་དང༌། །རྨི་ལམ་བྲག་ཆ་མིག་འཕྲུལ་དྲི་ཟའི་གྲོང༌། །འཇའ་ཚོན་གློག་དང་ཆུ་བུར་མེ་ལོང་གཟུགས། །རིག་པ་འཛིན་པ་གང་ཞེ་ན། འདི་ནི་ཁྱད་པར་བདུན་དང་ལྡན་ཏེ། ཏིང་ངེ་འཛིན་ལ་གནས་པ་དང༌། མངོན་ཤེས་ལྔ་དང་ལྡན་པ་དང༌། ཞིང་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་པ་དང༌། འདོད་ཅིང་འཆུམས་པ་མེད་པ་དང༌། འདོད་པ་མཐའ་ཡས་པ་ལ་བདེ་བ་ཆེན་པོར་སྤྱོད་པ་དང༌། ཚེ་ཚད་ལས་བརྒལ་བ་དང༌། ཡིད་


TNT10_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུས་སོ། །འདིར་རིག་པ་འཛིན་པ་དང༌། ཡེ་ཤེས་ཀྱི་སྐུ་ལ་ཁྱད་པར་ཅི། ཕུང་པོའི་ཟ་མ་ཏོག་མ་ཉམས་པ་ནི་ཡེ་ཤེས་ཀྱི་སྐུ་ཙམ་མོ། །ལས་སམ་ཏིང་ངེ་འཛིན་གྱིས་ཉམས་པ་དེའི་ཚེ་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །རིག་པ་འཛིན་པ་ཐམས་ཅད་ཀྱང༌། ཡོན་ཏན་བརྒྱད་ཚན་གཉིས་ཏེ་བཅུ་དྲུག་དང་ལྡན་པའོ། །ཟུང་འཇུག་གི་ཡོན་ཏན་གང་ཞེ་ན། རོ་མྱང་བརྒྱད་དང༌། དབང་ཕྱུག་བརྒྱད་དང༌། ཁ་སྦྱོར་བདུན་དང༌། ཡོན་ཏན་བརྒྱད་ཅེས་བྱ་བ་སྟེ། །རྟག་པ་དང་ནི་མི་གདུང་དང༌། །བསིལ་བ་དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡིད་དང་བ། །སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བྱེད་དང་ཡོན་ཏན་བརྒྱད་པའོ། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །གཟུགས་ཕྲ་རེག་པ་ཡང་བ་དང༌། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བསྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་དང་ཚད་མེད་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། ཤེས་པ་བཅུ་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། མི་འཇིགས་པ་དང༌། ཉོན་མོངས་པ་མེད་པ་དང༌།


TNT10_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ནས་མཁྱེན་པ་དང༌། ཐུགས་རྗེ་ཆེན་པོ་དང༌། ཟད་པར་དང༌། ཟིལ་གནོན་དང༌། རྣམ་ཐར་ལ་སོགས་པའང་བཤད་པར་བྱ་མོད་ཀྱི། དེ་དག་ནི་སྡེ་སྣོད་གསུམ་གྱི་ཚུལ་ལས་འབྱུང་བ་ལྟར་རོ། །སྡེ་སྣོད་འདིར་ཡང་མཚན་ཡང་དག་པ་ལ་སོགས་པར་བཤད་དོ། །སྐུ་གང་ཞེ་ན། ཆོས་དང༌། ལོངས་སྤྱོད་དང༌། སྤྲུལ་པ་དང༌། བདེ་བ་ཆེན་པོ་དང༌། སྐུ་བཅུ་དྲུག་ལ་སོགས་པ་དང༌། རྡོ་རྗེ་རྣམ་པ་བཞི་ཡོངས་སུ་མངོན་དུ་གྱུར་པ་ཡིན་ནོ། །ཆོས་ཀྱི་སྐུ་གང་ཞེ་ན། དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་གང་ཞེ་ན། ཁ་སྦྱོར་གྱི་ཡན་ལག་བདུན་མཐར་ཐུག་པ་གཅིག་ཏུ་གྱུར་པ་ཆོས་ཐམས་ཅད་ལ་རྫོགས་པར་སྤྱོད་པའོ། །དེ་ཡང་བརྡ་དང་དོན་ནོ། །བརྡ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་སུམ་དུ་གྱུར་པའོ། །དོན་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ན་ཏེ། སེམས་ཅན་ལ་སྣང་བ་ནི་མེད་དོ། །སྤྲུལ་པའི་སྐུ་གང་ཞེ་ན། བརྡ་དང་དོན་ནོ། །བརྡ་ནི་སོ་སོའི་སྐྱེ་བོ་འགའ་ཞིག་ལ་ཡང་མངོན་སུམ་དུ་སྣང་བའོ། །དོན་ནི་བཅོམ་ལྡན་འདས་ཀྱི་བྱ་བ་བསྒྲུབས་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོའོ། །ལྷན་ཅིག་སྐྱེས་པའི་སྐུ་གང་ཞེ་ན། སེམས་ཅན་གྱི་རང་བཞིན་བདེ་བ་ཆེན་པོ་དང༌། རོ་མྱང་བརྒྱད་དང་ལྡན་པ་དོན་དམ་པར་


TNT10_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་དང་བྲལ་བ་གང་ཡིན་པ་སྟེ། འདི་ཡང་ཆོས་ཀྱི་སྐུ་ཞེས་བྱའོ། །དབང་ཕྱུག་བརྒྱད་ནི་སྐུ་བཞི་ཀ་ཡང་བསྡུས་པར་རིག་པར་བྱའོ། །སྐུ་བཅུ་དྲུག་གང་ཞེ་ན། བཞི་པོ་དེ་དག་ཐུགས་དང༌། གསུང་དང༌། སྐུ་དང༌། ཡེ་ཤེས་ཀྱིས་ཕྱེ་བས་བཅུ་དྲུག་སྟེ། རླུང་དང་རྡུལ་དང་ཁུ་བ་དང་རྣམ་པར་ཤེས་པ་དག་པ་དང༌། སྡུག་བསྔལ་དང་ཀུན་འབྱུང་གི་གདུང་བ་མེད་པ་དང༌། རྡོ་རྗེ་སྙིང་རྗེས་སེམས་ཅན་སྒྲོལ་བ་དང༌། བདེ་བ་ཆེན་པོ་ཟུང་འཇུག་གི་རང་བཞིན་ནོ། །དེ་ཡང་ཡང་ན་གཉིས་སུ་མེད་པ་དང༌། གཡོ་བ་མེད་པ་དང༌། རིས་མེད་པ་དང༌། འདོད་པ་དང༌། མཆོག་ཏུ་མི་འགྱུར་བ་དང༌། འདོད་ཆགས་ཆེན་པོ་དང༌། དངོས་པོ་དང་དངོས་མེད་ཟད་པ་དང༌། ཡེ་ཤེས་དང༌། སེམས་པ་དང༌། ཀུན་ཏུ་བཟང་པོ་དང༌། ཉོན་མོངས་མེད་པ་དང༌། ཉོན་མོངས་ཆེན་པོ་དང༌། ལྷན་ཅིག་སྐྱེས་པ་དང༌། བྱང་ཆུབ་ཀྱི་སེམས་འཛིན་པ་དང༌། དུས་ཀྱི་འཁོར་ལོ་རྡོ་རྗེ་དང༌། ཐབས་ཤེས་ཀྱི་རྣལ་འབྱོར་རོ། །ཡང་ན་མཉམ་པ་ཉིད་དང༌། ཡིད་ཀྱི་གཟུགས་གཉིས་སྣང་སྤངས་པ་དང༌། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང༌། བག་ཆགས་སྤངས་པ་ཞེས་པ་ནི་སྐུ་བཞིའི་དོན་ནོ། །འདིར་ཚིགས་སུ་བཅད་པ་ཡང་བཤད་པ། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །


TNT10_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྡུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང༌། ། ཞེས་འབྱུང་བའོ། །ཡེ་ཤེས་གང་ཞེ་ན། ལྔའམ་བདུན་ནོ། །ལྔ་ནི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །བདུན་གང་ཞེ་ན། ཟབ་པའི་ཡེ་ཤེས་དང༌། རྒྱ་ཆེ་བ་དང༌། ཁྱབ་པ་དང༌། རྟག་པ་དང༌། བདེ་བ་དང༌། སྐུ་དང༌། ཟུང་འཇུག་རྣམས་སོ། །ཟབ་པ་གང་ཞེ་ན། རང་བཞིན་མེད་པ་དང༌། རང་རིག་པ་དང༌། འཕེལ་བ་དང༌། བྲི་བ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། གསལ་བར་སྣང་བའི་མཚན་ཉིད་དོ། །རྒྱ་ཆེ་བ་གང་ཞེ་ན། བསོད་ནམས་དང༌། ཡེ་ཤེས་དང༌། ཡུལ་དང༌། དམིགས་པ་དང༌། འཇུག་པ་དང༌། འཕྲྀན་ལས་རྒྱ་ཆེ་བའི་མཚན་ཉིད་དོ། ཁྱབ་པ་གང་ཞེ་ན། ཡུལ་ཐམས་ཅད་དང༌། དུས་ཐམས་ཅད་དང། རྒྱུད་གསུམ་ལ་ཁྱབ་པ་དང༌། སྟོང་པ་ཉིད་དང༌། མཉམ་པ་ཉིད་ཀྱིས་ཁྱབ་པའི་མཚན་ཉིད་དོ། རྟག་པ་གང་ཞེ་ན། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་དང༌། རྡུལ་ཕྲ་རགས་ཀྱི་མཚན་ཉིད་


TNT10_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། སྔོན་དང་ཕྱི་མར་མི་འགྱུར་པ་དང༌། བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ། །བདེ་བ་གང་ཞེ་ན། ཁ་སྦྱོར་ཆེན་པོ་དང༌། རང་བཞིན་བདེ་བ་དང༌། སྙིང་རྗེ་གསུམ་དང༌། ཡིད་དང་རླུང་ཐིམ་དང༌། ཞུ་བ་དང༌། འཛག་མེད་ཀྱི་མཚན་ཉིད་དོ། །རྡོ་རྗེའི་སྐུ་གང་ཞེ་ན། སྟོང་པ་ལས་སྐྱེས་པ་དང༌། སྡུག་བསྔལ་འགོག་པ་དང༌། གར་ཡང་ཕྱིན་པ་དང༌། གོ་འཕང་མི་གཡོ་བ་དང༌། ཡིད་ཀྱི་ལུས་དང༌། རླུང་གི་ལུས་དང༌། སྐད་ཅིག་ལ་ཐམས་ཅད་སྤྲུལ་པ་དང༌། མཚན་དང་དཔེ་བྱད་ཀྱི་མཚན་ཉིད་དོ། །ཟུང་འཇུག་གང་ཞེ་ན། གཉིས་ཆོས་མེད་པ་དང༌། ཡང་དག་མིན་རྟོག་མེད་པ་དང༌། རང་བཞིན་ལ་ཞུགས་པ་དང༌། སྣང་བ་མེད་པ་དང༌། ཐམས་ཅད་མཁྱེན་པ་དང༌། ནམ་ཡང་མི་གཡོ་བའི་མཚན་ཉིད་དོ། །ཉེ་རྒྱུ་གང་ཞེ་ན། མཆོག་གི་དངོས་གྲུབ་ལ་དང་པོར་དངོས་སུ་རེག་པ་དང༌། མཐར་ཐུག་པར་དངོས་སུ་རེག་པ་དང༌། གཉིས་ཀར་རྒྱུད་མར་རེག་པའོ། །དང་པོ་ནི་སངས་རྒྱས་རྣམས་ཀྱི་ཡང་དག་པར་དབང་བསྐུར་བ་ལས་བྱུང་བའི་སྤྱོད་པའི་ཡེ་ཤེས་སོ། །གཉིས་པ་ནི། ལོངས་སྤྱོད་རྫོགས་པས་དབང་བསྐུར་བའིའོ། །གསུམ་པ་རིག་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཐམས་ཅད་དེ། དེ་ཡང་ཚོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱ་སྟེ། ཆུ་དང༌།


TNT10_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་ལ་སོགས་པ་གསང་བའི་དབང་གི་བར་དུ་སྦྱིན་ནས། ཉི་མ་དམར་ཐག་ཆད་པ་ན་ཤེས་རབ་ཡེ་ཤེས་སྦྱིན་ཏེ་རིག་མ་དང་ལྷན་ཅིག་ཐོ་རངས་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཡང༌། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམས་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་པ་འདི་ནི་རེ་ཞིག་ལུང་ངོ༌། །འདི་ལ་དང་པོ་དང་ཐ་མ་ལ་ནི་ཕྱག་རྒྱ་གསུམ་ཀ་ཡང་ཡོད་དོ། །བར་བ་ལ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་ཁོ་ན་ཡོད་དོ། །ཐ་མ་ཁོ་ན་བདེ་ཆེན་གྱི་ལམ་ལ་ནི། དེ་དག་ཕྱག་རྒྱ་ཆེན་པོ་ཁ་ནའོ། །རྒྱུད་གསུམ་གྱི་རིམ་པ་ཕྱེ་བ་སྟེ་གཉིས་པའོ། །རྗོད་བྱེད་ཀྱི་རྒྱུད་བཤད་པར་བྱ་སྟེ། རྒྱུད་ནི་དུ། དབྱེ་བ་ནི་གང༌། མཚན་ཉིད་ནི་གང་ཞེ་ན། རྒྱུད་ནི་གཉིས་དང་གཉིས་དང་བཞི་དང་ལྔ་སྟེ། དང་པོ་ནི་བྱ་བ་དང༌། རྣལ་འབྱོར་དང༌། དེ་ཡང་གཉིས་གཉིས་ཏེ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའོ། །དེ་དག་ཀྱང་ཙམ་པོ་དང༌། ཁྱད་པར་ཅན་གྱི་དབྱེ་བ་སྟེ། མི་དང་མིའི་རྒྱལ་པོ་ཞེས་པ་ལྟ་བུའོ། །བྱ་བའི་རྒྱུད་ནི་དྲུག་གོ །སྤྱོད་པ་ནི་གསུམ་མོ། །རྣལ་འབྱོར་གྱི་ནི་གཉིས་སམ་ལྔའོ། །བླ་ན་མེད་པ་ནི་གཉིས་སོ། །དེ་དག་ཀྱང་གང་ཞེ་ན། གང་དང་གང་གི་


TNT10_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང༌། སྔགས་གཙོ་བོར་འབྱུང་བ་དེ་དག་གོ །རྒྱུད་ལྔ་ནི། རྩ་བའི་རྒྱུད་དང༌། ཕྱི་མ་དང༌། བཤད་པ་དང༌། ཆ་མཐུན་དང༌། འཕྲོས་པའི་རྒྱུད་དོ། །ཡང་གཉིས་ནི། རྩ་བའི་རྒྱུད་དང་བསྡུས་པའོ། བཞི་ནི་མདོ་སྡེ་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཞེས་པའོ། །ལམ་ནི་རྒྱས་ལ་སྔགས་དང་སྦྱོར་བ་ཉུང་བ་ནི་མདོ་སྡེའོ། །ཆ་ཤས་ཀྱི་རྟོག་པ་ནི་རྟོག་པའོ། །ཐམས་ཅད་ཀྱི་རྟོག་པ་ནི་ཆོ་ག་ཞིབ་མོའོ། །སྔགས་ཙམ་ནི་གཟུངས་སོ། །ཅིའི་ཕྱིར་རྒྱུད་དག་ཏུ་བཞག་ཅེ་ན། ཐབས་ཀྱི་རྒྱུད་བཞིན་དོན་དང་ཚིག་ཏུ་འབྲེལ་བ་དང༌། སྒྲུབ་པ་པོ་ནས་སློབ་དཔོན་དང༌། སློབ་མ་དང་དབང་དང༌། དམ་ཚིག་དང༌། སྔགས་དང༌། སྦྱོར་བ་དང༌། དངོས་གྲུབ་རྣམས་འབྲེལ་ཞིང་རྒྱུན་ཆགས་པའི་ཕྱིར་རོ། །བྱ་དང་རྣལ་འབྱོར་གཙོ་བོའི་ཕྱིར། །རྒྱུད་གཉིས་དང་ནི་ནང་ཡང་སྦྱོད། །རྣལ་འབྱོར་རབ་ཀྱི་ཕུལ་གྱུར་པས། །རྒྱུད་བཞི་རུ་ནི་རབ་ཏུ་བསྒྲགས། །འདོད་ཆགས་བཞི་ལམ་དུ་བྱེད་པ་ཡང་ཡིན་མོད་ཀྱི། དེ་ནི་སྒྲ་དོན་དང་འཇོག་བྱེད་ཀྱང་ཡིན་ཞེས་ཟེར་རོ། །རྣལ་འབྱོར་བླ་མེད་དང༌། རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་ཆེན་པོ་དང༌། གཉིས་མེད་ཀྱི་རྒྱུད་ཅེས་པ་ཡང་ཕལ་ཆེར་རྣམ་གྲངས་སོ། །བླ་ན་མེད་པའི་རྒྱུད་གང་ཞེ་ན། ཞུ་བ་དང༌། རང་བཞིན་གྱི་བདེ་སྟོང་


TNT10_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པ་སྟོན་པ་གང་ཡིན་པ་སྟེ། དེའི་ཕྱིར་འདི་ཁོ་ནས་སྐྱེ་བ་འདི་ལ་སངས་རྒྱས་སྦྱིན་པར་བྱེད་དོ། །དབྱེ་བ་གང་ཞེ་ན། རྣལ་འབྱོར་དང༌། རྣལ་འབྱོར་མའི་རྒྱུད་དོ། །བུ་ནི་བུ་མོ་དང༌། བུ་ཕོའི་དབྱེ་གཞི་སྟེ། འོན་ཀྱང་བུ་ནི་ཕོ་ཁོ་ན་ལ་བརྗོད་པ་ལྟར་རྣལ་འབྱོར་གྱི་རྒྱུད་དོ། །གང་དུ་རྣལ་འབྱོར་མ་རྣམས་ཀྱི་དཀྱིལ་འཁོར་དང༌། སྔགས་དང༌། སྦྱོར་བ་རྒྱས་པ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་དང༌། གསང་སྔགས་དང༌། སྦྱོར་བ་ཁོ་ན་རྒྱས་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །རྫོགས་པའི་རིམ་པའི་ངོ་བོས་ནི་ཐམས་ཅད་ཀྱང་དབྱེ་བ་མེད་དོ། །དོན་འདི་མ་རྟོགས་པར་ཕྱོགས་འདིར་མཁས་པ་དང༌། མི་མཁས་པ་དག་ཁ་ཅིག་ནི་ཆ་ཆུང་དུས་དབྱེ་བར་འདོད། ཁ་ཅིག་ནི་རྣམ་གྲངས་དུ་མར་བྱེད། གཞན་དག་དོན་བཟང་པོ་རློམ་པ་དག་གིས་དབྱེ་བར་འདོད་དེ། མ་ངེས་པ་ཁོ་ན་སྨྲའོ། །རྒྱུད་ཀྱི་གནས་ལྔ་གང་ཞེ་ན། སྡོམ་ནི། ལས་རིམ་དངོས་གྲུབ་དམ་ཚིག་སྡོམ། །ཏིང་འཛིན་རྒྱུད་ཀྱི་སྦྱོར་བའོ། །ལས་ཀྱི་རིམ་པ་ནི་དཔག་ཏུ་མེད་དེ། དེ་ལས་ཆེ་ལོང་ཆེ་ལོང་བསྡུས་པ་ནི། དེ་ཉིད་བཅུ་ཕྱི་ཡི་དང༌། གསང་བའི་དེ་ཉིད་བཅུའོ། །ཡང་ན་བཅུ་གཅིག་སྟེ། སྡོམ་ནི། ས་ཆོག་སྒྲུབ་དང་མཆོད་པ་དང༌། །སྦྱིན་སྲེག་དབང་བསྐུར་


TNT10_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་དང༌། །ཡོ་བྱད་དཀྱིལ་འཁོར་མཚན་ཉིད་དང༌། །ཚོགས་འཁོར་བསྙེན་པ་ལས་ཚོགས་སོ། །ཡོ་བྱད་ནི་རྡོ་རྗེ་དང༌། དྲིལ་བུ་དང༌། ཕྱག་མཚན་དང༌། རྒྱན་དང་དེ་དག་ལ་སོགས་པའོ། །དཀྱིལ་འཁོར་གྱི་མཚན་ཉིད་ནི་བྲི་བ་དང༌། བསླང་བ་དང༌། ལུས་དང༌། བསམ་གཏན་ནོ། །སྔགས་ཀྱི་སྟོབས་ལས་བསོད་ནམས་འཕེལ་ཚུལ་དང༌། །བདེ་བས་སྟོང་པ་རྟོགས་པའི་ཚུལ་མཆོག་དང༌། །བདེ་དང་མྱུར་དང་ཐབས་མཁས་ཁྱད་པར་དང༌། །བསླབ་གསུམ་ཉོན་མོངས་ལམ་སྦྱོད་འབྲས་བུའི་ཚུལ། །དམིགས་པ་དམ་ཚིག་རྒྱུད་གཞན་བསྐུལ་བ་ཡིས། །ལམ་འདིར་ཁྱད་པར་འཕགས་པར་ཀུན་གྱིས་བཤད། །བཅུ་གཅིག་པོ་འདི་གཞན་ལ་ཡོད་མ་ཡིན། །འདི་གཉིས་བྱང་ཆུབ་མཆོག་ལ་ཁྱད་པར་མིང༌། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྗོད་བྱེད་ཀྱི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། སྒོམ་པའི་ཚུལ་གང་ཞེ་ན། བསྐྱེད་པའི་རིམ་པ་ནི་སོ་སོར་བྱའོ། །རྫོགས་པའི་རིམ་པ་འདི་ལྟར་སྒོམ་སྟེ་ཐོག་མར་སྙིང་གར་དྷཱུ་ཏཱིའི་ནང་དུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་བསྒོམ་མོ། །ཡང་ན་ནོར་བུ་ཞུ་བའི་ཐིག་ལེ་དམར་སྐྱ་ཡུང་འབྲུ་ཙམ་བསྒོམ་མོ། །དབང་པོའི་སྒོ་རྣམས་སུ་ཡི་གེའམ། ཐིག་ལེ་བསྒོམས་པས་རླུང་བཟློག་ཅིང༌། མངོན་ཤེས་ཀྱང་འགྲུབ་བོ་ཞེས་སོ། །དེ་ལྟར་ལྟེ་བའི་གཏུམ་མོ་སྤར་ཏེ་སྤྱི་བོའི་ཧཾ་ཞུ་སྟེ་


TNT10_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའམ་ལྟེ་བར་འབར་འཛག་བསྒོམ་མོ། །གཞན་ཡང་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་འཇུག་གོ །གཏུམ་མོ་ནི་གསུམ་སྟེ། ལས་དང་རྣལ་འབྱོར་དང་རང་བཞིན་གྱི་གཏུམ་མོའོ། །གལ་ཏེ་བསྐྱེད་རིམ་སོ་སོར་སྒོམ་མི་ནུས་ན། བསྙེན་པ་ལ་སོགས་པ་སྤྱིའི་ཆོ་གས་བྱའོ། །རིམ་པར་ཕྱེ་བ་འདི་ནི་ཤིན་ཏུ་མང་པོའི་མན་ངག་སོ་སོ་ལས་རྟོགས་པར་འགྱུར་བས་འདིར་མི་བྲིའོ། །བསྒོམ་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །རྒྱུད་བཤད་པའི་ཐབས་གང་ཞེ་ན། འདི་ལ་བྱ་བ་དང་རྣལ་འབྱོར་ཕྱི་ལ་ནི་དགོས་པའི་དོན་དང༌། བསྡུས་པའི་དང༌། ཚིག་གི་དོན་དང༌། མཚམས་སྦྱོར་དང༌། བརྒལ་ལན་གྱི་སྒོ་ནས་དང༌། གླེང་གཞི་དང༌། གཏམ་གྱི་སྦྱོར་བ་ནི་སྔོན་བྱུང་དང༌། རྗེས་འཇུག་གི་དབྱེ་བས་བཤད་དོ། །རེ་རེ་ཙམ་ནི་མཐའ་དྲུག་གིས་བཤད་དེ། དེ་སྐད་དུ་ཐམས་ཅད་ཟོས་ཤིང་ཀུན་བྱས་ཀྱང༌། །འགྲུབ་འགྱུར་ཉེས་པས་མི་གོས་ན། །ཞེས་པ་ལྟ་བུའོ། །རྣལ་འབྱོར་བླ་ན་མེད་པ་ལ་ནི་རྒྱན་བདུན་དང༌། དེའི་གཏམ་གྱི་སྦྱོར་བ་ལ་ནི། སྔོན་བྱུང་དང༌། རྗེས་འཇུག་དང༌། རྒྱུད་འགའ་ཞིག་ལ་ནི་ཕྱི་དང་གསང་བ་དེ་བཞིན་ནང༌། །དེ་བཞིན་ཉིད་དོན་རྣམ་པ་བཞི། །ཞེས་དང༌། ཕྱི་དང༌། ནང་དང༌། གཞན་དང༌། བརྟོན་པ་བཞིར་བཤད་པ་དག་གོ །ཤིན་ཏུ་སྦས་པའི་རྒྱུད་


TNT10_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་ཚུལ་བཞིའོ། །མཐའ་དྲུག་ནི་ཐམས་ཅད་ལ་སྟེ། ངེས་པ་དང་དྲང་དོན་ལ་ལྷག་མ་བཞི་བཞིས་ཕྱེ་བས་བརྒྱད་དོ། །དེ་བཞིན་དུ་གཞན་ལ་ཡང་སྟེ་ཉི་ཤུ་རྩ་བཞི་ཡོད་དོ། །ཚུལ་བཞིར་འཆད་པ་མེད་པ་ལ་ནི་ཚོགས་དང༌། སློབ་མའི་དབྱེ་བ་མེད་དོ། །ཡི་གེ་གསང་ཆེན་དུ་བཤད་པ་ནི་ཡི་གེའི་དོན་མ་ཡིན་ཞེས་ཁོ་བོ་སྨྲའོ། །ཚིག་གཅིག་དོན་གཅིག་གམ་གཉིས་སུ་སྟོན་པ་ནི་མཐའ་དྲུག་དང༌། དོན་རྣམ་གྲངས་དུ་མ་ནི་ཚུལ་བཞིས་འཆད་དོ། །དེ་ཡང་མཐའ་གཅིག་ཏུ་ནི་མ་ཡིན་ཏེ། སྤྱིའི་དོན་ཉིད་གསུམ་མམ་བཞི་ལ་སོགས་པར་བཤད་པ་ཡང་ཡོད་དེ། དེ་དག་ལ་རྒྱུད་གསུམ་གྱི་སྒོ་ནས་བཤད་པ་ལ་སོགས་མན་ངག་ཡོད་པར་ཡང་འདོད་དོ། །གལ་ཏེ་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་འདོད་པས་རྒྱུད་མཉན་པར་བྱའོ། །དེ་ལ་སློབ་དཔོན་དང༌། སློབ་མའི་མཚན་ཉིད་ཤེས་པས་བརྟགས་ནས་བླངས་ལ་དབང་བསྐུར་བ་ནོད་པར་བྱའོ། །དམ་ཚིག་དང༌། སྡོམ་པ་ལ་གནས་པས། རིམ་པ་གཉིས་ལ་ཞིབ་མོར་མཁས་པར་བྱས་ལ་རྒྱུད་མཉན་ནོ། །བསྲུང་བའི་འཁོར་ལོ་ཡང་སྒོམ་པ་དང༌། གཏོར་མ་ཡང་སྦྱིན་པ་དང༌། ཐམས་ཅད་དཀྱིལ་འཁོར་དུ་བལྟས་ལ། སློབ་དཔོན་རྡོ་རྗེ་སེམས་དཔའ་ལ་ཡོན་དང༌། མཎྜལ་བྱས་ལ། སྔོན་བྱུང་ཇི་ལྟ་བར་སྒོམ་པ་ནི། སློབ་དཔོན་སློབ་མ་གཉིས་ཀས་སོ། །ལུས་དང༌།


TNT10_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང༌། སེམས་ཀྱི་སྐྱོན་བཅུ་གཅིག་སྤངས་ཏེ། དེ་དག་གང་ཞེ་ན། ཉལ་བ་ལ་སོགས་པ་ལུས་ཀྱི་གནས་ངན་ལེན་དང༌། རྩེད་མོ་དང་ཀྱལ་ཀ་དང༌། ཞེ་སྡང་བའི་བརྒལ་ལན་དང༌། ཅ་ཅོ་དང༌། ཧ་ཅང་རྟོག་གེ་ལ་དགའ་བས་གཏན་ཚིགས་དང་ཐལ་འགྱུར་གྱི་རྣམ་གཞག་ཐལ་བ་དང༌། མན་ངག་མེད་པ་དང༌། རྫུན་གྱི་མན་ངག་དང༌། མ་སྨིན་པའི་སྐྱེས་བོས་ཐོས་པ་དང༌། འགྲན་པ་དང༌། རྙེད་པའི་སེམས་སོ། །གཞན་ཡང་སྨྲ་བའི་རྒྱུན་དང་ལྡན་པས་བརྗོད་དེ། རྣལ་འབྱོར་ལ་ནི་མི་གཡེང་བས་འཆད་པ་དང༌། མཉན་པ་ལ་ནི་རྡོ་རྗེ་འཛིན་པ་རྣམས་ལྷག་པར་ཡང་གཟིགས་སོ། །རྒྱུད་བཤད་ཐབས་ཀྱི་རིམ་པར་ཕྱེ་བ་སྟེ་ལྔ་པའོ།། བསྟན་བཅོས་འདིའི་མིང་ཅི། ལས་དང་པོ་ལ་ཕན་པའི་རབ་ཏུ་བྱེད་པ་ཞེས་བྱའོ། །འདི་ནི་རིག་པ་འཛིན་པའི་མ་མོའི་སྙིང་པོ་བསྡུས་པ་ཡིན་ཏེ། སྔགས་ཀྱིས་གཏན་ལ་དབབ་པ་ཞེས་ཀྱང་བྱའོ། །འདི་དག་རྒྱ་ཆེ་བར་བླ་མའི་ངག་ལས་རིག་པར་བྱའོ། །དེ་ཅི་རིག་པ་འཛིན་པའི་ཐེག་པ་ཡང་ཤིན་ཏུ་རྒྱས་པའི་སྡེ་སྣོད་དེ། མངོན་པ་ནི་བར་བར་དག་ལས་བསྡུ་བར་བྱ་དགོས་སོ། ཁ་ཅིག་འདི་ནི་གཙོ་བོ་ཡིན་ཏེ་དེའི་ཕྱིར་སྡེ་སྣོད་གསུམ་དུ་མི་བསྡུའོ། །ཞེས་པ་ནི་འཐད་པར་མི་སྣང་སྟེ། དཔེར་ན་བརྒྱ་བྱིན་ནི་སུམ་ཅུ་རྩ་གསུམ་པའི་གཙོ་བོ་ཡིན་ལ། དེ་ནི་བརྒྱ་བྱིན་མ་ཡིན་ནོ། །ཞེས་


TNT10_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །དེ་ལྟར་ན་འདི་ཡང་ཆོས་ཡང་དག་པར་བསྡུད་པ་གཏན་ལ་དབབ་པ་སྟེ། འདི་ཁོ་ན་བཟུང་བས་ཀྱང་སྔགས་ཀྱི་ཐེག་པའི་བརྡ་རྣམས་ལ་རྨོངས་པར་མི་འགྱུར་རོ། །འདིའི་དགེ་བ་ཡང༌། སྐྱེ་བ་འདི་ཁོ་ན་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འགྲོ་བ་ལ་ཕན་པའི་རྒྱུར་བསྔོའོ། །ལས་དང་པོ་པ་ལ་ཕན་པའི་རབ་ཏུ་བྱེད་པ་རྫོགས་སོ། །རྡོ་རྗེ་ཐེག་པའི་ལམ་ལས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པ་རྗེ་བཙུན་གྲུབ་པའི་དབང་ཕྱུག་གུ་རུ་ལྷོ་ཕྱོགས་པའི་ཞབས་ཀྱི་ཟེའུ་འབྲུ་ལ་སྤྱི་བོས་རེག་པ་ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོས་སྔཽན་མེད་པའི་གཏམ་བཟང་པོ་དག་ལས་ཅི་རིགས་པར་རང་ལོ་ཉེར་གསུམ་པའི་དང་པོ་ནག་པོའི་ཉ་ལ་གནས་རི་བོ་མཐོན་པོའི་མགུལ་བསམ་གཏན་སྡིངས་སུ་ཐུན་གསུམ་ལ་མྱུར་བར་སྦྱར་བའོ།། །།ཞུས་དག། །།མངྒལ་བིསྟཱརཾ།།

ཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག


TNT10_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས།


TNT10_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བློ་ཆེན་རྣམས་ཀྱི་བླཽ་གྲོས་དང༌། །མཐུན་པའི་དྲི་ལན་འདེབས་དཀའ་ཡང༌། །རང་གི་བློ་ལ་གང་ཤར་བ། །དེ་ཙམ་སྨྲ་ལ་ཉེས་པ་ཅི། །དྲི་བ་དང་པོའི་ལན་ནི། རྗེས་གནང་ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་རྣམས་དཀྱིལ་ཆོག་སྤྱི་ལ་གྲགས་པ་ལྟར་ན། ཆོ་ག་དེ་རྣམས་ཉིད་ཀྱི་རང་ངོས་ནས། བུམ་དབང་ཉིད་ཀྱི་ཆོ་གའི་ཡན་ལག་ཡིན་དགོས་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བས་སྟེ། །བཞི་པའི་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །ཞེས་ཆུ་སོགས་དབང་བཅུ་གཅིག་པོ་བུམ་དབང་ཡིན་པར་བཤད་ཅིང༌། ཐུན་མོང་གི་དངོས་གྲུབ་ཐོབ་པའི་གྲུབ་ཐོབ་ཙམ་དང༌། པཎྜི་ཏ་ཙམ་གྱིས་བཤད་པ་ལ། འཐད་མི་འཐད་ཀྱི་དཔྱད་པ་གཏོང་དུ་རུང་ཡང༌། རྒྱུད་རྣམ་དག་ནས་བཤད་པ་ལ་ཡིད་ཆེས་ཁོ་ན་བྱེད་པ་ལས། གཞན་དུ་མི་རུང་བས་སོ། །དེས་


TNT10_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་གསུམ་པོ་གསང་བ། ཤེས་རབ། བཞི་པ་གསུམ་གྱི་མཐའ་རྟེན་དུ་གོ་རིམ་བཞིན་དུ་སྦྱོར་བ་འདི་ལ། དཀྱིལ་ཆོག་རིན་ཆེན་འབར་བ་ནས་བཤད་པ་ཙམ་མ་གཏོགས། གཞན་རྒྱ་གར་བའི་ལུང་གསལ་པོ་མེད། བོད་ཀྱི་བླ་ཆེན་འབྲོག་མིའི་མན་ངག་ལས་ནི་འབྱུང་ངོ༌། །དེ་ལ་མན་ངག་སྤོང་དུ་མི་རུང་མོད་ཀྱི། དེ་རྣམས་ངོ་བོའི་སྒོ་ནས་བུམ་དབང་གི་མཐའ་རྟེན་ཁོ་ན་ཡིན་ཀྱང༌། བུམ་དབང་ནི་ཀུན་གྱི་ཐུན་མོང་ཡིན་པའི་ཕྱིར། དབང་གོང་མ་རྣམས་ཀྱི་མཐའ་རྟེན་དུ་སྦྱོར་བའང་མི་འགལ་ཏེ། དཔེར་ན་གྲོང་པའི་སྒོས་གཡོག་རྣམས་རྒྱལ་པོའི་ཡང་གཡོག་ཏུ་འགྱུར་བ་བཞིན་ནོ། །དེས་ན་ལུང་བསྟན་ནི་གསང་དབང་གི་ཆོ་གའི་ཡན་ལག་མ་ཡིན་ཀྱང༌། གསང་དབང་དག་དག་བྱེད་ཡིན་ཅིང༌། ལུང་སྟོན་པ་ཡང་ངག་གི་བྱ་བ་ཡིན་པའི་ཕྱིར། རིགས་མཐུན་པའི་སྒོ་ནས་དེའི་མཐའ་རྟེན་དུ་བླ་ཐབས་སུ་སྦྱར་ནས་བྱེད་པ་སོགས་གཞན་གཉིས་ལའང་རིགས་འགྲེ་སྟེ། ཆོས་མཐུན་སྦྱར་ནས་སྐབས་དེ་དང་དེར་བྱེད་པ་ཙམ་


TNT10_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་གཞན་དུ་ན་དེ་དག་གོང་མ་གསུམ་གྱི་ཡན་ལག་ཁོ་ན་ཡིན་ན། ཀྱཻ་རྡོར་མན་ངག་ལུགས་ལྟ་བུ་ལ། དབང་བཞི་ནུབ་སོ་སོར་བསྐུར་བའི་ཚེ་བུམ་དབང་གི་མཐའ་རྟེན་དུ་དེ་རྣམས་སྦྱོར་དགོས་པ། སློབ་དཔོན་རྩེ་མོའི་དབང་ཆུ་ཆེན་མོ་ལས་གསལ་བར་བཤད་པ་དང་འགལ་བར་འགྱུར་ཏེ་གོང་མ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡན་ལག་དེ། བུམ་དབང་གི་མཐའ་རྟེན་དུ་སྦྱར་ན་ག་ལ་འཐད། དྲི་བ་གཉིས་པའི་ལན་ནི། རིགས་ལྔའི་དབང་བུམ་དབང་ཡིན་ནམ་མིན་ཞེས་པ་འདི་ལ། རིགས་ལྔ་ཞེས་པ་ཡིན་ན། རྒྱལ་བ་རིགས་ལྔའི་དོན་དུ་འགྱུར་བ་ཡིན་ལ། དེ་ལྟ་ན་ནི་ངེས་པ་མེད་ཅིང༌། རིགས་ལྔ་ཞེས་གསུང་རྒྱུ་ཡིན་ན། རིག་པའི་དབང་ལྔར་འགྱུར་བས། དུས་འཁོར་དང་སེམས་འབྲེལ་སྐོར་གསུམ་ལྟ་བུ་ནས་གསུངས་པའི་རྣམ་གཞག་རྣམས་བོར་ནས། གཞན་སྤྱི་ཁྱབ་པའི་རྣམས་ཀྱི་ལུགས་ལྟར་བྱས་ན། རིག་པའི་དབང་ལྔ་བུམ་དབང་ངེས་པར་ཡིན་ལ། རིག་པའི་དབང་ལྔར་སོང་བའི་ཆུ་ཅོད་པན་སོགས་བླ་མེད་ཀྱི་ཁྱད་ཆོས་ཡིན་པ་དང༌། སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་ན་ཡོད་པའི་ཆུ་ཅོད་པན་རྡོར་དྲིལ་སོགས་ལ་རིག་པའི་དབང་གི་ཐ་སྙད་མི་འཇོག་ལགས། དེའི་རྒྱུ་མཚན་སྦྱང་བྱ་ཕུང་པོ་ལྔའམ་རྣམ་ཤེས་ཚོགས་བརྒྱད། སྦྱོང་བྱེད་རྒྱལ་བ་རིགས་ལྔའམ། རིགས་ལྔ་དང་དོད་མཚུངས་པའི་ལྷའི་རྣམ་གཞག་དང་སྦྱོར་ཞིང༌། མ་རིག་པ་ལྔ་སྤོང༌། རིག་པ་ཡེ་ཤེས་ལྔ་བསྐྱེད་ཅེས་པའི་སྒྲ་བཤད་དང༌། རིག་པའི་ལྷ་མོས་དབང་བསྐུར་བའི་དོན་རྣམས། བླ་མེད་ཁོ་ན་ལས་གཞན་དེ་དག་ལ་མི་ཚང་བའི་ཕྱིར་རོ། །དེས་ན་ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །


TNT10_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་རྒྱུད་སྡེ་གོང་མའི་ཆུ་ཅོད་པན་གཉིས་དང་ཕྱོགས་མཚུངས་པའི་དབང༌། བྱ་རྒྱུད་རང་རྐང་ཉིད་ལ་གསང་བ་སྤྱི་རྒྱུད་ལས་གསུངས་པ་ལྟར། སྔགས་དང་ཕྱག་རྒྱའི་དབང་དུ་གྲགས་པ་དེ་གཉིས་ཡིན་ལ། རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ནི་རྣལ་འབྱོར་ཕྱི་ནང་གཉིས་ཀྱི་དབང་ལ། རྡོ་རྗེ་དྲིལ་བུའི་དབང་ཡོད་མོད། སྤྱོད་རྒྱུད་ལ་རྡོར་དྲིལ་ངེས་པ་ཅན་གྱི་དབང་མེད་ཀྱང༌། རྡོ་རྗེ་དྲིལ་བུ་གཉིས་ཀ་ཕྱག་མཚན་གྱི་དབང་ཡིན་པ་བཞིན་དུ། རྒྱུད་དེར་ཡང་ཇི་ལྟར་འོས་པའི་ཕྱག་མཚན་གྱི་དབང་ཡོད་པས། དེ་དང་འདི་ཕྱོགས་མཚུངས་ཙམ་ལ་དགོངས་པ་ཡིན་ཅིང༌། སྤྱིར་སྤྱོད་རྒྱུད་ཀྱི་དབང་ལ། ཕྱག་མཚན་དང་མིང་དབང་ཡོད་པའི་ངེས་པ་མེད་དེ། རྣམ་སྣང་མངོན་བྱང་ལས། ཆུ་དབང་དང༌། མིག་ཐུར་དང༌། མེ་ལོང་དང༌། ཆོས་བཤད་རྣམས་ལས་མ་གསུངས་ཅིང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཆུ་ཅོད་པན་རྡོ་རྗེ་མིང་དབང་སྟེ་བཞི་པོ་གསུངས་པར་མཁས་པ་རྣམས་ལ་གྲགས་པ་དང༌། ངན་སོང་སྦྱོང་རྒྱུད་ལྟ་བུ་ད་ལྟ་རྣལ་འབྱོར་རྒྱུད་ཁོ་ནར་གྲགས་ལ། བླ་མ་རྣམས་ཀྱིས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཡིན་གྱི། རྒྱུད་ཀྱི་ངོ་བོ་ལ་བལྟས་ན་སྤྱོད་རྒྱུད་དུ་གསལ་ལ། ཇོ་བོ་རྗེ་ཡང་སྤྱོད་རྒྱུད་དུ་བཞེད་པས། རྒྱུད་འདི་ལས་ཀྱང༌། དབང་གི་དངོས་གཞི་དེ་དག་དང༌། གུང་མཐུན་པར་འབྱུང་བས་ན། སྤྱོད་རྒྱུད་ཀྱི་ནང་མཚན་འགའ་ཞིག་ལ། རིག་པའི་དབང་ལྔའི་དོད་ཙམ་ཡོད་པར་སྟོན་པའོ། །དེས་ན་སྤྱོད་རྒྱུད་ཀྱི་ཆུ་སོགས་དབང་ལྔ་དང༌། རྣལ་


TNT10_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱུད་ཀྱི་དེ་ལྔ་དང༌། བླ་མེད་ཀྱི་རིག་པའི་དབང་ལྔ་ལ་མིང་མཚུངས་པ་དང༌། དབང་རྫས་ཕྱོགས་མཐུན་པ་དང༌། རྣལ་འབྱོར་ཕྱི་ནང་གཉིས་ལ་ནི་ཆོ་གའི་ཚིག་རིགས་ཀྱང་ཕྱོགས་མཚུངས་ཙམ་ཡོད་ཀྱང༌། དོན་མི་འདྲ་བ་ཤིན་ཏུ་ཆེ་བས། བླ་མེད་ཀྱི་དབང་བཞི་དང་ཟློས་པར་ནི་མི་འགྱུར་ལ། སྤྱིར་བུམ་དབང་ཙམ་ནི་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་ཡོད་པར་བརྗོད་ཀྱང་མི་འགལ་ཏེ། བུམ་པས་དབང་བསྐུར་བར་ཡང་ནས་ཡང་དུ་གསུངས་པའི་ཕྱིར་རོ། །དབང་བཞིའི་ཡ་གྱལ་གྱི་བུམ་དབང་ནི། ཐུན་མོང་མ་ཡིན་པའི་བུམ་དབང་ཡིན་པའི་ཕྱིར། དེ་དག་ལ་མེད་མོད་ཀྱང༌། སྤྱིར་དབང་བཞི་བླ་མེད་ཀྱི་ཁྱད་ཆོས་སུ་འཆད་པའི་དོན་དབང་བཞི་པོ་རེ་རེ་ནས་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་ཞེས་འཆད་མི་དགོས་ཀྱི། རྒྱུད་དེ་དང་དེ་ལས་དབང་བཞི་ཚང་བར་སྟོན་པ་ནི། བླ་མེད་ཀྱི་ཁྱད་ཆོས་ཡིན་ཞེས་པའི་དོན་ནོ། །དཔེར་ན་སྟོང་ཉིད་བཅུ་དྲུག་གི་རྣམ་གཞག་ཐེག་ཆེན་གྱི་ཁྱད་ཆོས་ཡིན་ཡང༌། སྟོང་ཉིད་དང་པོ་བཞི་ཉན་ཐོས་ཀྱི་ཐེག་པ་ནས་བཤད་པ་ལྟ་བུས་མཚོན་ནོ། །དྲི་བ་གསུམ་པའི་ལན་ནི། ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་འབྱུང་བས། རྣལ་འབྱོར་རྒྱུད་ལ། རྡོ་རྗེ་སློབ་དཔོན་གྱི་དབང༌། ནང་ཚན་ཆོ་གའི་ཡན་ལག་གིས་ཕྱེ་བའི་དབང་དྲུག་ཡོད་པར་མ་ཟད། གསང་དབང་གི་མིང་ཅན་ཞིག་ཀྱང་ཡོད་མོད། ཐུན་མོང་མ་ཡིན་པའི་བུམ་དབང་དང་གསང་དབང་མེད་པའི་ཕྱིར།


TNT10_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་དབང་བཞི་པོ་བླ་མེད་ཀྱི་ཁྱད་ཆོས་སུ་བཤད་པ་དང་མི་འགལ་ལོ། །རྣལ་འབྱོར་རྒྱུད་ཀྱི་སློབ་དཔོན་གྱི་དབང་དེ་ལ། རྒྱུད་དེ་ཉིད་རང་གི་ལུགས་ཀྱི་དམ་ཚིག་གསུམ་སྦྱིན་པ་ཡོད་ཀྱང༌། སྤྱིར་བླ་མེད་ཀྱི་དམ་ཚིག་གསུམ་དུ་ཁྱད་ཆེ་ཞིང༌། རྡོར་དྲིལ་གྱི་དམ་ཚིག་གཉིས་ཕྱོགས་མཐུན་རུང་ཙམ་ཡིན་ཀྱང༌། སྒོས་ཕྱག་རྒྱ་སྐུའི་དམ་ཚིག་ལ་ཁྱད་པར་ཤིན་ཏུ་ཆེའོ། །ཡང་དཀྱིལ་ཆོག་ཕལ་ཆེ་བའི་དབང་དུ་བྱས་ན། དམ་ཚིག་གསུམ་སྦྱིན་པ་སློབ་དཔོན་གྱི་དབང་གི་སྐབས་སུ་བྱེད་པ་མང་བ་ཡིན་ཡང༌། མཐའ་གཅིག་ཏུ་ངེས་པ་མེད་དེ། རྒྱ་བོད་གཉིས་ཆར་དུ་མཁས་མཆོག་རྣམས་ལ་ཤིན་ཏུ་གྲགས་ཆེ་བའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པའམ། འཇིག་རྟེན་སྣང་བྱེད་ཅེས་བྱ་བ་རྗེས་འབྲང་དང་བཅས་པ་ལས། དམ་ཚིག་གསུམ་སྦྱིན་པ། སློབ་མའི་དབང་དུ་བཤད་ནས། སློབ་དཔོན་གྱི་དབང་གཞན་ཞིག་གསུངས་སོ། །སྤྱིར་བུམ་དབང་ཐམས་ཅད་ལ་སློབ་དཔོན་གྱི་དབང་དུ་བཤད་པ་ཡང་ཡོད་དེ། གོང་དུ་དྲངས་པ། གཙོ་བོའི་དབྱེ་བ་བཅུ་གཅིག་ཅེས་པའི་གཙོ་བོ་ནི་སློབ་དཔོན་གྱི་མིང་ཡིན་པའི་ཕྱིར་དང༌། བརྟག་གཉིས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་ཡང༌། བུམ་དབང་ཐམས་ཅད་ལ་སློབ་དཔོན་གྱི་དབང་དུ་མིང་འདོགས་པར་དགོངས་སོ། །དྲི་བ་བཞི་པའི་ལན་ནི། བྱིས་པ་འཇུག་པའི་དབང་བདུན་གྱི་འབྲས་བུ་མཐར་ཐུག་འོག་མིན་གྱི་རིག་འཛིན་ཡིན་པ་དང༌། དབང་བདུན་གྱི་འབྲས་བུ་ས་བདུན་དུ་བཤད་པ་མི་འགལ་ལམ་ཞེས་པ་དང༌། དེ་ལས་འཕྲོས་པའི་ཏིང་ངེ་འཛིན་གྱི་ས་བདུན་ལ་སྦྱོར་ནའང༌། དེ་སྦྱོར་


TNT10_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡིན་ན། དབངབདུན་གྱི་ཐུན་མོང་མ་ཡིན་པའི་འབྲས་བུར་མི་འགྱུར། ཞེས་པ་འདི་ལ། ཏིང་ངེ་འཛིན་གྱི་ས་བདུན་ལ་སྦྱོར་བའི་གསལ་ཁ་ནི་མེད་མོད། འཕགས་ལམ་གྱི་ས་བདུན་ལ་སྦྱོར་ཕྱིན། ཏིང་ངེ་འཛིན་གྱི་ས་ལའང་དོན་གྱིས་འབྱོར་ཏེ། དེ་གཉིས་འགྲོས་མཚུངས་པའི་ཕྱིར་རོ། །འོན་ཀྱང་ས་བདུན་དབང་བདུན་གྱི་ཐུན་མོང་མ་ཡིན་པའི་འབྲས་བུར་ཡང་མ་བཤད་ལ། དངོས་འབྲས་སུ་ཡང་མི་བྱེད་དོ། །འོ་ན་ཅི་ཞེ་ན། དབང་བདུན་བསྐུར་བས་མ་འོངས་པ་ན་འཕགས་པའི་ས་བདུན་པོ་དེ་དག་ཐོབ་པར་འགྱུར་ངེས་པའི་རྟེན་འབྲེལ་བསྒྲིགས་པ་སྟེ། འདི་སྐབས་ཀྱི་མ་འོངས་པ་ཡང་རྒྱ་ཡན་ལ་མི་འཇོག་གི དམ་ཚིག་ཡེ་མ་ཉམས་པའི་དབང་དུ་བྱས་ནས། སྤྱིར་བཏང་ལ་གནས་སྐབས་དེའི་སྐྱེ་བ་ཕྱི་མའི་མཐའ་ཚུན་ཆོད་ལའོ། །དེས་ན་ས་བཅུ་གཉིས་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ལ་དབང་བཅུ་གཅིག་གམ། བཅུ་གཉིས་བསྐུར་བ་ཡིན་ཞིང༌། འོན་ཀྱང་ལམ་བསྒོམས་པས་ས་ཐོབ་པ་ཡིན་གྱི། དབང་དེ་དང་དེའི་དངོས་འབྲས་ལས། ཐོབ་ཅེས་ཀྱང་མི་བརྗོད་ལ། དབང་བདུན་གྱི་ས་བདུན་ཐོབ་པའི་རྟེན་འབྲེལ་འགྲིག་པར་བྱེད་ཀྱང༌། ས་བདུན་ཐོབ་པའི་རྟེན་འབྲེལ་བསྒྲིག་བྱེད་ལ་དབང་བདུན་དགོས་པས་ཁྱབ་པའང་མ་ཡིན་ནོ། །དེས་ན་རྟེན་འབྲེལ་བསྒྲིགས་པ་ཙམ་གྱི་སྒོ་ནས་མ་འོངས་པ་ན་ཐོབ་པར་འགྱུར་བའི་འབྲས་བུའི་དབང་དུ་བྱས་ན། དབང་བདུན་གྱི་འབྲས་བུ་མཐར་ཐུག་ཀྱང༌། རྫོགས་པའི་སངས་རྒྱས་ཀྱི་སའི་རྡོ་རྗེ་བཞི་ཡིན་ལ། དབང་བདུན་གྱི་དབང་


TNT10_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནམ། དབང་དེའི་ལམ་བསྐྱེད་རིམ་གྱི་དངོས་འབྲས་མཐོ་ཤོས། འོག་མིན་གྱི་རིག་པ་འཛིན་པ་ཡིན་པར་བཤད་ཀྱི་དེ་ལས་མཐོ་བ་མ་ཡིན་ནོ། །དེས་ན་དབང་བསྐུར་བདུན་པོ་རང་གི་དངོས་འབྲས་ནི། བསྐྱེད་རིམ་བསྒོམ་དུ་རུང་བའི་ནུས་པས་རྒྱུད་འགྱུར་བའི་ཁྱད་པར་དེ་ཡིན་ལ། དེ་ནས་བསྐྱེད་རིམ་བསྒོམ་པས་འབྲས་བུ་དེ་འདྲ་ཐོབ་པ་ཡིན་པས། འོག་མིན་གྱི་རིག་འཛིན་དེ་ཡང་དབང་བདུན་གྱི་དངོས་འབྲེལ་མིན་ལ། ཐུན་མོང་མ་ཡིན་པའི་འབྲས་བུ་ཡང་མིན་ནོ། །དེ་བཞིན་དུ། རྫོགས་རིམ་བསྒོམས་པ་ལ་བརྟེན་ནས་སྔགས་ལམ་གྱི་ཚོགས་སྦྱོར་གཉིས་ཐོབ་པ་དེ་ཡང༌། མཆོག་དབང་འོག་མ་གསུམ་གྱི་བརྒྱུད་པའི་འབྲས་བུ་ཙམ་དུ་ནི་འགྱུར་ཡང༌། དངོས་འབྲས་དང༌། མཐར་ཐུག་གི་འབྲས་བུ་གཉིས་ཀར་དུ་མི་འགྱུར་རོ། །དེས་ན་དབང་དང་སའི་སྦྱོར་ཚུལ་ནི། དག་བྱ་དག་བྱེད་ཀྱི་སྦྱོར་ཚུལ་ཡང་མིན་ཅིང༌། རྟེན་འབྲེལ་བསྒྲིག་བྱ་སྒྲིག་བྱེད་ཀྱི་རྒྱུ་འབྲས་ཙམ་ཡིན་པས། ས་མཚམས་ངེས་པ་ཅན་དུ་སྦྱོར་པ་ཡང་མི་དགོས་སོ། །དྲི་བ་ལྔ་པའི་ལན་ནི། ཡི་གེ་དཀྱིལ་འཁོར་དང་པོ་སྟེ། །ཞེས་པ་ལ་སོགས་པ་ཨ་བྷི་དྷ་ནའི་ལུང་འདི། རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ནའི་དབྱེ་བ་མིན། བུམ་དབང་གང་དུ་བསྐུར་བའི་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་ལ་དྲུག་ཏུ་ཕྱེ་བ་ལགས། དང་པོ་ལྔ་པོ་ལ་ཡང༌། རྡུལ་ཚོན་རས་བྲིས་སོགས་སྣ་ཚོགས་འབྱུང་བ་ལགས་ཤིང༌། དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་ནི། གཞལ་ཡས་ཁང་གི་ཁང་པ་དངོས་སུ་བསླངས་པའམ། ཆུ་ཚོན་གྱིས་ས་གཞི་ལ་བྲིས་ནས་ལྷ་སོ་སོའི་གནས་སུ་དཔའ་བོ་དང་དཔའ་མོ་དངོས་སུ་འགོད་པ་སྟེ། དཔེར་ན། དགེས་རྡོར་ལ་མཚོན་ན། དབང་བསྐུར་བའི་སློབ་དཔོན་ཉིད་གཙོ་བོའི་གནས་སུ་འདུག །གཞན་སྔགས་


TNT10_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་པ་ཅན་གྱི་བུད་མེད་དགུ་ཡང་ལྷ་མོ་དགུའི་གནས་སུ་བཞག ལྷའི་ཆས་སུ་བཅུག་ནས། བདག་བསྐྱེད་གཙོ་བོར་གྱུར་པའི་ཆོགས་འཁོར་གྱི་ཚོགས་དཀྱིལ་འཁོར་སྒྲུབ་པ་ཡིན་པས། ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ནོ། །དྲི་བ་དྲུག་པའི་ལན་ནི། རས་བྲིས་ཀྱི་དཀྱིལ་འཁོར་དུ་མ་སྨིན་པ་སྨིན་བྱེད་ཀྱི་དབང་བསྐུར་བའི་ཁུངས། ཤིན་ཏུ་གསལ་བར་ཡོད་པ་ནི། མི་གཡོ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ན་ཡོད། རྒྱུད་དེ་ཡང་ཐོག་མར་རོང་པ་ཤེས་རབ་སེང་གེས་བསྐུལ་ནས། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ཡིན་ཅིང༌། འགྱུར་བྱེད་ས་ཡང་ས་སྐྱ་རང་ཡིན། ཕྱིས་པཎྜི་ཏ་ནགས་རིན་གྱི་བར་དུ་ལོ་པཎ་གཞན་དང་གཞན་འགའ་རེས་འགྱུར་བཅོས་ཅུང་ཟད་ཙམ་བྱས་འདུག རྒྱུད་དེ་ལས་དང་པོར་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་ཚུལ་རྒྱས་པར་བཤད་ནས། དེ་རྗེས། ཡང་ན་དཀྱིལ་འཁོར་བྲི་བྱ་བ། །རས་བྲིས་ཚུལ་དུ་བྲི་བར་བྱ། །དཀྱིལ་འཁོར་སྔར་བཞིན་བྲིས་བྱས་ནས། །དབུས་སུ་མི་གཡོ་མཐིང་ནག་བྲི། །ཞེས་པ་ལ་སོགས་པ་རས་བྲིས་རྒྱས་པར་གསུངས་ནས། དེ་དང་འབྲེལ་བ་ཉིད་དུ། སློབ་མ་དབང་བསྐུར་གྱི་ཆོ་ག་རྒྱས་པར་བཤད་དོ། །སྡོམ་གསུམ་རབ་དབྱེ་མཛད་པ་པོ་ཆོས་རྗེ་པཎྜི་ཏའི་དུས་ན་རྒྱུད་འདི་མ་འགྱུར་བས་ལན་ནི། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་གསུངས་ཐལ་པོ་ཅན་དུ་བྱོན་གདའ་འོན་ཀྱང་རབ་དབྱེ་ལ་སྡང་ཤུགས་བྱེད་པ་པོ་ཕྱིས་འབྱུང་གི་བཀའ་བརྒྱུད་པ་རྣམས་ཀྱིས། རྒྱུད་འདི་ལ་གཞིག་འགྲེལ་ཆུག་པའང་མེད་ལ། རྡུལ་ཚོན་ལ་སྡང་བ་བཞིན་རས་བྲིས་


TNT10_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལའང་སྡང་བས། ཁོང་དག་ལུང་འདི་ལ་དགའ་བ་ཡང་མེད་དོ། །དེར་མ་ཟད། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་མ་སྨིན་པ་སྨིན་བྱེད་ཀྱི་དབང་བསྐུར་བའི་ཁུངས་ཀྱང་འགའ་ཞིག་ཏུ་སྣང་ངོ༌། །དྲི་བ་བདུན་པའི་ལན་ནི། དབང་བསྐུར་བའི་དོན་དྲི་མ་འཁྲུད་པ་ལ་ཤིན་ཏུ་འཇོག །དབང་ནི་ཡེ་ཤེས་མ་སྐྱེས་ཀྱང༌། སློབ་དཔོན་གཉིས་ཆར་གྱི་སེམས་མ་ཡེངས་པར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་འཛོམས་པའི་དབང་ཆོག་བྱས་ན་དྲི་མ་འཁྲུད་པའི་ཐ་སྙད་ཐོབ་སྟེ། སྔགས་ཀྱི་སྡོམ་པ་ཐོབ་པའི་ཕྱིར་རོ། །དཔེར་ན། དགེ་སློང་གི་སྡོམ་པ་ཐོབ་པའི་རྒྱུ་ཚོགས་ཚང་བ་ལ། གསོལ་གཞིའི་ལས་ཀྱི་ཆོ་ག་བྱས་ན། སྒོམ་སྟོབས་ཀྱི་ཡེ་ཤེས་མ་སྐྱེས་ཀྱང་ཚུལ་འཆལ་གྱི་རྒྱུན་སྤོང་བའི་གནས་སྐབས་ཐོབ་སྟེ། དེའི་གཉེན་པོ་དགེ་སློང་གི་སྡོམ་པ་སྐྱེ་བའི་ཕྱིར་རོ། །དེ་དང་འདི་འདྲ་ལགས། ཀུན་རྫོབ་བརྡར་བཏགས་པའི་ཚོགས། ཀུན་རྫོབ་ཀྱི་སྡོམ་པ་ཐོབ་ནུས་པ་ཡིན། དབང་གི་ཡེ་ཤེས་སྐྱེས་ན་ཡང༌། ཡེ་ཤེས་དེ་ལ་ཕྱག་ཆེན་ཡིན་མིན་གཉིས་ཀ་ཡོད། རབ་དབྱེ་ལས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དབང་ལས་བྱུང་བའི་ཡེ་ཤེས་དང༌། །ཞེས་སོགས་གསུངས་པའི་དགོངས་པ་ནི། དངོས་དང་རྗེས་མཐུན་པའི་ཕྱག་ཆེན་ལ་དབང་ལས་བྱུང་བའི་ཡེ་ཤེས་དང༌། རིམ་གཉིས་གང་རུང་ལས་སྐྱེས་པའི་ཏིང་ངེ་འཛིན་གྱིས་ཚུར་ཁྱབ་མཐའ་འཆའ་བ་ཡིན་གྱི། དབང་དང་རིམ་གཉིས་ཀྱི་ཡེ་ཤེས་ལ། ཕྱག་ཆེན་ཀྱིས་ཕར་ཁྱབ་མཐའ་འཆའ་བ་མིན། དབང་གི་དྲི་མ་འཁྲུད་པ་ནི། དྲི་མ་འཁྲུད་པའི་འགོ་བརྩམས་པ་


TNT10_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། དྲི་མ་བཀྲུས་ཟིན་ཡང་མིན་པས། ཡེ་ཤེས་དངོས་སུ་སྐྱེ་བས་ཀྱང་མ་ཁྱབ་བོ། ཁ་ཅིག་དབང་བསྐུར་ཚད་ལ་ཡེ་ཤེས་སྐྱེ་སྟེ། དབང་རྣོན་ལ་གསལ་བར་སྐྱེ། དབང་བརྟུལ་ལ་མི་གསལ་བར་སྐྱེ། ཞེས་ཟེར་ཡང༌། ཡེ་ཤེས་དེ་སྐྱེ་ན་སྣང་དུ་རུང་དགོས་པས། མི་གསལ་བར་སྐྱེ་ཞེས་པའི་ཟོལ་འཇོག་དེ་ལ། སྣང་རུང་མ་དམིགས་པའི་གནོད་པ་འཇུག་ལ། ལར་བྱུང་བའི་རང་བྱུང་ཡེ་ཤེས་ཡིན་ཅེས་པ་ལམ་འབྲས་ཀྱི་ཆོས་སྐད་དང་བསྟུན་དགོས་ན། གསང་དབང་གི་ཡེ་ཤེས་ཡན་ཆད་རང་བྱུང་གི་ཡེ་ཤེས་ཡིན་པས། དབང་བསྐུར་བཞི་པ་མ་ཐོབ་པར། །ཕྱག་རྒྱ་ཆེན་པོ་སོགས་སྒོམ་དང༌། །ཞེས་གསུངས་པ་དང་འགལ་བ་སྤང་དགོས་སོ། །དྲི་བ་བརྒྱད་པའི་ལན་ནི། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱང༌། དཔེའི་ཡེ་ཤེས་ནི་ངེས་པར་ཡིན། ཆོས་རྒྱའི་ཡེ་ཤེས་སོགས་དཔེའི་ཡེ་ཤེས་གཞན་གྱི་རྒྱུ་བྱེད་ཀྱང༌། ཁོ་རང་དཔེའི་ཡེ་ཤེས་ཡིན་པ་མི་འགལ་སྟེ། དོན་གཅིག་ལ་མཚོན་བྱེད་ཀྱི་དཔེ་དུ་མ་འབྱུང་བའི་ཕྱིར་རོ། །ལར་ལས་རྒྱའི་ཡེ་ཤེས་ལས་ཆོས་རྒྱ་འབྱུང༌། དེ་ལས་ཕྱག་རྒྱ་ཆེན་པོ་འབྱུང༌། འབྲས་བུ་དམ་རྒྱ་ཡིན་ཅེས་བྱ་བ་འདི་ནི། ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་ཕྱག་རྒྱ་བཞི་པའི་གཞུང་དང༌། དེའི་རྗེས་འབྲང་མཻ་ཏྲི་པ་དཔོན་སློབ་རྣམས་ཁོ་ནའི་བཞེད་པ་ཡིན་ནོ། །གཞན་ཕྱག་རྒྱ་བཞི་ལ་ནཱ་རོ་པའི་བདེ་དགྱེས་ཀྱི་མན་ངག་དང༌། དྲིལ་བུ་པའི་ནོར་བུ་འགེངས་པ་སོགས་ན་མི་འདྲ་བ་རེ་བཤད་པ། ཐད་སོ་ཐད་སོ་དེར་འགལ་བ་མེད། ཕན་ཚུན་བསྲེ་མི་ཐུབ། དགེས་རྡོར་གྱི་འགྲེལ་པ་ཁ་ཆེ་ཆེན་པོས་མཛད་པ་ལས་ཀྱང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དུས་འཁོར་


TNT10_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པ་དང་མཚུངས། སྤྱིར་ལས་རྒྱ་ཡེ་རྒྱ་ཕྱག་ཆེན་གསུམ་གྱིས་ཟླས་དྲངས་པའི་ལས་རྒྱ་དངོས་རིག་དང༌། ཡེ་རྒྱ་སྒོམ་པའི་རིག་མ་ལ་ཟེར། ཕྱག་རྒྱ་བཞི་བགྲོད་པའི་སྐབས། དུས་འཁོར་ལས་ཀྱང་ཡེ་རྒྱ་བགྲང་བ་ཉུང་ཞིང༌། གཞན་རྣམས་ཀྱིས་ཡེ་རྒྱ་ལར་ནས་མ་བགྲངས་ཏེ། ཆོས་ཀྱི་ཕྱག་རྒྱ་བགྲོད་པ་ཡིན། ལས་རྒྱའི་ཡེ་ཤེས་དེ་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་པར་ངེས། རྟོགས་པའི་ཐབས་སུ་འགྱུར་བ་ནི་ཡོད། ཕྱག་ཆེན་རྗེས་མཐུན་པའི་དབང་དུ་བྱས་ན་ནི། བསྐྱེད་རིམ་ཕྱག་ཆེན་དང༌། གཏུམ་མོ་ཕྱག་ཆེན་ལ་སོགས་པ་འབྱུང་བས་ངེས་པ་མེད་ཀྱང༌། ཕྱག་ཆེན་དངོས་ལ་དབྱེ་ན། རྣམ་བཅས་དང༌། རྣམ་མེད་གཉིས་ཡོད། དང་པོ་ནི། རྩ་དབུ་མར་འབར་འཛག་བྱས་པའི་བདེ་སྟོང་གི་རིགས་གཅིག་ལ། བདེ་སྟོང་དེ་ཉིད་ལ་མཉམ་པར་བཞག་པས། རྐྱེན་གཞན་མེད་ཀྱང་སླར་གསར་དུ་རླུང་དབུ་མར་འགགས་ཏེ། བདེ་དྲོད་ཀྱི་ཉམས་ཁྱད་པར་ཅན་སྐྱེ་བ་ཞིག་ཡོད་པ་དེ་ལ་ཟེར། གཉིས་པ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ལས་རྒྱའི་ཡེ་ཤེས་ནི་ལས་རྒྱ་དང་མཉམ་པར་སྦྱར་བ་ཁོ་ནའི་རྐྱེན་གྱིས་ཞུ་བདེའི་བདེ་སྟོང་ཙམ་འདྲེན་པ་ཡིན་པས། བདེ་སྟོང་སྤྲོས་བྲལ་ཁོ་ན་ལ་མཉམ་པར་བཞག་པས་གསར་དུ་བདེ་སྟོང་དྲངས་པ་དང༌། ལས་རྒྱས་དྲངས་པའི་བདེ་སྟོང་གཉིས་པོ་ཤིན་ཏུ་ཁྱད་ཆེའོ། །མཻ་ཏྲི་པ་རྗེས་འབྲངས་དང་བཅས་པ་དམ་བརྒྱའི་ངོས་འཛིན་གཏུམ་མོ་ལ་མི་བྱེད། འབྲས་བུ་ཟུང་འཇུག་གི་སྐུ་ལ་བྱེད་པ་ཡིན་པས། དེའི་ལུགས་ཀྱི་དམ་རྒྱ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ན་མེད། ནཱ་རོ་སོགས་དམ་རྒྱ་


TNT10_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་ལ་བྱེད་པའི་ལུགས་ལྟར་ན། དམ་རྒྱ་ཡེ་ཤེས་མཚན་ཉིད་པ་སྦྱོར་ལམ་དྲོད་ནས་ཡོད་དོ། །འདི་དག་ལ་མཐའ་ཆོད་པ་ཞིག་རྒྱས་པར་བཤད་དགོས་ནའང། ཡི་གེའི་ཚོགས་ལ་འཛེམས་པ་དང་གསང་བ་ཟབ་མོར་སོང་བས། འཕྲིན་ཡིག་ཏུ་མདོར་བསྡུས་ཙམ་ལས་མ་བརྗོད་དོ། །དྲི་བ་དགུ་པའི་ལན་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་བྱ་བ། སྟོང་གཟུགས་ལས་གྲུབ་པའི་ལྷ་སྐུ་ཡབ་ཡུམ་ཁ་སྦྱོར་གྱི་མིང་ཡིན། དེ་ཙམ་གྱིས་ཀྱང་མི་ཆོག ཁྱད་ཆོས་གསུམ་པོ་འདི་ཚང་དགོས། དབུ་མའི་ནང་དུ་རྩལ་རྫོགས་པའི་གཏུམ་མོ་ལས་གྲུབ་པ་གཅིག ཤེས་པ་ཁོ་ན་ཡིན་ཀྱང་རྣལ་འབྱོར་པའི་ལུས་ཀྱི་བྱ་བ་བྱེད་པས་འདོད་ཆགས་ཆེན་པོའི་བདེ་བ་མྱོས་ནུས་པ་དང་གཉིས། ཁྱད་གཞི་ལྷ་སྐུ་དེ་ལ་ཁྱད་ཆོས་འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་གཅིག་ཅར་འཆར་བ་དང་གསུམ་མོ། །འདི་སོ་སོ་སྐྱེ་བོའི་གནས་སྐབས་ན་ནི་ཡོད་དེ། ཡན་ལག་དྲུག་གི་རྗེས་དྲན་གྱི་རིམ་པའི་སྐབས་ནས་འབྱུང་ངོ༌། །དྲི་བ་བཅུ་པའི་ལན་ནི། ཉིན་རྟགས་དྲུག་གི་ངོས་འཛིན་རྒྱས་པ་ནི། སྙན་བརྒྱུད་བཀའ་རྒྱ་ཅན་ལགས་པས་འདིར་འབྲི་མ་ནུས། ངོ་བོ་ནི་ཐིག་ལེ་སེར་པོ་དང༌། དཀར་པོ་དང༌། དམར་པོ་དང༌། ནག་པོའི་སྣང་བ་རྣམས་ལ་སེར་པོ་འབར་བ་སོགས་བཞི་དང༌། མཆོག་གི་ཆ་འོད་འཁྱུག་པ་དང༌། ཐིག་ལེ་ཞེས་པ་ཐིག་ལེ་སྔོན་པོ་ཡིན། འདི་རྣམས་ཤར་བ་ཙམ་སོར་བསྡུད་མཐར་ཕྱིན་པ་ན་འབྱུང་བས། སྦྱོར་ལམ་དྲོད་ཀྱི་སྒྲུབ་པ་ལ་ཞུགས་པའི་སྐབས་ནས་ཡོད་ལ། རྗེས་མཐུན་པ་ནི་ལས་དང་པོ་པ་ནས་ཀྱང་ཡོད་དོ། །


TNT10_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་པོ་ཐམས་ཅད་ལ་རྟགས་བཅུ་རྣམས་གོང་འཕེལ་དུ་འགྲོ་བས། སོ་སོ་ལ་ཡང་འཆར་ལུགས་མི་གཅིག་པའི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དེ་ཡང་རྟགས་བཅུའི་རང་བཞིན་དུ་གནས་པ་ཡིན་ལགས། དྲི་བ་བཅུ་གཅིག་པ་ནི། ཕྱག་རྒྱ་བཞིའི་ནང་ཚན་གྱི་ཕྱག་རྒྱ་ཆེན་པོ་ལ། རྟོགས་བྱ་ཡུལ་གྱི་ཕྱག་ཆེན་དེ་དོན་གྱི་ཡེ་ཤེས་ཡིན་ཡང༌། རྟོགས་བྱེད་ལམ་གྱི་ཕྱག་ཆེན་ལ་དོན་གྱི་ཡེ་ཤེས་ཡིན་པས་མ་ཁྱབ་སྟེ། འདི་ལ་གཉིས་སྣང་གི་ཆ་ཤས་དངོས་སུ་སྤོང་བ་ནས་བརྩམས་ཏེ། ལམ་གྱི་ཕྱག་ཆེན་དངོས་ཡིན་ཡང༌། ད་དུང་རྫོགས་པར་སྤངས་མ་ཟིན་པའི་བར་དུ་མཉམ་གཞག་དང་གཉིས་སྣང་གཞན་འདྲེ་བས། དོན་གྱི་ཡེ་ཤེས་དངོས་མ་ཡིན། མཉམ་གཞག་ཏུ་གཉིས་སྣང་མཐའ་དག་འགགས་པའི་ཚེ། ཡུལ་ཡུལ་ཅན་དབྱེ་བ་མེད་པའི་ཕྱིར་དོན་གྱི་ཡེ་ཤེས་དངོས་ཡིན་པས། མི་འགྱུར་བའི་བདེ་བ་དང་པོ་ཐོབ་པ་ནས་བཟུང༌། དུས་འཁོར་ལུགས་ལ་ཕྱག་རྒྱ་གསུམ་གྱི་ཟླས་དྲངས་པའི་ཕྱག་ཆེན་གྱི་ཡེ་ཤེས་དངོས་སྐྱེས་པ་ཡིན། དོན་གྱི་ཡེ་ཤེས་ཀྱི་ཆ་ཤས་ཀྱང་ཐོབ་པ་ཡིན་མོད། མི་འགྱུར་བའི་བདེ་བའི་སྐད་ཅིག་རྫོགས་པ་ན་དོན་གྱི་ཡེ་ཤེས་ཀྱང་རྫོགས་པས། དོན་གྱི་ཡེ་ཤེས་ཐོབ་པའི་ས་མཚམས་ནི་རྫོགས་པར་ཐོབ་པ་ལ་འཇོག་པའི་ཕྱིར། འཕགས་པའི་ས་དང་པོ་ཉིད་ཡིན། དེས་ན་དོན་གྱི་ཕྱག་ཆེན་རྫོགས་པ་དང༌། མི་འགྱུར་པའི་བདེ་བ་རྫོགས་པ་ནི་ངོ་བོ་གཅིག་གོ །སྤྱིར་ཕྱག་ཆེན་ཙམ་ནི། སྦྱོར་བ་ཡན་ལག་དྲུག་ཀ་ཡིན་ཏེ། ཇི་སྐད་དུ། སོ་སོ་


TNT10_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་གསུངས་པས་ཤེས་སོ། །ལར་མི་འགྱུར་པའི་བདེ་བའི་ངོས་འཛིན་ཐུན་མོང་མ་ཡིན་པ་ངེས་ཏིག་ཅན་ཅིག་གི་ནི་ཕྱིས་ལྷོ་བྱང་ཁྲི་སྐོར་གྱི་དུས་འཁོར་བ་ཅི་འདྲ་ཞིག་གི་ཡང༌། ཐུགས་དང་ཞལ་གཉིས་ཅན་ལ་འདུག་པ་མ་མཐོང༌། རྩ་རླུང་གི་ནུས་པ་ཅུང་ཟད་ཙམ་ཡོད་པར་རློམ་པ་འགའ་ཞིག་ལ། མི་འགྱུར་བའི་བདེ་བ་བརྙེས་སོ་ཞེས་སློབ་མ་རྣམས་སྒྲོག་པར་གདའ་སྟེ། ཞུ་བདེ་འགྱུར་མེད་དང་མི་འགྱུར་པའི་བདེ་བ་གཉིས་དབྱེ་བ་མ་ཕྱེད་པའི་ཅལ་ཅོལ་དུ་འདུག ཡང་བཀའ་བརྒྱུད་པ་རྣམས་གནས་ལུགས་ཕྱག་ཆེན་གྱི་དབང་དུ་བྱས་ནས། སེམས་ཀྱི་རང་བཞིན་གནས་སྐབས་མི་འགྱུར་བར་ཤེས་པ་ཙམ་ལ། དུས་འཁོར་ནས་བཤད་པའི་མི་འགྱུར་བའི་བདེ་བར་ངོས་འཛིན་ཏེ། གསེར་དང་ར་གན་ནོར་བ་ལགས་སོ། །གནས་ལུགས་ཕྱག་ཆེན་ལ་ནི། ཕྱག་ཆེན་གྱི་སྒྲ་བཤད་དུ་ཡོད་པ་དང༌། མཚན་ཉིད་ཕྱོགས་མཐུན་ཙམ་ཡོད་སྲིད་ཀྱང་རྒྱུད་སྡེ་ནས་བཤད་པའི་ཕྱག་ཆེན་གྱི་མཚན་ཉིད་མ་ཚང་ངོ༌། །དྲི་བ་བཅུ་གཉིས་པའི་ལན་ནི། སྤྱིར་དགའ་བཞིའི་ཡེ་ཤེས་ཙམ་རྒྱུའི་དབང་བསྐུར་བའི་དུས་རང་ན་ཡོད། ཡང་དབང་ལས་བྱུང་བའི་ཡེ་ཤེས་ཡིན་ཀྱང༌། དབང་བསྐུར་བའི་དུས་རང་དུ་སྐྱེ་དགོས་པ་རང་གིས་ཀྱང་མ་ཁྱབ། སྐད་ཅིག་མའི་དགའ་བཞི་ནི་གཞི་དུས་ནས་ཀྱང་ཡོད་པས། ནམ་སྐྱེ་ངེས་པ་མེད་ཅིང༌། དེའི་ཡེ་ཤེས་ཙམ་བསྐྱེད་རྫོགས་ཀྱི་སྐབས་ཀྱང་ཐམས་ཅད་དུ་འབྱུང་ངོ༌། །ས་ལམ་གྱིས་བསྡུས་པའི་དགའ་བཞི་བྱ་བ་ཅིག་ཡོད་པ། ཚོགས་ལམ་གྱི་


TNT10_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ན་ནི་མེད་དེ། ལམ་དེར་རྫོགས་རིམ་གྱིས་ས་མ་ཐོབ་པའི་ཕྱིར་རོ། །སྦྱོར་ལམ་དྲོད་རྩེ་གཉིས་ཡས་བབས་ཀྱི་དགའ་བཞིའི་སས་བསྡུས་ཤིང༌། བཟོད་མཆོག་གཉིས་མས་བརྟན་གྱི་དགའ་བཞིས་སས་བསྡུས་སོ། །དྲི་བ་བཅུ་གསུམ་པའི་ལན་ནི། རིག་འཛིན་ཞེས་པ། སྤྱིར་དོན་མང་པོ་ལ་འཇུག་ཀྱང་གཙོ་ཆེར་རིག་སྔགས་དང༌། རིག་སྔགས་ཀྱི་ལྷ་འཛིན་པ་ལ་བྱེད་ན། རྫས་ཀྱི་རིག་པ་འཛིན་པ་བྱ་བ། རིལ་ལུ་སོགས་གྲུབ་པ་བརྒྱད་ལྟ་བུ་ཡིན་ཅིང༌། ལོངས་སྤྱོད་ཀྱི་རིག་པ་འཛིན་པ་ནི། སྔགས་ཀྱི་མཐུ་ལས་སྒྲུབ་པ་པོ་རང་སྣང་དུ་འཁོར་ལོས་སྒྱུར་པའི་ལོངས་སྤྱོད་སོགས་ཐོབ་པ་ཅིག་ཡོང་བས། དེ་ལྟ་བུ་ལ་ཟེར། དེ་དག་ཀྱང་མིའི་རྟེན་ནི་གནས་གྱུར་ནས་འགྲོ་བ་ཡིན་པས། མིའི་འགྲོ་བ་དངོས་ནི་མིན། ལུས་ཀྱི་རིག་པ་འཛིན་པ་ནི་གཉིས་ཏེ། ལུས་འདོད་ཁམས་ཀྱི་རིག་པ་འཛིན་པ་དང༌། ལུས་གཟུགས་ཀྱི་རིག་པ་འཛིན་པའོ། །དང་པོ་ནི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ཅིག་གིས་སྤྲོས་བཅས་སྤྲོས་མེད་གང་རུང་གི་སྤྱོད་པ་སྤྱད་པས། ལུས་འདི་ཉིད་མ་སྤངས་པར་གནས་གྱུར་ནས། འདོད་ཁམས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པའི་འཇའ་ལུས་སུ་གྱུར་པའོ། །སྔ་མ་གཉིས་དང་འདི་སྟེ་གསུམ་ཀར་སྤྱིར་འདོད་ཁམས་ཀྱི་རིག་འཛིན་ཡིན་ནོ། །གཉིས་པ་ནི་དབང་པོ་རྣོ་ན། བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དེས། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པས། མི་ལུས་གནས་གྱུར་པ་ཡང་ཡོད་ལ། དབང་པོ་རྟུལ་ན་འདོད་ཁམས་ཀྱི་རིག་པ་འཛིན་པ་སྒྲུབ་པའི་རྗེས་སུ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པས། འདོད་ཁམས་


TNT10_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུས་དེ་གནས་གྱུར་ནས་འགྲོ་སྟེ། གང་ལྟར་ཡང་གཟུགས་ཁམས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པའི་འཇའ་ལུས་སུ་གྱུར་པའོ། །དེས་ན་འོག་མིན་གྱི་སྲིད་པ་འགྲུབ་པ་ཙམ་ལ་འོག་མིན་གྱི་རིག་འཛིན་དུ་མི་འཇོག་ལ། འོག་མིན་གྱི་དངོས་གྲུབ་ཏུ་ཡང་མི་འཇོག་གོ །དེ་ལ་དངོས་གྲུབ་ཏུ་འགྱུར་བ་ལ། ལྷ་དང་སྔགས་ཀྱི་ནུས་པས་སྒྲུབས་པ་ཞིག་དགོས་ཤིང༌། རིག་འཛིན་གྲུབ་པའི་ཐ་སྙད་ཀྱང༌། སྔགས་ཀྱི་སྒྲུབ་པའི་དོན་དང༌། ཁྱད་པར་ལུས་ཀྱི་རིག་འཛིན་གྲུབ་པ་ལ། སྒྲུབ་པ་པོ་མ་ཤི་གོང་གི་ཚེ་འདི་ཉིད་ལ་དེ་དང་དེ་འགྲུབ་པ་དགོས་ཀྱི། ཚེ་འཕོས་ཏེ་སྐྱེ་བ་ཕྱི་མ་དེར་སྐྱེས་པས་གོ་མི་ཆོད་དོ། །སྤྱིར་རིག་འཛིན་དང༌། རིག་སྔགས་འཆང་བ་འགྱུར་ཁྱད་མ་གཏོགས་དོན་གཅིག དཔེར་ན་ད་ལྟའི་མི་ཕལ་པ་རྣམས་བཟླ་བའི་ཡི་གེ་དྲུག་པ་འདི། རིག་སྔགས་ཀྱི་གཟུགས་བརྙན་ཡིན་གྱི། རིག་སྔགས་དངོས་མ་ཡིན་པས། མི་དེ་དག་རིག་སྔགས་འཆང་བར་མི་འགྱུར་རོ། །དེ་ནས་ཡིག་དྲུག་དེ་ཤིན་ཏུ་བསྒོམས་པས། གསལ་སྣང་མཐར་ཕྱིན་པའི་ཏིང་ངེ་འཛིན་རྙེད་ཅིང༌། དེ་ཉིད་བཟླས་པས་ནུས་པ་འགྲུབ་སྟེ། དེའི་ཆོ་ག་བརྩམ་པ་ཙམ་གྱིས་ལས་དང་དངོས་གྲུབ་དེ་དག་འབད་པ་མེད་པར་འགྲུབ་རུང་དུ་སོང་བ་ན་མི་དེའི་རྒྱུད་ཀྱི་ཡིག་དྲུག་དེ་རིག་སྔགས་འཆང་དངོས་སུ་སོང་བ་ཡིན་པས། མི་དེ་ཡང་རིག་འཛིན་ནམ་རིག་སྔགས་འཆང་བ་ཞེས་བྱ། དེ་ད་ལྟར་དངོས་གྲུབ་མ་ཐོབ་ཀྱང༌། དེས་བསྒྲུབ་ན་དངོས་གྲུབ་དེ་དག་འཕྲལ་དུ་འགྲུབ་ལ། དངོས་གྲུབ་འགྲུབ་ན་དངོས་འགྲུབ་དེ་ལ་རིག་པ་འཛིན་པའི་དངོས་གྲུབ་ཅེས་བྱ་ཞིང༌། གང་ཟག་དེ་ཡང་གྲུབ་པ་


TNT10_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའོ། །རིག་འཛིན་དང་སྔགས་འཆང་དེ་འདྲ་ལ་ཟེར། དྲི་ཡིག་འདི་ན་འོག་མིན་གྱི་སྲིད་པ་ཕྱི་རོལ་པས་འགྲུབ་པ་ཡོད་པས་སོ། །གསུང་བ་ཞིག་འདུག་སྟེ། གཟུགས་ཁམས་ཀྱི་སྲིད་པ་ཞེས་གསུངས་རྒྱུ་ལ་ཡི་གེ་ནོར་པ་ཡིན་ལས་ཆེ། ཐེག་པ་སྤྱིའི་ལུགས་ལ་འོག་མིན་གནས་གཙང་མ་ཡིན་པས་འཕགས་པ་ཕྱིར་མི་འོང་གི་ནང་ཚན་བསམ་གཏན་སྤེལ་སྒོམ་བྱས་པ་རྣམས་ཁོ་ན་དེར་སྐྱེ་བ་མངོན་པ་ལས་བཤད་པས། ཕྱི་རོལ་པ་དེར་སྐྱེ་བ་མི་སྲིད་ཅིང༌། དུས་འཁོར་ལས་ཟད་པར་བསྒོམས་པས་གཟུགས་ཁམས་གཟུགས་མེད་ཉི་ཤུར་སྐྱེ་བ་ཞིག་བཤད་དེ། དོན་ནི་སྤྱི་དང་མཐུན་ལ། སྔགས་ཀྱི་དངོས་གྲུབ་འདི་ལྟ་བུ་འགྲུབ་པའང་ཕྱི་རོལ་པ་ལ་མེད་དེ་སྤྱིར་ཕྱི་རོལ་པས་སྙོམས་འཇུག་པའམ། གྲུབ་མཐས་བློ་ཁ་མ་བསྒྱུར་ཡང་ཆོས་ཉིད་ཀྱིས་ཐོབ་པའི་གཟུགས་ཁམས་གཟུགས་མེད་དུ་སྐྱེ་བ་ཡོད་ཀྱང༌། ཕྱི་རོལ་པའི་སྔགས་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་འདོད་ཁམས་ཁོ་ནའི་ཡིན་གྱི། གཟུགས་ཁམས་ཀྱི་མེད་དོ། །འདོད་གཟུགས་ཀྱི་ལྷའི་རིགས་འདི་དག་རྣམས། ལས་ཀྱི་དབང་གིས་དེར་སྐྱེས་པའི་ལྷ་རྣམས་དང་མི་འདྲ་སྟེ། དེའི་ཕྱིར་སྐལ་པ་མཉམ་པ་ཞེས་པའི་ཚིག་སྦྱོར་དགོས་སོ། །དྲི་བ་བཅུ་བཞི་པའི་ལན་ནི། རྩ་ལྟུང་ལྔ་པོ་དུས་ཀྱི་འཁོར་ལོ་ལས། ཀུནྡ་བྱང་སེམས་སྤོང་བར་བཤད་པ་གསལ་ཁ་ཅན་ཡིན་ཅིང༌། རྒྱུད་གཞན་རྣམས་ལས་བྱང་ཆུབ་ཀྱི་སེམས་སྤོང་བ་ཞེས་པ་མ་གཏོགས་བྱང་སེམས་ལ་ངོས་འཛིན་གསལ་ཁ་མེད། རྒྱུད་ཀྱི་དོན་འཆད་པའི་རྒྱ་བོད་ཀྱི་བླ་མ་རྣམས་ཀྱིས་མི་འདྲ་བ་སྣ་ཚོགས་བཤད། བླ་མ་རྗེ་བཙུན་ཆེན་པོས་


TNT10_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལྟུང་འཁྲུལ་སྤོང་དུ། ཀུནྡ་བྱང་སེམས་སྤོང་བ་ཙམ་ལ་རྩ་ལྟུང་དུ་འདོད་པ་ཕྱོགས་སྔར་མཛད་ནས་དགག་པ་དངོས་སུ་མཛད་གདའ་བ་ལ། བར་སྐབས་སུ་བྱུང་བའི་མཁས་པ་མང་པོས། འགོག་བྱེད་དང༌། སྒྲུབ་བྱེད་མང་པོ་མཛད་གདའ། རྩ་ལྟུང་གཞན་རྣམས་ཀྱི་སྐབས་སུ་དུས་འཁོར་གྱི་ལུང་རེ་དྲངས་ཤིང༌། ལྔ་པའི་སྐབས་འདིར་མ་དྲངས་པས། དུས་འཁོར་ལ་དགག་པ་ཡིན་སྙམ་པ་དགེ་བཤེས་ཕལ་ཆེར་ལ་བྱུང་གདའ། གསུང་དེ་ཕྱིར་རེ་མདའ་པས། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང༌། །དཔྱོད་ལྡན་ཆེན་པོ་འགའ་ཡིས་རྣམ་པར་དཔྱད། །ཅེས་ཆོས་སྤོང་གི་སྡིག་པ་ཆེན་པོ་གསོག་པ་ལ་ཧམ་པ་སྐྱེ་བའི་རྒྱུར་ཡང་སོང་འདུག་སྟེ། རྗེ་བཙུན་ཆེན་པོས་དུས་འཁོར་འགོག་པ་ནི་ཡེ་མིན་ཏེ། སྐབས་གཞན་ཐམས་ཅད་དུ་དུས་འཁོར་ལ་མཆོག་ཏུ་དགེས་ཤིང་ལུང་མང་དུ་འདྲེན་པའི་ཕྱིར་རོ། །ཤུགས་ལ་དགག་པར་སོང་སྙམ་ཡང་མ་སོང་སྟེ། དུས་འཁོར་གྱི་དགོངས་པའང་ཕྱོགས་སྔ་མ་དེ་མ་ཡིན་པའི་ཕྱིར་རོ། །དེས་ན་དབང་པོ་གཉིས་ཀྱི་བདེ་བ་དོན་དམ་པའི་ལམ་དུ་འདོད་པའི་ལོག་རྟོགས་དང་འབྲེལ་བས་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པའི་ལམ་ལ་མ་གུས་པས་ཀུན་ནས་སླང་སྟེ། ཀུནྡ་བྱང་ཆུབ་སེམས་སྤང་བ་རྩ་ལྟུང་དུ་དགོངས་པ་ཡིན་ལ། དབང་གསུམ་པའི་དམ་ཚིག་གི་སྐབས་སུ་བཤད་པ་རྣམས་དང་ནི་མི་འདྲ་སྟེ། དེ་སྐབས་ནི་ཀུན་སློང་བསམ་པའི་ཁྱད་པར་དེ་ལྟ་བུ་སྦྱོར་མི་དགོས་པར་ཚུལ་དེ་ལྟ་བུས་ཀུནྡ་སྤངས་ཀྱང༌། དབང་དེའི་དམ་ཚིག་གི་ཉེས་པར་འགྱུར་བ་འདི་ཡིན་ནོ། །སྤྱིར་འདི་དུས་འཁོར་དུ་མ་ཟད། འཁོར་ལོ་སྡོམ་


TNT10_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་གསུང་པའི་དམ་ཚིག་བརྒྱད་ཀྱི་ནང་ན་ཡང་ཡོད་པས། རྒྱུད་གཞན་གྱི་ལུགས་ཀྱི་བུམ་དབང་གི་དམ་ཚིག་ཏུ་མི་འགྱུར་བ་ཡང་མ་ཡིན་ནོ། །རྩ་ལྟུང་ལྔ་པ་རྗེ་བཙུན་ཆེན་པོའི་རང་ལུགས་ལ། སྨོན་སེམས་སྤོང་བ་ལ་བཤད་ཅིང༌། རྩ་ལྟུང་བཅུ་བཞི་པའི་གཞུང་ལ་རྩ་ལྟུང་འགྲེལ་ཆེན་སོགས་བཤད་པ་བྱེད་པའི་ལུགས་ཐ་དད་པ་རྣམས་དང་བསྐྲུན་ན། རྗེ་བཙུན་ཆེན་པོའི་ལུགས་དེ་གཞན་རྣམས་ལས་ལེགས་པ་ཡིན་ལ། དུས་འཁོར་པ་རྣམས་ཀྱང༌། དུས་འཁོར་ལུགས་ལྟར་འཆད་དགོས་པ་གཞིར་བཞག་ནའང། སྤྱི་ལྡོག་ནས་ལུགས་གཉིས་པོ་གང་ལེགས་ཞེ་ན། དུས་འཁོར་ལྟར་ལེགས་པར་མངོན་ཏེ། སྨོན་འཇུག་གི་བྱང་སེམས་རྣམས་བྱམས་སྙིང་རྗེ་དང་འགྲོ་ལྡོག་གཅིག་པས། རྩ་ལྟུང་གསུམ་པ་བྱམས་པ་སྤངས་པ་ཙམ་གྱིས་དེ་དག་ཀྱང་སྤངས་པར་འགྱུར་བའི་ཕྱིར་རོ། །དྲི་བ་བཅོ་ལྔ་པའི་ལན་ནི། བསྐྱེད་རིམ་ནི། མཆོག་སྒྲུབས་པའི་ཐུན་མོང་མ་ཡིན་པའི་ལམ་མིན་པར་དམ་འཆའ་དགོས་ལ། བསྐྱེད་རིམ་ཉིད་ཁོ་ན་བསྒོམ་པས་འཕགས་པའི་ས་བདུན་ཐོབ་པ་ནི་ནམ་དུ་ཡང་མི་འདོད་དོ། ། དབང་བདུན་དང་ས་བདུན་འབྲེལ་ཚུལ་ནི་གོང་དུ་བཤད་པ་ལྟར་ཡིན་ལ། འཕགས་པའི་ས་དང་པོ་ཐོབ་ནས་བསྐྱེད་རིམ་བསྒོམ་པ་མི་སྲིད་དེ། དེས་བསྙེན་སྒྲུབ་ཡན་ལག་བཞི་ལྟ་བུའི་དམིགས་པའི་རིམ་པ་སྒོམ་པ་ལ་གལ་ཏེ་ཡོད་སྲིད་ཀྱང༌། རྫོགས་རིམ་གྱི་ནང་ནས་ཀྱང༌། ཟུང་འཇུག་ཁོ་ན་ཡིན་གྱི། བསྐྱེད་རིམ་མིན་ནོ། །དེའི་ཕྱིར་བསྐྱེད་རིམ་རྐྱང་པ་སྒོམ་པ་ལྟ་ཞོག རྫོགས་རིམ་དང་འདྲིས་ཏེ་སྒོམ་པ་ཡང་དེ་ཡན་ཆད་དུ་མི་སྲིད་


TNT10_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དེ། སངས་རྒྱས་ཀྱི་ཐུགས་དགོངས་པ་གཏོད་ཚུལ་ཅི་འདྲ་ཞིག་མཛད་ཀྱང༌། རྣམ་རྟོག་འབྱུང་བ་མི་སྲིད་པ་བཞིན་ནོ། །འཕགས་པ་མིན་ཡང་རྫོགས་རིམ་གྱི་ཡེ་ཤེས་ལ་བརྟན་པ་ཐོབ་ན། དྲག་ཤུལ་སྦྱོར་བ་སོགས་དགོས་པའི་ཁྱད་པར་འགའ་ཞིག་ལ། བསྐྱེད་རིམ་ཅུང་ཟད་སྒོམ་པ་སྲིད་ཀྱང༌། ཕལ་ཆེར་མི་སྒོམ་སྟེ། དགོས་པ་མེད་པའི་ཕྱིར་རོ། །ཡང་དབང་བདུན་གྱི་འཕགས་པའི་ས་དེ་དང་དེ་ཐོབ་པའི་རྟེན་འབྲེལ་སྒྲིག་ཀྱང༌། དེས་དེ་དག་ཐོབ་པར་བྱེད་མི་དགོས་ཏེ། དཔེར་ན་ལྷའི་མངོན་རྟོགས་ཀྱི་འགོར་ཡེ་ཤེས་ཚོགས་བསོག་བསྒོམ་པས་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་སྒྲིག་ཀྱང༌། དེ་ཙམ་གྱིས་ཆོས་སྐུ་ཐོབ་པར་མི་འགྱུར་ཞིང༌། ཆོས་སྐུ་ཐོབ་ལ་ཁད་པའི་སྐབས་སུ་དེ་འདྲ་སྒོམ་ཡང་མི་དགོས་པ་བཞིན་ནོ། །དེས་ན་དབང་བདུན་བསྐྱེད་རིམ་དང་བཅས་པ་ནི། ས་བདུན་ཐོབ་པའི་རིང་རྒྱུ་ཙམ་བྱེད་ཀྱང༌། དངོས་རྒྱུ་བྱེད་པ་མི་སྲིད་ཅིང༌། རྒྱུད་པའི་རྒྱུ་ལ་ཡང་འདི་རྣམས་མེད་ཀྱང༌། ཐབས་གཞན་གྱིས་ས་བདུན་པོ་སྒྲུབ་ཏུ་ཡོད་པའི་ཕྱིར། ཐུན་མོང་མ་ཡིན་པའི་རྒྱུ་ཡང་མ་ཡིན་ལ། མེད་ན་མི་འབྱུང་གི་རྒྱུ་ཡང་མིན་ནོ། །འདི་ནི་དུས་འཁོར་བའི་ཆོས་སྐད་དུ་མ་ཟད། རྩ་བའི་གྲུབ་མཐར་དམ་འཆའ་བ་ལགས། ཡང་ལས་དང་པོ་པ་ལ་དེ་དག་མི་དགོས་ཟེར་བ་ནི། ཡེ་མ་ལགས། དབང་པོ་རྣོན་པོ་ཁ་ཅིག་མ་གཏོགས་ཕལ་ཆེར་ལ་གལ་ཡང་ཤིན་ཏུ་ཆེ་བ་ཡིན་ལ། རང་རེ་ཡང་དེ་དག་ལ་འབད་རྩོལ་བྱེད་པར་མོས་པ་ཡིན་མོད་ཀྱི། དངོས་པོའི་མཚན་ཉིད་དང་ཆོས་ནས་བཤད་ཚུལ་ལ་མི་ལྟ་བར། རང་ལ་མཁོ་བ་དེ་མཆོག་ཏུ་སྒྲུབ་ཅིང༌། མི་མཁོ་བ་རྣམས་ལ་


TNT10_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བརྙས་སེ་བྱེད་པ་དེ། བླུན་པོའམ་གཡོ་ཅན་གྱི་རྣམ་ཐར་ཡིན་པས། རིང་དུ་སྤང་པ་ལགས་སོ། །སྤྱིར་བླ་མ་རེ་ལ་གྲུབ་མཐའ་རེའི་དཔེ་ཡིན་པས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་མི་ཟེར་ཡང༌། བདག་ཅག་ཉིད་ཀྱི་སེམས་ལ་རྣམ་རྟོག་གཏིང་ཚུགས་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་མང་པོ་བདོག་ཅིང༌། ཁྱད་པར་དུ་སྔགས་ཀྱི་ལམ་རིམ་ལ། བོད་རྣམས་ཀྱི་ཟེར་སྒྲོས་ཕལ་ཆེར་ཡང་ཁོང་དུ་ཆུད་མོད། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ངམ། ཧེ་རུ་ཀ་དངོས་རྒྱ་གར་གྱི་གྲུབ་ཆེན་ཞི་བ་སྦས་པའི་ལུགས་སྲོལ་ལ་ཡིད་བརྟན་འཆའ་བ་ཡིན་གྱི། དཔེ་ཉོག་ཟེར་སྒྲོས་བསྡུ་མཁན་ཞིག་མ་ལགས་སོ། །དྲི་ལན་མདོ་ཙམ་སྦྱར་བ་འདི། །ཐུགས་ལ་འཕྲོད་པར་སྨོན་པ་ལགས། །སླར་ཡང་ཆོས་དང་ལྡན་པ་ཡི། །གླེང་སླང་འདི་འདྲ་གོང་འཕེལ་ཤོག །བོ་དོང་བྱ་རྒོད་གཤོངས་ཀྱི་འཆད་ཉན་མཛད་པ་ཀླུ་སྒྲུབ་སྐུ་སྐྱེ་དྲུང་གི་དྲི་ལན། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། །།ཞུས་སོ། །བཀྲ་ཤིས། དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་འགྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། བསོད་ནམས་བསགས་དགེས་བ་དག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང་། རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ།

རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ནམ་མཁའི་རྡོ་རྗེ་རབ་ཏུ་གསལ་བ།


TNT10_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ནམ་མཁའི་རྡོ་རྗེ་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས།


TNT10_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྡོ་རྗེ་ཐེག་པའི་ལམ་རིམ་མདོར་བསྟན་པ། །བླ་མ་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །རང་བཞིན་ལྷན་སྐྱེས་འགྱུར་མེད་དངོས། །བླ་མའི་ཞབས་ལ་དང་པོར་འདུད། །བདེ་བ་ཆེ་དང་གཉིས་མེད་སྦྱོར། །ཤེས་རབ་ཕ་རོལ་ཕྱིན་ཕྱག་འཚལ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག །ཧེ་རུ་ཀ་དཔལ་དེ་ལ་ཡང༌། ། སོར་བཅུ་སྤྱི་བོར་ངེས་བྱས་ནས། །བདེན་པ་གཉིས་ཀྱིས་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་འོད་གསལ་བ། །འདི་ནི་ཡེ་ཤེས་དོན་དམ་སྟེ། །སྟོང་པ་ཆེན་པོ་རང་ངོ་བོ། །ནམ་མཁའི་རི་མོ་འཛིན་པའོ། །གང་གི་རང་བཞིན་དག་པ་དངོས་ཀུན་ཁྱབ། །ནམ་མཁའ་འདི་ལ་མཐའ་དང་དབུས་མེད་བཞིན། །རང་བཞིན་དག་པ་སངས་རྒྱས་ས་བོན་


TNT10_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །འགྲོ་བ་ཀུན་ལ་རོ་མཉམ་གྱུར་བའོ། །སྐྲ་ཤད་ལྟ་བུར་རྣམ་རྟོག་གིས་ཉོན་མོངས། །མེད་པར་རྟོགས་ན་འདིར་གང་འཆིང་མི་འགྱུར། ། རང་བཞིན་དག་པའི་དེ་ཉིད་ཡོན་ཏན་བཅས། །མི་རྟོག་ལས་ཀུན་མཛད་འདི་བསམ་ཡས་ཏེ། །འདི་ལ་སྲིད་དང་ཞི་བའི་བྱེ་བྲག་མེད། །དེ་ཕྱིར་ཡོན་ཏན་ཐམས་ཅད་འདི་ལ་ཡོད། །སྐྱོན་བྲལ་ཆོས་རྣམས་དག་པའི་རང་བཞིན་གྱི། །དེ་ཁོ་ན་འདི་མཁས་པས་རིག་ཅེས་བྱ། །རང་བཞིན་སེམས་འདི་རྒྱུ་ཞེས་བྱ་བ་སྟེ། །རྒྱ་མཚོའི་རླབས་ལྟར་དེ་ལས་ལས་ཀྱི་རླུང༌། །དེ་ལས་འོད་ཟེར་ལྔ་དང་ཡོན་ཏན་འབྱུང༌། ། དེ་དག་ལས་ཀྱང་ཀུན་ཏུ་རྒྱུ་སོགས་རླུང༌། །དེ་མཐར་ལས་ཀྱི་བག་ཆགས་བགོ་བྱེད་དེ། །རྣམ་ཤེས་དེ་བཞིན་ཡིད་དག་དབང་


TNT10_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །བག་ཆགས་ལས་ཀྱི་རླུང་དང་ཡོན་ཏན་ལས། །བདག་ལ་ཆགས་སོགས་འདི་ན་བསྐྱེད་པར་བྱེད། །བག་ཆགས་རྣམ་པར་ཤེས་པ་ལས་རླུང་གིས། ། དཀྲུགས་པས་གཟུང་འཛིན་སྣང་བའི་ངེས་པས་སོ། །སྙིང་པོས་རྡུལ་དང་མུན་པས་སྣོད་ཀྱི་ནི། །འཇིག་རྟེན་འགྲོ་བའི་ལུས་དང་བཅས་པ་བསྒྲུབ། །དེ་བཞིན་རྣམ་པར་འཇིག་ཅིང་ལུས་ཅན་གྱི། །རླུང་སོགས་གཟུང་དང་འཛིན་པའི་རང་བཞིན་ནོ། །འདིར་གང་རྐྱེན་བཞི་བག་ཆགས་དང་སྣང་བ། །གང་དག་འགགས་པ་དེ་འདིར་རྣམ་པར་རིག །དེ་ལྟར་རང་བཞིན་མི་འགྱུར་བ། །ནམ་མཁའ་ལྟ་བུའི་དངོས་འདི་ནི། །གཞི་དང་ལམ་དུ་གཉིས་མིན་པ། །མི་འཕྲཽགས་དབྱེ་བ་ཉིད་ལ་ཡང༌། །ཡོན་ཏན་གསུམ་གྱིས་སྐྱེ་ཞིང་འཇིག །དེ་ཡི་འོད་ཀྱིས་ཁམས་གསུམ་སྒྲུབ། །ཁུ་རྡུལ་རླུང་གི་ཚོགས་ཕྲ་བ། །གནས་སྐབས་བཞི་ཡི་རང་བཞིན་ཉིད། །དེ་ལྟར་དག་པའི་དངོས་འདི་སྦྱོང་བའི་ལམ། །འདིར་ནི་ཤེས་རབ་ཡེ་ཤེས་དཔལ་དང་ལྡན། །འདི་ནི་རང་བཞིན་འོད་གསལ་རྒྱལ་བའི་རིགས། རང་བཞིན་དག་པས་གསར་དུ་དག་པའོ། །ལྷན་ཅིག་སྐྱེས་པ་འཕོ་བ་མེད་པ་སྟེ། །བདེ་ཆེན་འདུས་མ་བྱས་དང་དེ་བཞིན་དུ། །རང་རིག་པ་དང་རྣམ་པ་ཐམས་ཅད་པ། །ནམ་མཁའ་ལྟ་བུའི་འོད་གསལ་དམ་པའི་དོན། །དེ་ནི་བླ་མའི་ཞལ་ལས་རྟོགས་བྱ་སྟེ། དངོས་གྲུབ་དོན་དུ་སློབ་དཔོན་བསྟེན་པར་བྱ། །བླ་མ་


TNT10_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ཚུལ་དོན་དམ་བསྙེན་པ་དང༌། །རྒྱུད་སྡེ་རྣམས་དང་ལྔ་བཅུ་པ་སོགས་ལྟོས། །དེ་ནས་སློབ་དཔོན་གྱིས་ནི་ཐུན་མོང་དང༌། །ཐུན་མོང་མིན་པའི་དབང་བསྐུར་ཡང་དག་བརྩམ། །རུང་བར་བགྱིས་པའི་སེམས་ནི་འདི་ན་དབང༌། །རྡོ་རྗེ་སློབ་དཔོན་ཆོ་ག་ལས་ལ་སོགས། །དམ་ཚིག་མ་ཉམས་སྐབས་བཞིན་བསྲུང་བ་ཡི། །བུ་བཟང་དེ་ལ་ལམ་ཡང་བསྟན་པར་བྱ། །རྒྱུད་དང་བླ་མ་དག་ལ་ཡིད་ཆེས་པས། །ཐོག་མར་རྒྱུད་སྡེ་ཟབ་མོ་རྣམས་ཐོས་ནས། །ཐོས་དང་བསམ་པའི་ཤེས་རབ་དྲི་མེད་དང༌། །ཆོས་རྣམས་རབ་ཏུ་འབྱེད་པ་དམིགས་མེད་བཅས། །དེ་མཐར་ལམ་ནི་རྣམ་གཉིས་ཡོངས་སུ་བརྟག། འདི་དག་ཆོས་ལ་མོས་པ་ལ་སོགས་ཏེ། །དེ་ཕྱིར་ལམ་ལ་མི་འཕྲོད་པར་འཛིན་པ། །དེ་སོགས་སྒྲིབ་པ་བཞི་ཡང་དོན་གྱིས་བསྟན། །སྒྲིབ་པའི་གཙོ་བོ་བག་ཆགས་རྣམ་བཞི་སྟེ། །སད་རྨི་གཉིད་སྟུག་བཞི་པ་ཞེས་བྱའོ། །སོ་སོའི་ངེས་པས་ལམ་ཡང་ཉེ་ཚེ་ནི། །ཞི་གནས་མཐར་ཡང་བསྐྱེད་རིམ་གཏུམ་མོ་དང༌། །ཕྱག་རྒྱའི་ལམ་ལས་སློབ་མ་འཁྲིད་པར་བྱེད། །ཕྱི་ནས་བཞི་པའི་ལམ་གྱིས་བཀྲི་ན་མཛེས། །བཞི་པ་དོན་དམ་ཤེས་རབ་ཡེ་ཤེས་ནི། །རྟག་ཏུ་ཁྱབ་ཅིང་ལམ་ཀུན་འདི་ནའོ། །བསྐྱེད་རིམ་བཅོས་མ་གློ་བུར་ཉེ་ཚེ་བ། །དེ་ཡི་འབྲས་བུ་དྲི་བྲལ་ཁྱབ་རྟག་ཅི། །འདི་ན་བདེ་བ་དམ་པ་རྫོགས་རིམ་སྟེ། །སྐུ་


TNT10_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དངོས་ལ་རེག་པར་རྒྱལ་བས་གསུངས། །ཕུང་པོ་ཁམས་དང་སྐྱེ་མཆེད་རང་བཞིན་གང༌། །ཡོངས་སུ་དག་པ་དེ་ཡི་ལམ་ཡང་འདི། །དག་པར་ཤེས་ནས་མཉམ་པར་བཞག་གྱུར་ཏམ། །དྷཱུ་ཏཱིའི་དབུས་སུ་མི་ཤིགས་ཐིག་ལེ་ལས། །རྣམ་ཀུན་འོད་གསལ་སྒྲུབ་པར་བྱེད་པའམ། །གཞན་དུ་རྒྱུད་ཀྱི་རིམ་པ་ཞེས་ཀྱང་བསྟན། །ནམ་མཁའ་ཡིད་དང་མིག་དང་རླུང་བཅིངས་པས། །དཔྱིད་ཀྱི་སྒྲུབ་བྱེད་དྷཱུ་ཏཱིར་གཟུགས་མཐོང་སྟེ། །དུ་བ་ལ་སོགས་རྣམ་བཅུར་དངོས་ཀུན་རིག །བསྙེན་པའི་ཡན་ལག་མཆོག་ཏུ་གསུངས་པ་སྟེ། །རླུང་བཅུ་དབུ་མར་ཞུགས་གནས་ཐིམ་པའི་ཚུལ། །རླུང་གི་རང་བཞིན་རྡོ་རྗེ་གསུམ་བཟླས་ཞེས། །དེ་བཞིན་གཞན་ལས་ས་བོན་དང་བྲལ་བའི། །སྣ་ཚོགས་རྡོ་རྗེ་རིམ་དང་ནོར་བུ་འགེངས། །སྔགས་ཀྱི་རིམ་པ་ཞེས་ཀྱང་གསུངས་པ་སྟེ། །སྲོག་རྩོལ་བཀག་ནས་དབུ་མར་འབབ་པ་གང༌། །འཁོར་ལོ་དྲུག་ཏུ་སྲོག་ཐུར་མཉམ་སྦྱོར་བ། །འབྱུང་བ་དྲུག་གི་ཉི་ཟླའི་བགྲོད་པ་འགོག །འདི་ནི་ཉེ་བར་བསྒྲུབ་པའི་ཡན་ལག་གོ །སྒྱུ་མའི་དངོས་པོར་ཆོས་ཀུན་བདེན་པ་སྟེ། །ཡེ་ཤེས་རིམ་དང་ཛ་ལནྡྷ་ར་ཡི། །རིམ་པ་མཆོག་ཅེས་རྒྱུད་སྡེ་འགའ་ལས་འབྱུང༌། །ཕྱག་རྒྱ་གསུམ་ལས་དབང་པོའི་དབྱེ་བ་ཡིས། །སོ་སོའི་རིམ་དང་ཐ་མར་ཕྱག་རྒྱ་ཆེ། །ནོར་བུར་ལྷན་སྐྱེས་བདེ་བ་རང་འདོད་ཀྱི། །རྣམ་བཅུའི་སྒྱུ་ལུས་


TNT10_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཐམས་ཅད་པའོ། །འདི་ནི་སྒྲུབ་པའི་ཡན་ལག་དེ་ནས་གཞན། །སྣང་གསུམ་མཐར་ཡང་དྲི་མེད་འོད་གསལ་བ། །གཟུང་དང་འཛིན་པར་སྣང་བ་དག་པ་ཅན། །མངོན་བྱང་ཆུབ་ཅེས་དཔལ་ལྡན་འདུས་པར་དང༌། །གཞན་ལས་བསམ་མི་ཁྱབ་དང་གསང་བའི་རིམ། །ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགོག །དེ་སྙེད་མི་འགྱུར་བདེ་ཆེན་ཐོབ་པ་སྟེ། །གཙུག་ཏོར་མཆོག་ཏུ་བྱང་ཆུབ་སེམས་བརྟན་པ། །རང་བཞིན་ལྷན་ཅིག་སྐྱེས་པའི་བྱེད་པའོ། །འདི་ནི་བསྒྲུབ་པ་ཆེན་པོའི་ཡན་ལག་སྟེ། །དཔལ་ལྡན་ཏིང་འཛིན་ཅེས་གང་གསུངས་པའོ། །རྡོ་རྗེའི་རྦ་རླབས་ཞེས་པའང་འདི་ཁོ་ན། །འཛག་བདེའི་དངོས་ཀྱི་གཉེན་པོ་འདི་ཡིན་ནོ། །འདི་ནི་དཔལ་ལྡན་ཕྱག་རྒྱ་ཆེན་པོ་སྟེ། །རང་བྱུང་ཡེ་ཤེས་མངོན་དུ་བྱས་པ་ཡིན། །སེམས་ཉིད་གསལ་ཙམ་རིག་ལས་འདི་ཁྱད་འཕགས། །རིས་མེད་བདེ་བ་ཆེན་འདི་རྒྱུད་སྡེའི་དོན། །དེང་སང་གནས་ལུགས་ཕྱག་རྒྱ་ཆེར་གྲགས་པ། འཁོར་ལོ་ཐ་མའི་མདོ་ལུགས་སྒོམ་རིམ་ཞིག །དབང་པོའི་རིམ་པས་སྔགས་དང་གོ་བསྟུན་པས། །འགྲོ་བ་རྣམས་ལ་སྒྲོན་མེ་ལྟ་བུར་གྱུར། །ལམ་འབྲས་པ་ཡི་སྣང་གསུམ་སོགས་དང་མཚུངས། །བདེ་སྟོང་ཕྱག་རྒྱར་གྲགས་དང་འདི་མཚུངས་མོད། །འོན་ཀྱང་དེ་ནི་ཆེར་ཡང་ལམ་བཞིན་བཀྲི། །དེ་ལྟར་དེ་ནི་རྣལ་འབྱོར་པ་ཡི་ལམ། །དེ་ནས་སྤྱོད་པ་བྱ་


TNT10_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྒྱལ་པས་བཤད། །རེ་ཤིག་གསངས་ཏེ་སྤྱོད་པ་བྱ་བ་སྟེ། །ཕྱི་ནས་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། །སྤྲོས་བཅས་ལ་སོགས་ཕྱོགས་ལས་རྣམ་རྒྱལ་གྱི། །སྤྱོད་པ་ཡིན་ཞེས་ཆེན་པོ་འགའ་ཞིག་གསུང༌། །ལ་ལ་ཤིན་ཏུ་སྤྲོས་མེད་བྷུ་སུ་ཀུ། །སྤྲོས་མེད་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། །བརྡའ་དང་ཚོགས་ཀྱི་རིམ་པ་རྣམ་མང་པོ། །སྤྲོས་བཅས་ཨིནྡྲ་བྷུ་ཏིས་མཛད་པ་སྟེ། །འདིས་ན་ཚོགས་ཀྱི་འཁོར་ལོ་དབང་བསྐུར་ཞེས། །གསུངས་ཏེ་འདི་གཉིས་འགལ་བ་ཡོད་མ་ཡིན། །གནས་འདིར་ཕྱག་རྒྱ་ཆེན་པོ་ཁོ་ནའང་ཡོད། །ཤིན་ཏུ་སྤྲོས་མེད་ཀུན་ཏུ་བཟང་པོ་ཞེས། ། གསུངས་པ་རྣམས་ཀྱང་འདི་ལ་དགོངས་པ་ཡིན། །འདི་ནི་གྲུབ་པ་རྣམས་ཀྱི་ལམ་ཡིན་ཏེ། །བསྐྱེད་པའི་རིམ་པས་རྫས་ཀྱི་རིག་འཛིན་དང༌། །ལས་རྒྱས་འདོད་པའི་རིག་པ་འཛིན་པ་གྲུབ། །ཡེ་ཤེས་ཕྱག་རྒྱས་གཟུགས་ཁམས་ཕྱག་ཆེན་གྱིས། །ཡེ་ཤེས་ཟུང་འཇུག་སྐུ་ལ་སྔ་ནས་སྦྱོར། །རྣམ་ཀུན་ཏིང་འཛིན་བསྒོམ་པ་ནི། །ནམ་མཁའ་མཛོད་ལ་སོགས་པའོ། །དེ་མཐར་ཐབས་ཀྱི་ཏིངའཛིན་གྱིས། །སྙིང་རྗེ་ཆེན་པོ་བསྒྲུབ་ཅེས་བྱ། །སྟོང་དང་བརྒྱད་བརྒྱའི་འཕོ་བ་འགོག་པ་ན། །རེ་རེ་ཞིང་ཡང་ས་ནི་ཐོབ་པར་འགྱུར། །ས་གསུམ་གསུམ་ནི་བསྙེན་པ་ལ་སོགས་ཏེ། །ཡེ་ཤེས་སྐུ་ཆེན་སྒྲུབ་པར་བྱེད་པས་ནའོ། །ལུས་ངག་ཐིག་ལེ་འཕོ་བའི་བག་ཆགས་དང༌། ཡན་ལག་བཅུ་


TNT10_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དུས་སྦྱོར་བཅས་པ་བཟློག །ཐ་མལ་སྒོ་གསུམ་ཐིག་ལེར་བཅས་བཟློག་པས། །བདེ་བའི་རྡོ་རྗེ་རྣམ་བཞི་འཐོབ་པར་འགྱུར། །ཡན་ལག་རྣམ་བཞི་ཆོས་མོས་སོགས་སྦྱོར་བས། །ཆོས་སྐུ་གཙང་དང་ཡེ་ཤེས་བདེ་བ་དང༌། ལོངས་སྤྱོད་རྫོགས་སྐུ་འདིར་ཡང་དམ་པའི་བདག །སྤྲུལ་སྐུ་རྟག་པ་དམ་པ་འབྲས་བུ་བཞི། །ཐབས་དང་ཤེས་རབ་དབྱེ་བས་གཞི་དང་ནི། །ལམ་དུའང་རྣམ་པ་གཉིས་སུ་བཤད་པ་སྟེ། །དེ་ཕྱིར་ཡེ་ཤེས་སྔགས་ཀྱི་སྐུ་རྣམ་གཉིས། །བདེན་གཉིས་ངོ་བོ་གཅིག་པ་རྣམ་པར་རིག །འདི་ནི་ཟུང་འཇུག་མི་གནས་མྱང་འདས་རིམ། །གསང་རིམ་བསམ་མི་ཁྱབ་དང་ཏིང་འཛིན་འབྲས། །ཡེ་ཤེས་ལུས་ལས་ཐ་མལ་བ་ལ་མིན། །གཞོམ་མེད་སྒྲ་དང་འགྱུར་བྲལ་བདེ་ཆེན་ཐོབ། །བདེ་བ་ཆེ་དང་རྣམ་ཀུན་པའི། །ཡུལ་གྱི་དབྱེ་བས་ཡེ་ཤེས་སྐུ། །གཞོམ་མེད་ནཱ་ད་དང་སྙིང་རྗེས། །གཟུགས་སྐུ་རྣམ་པ་གཉིས་སུ་ཤེས། །མ་རིག་བག་ཆགས་ས་དང་ཡིད་ཀྱི་ལུས། །མི་ཤིགས་ཐིག་ལེར་འགྱུར་བའི་བདེ་བ་དང༌། །གནས་སྐབས་བཞི་དང་རླུང་སེམས་ཕྲ་མོ་དང༌། །རླུང་དང་རྣམ་ཤེས་ཁུ་རྡུལ་ཚོགས་པ་དང༌། །དོན་དམ་སྟོང་ཉིད་དེ་བཞིན་རྣམ་ཀུན་པ། །སྣང་གསུམ་རྩ་རླུང་ཐིག་ལེ་འོད་གསལ་དང༌། །ཞུ་བདེ་ལྷན་སྐྱེས་རང་བཞིན་ལྷན་སྐྱེས་དང༌། །ཡེ་ཤེས་ལུས་དང་ལོངས་


TNT10_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་སྐུ་དང༌། །འཕོ་མེད་བདེ་ཆེན་གཞོམ་དུ་མེད་པའི་སྒྲ། །གཞན་ཡང་སངས་རྒྱས་ཡེ་ཤེས་རང་བཞིན་དང༌། །གློ་བུར་རྣམ་དག་དེ་བཞིན་སྤྱན་ལྔ་དང༌། །ཕྱག་རྒྱ་གསུམ་དང་དགའ་བའི་སྐད་ཅིག་དང༌། །སྤྱོད་པ་གསུམ་པ་རྣམས་དང་དགུ་སོགས་དང༌། །བདེན་དོན་བཅུ་གཉིས་དེ་བཞིན་བཅུ་དྲུག་གི །རྣམ་པའི་རབ་དབྱེ་ཤེས་ན་གསང་སྔགས་ཀྱི། །ངེས་པའི་དོན་ལ་ད་གཟོད་སྤོབས་པ་འཐོབ། ། འདི་ནི་ཀུན་དགའ་སྙིང་པོ་ཡིས། །རང་གི་ལྟ་བའི་འདོད་པ་རྣམས། །འགྲོ་ལ་བརྩེ་བའི་སེམས་གྲིམ་པོས། །མདོ་ཙམ་ཡོངས་སུ་བཤད་པ་ཡིན། །ཆོས་འདིའི་མིང་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ནམ་མཁའི་རྡོ་རྗེ་རབ་ཏུ་གསལ་བ་ཞེས་བྱའོ། ། ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོས་བྲིས་པའི་དགེ་བས་རྟག་བརྟན་གཡུ་དྲུང་དཔལ་ལ་གནས་པར་གྱུར་ཅིག །དིརྒྷཱ་ཡུཿ ཛ་ཡནྟུ། རྡོ་རྗེ་སློབ་དཔོན་ཐུགས་ཀྱི་གསང་བའི་མཛོད། །རབ་ཕྱེ་ནམ་མཁའི་རྡོ་རྗེ་གསལ་བའི་གཞུང༌། །འདིར་འབད་དགེ་བས་ཚེ་རབས་ཐམས་ཅད་དུ། །ཐོས་བསམ་བསྒོམས་པས་འདི་དོན་རྟོགས་པར་ཤོག །ཞུས་དག། ཤུབྷ་མ་སྟུ་སརྦ་ཛཱ་ག་ཏཾ། དགེ་ལེགས་འཕེལ།། །།

ཟབ་ལམ་བཀའ་རྒྱ་མ།


TNT10_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བཀའ་རྒྱ་མ་བཞུགས།


TNT10_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་ར་བེ། རང་གི་མདུན་དུ་སེང་ཁྲི་པད་ཉིའི་གདན་ལ་བླ་མ་འཁོར་ལོ་བདེ་མཆོག་དབྱེར་མེད་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་ཕག་མོ་དམར་མོ་རྡོ་རྗེ་དང་ཐོད་པ་འཛིན་པ་ལ་སྙོམས་པར་འཇུག་པ། མཆན་ཁུང་དུ་ཁ་ཊྭཱཾ་ག །གཡས་བརྐྱང་གིས་འཇིགས་བྱེད་དང་དུས་མཚན་མནན་པ། བླ་མ་ལ་སྐྱབས་སུ་མཆིའོ། །མཎྜལ་རྒྱས་བསྡུས་མང་ཉུང་ཅི་རིགས་དང༌། དེ་ནས་བསྟོད་པ་ཅི་ཤེས་དང༌། ཨོཾ་རྡོ་རྗེ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ་ཧཱུཾ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཆྒཻ་ཨོཾ། བཟླས་པའོ། །ཨརྒྷཾ་སོགས་དང་བསྟོད་པ་བྱ། དཔལ་ལྡན་བླ་མ་དམ་པས་བདག་


TNT10_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །སོགས་ཀྱི་བུམ་དབང༌། ཡབ་ཡུམ་བྱང་སེམས་ལྕེ་ཐོག་ཏུ་གནང༌། ཨོཾ་ཨཱཿཧཱུཾ། ཇི་ལྟར་འདས་པའི་སོགས་ཀྱིས་གསང་དབང༌། ཕྱག་རྒྱ་བཏད། དགའ་གཏེར་གནས་སྟེར་སོགས། སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ཤེས་རབ་ཡེ་ཤེས་ཀྱི་དབང༌། ཡེ་ཤེས་འདི་ནི་སོགས་དབང་བཞི་པའོ། །ཡི་གེ་བརྒྱ་པ་བཟླ། བཟོད་པར་གསོལ། བླ་མ་རང་ལ་ཐིམ། སྨོན་ལམ་བཏབ། བཀྲ་ཤིས་བྱའོ། །བདེ་མཆོག་ལྷན་སྐྱེས་ཀྱི་གནས་སུ་ཡི་དམ་གང་མོས་སྐབས་སྦྱར་རིག་པར་བྱའོ། །ཡང་བླ་མའི་གནས་


TNT10_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཡི་གེ་གསུམ་པོ་རེ་རེ་དང༌། གསུམ་ཅར་གྱི་འོད་ཟེར་རང་ལ་སྟིམ་པ་ལ་དབང་བཞིར་བྱེད་པ་ཡང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པའི་གནད་ཆེན་པོ་ཡོད་ལ། དབང་བཞི་དང་ཆོས་མཚུངས་ཙམ་ཡིན་གྱིས། དབང་དངོས་ཀྱི་ཆོ་ག་མ་ཡིན་ནོ། །བླ་མ་འོད་དུ་ཞུ། སྨིན་མཚམས་སོགས་གནས་བཞིར་ཁྱབ་པས་དབང་བཞི་ཐོབ་པར་བསམ་པ་ཡང་དབང་དངོས་མ་ཡིན་ཀྱང༌། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱོང་བ་ལ་གནད་ཆེ་ཞིང༌། དགའ་བ་བཞི་འཆར་བར་བྱིན་གྱིས་བརླབས་པས་བདེ་སྟོང་སྒོམ་པ་ལ་བསྔགས་པ་ཞིག་གོ །བླ་མའི་རྣལ་འབྱོར་གྱི་ཡིག་ཆུང་སྟེ་དང་པོའོ།། བཀྲ་ཤིས། །ཨྠིྀ།། ན་མོ་གུ་ར་བེ། ལམ་བསྒོམ་པ་ལ་ཞི་གནས་དང་ལྷག་མཐོང་རྣམ་པར་དག་པ་ཅིག་གལ་ཆེ། ཞི་གནས་ལ་སེམས་གནས་ཐབས་དགུ། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ལ་བརྟེན་ནས། སེམས་གསལ་ངར་ཅན་ཤིན་ཏུ་དྭངས་པ་ལ། རྣམ་རྟོག་གི་གཡོ་བ་མེད་པར་རྩེ་གཅིག་ཏུ་གནས་པ་ཞིག་དང༌། ལྷག་མཐོང་ལ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ལྟ་བ་གོ་བ་ཙམ་མ་ལུས་པའི་མྱོང་བ་ཐོན་པ་ཞིག་དགོས། འདི་མ་བྱུང་ན་སེམས་གནས་པ་ཐན་ཐུན་གྱི་མཚམས་ཤིག་ནས་རྩ་བྲལ་དུ་ངོ་སྤྲོད་དེ། དབང་པོ་རབ་རེ་རེ་གཉིས་གཉིས་མ་གཏོགས། བོན་དང༌། ཧ་ཤང་མཧཱ་ཡ་ནའི་ལུགས་ཀྱི་


TNT10_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་དུ་འགྲོ་བ་མང༌། དེ་མུ་སྟེགས་པ་རབ་ཀྱི་ཏིང་ངེ་འཛིན་ལས་དམའ་བ་ཡིན། ཞི་ལྷག་རྣམ་དག་ཅིག་ཡོད་ན། །དེ་མ་བོར་བའི་ངང་ནས་གང་ཤར་མ་བཅོས་པ་ལམ་དུ་བྱེད་པ་བཙན་ཐབས་སུ་ངོ་སྤྲོད་པ་འདི། ཤིན་ཏུ་ཟབ་པའི་མན་ངག་གྲུབ་ཆེན་རྣམས་ཀྱི་ལུགས་ཡིན། སྤྱིར་ཞི་ལྷག་བཟང་པོ་ཐུན་མོང་བ་དེ། ཚེ་རིལ་བསྒོམས་ཀྱང༌། རྐྱེན་ལ་བརྟེན་ནས་འཕེལ་འགྲིབ་སྣ་ཚོགས་བྱེད་པ་ཞིག་འོང་བ། དེ་མ་བཅོས་པ་ལམ་དུ་བྱེད་པ་འདིས་ཟིན་ན། རྐྱེན་གང་གི་ཡང་འགྱུར་བ་མེད་པ་ཞིག་འཕྲལ་དུ་འགྲུབ་པ་ཡིན། དེ་ཙམ་ན་རྩ་བྲལ་དུ་སོང་བ་ཡིན་ནོ། །འགའ་ཞིག་ཞི་ལྷག་གི་གཞུང་ལམ་ལ་འགྲོ་མི་དགོས། དེང་ཕྱག་རྒྱ་ཆེན་པོ་སེང་ལམ་པ་ཡིན། གྲུབ་ཐོབ་འགའ་ཞིག་ངོ་སྤྲོད་ཚིག་རེས་གྲོལ་བ་བཞིན་ནོ་ཟེར་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་དེ་རྣམས། སྔོན་བསྒོམས་པའི་ནུས་པ་རྐྱེན་དེས་སད་ནས་གྲོལ་བ་ཡིན་མོད་ཀྱི། ལས་དང་པོ་པ་ལ་མི་རུང༌། རྣལ་འབྱོར་མ་བི་ན་ས། ཆུ་བུམ་ཆགས་པ་མཐོང་བས་གྲོལ་བ་དང་འདྲ་སྟེ། གང་ཟག་ཕལ་པ་རྣམས། ཆུ་བུམ་པས། སྟོང་གསུམ་ཞིག་པ་མཐོང་ཡང་ག་ལ་གྲོལ། འོན་ཀྱང་མ་བཅོས་པ་ལམ་དུ་བྱེད་པ་འདི་མ་ནོར་བ་ཞིག་བྱུང་ན། ཐན་ཐུན་སྐྱངས་ཀྱང་ཆོས་བརྒྱད་རགས་པ་མགོ་སྙོམས་ནུས་པ་ཞིག་འདུག་མོད་ཀྱི། ད་ལྟ་ཕལ་ཆེར། བོན་ལུགས་སུ་


TNT10_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྤྲད་པས། ཉི་མ་སྐྱེལ་བ་དང་མི་ཚེ་འཕུལ་བ་ཙམ་དུ་འགྲོ་ཡིན་སྣང་བས། འདིའི་གནད་མ་འཆུགས་པ་ཞིག་ལག་ཏུ་བླང་བའི་ཚུལ་ལ། དང་པོར་སེམས་གནས་པ་གལ་ཆེ་ཞིང༌། དམིགས་རྟེན་གང་ལ་འཇོག་ཀྱང༌། ཆེད་འཛིན་དང་བྲལ་ཞིང༌། རྩེ་གཅིག་ཏུ་འདྲིལ་བ་ཞིག་དགོས། དམིགས་པ་ཡང་ཕྱི་ལ་མི་བྱ་བར་སེམས་ལ་སེམས་འཇོག་པའོ། །གནས་དང་ལུས་གནད་ལྟ་སྟངས་གཅིག་ལ་སེམས་བརྟན་ནས་དེ་རྣམས་ངེས་མེད་དུ་བྱས་ལ་སེམས་སྔར་བཞིན་སླབ། སྒོམ་དུ་ཅི་ཡང་མེད་པ་ལ་ཡེངས་སུ་བརྡུལ་ཙམ་མེད་པར་བྱ། དེ་ནས་ཕྱི་རོལ་གྱི་གཟུགས་སྒྲ་ལ་སོགས་པའི་སྣང་བ་གང་ཤར་གྱི་འཆར་སྒོ་ལམ་མེ་བ་དེ་ལ། སྔར་བཞིན་སྐྱོང༌། དེ་ནས་སྤྱོད་ལམ་ཐམས་ཅད་ལ་བསྲེ་ཞིང་ན་ཚ་སྡུག་བསྔལ་ལ་སོགས་པའི་ངོ་བོར་སྣང་བ། འཆར་སྒོ་ལྷང་ལྷང་བ་དེའི་ངོ་བོ་ལ་སྔར་བཞིན་བསྐྱངས། ཉིན་མོ་སྒོམ་རྒྱུན་མི་ཆད་དུ་སོང་བའི་ཚེ། འདུན་པ་ཅུང་ཟད་ཀྱི་ཁྱད་པར་གྱིས། མཚན་མོ་གཉིད་མཐུག་པོ་དང༌། རྨི་ལམ་དུའང་འོང་བས། ཞི་གནས་ཁོར་ཡུག་ཏུ་འགྲོ་ཞིང༌། དེ་ཐམས་ཅད་ལ་དྲན་པ་སྐྱོང་བ་གལ་ཆེ་བ་ཡིན་ནོ། །སེམས་གནས་པ་ཐུན་མོང་མ་ཡིན་པའི་ཡིག་ཆུང་སྟེ་གཉིས་པའོ། །ཨྠིྀ །། ན་མོ་གུ་ར་བེ། སེམས་གནས་པ་དེ་ལ་བརྟན་པ་ཐོབ་ནས། མན་ངག་ལྟར་སྐྱེ་འགགས་གནས་


TNT10_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལེགས་པར་རྩལ་བས། སྣང་ཙམ་ལ་གང་དུ་ཡང་མ་གྲུབ་པ་ཞིག་འོང་སྟེ། དེ་ལ་མཉམ་པར་འཇོག དེའི་རྩི་མ་ཡལ་བ་ཞིག་དགོས་པས། ཡང་ནས་ཡང་དུ་འཕྲོ་བཅད་དེ་སྐྱར་གིན་སྒོམ་པ་ལ་གལ་ཆེའོ། །དེ་ཡང་སྔ་མ་བཞིའི་མཉམ་རྗེས་ཐམས་ཅད་ལ་རྩལ་ཞིང་སྲེ་བར་བྱའོ། །ཐམས་ཅད་ལ་སྲེ་ནུས་ཤིང༌། རྩོལ་བ་དང་བཅས་པའི་ཚེ་མ་བཅོས་པ་ལམ་དུ་བྱེད་པ་ཡིན་ཏེ། བཟང་ངན་འཆར་སྒོ་ཅི་བྱུང་ཡང༌། ཤར་ཙམ་ཉིད་ནས། རང་གི་རང་ཤེས་ཤིང༌། ཤེས་ཙམ་ཉིད་ནས་ངོ་བོ་སྐྱེ་འགག་འགྲོ་འོང་མེད་པ། གོ་བ་ཙམ་མིན་པར་ལྷག་གེ་མཐོང་བ་གཅིག་འོང་སྟེ། གོང་སྣང་ཐམས་ཅད་རང་ངོས་ནས་རྐང་ཚུགས་ཚུགས་འདྲ་བ་འདི། ཡུལ་མེད་དུ་བུད་ཀྱང་འཆར་སྒོ་ཐམས་ཅད་འགགས་པ་མེད་པ་ཞིག་འབྱུང་ངོ༌། །དེའི་ཚེ་ཆེད་གཉེར་གྱི་མི་སློད་མི་སྒྲིམ་ཆེད་གཏད་མི་སྒོམ་མི་འཆོས། གང་ཤར་དེ་ཉིད་ལ་བཟོ་བཅོས་བྱེད་དོན་མེད། ཡང་དོན་གལ་པོ་ཆེ་སེམས་པ་དང༌། གསུང་རབ་ཀྱི་དོན་ཕྲ་མོ་ལ་དཔྱོད་པ་སོགས་ལའང༌། དེ་དང་དེའི་འཆར་སྒོ་ལ་མ་བཅོས་པའི་སྐྱོང་ཚུལ་དགོས་ཤིང་དེའི་ཚེ་སྒོམ་ལ་ང་བདག་བྲལ། དགག་རྒྱུ་དང་སྒྲུབ་རྒྱུ་མ་སྙེད། སྤང་བྱ་དང་བླང་བྱ་རོ་མཉམ་དུ་སོང༌། འཆར་སྒོ་ཐམས་ཅད་འཆར་ཀྱང༌། འཆར་བྱ་འཆར་བྱེད་བརྙེད་


TNT10_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པར། རང་ངོ་རྩོལ་མེད་དུ་ཤེས་པ་ཞིག་བྱུང་བའི་ཚེ། རྩ་བ་བྲལ་བ་ཞེས་བྱ་བའམ། འགྱུར་བ་མེད་པ་ཡིན་ནོ། །འདི་ཐོབ་ནས་ཀྱང་རིག་པས་དཔྱོད་པ་དང༌། བསྐྱེད་རིམ་སོགས་སྤྲོས་བཅས་ཇི་ལྟར་མང་གིན་རྩ་བྲལ་ལས་མི་འདའ་བས་ཤིན་ཏུ་བོགས་ཆེ་བ་ཡིན་གྱི། ཉོན་མོངས་ཡེ་ཤེས་སུ་རློམ་ཤིང༌། སྤྲོས་བཅས་ཀྱི་དགེ་སྦྱོར་ལ་སྡང་བ་ནི་སྤངས་བླང་འཛོལ་བའི་ཆོས་ལ་ལོག་གོ །རྩ་བྲལ་གྱི་ཡིག་ཆུང་སྟེ་གསུམ་པའོ། །ཨྠིྀ། །ན་མོ་གུ་ར་བེ། ཁྱད་པར་དུག་ལྔ་ལམ་འཁྱེར་ལ། འཇིག་རྟེན་ཕལ་པ་རྣམས། དུག་ལྔ་རང་དགར་སྤྱད་པས་འཁོར་བར་འཁྱམས། ཕ་རོལ་དུ་ཕྱིན་པ་ལས། བྱམས་པ་ལ་སོགས་པས་མགོ་གནོན། སྟོང་པ་ཉིད་བསྒོམས་པས་རྩ་བ་ནས་སྤོང་པར་བཤད་ཅིང༌། ཡང་སྙིང་རྗེ་ལ་སོགས་པས་ཐབས་མཁས་འགའ་ཞིག་གིས་ལམ་དུ་བྱེད་པ་ཐེག་ཆེན་ཐམས་ཅད་ལས་འབྱུང༌། རྣལ་འབྱོར་བླ་མེད་མ་གཏོགས། སྔགས་གཞན་རྣམས་ཀྱང་དེ་དང་ཕལ་ཆེར་འདྲ། བླ་མེད་འདིར། འོད་གསལ་མི་རྟོག་པས། གཏི་མུག་ལམ་དུ་འཁྱེར་བ་དང༌། མངོན་སྤྱོད་ཀྱིས་ཞེ་སྡང་དང༌། ལྷའི་ང་རྒྱལ་གྱི་ང་རྒྱལ་དང༌། རིག་མའི་ཁ་སྦྱོར་གྱི་བདེ་བ་ལ་སོགས་པས་འདོད་ཆགས་ཆེད་དུ་མ་སྤངས་པར་བརྟེན་པས་ལམ་དུ་གྱུར་ན་སྤང་བྱ་རང་དག་ཏུ་འགྱུར་བ་ཡིན་ནོ། །འོན་ཀྱང་སྐབས་འདིར།


TNT10_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལ་བརྟེན་ནས་དུག་ལྔ་མ་བཅོས་ལམ་དུ་འཁྱེར་ཚུལ་ནི། དཔེར་ན། སེམས་འདོད་ཆགས་ཀྱི་རྣམ་པར་ལམ་མེ་ཤར་བའི་ཚེ། རང་དགའ་མར་སོང་ན་སྐྱེ་བོ་ཕལ་པའི་སེམས་དང་འདྲ། ཆེད་ཀྱི་སྤོང་ན་ཐབས་ལ་མི་མཁས། དེས་ན་ཆགས་ཡུལ། ཆགས་མཁན། ཆགས་ཚུལ་རང་བཞིན་གྱི་གྲུབ་པ་མེད་ཅིང༌། བརྙེད་རྒྱུ་མེད་ཀྱང༌། འདོད་ཆགས་ཀྱི་འཆར་སྒོ་མ་འགགས་པ་དེ་ལ་སྐྱོན་ཡོན་དུ་མི་ལྟ། ལས་མི་འཆོལ་བར་འཆར་སྒོ་དེ་ཀ་ལ་བཞག་པའི་ཚེ། འདོད་ཆགས་རྡོ་རྗེ་རྒྱལ་བ་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་ལྔ་ཆར་ལ་སྦྱར་བར་བྱའོ། །འདི་ལའང་རྩོལ་བཅས་དང་རྩོལ་མེད་ཀྱི་རིམ་པ་གཉིས་འོང་ངོ་ནམ་མཁའ་ལྟ་བུའི་རྣལ་འབྱོར་བ། །ནམ་མཁའ་ལྟ་བུར་འགྲོ་དོན་བྱེད། །ཉི་ཟླ་ལྟ་བུའི་རྣལ་འབྱོར་པ། །ཉི་ཟླ་ལྟ་བུར་འགྲོ་དོན་བྱེད། །ཆུ་བོ་ལྟ་བུའི་རྣལ་འབྱོར་པ། །ཆུ་བོ་ལྟ་བུར་འགྲོ་དོན་བྱེད། །ས་གཞི་ལྟ་བུའི་རྣལ་འབྱོར་པ། །ས་གཞི་ལྟ་བུར་འགྲོ་དོན་བྱེད། །དུག་ལྔ་གྲ་ཟུར་མ་ཆག་ཀྱང༌། །སྨན་དུ་འགྲོ་བ་ངོ་མཚར་ཆེ། །སྔོན་ཆད་དགྲ་བོ་ཡིན་པ་ཡང༌། །ཐབས་ཀྱི་གཉེན་དུ་ཁུགས་པ་འདྲ། །འདོད་ཆགས་རྡོ་རྗེ་ལ་སོགས་པའི་ཡིག་ཆུང་སྟེ་བཞི་པའོ། །ཨྠིྀ། ན་མོ་གུ་ར་བེ། ལམ་རིམ་པ་གཉིས་ལས། བསྐྱེད་རིམ་གྱི་མན་ངག་རྣམས་གཞན་དུ་


TNT10_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་བས་འདིར་མ་བརྗོད། ལྷའི་རྣམ་པ་བསལ་བ་དང་གཅིག ང་རྒྱལ་ཤུགས་དྲག་པ་དང་གཉིས། རང་བཞིན་མེད་པའི་ལྟ་བས་ཟིན་པ་དང་གསུམ་རང་ལྷར་སྒོམ་པ་གང་ལ་ཡང་གལ་ཆེ། བསྐྱེད་རིམ་དུ་འགྲོ་བ་ལ་དེའི་སྟེང་དུ་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་དང༌། སྐུ་གསུམ་ལམ་ཁྱེར་དུ་སོང་བ། ཞུ་བདེས་རྒྱས་ཐེབས་པ་རྣམས་དགོས། རྫོགས་རིམ་ལ་གཏུམ་མོ་སྒོམ་ན། ལུས་གནད་སོགས་ལག་ལེན་ལྟར་བྱ། རྩ་གསུམ་འཁོར་ལོ་བཞི། ཕྱི་ལུས་ཀྱི་སྟོང་ར་དང་བཅས་པ་ཐུན་རེ་རེ་ལ། ལན་གཉིས་བརྒྱ་ཙམ་རེ་སྒོམ་ཞིང༌། ཐུན་བཞི་བྱས་ལ། ཉིན་ཞག་མང་དུ་སྒོམ་སྟེ་དམིགས་སྐོར་གཉིས། གཞན་དེ་དང་འདྲ་བ་ལ། འཁོར་ལོ་བཞིའི་ལྟེ་བའི་ཡི་གེ་རེ་རེ་གསལ་འདེབས་པ་ལ་དམིགས་སྐོར་རེ་རེ། མེ་རླུང་གཉིས་ལ་རེ་རེ་ལག་ལེན་ལྟར་བུམ་པ་ཅན་བྱས་ལ་ཡི་གེ་རྣམས་གསལ་བཏབ་པའི་རྗེས་སུ། ལྟེ་བའི་གཏུམ་མོ་ཁོ་ན་ལ་སེམས་འཛིན་པ་དམིགས་སྐོར་གཅིག འཁོར་ལོ་བཞི་འབར་བའི་རེ་རེ། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་ལ་གཅིག །དཀར་དམར་འདྲེས་པ་དང་པོ་ལ་གཅིག །འབར་འཛག་གཉིས་ཀ་སྒོམ་པ་ལ་གཅིག་སྟེ། དེ་ནས་དེ་ཉིད་རྟག་ཏུ་སྒོམ་མོ། །དེས་རྟགས་ལྔ་དང་ཡོན་ཏན་བརྒྱད་འབྱུང་ངོ༌། །གཏུམ་མོའི་ཡིག་ཆུང་སྟེ་ལྔ་པའོ། །ཨྠིྀ། ན་མོ་གུ་ར་བེ། བུམ་པ་ཅན་བརྟན་པའམ། ཅུང་


TNT10_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མྱོང་བ་ཐོན་ནས། ལུས་གནད་ལག་པ་གཉིས་རྐང་པའི་བོལ་ལ་བཅང་པ་ལྕེ་སྤྱང་གི་འདུག་སྟངས་བྱས་ལ། ལག་ལེན་བཞིན། རླུང་ཕྱིར་བུས་ལ་མནན། འཐུར་སེལ་ཐེན། རྩའི་ཀ་བ་གཟུག་པར་བྱ། ཐོག་མར་སྒྲ་མེད་ལ་སླབ་སྟེ་ཐུན་གཅིག དེ་ནས་ཧ་དང་ཧཀ་དང་ཧིཾ་དང་ཧྲིཾ་དང༌། ཧཱུཾ་གི་སྒྲ་རྣམས་ལ་ཐུན་རེ་རེ། དེ་ནས་སྟེང་རླུང་ཅུང་ཟད་བརྔུབ་ཅིང་ཐུར་སེལ་འདྲེན་པ་ལ་ཐུན་གཅིག་འདི་དག་སྒོམ་པའི་ཚེ། ཁ་སྦྱོར་དྲག་ཏུ་སྟེང་དུ་དྲངས་པ་དང༌། སྤེལ་ནས་སྒོམ་དགོས་ཤིང༌། ཁ་སྦྱོར་འདྲེན་པ་དེ་ཉིད་ལ་ཡང་དགོས་སུ་སྐྱོང་ཞིང༌། འོག་གི་ལམ་གཉིས་སྣོལ་མའི་སྦྱོར་བ་ཡང་ཉིན་ཞག་མང་དུ་སླབ། དེ་དག་ལ། ཡང་ཡང་ཀྲུག་འགྲེམས་དང་འཁྲུལ་འཁོར་མནད་དུ་ཆེ། དེ་ནས་ཧཱུཾ་རིངས་ཀྱི་སྲོག་ནང་དུ་དྲངས་ཤིང༌། ཧཱུཾ་ཐུང་གི་ཐུར་སེལ་སྟེང་དུ་དྲངས། ཕཊ་ཀྱི་སྦྱོར་བས་སྲེ་བ་ནི་ཧཱུཾ་ཕཊ་ཀྱི་སྦྱོར་བ་ཞེས་བྱ་སྟེ། འདི་ཤིན་ཏུ་གལ་ཆེ་བ་ཡིན། དེ་ནས་ཁམས་འགྱུར་བ་འགག་པ། རིལ་བ་ཞབས་ཚགས་ཅན་གྱི་སྦྱོར་བ་ཡང་གོམས་པར་བྱ། ཐོག་མར་རེ་རེ་ལ་ཅི་རིགས་པར་གོམས་ནས། བུམ་པ་ཅན་ལ་གཞི་བྱས་ཏེ་སྦྱར་བ་གཞན་དེ་རྣམས་ཀྱང་ཐུན་བཞིར་མ་ཆག་པར་སྒོམས། གསང་བའི་རླུང་ཁ་སྦྱོར་རྒྱུན་མ་ཆད་པར་བྱ། གནད་མ་འཆུགས་པར་སྒོམ་ན་ཟླ་བ་དྲུག་གམ། ལོ་ཙམ་སྒོམ་པས། རླུང་ལས་རྣམ་


TNT10_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བ་ཐོབ་པར་འགྱུར་རོ། །གནད་འཆུགས་པའི་རླུང་སྦྱོར་གྱིས་ནི་མི་ཚེ་ལའང་ཡོན་ཏན་མི་སྐྱེད་པར་སྣང་ངོ༌། །རླུང་སྦྱོར་གྱི་ཡིག་ཆུང་སྟེ་དྲུག་པའོ། །ཨྠིྀ། ན་མོ་གུ་ར་བེ། གལ་ཏེ་རྨི་ལམ་བཟུང་བར་འདོད་ན། མགྲིན་པའི་འཁོར་ལོའི་དབུས་སུ། ཡི་གེ་ཨོཾ་དམར་པོ་ལ་སེམས་གཏད་ཅིང༌། རྨི་ལམ་འཛིན་པའི་འདུན་པ་དྲག་ཏུ་སྦྱངས། ཐུན་རེ་རེ་ལ་དམིགས་པ་གསལ་འདེབས་ཐེངས་དང༌། འདུན་པ་སྟོང་བ་ལན་ལྔ་བརྒྱ་ཙམ་བྱའོ། ཐུན་མཚམས་ཐམས་ཅད་དུ་རྨི་ལམ་གྱི་འདུན་པ་དྲག་ཏུ་བཏང༌། ཉལ་བའི་ཚེ་ཨོཾ་ལ་སེམས་གཏད་པས། རྨི་ལམ་འཕྲལ་དུ་ཟིན་པ་ཡིན་ནོ། །རྨི་ལམ་སྒོམ་པ་ལ་རླུང་གནད་དུ་ཆེ། རྨི་ལམ་སྦྱངས་པ། སྣང་བ་སྣ་ཚོགས་སུ་བསྒྱུར་བ་ནི། གཞན་དང་མཐུན་ལ་ཉིན་པར་རྨི་ལམ་གྱི་འདུན་པ་དྲག་ཏུ་བསྐྱེད་ནས། འོད་གསལ་གྱི་དམིགས་པ་བསྒོམས་པས། མཚན་མོའི་དུས་རྨི་ལམ་ཤར་ཡང༌། སླར་འོད་གསལ་དུ་འཇུག་པ་ཡིན་ནོ། །ཉིན་པར་རྨི་ལམ་ཟིན་པ་བརྟན་པོས། ཉིན་པར་སྣང་བ་སྒྱུ་མ་རྟག་ཏུ་བསྒོམས་པས། རྨི་ལམ་ཐམས་ཅད་ལྷ་སྐུར་སྒྱུར་ནུས་པ་ཡིན་ནོ། །ལྷ་སྐུ་འོད་གསལ་དུ་ལྡང་འཇུག་གི་དམིགས་པ་ཡང་ཡང་བསྒོམས་པས། རྨི་ལམ་གྱི་ལྷ་སྐུ་རང་ཤར་འབྱུང་བ་ཡིན་ནོ། །རྨི་ལམ་ཡིག་ཆུང་སྟེ་བདུན་པའོ། །ཨྠིྀ། ན་མོ་གུ་ར་བེ། སྣང་བ་སྒྱུ་མ་ལ། ལས་དང་པོ་པ་དང༌།


TNT10_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཐོབ་པ་གཉིས། དང་པོ་ནི། གཏུམ་མོའམ་ལས་རྒྱ་ལ་སོགས་པའི་བདེ་སྟོང་གི་མྱོང་བ་ཅུང་ཟད་ཡོད་ན་རབ། མེད་ན་སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱི་བསྐྱེད་ནས། བདེན་མེད་ཀྱི་འདུན་པ་དྲག་ཏུ་སྒོམ། གསལ་སྣང་ཅུང་ཟད་ཐོབ་ནས་སྣང་བ་ཐམས་ཅད་ལ་གསལ་སྣང་དང་བདེན་མེད་ཀྱི་འདུན་པ་སྤྲོས་ནས། ཡང་བདག་ཉིད་ལ་བསྡུ་བ་སོགས་གོམས་པར་བྱའོ། །འདིར་བསྐྱེད་རིམ་དང་ཐུན་མོང་པ་ཡིན་ཡང་རྫོགས་རིམ་གྱི་སྒྱུར་འགྱུར་བ་ལ་ཤིན་ཏུ་ཟབ་བོ། ། གཉིས་པ་ནི། བདེ་སྟོང་གི་ཡེ་ཤེས་སྐྱེ་ཁར་འཕེན་པ་བཏང་བས། དེ་སད་པ་དང་ལྷ་སྐུར་རང་ཤར་དུས་སྙམ་ཡོད་པ་ཡིན་ཏེ། དེ་ཡང་བདེ་སྟོང་གི་ཉམས་སྐྱེས་པ་ན་འཕེན་པ་བཏང་སྟེ་ལྷ་སྐུ་སྟོང་པར་སྟིམ། སད་པ་ན་རྣམ་རྟོག་གཞན་གྱི་བར་མ་ཆོད་པར་ལྷ་བསྐྱེད་ནས་སྤྲོ་བསྡུ་དང༌། སྒྱུ་མའི་འདུན་པ་སྦྱོང་བ་ཡང་ཡང་གོམས་པ་ལས་འབྱུང་བ་ཡིན་ནོ། །འདི་གསང་འདུས་རིམ་ལྔའི་བདག་བྱིན་བརླབ་པ་དང་མི་གཅིག ལུས་དབེན་དང་དོན་གཅིག་ཀྱང༌། སྒྱུ་ལུས་ཀྱི་ཐ་སྙད་མི་འགལ་ཞིང༌། སད་རྨི་གཉིས་ཀའི་དགེ་སྦྱོར་ལ་གལ་ཆེའོ། །སྒྱུ་ལུས་ཀྱི་ཡིག་ཆུང་སྟེ་བརྒྱད་པའོ། །ཨྠིྀ། །ན་མོ་གུ་ར་བེ། ལས་དང་པོ་པའི་འོད་གསལ་སྒོམ་པར་འདོད་ན། སྙིང་ཁ་ཆོས་འཁོར་གྱི་ལྟེ་བར། ཧཱུཾ་སྔོན་པོའམ། ཐིག་ལེ་ལ་སེམས་དྲག་ཏུ་


TNT10_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ལ་ཡུན་རིང་དུ་སྒོམ། མཚན་མོ་ཡང༌། དེ་ཀའི་ངང་ལ་གཉིད་དུ་འགྲོ་བར་བྱ། གཉིད་དུ་འགྲོ་བའི་ཚེ་ན་ཡང་དམིགས་པ་དང་དྲན་འཛིན་བྱ། ཧ་ཅང་གྲིམས་གྲགས་ན་གཉིད་དུ་མི་འགྲོ། ལྷོད་གྲགས་ན་མི་ཟིན་པས་རན་པའི་སྐྱོང་ལུགས་བྱ། ཐིམ་རིམ་ཐན་ཐུན་དང་འདྲེས་པའི་ཅི་རིགས་ཟིན་ན། སྣང་བ་གཞན་ཐམས་ཅད་རྗེས་གཞིག་གི་བསྡུས་ནས། ཆོས་འཁོར་ཙམ་དམིགས་ནས་སྒོམ། དེ་ཡང་བསྡུས་ནས་ཧཱུཾ་ཙམ་དང༌། ནཱ་ད་ཙམ་དང༌། སྟོང་པ་ལ་རྩེ་གཅིག་ཏུ་གཏོད་པ་རྣམས་རེ་རེ་ལ་ཞག་མང་དུ་བྱས་ཏེ་ཉིན་པར་སྒོམ་ཞིང༌། མཚན་མོའང་དེ་དང་དེས་མཚོན། ཕྱི་མ་འདི་རྣམས་ལ་ལུས་ཀྱི་སྟོང་ས་མ་འཆུགས་པ་གལ་ཆེ། ཐམས་ཅད་ལ་བརྟེན་ལྷ་སྐུ་དང་ལྡང་བ་ན་ཡང༌། ལྷ་སྐུར་ལྡང་བ་གལ་ཆེ། འོད་གསལ་གྱི་ཡིག་ཆུང་སྟེ་དགུ་པའོ། །ཨྠིྀ །།ན་མོ་གུ་ར་བེ། སྤྱིར་དགྱེས་རྡོར་སོགས་སྤྱིའི་ལུགས་ཀྱི། སད་དུས་རླུང་སེམས་ལྟེ་བར་གནས། གཉིས་མཐུག་ལ་སྙིང་ཁར། རྨི་ལམ་ལ་མགྲིན་པར། སྙོམས་འཇུག་གི་ཚེ་སྤྱི་བོར་གནས་པར་གསུངས། དུས་འཁོར་ལས། ཐོག་མཐའ་གཉིས་གོ་ཟློག་ཏུ་འབྱུང་ཞེས་མཁས་པ་རྣམས་གསུངས། དུས་འཁོར་ལས་ཀྱང་ཐུར་སེལ་གྱི་དབང་དུ་བྱས་ན། ལྟེ་བ་སད་དུས་སུ་བཤད་ཅིང༌། སྟེང་གི་དབང་དུ་བྱས་པ་ལ་ཡང་སྤྱི་བོ་སད་དུས་སུ་བཤད་པ་མེད། དཔྲལ་བ་སད་དུས་


TNT10_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་པ་ཡིན། ལྟེ་བ་ལ་ཡས་མས་ཀྱི་ཆ་གཉིས་ཡོད་པས་མི་འགལ་ཅེས་བླ་མ་ལྷོ་ཕྱོགས་པས་གསུངས༌། དེའི་གནད་ཀས་ནོར་བུ་དང་སྙིང་ཁར་འོད་གསལ། གསང་བ་དང་མགྲིན་པར་རྨི་ལམ། ལྟེ་བ་དང་སྤྱི་བོར་ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་སོགས་སྒོམ་པ་ཡིན། ལྷན་སྐྱེས་དེ་སྒོམ་པ་ལ་རྟོག་ཅན་རྣལ་འབྱོར་ལ་བརྟེན་པ་གཏུམ་མོའོ། །ཆགས་ཅན་འོག་སྒོ་ལ་བརྟེན་པ་ལ། རླུང་ལས་རྣམ་པར་རྒྱལ་བ་ཐོབ་ནས་སྒྲུབ་པ་ནི་གཙོ་བོ་ཡིན་ལ། ཅུང་ཟད་ནུས་པ་ཐོབ་ནས། རླུང་ལས་རྣམ་པར་རྒྱལ་བ་ཐོབ་པའི་ཕྱིར་བརྟེན་པའང་ཡོད་དེ། གང་ལྟར་ཡང༌། ལྟ་བ་ལ་ཅུང་ཟད་མྱོང་བ་ཐོན་པ་དང༌། ལྷ་སྐུའི་གསལ་སྣང་ངམ། མ་མཐའ་ཡང་མོས་པ་བརྟན་པོ་དང༌། རླུང་སོགས་མན་ངག་གི་གནད་ལ་གོམས་པའི་ཡིད་བརྟན་ཐུབ་པ་ཅིག་ཐ་མར་ཡང་དགོས་པ་ཡིན་ནོ། །འདི་ལ་ཐོག་མར་ཡིད་ཀྱི་ཕྱག་རྒྱ་ལ་བསླབ། དེ་ནས་གསང་བའི་ཕྱག་རྒྱ་ལ་བསླབ། དེ་ནས་ལས་ཀྱི་ཕྱག་རྒྱའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། ཕྱིའི་རེག་བྱ་རྣམས་ལ་རིམ་གྱིས་བསླབ། དེ་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་ཀུར་མའི་འགྲོས་ཀྱིས་འཁོར་ལོ་བཞིར་དགའ་བ་བཞི་སོ་སོར་སྐྱེ་བ་ལ་རིམ་གྱི་བསླབ། དེ་ཡང༌། དབབ་དང་གཟུང་དང་ཟློག་དང་ཁྱབ། །རླུང་དང་སྟོང་པར་སྲེ་བ་ལ། །ཤིན་ཏུ་འབད་ནས་


TNT10_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ། །རྩ་འཚོལ་བ་སོགས་གནད་ཆེ་ཞིང༌། །ལྟ་བས་མ་ཟིན་ངན་སོང་རྒྱུ། །འདོད་ཆེན་ཁུ་བ་མྱུར་འཛག་པ། །དེ་ལ་དངོས་གྲུབ་མི་བྱུང་ཞེས། །སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས། ང་ཡི་རྡོ་རྗེའི་ཐ་ཚིག་འདི། །བཀའ་ལས་འདའ་བར་མ་བྱེད་ཅིག །བྱང་ཆུབ་སེམས་ནི་ལྷུང་འགྱུར་ན། །དམ་ཚིག་ཉམས་པས་དམྱལ་བར་ལྷུང༌། །ཚེ་འདི་སྡུག་བསྔལ་ཐམས་ཅད་འབྱུང༌། །བདེ་བ་ཉམས་པར་མི་བྱའོ། །ལས་ཀྱི་ཕྱག་རྒྱའི་ཡིག་ཆུང་སྟེ་བཅུ་པའོ། །ཨྠིྀ། །ན་མོ་གུ་ར་བེ། ཐ་མལ་གྱི་སྒོ་དགག་པ་འདི་ནི། རྫོགས་རིམ་གང་གི་མངོན་དུ་སྒོམ་ཀྱང༌། ཤིན་ཏུ་བཟང་བ་ཡིན་ནོ། །དེ་ལ་འདིས་རླུང་ནང་དུ་ཟློག དབང་པོ་རྣམས་ཀྱི་ནད་སེལ། བྱང་ཆུབ་ཀྱི་སེམས་སྒོ་ཐམས་ཅད་ནས་འཆིང༌། ཡན་ལག་གི་རླུང་དུལ། མངོན་པར་ཤེས་པའི་རྒྱུར་འགྱུར་བ་ཡིན་ནོ། །ཐ་མལ་གྱི་སྒོ་དགག་པའི་ཡི་གེ་རྒྱས་པ་ནི། སྤྱི་གཙུག་ཏུ་ཧཱུཾ་ཀྵུཾ་བརྩེགས་པ། སྨིན་མཚམས་སུ་ཧཾ་ཧཱུཾ། ལྕེའི་རྩ་བར་སུཾ། མགྲིན་པར༌། མིག་ལ་ཧཱུཾ། རྣ་བ་དང༌། སྣ་བུག་ལ་ཡུཾ། ལྟེ་བ་དང་འོག་སྒོ་གཉིས་སུ་། ཕྲག་པ་གཉིས་སུ་། སྙིང་ཁར༌། ཡི་གེ་བཞི་བརྩེགས་རྣམས་མགོ་ནང་སྟན་ཉལ་སྟབས་སུ་འགོད་པར་རྒྱུད་ལས་གསུངས་པ་བཞིན་འགྲུབ་ན་ཤིན་ཏུ་མཐུ་ཆེ་བ་ཡིན། དེ་ཙམ་མ་འགྲུབ་ན་གནས་དེ་རྣམས་སུ་


TNT10_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཁ་དོག་དཀར་པོ་རེ་རེ་བཀོད། དེའི་འོད་ཟེར་དཀར་པོ་མཐུག་པོས་སྒོ་དེ་དང་དེ་བརྟན་པོར་བཀག་པར་བསམ། རེ་རེ་ལ་ཡང་ཞག་ལྔ་ལྔ་རེ་བསླབ་ཅིང༌། དེ་ནས་གཉིས་སྡོམས་སོགས་ལ་རིམ་གྱི་བསླབ། མཐར་ཐམས་ཅད་གཅིག་ཆར་གསལ་བཏབ་ནས། རླུང་ནང་དུ་བཟློག་པའི་རྟགས་བྱུང་བྱུང་སྒོམ་སྟེ། བུམ་པ་ཅན་དང་སྦྱོར་དགོས་སོ། །ལུས་གནད་ཀྱང་ལྕེ་སྤྱང་གི་འདུག་སྟངས་བཞིན་བྱེད་པ་གདན་བཞིའི་དགོངས་པ་ཡིན། དེ་གོམས་ནས་ལྟེ་བའི་ཨཾ་དམར་པོ་གསལ་བཏབ། དེའི་འོད་ཀྱི་ལུས་ཀྱྀ་གནས་ཉི་ཤུ་རྩ་བཞིའི་རླུང་རྣམས་འོད་ཟེར་གྱི་རྣམ་པས་ཨཾ་ལ་བསྡུས་པ་སྒོམ་པ་ནི། ཁབ་བྱེད་བསྡུ་བ་སྟེ། ནད་ཐམས་ཅད་ཞི་བར་བྱེད་ཅིང༌། རླུང་ཐིམ་པ་ལ་ཡང་གནད་དུ་ཆེ་བ་ཡིན་ནོ། །ཡི་གེ་བརྒྱད་པོ་རྣམས་སྙིང་ཁའི་རྩ་འདབ་བརྒྱད་ལ་བཀོད་པས་རྩ་གནས་གཞན་གྱི་རླུང་བཀག་ནས་དབུ་མར་འཇུག་པ་སོགས་མང་པོ་གདན་བཞིའི་རྒྱུད་ལས་འབྱུང་ངོ༌།། སྒོ་དགག་པའི་ཡིག་ཆུང་སྟེ་བཅུ་གཅིག་པའོ། ན་མོ་གུ་ར་བེ། གོང་དུ་འཕོ་བར་འདོད་ན་འཕོ་བའི་ལྷ་ཡེ་ཤེས་དབང་ཕྱུག་མར་བསྐྱེད་པའམ། ཡི་དམ་གང་ཡང་རུང་བས། བཤད་མ་ཐག་པའི་སྒོ་དགག་པ་དེ་ཉིད་ལ་ནན་ཏན་དུ་འབད། ཕྱི་ནང་གི་རླུང་ལོག་པའི་རྟགས་བྱུང་ཞིང་བུམ་པ་ཅན་བརྟན་ན་རབ། མ་བརྟན་ཀྱང་ཅི་རིགས་


TNT10_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ལ་འགལ་བ་མེད་དེ། འོན་ཀྱང་འདི་ལ་ནི་སྤེལ་གྱིན་སྒོམ་པ་ཡིན་ནོ། །བུམ་པ་ཅན་མ་བརྟན་ན། གསེར་གྱི་སྒོ་འབྱེད་ནུས་པ་དཀའ་ཞིང༌། ཁྱད་པར་འཕོ་བ་དང་གྲོང་འཇུག་ལ་དབང་འབྱོར་བ་ནི་མི་འབྱུང་ངོ༌། །དེས་ན་བུམ་པ་ཅན་བརྟན་བརྟན་གྱི་བར་བུམ་ཅན་འདོད་དུ་མི་རུང་ངོ༌། །འཕོ་བ་རྒྱས་པར། སྙིང་ཁར་ཡི་གེ་བདུན་འགོད་པ་སྟེ། ཡུམ་བཞི་དང༌། ཧཱུཾ་དང༌། ཧིཀ་ཁ་དོག་སྔོན་པོ་རྣམས་སོ། །དེ་ཙམ་སྒོམ་མི་ནུས་ན་ཡི་གེ་གསུམ་ལ་བརྟེན་པས་ཀྱང་ཆོག་སྟེ། ཧཱུཾ་དང་ཧི་ཀིའོ། །དེ་ཡང་མི་ནུས་ན་ཧཱུཾ་གཅིག་པུས་ཆོག་གོ །གང་ལྟར་ནའང་ཆོས་འཁོར་འདབ་བརྒྱད་ཁ་ཐུར་སྟན་གྱི་ལྟེ་བ་ན་རླུང་གི་དཀྱིལ་འཁོར་ལ་ཡིག་མགོ་ཐུར་བསྟན་དུ་འཕྱང་བ། ལྟེ་བའི་ཨཾ་གི་མེ་འབར་སྟེ་སྙིང་ཁའི་ཡི་གེ་དང་སྤྱི་བོའི་ཧཾ་ལ་བསྣུན་པའི་འབར་འཛག་གི་གཏུམ་མོ་སྒོམ་པ་སྔོན་དུ་འགྲོ་བ་གལ་ཆེ་སྟེ། སེམས་བརྟེན་གྱི་དཀར་དམར་སྐྱོད་པ་ལ་དཀར་དམར་གཞི་རྒྱ་འབར་འཛག་གལ་ཆེ་བ་ཡིན་ནོ། །དངོས་ཀྱི་དམིགས་པ་ནི། ཨཾ་དམར་པོའི་འོད་ཀྱིས་སྙིང་ཁ་ལ་འཕོག་པས་ཡི་གེ་རྣམས་དབུ་མའི་ལམ་ནས་སྤྱི་བོར་འཕངས་ཏེ་སྤྱི་བོའི་སྟེང་དུ་ཅུང་ཟད་མཐོན་པར་བསམ། ཧཾ་ཡི་མཐེན་ཅིང་ཀ་ཡི་འཕུལ། པདྨའང་ཁ་གྱེན་ལ་བསྟན། རླུང་འབྱུང་བའི་ཚེ་ཧིཀ་ཉི་ཤུ་རྩ་གཅིག་གིས་སྟེང་དུ་འཕང༌། བརྔུབ་པའི་ཚེ་ཀ་ཧི་སྙིང་ཁར་དབབ་པར་བསམ། གྲོང་དུ་


TNT10_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དང༌། ཚར་གཅད་རྗེས་འཛིན་འདིར་མ་བཀོད། སྒོ་འབྲིང་ནས་འཕོ་བའི་མན་ངག་ཀྱང་ཤིན་ཏུ་མང་བས་མ་བྲིས། འཕོ་བའི་ཡིག་ཆུང་སྟེ་བཅུ་གཉིས་པའོ། །ཨྠིྀ། །ན་མོ་གུ་ར་བེ། གལ་ཏེ་འཁྲུལ་འཁོར་བྱེད་འདོད་ན། །འཆི་མེད་གྲུབ་པ་ལ་སོགས་བྱ། །ཡང་ན་ཐོར་བུ་བ་རྣམས་བསྡུ། །ལྟོ་བ་སྐོར་དང་རོ་སྟོད་བཅུ། ། མགོ་བོ་བསྐོར་ཞིང་དགྱེ་དགུ་བྱ། །སྟེང་དུ་འཕར་ཞིང་འོག་ཏུ་བདབ། ། ཡན་ལག་དཀྲུག་དང་བརྐྱང་བསྐུམ་བྱ། །དང་པོ་སྲུང་ཤིང་སྲུབ་པར་བྱ། ། གཉིས་པ་རྒྱ་མཚོ་སྐྱོད་པར་བྱ། །གསུམ་པ་བསད་པ་ནོར་ལྷ་གཉིས། །བཞི་པ་ཡན་ལག་བརྐྱངབསྐུམ་སྟེ། །ཕྱོགས་བཞི་གཡོ་ཞིང་སྲིད་གསུམ་སྐྲག །སྦྱོར་བ་དྲུག་ལྡན་རི་རབ་འདེགས། །གཅན་གཟན་སྐྱུག་དང་ཝ་ལྟར་སྣོམ། །ཡི་དྭགས་འདུག་སྟངས་གླང་ཆེན་ཧིང༌། །གཡང་མོའི་རྒང་དཀྲུགས་སེངྒེའི་རྩལ། །ཧྲིཾ་ཧྲིཾ་སེངྒེ་རྣམ་པར་:བྲོལ་[ཕྲོལ]། །རྗེས་ཆགས་:སྐྲེ་[སྐེ་]རགས་འཁོར་ལོ་བསྐོར། །ཞགས་པ་འཕངས་དང་རྩ་མིག་བདབ། །ཉི་མའི་འགྲོས་དང་སེངྒེའི་གཡལ། །གླང་ཆེན་བཞི་འཕྲས་བུ་ཆུང་ལུགས། །བབ་བཞི་འཕྲབ་དང་མི་ཆེན་ལུགས། །ཡན་ལག་ལྔ་སྦྱོར་བནྡྷ་གཉིས། །གླིང་བཞི་གནད་བོར་སྒྲད་པའི་མཐའ། །རྩ་བཅིང་མིག་སོགས་འཁྲུལ་འཁོར་རོ། །འདི་རྣམས་བྱ་སླ་ཞིང་གནད་ཆེ་བ་དག་གོ །འཁྲུལ་འཁོར་གྱི་ཡིག་ཆུང་སྟེ་བཅུ་གསུམ་པའོ། །ཨྠིྀ།།


TNT10_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། རྫོགས་རིམ་གྱི་དམིགས་པ་གང་ལ་ཡང༌། སེམས་གཏད་པ་ཙམ་གྱི་རླུང་ཡོན་པོ་ཡང་མཉམ་རྒྱུར་ཐེངས་ན། དབུ་མར་ཞུགས་པ་ཞེས་བྱ། དམིགས་པ་གང་ལ་སེམས་གཏད་པས། སྣ་སྒོར་རྒྱུ་བ་འགགས་ན་གནས་པ་ཞེས་བྱ། ཁོང་རླུང་གི་ཁེངས་པ་བཞིན་ཡོད་པ་ཡང་ཡལ་ཞིང་ཐིམ་པའི་ཚེ། ཐིམ་པ་ཞེས་བྱ། ཐིམ་མ་ཐག་དྲོད་དང་ཞུ་བདེ་སྐྱེ། བདེ་དྲོད་མ་བྱུང་ན་ཐིམ་པ་རྣམ་དག་མ་ཡིན། དྲོད་ལ་སྲབ་མཐུག་དང༌། ཕྱི་ནང་དང༌། གནས་གཞན་དུ་འཕོ་བ་མྱུར་བུལ་སོགས་ཀྱི་ཁྱད་པར་ཡོད། བརྟགས་ལྔ་ཡང་རླུང་ཐིམ་པའི་ཚེ་གཙོ་བོར་འབྱུང་སྟེ། འགའ་ཞིག་རྟགས་ལྔ་དང༌། དཀར་ལམ་ཤར་བ་སོགས། སེམས་ཀྱི་ཁྱད་པར་གྱི་དཔེར་བཞེད་པའང་ཡོད། འོན་ཀྱང་རྟགས་སྣང་དེ་རྣམས་འཆར་བ་ཡིན་ཏེ། དེ་ལ་སྣང་བ་དཀར་ལམ་འཇམ་པ་དང་བདེ་བའི་རྣམ་པ་ཅན་དུ་འཆར། མཆེད་པ་དམར་ལམ་རྩུབ་ཅིང་གསལ་བ་ཐོད་དཀའ་བའི་རྣམ་པ་ཅན་འཆར། ཐོབ་པ་ནག་ལམ་རྒྱལ་བ་དྲན་མེད་ཀྱི་རྣམ་པ་ཅན་འབྱུང༌། བཞི་པ་འོད་གསལ་གསལ་ཞིང་རིག་པ་བདེ་བ་ཆེན་པོའི་རྣམ་པ་ཅན་འབྱུང༌། དེ་རྣམས་ཕྱི་མ་ཕྱི་མ་རྣམ་རྟོག་ནུབ་ཕུལ་ཆེ་ཞིང༌། མྱོང་བ་ངོས་ཟིན་པ་གལ་ཆེ། དེ་བཞི་དང་དགའ་བ་བཞི་ཕྱོགས་མཐུན་པ་ཡིན་མོད། འོན་ཀྱང་འཁོར་ལོ་བཞིར་བབས་པའི་ཉམས་མྱོང་གི་དབང་དུ་བྱས་ན།


TNT10_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་སྣང་ཙམ་གདོང་ལ་ལྗིད་བབས་པ་འདྲ་བ་ནི་དགའ་བ་རྫོགས་པའི་ཚད་ཡིན། སྙིང་ཁར་ལྷང་བས་ནི་མཆོག་དགའ་རྫོགས་ལྟེ་བར་ཤིགས་སེ་འབྱུང་བས་ཁྱད་དགའ་རྫོགས། གསང་བར་མེར་གྱི་འབྱུང་བ་ནི་ལྷན་སྐྱེས་སོ། །ལུགས་བཟློག་ལ་ཡང༌། གསང་བར་སྟོང་སང་བ་དང༌། ལྟེ་བར་སྒྲིང་ངེ་བ་དང༌། སྙིང་ཁ་ཁང་བ་དང༌། སྤྱི་བོར་སྒྲིད་ཆིལ་བ་དང་བདེ་བ་དང་ཟུག་ངུའི་རྣམ་པ་ཅན་ཅི་རིགས་སུ་འབྱུང་བ་ནི་མས་བརྟན་གྱི་དགའ་བ་བཞིའོ། །དགའ་བ་བཞི་པོ་འདི་དག་ལས་དང་པོ་པ་རྣམས་ལ། ལས་ཀྱི་ཕྱག་རྒྱ་ཁོ་ནས་གསལ་བར་མཚོན་ལ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་མན་ཆད་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཏུམ་མོས་ཀྱང་གསལ་པོ་མཚོན་ནུས་སོ། །དགའ་བ་བཞི་དང་སྐད་ཅིག་མ་བཞི་སྦྱོར་བ་མྱོང་བའི་སྟེང་ནས་ངོས་འཛིན་པ་དང༌། དེ་བཞིན་དུ་སྐད་ཅིག་མ་བཅུ་དྲུག་སོགས་ཀྱང་ངོས་ཟིན་དགོས་ལ། རང་བཞིན་སྣང་བའི་དབྱེ་བའང་ཞིབ་ཏུ་ཤེས་དགོས་མོད་ཀྱི་རྣམ་གཞག་རྣམས། བཤད་པ་ལས་ཤེས་ཤིང༌། མྱོང་བ་ལག་ལེན་ལྟོས་པས་རྩད་བཅད་པར་བྱའོ། །ཉམས་ཀྱི་ཡི་ཆུང་སྟེ་བཅུ་བཞི་པའོ། །ཨྠིྀ། །ན་མོ་གུ་ར་བེ། འདིའི་ལོ་རྒྱུས་ཟུར་དུ་ཤེས། ཐུན་མོང་མ་ཡིན་པའི་གནད་འདི་ལ་རྣམ་པ་ལྔ་སྟེ། ཁ་སྦྱོར་གྱི་དྲང་བ་དང༌། ལྟོ་བ་ཕྱིར་བསྐྱེད་པས་བོགས་དབྱུང་བ་


TNT10_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ནང་གི་ཁ་སྦྱོར་གྱི་བཅུད་ལེན་ཅིང་ནད་གསལ་བ་དང༌། གློད་ཅིང་སྐྲད་པའི་མཐའ་འགྱུར་བ་འགེགས་པ་དང༌། རྒྱལ་མཚན་གཟུག་པའི་ཆོ་གས་བོགས་དབྱུང་བའོ། །དང་པོ་ནི་སྟེང་རླུང་བསུ་མ་ཅུང་ཟད་བཅུག་ལ། ཐུར་སེལ་དལ་བུས་དྲང་བ་དང༌། དྲག་ཏུ་དྲང་བ་དང༌། དཔེ་མེད་པར་འདྲེན་པ་གསུམ། ཐུར་སེལ་གྱི་བསུ་མ་བཅུག་ནས། སྲོག་མནན་པ་དང༌། དྲག་ཏུ་མནན་པ་དང༌། དཔེ་མེད་པར་མནན་པ་དང་གསུམ་མོ། །འདི་སྲོག་ཐུར་བསྲེ་བ་ལ་བསྔགས་སོ། །གཉིས་པ་ནི། རླུང་གཉིས་ཁ་སྦྱར་བ་རྒྱབ་ནས་རླུང་མདུན་དུ་དྲངས། :སུས་[སུག་]པར་སྡིག་ལ་ལྟོ་བ་ཕྱིར་སྐྱེད་པ་དང༌། དྲག་ཏུ་བསྐྱེད་པ་དང༌། དཔེ་མེད་པར་བསྐྱེད་པ་དང་གསུམ་མོ། །འདི་གོང་མའི་བོགས་འདོན་ནོ། །ཏེ་ལྟོ་བ་ཁ་སྦྱར་དང༌། དྲག་ཏུ་ཁ་སྦྱར་དང༌། དཔེ་མེད་པར་ཁ་སྦྱར་དང་གསུམ་མོ། །འདིས་ཕོ་ནད་ལ་སོགས་པ་འཇོམས་སོ། །འདི་བརྟན་ན་གང་ན་སར། ཁ་སྦྱོར་དེ་ཉིད་དྲག་ཏུ་བྱས་པས་སེལ་ལོ། ། བཞི་པ་ནི། སྲིན་པོའི་ལམ་ཕུལ་བ་དང༌། དྲག་ཏུ་ཕུལ་བ་དང༌། དཔེ་མེད་པར་ཕུལ་བ་དང་གསུམ་མོ། །འདིས་ནི་ཐིག་ལེ་འགག་གོ །དེའི་བོགས་འདོན་དུ། ཡན་ལག་


TNT10_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྒྲད་པ་དང༌། དྲག་ཏུ་སྒྲད་པ་དང༌། དཔེ་མེད་པར་སྒྲད་པ་གསུམ་མོ། །འདི་ལ་ལུས་ཉ་བཞི་གློད་པ་ཡིན་ལ། འདིས་ཀྱང་ནད་སེལ་བ་ཡིན་ནོ། །ལྔ་པ་ནི། སྟེང་རླུང་ཁོང་མནན་ཙམ་བྱ། ཨ་ལོང་འབྱེད་འཛུམ་གྱི་སྦྱོར་བས། རྒྱལ་མཚན་གཟུག་པ་དང༌། དྲག་ཏུ་གཟུག་པ་དང༌། དཔེ་མེད་པར་གཟུག་པ་དང་གསུམ་མོ། །འདི་ལ་ཉ་བཞི་སྒྲིམ་བཞིན་ཁྲོ་བོ་ལྟར་བསྡུས། སྐབས་འགར་ལྟོ་བ་འགྱུར་བྱ། བདེ་བའི་བོགས་འདོན་ནོ། །དང་པོ་ལ། ལྷ་དཀར་པོ་ཞི་བ། འབར་བའི་ཕྱག་རྒྱ་ཅན་ཞབས་ཀྱི་རྩེ་བཙུགས་པ་གཅིག་སྒོམ། ལུས་ཀྱང་བྱ་རོག་གི་འདུག་སྟངས་བྱ། གཉིས་པ་ལ། སེར་པོ་བརྗིད་པ་ལ་བཞུགས་པ་གཅིག་སྒོམ། ལུས་གནད་ལག་པད་པུས་མོ་ལ་འགེབས། གསུམ་པ་ལ། ལྷ་མོ་ནག་མོ་ཁྲོས་པ་གཅིག་སྒོམ། ལུས་ཐབ་འགལ་བྱ། བཞི་པ་ལ། ལྷ་ལྗང་ཁུ་སྤྱན་གྱེན་དུ་གཟིགས་པ་གཅིག་གི་སྣའི་ནང་དུ། དུ་བ་དམར་སེར་ཡལ་ལེ་བ་སྒོམ། ལྔ་པ་ལ། ལྷ་དམར་པོ་གཡས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་འཁྲོལ་བ་གཅིག་སྒོམ། དེ་གཉིས་ལ་ལུས་གནད་ངེས་པ་མེད། ཐུན་མོང་མ་ཡིན་པའི་མན་ངག་གི་ཡིག་ཆུང་སྟེ་བཅོ་ལྔ་པའོ། །ཨྠིྀ །།ན་མོ་གུ་ར་བེ། རླུང་རང་འགག་དང༌། ཤེས་པ་གནམ་དུ་འཕང་པ་དང༌། ནམ་མཁའ་


TNT10_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡས་པ་དང༌། སྤྱི་བོར་གཏད་པ་དང༌། གཟོ་མེད་དང༌། བདེ་བའི་ངོ་བོ་དམིགས་གཏད་ཞིག་པ་རྣམས་བཟུང་བའི་མན་ངག་གོ །རྒྱ་མཚོའི་རི་རབ་ལ་ཅེར་བ་དང༌། དར་ཆེན་རང་གནས་སུ་འཕྱར། གླིང་བཞི་དབང་དུ་བསྡུས། བྱ་རྒོད་ནམ་མཁར་སྤུར། རི་རབ་རྩེ་མོ་དགུག ཤེས་པ་སྤྱི་བོར་གཏད་ལ་ཧཱུཾ་ཕཊ་ཀྱི་མདའ་གཞུས་འཕང་བ་ནི་ཟློག་པའི་མན་ངག་གོ །ལུས་འཇའ་ཚོན་ལྟར་བན་བུན་སོང་བར་བསམ་པ་ནི། ཁྱབ་པའི་མན་ངག་གོ །དཔྲལ་བར་མིག་དམར་པོ་འབྱེད་འཛུམ་བྱེད་པ་ལ་བསམས་པས་འགྱུར་བ་དལ་བར་འགྱུར་རོ། །ཨེ་རེའི་ཐལ་བ་དང༌། དྷ་དུ་རས་བྱུགས་པས་ཀྱང་ངོ༌། །འགའ་ཞིག་སོར་མོས་སྐུད་པ་གནོན་པ་དང༌། རྫས་ཀྱི་སྒོ་ནས་འགྱུར་བ་རེངས་པར་བྱེད་པ་ནི་ཐབས་སྡུགས་སོ། །གཤིན་རྗེ་གཤེད་དམར་པོ་དང༌། མི་གཡོ་བའི་རྒྱུད་ལས་མང་དུ་གསུངས་པའི་ལས་ཚོགས་ཙམ་ལ་དགོངས་པ་ཡིན་ནོ། །མན་ངག་གི་གནད་ཐུན་མོང་པའི་ཡིག་ཆུང་སྟེ་བཅུ་དྲུག་གོ། །མན་ངག་འདི་རྣམས་སྐལ་བ་དང་ལྡན་པ་དག་གི་ཉམས་སུ་ལོངས་ཤིག རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ལ་འགྲུབ་པའི་ཐབས་ཆེན་པོ་བླ་ན་མེད་པའི་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་བྱུང་བ་ཡིན་ནོ། །གནད་དང་ལག་ལེན་བླ་མའི་ཞལ་ལས་ཤེས། །རྩ་བརྒྱུད་བླ་མས་བྱིན་རླབས་ཤིང༌། ། དཀྱིལ་འཁོར་སློབ་དཔོན་ཆེན་པོར་གྱུར། །ལྷས་བྱིན་རླབས་པའི་


TNT10_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཐོབ། །འོད་གསལ་རྡོ་རྗེའི་སེམས་དང་ལྡན། །དེ་ཡི་མན་ངག་ཇི་ལྟ་བར། །མངོན་སུམ་དུ་ནི་རྟོགས་ན་ཡང༌། །རེ་ཞིག་ཡི་གེར་མ་བྲིས་པ། །དེང་འདིར་ཡིག་ཆུང་སོ་སོར་བཀོད། །སྡོམ་པས་ཡི་གེ་ཆེན་པོར་སོང༌། །དབང་ཆོག་གསང་བའི་ལོ་རྒྱུས་དང༌། །ལམ་གྱི་ཆིངས་རྣམས་ཤེས་དགོས་སོ། །འདི་ནི་གསང་བ་ཆེན་པོ་ཡིན། །ཟབ་ལམ་བཀའ་རྒྱ་མའི་ཡི་གེ་འདི་རྣམས་ཀྱང་ཏཱ་ར་ནཱ་ཐས་རང་ལོ་ཉེར་ལྔར་ཉེ་བ་ལ། སློབ་མ་ཟབ་དོན་གཉེར་བ་རྣམས་ཀྱི་དོན་དུ་སྦྱར་བའི་ཡི་གེ་པ་ནི་དད་ལྡན་གྲགས་པ་བཟང་པོའོ། །ཡི་གེ་འདི་ཅི་ཐོད་ཐོད་མ་སྟོན་ཅིག།། དགེའོ།། བཀྲ་ཤིས་སོ།།

སྨར་ཁྲིད་ཚོམ་བུ་ལུགས།


TNT10_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྨར་ཁྲིད་ཚོམ་བུ་ལུགས་བཞུགས།


TNT10_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཕགས་པ་ཐུགས་རྗེ་ཆེན་པོའི་མན་ངག་ལས་བརྩམས་ནས། ཡི་དམ་ཀུན་གྱི་སྨར་ཁྲིད་ཉམས་སུ་བླང་བར་འདོད་པས་འདི་ལྟར་བྱ་སྟེ། དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་གསུམ་མོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང༌། འཆི་བ་མི་རྟག་པ་དང༌། འཁོར་བའི་སྡུག་བསྔལ་དང༌། ལས་རྒྱུ་འབྲས་བསམ་པ་རྣམས་སྤྱི་དང་འདྲ་སྟེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སོགས་གཞན་ལས་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་རྫོགས་ཤིང་བྱིན་རླབས་འཇུག་པ་མཎྜལ། བླ་མའི་རྣལ་འབྱོར་དང་བཅས་པ་རྣམས་ཡིན་ཏེ། དེ་དག་ཀྱང་རྒྱས་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་ཁྲིད་ཡིག་ཏུ་


TNT10_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱའོ། །བསྡུ་ན་ཐུན་འགོའི་སྐྱབས་འགྲོ་སེམས་བསྐྱེད་དང༌། བླ་མའི་རྣལ་འབྱོར་ཙམ་གྱིས་ཀྱང་ཆོག གཉིས་པ་དངོས་གཞི་ལ། བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས། དང་པོ་ལ། ཐུན་གྱི་སྔོན་འགྲོ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་དམིགས་ཏེ། ཅི་མཛད་ཁྱེད་རང་ཤེས་སོ་སྙམ་པའི་བློས་འགེལ་གྱི་སྐྱབས་འགྲོ་དང༌། མཁའ་མཉམ་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྙིང་རྗེས་ཀུན་ནས་བསླངས་པའི་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་གསལ་བཏབ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཡིད་མ་ཡེངས་པར་མང་དུ་བརྗོད། སྤྱི་བོར་བླ་མ་བསྒོམ། མོས་གུས་དུང་བ་དང་བཅས་པས་ཡིག་བརྒྱ་མང་དུ་བཟླས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་པས། འོད་དུ་ཞུ་ནས་རང་ལ་ཐིམ་པར་


TNT10_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ཅུང་ཟད་སེམས་ངལ་གསོ། ཐུན་གྱི་དངོས་གཞིའི་རྣལ་འབྱོར་ནི། རྣམ་པ་གསུམ་སྟེ། རང་ཡི་དམ་ཀུན་འདུས་སུ་བསྒོམ་པ། སྤྱི་བོར་བླ་མ་ཀུན་འདུས་སུ་བསྒོམ་པ། མཁའ་ཁྱབ་བཟླས་པའི་རྣལ་འབྱོར་རོ། །དང་པོ་ནི། སྭཱབྷཱ་ཝའི་སྔགས་ལན་གསུམ་བརྗོད་པས། སྣང་བ་ཐམས་ཅད་འཇའ་ཡལ་བ་བཞིན་དུ་སོང༌། སེམས་སྤྲོས་བྲལ་ལ་ཅུང་ཟད་མཉམ་པར་བཞག ཆོས་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་པའོ། །དེའི་ངང་ལས་ཟླ་བའི་དཀྱིལ་འཁོར་ཞིག་བསམ་སྟེ། སྐུ་ཟླ་བ་ལ་བྱང་ཆུབ་པའོ། །དེའི་སྟེང་དུ་ཧྲཱིཿདཀར་པོ་བསམ་སྟེ། གསུང་ཡིག་འབྲུ་ལ་བྱང་ཆུབ་པའོ། །དེ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པ་ལྟེ་བ་ལ་ཧྲཱིཿས་མཚན་པར་གྱུར་པ་ནི། ཐུགས་ཕྱག་མཚན་ལ་བྱང་ཆུབ་པའོ། །དེ་ལས་འོད་འཕྲཽས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ། ཟླ་བས་ས་བོན་ཕྱག་མཚན་རོ་གཅིག་ཏུ་འདྲེས་པ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་གྲུབ་པ་ནི། ལྷ་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །དེ་ནས་སྐུ་མདོག་དཀར་པོ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཕྲེང་བ། གཡོན་འོག་མས་པདྨ་དཀར་པོ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སོགས་མཚན་ཉིད་སྤྱི་དང་མཐུན། དེའི་ཐུགས་ཀ་ནས་འོད་ཟཻར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ། རྒྱུད་སྡེ་བཞིའི་ལྷ་ཚོགས་


TNT10_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་རབ་འབྱམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ། བཛྲ་ས་མཱ་ཛཿ ཛཿཧཱུཾཿབཾ་ཧོ་ཞེས་བརྗོད། རང་ཉིད་རྣམ་པ་མ་འགྱུར་པ་འཕགས་པ་སྤྱན་རས་གཟིགས་ཡིན་ལ། ངོ་བོ་ཡང་མ་གྱུར་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རང་བཞིན་ལ། མཚན་ཉིད་ཁྱད་པར་གྱི་ཆོས་ཡི་དམ་ཀུན་འདུས་པའི་ངོ་བོ་ཡིན་སྙམ་དུ་མོས་པ་དྲག་པོ་བྱ། དེ་ཉིད་ལན་གསུམ་སོགས་བསྐྱར་གྱིན་བསྒོམ་མོ། །ཉམས་ཁྲིད་དུ་བྱེད་ན་རེ་ཞིག་དེ་ལ་དམིགས་སྐོར་གཅིག་ཏུ་བྱེད་དོ། །གཉིས་པ་ནི། མདུན་གྱི་ནམ་མཁར་རྩ་བའི་བླ་མ་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་པར་བྱོན། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྤྱི་བོ་ནས་རྐང་མཐིལ་གྱི་བར་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་དག ཡོན་ཏན་ཐམས་ཅད་རྫོགས། བླ་མ་འོད་དཔག་མེད་རང་གི་སྤྱི་བོར་བཞུགས། དེའི་ཐུགས་ཀ་ནས་འོད་འཕྲོས། དངོས་སུ་ཆོས་འབྲེལ་ཐོབ་པའི་རྩ་བའི་བླ་མ་རྣམས་དང༌། དངོས་སུ་མ་མཇལ་ཡང་ཆོས་བརྒྱུད་ལ་བཞུགས་པའི་བརྒྱུད་པའི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ། རྩ་བའི་བླ་མ་འོད་དཔག་མེད་ལ་ཐིམ་པས། དེ་ཉིད་བླ་མ་ཀུན་འདུས་སུ་གྱུར། དེ་ལ་མོས་གདུང་དྲག་པོས་རྩེ་གཅིག་ཏུ་གསོལ་བ་གདབ་པར་བྱའོ། །འདི་ཡང་དམིགས་སྐོར་གཅིག་གོ གསུམ་པ་ནི།


TNT10_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བཟླས་པ་ན། རང་ཡི་དམ་ཀུན་འདུས་ཡིན་པས་ཡི་དམ་ཐམས་ཅད་ཀྱི་བཟླས་པར་གྱུར་ལ། རིགས་བདག་བླ་མས་གསུངས་པས་བླ་མ་ཐམས་ཅད་ཀྱི་བཟླས་པར་སོང༌། རང་གི་སྐྲ་ཉི་ཁྲི་ཆིག་སྟོང༌། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི། སྲིན་བུ་བརྒྱད་ཁྲི་བཞི་སྟོང་སོགས་ཀྱང་ལྷའི་ངོ་བོར་གནས་པས། དེ་ཐམས་ཅད་ལས་ཡིག་དྲུག་གི་སྒྲ་རེ་བྱུང༌། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལྷར་གསལ་བ་དང༌། ནམ་མཁའ་གང་བའི་སངས་རྒྱས་རྣམས་དང༌། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་ལས་ཀྱང་ཡིག་དྲུག་གི་སྒྲ་རྒྱུན་མི་འཆད་པར་འབྱུང་ནས། སྣང་སྲིད་ཐམས་ཅད་ཡིག་དྲུག་ཏུ་འུ་རུ་རུ་འདུག་པར་མོས་ཏེ། མ་ཎི་གང་ནུས་སུ་བཟླ་བ་ཉིད་དོ། །ཐུན་གཅིག་གོ །དེ་ཐམས་ཅད་ལ་ཐུན་གྱི་རྗེས་ནི། ལྷ་སྐུ་སྟོང་པ་ཉིད་དུ་སྦྱངས་ལ་ཅུང་ཟད་བཞག དེ་ལྟར་བསྒོམས་པའི་དགེ་བས་བདག་དང་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པས་བསྔོ་བ་སྨོན་ལམ་གདབ། གཉིས་པ་རྫོགས་པའི་རིམ་པ་ནི། ཐུན་གྱི་སྔོན་འགྲོ་སྔར་དང་འདྲ། ལུས་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ། དེ་ཡེ་ནས་མ་ལྕོགས་ན་སེམས་དཔའི་སྐྱིལ་ཀྲུང་བྱ། ལག་པ་མཉམ་གཞག་གམ། ཁུ་ཚུར་བརླ་བཞག སྒ་ཚིགས་བསྲང༌། སོ་མཆུ་རང་སར་བཞག ལྕེ་རྐན་ལ་སྦྱར། དཔུང་པ་ཕྱིར་བཀྱེད། མིག་ལྟ་སྟངས་ཅུང་ཟད་གྱེན་དུ་


TNT10_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་དེ། དེ་རྗེས་རླུང་རོ་གསུམ་བསལ་ནས་རླུང་རང་སོར་བཞག སེམས་དུས་གསུམ་གྱི་རྣམ་རྟོག་ཡིད་བྱེད་སྤྲོས་པ་ཐམས་ཅད་སྤངས་ནས། མ་བསྒྲིམས་མ་གློད་གང་ཡང་མ་བསམ་པར་ཆམ་མེ་བཞག བྱིང་རྨུགས་དང་འཕྲོ་རྒོད་བྱུང་ན། ཅུང་ཟད་བསྒྲིམས་ཤིང་བསྒྲིམས་འཕྲོ་ལ་གློད། ཐུན་གྱི་རྗེས་སྔ་མ་དང་འདྲ་སྟེ་དམིགས་སྐོར་གཅིག་གོ །དེ་ལྟར་ན་སེམས་གནས་པ་དེ་ཉིད་ངོས་བཟུང་བྲལ་ཞིང༌། སྣང་ཆ་མ་འགགས་པ་ངོས་ཟིན་པར་བྱ་སྟེ། ཡང་དམིགས་སྐོར་གཅིག་གོ །ཡང་སྣང་བ་གང་ཤར་ཐམས་ཅད་གསལ་ལ་ངོས་བཟུང་མེད་པར་གདོད་མ་ནས་གནས་པས། དགག་སྒྲུབ་སྤང་བླང་མེད་པས་གང་ཤར་དེ་ཁའི་ངང་སྐྱོང་བ་སྟེ། ཡང་དམིགས་སྐོར་གཅིག་གོ །རྒྱས་པར་ན་སོར་སྡུད་བསམ་གཏན་སོགས་ཀྱི་མན་ངག་ཀྱང་འདིར་ཅི་རིགས་པ་བསྟན་དགོས་ལ། ཡང་ན་ཕྱག་རྒྱ་ཆེན་པོར་གྲགས་པ་སོགས་ལྟ་ཁྲིད་གཞན་དང་མཐུན་པར་ངོ་སྤྲད་ཀྱང་རུང་ངོ༌། །མདོར་བསྡུ་ན། རྫོགས་རིམ་དམིགས་སྐོར་གསུམ་པོ་ཉིད་ལ་གནད་ཐམས་ཅད་ཚང་བས་འདི་ཙམ་གྱིས་ཆོག་ཤེས་པར་ཡང་བྱའོ། །དེས་དངོས་གཞིའི་ཁྲིད་ཚར། གསུམ་པ་རྗེས་ཀྱི་ཆོས་དྲུག་སྟེ། བཟའ་བ་ཟས་ཀྱི་རྣལ་འབྱོར། བགོ་བ་གོས་ཀྱི་རྣལ་འབྱོར། འདུག་ས་གནས་ཁང་གི་རྣལ་འབྱོར། གཉིད་ལོག་འོད་གསལ་གྱི་རྣལ་འབྱོར། འཆི་ཁར་སངས་རྒྱ་བ་འཕོ་བའི་རྣལ་འབྱོར། བར་དོར་སངས་རྒྱ་བར་དོའི་རྣལ་འབྱོར་རོ། །དང་པོ་ནི།


TNT10_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་ཆེ་ཆུང་གང་ལ་ལོངས་སྤྱོད་ཀྱང༌། ཨོཾ་ཨཱཿཧཱུཾ། ཞེས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། དེ་ནས་འབྲུ་གསུམ་ཁོ་ན་མང་དུ་བརྗོད་ལ། ཕུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕུལ། བདག་ཉིད་ལྷའི་ང་རྒྱལ་གྱིས་ལོངས་སྤྱོད་དོ། །གཉིས་པ་ནི་དེ་དང་འདྲ་བ་ལས། གོས་ལྷ་རྫས་ཀྱི་ན་བཟའ་དཔག་ཏུ་མེད་པར་བྱིན་གྱིས་རློབ། གསུམ་པའང་དེ་དང་འདྲ་བ་ལས། གནས་ཁང་ངམ་འདུག་ས་གང་ཡིན་པ་དེ། གཞལ་མེད་ཁང་དུ་བྱིན་གྱིས་བརླབས་ནས་མང་པོར་སྤེལ་བའོ། །བཞི་པ་ནི། སྙིང་གར་ཡི་དམ་འཕགས་པ་སྤྱན་རས་གཟིགས་སོར་བཞི་ཙམ་པ་གསལ་བཏབ། སྤྱི་བོར་བླ་མ་འོད་དཔག་མེད་བསྒོམ། གཉིས་ཀ་ལ་མོས་གུས་དུང་དུང་པ་སྤེལ་མར་བསྒོམ། ཉལ་པའི་ཚེ་སྤྱི་བོའི་བླ་མ་འོད་དཔག་མེད་ཚངས་བུག་ནས་ཞུགས། སྙིང་གའི་ཡི་དམ་ལ་ཐིམ་པའམ། དེའི་རིགས་བདག་གི་ཚུལ་དུ་བཞུགས་པ་གང་མོས་པ་ཞིག་བསྒོམས་ལ། སྙིང་གའི་བླ་མ་ཡི་དམ་ལ་སེམས་གཏད་དེ། གཉིད་དུ་འགྲོ་བར་བྱས་པས་འོད་གསལ་ཟིན་པར་འགྱུར་རོ། །ལྔ་པ་ལ་སྦྱང་བ་དང༌། ལས་ལ་སྦྱར་བ་གཉིས་ཀྱི། དང་པོ་ནི། སྤྱི་བོར་བླ་མ། སྙིང་གར་ཡི་དམ། ལྟེ་བར་ཆོས་འབྱུང་དཀར་པོའི་ནང་དུ་ཐིག་ལེ་སྔོ་དམར། ཚངས་བུག་རྒྱ་མཐོང་ཁ་བྱེ་བ་བཞིན་དུ་སྐྱ་ཐལ་ལེ་ཡངས་པོ་ཞིག་བསྒོམ། རླུང་རོ་བསལ། རླུང་བག་ཙམ་བཟུང་བས་ལྟེ་བའི་ཐིག་ལེ་སྔོ་


TNT10_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མར་དེའི་དཀྱིལ་ནས། ཐིག་ལེ་དཀར་སེར་ཡུངས་ཀར་ཙམ་ཞིག་ཐོན་ཧཱིཀ་རིང་པོ་བརྗོད་ཅིང་རླུང་ཁ་ནས་ཕྱིར་བསལ་བས་ཐིག་ལེ་དཀར་སེར་དེ་ཡང་ཧྲིལ་ལི་ལི་བྱུང༌། སྙིང་ཁའི་ཡི་དམ་ལ་བསྐོར་བ་ལན་གསུམ་བྱས་ཏེ། ཚངས་བུག་ནས་རྒྱང་སྟེ་ཐོན་ནས་བླ་མའི་ཐུགས་ཀར་ཐིམ། དེ་ལྟ་བུ་བསྐྱར་གྱིན་ལན་བདུན་སོགས་གང་མང་བསྒོམ། དེ་ནས་འབེབས་པ་ནི། ཡར་འཕོས་པ་ཐམས་ཅད་གཅིག་ཏུ་འདུད་པའི་ངོ་བོ་ཡུངས་འབྲུ་ལྟ་བུ་དེ་སྔར་གྱི་ལམ་བརྒྱུད་ནས་ལྟེ་བའི་ཐིག་ལེ་ལ་ཐིམ། དེ་ཉིད་ལན་མང་དུ་བྱས་ནས། ཐུན་འཇོག་པའི་ཚེ། བླ་མ་ཡང་འོད་དུ་ཞུ་ནས་ཐིམ། ཚངས་བུག་ཀྱང་ཟུམ་པར་བསམས་ནས་དགེ་བ་བསྔོ། གཉིས་པ་ལས་ལ་སྦྱར་བ་ནི། དུས་ལ་བབས་པའི་ཚེ་བྱ་སྟེ། འབེབས་པ་དང་བླ་མ་བསྟིམ་པ་དང་སྒོ་འགེགས་པ་གསུམ་སྤངས་པས་གཞན་སྔར་བཞིན་ནོ། །དྲུག་པ་ནི་སྣང་བ་འདི་ཐམས་ཅད་ལ་བར་དོ་ཡིན་སྙམ་པའི་འདུན་པ་དྲག་ཏུ་སྦྱངས། གནས་སྐབས་འདི་ཡར་འགྲོ་དང་མར་འགྲོའི་ས་མཚམས་ཆེན་པོ་ཡིན་པས། ཉོན་མོངས་པའི་དབང་དུ་སྐད་ཅིག་ཀྱང་མི་གཏོང་སྙམ་པའི་ཞེ་བཅད་དྲག་ཏུ་བྱས་ནས། གཟུགས་སུ་སྣང་ཚད་སྤྱན་རས་གཟིགས་ཀྱི་སྐུ། སྒྲ་གྲགས་ཚད་ཡི་གེ་དྲུག་པའི་སྔགས། དགྲ་གཉེན་ཆགས་སྡང་གི་ཡུལ་སོགས་བདག་གཞན་སྣོད་བཅུད་སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམ། ཐུན་མཚམས་སུ་ཡང་དྲན་པའི་ལྕགས་ཀྱུས་བཟུང་སྟེ། སེམས་ཅན་མཐོང་ཚད་ཡི་དམ་དུ་བསྒོམ། ཆགས་སྡང་གི་ཡུལ་སོགས་གང་ཤར་ཐམས་ཅད་བདེན་མེད་སྒྱུ་མའི་རྩིས་ཟིན་པར་བྱེད་པ་གལ་ཆེའོ། །དེ་ལྟར་ན་སྨར་ཁྲིད་ཚིམ་བུ་ལུགས་ཀྱི་


TNT10_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བསྡུས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།ཞུས་དག །དགེ་ལེགས་འཕེལ། །

སྙིང་པོ་དོན་གསུམ་གྱི་ཁྲིད།


TNT10_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དོན་གསུམ་གྱི་ཁྲིད་བཞུགས།


TNT10_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ལུང༌། རྗེ་བཙུན་མི་ཏྲ་ཛོ་གིའི་གདམས་པ། སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་ནི་འདི་ཡིན་ཏེ། ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། །འཆི་ཁར་འཕོ་བའི་མན་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་པར་བྱ། །རྒྱུན་དུ་བསྒོམ་པ་ཀུན་གྱི་གནད།། ཅེས་གསུངས་ཏེ། ཚེ་འདིར་སྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ། སྔོན་འགྲོ་དང་དངོས་གཞི་གཉིས་སོ། །དང་པོ་ནི། མི་རྟག་སྡུག་བསྔལ་དྲན་བྱས་ནས། །སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །ཞེས་གསུངས་པ་ཡིན་ཏེ། ད་ལྟའི་ལུས་སེམས་སྣང་བ་དང་བཅས་པ་ལ་གཞིག་འགྲེལ་ཞིག་བཅུག་ནས། འདི་ཐམས་ཅད་མི་རྟག་ཅིང་འཇིག་པའི་ཆོས་ཅན་ཡིན། ཁྱད་པར་ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མིན་པ་ཅིས་ཀྱང་མི་ཕན་སྙམ་པ་དང༌། ཤི་ནས་ཁུངས་མེད་དུ་ནི་མི་འགྲོ། ད་ལྟའི་དགྲ་གཉེན་ལོངས་སྤྱོད་སྣང་བ་འདི་རྣམས་གང་


TNT10_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྗེས་སུ་མི་འབྲང༌། ལས་བཟང་ངན་གྱི་དབང་གིས་རིགས་དྲུག་ཏུ་སྐྱེ་བ་ལེན་པ་ན། གང་དུ་སྐྱེས་ཀྱང་སྐྱིད་མེད་སྡུག་བསྔལ་འབའ་ཞིག་ཡིན་སྙམ་པ་དང༌། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་ཡིན་པ། དེ་ཡང་ལེགས་པར་བརྟགས་ན་མཁའ་མཉམ་འགྲོ་དྲུག་གི་སེམས་ཅན་དྲིན་ཅན་ཕ་མ་རྣམས་སྡུག་བསྔལ་མཐའ་མེད་པ་མྱོང་བ་ཡིན་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ལས་བདག་གིས་དྲང་བར་བྱ་སྙམ་པ་སྟེ། འདུན་པ་གསུམ་པོ་དེ་རྒྱུན་ཆགས་སུ་བསྒོམ་པ་ཡིན་པ་ལས། འདུན་པ་གསུམ་པོ་དེ་ལ་ཐུན་རེ་རེའམ་གསུམ་ཀར་བསྡོམས་ནས་ཐུན་གཅིག་ཏུ་བྱས་ཀྱང་རུང་ངོ༌། ། གཉིས་པ་ནི། སྤྱི་བོར་བླ་མ་སྙིང་གར་ལྷ། །རང་སེམས་སྐྱེ་མེད་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། གནད་གསུམ་ལས་དང་པོ་སྤྱི་བོར་བླ་མ་བསྒོམ་པ་ནི། རང་གི་སྤྱི་བོར་ཆོས་སྐུའི་ངོ་བོ་ནི་ཤེལ་གྱི་མཆོད་རྟེན་སྒོ་སྟོང་དང་ལྡན་པའོ། །ལོངས་


TNT10_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ངོ་བོ་ནི་དེ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤྲུལ་སྐུའི་ངོ་བོ་ནི། སྒོ་རེ་རེ་ན་སངས་རྒྱས་རེ་རེ་བཞུགས་པ། སྐུ་གསུམ་དབྱེར་མེད་ཀྱི་ངོ་བོ་མཆོད་རྟེན་གྱི་བུམ་པའི་ནང་ན་རྩ་བའི་བླ་མ་སྐུ་དངོས་སམ། རྡོ་རྗེ་འཆང་གི་རྣམ་པ་ཅན་ནོ། །མོས་གུས་དུང་བྱས་ལ། སྐྱེ་མེད་ཆོས་སྐུའི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འགག་མེད་ལོངས་སྐུའི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །གནས་མེད་སྤྲུལ་སྐུའི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སྐུ་གསུམ་བདེ་ཆེན་གྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།། བདག་ལ་བྱིན་གྱིས་རླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་འོད་ཟེར་རམ་བདུད་རྩིའི་རྒྱུན་དུ་ཞུ་ནས་རང་ལ་ཐིམ་པས། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་རང་སེམས་དབྱེར་མེད་དུ་གྱུར་པའི་ངང་ལ་མཉམ་པར་བཞག གནད་གཉིས་པ་སྙིང་གར་ཡི་དམ་བསྒོམ་པའི་མན་ངག་ནི། རང་གི་སྙིང་གར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བ་ལ། འཕགས་པ་སྤྱན་རས་གཟིགས་ཁ་སར་པ་ཎིའམ། འཕགས་པ་ཕྱག་བཞི་པ་གང་མོས་པ་ཞིག་བསྒོམ། ཐུགས་ཀར་ཟླ་བ་ལ་ཧྲིཿ འདབ་མ་སྟོང་ལ་ཨ་ཡིག་དཀར་པོ་རེ་རེ། སྙིང་གའི་ཡི་དམ་ལ་མོས་གུས་དུངས་བ་དང་ལྡན་པས། ཨོཾ་ཨཱཿཧྲཱིཿཧཱུཾ་ཞེས་པ་དང༌། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་ཅི་ནུས་སུ་བཟླ། མཐར་དེ་རྣམས་འོད་དུ་ལྟེམ་སྟེ་ཞུ། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ།


TNT10_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་པའི་ངང་ལ་བཞག གནད་གསུམ་པ་རང་སེམས་སྐྱེ་མེད་བསྒོམ་པའི་གདམས་ངག་ནི། ལུས་གནད་བཅས། དབུགས་རང་བབས་སུ་བཞག སེམས་དུས་གསུམ་གྱི་རྣམ་རྟོག་སྤངས་ཏེ། རང་བབས་སུ་ཤིག་གེ་རང་ཞལ་ལ་བལྟས་པས་ངོས་བཟུང་ཐམས་ཅད་དང་བྲལ་བ་ནི། གཞི་གཉུག་མ་གནས་པ་ལམ་དུ་བྱེད་པའོ། །གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་དང༌། དགའ་སྡུག་མཐོ་དམན་ལ་སོགས་པ་རྣམ་རྟོག་གི་འཆར་སྒོ་གང་འབྱུང་བ། དེ་ཀ་ལ་རང་ངོ་ཤེས་ཙམ་བཟོ་བཅོས་མེད་པར་བཞག་ན། གདོད་མའི་གནས་ལུགས་དང་དབྱེ་བ་མེད་པར་འཆར་བ་ནི། ལམ་གཉུག་མ་འགྱུར་བ་ལམ་དུ་བྱེད་པའི་མན་ངག་གོ །འོག་ཏུ་འཆད་པའི་ལྟ་སྒོམ་སྤྱོད་འབྲས་བཞིའི་སྒོ་ནས་ངོ་སྤྲད་ཀྱང་ཆོག་སྟེ། དངོས་གཞི་ལ་ཐུན་བཞིའམ་ལྔའོ། །གཉིས་པ་འཆི་ཁར་སྒོམ་པ་འཕོ་བའི་མན་ངག་ལ། རང་ལུས་མཆོད་སྦྱིན་བྱས་ནས་སུ། །ལྟོས་པ་ཐམས་ཅད་རབ་སྤངས་ཏེ། །འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །སེམས་ནི་དགའ་ལྡན་གནས་སུ་འཕང༌། །ཞེས་གསུངས་ཏེ། རང་གི་མདུན་དུ་མི་མགོའི་སྒྱིད་བུ་གསུམ་བྱུང༌། རང་གི་ཐོད་པ་འབྲེག་མཚམས་ནས་སྐོར་གྱིས་ཕོག་པ་དེའི་སྟེང་དུ་བཀལ་པས་སྣོད་ཤིན་ཏུ་ཆེ་བར་གྱུར། རང་སེམས་སྤྱན་རས་གཟིགས་ཀྱི་སྐུ་མཐེ་བོང་ཙམ་ཞིག་ལུས་ཀྱི་དབུས་ནས་འཐོན། ལུས་ནི་ཐོད་པའི་ནང་དུ་


TNT10_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལིངས་ཀྱིས་སོང༌། རང་སེམས་ལྷ་སྐུས་ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས། རང་ལུས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་འཕགས་ཚོགས་ཐམས་ཅད་སྤྱན་དྲངས། ཨོཾ་ཨཱཿཧཱུཾ་ཁོ་ན་བཟླ྄་བཞིན་པས། དང་པོར་རྩ་བའི་བླ་མ། དེ་ནས་བརྒྱུད་པའི་བླ་མ། ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུང་མ་རྣམས་ལ་ཕུལ་བས་དགྱེས་པར་བསམ། ལྷག་མ་འགྲོ་བ་རིགས་དྲུག་ལ་གཏོར་བས་ཚིམ་ཞིང་སྡུག་བསྔལ་ཞི། དེའི་ཡང་ལྷག་མ་མཆོད་པ་དང་ཡོ་བྱད་དཔག་ཏུ་མེད་པར་སྤྲུལ་ཏེ། དཀོན་མཆོག་རྣམས་དང་རིགས་དྲུག་ཐམས་ཅད་ལ་ཕུལ་བས་ཚིམ་ཞིང་དགྱེས་པར་བསམ་པ་ནི། རང་ལུས་མཆོད་སྦྱིན་དུ་གཏོང་བའོ། །ད་ལྟའི་སྣང་བ་ཐམས་ཅད་ལ་སེམས་གཏད་ནས། མ་དག་ལས་ཀྱི་སྣང་བ་འདི་རྣམས་ལ་སྔར་ཡང་ཞེན་པས་ཕུད་ད་ཡང་ཞེན་ཆགས་བྱེད་མི་ཉན། ཞེན་པས་འཁོར་བར་འཁྱམས་པ་ཡིན། འདི་དག་དང་ངེས་པར་འབྲལ། མི་རྟག་ཅིང་འཇིག་པས་ཞེན་པས་ཕན་ཡང་མི་ཕན། སྡུག་བསྔལ་གྱི་རང་བཞིན་འདི་ལ་ཞེན་རིམ་ཡང་མི་ཆོག བདེན་མེད་སྒྱུ་མ་ལྟ་བུའི་འཁྲུལ་སྣང་ཡིན་པས། ཞེན་པར་བྱེད་པ་ལ་ཞེན་རྒྱུ་རང་ཡང་མ་གྲུབ་སྙམ་པ་བློས་ལིངས་ཀྱིས་བཏང་བར་བྱ་སྟེ། ལྟོས་པ་བཅད་པའི་མན་ངག་གོ །དགའ་ལྡན་ན་བཞུགས་པའི་རྗེ་བཙུན་བྱམས་པ་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀ་ནས་འོད་ཟེར་གྱི་སྦུབས་རག་དུང་ལྟ་བུ་


TNT10_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནར་གྱིས་བྱུང་ནས། རང་སྤྱན་རས་གཟིགས་སུ་གསལ་བ་འོད་ཀྱི་སྦུ་གུ་དེའི་ནང་དུ་ཆུད་པར་བསམ་སྟེ། ལམ་བཙལ་བའི་མན་ངག་གོ །དེ་ལྟར་མན་ངག་དེ་གསུམ་ནི་འཕོ་བའི་སྔོན་འགྲོའོ། །དེ་ནས་བྱམས་པའི་ཐུགས་ཀར་འཕོ་དགོས་པའི་འདུན་པ་དྲག་པོ་བྱས་པས། ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་སྦུ་གུའི་ནང་ན་མར་བྱུང༌། རང་སྤྱན་རས་གཟིགས་སུ་གསལ་བ་དེ། འོད་ཟེར་ལྕགས་ཀྱུ་ལྟ་བུ་དེས་དྲངས་ནས་སྐད་ཅིག་གིས་བྱམས་པའི་ཐུགས་ཀར་ཐིམ། འདི་དངོས་གཞིའི་དམིགས་པ་ཡིན་པས་ལན་གསུམ་བཞི་བསྟུད་ནས་བསྒོམ། ཡང་བྱམས་པའི་ཐུགས་ཀ་ནས་ཕྱིར་སྤྲོས་ཏེ། པདྨ་ལ་བརྫུས་ཏེ་སྐྱེས་ནས་ཆོས་ཉན་པར་བསམ། རྗེས་ཀྱི་དམིགས་པའོ། །གསུམ་པ་བར་དོར་སྒོམ་པ་བསྲེ་བའི་གདམས་ངག་ནི། འདི་ཉིད་བར་དོར་ཤེས་བྱ་ལ། །ཕྱི་ནང་གསང་བར་བསྒྱུར་བར་བྱ། །སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །མཁས་པས་ཉིད་མཚམས་སྦྱར་བར་བྱ། །ཞེས་པ་སྟེ། འདི་ལ་སྔོན་འགྲོའི་གནད་དེ། ད་ལྟའི་སྣང་བ་ཐམས་ཅད་སྲིད་པ་བར་དོ་དངོས་ཡིན་པར་འདུག སྐབས་འདིར་མ་འཁྲུལ་བ་ཞིག་བྱ་དགོས་སྙམ་པའི་སྐྱོ་ཤས་དང་འདུན་པ་དྲག་པོ་བཏང་ངོ༌། །དངོས་བཞི་ནི། ད་ལྟའི་མ་དག་པའི་སྣང་བ་འདི་ཀ་ལ་བཞག་ན། ཆགས་སྡང་གི་རྣམ་རྟོག་སྐྱེས་ཏེ་འཁོར་བར་སྐྱེ་བ་ལེན་པ་འདུག་པས། དག་པའི་སྣང་བར་བསྒྱུར་དགོས་སྙམ་པ་བྱ་ལ།


TNT10_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་གཟུགས་སུ་སྣང་ཚད་སྤྱན་རས་གཟིགས་ཀྱི་སྐུ་དང༌། སྒྲ་གྲགས་ཚད་སྔགས་སུ་མོས་པ་བྱ། ནང་རང་ལུས་སྤྱན་རས་གཟིགས་ཀྱི་སྐུ་དང༌། ངག་སྔགས་སུ་མོས་པ་བྱ། གསང་བ་སེམས་རང་སེམས་སྐྱེ་མེད་སྒོམ་པའི་སྐབས་སུ་བསྟན་པ་ལྟར་གནས་ལུགས་ལ་མཉམ་པར་འཇོག་པ་སྟེ། བསྒྱུར་བ་གསུམ་མོ། །རྗེས་ནི་བདག་གཞན་འགྲོ་དྲུག་གི་སེམས་ཅན་སྣོད་དང་བཅས་པ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་འདུག་པ་ལ་དེ་ལྟར་མ་རྟོགས་པ་སྙིང་རེ་རྗེ་སྙམ་དུ་ཅུང་ཟད་བསྒོམ་མོ། །ཆོས་འདི་ཉིད་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞི་ནི། གང་ཤར་ངོས་འཛིན་ལྟ་བའི་གནད། །དེ་ལ་མ་ཡེངས་སྒོམ་པའི་གནད། །དྲན་པ་རོ་སྙོམས་སྤྱོད་པའི་གནད། །ལྷོངས་སུ་གྱུར་ན་འབྲས་བུའི་གནད། །གྲུབ་ཐོབ་ཆེན་པོའི་གདམས་པའོ། །ཞེས་འབྱུང་བས། སེམས་གནས་སམ་འགྱུའམ་གང་ཤར་ཡེ་གདོད་མ་ནས་ངོས་གཟུང་དང་བྲལ་བ་ངོས་ཟིན་པར་བྱེད་པ་ནི་ལྟ་བ། དེ་ཉིད་དྲན་ཤེས་ཀྱིས་རྒྱུན་སྐྱོང་བ་ནི་སྒོམ་པ། བདེ་སྡུག་དང་རྐྱེན་བཟང་ངན་ཐམས་ཅད་རོ་སྙོམས་པ་ནི་སྤྱོད་པ། ད་ལྟར་རྩོལ་བས་བསྒོམ་དགོས་ཀྱང་ནམ་ཞིག་ན་རྩོལ་མེད་རང་བྱུང་དུ་ཤར་བ་ན་ལྷོངས་སུ་གྱུར་པ་སྟེ་འབྲས་བུའོ། །འདི་དག་གི་དོན་རྒྱས་པས་ཁྲོ་ཕུ་ལོ་ཙཱ་བ་བྱམས་དཔལ་གྱིས་མཛད་པའི་ཁྲིད་ཡིག་ཆེན་མོ་ཉིད་ལས་རྟོགས་པར་བྱའོ། སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།ཞུས་དག །བཀྲ་ཤིས།།

བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།


TNT10_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བདེ་ཆེན་རྡོ་རྗེ་ཤྲཱི་མཱདྡྷེ་རུ་ཀ་ཞི་བ་སྦས་པས་མཛད་པ་བཞུགས།


TNT10_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཨོཾ་བཛྲ་དྷཱ་ར་ཡ་ན་མོ། རྒྱ་གར་སྐད་དུ། བཛྲ་སུ་མརྒྒ་ནཱ་མཿ བོད་སྐད་དུ། རྡོ་རྗེའི་ལམ་བཟང་པོ་ཞེས་བྱུང་བ། རྡོ་རྗེའི་འཛིན་པ་ལ་ཕྱག་འཚལ་ལོ། །མགོན་པོ་བདེ་བ་ཆེན་པོ་ནི། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །མ་ལུས་རྒྱུད་རྣམས་ཐམས་ཅད་ཀྱི། །དེ་ཉིད་རབ་ཏུ་གསལབཤད་བྱ། །རྒྱུད་ཀྱི་དང་པོར་ཨེ་ཝཾ་ཡིག །ཕུང་པོ་ཀུན་གྱི་སྣོད་ཡིན་འདིས། །སྟོང་དང་སྙིང་རྗེའི་བདེ་ཆེན་པོ། །སངས་རྒྱས་འདིར་བརྗོད་འཁོར་བའང་འདི། །འོན་ཀྱང་རང་བཞིན་མངོན་གྱུར་དང༌། །འཛག་མེད་སེམས་ཀྱི་དེ་ཉིད་རིག །འགྲོ་ལ་སྙིང་རྗེའི་སེམས་ཆེན་པོ། །རྒྱུད་ཤེས་སློབ་དཔོན་བསྟེན་བྱ་སྟེ། །བླ་མ་ལ་གུས་དྲང་པོའི་དངོས། །ལམ་དང་སྟོན་པ་གཞན་སྤངས་པ། །ཟབ་མོའི་དོན་ལ་རྟོག་བྲལ་བས། །འབད་ན་ཐམས་ཅད་འབྲས་བུར་བཅས། །བདེ་བ་མཆོག་གི་ཐར་པའི་རྒྱུད། །གཞི་དང་ལམ་དང་འབྲས་བུ་ནི། །ཐམས་ཅད་རང་བཞིན་བདེ་བ་ཆེ། །བདེ་བས་བདེ་བ་ཆེ་གྲུབ་པའོ། །འདི་ལ་སེམས་ཀྱི་རང་བཞིན་གང༌། །སྐུ་གཉིས་པོར་ནི་རྣམ་པར་གནས། །ཤིན་ཏུ་སྤྲོས་མེད་ཆོས་ཀྱི་སྐུ། །གཟུགས་ནི་ལུས་དང་སྣོད་བཅས་པའོ། །གང་ལ་ཐོག་མ་མེད་པ་དང༌། །དང་པོ་རྒྱུ་མེད་སངས་རྒྱས་ཆོས། །སེམས་ཅན་ཀུན་ལ་རྟག་གནས་པ། །རྒྱུ་ཡི་རྡོ་རྗེ་འཆང་བར་བརྗོད། །ཕུང་པོ་ལྔ་བདག་སངས་རྒྱས་དང༌། །རིག་མ་འབྱུང་བ་རྣམས་དཀྱིལ་འཁོར། །དབང་པོ་ཡུལ་དང་བཅས་གང་དག། བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །དེ་ལྟར་དྲི་མ་རྣམས་སྦྱངས་པ། །ཡེ་ཤེས་ཆེན་པོ་སྒོམ་པར་བྱ། །


TNT10_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པ་ལེགས་གནས་པའི། །རྫོགས་པའི་རིམ་པ་འདིར་བསྒོམ་བྱོས། །རྟེན་དང་བརྟེན་པའི་རྒྱུ་ཡི་ཕྱིར། །ལུས་མེད་པ་ལ་བདེ་མེད་པས། །ལུས་ནི་དག་པའི་དཀྱིལ་འཁོར་ལ། །སེམས་ཀྱང་ཡང་དག་བདེ་བར་འགྱུར། །བསྙེན་པ་ཉེ་བའི་བསྙེན་པ་དང༌། །བསྙེན་པ་ཆེ་དང་སྒྲུབ་པར་བྱ། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་དང༌། །སྒྲུབ་པ་ཆེན་པོ་བསྒོམ་བྱ་ཞིང༌། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་ཡང་དག་རྣལ་འབྱོར་ཆེ། །སྦྱོར་དང་དཀྱིལ་འཁོར་རྒྱལ་པོ་མཆོག །ཕྱི་ནས་ལས་རྒྱལ་མཆོག་བསྒོམ་བྱ། །བདག་ཉིད་གོང་བུ་ལྟར་སྣང་བ། །རབ་བཀྲ་དབང་པོའི་གཞུ་ལྟར་སྣང༌། །ཕྱི་ནས་དངོས་པོ་ཀུན་ལ་སྤྲོ། །གཅིག་དང་དུ་མ་དང་བྲལ་བ། །དཀྱིལ་འཁོར་དག་གི་སྒོ་ནས་བྱུང༌། །ཟས་སོགས་བྱ་བ་ཐམས་ཅད་སྤྱད། །ལྷ་ཡི་གསལ་དང་མངོན་ཞེན་གྱིས། །རང་གི་མི་མཐུན་ཤིན་ཏུ་འགག །སྣ་རྩེར་ཡུངས་ཀར་རྣམ་བརྟགས་པ། །ཡི་གེ་དེ་བཞིན་མཚན་མ་དང། །གཟུགས་བརྙན་ལ་སོགས་དཀྱིལ་འཁོར་གྱིས། །སྤྲོས་པའམ་ཡང་ན་བསྡུ་བར་བྱ། །རྡོ་རྗེའམ་པདྨའི་སྣ་རྩེར་ནི། །ཡུངས་ཀར་ཚུལ་གྱིས་མཚན་མ་བསྒོམ། །དཀྱིལ་འཁོར་སྤྲོ་ཞིང་བསྡུད་པ་དང༌། །རེ་རེ་ཞིང་ཡང་རྣམ་པར་བསྒོམ། །སྐུ་དང་བདེ་བར་རང་བཞིན་མེད། །རྣམ་པར་རྟོག་ལས་ངེས་བྱུང་པ། །སྲིད་པའི་རྣམ་པས་དེ་སྦྱོང་བྱེད། །འབྲས་བུའི་ལམ་གྱུར་སྐྱེས་པའོ། །ཞེས་པ་ནི་རིམ་པ་དང་པོའོ། ། སེམས་ནི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་


TNT10_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་བ། །རང་བཞིན་སྐྱེ་འགག་མེད་པ་དང༌། །ཆོས་ཀུན་མཆོག་ཏུ་རྒྱས་བཏབ་ཚེ། །འདོད་ཆགས་ཆགས་བྲལ་ཀུན་ལས་འདས། །སྟོང་པ་མ་ཡིན་མི་སྟོང་མིན། །ཡོད་དང་མེད་དང་ཡོད་མེད་འདས། །རྣམ་པར་རྟོག་པའི་ཡུལ་ཀུན་སྤངས། །ཚིག་དང་མིང་དུ་བརྗོད་པ་བྲལ། །བསམ་གཏན་རྫུན་པས་མ་བསླད་པ། །འབད་རྩོལ་རྒྱུ་དང་བྲལ་བ་ཡང༌། །བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་བརྫུན་མིན་འདི་ལྟ་བུ། །གང་ལའང་མི་གནས་ཆོས་ཀྱི་སྐུ། །ཆོས་རྣམས་ཀུན་ཏུ་རྣམ་པར་སྣང༌། །སེམས་ཅན་ཁམས་ལ་རྟག་གནས་པའི། །སངས་རྒྱས་རང་གིས་རིག་བྱ་ཉིད། །དཔེ་དང་རྟོག་པའི་མཚོན་དུ་མེད། །བླ་མའི་བྱིན་རླབས་འཕོ་བས་སོ། །བདེ་དང་སྡུག་བསྔལ་ཀུན་ལས་གྲོལ། །རྐྱེན་གྱིས་སྒྱུར་མིན་རྐྱེན་བྱུང་མིན། །ས་དང་ས་ལ་གཡོ་མེད་པ། །རང་གིས་རང་ཉིད་ཤེས་པར་བྱ། །ཇི་ལྟར་ནམ་མཁའ་བཅོས་མིན་པ། །ལག་སོགས་མི་འགྱུར་མངོན་གྱུར་ཕྱིར། །རང་གི་སེམས་ལ་ཡོངས་ཚོལ་བ། །བླ་མ་དམ་པའི་རིམ་ལས་རྙེད། །རང་བཞིན་དང་ནི་ཡིད་འགྱུས་ཀུན། །ཆུ་དང་རླབས་བཞིན་དབྱེར་མེད་པ། །འདི་ལ་རང་བཞིན་སྤྲོས་བྲལ་བས། །གཡོ་བ་དག་ཀྱང་རྣམ་པར་དག །མི་རྟོག་མ་ཡིན་རྣམ་རྟོག་མིན། །བྱ་བ་བྱེད་ལས་ཡོངས་འདས་པ། །དཔྱད་པ་ལས་འདས་ཕྱག་རྒྱ་ཆེ། །ཡེ་ཤེས་ཞབས་ཀྱི་རིམ་ལས་བརྙེད། །རྣམ་པར་མི་རྟོག་མུ་སྟེགས་བྱེད། ། དཔྱོད་བྱེད་བློ་ངན་སངས་


TNT10_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ། །རྣམ་པ་ཀུན་ལྡན་ཆོས་གང་གིའང༌། །མ་གོས་མཆོག་ཏུ་དབེན་པའོ། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། ། ཨེ་ཝཾ་མཱ་ཡཱ་ཡི་གེ་མཆོག །འཁོར་ལོ་བཞི་ལ་རྣམ་པར་གནས། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང༌། །དེ་བཞིན་བདེན་ཆེན་འཁོར་ལོའོ། །བདུན་ཁྲི་ཉིས་སྟོང་དང༌། བརྒྱ་ཕྲག་ཉི་ཤུ་ལྷག་པ་དང༌། སུམ་ཅུ་རྩ་གཉིས་དང༌། རྩ་གསུམ་དང༌། ཨ་ཝ་དྷཱུ་ཏཱི་དང༌། འཁོར་ལོ་བརྒྱད་དང༌། རྩའི་འདུད་པ་རྣམས་དང༌། སྐུའི་སྒོ་དགུ་དང༌། གསུང་གི་སྒོ་བཞི་དང༌། ཐུགས་ཀྱི་སྒོ་གཉིས་དང༌། སྲོག་དང༌། ཐུར་སེལ་དང༌། མཉམ་གནས་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་དང༌། ཀླུ་དང༌། རུས་སྦལ་དང༌། རྩང་པ་དང༌། ལྷ་སྦྱིན་དང༌། གཞུ་ལས་རྒྱལ་དང༌། རླུང་རྣམས་ཀྱི་ཁ་དོག་དང༌། ཚད་དང༌། གྲངས་དང༌། རྒྱུ་བ་དང༌། དབྱུག་གུ་དང༌། ཆུ་ཚོད་དང༌། འཕོ་བ་དང༌། ཐུན་ཚོད་དང༌། རང་བཞིན་དང༌། ལས་དང་ཁམས་ལྔ་དང༌། དྲུག་དང༌། ཉི་ཤུ་རྩ་བཞི་དང༌། ཁུ་བ་དང་རྡུལ་ཐ་དད་དང༌། མཉམ་པར་གནས་པ་དང༌། དབྱངས་བཅུ་དྲུག་འཆར་བ་དང༌། མུན་པ་དང༌། རྡུལ་དང༌། སྙིང་སྟོབས་འབབ་པ་དེ་དག་ནི། ཨེ་ཝཾ་ལས་བྱུང་བའོ། ། ཉི་མ་ཟླ་བ་ནཱ་ད་གནས། །བཅུ་གཉིས་བཅུ་དྲུག་དེ་བཞིན་དུ། །བཅུ་གཉིས་ལས་ནི་ཡོན་ཏན་བརྒྱད། །ཕྲ་དང་རགས་པའི་འཁོར་ལོ་འཁོར། །སྤྱི་བོར་བདེ་བ་ཆེན་པོ་སྟེ། །དགའ་དང་ཚིམ་དང་གནས་ཐོད་པ། །འཁྲིག་སོགས་ལས་ཀྱང་གསལ་གྱུར་ཏེ། །དེ་ཚེ་གཙོ་བོ་ཁྱིམ་བདེར་སྤྱོད། །རྣམ་


TNT10_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་ལས་བདེ་ཆེན་སྐྱེ། །སངས་རྒྱས་ཡེ་ཤེས་སྐུ་ཡི་རྒྱལ། །རང་བཞིན་དང་ནི་མས་དང་ཡང༌། །རྣལ་འབྱོར་རྣམས་ཀྱི་གཏུམ་མོའོ། །གང་དུ་སེམས་སྤྱོད་དེར་རླུང་ཡང༌། །ཐིམ་འགྱུར་འདི་ལས་མཆོག་གཞན་མེད། །ཐིག་ལེའི་ཡི་གེ་རྩ་ལ་སོགས། །གང་བསྒོམ་དེས་ཀྱང་མཆོག་ཏུ་འགག །གཉིས་འགག་པ་ལས་འབར་བའམ། །འབར་ལས་དབུ་མ་འབྱེད་པར་འགྱུར། །རྩ་གཉིས་ལས་འགྲོ་འོང་བ་དང༌། །འཁོར་ལོ་རྣམས་སུ་འབར་ཞིང་བཟློག །ཐིག་ལེའི་ཡེ་ཤེས་འབྱུང་བ་ནི། །ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར། །བུམ་པ་ཅན་དང་རྡུལ་མཐའ་ཅན། །བགང་བ་དེ་བཞིན་རེངས་བྱེད་པ། །འཁོར་ལོ་རྣམས་སུ་དགག་པ་དང༌། །སྔགས་དང་སྙིང་ཁ་དེ་བཞིན་དུ། །རྫས་ཀྱང་ཐིག་ལེ་གསུམ་པ་སྟེ། །མི་ཤིགས་པ་དང་ནོར་བུ་དང༌། །འོད་ཀྱང་ཐིག་ལེར་མངོན་བརྗོད་པ། །ཨ་ནི་གཙོ་བོ་དམ་པ་སྟེ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བའོ། །ཨ་ཨུ་མཱ། སྲོག་དང༌། གྱེན་རྒྱུ་དང༌། ཐིག་ལེའོ། །ཨ་ཨ་ཧཱ། སྲོག་དང༌། གྱེན་རྒྱུ་དང༌། ཐུར་སེལ་ལོ། །ཧཱ་ཨུ་མ། ཐུར་སེལ་དང༌། སྲོག་དང༌། ཐིག་ལེའོ། །ཡི་གེ་གསུམ་གྱི་དེ་ཉིད་ཀྱིས། །རླུང་རྣམས་མཆོག་ཏུ་ཞི་པར་བྱེད། །རྟགས་ནི་ལྔ་ལས་ཡེ་ཤེས་ཏེ། ཁམས་བརྒྱད་ཤིན་ཏུ་རྣམ་དག་པའོ། །ཞེས་པ་ནི་གཏུམ་མོའི་ཡེ་ཤེས་སོ། ། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་དགར་བཤད། །དགའ་བྲལ་ལས་ནི་ཉེར་ཐོབ་སྟེ། །ལྷན་ཅིག་སྐྱེས་པ་འོད་གསལ་བའོ། །རིག་དང་འཇུག་དང་སྐྱེད་པ་དང༌། །མཐའ་ལས་མ་ཉམས་གཞན་ཡང་འདི། །ཡི་གེ་བཅུ་དྲུག་དང་ནི་ཚེས། །དེ་བཞིན་དགའ་བ་བཅུ་དྲུག་གོ །འདོད་པ་དང༌།


TNT10_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང༌། གཡོ་བ་དང༌། འདར་བ་ནི་དགའ་བ་བཞིའོ། །གང་བ་དང༌། མཆོག་དགའ་དང༌། འཆར་བ་དང༌། ནུབ་པ་ནི་མཆོག་དགའ་བཞིའོ། །འབར་བ་དང༌། ཁྱད་པར་གྱི་དགའ་བ་དང༌། སེམས་དང༌། ཐིག་ལེ་ནི་ཁྱད་པར་གྱི་དགའ་བ་བཞིའོ། །ཨོཊྚ་དང༌། ལྷན་ཅིག་སྐྱེས་པ་དང༌། གཉིད་དང༌། ནཱ་ད་ནི། ལྷན་སྐྱེས་བཞིའོ། ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་འཇུག་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་གཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །པདྨ་ཅན་དང་ཚངས་མ་དང། །གཞན་ནི་ལྕུག་ཕྲན་མ་ལ་སོགས། །བཞིན་བཟང་རབ་ཏུ་བཟུང་ནས་ནི། །མི་འགྱུར་བདེ་བའི་རྒྱུར་བསྒྲུབ་བྱ། །ཡང་ན་ཡིད་ལས་བྱུང་བའམ། །མི་འགྱུར་བ་ནི་རྡོ་རྗེ་གསོར། །འོན་ཀྱང་མི་མོ་ངེས་པར་བསྒྲུབ། །གཞན་ནི་མཐར་ཐུག་གྲུབ་པ་མེད། །སྒྲོན་མེ་ལྡན་པས་མུན་པ་ལས། །ནོར་བུ་ལེན་བཞིན་ཕྱག་རྒྱ་ལས། །རང་བཞིན་མངོན་གྱུར་དང་པོ་ཡི། །ལས་ཅན་རྣམས་ལས་གཞན་གྱིས་མིན། །དབང་བསྐུར་བ་དང་སེམས་ཀྱིས་དགག །དྷཱུ་ཏཱིར་འཇུག་དང་བསྟན་པ་དང༌། །ཐིམ་དང་ཡེ་ཤེས་བརྟན་པ་དང༌། །སྤེལ་དང་སྤྱོད་པའི་བརྟུལ་ཞུགས་དང༌། །སྐྱོན་སྒྲོན་ཡེ་ཤེས་སྒོམ་བྱེད་པ། །མངོན་པར་བྱང་ཆུབ་སྐབས་བཅུ་གཅིག །གཞན་ནི་ཡེ་ཤེས་སྐུ་སྒྲུབ་པ། །དེ་དག་བཟུང་


TNT10_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བྱེད་པ་ཅན། །སྣ་ཚོགས་དེ་བཞིན་རྣམ་སྨིན་དང༌། །རྣམ་ཉེད་དང་ནི་མཚན་ཉིད་བྲལ། །འདི་ཤེས་སྒྲུབ་ལ་རབ་འཇུག་སྟེ། །བློ་བརྟན་ནུས་དང་བཅས་པས་སོ། །སྦྱོར་བས་ལུས་ནི་དག་བྱས་ལ། །སྟེང་འོག་སྦྱོར་བས་གཅིག་ཏུ་བྱ། །སྒོ་དབྱེ་བཙན་ཐབས་སྦྱོར་བ་ནི། ། སྔགས་དང་འཁྲུལ་འཁོར་རབ་སྦྱོར་བའོ། །རྗེས་སུ་ཆགས་པས་སེམས་དབབ་སྟེ། །འདི་ལས་རང་བཞིན་མཚོན་བཟུང་ནས། །གྱེན་དུ་སྐྱོད་དང་བརྟན་ལྡན་པས། །ལྷན་ཅིག་སྐྱེས་པ་སྒོམ་པར་བྱ། །ཞེས་པ་ནི། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། ། མེ་ལོང་གི་ནི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཆོས་རྣམས་སྒྱུ་མ་ལྟར་ཤེས་ནས། །འདི་ཡི་རང་བཞིན་བདེ་སྒོམ་བྱ། །སྣང་བ་མཐའ་དག་རྣམས་སྤྲུལ་པ། །རང་བཞིན་སྤྲུལ་པའི་སྐུ་རུ་བརྗོད། །སྤྲུལ་པའི་འཁོར་ལོའོ། །སྨྲ་དང་ལོངས་སྤྱོད་གང་གནས་པ། །སེམས་ལའང་གཟུགས་བརྙན་ཚུལ་འཆར་ཏེ། །རྨི་ལམ་རྨི་བར་ཡོངས་སྟོན་པ། །ཐམས་ཅད་རླུང་གི་རྣམ་པར་སྤྲུལ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་བར་དོའི་སེམས་ཅན་གྱུར། །རྡོ་རྗེ་སྐུ་ཡང་དེ་ཉིད་ཡིན། །ལོངས་སྤྱོད་ཀྱི་འཁོར་ལོའོ། །སྒེག་དང་ཉེ་བར་ལོངས་སྤྱོད་དང༌། །གླུ་དང་རོལ་མོ་སོགས་བསྟེན་དང༌། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་དག་དང་མཚུངས་པར་བྱ། །མཐོང་བ་


TNT10_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་བྱ། །གང་ཞིག་རྡོ་རྗེ་སེམས་སོགས་ཀྱི། །གཟུགས་བརྙན་སྣ་ཚོགས་རབ་བསྒྱུར་ཏེ། །གང་གང་སེམས་ཀྱི་ཡོང་སྤྲུལ་པས། །མི་སྐྱེ་དེ་ལས་ལེན་པ་འགགས། ཡང་ན་བཙན་ཐབས་སྦྱོར་བ་ཡིས། །ཚངས་པའི་སྒོ་ནི་དབྱེ་བར་བྱ། །དཔལ་ལྡན་བདེ་ཆེན་མགོན་པོ་ཡི། །ཞལ་གྱི་རིམ་པ་ལས་འོངས་པའོ། ། སྤྲིན་བྲལ་མཁའ་ལ་མཉམ་གཞག་སྟེ། །མངོན་པར་ཞེན་པའི་ལྟ་བས་སོ། །དེ་ལས་སྒྱུ་མ་རབ་གྲུབ་སྟེ། །རྣམ་ཤེས་གསུམ་པོ་མཚོན་པར་བྱ། །སྣང་བ་དང་ནི་ཡོངས་བརྟགས་དང༌། །དེ་བཞིན་རྣམ་པར་ཐིམ་པ་ནི། །གཉིད་དང་སད་དང་གཉིས་གཉིས་སྤྲོད། །སྟོང་པ་གསུམ་དུ་རྣམ་པར་རིག །སྣང་དང་སྣང་བ་མཆེད་པ་དང༌། །ཉེ་བར་ཐོབ་དང་འོད་གསལ་བ། །སྟོང་དང་ཤིན་ཏུ་སྟོང་པ་དང༌། །སྟོང་པ་ཆེ་དང་ཐམས་ཅད་སྟོང༌། །སེམས་དང་སེམས་བྱུང་མ་རིག་པ། ། གསུམ་ལས་འདས་པ་མངོན་པར་མཚོན། །[གསང་འདུས་རིམ་ལྔའི་གཞུང་དྲངས་པ་རང་བཞིན་བརྒྱད་བཅུའི་ངོས་འཛིན]། ཆགས་བྲལ་དང་ནི་བར་མ་ཉིད། །[ནི་ཡུལ་ལ་མི་སྡུག་པར་འཛིན་པ་ངོ་བོ་ཞིང་སྟེ་དེ་ཡང་འཛིན་སྟངས།] དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང༌། །[ཡུལ་ལ་སེམས་པ་དང་སླར་ནང་དུ་སེམས་པ་སྟེ་སེམས་པ་ལ་ཕྱེ་བའོ།།]མྱ་ངན་[གི་ཡིད་དུ་འོང་བའི་ཡུལ་དང་བྲལ་བའི་གདུང་བ་སྟེ་ཆེ་བར་ཆུང་གསུམ་མོ། །]ལ་སོགས་གསུམ་དེ་བཞིན། །[བ་ནི་ངལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འདུག་པ་སྟེ་ཤེས་བཞིན།] ཞི་དང་རྣམ་རྟོག་འཇིག་པ་དང༌། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །


TNT10_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་དང་[པ་ནི་ཡིད་དུ་འོང་བ་དུས་གསུམ་ལ་དམིགས་ནས་ཞེན་པའོ།།] སྲེད་པ་བར་མ་དང༌། །ཤིན་ཏུ་སྲེད་དང་ཉེར་ལེན་དང༌། ། [ལེན་པ་སྲེད་པའི་ཡུལ་འཇུག་པར་བྱེད་པའི་སེམས་སོ། ]མི་དགེ་[པ་ནི་འགྱོད་པའོ། །]བཀྲེས་དང་སྐོམ་ཉིད་དང༌། །ཚོར་དང་ཚོར་བ་བར་མ་དང༌། །ཤིན་ཏུ་ཚོར་བའི་སྐད་ཅིག་དང༌། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། ། [བདེ་སྡུག་བཏང་སྙོམས།] དགོས་དང་བསམ་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་བཤད། །དང་པོའི་རང་བཞིན་རྣམས་སོ། །[ཐོབ་བྱའི་ཡུལ་ལ་ཡིད།] ཆགས་དང་ཞེན་[ཐོབ་ཟིན་གྱི་ཡུལ་]དང་དེ་བཞིན་དགའ། །[ཡུལ་ཡིད་དུ་འོང་བ་སྣང་ཙམ་ནས་དགའ་བ་སྟེ་གསུམ་མོ།] དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་[པ་ནི་འདོད་དོན་གྲུབ་པ་ལ་དགའ་བའོ། །] རབ་ཏུ་མགུ་བ་དང༌། །ངོ་མཚར་[ནི་གསར་ཐོབ་རོ་ལ་བརྟེན་ནས་སེམས་མཐོ་བ་སྟེ་མ་ཞི་བ]དེ་བཞིན་རྒོད་པ་དང༌། །ཚིམ་པ་[ནི་ངོམ་པའོ།] དང་དེ་བཞིན་འཁྱུད་པ་དང༌། །འོ་བྱེད་པ་དང་[ གསུམ་ནི་དེ་རྣམས་བྱེད་པར་འདོད་པའི་སེམས་ཏེ་ཡུལ་ལ་ཆགས་པས་ལུས་ངག་གི་བྱ་བ་རྩོམ་པ་དང་ཡང་ཡང་དེ་བཞིན་]འཇིབ་པ་དང༌། བརྟན་[པ་ནི་སེམས་མི་འགྱུར་བ་སྟེ་འདུ་ཤེས་གཞན་དུ་རྒྱུར་མི་ཐུབ་པའོ། །]དང་རྩོན་དང་ང་རྒྱལ་དང༌། [རྩོལ་བ་དང་རྩོམ་པ་མི་འདོར་བའི་དཔེའོ། །བ་ནི་མཐོ་བར་སེམས་པ་སྟེ་ང་རྒྱལ་བདུན་ལ་སོགས་པའོ། །] བྱ་དང་[པ་ནི་འདུ་བྱེད་ཀྱི་དོན་དེ་བྱ་བ་རྫོགས་པར་བྱེད་པའི་རྩོལ་བ་མི་འདོར་བའོ། །] ཕྲག་དོག་[བར་འདོད་པ་ནི་བརྣབ་སེམས་དང་]སྟོབས་དང་ནི། ། སྤྲོ་དང་[པ་ནི་ལས་ལ་འཇུག་པ་ལ་ཡིད་སྤྲོ་བའོ། །] ལྷན་ཅིག་སྐྱེས་[ཚམ་ཚམ་]ཉིད་དང༌། །[ནི་གཞན་འཇོམས་པར་འདོད་པ་སྟེ་གནོད་སེམས་སོ། །]དེ་བཞིན་གྱ་ཚོམ་བར་མ་དང༌། །


TNT10_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་ཚོམ་[ནི་ཐེ་ཚོམ་སྟེ་བྱ་དཀའ་ལ་སྦྱོར་མ་ནུས་པའམ་ཚོམ་ཚོམ།]ཆེན་པོ་དྲག་པོའོ། །[ནི་ཁྲོ་བ།]རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་[པའི་ལས་ལ་ཡིད་རངས་པའོ།།] ཚིག་གསལ་[པ་ནི་གཞན་གྱི་གོ་བ་འདུ་ཤེས་མ་སྒྱུར་པ།] བདེན་པ[ར་སྨྲ་བ་]དང༌། །མི་བདེན་པ་[འདུ་ཤེས་བསྒྱུར་བ་ནི་ཡི་དམ་བརྟན་པོར་མི་འདོད་པའི་གོ་ཆའོ། །]དང་དེ་བཞིན་ངེས། །ཉེ་བར་མི་ལེན་[]ཡུལ་འཛིན་པར་མི་འདོད་པ།]སྦྱིན་པ་པོ། །[ར་འདོད་པ།] སྐུལ་[ཡུལ་གཞན་དུ།] དང་དེ་བཞིན་དཔའ་བོ་[སྒྲིབ་པ་ལས་གྲོལ་འདོད་དོ། །]དང༌། །ངོ་ཚ་མེད་[པ་ནི་ཁ་ན་མ་ཐོ་བ་ལ་མི་འཛེམ་པའོ། །]དང་སྒྱུ་དང་གདུག །[པ་ལྟ་ངན་སྔ་མ་སྟེ་སྦུ་བ་]མི་སྲུན་པ་[གཞན་ལ་ཐོས་མེད་]དང་གྱ་གྱུ་ཉིད། །[ནི་གཡོ་སྒྱུ་གཉིས་སྡོམ།] གཉིས་པའི་རང་བཞིན་རྣམས་སོ། །ཆགས་པ་བར་མའི་སྐད་ཅིག་དང༌། བརྗེད་ངས་པ་དང་འཁྲུལ་པ་དང༌། །མི་སྨྲར་འགྱུར་དང་སྐྱོ་བ་དང༌། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །གསུམ་པའི་རང་བཞིན་རྣམས་སོ། །རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །མཚན་མོ་སྣང་བའི་ཆ་སྟེ་གསལ་[སྤར་མ་ལ་ཚ་]བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་གཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ཉིད་བྱང་ཆུབ་སྐད་ཅིག་ཡིན་


TNT10_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །སྣང་བ་ཀུན་དང་བུད་མེད་སྦྱོར་བ་དང༌། །འཆི་བའི་སེམས་དང་གཉིད་ལ་མངོན་འཇུག་པ། །རིལ་པོར་འཛིན་དང་གཞན་གྱི་རྗེས་སུ་གཞིག །རང་བཞིན་གཉིས་སྦྱོར་ལམ་ལས་རྟོགས་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ལས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པོ། །རྨི་ལམ་རྨི་བ་བཞིན་དུ་མཐོང༌། །ས་ལ་སོགས་པ་བཞི་པོ་དང༌། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་ཉིད་དུ། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །ཆོས་ཀྱི་འཁོར་ལོ་ཆོས་ཀྱི་སྐུ། །ཤི་དང་བརྒྱལ་དང་གཉིད་དང་རྨོངས། །བདེ་བ་ལས་ནི་རང་རིག་པ། །ཆོས་ཀྱི་སྐུ་རུ་མངོན་པར་བརྗོད། །ཆོས་ཀྱི་འཁོར་ལོའོ། །ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་སོ། ། ལྷ་དང་བླ་མར་བསྙེན་བྱ་ཞིང༌། །སྒྱུ་མ་ལྟ་བུར་རྣམ་བསམ་མོ། །སྙིང་རྗེའི་སེམས་དང་ལྡན་པ་ལ། །བདུད་ཀྱི་འཇིགས་པ་ཡོད་མ་ཡིན། །


TNT10_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་བྲལ་སྤྱོད་པ་མ་འཁྲུལ་བས། །བདེ་དང་འཇིགས་དང་ཡིད་མི་བདེ། །གང་ལའང་སེམས་ཁྲལ་ཡོངས་སྤངས་ནས། །ཇི་ལྟར་གདུང་བ་མེད་པར་སྤྱད༌། །ལུས་ནི་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་སེམས་ཅན་དོན་སྒྲུབ་ཕྱིར། །ཡང་ན་གནོད་བྱེད་རྣམས་ལ་སྦྱིན། །སེམས་ཀྱི་གཡོ་བ་བཅད་པར་བྱ། །ཡིད་ནི་གཞན་དུ་མ་གྱུར་པར། །སྣ་ཚོགས་སྤྱོད་པས་རང་དང་གཞན། །མཉམ་པ་ཉིད་དུ་རབ་སྤྱོད་པ། །འདི་ལ་བདུད་ཀྱི་འཇིགས་པ་མེད། །ལྟེ་བ་ལ་ནི་རླུང་གནས་ཤིང༌། །མཁྲིས་པ་སྙིང་དང་མགྲིན་པ་ལ། །དཔྲལ་བ་གཙུག་ཏོར་ལ་བད་ཀན། །འདུས་པ་གསང་བའི་འཁོར་ལོ་སྟེ། །དེ་དེར་སྦྱོར་བས་ཞི་བར་འགྱུར། །གྲང་ནད་ཐུར་སེལ་བྱེད་པ་ཅན། །གྱེན་རྒྱུ་མཉམ་གནས་སྐྱོན་ཚ་བ། །འཁྲུལ་འཁོར་གཡོ་བའི་རྩ་ནད་འཇོམས། །རླུང་བཅུའི་སྐྱོན་ཡང་དེ་དེར་བསལ། །ཕྱིན་ཅི་ལོག་ཏུ་རྣམ་སྦྱར་ཞིང༌། །ནམ་ཡང་བྱང་ཆུབ་སེམས་འདི་བསྲུང༌། །ཁ་ཟས་སྤྱོད་ལམ་སྦྱོར་བ་ལས། །དེ་དེས་སེམས་ཀྱི་སྐྱོན་ཞི་བྱ། །བླ་མ་དམ་པའི་ཞལ་ལུང་སྟེ། །གཞན་ལས་ཡོངས་སུ་རྟོགས་མ་ཡིན། །འདུས་པ་དང་ནི་སྡོམ་པ་དང༌། །དགྱེས་པའི་རྡོ་རྗེར་ཡང་བཤད་དོ། །ཡེ་ཤེས་ལྡན་པའང་སྤྱོད་མི་བྱེད༌། །དེ་ཡིས་ཚེ་འདིར་བྱང་ཆུབ་མེད། །དེ་ཕྱིར་ཡེ་ཤེས་བསྟན་གནས་པས། །འདོད་ཆགས་གར་གྱི་རོལ་མོ་བྱ། །དང་པོར་མཚན་དུས་གསང་དེ་སྤྱད། །གཉིས་སྤངས་ཀུན་ཏུ་སྤྱོད་པས་རྒྱུ། །གལ་ཏེ་དྲོ་


TNT10_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱ་བ་ཐོབ། །རྣལ་འབྱོར་ལྡན་པར་ཁས་བླང་ངོ༌། །ཕྱི་ནས་འཕགས་པའི་གནས་ཐོབ་པ། །དེས་ནི་ཕྱོགས་ལས་རྣམ་རྒྱལ་བྱ། ཤ་ཟ་བཞིན་དུ་ཀུན་སྤྱོད་པའམ། །ཡང་ན་ཁྱིམ་དུ་ཟློས་གར་བྱ། །རིམ་པ་དང་པོར་རིག་འཛིན་དང༌། །འདོད་དང་གཟུགས་ཁམས་ལྷར་སྒྲུབ་པ། །ཡེ་ཤེས་སྐུ་དང་མངོན་བྱང་ཆུབ། །ས་དང་ས་ལ་མངོན་བསྒྲོད་པ། །དེ་བཞིན་མངོན་པར་བྱང་ཆུབ་ཆེ། །སྤྱོད་པའི་དུས་ནི་རྣམ་པ་ལྔ། ། བསྐྱེད་རིམ་བདེ་བ་བཅས་བསྒོམ་ན། །དྲན་པ་ཉེར་བཞག་རྣམ་བཞིའོ། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང༌། །དབང་པོ་སྟོབས་རྣམས་སྤྱོད་བཅས་པ། །བདེ་ཆེན་བྱང་ཆུབ་ཡན་ལག་བདུན། །ས་དང་ས་ལ་ཡན་ལག་བརྒྱད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །རྩ་རྣམས་ལས་ནི་ས་བཅུ་དང༌། །རླུང་གི་བསྒྲོད་བཅས་དེ་བཞིན་བཅུ། །གཞན་ནི་ཡེ་ཤེས་ས་བཅུ་སྟེ། །རྩ་སོགས་ཡེ་ཤེས་ལུས་ཐིམ་པའོ། །བཅུ་གཉིས་ས་ཡི་དབང་ཕྱུག་ནི། །བདེ་མཆོག་བདེ་ཆེན་རྡོ་རྗེ་འཛིན། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ལས། །མན་ངག་རབ་ཏུ་བསྡུས་པའོ། །དཔལ་ལྡན་བདེ་ཆེན་ལས་འོངས་པ། །མི་ཤེས་འཇིག་རྟེན་རྨོངས་རྣམས་ལ། །སེམས་ནི་སྙིང་རྗེའི་དབང་གྱུར་པས། །བདེ་ཆེན་རྡོ་རྗེ་བདག་གིས་བཤད། ཅེས་པ་ནི་རྡོ་རྗེའི་ལམ་བཟང་པོ་གསལ་བར་བྱེད་པ། སློབ་དཔོན་ཆེན་པོ་བདེ་བ་ཆེན་པོའི་རྡོ་རྗེའི་ཞེས་བྱ་བ། དཔལ་ལྡན་ཧེ་རུ་ཀར་མངོན་པར་དབང་བསྐུར་བ། བརྟུལ་ཞུགས་སྤྱོད་པ་ཞི་བ་སྦས་པས་མཛད་པའོ། །


TNT10_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་རྒྱ་ཆེའི་གཞུང་ལུགས་ལས། དཱི་ན་ཀ་རས་རྣམས་བསྡུས་པ། །ཡེ་ཤེས་མཆོག་གིས་མཆོད་བྱས་ཏེ། །འགྲོ་ལ་ཕན་པ་བསྐྱེད་ཕྱིར་བྱས། །རྒྱ་གར་གྱི་མཁན་པོ་བུདྡྷ་གུབྷའི་ཞལ་སྔ་ནས་དང༌། ནིརྦཱ་ཎ་ཤྲཱིའི་ཞབས་ལ། རྨོངས་པ་ཏཱ་ར་ནཱ་ཐས་ཞུས་ཏེ་གུས་པ་ཆེན་པོས་འབད་པས་བསྒྱུར་བའོ། །རིམ་ལྔ་དང་ཀྱཻ་རྡོ་རྗེའི་ལུང་གྲངས་པ་སོགས་ནི་འགྱུར་རྙིང་ཇི་ལྟ་བ་བཞིན་དུ་བྲིས་པའོ། །སློབ་དཔོན་ཆེན་པོ་ཞི་བ་སྦས་པས་ནང་གི་ཁྱབ་པ་ཞེས་བྱ་བ་ཚིགས་བཅད་ཉིས་བརྒྱ་པ་དང༌། རྩའི་མདོ་ལ་ཕྱེད་དང་ཉིས་བརྒྱ། རླུང་གི་མདོ་ལ་ཕྱེད་དང་ཉིས་བརྒྱ། ཁམས་ཀྱི་མདོ་བརྒྱ་ཕྲག་གཅིག ལམ་ལྔ་བསྟན་པ་ལ་ལུང་འདྲེན་མི་ཐེ་བ་ཚིག་གསར་ཉིས་བརྒྱ། རྒྱུ་བསྟན་པ་ལ་བརྒྱ། གནས་བསྟན་པ་ལ་ཉིས་བརྒྱ། ཕྱག་རྒྱ་ཆེན་ལམ་རྫོགས་པ་དང༌། གཏུམ་མོའི་གཞུང་ལ་བརྒྱ་ཉི་ཤུ། དེས་ལམ་རྫོགས་པ་དང༌། ལྷན་སྐྱེས་གསལ་བ་ཞེས་པ་ལ་བརྒྱ་བདུན་ཅུ། ཕྱག་རྒྱས་ལམ་རྫོགས་པ་དང༌། ཡེ་ཤེས་ངེས་བསྟན་ལ་སུམ་བརྒྱ། སྒྱུ་ལུས་དང་འོད་གསལ་རྣམ་པར་བཞག་པ་དང༌། མན་ངག་ཐོར་བུ་ལ་ལྔ་བརྒྱ། གསང་བ་འདུས་པ་དང་ཀྱཻ་རྡོ་རྗེ་དང་བདེ་མཆོག་རྣམས་ལ་བསྡུས་པའི་དོན་གྱི་ཚིགས་སུ་བཅད་པ་དང༌། རྡོ་རྗེའི་གླུ་དང་སྒྲུབ་ཐབས་ཆུང་ངུ་ཡང་མང་དུ་མཛད་པར་གདའ་ལ་རྒྱས་པ་ལ་དགའ་བའི་དབང་དུ་བྱས་པ་དང༌། འབྲིང་དུ་དགའ་བ་ལ། དེ་དག་ལས་བསྡུས་ཏེ་


TNT10_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལམ་ཆེ་བ་ཚིགས་བཅད་སྟོང་ཙམ་ཡོད་པ་རྣལ་འབྱོར་མ་དཱི་ན་ཀ་ར་ལ་སོགས་པ། སློབ་མ་མཆོག་མང་པོས་སྤྱན་སྔར་བསྡུས་སོ། །བསྡུས་པ་ལ་དགའ་བ་ལ་ལམ་བར་བ་ཚིགས་བཅད་སུམ་བརྒྱ་པ་སློབ་དཔོན་སུ་མཱ་ཏིས་བསྡུས་སོ། །ཤིན་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་ལམ་གཞུང་ཆུང་བ་འདི་ལ་རྒྱ་གར་སྐད་དུ་ཚིགས་བཅད་བརྒྱ་དང་ལྔ་ཡོད་པ་འདི་ཡིན་ཏེ། བོད་སྐད་དུའང་རགས་རྩིས་ལ་ཚིགས་བཅད་དེ་ཙམ་སྟེ་རྣལ་འབྱོར་མ་ཆེན་མོ། དཱྀ་ནི་ཀ་རས་ཞུས་ནས་བསྡུས་པ་འདི་ནི་ཤིན་ཏུ་དར་བ་ཡིན་པར་གདའ་འོ། །ཞེས་པའང་ཏཱ་ར་ནཱ་ཐས་རེག་ཟིག་གོ། །།དགེའོ།། །།མངྒལཾ།། ༄། ན་མོ་གུ་རུ། ལར་བྱིན་གྱིས་རླབས་ཀྱི་རྩ་བ་ཡི་ནི་བས་བླ་མ་ལ་གསོལ་བ་ཐོབ། །དངོས་གྲུབ་ཀྱི་རྩ་བ་ཡིན་པས་ལྷ་བསྒོམ་སྔགས་བཟླས་ལ་འབུངས་གནས་ལུགས་སྤྲོས་བྲལ་ཡིན་པའི་འཛིན་མེད་ལྷུག་པ་ཞོག འཁོར་བ་སྡུག་བསྔལ་ཡིན་བས་གང་ལ་སྲེག་པ་སྤོང་། །འགྲོ་དྲུག་ཕ་མ་ཡིན་པས་བྱམས་དང་སྙིང་རྗེ་བསྒོམ། །བསྙེན་པའི་སྐབས་འདིར། སྙིང་གར་སྔགས་འཁོར་ཆེན་མོ་ཞིག་བསྒོམ་པར་བཤད་ཅིང་། ཡིག་སྙིང་ལ་སོགས་པ་ཞིག་ཀྱང་ཡོད་མོད་ཀྱི། དམིགས་པ་གསལ་ཐིབས་པ་བཀའ་བས། ད་ལྟ་ལ་ལེན་དུ་མི་མཛད། གཞན་ཡང་དམིགས་པ་འདྲ་མིན་དུ་མ་འདུག་སྟེ། དབྱུས་ཀྱི་ཉམས་ལེན་ལ་འདེབ་རྒྱུ། སྙིང་གར་འཇམ་དཔལ། དེའི་ཐུགས་རྡོ་རྗེ་རྩེ་ལྔ་པ་གསལ་ཐེབ་ན་འདི་


TNT10_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རང་བསྒོམ། མི་གསལ་ན་སྙིང་གའི་འཇམ་དཔལ་ཞུ་བ་རྡོ་རྗེར་བསྒོམས། གང་ལྟར་ཡང་རྡོ་རྗེའི་ལྟེ་བར་ཉི་གང་ན་ལ་ཧཱུཾ། དེའི་མཐའ་བསྐོར་དུ་བཟླས་བ་གང་བྱེད་ཀྱི་སྔགས་དེའི་ཡིག་འབྲུ་རྣམས། མགོ་གྱེན་ལྟས། ཁ་ནང་བསྟན། མདུན་ནས་གཡས་སྐོག་དུ་བཀོད། མགོག་སྔོན་པོ་ཡིན། དེ་ལས་འོད་ཟེར་འཕྲོས་ལུས་གང་། བ་སྤུའི་ཁུང་བུ་ནས་སོང་། སྣང་བ་ཐམས་ཅད་ཁྱབ། འཕགས་པ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚེར་འདུས་ནས་སྙིང་གའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཞལ་དགུ་ཀར་ནས་སྔགས་བཟླ་ཞིང་། ཁམས་སུ་སྣོད་བཅུད་ཐམས་ཅད་ལ་སྔགས་ཀྱི་སྒྲ་བྱུང་བ་ཙམ་སྒོམ། དེ་ལྟར་ན་རང་ཉིད་ཡིད་དམ་གྱི་སྐུར་གསལ་བ་ཙམ་ལ་སེམས་གཏད། སྔགས་ཉེར་གཅིག་སོགས་གིས་བརྒྱ་ཙམ་རེ་བཟླ། དེ་ནས་སྙིང་གའི་སྔགས་འཁོར་ལ་ཀློག་པའི་ཚུལ་གྱིས་དེ་ཙམ་རེ་བཟླ། དེ་ནས་འོད་ཟེར་སྤྲས་བསྡུ་ལ་དེ་ཙམ་རེ་བཟླ། དེ་རྗེས་ཞལ་དགུ་དང་། སྣང་སྲིད་ཐམས་ཅད་ལ་རང་སྒྲ་བྱུང་བར་བསམ་ནས་བཟླ། ཧྲཱི༔ཥྚི༔ལྟ་བུ་ལ་དཔེར་མཚོན་ན་སྔགས་ཕྲེང་སྐོར་གཅིག་ལ་དམིགས་པ་བཞི་པོ་དེ་ཚར་ཙམ་འགྲོ་བ་བྱེད། དེས་གཞན་གཉིས་ལའང་མཚོན་སྤྱི་བསྟེན་སོང་ནས་ཉེར་བསྒྲུབ་བྱེད་ན་སྔགས་གྱིས་འཕྲོ་ལ་བྱས་ཀྱང་རུང་། བར་དེར་མཚམས་གསང་ནས། སླར་ཡང་ཉེར་བསྒྲུབ་ལ་ཞུགས་ཀྱང་ཆོག །དེ་ལ་ཁྱད་མེད་ལགས།


TNT10_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ་ར་ནཱ་ཐས་སྨྲས་པའོ། མངྒ་ལཾ། སྔོན་འགྲོ་ཐུན་ལ་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་ཉི་ཤུ་རྩ་གཅིག་ཙམ་བྱེད། ཐུན་གཞན་ཚོ་ལ་ཚར་གསུམ་རེ་ཆོག །བཟླས་པའི་སྐབས་དང་གི་བཟླས་པ་ལ་བླ་མེད་སངས་རྒྱས་བྱང་སེམས་ནམ་མཁའ་གང་བར་བཟླས་རོག་མཛད་པར་མོས། ཡ་མནྟ་ཀ། འབུམ་ཕྲག་བདུན། ཧྲཱི༔ཧྲཱི༔འབུམ་ཕྲག་བཅུ་བཟླས་དགོས། ཡ་མར་ཛ་བཟླས་ན་འབུམ་ཕྲག་གསུམ། ཐུམ་མཚམས་ལ་རང་ཕྱག་གཉིས་པ་གཙོ་བོའི་ཐུགས་ཀར་སྤྲོ་བར་བསམ། གཏོར་ཆོག་སྲོད་ཐུན་ཁོ་ན་ལ་བྱས་པའི་ཆོག རྨི་ལམ་བཟང་བ་ལ་དགའ་བར་མི་བྱ། འཚུབ་བྱུང་ན་བླ་མ་ལ་གསོལ་འདེབས་དང་སྒྱུ་མ་རྨི་ལམ་ལྟ་བུ་ཤེས་པ་ལན་ཏན་བྱའོ། བཀྲ་ཤིས། ཞལ་ཤེས་ལེགས་པར་བྱས།

ལྷ་སོ་སོའི་བསྙེན་པ་སྤྱི་ཁྱབ་ཏུ་བྱེད་ཚུལ་བསྡུས་པ།


TNT10_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཏཱ་ར་ནཱ་ཐས་མཛད་པའི་ལྷ་སོ་སོའི་བསྙེན་པ་སྤྱི་ཁྱབ་ཏུ་བྱེད་ཚུལ་བསྡུས་པ་ནི། སྤྱིར་བསྙེན་པ་གང་ལའང་ཐོག་མར་མཚམས་འོག་ཏུ་མི་མང་ཉུང་གང་བཅུག་ཀྱང་ཆོག་ཅིང་ཐོག་མར་མཚམས་འོག་ཏུ་མ་བཅུག་པ་ཕྱིས་མི་འཇུག མཚམས་འདི་མི་ཚེ་གང་བྱ་ཞིང༌། གྲོལ་བ་སྔ་དྲོ་གྲོལ་བར་བྱའོ། །ཐུན་གྱི་སྐབས་ངག་བསྡམས་ཤིང་ངག་བཅད་པའི་སྔགས་དེ་གྲངས་དུ་རྩི་ཞིང༌། ཐུན་མཚམས་རྣམས་སུ་ངག་བཅད་གཅིག་ཏུ་མི་དགོས། སྔགས་གང་འགྲུབ་བགྲངས། ཐུན་མཚམས་ཀྱི་སྔགས་གྲངས་སུ་མི་རྩི། བསྙེན་པའི་འཕྲེང་བ་མི་གཞན་གྱི་མི་མཐོང་བར་བྱེད། ཁྱད་པར་ཡི་དམ་གང་སྒོམ་པའི་སྐབས་མཚམས་ཐོ་བརྩིགས་ན་དེར་སྔོན་འགྲོ་གཏོར་མ་བཏང༌། དེ་སྐབས་ཕྱོགས་འདིར་བདག་ལྷའི་དཀྱིལ་འཁོར་སྒྲུབ་པ་སོགས། ཚིག་བསྒྱུར་འཕྲིན་ལས་བཅོལ། སྤྱིར་ཐུན་བཞི་བཤད་ནའང་སྔགས་འགྲོ་ཆེ་བའི་སྔ་ཐུན་དགོང་ཐུན་གཉིས་མཛད། ཐུན་མཚམས་ཉིན་གོང་བར་མཛད། གཏོར་མ་དགོང་ཐུན་གྱི་མཇུག་སྲོད་ཀྱི་དུས་དེར་བསྔོ། བསྙེན་པ་གྲོལ་བའི་ཚེ་གཏང་རག་གི་ཚུལ་དུ་གཏོར་མ་རྒྱས་པ་རེ་བཏོང་ཞིང༌།


TNT10_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ན་བསྙེན་པ་རྫོགས་མཚམས་ནང་དུ་རྫོགས་པར་བྱ། མཚམས་གྲོལ། བསྙེན་པའི་ཐུན་མཚམས་སྐབས་གཏམ་ཅལ་ཅོལ་མང་པོ་མི་སྨྲ་ཞིང་སྒྲུབ་གཡོགས་པའི་ཀྱང་སྐད་ཆ་གསལ་བ་ཆེ་བ་རྣམས་མི་བཤད། བཟླས་པའི་སྐབས་སྔར་མི་དྲན་པ་མང་པོ་དྲན་པ་དང༌། དཔེ་ཆ་ལྟ་བ་དང༌། ཤོར་བ་སོགས་བསྙེན་པ་ཉིད་མ་ཡིན་པའི་བྱ་བ་གང་འདོད་ཀྱང་བར་ཆད་དུ་གོ་བར་བྱས་ནས་སྤང་པ་གཙོ། ཚོགས་གསོགས་དང༌། བསྲུང་འཁོར་དམིགས་པ་གང་གསལ་དེ་སྒོམ་པའི་བར་ཆད་མི་སྣང་བ་ཡིན། ཁྱད་པར་བསྙེན་པ་ལ་འདོད་པ་བསྡུག་པ་དང༌། དགོངས་པ་ཚབ་ཚོབ་མི་བྱེད་པར་བློ་བདེ་བའི་ངོས་ནས་བྱེད། ཉི་མ་གཅིག་ལ་གྲངས་འདི་ཙམ་སོང་མ་སོང་མི་བྱེད། སྤྱོད་ལམ་བག་ཡང་ཙམ་བྱའོ། །རིག་པ་གཙུར་གཙུར་མི་བྱ། སྐྲ་སེན་མི་འདྲེག གདན་མི་བསྒུལ། བླ་མ་ལ་གསོལ་བ་འདེབས་པ་གཏོར་མའི་སྐབས་གསོལ་འདེབས་འདོན་པ་གལ་ཆེ། ཞེས་པ་འདི་ཡང་སློབ་མ་འགའ་ཞིག་གིས་བསྐུལ་བ་ལྟར་ཏཱ་ར་ནཱ་ཐས་ཆོས་ལུང་བྱང་རྩེར་སྦྱར་བའོ།། །།སརྦ་མངྒ་ལཾ།

དཔལ་ལྡན་བླ་མ་དམ་པའི་མཛད་པའི་བསྙེན་པ་བྱེད་ཚུལ།


TNT10_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་མཛད་པའི་བསྙེན་པ་བྱེད་ཚུལ་བཞུགས། ཟབ་མོ་གསང་སྔགས་བཟླས་གྱུར་ན། ཚེ་འདིར་སྨིན་གྲོལ་ཐོབ་པར་ཐེ་ཚོམ་མེད། ཨོཾ་ཤྲཱི་ཙཀྲ་སཾ་བྷ་ར་བྷྱེཿ སྦྱོར་བ་བསྙེན་པ་གང་ལའང་ཐོག་མར་མཚམས་འོག་ཏུ་མི་མང་ཉུང་གང་བཅུག་ཀྱང་ཆོག་ཅིང་ཐོག་མར་མཚམས་འོག་ཏུ་བཅུག་པ་ཕྱིས་མི་འཇུག མཚམས་འདེབས་པའི་ཚེ་དགོང་མོ་བྱ་ཞིང༌། གྲོལ་བ་སྔ་དྲོ་གྲོལ་བར་བྱའོ། །


TNT10_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱི་སྐབས་ངག་སྡོམ་ཞིང༌། ངག་བཅད་པའི་སྔགས་དེ་བསྙེན་པའི་གྲགས་སུ་རྩི་ཞིང༌། ཐུན་མཚམས་རྣམས་སུ་ངག་བཅད་གཅིག་ཏུ་མི་དགོས། སྔགས་གང་འགྲུབ་འགྲུབ་སྒྲོངས། ཐུན་མཚམས་ཀྱི་སྔགས་གྲངས་སུ་མི་རྩི། བསྙེན་པའི་འཕྲེང་བ་མི་གཞན་གྱིས་མ་མཐོང་བར་བྱེད། ཁྱད་པར་འཁོར་ལོ་སྡོམ་པའི་སྐབས། མཚམས་ཐོ་བརྩིགས་ནས་ས་དེར་སྔོན་འགྲོ་གཏོར་མ་བཏང༌། དེ་སྐབས་སའི་ཕྱོགས་འདིར་བདག་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་སྒྲུབ་པར་འཚལ་ན། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཞེས་སོགས་འཕྲིན་ལས་བཅོལ། སྤྱིར་ཐུན་བཞིར་བཤད་ནའང༌། སྔགས་འགྲོ་ཆེ་བའི་སྟབས་སྔ་ཐུན་དགོང་ཐུན་གཉིས་མཛད། ཐུན་མཚམས་ཉིན་དགུང་ཡོད་པ་མཛད། གཏོར་མ་དགོང་ཐུན་གྱི་མཇུག་སྲོད་ཀྱི་དུས་བསྔོ། དེ་ཡང་ཐོགས་མ་ཡི་དམ་ལ་འབུལ་རྒྱུ་དང༌། མཁའ་འགྲོ་སྤྱི་གཏོར་དེ་གཏོར་མ་གཉིས་བྱ་དགོས་ཀྱི་ཆོས་སྐྱོང་ཡོད་ནའང་གཏོར་མ་འཆའ། གཏོར་མའི་མདུན་དུ་ནང་མཆོད་དང༌། ཆུ་གཉིས་ཉེར་སྤྱོད་ལྔ་བཤམས། དེ་ནས་ཉི་མ་རེ་རེ་བཞིན། འཐེབ་སྐྱུས་སྔར་གྱི་གཏོར་མ་དེ་དགོས་པ་ཡིན། ཐུན་གྱི་སྐབས་ཡིག་བརྒྱ་སོང་བའི་རྗེས་སུ་ནང་མཆོད་བྱིན་རླབས་དམིགས་པ་གང་གསལ་གྱི་རྒྱས་པ་བྱ། ནང་མཆོད་བྱིན་རླབས་གཏིང་མ་གཉིས་ལ་རྒྱས་བསྡུས་སྐབས་དང་བསྟུན་པའི་རུང༌། མངོན་རྟོགས་ཀྱི་མགོ་མཇུག་ཏུ་སེམས་


TNT10_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་པ་དགོས་ཤིང༌། དམིགས་པ་གསལ་རུང་མི་གསལ་རུང༌། ཚིག་སོ་སོའི་ཐད་དུ་རྣམ་པ་ལམ་ལམ་དྲན་པའི་ཤར་སྒོམ་ཚར་རེ་གལ་ཆེ། དག་པ་དྲན་པའི་རྗེས་སུ་འཕྲེང་བ་བྱིན་རླབས་རེ་བྱེད་དགོས་ཤིང༌། དེ་ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ལས་འོད་དཔག་མེད་དམར་པོ་ཕྱག་དང་པོ་གཉིས་པདྨ་དང་དྲིལ་བུ་འཛིན་པས། ཡུམ་གོས་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། འོག་ལ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག །གཡས་བརྐྱང་གི་སྟབས་ཀྱི་བཞུགས་པ། དེའི་སྙིང་ཁར་ཨོཾ་ཧ་དཀར་པོ་ནས་ཙིནྚི་ཀའི་བར་དང༌། གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་ཕེཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་བྷ་ཝ་ཨབྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། འོད་དཔག་མེད་ཀྱི་དབུ་བརྒྱན། དེ་ཞུ་བ་ལས་བྱུང་བའི་ཕྲེང་བར་འགྱུར། ཨོཾ་ཨཱཿཛི་ཧཱུཾ་ཕཊ་སྭཱཧཱ། ལན་བརྒྱ་རྩ་བརྒྱད་བཟླས་པ་ནི་འཕྲེང་བ་བྱིན་རླབས་སོ། །དེ་ནས་སུམ་བྷ་ལན་བདུན་ཙམ་བཟླས། དེ་ནས་ཡབ་ཡུམ་གྱི་རྩ་སྔགས་ཚར་གཅིག་སོང་ནས། ཡབ་ཡུམ་སྒྲགས་པའི་སྙིང་པོ་གཉིས་ལ་གྲངས་འཛིན། ཐུན་གཅིག་ལ་ཡབ་ཡུམ་གྱི་སྔགས་སུ་སོང་བ་དེའི་བཅུ་ཆ། དཔའ་བོ་དཔའ་མོ་ཉེར་བཞིའི་སྔགས་བཟླས། དེའི་བཅུ་ཆ་ཡུམ་བཞི་དང་སྒོ་མཚམས་མ་བརྒྱད་ཀྱི་སྔགས་བཟླས་པས། གཙོ་འཁོར་དུས་མཉམ་དུ་བསྙེན་པ་འགྲོ་བཞིན།


TNT10_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་མི་བདེ་ན་ཐོག་མར་གཙོ་བོ་ཡབ་ཡུམ་གྱི་བསྙེན་པ་རྫོགས་པའི་དུས་སུ། རིམ་པ་བཞིན་དུ་འཁོར་རྣམས་སོ་སོ་ལ་བསྙེན་པ་བྱས་པའི་རུང༌། དེའི་ཚེ་གཙོ་བོ་ཡབ་ཡུམ་ལ་འབུམ་ཕྲག་བཞི། ཡུམ་བཞི་ལ་སྟོང་ཕྲག་བཞི་བཞི། དཔའ་བོ་དཔའ་མོ་ཉེར་བཞི་ལ། བཞི་ཁྲི་རེ། སྒོ་མཚམས་མ་བརྒྱད་ལ། ཡུམ་བཞི་དང་འདྲ། ཡབ་ཡུམ་གྱི་བཟླས་པ་དང༌། རྣམ་པ་དང༌། ང་རྒྱལ་ལ་སློབ་པའི་དམིགས་པ་ནི། དཀྱུས་ནས་གསལ་ཞིང་འཁོར་དུ་སླེབས་པའི་སྐབས། རང་རང་སོ་སོའི་ཐུགས་ཀར་པད་ཟླ་ལ་སྔགས་བཀོད་ལ། ཀློག་པའི་ཚུལ་གྱིས་བཟླ། སྔགས་གང་བཟླ་རུང་ལྷ་ཐམས་ཅད་དང༌། གཙོ་བོ་ཡང་ཞལ་བཞི་ཀས་བཟླས་པར་བསམ་མོ། །བསྙེན་པ་གྲོལ་བའི་ཚེ་གཏང་རག་གི་ཚུལ་དུ་གཏོར་མ་རྒྱས་པ་རེ་གཏོང༌། འགྲུབ་ན་བསྙེན་པ་རྫོགས་མཚམས། མ་གྲོལ་གོང་ཞག་འགའ་རེ་གཏོར་མ་འབུལ་ཞིང༌། དེ་ནས་སྦྱིན་སྲེག་རྣམས་ཀྱང་མཚམས་ནང་དུ་རྫོགས་པར་བྱས། མཚམས་གྲོལ། བསྙེན་པའི་ཐུན་མཚམས་སྐབས་གཏམ་འཆལ་ཆོལ་མང་པོ་མི་སྨྲ་ཞིང༌། སྒྲུབ་གཡོག་པས་ཀྱང་སྐད་ཆ་གསར་པ་ཆེ་བ་རྣམས་མི་ཤོད། བཟླས་པའི་སྐབས་སྔར་མི་དྲན་པ་མང་པོ་དྲན་པ་དང༌། དཔེ་ཆ་ལྟ་བ་དང༌། ཤོར་བ་སོགས་བསྙེན་པ་ཉིད་མ་ཡིན་པའི་བྱ་བ་གང་འདོད་ཀྱང༌། བར་ཆད་དུ་གོ་བར་བྱས་ནས་སྤྲོས་པ་གཅོད། ཚོགས་བསོགས་དང༌། བསྲུང་འཁོར་དམིགས་པ་གང་གསལ་ཏེ་སྒོམ་པ་བར་ཆད་མི་འབྱུང་བ་ཡིན། ཁྱད་པར་བསྙེན་པ་


TNT10_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་པ་སྡུག་པ་དང་དོག་པ་ཙབ་ཚོབ་མི་བྱེད་པར་བློ་བདེ་བའི་ངོས་ནས་ལྷོད་ལྷོད་ནས་བྱ། ཉི་མ་གཅིག་ལ་གྲངས་འདི་ཙམ་སོང་ན་མ་སོང་ནི་མི་བྱ། ནང་དུ་སྤྱོད་ལམ་བག་ཡང་ཙམ་བྱ། རིགས་པ་བཅུར་བཅུར་མི་བྱ། སྐྲ་སེན་མི་དྲེག་གདན་མི་བསྒུལ། བླ་མ་ལ་གསོལ་བ་འདེབས་པ་དང༌། གཏོར་མའི་སྐབས་གསོལ་འདེབས་འདུན་པ་དྲག་པ་གལ་ཆེ། ཞེས་པའང་སློབ་མ་འགའ་ཞིག་གིས་བསྐུལ་བས་ཏཱ་ར་ནཱ་ཐས་ཆོས་ལུང་བྱང་རྩེར་བསྐུར་བའོ། །དགེ་ལེགས་འཕེལ་བར་གྱུར། ཕྱོགས་དང་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་གྱུར་པར་ཅིག། །།བཀྲ་ཤིས། །མངྒ་ལཾ།

གཙོ་འདུས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས།


TNT10_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འདུས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས། རྡོར་འཆང་ནཻ་གུ་ཁྱུང་པོ་རྨོག་ཅོག་པ། །སྐྱེར་སྒང་གཉན་སྟོན་སངས་སྟོན་ཤངས་སྟོན་པ། །ཚུལ་མགོན་རས་ཆེན་ཤངས་དཀར་སྐྱུད་ལུང་པ། །ནམ་རྒྱལ་རྒྱ་སྒོམ་རྗེ་ལ་གསོལ་བ་འདེབས། །གྲོལ་མཆོག་ལྷར་གྲགས་ཀུན་རྒྱལ་སྒྲོལ་བའི་མགོན། །ཀུན་མཚོན་བྱམས་མགོན་ལྷུན་བློ་འཇམ་པའི་དབྱངས། གྲགས་པ་བློས་སྟོབས་འཇིགས་མེད་རྣམ་པར་རྒྱལ། །ཆོས་འཕེལ་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་འདུས་པའི་དཔལ། བདེ་ཀྱཻ་འཇིགས་གསང་མཧཱ་མ་ཡ་སོགས། །གཙོ་མཆོག་ལྔ་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །རབ་གུས་གསོལ་འདེབས་མཆོག་ཐུན་དངོས་གྲུབ་སྩོལ། ། གཏུམ་མོའི་བདེ་དྲོད་སྒྱུ་མའི་རང་ཉམས་དང༌། །རྨི་ལམ་རང་ཟིན་རྩོལ་མེད་འོད་གསལ་ཤར། །འཕོ་མེད་ལེགས་རྟོགས་བར་དོ་དང་པོ་ལ། །


TNT10_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ལོངས་སྐུར་འཆར་བར་བྱིན་གྱིས་རློབས། །འདིའི་ཐོག་མཐའི་ཤོ་ལོ་ཀ་གཉིས་པོ་ནི་རྗེ་གྲོལ་མཆོག་གི་རྡོ་རྗེའི་ལྗགས་ཀྱིས་སྩལ་བ་དངོས་ཡིན་ལ། བར་གྱིས་ཁ་བསྐང་གི་ཤོ་ལོ་ཀ་ཟུང་ནི་དྷརྨ་ཝཱརྟའི་གནང་བའོ། །དགེ་ལེགས་འཕེལ། སྐྱབས་འགྲོ་ནི། སངས་རྒྱས་ཆོས་དང་དགེ་འདུན་ནི། །བླ་མ་ཡི་དམ་མཁའ་འགྲོ་དང༌། ཁྲོ་བོ་ཆོས་སྐྱོང་བཅས་པ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། ཀྱཻ་མ་སེམས་ཅན་སྡུག་བསྔལ་ཞིང༌། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །དཔལ་ལྡན་ཧེ་རུ་ཀར་བསྒོམ་བྱ། །ལན་གསུམ། ཡེ་ཤེས་ལྔ་ནི། སྔོན་པོ་མི་བསྐྱོད་པ། ལྗང་གུ་དོན་ཡོད་གྲུབ་པ། དཀར་པོ་རྣམ་པར་སྣང་མཛད། སེར་པོ་རིན་ཆེན་འབྱུང་ལྡན། དམར་པོ་སྣང་བ་མཐའ་ཡས་སོ། །

རྒྱུད་སྡེ་ལྔའི་གཙོ་འདུས་ཀྱི་མངོན་རྟོགས།


TNT10_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ལྔའི་གཙོ་འདུས་ཀྱི་མངོན་རྟོགས་ཞེས་བྱ་བ་བཞུགས། ཨོཾ་སྭཱ་སྟི། དཀྱིལ་འཁོར་མ་ལུས་ཀུན་འདུས་པ། །ཡེ་ཤེས་རྣམ་ལྔའི་ངོ་བོ་ཉིད། །དེ་ལ་གུས་པས་ཕྱག་འཚལ་ལོ། །དེ་འི་སྒྲུབ་ཐབས་མདོ་ཙམ་བཤད། །དེ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དང༌། ཡེ་ཤེས་མཁའ་འགྲོ་ནཻ་གུ་མས་མཛད་པའི་སྒྲུབ་ཐབས་དང༌། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་མན་ངག་རྣམས་ནི་གཞི་ལུས་བདེ་མཆོག་ལྷན་སྐྱེས་དང་དགྱེས་མཛད་ལྷན་སྐྱེས་ལ་སྦྱར་བ་ཅི་རིགས་པ་ཡོད་ཅིང་བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡང་ཅི་རིགས་སུ་


TNT10_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་གཉིས་ཀ་ལྟར་ཡང་རུང་ཞིང་ཡིད་ཆེས་ཅན་ཡིན་ནོ། །དེ་ཡངའདིར་བདེ་མཆོག་ལྷན་སྐྱེས་བརྟེན་ནས་བཤད་པར་བྱ་སྟེ། དེ་ལ་ཡིད་དང་མཐུན་པའི་གནས་སུ་ནང་མཆོད་མཆོད་གཏོར་ཡོ་བྱད་རྣམས་སྣ་ཚོགས་པར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱ། ནང་མཆོད་གཏོར་མ་ལྟར་བྱིན་རླབས་ལ། ཨོཾ་ཤཱུ་ནྱ་ཏ་སོགས། པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས་སྣོད་བཅུད་མ་ལུས་པ་སླར་འདུས་ཏེ་འོད་དུ་ཞུ་བ་ཐིག་ལེར་གྱུར་དེ་ལས་རང་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུཾ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། ཐུགས་ཀའི་ཧཱུཾ་ལས་རཾ་འོག་ཕྱོགས་སུ་ཆད་ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུཾ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱིས་ས་གཞི་དང་དེ་ལས་འཕྲོས་པའི་རྭ་གུར་དུ་གྱུར་ཅིང༌། ཧཱུཾ་ལས་ཧཱུཾ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་བར་དུ་གྱུར་པས་བར་མཚམས་མེད་པར་གཏམས་ཉི་མ་ལས་འབར་བའི་མེས་རབ་ཏུ་ཞུ་སྟེ་ར་གུར་གྱི་ཕྱི་རོལ་དུམ་བུ་གཅིག་ཏུ་འདྲེས་ཤིང་ཕྱི་ནང་ཀུན་ཏུ་མེ་ལྕེས་གང་བར་གྱུར། སྙིང་ཁའི་ཧཱུཾ་གིས་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་


TNT10_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །སོགས་ལན་གསུམ་བྱ། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག་སྟེ་མེ་ལོང་དང་གཟུགས་བརྙན་ལྟར་རང་དང་ཚོགས་ཞིང་དབྱེར་མེད་དུ་གྱུར། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅ཧཾ། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འཛིན་པ་ཡང་རང་བཞིན་མི་དམིགས་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་མཉམ་པར་བཞག སྟོང་པའི་ངང་ལས་སྐད་ཅིག་གིས་བསྲུང་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར། འཇིགས་བྱེད་དང་དུས་མཚན་གྱི་གདན་དེའི་སྟེང་དུ་རང་སེམས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། དེ་རྣམས་ཧེ་རུ་ཀ་ཡབ་ཡུམ་ཀྱི་རྣམ་པར་སྤྱན་དྲངས་ཏེ། ཧཱུཾ་ཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ཨིནྡྲ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོས་པ་ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ་ཁྲོ་ཞིང་བགེགས་ལ་ཆགས་པའི་ཉམས་ཅན་མཆེ་བ་མྱུ་གུ་ཅུང་ཟད་གཙིགས་པ་ཞལ་ཤིན་ཏུ་འགྱུར་


TNT10_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྲོ་གཉེར་ཅན་བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེ་མོར་རུས་པའི་འཁོར་ལོ་ལ་གནས་པའི་ནོར་བུ་དང་རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་པ་མི་རུས་ཀྱི་རྣ་ཆ་དང་མགུལ་རྒྱན་དང་གདུ་བུའི་ཚོགས་དང༌། སྐ་རགས་དང་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ་ཐལ་བ་ཆེན་པོས་ཉེ་བར་བྱུགས་ཤིང་མི་མགོ་སྐམ་པོ་ལྔའི་དབུ་བརྒྱན། དཔའ་བོ་དར་དཔྱངས་དང་བཅས་པ་མིའི་རྒྱུ་མ་ལ་བརྒྱུས་པའི་ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་བཀྲོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ལ་ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་དང༌། གཡས་བརྐྱང་བས་དུས་མཚན་མ་དམར་པོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་བསྐལ་བའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང་གཡོན་ཐོད་པ་ཁྲག་གིས་བཀང་བས་ཡབ་ལ་འཁྱུད་པ་གཅེར་བུ་སྐྲ་འཁྲོལ་ཞིང་ཕྱག་རྒྱ་ལྔའི་བརྒྱན་པ། ཐོད་སྐམ་གྱི་དབུ་བརྒྱན་དང༌། དོ་ཤལ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱངས་བས་ཡབ་ལ་འཁྱུད་ཅིང་ཡབ་ཡུམ་གཉིས་ཀའང་ལང་


TNT10_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་གསར་དུ་བདོ་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར། རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ཡོན་ཏན་གྱི་ངོ་བོ་རང་དང་མཚུངས་པས་བདེ་མཆོག་ཡབ་ཡུམ། བདེ་ཆེན་འཁོར་ལོ་སྐུ་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ཡུད་ཙམ་ཁྲོ་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱི་ཡུམ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པའོ། །ལོངས་སྤྱོད་འཁོར་ལོ་གསུང་མཧཱ་མ་ཡ་མཐིང་ག་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་དམར་མོ་རང་མཚུངས་ལ་འཁྱུད་པ་སྐྲ་སེར་བརྫེས་པ་གཡས་བརྐྱང་གིས་པད་ཉི་ལ་མི་རོ་མནན་པའོ། །ཆོས་ཀྱི་འཁོར་ལོར་ཐུགས་དགྱེས་མཛད་རྡོ་རྗེ་མཐིང་ཁ་ཕྱག་གཉིས་ཀྱྀས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ་སྐྲ་སེར་གྱེན་དུ་བརྫེས་པ་གཡས་བརྐྱང་གིས་པད་ཉི་ལ་ཚངས་པ་དང་དྲག་པོ་མནན་པའོ། །བདེ་སྐྱོང་འཁོར་ལོ་འཕྲིན་ལས་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ་ཅན། ཕྱག་གཉིས་ཀྱི་གྲི་གུག་དང༌། ཐོད་ཁྲག་འཛིན་པས་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ།


TNT10_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ་གཡོན་བརྐྱང་གིས་པད་ཉི་ལ་མ་ཧེ་མནན་པའོ། །ཡང་ན་ཐམས་ཅད་ཧཱུཾ་ལས་བསྐྱེད་ཀྱང་རུང་བར་བཤད་དོ། །རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་ཡང་རང་གི་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་རྣམས་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་དུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤབྟའི་བར་གྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་འབུལ། གསང་མཆོད་དང་དེ་ཁོ་ན་ཡིད་ཀྱིས་མཆོད་པ་ཉིད་ལ་དྲན་པ་ཙམ་བྱའོ། །དེ་ཉིད་པས་བསྟོད་པ་ནི། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་བསྟན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་


TNT10_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ཎི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཉིད་གཙོ་བོར་བཟླ་ཞིང༌། ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱཧཱ། ཉེ་སྙིང༌། རྣམ་སྣང༌། དཔལ་རྡོ་རྗེ་ཁྲག་འཐུང་མཁའ་འགྲོ་མ་དྲ་བ་སྡོམ་པ་བཞི་ཚུལ། རྡོ་རྗེ་སྣང་མཛད་མ་སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། རྡོ་རྗེའི་རིགས། ཨོཾ་དྷེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཧཱུཾ་ཧྲཱིཿཥྟཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པ་རྣམས་ཀྱང་ཅི་རིགས་པར་ཟླའོ། །རྫོགས་པའི་རིམ་པ་ནི། འཁོར་ལོ་ལྔའི་ལྷ་རྣམས་ཐིག་ལེར་ཞུ་བ་བཀྲ་ཤིས་ལྷ་འཇམ་པོ་རྡོ་རྗེ་ལེགས་བཅས་དང་དེའི་འོད་ཟེར་གྱིས་དྲག་པོ་མཆེ་བ་རྣམ་པར་གཙིགས་པའི་མདོག་ཅན། ལུས་གང་བ་སོགས་སྤྲོས་བསྡུ་ལ་སེམས་འཛིན་པར་བཤད་ཅིང༌། ཆོས་དྲུག་ཉིད་བསྒོམས་པ་ཡིན་ནོ། མཐར། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་ངང་དུ་ཐིམ་པར་གྱུར། ཅེས་བརྗོད་ཅིང་ཅུང་ཟད་མི་རྟོག་པའི་ངང་ནས་མཉམ་པར་བཞག །སླར་ཡང་རང་ཉིད་ཧེ་རུ་ཀ་ཡབ་བརྐྱང་གི་ང་རྒྱལ་ལ་གནས་གསུམ་བྱིན་གྱིས་བརླབས་ནས་ཐུན་མཚམས་ལ་འཇུག་


TNT10_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེའི་སྟེང་དུ་ཨཱ་ལས་ཀཱ་པ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་རྣམས་ཀྱིས་མཚན་པ། རླུང་གཡོས། མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས་ཡེ་ཤེས་ཀྱི་སྒྲོན་གསལ་ལས། དོན་མཚོན་པ་ནི་ས་བོན་ནམ་ཞེས་གསུངས། བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲིཿལན་གསུམ་གྱིས་བྱིན་གྱིས་རླབས་ལ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་དུ་བཤད་པའི་སྙིང་པོ་རྣམས་ཀྱིས་མཐར། ཨོཾ་ཨཱ་ཀ་རོ། བཏགས་པ་ལན་གསུམ་གྱིས་འབུལ་ལོ། །གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་ནས། ཀུན་གྲུབ་ཤོག་གི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱས་བཟོད་གསོལ་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གལ་ཏེ་དགྱེས་མཛད་ལྷན་སྐྱེས་ལ་བརྟེན་ནས་བསྒོམ་པར་འདོད་ན་གཞི་ལུས་དགྱེས་མཛད་ལྷན་སྐྱེས་ཉིད་དུ་བྱེད་པ་དང་སྐུ་གསུང་ཐུགས་བྱིན་རླབས་ཀྱི་རྫས་སྐྱེ་མཆེད་དྲུག་བྱིན་རླབས་ཀྱང་བྱའོ། །བཟླས་པ་དང༌། དེ་ཝ་པུ་ཙུ་བཛྲ་གཙོ་བོར་བྱེད་པ་རྣམས་ཁྱད་པར་རོ། །ཕྱི་དཀྱིལ་ལྷ་ལྔའི་ཚུལ་དུ་བསྒོམ་པར་སྤྲོས་ན་པདྨ་འདབ་མ་བརྒྱད་པའི་ཤར་དུ་གསང་འདུས། ལྷོ་རུ་དགྱེས་མཛད། ནུབ་ཏུ་མཧཱ་མ་ཡ། བྱང་དུ་འཇིགས་བྱེད། མཚམས་ཀྱི་འདབ་མ་རྣམས་ལ་བུམ་ཐོད་བཞི་གསལ་འདེབས། ཕྱི་དཀྱིལ་དུ་བསྒོམ་པའི་ཡིག་རྙིང་ཕལ་ཆེར་ན་གཙོ་བོ་གསང་བ་


TNT10_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལ་བྱས་པ་ཉིད་མང་བར་འདོད་པ་ཡོད་ནའང༌། རང་གང་ལ་མོས་པ་ཉིད་གཙོ་བོར་བྱས་པས་ཆོག་གོ །དེ་བཞིན་དུ་ཡིག་རྙིང་འགའ་ན་ཕྱི་དཀྱིལ་འཁོར་ལོ་བདེ་མཆོག་ལྷ་ལྔ་ལ་བརྟེན་ནས་ཡང་ཡོད་དོ། །ཤིན་ཏུ་ཟབ་པའི་སྒྲུབ་ཐབས་འདི། །ཁྱུང་པོ་རྣལ་འབྱོར་ལ་སོགས་པའི། །དེ་ཉིད་མཁྱེན་པའི་ལུང་གི་དོན། །ངག་འདོན་ཙམ་དུ་བསྒྲིགས་པ་ཡིན། །ཞེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེ་ལེགས་འཕེལ།

རྡོ་རྗེ་འཇིགས་བྱེད་ཆེན་པོའི་མངོན་རྟོགས་ཚིགས་བཅད་མ།


TNT10_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཇིགས་བྱེད་ཆེན་པོའི་མངོན་རྟོགས་ཚིགས་བཅད་མ་བཞུགས། ན་མོ་བཛྲ་བྷཻ་ར་ཝ་ཡ། སྐྱབས་སེམས་སྔོན་དུ་བཏང༌། ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་དབུས། །ཨེ་ལས་ཆོས་ཀྱི་འབྱུང་གནས་དབུས། །ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་ནང༌། །ཐོད་རུས་འབར་བའི་གཞལ་ཡས་ཁང༌། །དུར་ཁྲོད་ཆེན་པོས་བསྐོར་བའི་དབུས། །ཡཾ་ལས་རླུང་དཀྱིལ་དུ་བའི་མདོག །དེ་སྟེང་ཟླ་བར་དྷཱིཿཡིག་ལས། །འཇམ་དབྱངས་དམར་སེར་པོད་རལ་འཛིན། །ཐུགས་ཀར་ཉི་མ་ལས་འོད་འཕྲོས། །སངས་རྒྱས་ལ་སོགས་བཀུག་ནས་བསྟིམ། །འཇམ་དཔལ་གདན་བཅས་ཉི་མ་ལ། །ཐིམ་པར་དཔག་ཚད་བརྒྱ་སྟོང་གི །ཚད་ཅན་ཉི་མར་ཧཱུཾ་མཐིང་ནག །དེ་ལས་རྡོ་རྗེ་རྩེ་དགུ་གདེངས། །མེ་དང་མཚོན་ཆའི་ཚ་ཚ་འཕྲོས། །སྡང་དང་གདུག་ཅན་ཚར་བཅད་ནས། །རྒྱལ་བ་སྲས་བཅས་འཇིགས་མཛད་ཀྱི། །རྣམ་པར་སྤྱན་དྲངས་འདྲེས་པ་ལས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་


TNT10_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས། །ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར། །ཁྲོ་བོར་གྱུར་པའི་གཤིན་རྗེ་གཤེད། །ཞལ་དགུ་སུམ་ཅུ་རྩ་བཞིའི་ཕྱག །བཅུ་དྲུག་ཞབས་ཀྱི་གཡས་རྣམས་བསྐུམ། །གཡོན་བརྐྱང་རྣམ་པར་འགྱིང་པས་བཞུགས། །རྩ་ཞལ་མ་ཧེ་ཁྲོས་པའི་གདོང༌། །ཧཱུཾ་དང་ཕཊ་ཀྱིས་སྒྲ་ཆེན་སྒྲོགས། །སྟེང་ཞལ་དམར་མོ་རྒྱ་ཆེན་བཞད། །དེ་སྟེང་འཇམ་དཔལ་གཞོན་ནུའི་ཞལ། །གསེར་གྱི་མདོག་ཅན་ཅུང་ཟད་ཁྲོ། །གཡས་པའི་རྭ་ཡི་ཕྱོགས་ཀྱི་ཞལ། དང་པོ་སྔོན་པོ་མཆེ་བ་གཙིགས། ། གཉིས་པ་དམར་པོ་ལྗགས་འདྲིལ་ཞིང༌། །གསུམ་པ་སེར་པོ་ཁྲོ་གཉེར་ཅན། ། གཡོན་པའི་རྭ་ཡི་ཕྱོགས་ཀྱི་ཞལ། །དང་པོ་དཀར་པོ་རྨོངས་པར་བྱེད། །གཉིས་པ་དུད་ཁ་རེངས་པར་བྱེད། །གསུམ་པ་ནག་པོ་གསོད་པར་བྱེད། །ཞལ་རྣམས་ཐམས་ཅད་སྤྱན་གསུམ་ལྡན། །གཡས་པའི་ཕྱག་ན་རིམ་པ་བཞིན། །གྲི་གུག་འཕང་མདུང་བཏུན་ཤིང་དང༌། །ཆུ་གྲི་རྡོ་རྗེ་རྩེ་གཅིག་པ། །དགྲ་སྟ་གདུང་མདའ་ལྕགས་ཀྱུ་དང༌། །དབྱུག་པ་ཁ་ཊྭཱཾ་འཁོར་ལོ་དང༌། །རྡོ་རྗེ་རྩེ་ལྔ་ཐོ་བ་དང༌། །རལ་གྲི་རྡེའུ་ཆུང་རིམ་བཞིན་འཛིན། །གཡོན་པའི་ཕྱག་རྣམས་རིམ་པ་བཞིན། ཁྲག་གིས་གང་བའི་ཐོད་པ་དང༌། །མགོ་ཕུབ་རྐང་པ་ཞགས་པ་གཞུ། །རྒྱུ་མ་དྲིལ་བུ་ལག་པ་དང༌། །རོ་རས་སྐྱཻས་བུ་གསལ་ཤིང་ཕུག །མེ་ཐབ་ཐོད་ཚལ་སྡིགས་མཛུབ་དང༌། །འཕན་རྩེ་གསུམ་པ་རླུང་རས་འཛིན། །ཐ་མ་ཡི་


TNT10_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱག་གཉིས་ཀྱིས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞབས་གཡས་རྣམས་ཀྱི་རིམ་བཞིན་སུ། །མི་དང་མ་ཧེ་གླང་བོང་བུ། །རྔ་མོང་ཁྱི་ལུག་ལྕེ་སྤྱང་མནན། །གཡོན་རྣམས་རིན་བཞིན་བྱ་རྒོད་དང༌། །འུག་པ་བྱ་རོག་ནེ་ཙོ་དང༌། ཁྲ་དང་ཁྱུང་ཆེན་རི་སྐེག་བཞད། །མནན་ཅིང་ཞབས་རྣམས་ཐམས་ཅད་ཀྱིས། །ཚངས་པ་དབང་པོ་ཉེ་དབང་དང༌། དྲག་པོ་གཞོན་ནུ་གདོང་དྲུག་དང༌། །ཚོགས་བདག་ཉི་མ་ཟླ་བ་རྣམས། །བསྒྱཻལ་ནས་ཁ་བུབ་ཉིད་དུ་མནན། །མི་མགོ་སྐམ་པོ་ལྔ་ལྔ་ཡིས། །ཁྲོ་ཞལ་རྣམས་ཀྱི་དབུ་ལ་བརྒྱན། །མི་མགོ་ཁྲག་འཛག་ལྔ་བཅུ་དང༌། །སྦྲུལ་ནག་ཆེན་པོའི་དོ་ཤལ་ཅན། །དབུ་སྐྲ་དམར་སེར་གྱེན་དུ་འབར། །སྤྱན་རྩ་དམར་མོ་གློག་ལྟར་འཁྱུག །རུས་རྒྱན་དྲུག་གིས་སྐུ་ལ་བརྒྱན། །ཐལ་ཆེན་མཆོག་གི་ཚོམ་བུ་དང༌། །ཁྲག་ཞག་དམར་པོའི་ཐིག་ལེ་དང༌། །ཞག་ཆེན་ཟོ་རིས་རྣམས་ཀྱི་མཚན། །ལིང་ག་དམར་པོ་གྱེན་དུ་ལངས། །སྐུ་ལས་སྤྲུལ་པའི་ཕོ་ཉ་འཕྲོ། །སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམས་དང་ཞི་བ་ཡིས། །གར་དགུའི་རོལ་དང་ལྡན་པ་ཉིད། །ཡེ་ཤེས་མེ་དཔུང་དབུས་ལ་བཞུགས། །མིག་ཏུ་ཀྵིཾ་དཀར་ས་སྙིང་དངོས། །རྣ་བར་ཕྱག་རྡོར་ཛྲིཾ་ནག་པོ། །སྣ་ལ་ཁཾ་སེར་ནམ་མཁའི་སྙིང༌། །ལྕེ་ལ་གཾ་དམར་འཇིག་རྟེན་རྗེ། །དཔྲལ་བར་སྒྲིབ་སེལ་སྐཾ་ལྗང་ཁུ། །ལྟེ་བར་ཀུན་བཟང་སཾ་སྔོན་པོ། །


TNT10_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་སྐུ་ཡི་རྡོ་རྗེ་ཨོཾ། །མགྲིན་པར་གསུང་གི་རྡོ་རྗེ་ཨཱཿ །སྙིང་གར་ཐུགས་ཀྱི་རྡོ་རྗེ་ཧཱུཾ། །ནམ་མཁའ་གང་བའི་བཅོམ་ལྡན་འདས། །འཇིགས་མཛད་རྣམ་པར་སྤྱན་དྲངས་ཏེ། དགུག་དང་གཞུག་དང་བཅིངས་མཉེས་པས། །བདག་ལ་གཉིས་སུ་མེད་པར་བསྟིམས། །བཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨ་གཙྪ་ཨ་གཙྪ་ཨརྨ་དྷ་ར་པཱུ་ཛ་པྲ་ཏི་གྷྲྀཧྣནྟུ་པྲ་ས་བྷ་མི་དྷི་མན་ཀུ་རུ་ཀུ་རུ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ མཁའ་དབྱིངས་གང་བའི་བདེ་གཤེགས་ཀྱིས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ནས། ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ནས། གནས་ལས་བྱུང་བའི་སྦྱིན་པར་བྱ། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། མི་བསྐྱོད་རྒྱལ་པོས་དབུ་བརྒྱན་ཅན། །སྙིང་གར་འཇམ་དཔལ་གཞོན་ནུ་བསམ། །དེ་ཡི་ཐུགས་ཀར་རྡོ་རྗེ་ནག །ཧཱུཾ་ཡིག་ནག་པོ་འབར་བས་མཚན། །ནམ་མཁའ་ཁྱབ་པ་ལྷ་མོའི་ཚོགས། སྤྲུལ་ནས་བདག་ལ་མཆོད་པར་འགྱུར། །ཨོཾ་ཧྲཱིཿཥྟཱིཿཧཱཿ ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་མ་ར་རུ་པི་ནི་ཛ་ཛ༔ ཨོཾ་ཧྲཱིཿཧ་ཧེ་ཕཊ། ཨོཾ་ཏིབྟ་ལོ་ཙ་ན། བི་ཀྲི་ཏཱ་ན་ན་མཧཱ་ཨཊྚ་ཊྚ་ཧ་ས་ན་དི་ནེ་ཏིབྟ་ཡ་སྭཱཧཱ། ཨོཾ་བི་ཀྲྀ་ཏཱ་ན་ན་དུཥྟཾ་སཏྭ་ད་མ་ཀ་ག་ག་ག ཨོཾ་མཧཱ་བྷུ་ཏ་ཨ་དྷི་པ་ཏི་ཨི་མཾ་བ་ལིཾ་གྲྀཧྞ་པ་ཏ་ཡ་སྭཱཧཱ།


TNT10_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེས་པ་ནས། དུད་ཁ་མུན་ཅན་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཏ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་ཡ་མ་ར་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་ར་མ་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྟཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མནྟ་ཀ་ཧཱུཾ་ཕཊ། ཁམས་གསུམ་དཀྱིལ་འཁོར་རང་ལ་ཐིམ། །བདག་ཉིད་འོད་གསལ་དུ་བསྡུས། །སླར་ཡང་ཞལ་གཅིག་ཕྱག་གཉིས་པའི། །རྡོ་རྗེ་འཇིགས་མཛད་སྐུར་གྱུར་རོ། །གོང་བཞིན་སྐྱེ་མཆེད་བྱིན་རླབས་དང༌། །སྐུ་གསུང་ཐུགས་ཀྱི་གོ་ཆ་བཀོད། །དགེ་བ་བསྔོ། ཞེས་པ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བློ་དམན་གྱི་ཉེར་མཁོ་ཞེས་བྱ་བ་འདི་ཡང་ཏཱ་ར་ནཱ་ཐས་ཡར་འབྲོག་སྟག་ལུང་དུ་སྦྱར་བའོ།། །།བཀྲ་ཤིས། །

དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག


TNT10_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག་བཞུགས། ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག་བྱེད་པར་འདོད་པས། ཐོག་མར་དཀྱིལ་འཁོར་གྱི་ཆོ་ག་རགས་པ་ཙམ་ཞིག་བློ་ལ་ངེས་པར་བྱའོ། །དེ་ནས་ཆོ་གའི་གོ་རིམ་གྱི་སྡོམ་ནི་འདི་ཡིན་ཏེ། གནས་ཁང་བྱི་དོར་བརྒྱན་བྱས་ལ། །མཎྜལ་བཤམས་ཤིང་ཡོ་བྱད་ཚོགས། །བྱིན་རླབས་སྔོན་འགྲོ་གཏོར་མ་བཏང༌། །གནས་དང་


TNT10_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་བྱིན་གྱིས་རླབས། །སློབ་དཔོན་ཡོད་ན་ཞུ་འབུལ་བྱ། །བདག་བསྐྱེད་བཟླས་པ་ལག་བྱིན་རླབས། །མདུན་བསྐྱེད་ཡེ་ཤེས་སྤྱན་དྲངས་ནས། །མཆོད་དང་གཏོར་མ་ལ་སོགས་བྱ། །དེ་ནས་ཚོགས་ཀྱི་འཁོར་ལོ་དང༌། །མཐར་ནི་རྗེས་ཆོག་བྱ་བ་ཡིན། །སྤྲོ་ཞིང་ཤེས་ན་མཆོད་པ་ཡི། །སྔོན་དུ་ལག་མཆོད་བྱ་བར་བཤད། །མ་གྲུབ་ན་ཡང་ཉེས་པ་མེད། །ཅེས་བྱའོ། ། མཎྜལ་བཤམས་པ་ནི། དབུས་སུ་དྲི་བཟང་གི་ཐིག་ལེ་གྲུ་བཞི། ལྷའི་གནས་གཞན་རྣམས་སུ་ཐིག་ལེ་ཟླུམ་པོ་རེ་རེ། དྲི་བཟང་གི་ལྡེ་གུའི་ཚོམ་བུ་དང་བཅས་པ་བཤམས། དྲི་བཟང་གི་ལྡེ་གུའི་ཚོམ་བུ་མ་འབྱོར་ན། དྲི་བཟང་གི་ཆུའི་ཐིག་ལེ་སྟེང་དུ། མེ་ཏོག་གམ་འབྲུའི་ཚོམ་བུ་བྱ། སོ་སོར་འགོད་ལོང་མ་བྱུང་ན། མཎྜལ་ལ་མེ་ཏོག་བཀྲམ་ཞིང༌། དབུས་སུ་སྤུངས་པས་ཆོག མདུན་བསྐྱེད་ཞལ་ཚུར་བསྟན་པའི་གཡོན་དུ་ཡི་དམ་གཏོར་མ་དང༌། གཡས་སུ་འཇིག་རྟེན་པའི་གཏོར་མ་བཤམས་མཆོད་པ་རྣམས་ཅི་བདེ་བར་བསྒྲིགས་པས་ཆོག རྡོར་དྲིལ། ཌཱ་མ་རུ། ནང་མཆོད། རོལ་མོ་སོགས་འཛོམས་པར་བྱས་ནས་རྡོ་རྗེ་གསོར། དྲིལ་བུ་དཀྲོལ་ལ་སུཾ་བྷ་བརྗོད། ཡང་རྡོ་རྗེ་དང་བཅས་པའི་ལག་པ་ས་ལ་རེག སུཾ་བྷ་བཟླས། ཐོག་མ་ཉིད་དུ་ནང་མཆོད་བྱིན་རླབས་བྱ། དེ་ནས་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། ཚོགས་པ་ཡོད་ཅིང་ཚོགས་ཀྱི་སློབ་དཔོན་ཡོད་ན་སྒྲུབ་མཆོད་ལྟར་ཞུ་འབུལ་རྒྱས་པར་བྱ། ཚོགས་པ་ཡོད་སློབ་


TNT10_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་མེད་ན་མཆོད་གཡོག་པས་མཎྜལ་ཕུལ་ཏེ། ཀུན་བཟང་རྣམ་སྤྲུལ༴ སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། ཚོགས་པ་མེད་ན་ནི་ཞུ་འབུལ་མི་དགོས་སོ། །དེ་ནས་སྤྲོ་ཞིང་ལོང་ཡོད་ན་མངོན་རྟོགས་རྫོགས་པར་བདག་བསྐྱེད་བསྒོམ། བསྡུ་ན་སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་རྣམས་སོང་བའི་རྗེས་སུ་དག་པ་གསུམ་ཙམ་མོ། །ལྷན་སྐྱེས་ཙམ་ཞིག་བསྒོམ་ཀྱང་རུང་མོད་ཀྱི། འདིར་འབྲིང་པོའི་དབང་དུ་བྱས་ནས། སྐྱབས་འགྲོ་ནས་བརྩམས་ཏེ། བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛད་ཀྱི་བར་བསྲུང་འཁོར་རྫོགས་པར་བསྒོམ། དེའི་དབུས་སུ་པད་ཉིའི་གདན་ལ་ནམ་མཁའི་ནཱ་ད་བབས་ཏེ། ཧཱུཾ་དང་ཨཾ་གཉིས་སུ་གྱུར། དེ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག ཅེས་པ་ནས་བདེ་བ་ཆེན་པོས་རྒྱུད་གང་བར་གྱུར་ཅེས་པའི་བར་བསྒོམ། རྐང་བརྒྱད་གཉིས་ཀྱིས་བསྟོད་ནས་བཟླས་པ་ཅུང་ཟད་བྱ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་གྱུར། ཅེས་པ་ནས། རང་བཞིན་དུ་རྣམ་པར་དག་པའོ། །ཞེས་སྤྱོད་ལམ་གྱི་རྣལ་འབྱོར་ལྟར་བྱ་སྟེ་བདག་བསྐྱེད་དོ། །དེ་ནས་ལག་པ་བྱིན་གྱིས་རླབས་པ་ནི། ལག་པ་གཡས་པའི་སྲིན་ལག་གིས་གཡོན་པ་ལ་ནང་མཆོད་གཏོར། བསངས་སྦྱངས། ལག་མཐིལ་དུ་པདྨ་འདབ་མ་ལྔ་པའི་ལྟེ་བ་དང༌། འདབ་མ་རྣམས་ལ་གཡོན་བསྐོར་དུ།


TNT10_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨོཾ་བཾ། ཨོཾ་ཧཾ་ཡོཾ། ཨོཾ་ཧྲཱིཾ་མྃ། ཨོཾ་ཧྲིཾ་ཧྲིཾ། ཨོཾ་ཧཱུཾ་ཧཱུཾ། ཨོཾ་ཕཊ་ཕཊ། སོར་མོ་ལྔ་ལ་མཐེ་བོང་ནས་བརྩམས་ཏེ། ཨོཾ་ཨོཾ་ཧ། ཨོཾ་ན་མ་ཧི། ཨོཾ་སྭཱཧཱ་ཧཱུཾ། ཨོཾ་བཽ་ཥཊྚཧེ། ཨོཾ་ཧཱུཾ་ཧཱུཾ་ཧོ། སེན་མོ་རྣམས་གཅིག་ཏུ་འདུས་པ་ལས། ཨོཾ་ཕཊ་ཧཾ། དེ་རྣམས་གོ་ཆའི་ལྷ་བཅུ་གཉིས་ཀྱི་ངོ་བོར་གྱུར། ལག་པའི་ས་ཁམས་ལྟུང་བྱེད་མ། ཆུ་ཁམས་གསོད་བྱེད་མ། མེ་ཁམས་འགུགས་བྱེད་མ། རླུང་ཁམས་གར་དབང་མ། མཁའ་ཁམས་དྲ་བ་ཅན་གྱི་ངོ་བོར་གྱུར། ཨརྒཾ་ནས། ཤབྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་གཏོར་བ་ཙམ་བྱ། མདུན་གྱི་མཎྜལ་ལ། བསངས་སྦྱངས། ནང་མཆོད་གཏོར་ནས། ཡུལ་ཉི་ཤུ་རྩ་བཞི་དུར་ཁྲོད་བརྒྱད་དང་བཅས་པ་རང་བཞིན་གྱིས་གྲུབ་པའི་ངོ་བོར་གྱུར། མཎྜལ་ལ་རེག་པའམ་རེག་པར་མོས་ལ། ཨོཾ་པི་ཋ་ཨུ་པ་པི་ཐ་ཡ་སྭཱཧཱ། ཨོཾ་ཀྵེ་དྲ་ཨུ་པ་ཀྵེ་ཊ་ཡ་སྭཱཧཱ། ཨོཾ་ཚནྟོ་ཧ་ཨུ་པ་ཚནྟོ་ཧ་ཡ་སྭཱཧཱ། ཨོཾ་མེ་ལ་ཀ་ཨུ་པ་མེ་ལ་ཀ་ཡ་སྭཱཧཱ། ཨོཾ་ཤྨ་ཤ་ན་ཨུ་པ་ཤྨ་ཤ་ན་ཡ་སྭཱཧཱ། ཨོཾ་པི་ལ་པ་ཨུ་པ་པི་ལ་ཡ་སྭཱཧཱ། ཞེས་བརྗོད། རྟེན་གྱི་དཀྱིལ་འཁོར་གདན་དང་བཅས་པ་སྐད་ཅིག་གིས་གྲུབ་པར་འགྱུར། ཕེཾ། རང་གི་སྙིང་ག་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ཏེ་མདུན་གྱི་མཎྜལ་ལ་འཁོད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ནས་དབུས་


TNT10_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ་ཤར་དུ་མཁའ་འགྲོ་མ་ནས་རྡོ་རྗེ་ཕྲེང་བས་མཚན་པའོའི། བར་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད་པ་བཞིན་ནོ། །སྙིང་གའི་ཧཱུཾ་ཡིག་ནས་ཡོ་ག་ཤུདྡྷོ྅འི་སྔགས་ཀྱི་བར་དཀྱིལ་འཁོར་རྒྱལ་མཆོག་བཞིན་ནོ། །དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། ཆུ་གཉིས་འབུལ་བ་ནས་བརྩམས་ཏེ། །རྡོ་རྗེའི་གླུའི་བར་མཆོད་པ་སྡེ་ཚན་བཅུ་གཉིས་དཀྱིལ་ཆོག་གི་མཆོད་པའི་སྐབས་སུ་འབུལ་བ་ལྟར་ཕུལ་ལ། སླར་ཡང་ལག་པ་གཡོན་པའི་མཐེབ་སྲིན་གྱིས། ཨོཾ་ཨཱཿཧཱུཾ། ཞེས་མེ་ཏོག་བླངས་ཏེ་དཀྱིལ་འཁོར་གྱི་དབུས་སུ་ལན་གཉིས་དོར། དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གཉིས། འཁོར་རྣམས་ལ་སོ་སོའི་སྔགས་དང་ཐོད་པ་བཞི་ལ། ཨོཾ་ཨཱཿཧཱུཾ་གིས་སྔར་བཞིན་མེ་ཏོག་རེ་རེ་མཎྜལ་དུ་གཏོར་དེ་ནས་ལག་པ་གཡས་པ་མེ་ཏོག་རེ་རེ་ལག་པའི་ལྷ་རྣམས་ཀྱི་གནས་སུ་བཞག་ལ། ཨོཾ་བཾ་སོགས་དང༌། ཨོཾ་ཧ་སོགས་བརྗོད། རྐང་བརྒྱད་གཉིས་འདོན་པ་བཞིན་དུ་ལག་པ་གཡོན་པའི་མེ་ཏོག་དེ་ཡང་མཎྜལ་ལ་འཐོར་བར་བྱའོ། །པད་སྐོར་གྱི་མཐར་ཐལ་སྦྱར་སྤྱི་བོར་བཞག་པས་ཡོ་ག་ཤུདྡྷོ྅་བརྗོད། ལག་པའི་ལྷ་རྣམས་གོ་ཆའི་གནས་སུ་ཐིམ་པར་མོས། གོང་གི་ལག་པ་བྱིན་རླབས་དང་འདི་སྡེབས་པས་ལག་མཆོད་བསྡུས་པ་ཡང་ཚང་བ་ཡིན་ནོ། །སུམྦྷས་བསངས་བ་ནས། ཧ་ཧོ་ཧྲིའི་བར་གཏོར་མ་བྱིན་རླབས་ཀྱང་མངོན་རྟོགས་བཞིན། མགྲོན་འདིར་སྤྱན་འདྲེན་མི་དགོས་པས། ཨོཾ་ཨ་རལླི་ཧོ་ས་མ་སྟྭཾ་ནས་ཀུན་འགྲུབ་


TNT10_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་གི་བར་གྱིས་གཏོར་མ་གཉིས་པོ་ཕུལ་ཞིང་འཕྲིན་ལས་བཅོལ། དེ་ནས་ཡན་ལག་བདུན་པ་དང༌། རིགས་ལྔའི་སྡོམ་བཟུང་སོགས་དང༌། སྐྱབས་འགྲོ་སེམས་བསྐྱེད་སྨོན་ལམ་སོགས་ཀྱང་ཅི་ཤེས་བྱའོ། །དེ་རྗེས་ཚོགས་རྫས་བྱིན་གྱིས་བརླབས་པ་དང༌། བྱིན་དབབ། ཚོགས་ཕུད་དང་པོར་བཅད། ཚོགས་བསྲེས། ཡང་ཕུད་ཅིག་ཕུད་དང་པོ་དང་བསྲེ་བར་ཕུད་གཅིག་བཅད་ལ་བཞག ཚོགས་ཕུད་དེ་གཉིས་ལྷན་ཅིག་ཏུ་འབུལ་ཞིང་བསྔོ། ཚོགས་ཀྱི་ཡོ་བྱད་རྣམས་བཀྱེ་སྟེ་ཚོགས་ལ་ལོངས་སྤྱད། མཐར་བར་ཕུད་བཞག་པ་དེ་ལྷག་གཏོར་དང་བསྲེ། ཚོགས་ལྷག་བསྡུས་པ་ལ་ཁ་ཁྲུས་བཏབ། དེ་རྣམས་སྣོད་གཅིག་ཏུ་སྤུངས། ཚོགས་ལྷག་བསྔོས་ཏེ་ཕྱིར་གཏོང་བའི་སྐབས། འཇིག་རྟེན་པའི་གཏོར་མ་ཡང་ཕྱིར་བཏང་ངོ༌། །ཚོགས་མཆོག་ངག་འདོན་ནི་ལོགས་སུ་ཤེས་པར་བྱའོ། །རྗེས་ཆོག་ནི། མཆོད་པ་ཁ་གསོས། བྱིན་རླབས། ཕྱི་མཆོད། ནང་མཆོད། རྗེས་ཆགས། རྐང་བརྒྱད་ཀྱི་བསྟོད་པ་རྣམས་བྱ། འདོད་དོན་ཞུ། ཡིག་བརྒྱ། བཟོད་གསོལ། ཡོ་ག་ཤུདྡྷོའི་སྔགས་ཀྱིས་དཀྱིལ་འཁོར་རང་ལ་བསྡུ། མགྲོན་གཞན་རྣམས་ལ་གཤེགས་གསོལ། བྲིས་སྐུ་སོགས་རྟེན་ཡོད་ན་བརྟན་བཞུགས། བདག་སྲུང་བ། སྨོན་ལམ། བཀྲ་ཤིས་རྣམས་བྱ་སྟེ། ཕལ་ཆེར་དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་རྗེས་ཆོག་དང་འདྲའོ། །མདུན་བསྐྱེད་ཀྱི་མཆོད་པ་འབུལ་བའི་སྐབས། ཆུ་གཉིས་ཉེར་སྤྱོད་སོགས་ཕྱི་མཆོད་དང༌། གོས་ཟུང༌། རིག་མ་བཅུ་དྲུག ནང་མཆོད། གསང་བའི་མཆོད་པ། བསྟོད་པ་རྒྱས་བསྡུས་གང་ཡང་རུང་བ། དཔྱིད་ཀྱི་རྒྱལ་


TNT10_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གླུ། མེ་ཏོག་འབུལ་བ་རྣམས་མ་ཆད་པར་བྱ། གཞན་ཇི་ལྟར་འོས་པ་སྐབས་དང་སྦྱར་ཞིང༌། དེ་དག་ལ་ཡང་སྔགས་ཙམ་བརྗོད་པ་དང༌། ཚིགས་བཅད་སྦྱར་བ་སོགས་ལོང་སྐབས་དང་བསྟུན་ཏེ། རྒྱས་བསྡུས་ཇི་ལྟར་འོས་པ་སྦྱར། སྐབས་འདིའི་རྗེས་ཆོག་ལ་རིག་མ་བཅུ་དྲུག་གི་མཆོད་པ་མེད་ཀྱང་ཆོག་གོ །ཇི་སྐད་བཤད་པ་འདི་དག་ལ་གོ་རིམ་ཅུང་ཟད་བསྒྱུར་ཀྱང་ཆོག་པའི་སྐབས་འགའ་རེ་ཡོད་དོ། །དེ་ལྟར་ན་ཕྱི་རོལ་མཆོད་པ་ལ་བརྟེན་ཏེ་ཚེས་བཅུའི་མཆོད་པ། དཔལ་འཁོར་ལོ་སྡོམ་པ་ནག་པོ་ཞབས་ལུགས་དང་འབྲེལ་བར་སྒྲུབ་ཚུལ་གྱི་ཡི་གེ་མདོ་ཙམ་སྨོས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སོ། །བཀྲ་ཤིས་པར་གྱུར་ཅིག། །།

ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།


TNT10_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ལྔ་ལྡན་གྱི་ཁྲིད་ཅེས་བྱ་བ་བཞུགས།


TNT10_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འདིར་རྒྱལ་བ་རྒྱལ་སྲས་ཆེན་པོའི་ཚུལ་འཛིན་པ། རིན་ཆེན་སྣང་བ་འོདཀྱི་རྒྱལ་མཚན་ནི། རྗེ་བཙུན་ཤཱཀྱ་མཆོག་ལྡན་གྱི་ཞལ་སྔ་ནས་ཀྱི་གསུངས་པའི་རྡོ་རྗེའི་ཚིག་འདིའི་གོ་དོན་ཉམས་སུ་བླངས་པའི་རིམ་པ་ནི། དང་པོ་སོ་སོར་ཐར་པ་རིགས་བདུན་གང་ཡང་རུང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་པར་བླངས། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བ་དབང་བཞི་རྫོགས་པར་བླངས། དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་དུ་ལེགས་པར་བསྲུངས། དེ་ནས་ཉམས་སུ་བླང་བའི་རིམ་པ་ལ་ཐུན་མོང་བ་ཐབས་གཙོ་བོར་གྱུར་པའི་ཁྲིད་དང༌། ཐུན་མོང་མ་ཡིན་པ་ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་ཁྲིད། དེའི་བོག་དབྱུང་ཞིང་གེགས་བསལ་བའི་ཁྲིད། ཚོགས་གཉིས་རྒྱ་ཆེར་སྤེལ་བའི་ཁྲིད་དེ་བཞི་ལས། དང་པོ་ནི། རང་གི་མདུན་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས་པ་ལ་གསལ་བཏབ་ལ། སྐྱབས་སུ་འགྲོ་བ་ལ་ལན་གསུམ་བྱ། དུས་འདི་ནས་བརྩམ་ཇི་སྲིད་པར། །སྡིག་པ་ཀུན་ལས་བདག་བཟློས་ཀྱང༌། །ལུས་དང་ངག་ལས་ཡིད་སྒོ་ནས། །དགེ་ལ་རབ་ཏུ་བརྩོན་པར་བགྱིད། །ཅེས་ཐེག་དམན་དང་ཐུན་མོང་གི་སྡོམ་པ་བཟུང་བ་ལན་གསུམ། སྔོན་གྱི་སངས་རྒྱས་བྱང་སེམས་ཀྱིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་ཀྱང་སེམས་བསྐྱེད་ཅིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཞེས་ལན་གསུམ་གྱིས་


TNT10_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་ཐུན་མོང་མ་ཡིན་པའི་སེམས་བསྐྱེད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཞེས་སོགས་ལན་གསུམ་གསོལ་བ་བཏབ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བུམ་པའི་ཆུས་དབང་བསྐུར། ལུས་ལྷ་སྐུ་གསལ་སྟོང་ལ་སེམས་གཏད། བུམ་དབང་ངོ༌། །བྱང་ཆུབ་སེམས་སྔགས་ཀྱི་སྒྲ་དང་བཅས་པ་ཁར་ཕབ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། ངག་གྲགས་སྟོང་ལ་སེམས་གཏད། གསང་དབང་ངོ༌། །དེ་རྣམས་འོད་དུ་ཞུ་རང་ཉིད་ལ་ཐིམ། རང་ལུས་བདེ་བས་གང༌། སེམས་སྟོང་གསལ་བ་ལ་མཉམ་པར་བཞག ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །སྤྲོས་པའི་མཐའ་བཞི་དང་བྲལ་བའི་ངང་དུ་ཅུང་ཟད་ཅིག་བསྒོམ། དབང་བཞི་པའོ། །དེ་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་གསོ་བའོ། །དེ་ནས་བདག་དང་སེམས་ཅན་ཐམས་ཅད་ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་ཕན། ཤི་བའི་ཚེ་ཤུལ་དུ་ལུས། དེར་མ་ཟད་འཇིག་རྟེན་གྱི་ཁམས་འདི་ཡང་མི་རྟག་ཅིང་མི་བརྟན། སྙིང་པོ་མེད་པའི་རང་བཞིན་ཅན་ཡིན་ཞེས་མི་རྟག་པའི་སྒོ་ནས་འཁོར་བ་ཡིད་དབྱུང་བར་བྱ། དེ་ཉིད་ཡང་བཅར་གྱིན་བསྒོམ། ཐུན་མཇུག་ཏུ་དགེ་རྩ་བྱང་ཆུབ་ཏུ་བསྔོ། དེ་ལྟར་ཉིན་ཐུན་གསུམ། མཚན་ཐུན་གསུམ་དྲུག་ཏུ་བསྒོམ་པར་བྱའོ། ། སྐྱབས་འགྲོ་སྔོན་དུ་འགྲོ་བས་སྡོམ་པ་གསུམ་བླངས་པ་ནི་ཐུན་མོང་གི་


TNT10_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་དང༌། དགེ་རྩ་བསྔོ་བ་རྗེས་ཏེ་འདི་གཉིས་ཐམས་ཅད་ལ་འདྲའོ། །དེ་ལྟར་ན་དམིགས་སྐོར་གཅིག་གོ །དེ་ནས་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ཏེ། ངན་སོང་གསུམ་ན་ཚོར་བ་སྡུག་བསྔལ་སྲན་དུ་མེད། མཐོ་རིས་གྱི་བདེ་སྐྱིད་མི་བརྟན་ཅིང་འཇིག ལུས་སེམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་རྒྱུན་མི་ཆད་པ་ཡོད། ལས་ཉོན་སྡུག་བསྔལ་གསུམ་གྱིས་འཁོར་ལོ་བསྐོར་བ་འདི་ལས་ཅི་ནས་ཀྱང་ཐར་དགོས་པ་འདུག་སྙམ་དུ་སྡུག་བསྔལ་གྱི་སྒོ་ནས་འཁོར་བ་མཐའ་དག་ལ་སྐྱོ་ཤས་དྲག་ཏུ་བསྐྱེད་དེ་དམིགས་སྐོར་གཉིས་པའོ། ། ལུས་འདི་མི་གཙང་ཞིང་སྙིང་པོ་མེད་པའོ་སྙམ་དུ་བསྒོམ་པ་ནི་དམིགས་སྐོར་གསུམ་པའོ། །ང་ཞེས་བྱ་བ་ནི། ཕྱི་ཡུལ། ནང་ལུས། བར་གང་ན་ཡང་མི་གནས་པའི་ཕྱིར། བདག་ནི་གང་དུའང་གྲུབ་པ་མེད་དོ། །ཞེས་བསྒོམ་པ་ནི་དམིགས་སྐོར་བཞི་པའོ། །ཕ་མར་གྱུར་པའི་སེམས་ཅན་རྣམས། འཁོར་བ་སྡུག་བསྔལ་སྣ་ཚོགས་པ་མྱོང་བའི་སྙིང་རེ་རྗེ། འདི་རྣམས་བདེ་ན། སྐྱིད་ན་སྙམ་པ་ནི། བྱམས་སྙིང་རྗེའི་དམིགས་སྐོར་ལྔ་པའོ། །སེམས་ཅན་འདི་རྣམས་བྱང་ཆུབ་མཆོག་ལ་རེག་པའི་དོན་དུ། བདག་སངས་རྒྱས་མྱུར་དུ་ཐོབ་པར་བྱའོ། ཞེས་ཡང་ཡང་བསྒོམ་པ་ནི་དམིགས་སྐོར་དྲུག་པའོ། །དེ་རྣམས་སྔོན་འགྲོའི་ཁྲིད་དོ། །གཉིས་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ། སེམས་སྤྲོས་པའི་མཚན་མ།


TNT10_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་བྲལ་བའི་ངང་ནས། ཁ་ནང་ལོག་གི་ཤེས་པའི་ཆེར་གྱིས་བལྟས་པ་ན། གཞི་གདོད་མ་ནས་དངོས་བཟུང་ཐམས་ཅད་དང་བྲལ་ཞིང་གསལ་བའི་ཆོས་མི་དོར་བ། འགྱུར་མེད་ཀྱི་དབྱིངས་ལ་རང་ངོ་ཤེས་པ་སྐྱོང་བ་ནི་སྟོང་པ་ཉིད་བསྒོམ་པ་སྟེ། རང་རིག་མངོན་སུམ་གྱི་རྣལ་འབྱོར་ཡེ་ཤེས་ཀྱང༌། བདེ་གཤེགས་སྙིང་པོ་བསྒོམས་པ་ཞེས་ཀྱང་བྱ། གཉིས་མེད་ཀྱི་ཡེ་ཤེས་རང་ཞལ་ལྟ་བ་ཞེས་ཀྱང་བྱ། ཡོངས་གྲུབ་ཀྱི་རྣལ་འབྱོར་ཞེས་ཟེར་ཏེ་དམིགས་སྐོར་བདུན་པའོ། །རང་སེམས་ལྷ་སྐུ་གསལ་སྟོང་འཇའ་ཚོན་དྭངས་པ་ལ་སེམས་གཏོད་པ་ནི་ལྷ་སྐུ་གསལ་སྟོང་བསྒོམ་པ་སྟེ་དམིགས་སྐོར་བརྒྱད་པའོ། །རླུང་བུམ་ཅན་ཁ་སྦྱོར་ཏུ་བཟུང་ཞིང་ལུས་ཁོང་སྟོད་དུ་བསྒོམ་པའི་ལྟེ་བའི་དབུས་ན། མར་མེ་སོར་བཞི་པ་ཁྲིག་ཁྲིག་གཡོ་བ། དེ་གཡོ་བས་ལུས་བདེ་ལམ་ལམ་འདུག་པ་གཅིག་སྒོམ། ཐུར་སེལ་ཁོང་འདྲེན་གྱི་སྦྱོར་བས་ཅུང་ཟད་བདེ་བ་བསྐྱེད། དེ་ནི་བདེ་བ་སྒོམ་པ་སྟེ་དམིགས་སྐོར་དགུ་པའོ། །དེ་གསུམ་སོ་སོའི་ལ་ཉམས་རྟགས་ཐོན་ན། རང་བཞིན་འགྱུར་མེད་བརྗོད་བྲལ་དེ་ཁའི་ངང་ནས། སེམས་ཀྱི་རོ་བདེ་བར་ལྷང་ངེ་བ། སྣང་ཆ་ལྷ་སྐུར་ལམ་མེ་བ། ཁ་ནང་བལྟས་ཀྱི་ཤེས་པ་དང་མ་བྲལ་བ་དེ་ཁོ་ན་བསྒོམ་སྟེ། གཡོ་མེད་ཀྱི་བདེ་ཆེན་ཟུང་འཇུག་གཉིས་མེད་ཡེ་ཤེས་དོན་དམ་གྱི་རྣལ་འབྱོར་འདི་ནི་དམིགས་སྐོར་བཅུ་པའོ། །དེ་གསུམ་དངོས་གཞིའོ། །གསུམ་པ་ནི།


TNT10_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་གསལ་བའི་ཉམས་ལ་མ་ཞེན་ཅིང་སྒྱུ་མ་ལྟ་བུར་ཤེས་པའོ། །དེ་བཞིན་དུ་བདེ་བ་དང་སྟོང་པའི་ཉམས་ལ་མ་ཞེན་པ་བྱ། བསྟོད་པ་དང་བདེ་བ་དང་ལོངས་སྤྱོད་ཕུན་ཚོགས་རྙེད་པ་ལ་སོགས་པ་རྣམས་ལ་ཞེན་པ་དང་དགའ་སྤྲོ་མི་བྱ། སྨད་པ་དང་སྡུག་བསྔལ་དང༌། དབུལ་ཕོངས་ལ་སོགས་པ་རྣམས་ལ་སྐྱོ་བ་དང་མི་དགའ་བ་ལ་སོགས་པ་མི་བྱ། ཐམས་ཅད་རྨི་ལམ་ལྟ་བུ་མཉམ་པ་ཉིད་དུ་ཤེས་པར་བྱ། བདེ་སྡུག་དགའ་མི་དགའ་སོགས་ཀྱི་སྣང་བ་ཅི་ཤར་ཐམས་ཅད་འཛིན་མེད་ཀྱི་དབྱིངས་སུ་ཅི་ཐུབ་བསྲེའོ། །བཞི་པ་ནི། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་རྣམ་པ་ཐམས་ཅད་དུ་བསླབ་པར་བྱའོ། །ཞེས་དམ་བཅའ་ཡང་ནས་ཡང་དུ་བྱ། དེ་དམིགས་སྐོར་བཅུ་གཅིག་པའོ། །དེ་བཞིན་དུ་བསྡུ་བའི་དངོས་པོ་བཞི་ལ་སློབ་པའི་དམ་བཅའ་བྱ་སྟེ། དམིགས་སྐོར་བཅུ་གཉིས་པའོ། །སེམས་ཅན་འདི་རྣམས་མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་དགོས་པས། ཕ་རོལ་ཕྱིན་པའི་ལམ་ཡང་ཤིན་ཏུ་འགོར་ཏེ། དེ་བས་ན་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་གྱིས་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ། །ཞེས་དམ་བཅའ་ཡང་ཡང་བྱ། དམིགས་སྐོར་བཅུ་གསུམ་པའོ། ། དེ་གཉིས་རྗེས་སམ་ཡན་ལག་གི་ཆོས་ཏེ་ས་བཅུ་གསུམ་དང་ཆོས་མཚུངས་པ་དམིགས་སྐོར་བཅུ་གསུམ་མོ།


TNT10_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་བཞི་པོ་དེ་ལ་ནི་གཞི་ཆོས་ཞེས་བྱའོ། །གཞི་ཆོས་ཀྱི་སྙིང་པོ་ནི། གནས་ལུགས་ཀྱི་ལྟ་བ་ངོ་སྤྲོད་པ་སྟེ། དེའི་ལ་གཟུང་འཛིན་རང་བཞིན་མེད་པར་ངོ་སྤྲོད་པ། རང་རིག་ཡེ་ཤེས་དོན་དམ་དུ་ངོ་སྤྲོད་པ་དང༌། དེ་ཉིད་བདེ་ཆེན་ཟུང་འཇུག་དུ་ངོ་སྤྲོད་པའོ། །དང་པོ་ནི། སེམས་རང་བཞིན་མཉམ་པར་བཞག་པའི་ངང་ནས། ཕྱི་སྣང་བ་ལ་ཆེར་གྱིས་བལྟས་པས་ངོ་ཤེས་ཡོད་སྟེ། ཡུལ་དང་སེམས་ཀྱིས་དབྱེ་བའི་ས་མཚམས་ཕྱེས་མེད་དོ། །སྣང་བ་དེ་ཉིད་རང་གི་སེམས་ཡིན་པར་གཟུགས་སུ་སྣང་བ་ལམ་མེ་བ་དང༌། སྒྲར་སྣང་བ་ལྷང་ངེ་བ་དང༌། དེ་བཞིན་དུ་དྲི་རོ་རེག་བྱར་སྣང་བ་ཐམས་ཅད་ཀྱང་རང་སེམས་གཅིག་པོ་དེ་ལས་ལོགས་སུ་སྣང་བ་མེད་པར་གཏན་ལ་དབབ་པ་སྟེ། ངོ་སྤྲོད་པ་དང་པོའོ། །དེ་ནས་རང་སེམས་ཀྱི་འཆར་སྒོ་ཉོན་མོངས་དང་རྣམ་རྟོག་ཅི་ཤར་བ་ཐམས་ཅད། མེ་ལོང་ནང་གི་གཟུགས་བརྙན་ལྟར་གདོད་མ་ནས་སྣང་ལ་ངོས་བཟུང་མེད་པར་ངོ་ཤེས་ཀྱིས་གཏན་ལ་དབབ། དེ་ནི་གཟུང་འཛིན་གཉིས་རང་བཞིན་མེད་པར་གཏན་ལ་ཕབ་པས་ངོ་སྤྲོད་གཉིས་པའོ། །ལུས་སྣང་དང་སེམས་ཀྱི་འཆར་སྒོ་ཅི་བྱུང་ཡང༌། རང་སྣང་འཁྲུལ་བ་ཙམ་ལས་སེམས་ཀྱི་རང་བཞིན་ལ་ནམ་ཡང་མ་གོས་པར་གཏན་ལ་དབབ་པ་ནི། ཀུན་རྟོག་གློ་བུར་གྱི་དྲི་མ་གདོད་ནས་ཡོད་མ་མྱོང་བར་ངོ་སྤྲོད་གསུམ་པའོ། །གཉིས་པ་ནི། སེམས་ཀྱི་ངོ་བོ་ངོས་བཟུང་དང་བྲལ་བ་བརྗོད་


TNT10_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ལས་འདས་ཀྱང༌། རང་རིག་རང་གསལ་ནམ་ཡང་རྒྱུན་མི་ཆད་པ་དང༌། ཡུལ་སྣང་དང་རྣམ་རྟོག་མ་ཤར་གྱི་ཁྱད་པར་འཕོ་འགྱུར་གང་ཡང་མེད་པར་ཉམས་སུ་མྱོང་བས་གཏན་ལ་དབབ་པ་ནི། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པར་ངོ་སྤྲོད་པ་སྟེ། ངོ་སྤྲོད་བཞི་པའོ། ། གསུམ་པ་ནི། སེམས་ཀྱི་སྣང་བ་མ་འགགས་པ། དག་མ་དག་གི་སྣོད་བཅུད་ཀྱི་སྣང་བ་འཆར་དུ་རུང་བ་ནི། སྣང་སྟོང་བརྗོད་དུ་མེད་པའི་ཕྱིར་དག་པའི་དཀྱིལ་འཁོར་དང༌། དེ་ཉིད་ཀྱི་ངོ་བོ་འཕོ་འགྱུར་གཏན་ནས་མེད་པ། རོ་བདེ་བར་ཤར་བ་ནི། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྟེ། དེ་གཉིས་མིང་འདོགས་ཐ་དད་མ་གཏོགས་ངོ་བོ་ལོགས་སུ་མེད་པར་རིག་པ་སྐད་ཅིག་མ་གཅིག་པོ་འདིའི་སྟེང་དུ་གཏན་ལ་འབེབས་པ་ནི། རང་སེམས་ཟུང་འཇུག་ཏུ་བསྟན་པ་སྟེ། ངོ་སྤྲོད་ལྔ་པའོ། །རྒྱལ་བ་རིགས་ལྔ་མཚོན་པའི་ངོ་སྤྲོད་རིམ་པ་ལྔའོ། །དེ་ལྟར་ན་གཞི་ཆོས་དང་སྙིང་པོ་ངོ་སྤྲོད་དེ། ཕུན་ཚོགས་ལྔ་ལྡན་གྱི་ཁྲིད་ཅེས་བྱའོ། ཁྲིད་དང་པོ་གནས་ཕུན་སུམ་ཚོགས་པ་དང་འདྲ་སྟེ། ཡོན་ཏན་ཐམས་ཅད་སྐྱེད་པའི་གཞི་ཡིན་པས་སོ། ཁྲིད་གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་དང་འདྲ་སྟེ། དེ་ཉིད་གཙོ་བོ་ཡིན་པས་སོ། ཁྲིད་གསུམ་པ་དུས་ཕུན་སུམ་ཚོགས་པ་དང་འདྲ་སྟེ། གེགས་སེལ་ཞིང་བོགས་ཐོན་པ་དུས་ཀྱིས་མཆོག་ཡིན་པས་སོ།


TNT10_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་བཞི་པ་འཁོར་ཕུན་སུམ་ཚོགས་པ་དང་འདྲ་སྟེ། གཉིས་པའི་འཁོར་ཡིན་པས་སོ། ཁྲིད་ལྔ་པ་ཆོས་ཕུན་སུམ་ཚོགས་པ་དང་འདྲ་སྟེ། གཙོ་འཁོར་དེ་གཉིས་ཀྱིས་ཉམས་སུ་མྱོང་བྱ་ཡིན་པས་སོ། །དེ་ལྟར་ན་འདི་ལ་ཕུན་སུམ་ཚོགས་ལྔ་ལྡན་གྱི་ཁྲིད་ཅེས་པའི་རྒྱུ་མཚན་དེ་དག་ཡིན་པས་སོ། །ཞེས་པ་འདི་ནི་སྡེ་སྣོད་འཛིན་པ་ཆེན་པོ་དཔལ་ལྡན་ཤཱཀྱ་བསྟན་འཛིན་དང་སྨྲ་བའི་དབང་པོ་བློ་གྲོས་དཔལ་བཟང་དང་རབ་འབྱམས་སྨྲ་བ་ཀུན་དགའ་བློ་གྲོས་ཀྱིས་ཀྱང་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས། བྲྀ་ཡ་ཚ། ཞུས་སོ། ། ནམ་མཁའ་དང་དབང་ཕྱུག་གི་དགེ་རྩ་ལ་ཤྲཱི་མིང་གིས་དབར་ཏུ་བསྐྲུན་པའི་དགེ་བར་གྱུར་ཅིག

བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ།


TNT10_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ་བཞུགས།


TNT10_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྦྱིན་སྲེག་བསྡུས་པ་ནི། ས་སྟེགས་གྲུ་བཞི་ཁྲུ་ཕྱེད་དོ་ཞིག་གི་སྟེང་དུ་ཐབས་ཁུང་གྲུ་གསུམ་ནང་གི་རྒྱ་ལ་ཆེ་ན་ཁྲུ་གང༌། འབྲིང་ལ་ཡང་སོར་ཉི་ཤུ། ཆུང་ན་མཐོ་གང་ཡོད། དཔང་དུ་རྒྱའི་ཆ་ཕྱེད་སྲབ་འཐུག་རྩེ་མོར་སོར་གསུམ་གཅིག་བྱ། རང་གི་མདུན་དུ་ཧོམ་ཁུང་གི་ནང་དུ་ལིངྒ་ཁྲག་གིས་བྱུགས་པ་གཅིག་བཅུག དམར་གཏོར་གྲུ་གསུམ་དང་མཆོད་པ་སྤྱི་དང་མཐུན་པ་དང༌། རཀྟ་ནང་མཆོད་ལ་སོགས་པ་ཡང་བཤམས། ཐབ་ཀྱི་ནང་དུ་དྲག་པོ་ལ་ཚེར་མ་ཅན་དང༌། ཞི་བ་ལ་ལྕི་སྐམ་མམ་དགེ་བའི་ཤིང་གིས་གང་བར་བྱེད། དྲག་པོ་ལ་ཚེར་མ་ཅན་གྱི་ཤིང་དང༌། ཤིང་བྲུལ་སོགས་ཀྱིས་གང་བར་བྱེད། ཐབས་ཀྱི་ནང་དུ་ཏིང་ལོ་ཞིག་བཞག་གོ །ཐབས་ནང་གི་འབུད་ཤིང་དང་མཚུངས་པའི་ཡམ་ཤིང་རང་གི་གཡོན་ཕྱོགས་སུ་བསག དེ་བཞིན་དུ་རྒྱས་དབང་གསུམ་ལ་དཀར་གྱི་མར་ཁུ་དང༌། དྲག་པོ་ལ་རྐེ་ཚེས་མར་ཁུ་དགོས། འབྲུ་མར་གཞན་ནས་ཇི་ལྟར་འོས་པ་གཉིས་ཀ་ལ་ཕུལ་བའི་


TNT10_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག གཞན་སྲེག་རྫས་ཀྱི་དངོས་པོ་འབྲུ་རྣམ་པ་སྣ་ཚོགས་དང༌། རྩ་ཀུ་ཤ ཞི་རྒྱས་དབང་གསུམ་ལ་ཟས་མཆོག དྲག་པོ་ལ་ཤ་ཁྲག་སྣ་ཚོགས་དང༌། བོང་བུའི་སྦངས་དང༌། སྐྲ་ཤད་དང༌། དུར་ཁྲོད་ཀྱི་རུས་པ་ལ་སོགས་པ་དགོས་ཤིང༌། མེས་བསྲེགས་པར་འོས་པ་གང་འཛོམས་པ་དེ་ཕུལ་བས་ཆོག དེ་ནས་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་དང༌། བདག་བསྐྱེད་སྔོན་དུ་འགྲོ་བར་བྱ་སྟེ། ནང་མཆོད་གཏོར་མ་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་དང༌། ཡ་མནྟ་ཀ༴ མང་དུ་བཟླས། བསྲེག་རྫས་རྣམས་ལ། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱཿསྭཱཧཱ། ཨོཾ་ཧྲཱིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་རེ་བཟླས། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་དཔའ་འབར་གྱིས་མེ་སྦར་ཏེ་ཐབས་ནང་གི་ཏིང་ལོ་སྦར་རོ། །ཧཱུཾ་ཧཱུཾ་ཞེས་རླུང་ཡབ་ཀྱིས་གཡབས་སོ། །སྤྱིར་སྦྱིན་སྲེག་གི་མེ་རླུང་ཡབ་ཀྱིས་གཡབ། སྦུད་པས་འབུད་དུ་རུང༌། ཁས་འབུད་པར་མི་


TNT10_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་ཐབ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རཾ་ལས་མེའི་ཕུང་པོ་ཉིད་དྲང་སྲོང་ཆེན་པོ་མེ་ལྷ། ཞི་རྒྱས་དབང་གསུམ་ལ། བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། དྲག་པོ་ལ། ནག་པོ་སྲིན་པོ་ལྟར་ཁྲོས་པ་གྲི་གུག་འཛིན་པའོ། །ཡང༌། ཡ་མནྟ་ཀས་བསངས། སྭ་བྷ་ཝས་སྦྱངས། མེ་ལྷའི་སྙིང་གར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེ་འཇིགས་བྱེད་ཆེན་པོ། བདག་བསྐྱེད་ལྟར་ཡོངས་སུ་རྫོགས་པར་བསྐྱེད་དེ། དབུ་རྒྱན་གྱི་རྒྱས་བཏབ་པའི་འབར་རོ། །ཡང་ན་སྐད་ཅིག་གིས་བསྐྱེད་པའི་ཀྱང་ཆོག ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། གཟུགས་སྒྲ་ལ་སོགས་པ་ནས་དུད་ཁ་མུན་ཅན་གྱི་བར་བརྗོད། ཧྲཱིཿཥྟཱིཿའི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ། བདག་གི་བར་ཆད་ཐམས་ཅད་ཞི་བར་མཛོད་ཅིག ཅེས་པའམ། དགྲ་བོ་འདི་ཞེས་བྱ་བ་མ་ར་ཡ་ཧཱུཾ་ཕཊ། ཅེས་མར་ཁུ་འབུལ་ལོ། །ཧྲཱིཿཥྟཱིཿའི་མཐར། ཨོཾ་བཛྲ་ཨ་ཏ་ཡ་ཧཱུཾ་ཕཊ། སྤེལ་ཚིག་གོང་བཞིན་སྦྱར། ཡམ་ཤིང་འབུལ། དེ་ནས་སྲེག་རྫས་གཞན་རྣམས་ལ། ཨོཾ་ཧྲཱིཿཥྟཱིཿ་བི་ཀྲྀ་ཏ་ན་ན། ཆྒཻ་མོ་མ་ར་ཡ་ཧཱུཾ་ཕཊ། ཞེས་བཏགས་པ་ཁོ་ནས་འབུལ་ལོ། །ཞི་བ་ལ་ཆྒཻ་མོ་མར་ར་ཡའི་ཚབ་ཏུ་མ་མ་ཤནྟིཾ་ཀུ་རུ་ཞེས་པའོ། །དྲག་པོའི་ལས་ལ་བར་འདིར་ལིངྒ་དགུག་གཞུག་ནས་སྒྲོལ་ཚིག་གི་བར་དྲུག་ཅུ་པའི་གཏོར་ཆོག་ནས་བཤད་པ་བཞིན་བྱ་ལ། ལིང་རོ་རྣམས་གོང་བཞིན་ལྟར་གསད་སྔགས་སྤེལ་བ་དེས་འབུལ།


TNT10_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗཻས་གཏོར་མ་ལ་དམིགས་ནས་མངོན་རྟོགས་ནས་བཤད་པ་ལྟར་གཏོར་ཆོག་ཡོངས་རྫོགས་བྱ། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟླ། མ་འབྱོར་པ་དང་ཉམས་པ་དང༌། སོགས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད་སོགས། སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་བསྡུས་པ་ལས་ཀྱང་ཤིན་ཏུ་བསྡུས་པ་འདི། ཆོས་བཟང་ཉི་མས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ།།

དྲག་པོའི་ཐབ་བསྐྱེད་གསང་བ་སྤྱིའི་ཆོ་ག་ནས་ལོགས་སུ་བཀོད་པ།


TNT10_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ཐབ་བསྐྱེད་གསང་བ་སྤྱིའི་ཆོ་ག་ནས་ལོགས་སུ་བཀོད་པ་ལེགས་པར་བཞུགས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་རླབས། ནང་མཆོད་བྱིན་རླབས་བྱ། དེ་ནས་ཨ་མྲྀ་ཏ། བཟླས་ཤིང་བསང་ཆུ་གནས་ཁང་དང་ཡོ་བྱད་ཀུན་ལ་གཏོར། ནང་མཆོད་གསོ་བའི་རིགས་ཡིན་ན་དེས་ཀྱང་གཏོར་ལ། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད། དེ་ནས་གོང་བཞིན་མཆོད་པ་བྱིན་རླབས་བྱ། བསྲེག་རྫས་རྣམས་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བྱས་པས་གཏད་ལ། ཨོཾ་ཨོཾ་སྭཱཧཱ། ལམ་གསུམ་གྱིས་མ་དག་པ་བཀྲུས་པར་བསམ། ཨོཾ་ཨཱཿསྭཱཧཱ། གསུམ་གྱིས་ཡམ་ཤིང༌། ཨོཾ་ཤྲིཾ་སྭཱཧཱ། གསུམ་གྱིས་ཞུན་མར་དང༌། ཨོཾ་ཛྲིཾ་སྭཱཧཱ། གསུམ་གྱིས་འབྲུ་ཐམས་ཅད་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། གསུམ་གྱི་རྫས་གཞན་རྣམས་ལ་བྱིན་གྱིས་རླབས་པར་དེ་ཀུ་ཤ་ནས་བཟུང་བསང་ཆུ་ལ་དམིགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ས་ལས་སྐྱེ་བའི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་དག་བྱེད་འདི། །ཚངས་པ་ཡི་ཡང་དག་བྱེད་ཤོག །རྣལ་འབྱོར་བདག་ཅག་དཔོན་སློབ་


TNT10_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་མཆོད་འཁོར་དང་བཅས་པ་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག དྲག་པོའི་ལས་ཀྱི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ཨོཾ་ཨཱཿཧཱུཾ་གིས་མེ་བླངས། སྒྲོན་མེ་སྦར། ཨོཾ་ཨ་མྲྀ་ཏས་བསང་ཆུ་གཏོར། ཨ་མྲྀ་ཏ་བཟླས་བཞིན་ཐབ་ལ་གཡས་བསྐོར་བྱ། ཨོཾ་ཛྭ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཞེས་པའི་མེ་སྒྲོན་ཐབ་ནང་དུ་ཞུགས། ཧཱུཾ་ཧཱུཾ་ཞེས་བཅས་བརྗོད་ཅིང་རླུང་ཡབ་ཀྱིས་མེ་སྦར། ཐབ་ཁུང་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་གྲུ་གསུམ་ནག་པོ་སོར་ཉི་ཤུ་པ་ཁ་ཁྱེར་དམར་པོ་ལ་རྡོ་རྗེ་ཕྱེད་པའི་ཕྲེང་བས་མཚན་པ། མུ་རན་སྔོན་པོ་ལ་མཚོན་ཆའི་ཚོགས་འཕྲོས་པ། ཕྱི་རོལ་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་འབར་བས་ཕྱེད་དཔངས་སུ་ཡོད་པ་དྭངས་ཤིང་ཐོགས་པ་མེད་པར་འགྱུར། ཐབ་ཀྱི་དབུས་སུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་འཁོར་ལོ་གྲུ་གསུམ་པའི་སྟེང་དུ། འཁོར་ལོ་ཨོཾ་གྱིས་མཚན་པ། པདྨ་ཨཱཿའི་མཚན་པ། རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་མེ་ཤིན་ཏུ་དྲག་ཅིང་ཁྲོ་བ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ། སྐྲ་ཁམས་པ་གྱེན་དུ་འཁྱིལ་བ། འོད་བརྒྱ་སྟོང་དུ་མས་བརྒྱན་པ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་གནག་


TNT10_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དཀར། གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་གཉིས་པ་ན་སྤྱི་བླུག གསུམ་པ་ན་སྐྱབས་སྦྱིན། གཡོན་གཉིས་པ་ན་དབྱུག་གུ། གསུམ་པ་ནས་བགྲང་འཕྲེང་བསྣམ་པར་བསྒོམ། གཉིས་པ་སྤྱན་དྲངས་པ་ནི། ལག་པ་དགང་གཟར་དང་རྡོ་རྗེ། གཡོན་པ་བླུག་གཟར་དང་དྲིལ་བུ་བཟུང་ལ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཤར་ལྷོ་མཚམས་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བྱོན་པར་འགྱུར། དབྱུག་གི་རྩེ་གསུམ་གྱིས་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འབར་པའི་གནས་འདིར་གཤེགས་སུ་གསོལ། །ཊཀྐི་ནི་ཧཱུཾ་ཛཿ ཨོཾ་ཨེ་ཧྱ་ཧི་མཧཱ་ཤུདྡྷེ་པ་རི་ཤུདྡྷེ་སཏྭ་ཨ་མ་ལ་ཧུ་དེ་རསྨི་ས་ནི་ཧེ་དོ་བྷ་ཝ་ཀྲོ་དྷ་ཨགྣེ་མ་མ་མ་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཕཊ། ཞེས་ཐབ་ཁུང་ཇི་ལྟ་བ་བཞིན་བསྐྱེད་པའི་གཡས་གཡོན་དུ་བཞག་ལ། ཛཿཧཱུཾ་བཾ་ཧོཿ དགུག་གཞུག་བཅིང་དབང་དུ་བྱ། གསུམ་པ་ནི་ལག་པ་གཉིས་ཐལ་མོ་སྤྲད་མཐེའུ་ཆུང་སྲིན་ལག་གིས་རྩེར་བཙུག་ལ། ཨོཾ་ཨགྣེ་ཡ་ས་མ་ཡེ་སྟྭཾ། ཞེས་པའི་དམ་ཚིག་ལས་མི་འདའ་བར་བསམ། བཞི་པ་ནི། མེ་ལྷ་འདིར་ནི་བྱོན་པ་ལེགས། ། བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་ཕུལ་པའི་མཆོད་ཡོན་འདི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨགྣེ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དགང་བླུག་


TNT10_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཨརྒྷཾ་འབུལ་ལོ། །ཇི་ལྟར་བལྟམས་པའི་དུས་ཀྱི་ཚེ། །ལྷ་འི་རྒྱལ་པོ་ཁྲུས་གསོལ་ལྟར། །ལྷ་འི་ཆུ་ནི་དག་པ་ཡིས། །བདག་གིས་ཁྱོད་ལ་སྐུ་ཁྲུས་གསོལ། །ཨོཾ་ཨགྣེ་ཡ་པྲ་ཝ་ར་སད་ཀ་ར་པྲ་ཏཱིཙྪ་སྭཱཧཱ། བདག་དང་འགྲོ་ལ་ནས་དེ་སྲིད་དྲང་སྲོང་བཞུགས་སུ་གསོལ། ཨོཾ་ཨགྣེ་ཡ་པདྨ་ཀ་མ་སྟྭཾ། ཞེས་པས་མེ་ཏོག་གདན་འབུལ་ཏེ་ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། ལྔ་པ་ནི་མར་དགང་བླུག་གསུམ་ཕུལ་ཏེ། མཆོད་པ་འབུལ། ཨོཾ་ཨགྣེ་ཡ་དེ་བ་ཏ་དགྲ་བོ་མཱ་ར་ཡ་ཕཊ། ཞེས་པ་ཞལ་དུ་ཕུལ་ལ་གཞན་བསྲེག་རྫས་གཅིག་ཏུ་འགྲེས་ཏེ། བསྲེག་རྫས་དགྲ་བོའི་ཤ་ཁྲག་ཏུ་བསམ་ཏེ་འབུལ་བར་བྱའོ། །དྲུག་པ་ནི། ཨོཾ་ཨོཾ་ཨགྣེ་ཡ་དེ་བ་ཏ། ཞེས་པ་ལ་རྣམ་ལྔ་བཏགས་ལ་འབུལ་བར་བྱའོ། །བདུན་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཀྐི་དབང་བསྐུར་པ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། ཅེས་པས་བསྟོད། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛྭ་ལ་ཛྭ་ལ་སརྦ་བྷསྨི་ཀུ་རུ་དུཥྟ་ན་ཧཱུཾ་ཕཊ། དྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟཾ། ས་མ་ཡ་ཧོཿ ཞེས་ལན་གསུམ་གྱིས་དམ་ལ་བཞག མེ་ལྷའི་ཐུགས་ཀར་ཧཱུཾ་ལྗགས་ལས་རྡོ་རྗེ་རྩེ་གཅིག་པ་རཾ་གྱིས་མཚན་པ་དགང་བླུག་གི་ཁ་ལ་ཡང་ཧཱུཾ་གིས་མཚན་པར་གྱུར། ཨོཾ་ཨགྣེ་ཡ་ཨ་ཏི་བྱ་ཨ་ཏི་བྱ། ཨ་བི་ཤ་ཨ་བི་ཤ མཧཱ་ཤྲི་ཡ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ། བདག་གིས་སྡིག་སྒྲིབ་


TNT10_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ནད་གདོན་བཀྲ་མི་ཤིས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ལན་བདུན་གྱིས་དགང་བླུག་འབུལ། དེ་བཞིན་དུ་སྔགས་དེ་ཉིད་ཀྱིས་ཡཾ་ཤིང་ལན་གསུམ་ཕུལ། སླར་ཡང་སྔགས་དེ་ཉིད་ཇི་ལྟར་འོས་པའི་སྲེག་རྫས་ཐམས་ཅད་ལ་བསྲེས་དེ་ནས་ཅི་རིགས་པར་འབུལ་ལོ། །ཨོཾ་ཨགྣེ་ཡེ་སྭཱཧཱ། ཞེས་པའི་མར་བླུགས་གཟར་གང་ཐབ་ཏུ་ཕུལ། འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །མེ་ལྷ་དེ་ཉིད་འོད་དུ་ཞུ་ནས་འབར་བ་མེའི་རང་བཞིན་དུ་གྱུར། སླར་ཡང་བསངས་སྦྱངས། འབར་བ་མེའི་དབུས་སུ་ཆོས་འབྱུང་གྲུ་གསུམ་ཞེས་པ་ནས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཅེས་པ་ནས། ཨོཾ་བཛྲ་གྷཎྜེ་ཧོཿ ཞེས་པའི་བར་བསྒྲུབ་ཐབས་བཞིན་ནོ། །སྙིང་པོའི་སྔགས་ཁོ་ན་བསྲེགས་པར་བྱེད་པ་ཉིད་ལ་ཅི་ཙམ་དགོས་པའི་གྲངས་འཛིན་པ་ཉིད་བཟང་པོ་ཡིན་ནོ། །སྲེག་རྫས་རྫོགས་པའི་མཐར་སོ་སོའི་མངོན་རྟོགས་ནས་བྱུང་བའི་གཏོར་འབུལ་མཆོད་བསྟོད་འདོད་གསོལ་རྣམས་བྱས་ལ། དེ་ནས་གཏོར་མ་བྱིན་གྱིས་རླབས་པ་ནི། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ། སོགས་ནས། ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿལྷ་ཐམས་ཅད་ཀྱི་ལྗགས་ནས་ཤོག ཨོཾ་ཨིནྡྲ་ནས་ཤོག ཨོཾ་ཀཱ་ལ་རུ་པ་ནས་ཤོག ཨོཾ་ཨཱཿཧཱུཾ་ཧོཿབཛྲ་ཊཱཀྐི་ནི་ནས་སྩལ་དུ་གསོལ། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱི་ཕཻཾ་བཛྲ་ཨ་རལླྀ་ནས་ཤོག་ཅེས་པའི་བར་རོ། །དེ་ནས་གཞུང་གི་མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨཱ་ལས་


TNT10_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་པ་ལ་ཡངས་ཤིང་ནས་དོ་ནུབ་ཁྱོད་ཀྱིས་བསྐྲད་པར་གྱིས། ཞེས་པའི་བར་རོ། དེ་ནས་རྗེས་ཀྱི་བྱ་བ་ནི། མཆོད་ཡོན་ནས་ཨོཾ་ཤྲཱི་བཛྲ་བཻ་ར་ཝ་ནས་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད་ལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནས་མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ནས་འདུད་ཉི་ཤུའི་བར་གྱིས་བསྟོད་ལ། གསོལ་གདབ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་ལྷག་ཆད་ཁ་བསྐངས། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་ཁྱོད་ཀྱི་སེམས་ཅན་ཞེས་པའམ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཨོཾ་ཛ་ཡ་ཛ་ཡ། སོགས་གཞུང་ལ་འཇུག་གོ །ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་གི་དཔྲལ་བར་ཨོཾ་ནས་


TNT10_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་སཾ་རྣམས་ཀྱིས་རྒྱས་གདབ་པར་གྱུར། ཀུན་རྟོག་གཟུང་འཛིན། སོགས་རང་གི་སྙིང་གར་བསྡུ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །མེ་ལྷ་དེ་ཉིད་སྔར་གྱི་རྣམ་པ་ཅི་ལྟ་བ་བཞིན་དུ་གྱུར། ཨོཾ་ཨགྣེ་ཡེ་སྭཱཧཱ། ཅེས་པའི་བར་མར་དགང་བླུགས་གང་དུ་ཕུལ། མཆོད་ཡོན་ནས་རོལ་མོའི་བར་གྱི་མཆོད་པ་གོང་བཞིན་འབུལ། ཚངས་པའི་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་བ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབ་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་རྙེས་ཀྱང་ཐུགས་རྗེས་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ་ཅེས་པས་བསྟོད། མེ་ལྷའི་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུཾ་ལས་བྱུང་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿཨོཾ་ཨགྣེ་ཡ་ཨ་ཏི་བྷྱ་ནས་ཝ་ཧ་ན་ཡ་ཨོཾ་ཨ་ཀཱ་རོ་ལན་བདུན་གྱིས།


TNT10_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །མེ་ལྷ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གིས་འཕྲིན་ལས་གཞོལ། མཆོད་ཡོན་ནས་གོང་བཞིན་ཕུལ། བསྟོད་པ་བྱ། གང་ཡང་བདག་བློ་ནས་བཟོད་པར་གསོལ། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང༌། །བདག་གིས་དངོས་གྲུབ་ཐམས་ཅད་བསྒྲུབ། །ཨོཾ་ཨཱཿབཛྲ་མུཿ ཡེ་ཤེས་ཀྱི་མེ་ལྷ་དེ་ཉིད་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བ་མེའི་ནང་དུ་ཐིམ་པར་གྱུར། བཀྲ་ཤིས་དང་སྨོན་ལམ་ཅི་འགྲུབ་བྱའོ། །མེ་རང་བཞིན་གྱི་ཞུ་བར་མ་འགྱུར་གྱི་བར་དུ་དཀྲུག་པར་མི་བྱའོ། །གློ་བུར་ལས་རྗེས་བསྡུ་དགོས་པ་བྱུང་ན་འོ་མ་དང་དྲི་བཟང་གི་ཆུ་ལ། ཨོཾ་རུ་རུ་སྥུ་རུ། ནས་ས་དྷ་ནི་སྭཱཧཱ། ཞེས་པའི་བརྒྱ་རྩ་ཙམ་བཟླས་པས་མེ་ལ་བླུག རྒྱས་པ་ལ་སོགས་པ་གཞན་རྣམས་ལ་ཡང་ཆོ་ག་འདི་རིགས་འགྲེལ། ལྷ་ཉུང་ངུའི་དཀྱིལ་འཁོར་དང༌། ཆོ་ག་བསྡུས་པའི་རིགས་དང་བསྒྲུབ་ཐབས་ཕྲ་མོ་སོགས་ལ་དེ་དང་འབྲེལ་བར་མདོར་བསྡུ་འདི་ཙམ་ཁོ་ན་ལེགས་ཤིང་གཞན་གོང་མ་ལྟར་ལ། དངོས་གཞིའི་སྐབས་རྫས་སྔགས་སོ་སོ་བྱེད་པ་བོར་བ་ནི་ཤིན་ཏུ་བསྡུས་པའི་རིགས་སུ་གཏོགས་སོ། །གསང་བ་སྤྱིའི་ཆོ་ག་ནས་དྲག་པོ་ཐབས་བསྐྱེད་ལོགས་སུ་བཀོལ་བའོ། །གསང་བ་སྤྱིའི་སྦྱིན་སྲེག་གི་ཆོ་ག་མདོ་ཙམ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་


TNT10_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཐས་སྨྲས་པའོ།། །།དགེ་ལེགས་མངྒ་ལཾ། ། ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ། སྭོ་བྷ་ཝས་སྟོང་བ་སྦྱུངས། ཧཱུཾ་ལས་བྱུང་བའི་བསང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྡན་དང་ལྡན་པ་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ནམ༔སརྦ་ཏ་ཐ་ག་ར་བྷྱོ་བི་ཤྭ་མུ་ཁེ་བྷྱ༔སརྦ་ཐཱ་ལཾ་ཨུཏྒ་གེ་སྒ་ཏ་ཎ་ཨེ་མིག་གན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱིན་གྱི་རླབས། ན་མོ་རྩ་རྒྱུད་བླ་མ་འཁོར་བཅས་དང་། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་བསྲུངས་མའི་ཚོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉེན་ཐོས་རང་རྒྱལ་འཕགས་ཚོགས་བཅས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན། །མཆོས་སྤྲིན་རྒྱ་མཚོ་འདི་བཞེས་ཅིག །ཁྱད་པར་ཡུལ་ཕྱོགས་འདར་གནས་པའི། །གཞི་བདག་མཐུ་ཆེན་འདི་ཞེས་པ། །འཁོར་བཅས་རྣམས་ལ་མཆོད་པར་འབུལ། །གཞན་ཡང་གཞི་བདག་གནས་བདག་དང་། །གྲོད་བདག་གཞུག་མར་གནས་པ་དང་། །གློ་བུར་ལྷག་པ་ཐམས་ཅད་ཀུན། །གསང་མཆོད་འདི་ཡི་ཚིམས་པར་ཤོག །དངོས་བཤམས་འདི་ལ་བརྟེན་ནས་ཀྱང་། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཆོས་ཉིད་བདེན་པའི་མཐུ་སྟོབས་ཀྱིས། །དགོས་འདོད་ཐསས་ཅད་འབྱུང་བར་ཤོག །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །


TNT10_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཞིམ་བདུད་རྩི་རོ་མཆོག་རྒྱ། །སྣ་ཚོགས་རེག་བྱའི་བདེ་མཆོག་བཅུ། །ཁང་བཟང་ཡུལ་འཁོར་སྐྱེད་མོས་ཚལ། །སྣ་ཚོགས་ཟས་དང་ཁ་དོག་གོས། །གཡོག་འཁོར་རྣམ་པ་མང་པོ་དང་། །བང་མཛོད་ནོར་དང་འབྲུ་ལ་སོགས། །རྐང་འགྲོ་ནོར་དང་གྲོགས་ལ་སོགས། །སྲིད་ཞིང་མགོན་པོ་ཁྱེད་རྣམས་ལ། །གང་ལ་གང་འདོད་ལོང་སྤྱོད་ནི། །ཇི་སྲིད་འཁོར་བ་མ་སྟོང་བར། །མཁོ་དགུ་ཐམས་ཅད་འབྱུང་བར་ཤོག །གནོད་པ་ཐམས་ཅད་ཞི་གྱུར་ཅིག །ཉམས་པ་ཐམས་ཅད་གསོས་གྱུར་ཅིག །མཐུ་སྟོབས་གཟི་རྗིད་རྒྱས་གྱུར་ཅིག །བདེ་སྐྱིད་ཐམས་ཅད་འཕེལ་གྱུར་ཅིག །མི་གཙང་གྲིབ་སོགས་དག་གྱུར་ཅིག །མཁོན་དང་འཁྲུགས་པ་ཞི་བར་ཤོག །མདོར་ན་དཔལ་འབྱོར་གོང་འཕེལ་ནས། མྱུར་དུ་སངས་རྒྱས་ཐོབ་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །མི་མཐུན་བར་ཆད་ཀུན་ཞི་ཞིང་། །ཆེ་དང་བསོད་ནམས་ལོངས་སྤྱོད་དང་། །དབང་ཐང་ཡར་ངོ་བཞིན་དུ་འཕེལ། །ལོག་པར་ལྟ་བའི་དགྲ་བདེགས་རྣམས། །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཁྱད་པར་དཔལ་ལྡན་བླ་མ་ཡི། །བཀའ་དང་དམ་ལ་མ་འདའ་བར། །རྒྱས་པའི་བསྟན་པ་རྒྱས་པ་དང་། །ཡུལ་ཕྱོགས་བདེ་སྐྱིད་འཕེལ་བ་དང་། །ཆོས་གྲ་དགེ་འདུན་ལོངས་སྤྱོད་སོགས། །རྟག་ཏུ་འཕེལ་བའི་གཏོར་གྲོགས་མཛོད། །མི་དང་མི་མིན་འབྱུང་པོའི་ཚོགས། གནོད་པ་ཐམས་ཅད་སེལ་