Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
དགྱེས་པ་རྡོ་རྗེའི་ལག་ལེན་གསལ་བར་བྱེད་པ་དཔལ་ཧེ་རུ་ཀ་དགྱེས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདགྱེས་པ་རྡོ་རྗེའི་ལག་ལེན་གསལ་བར་བྱེད་པ་དཔལ་ཧེ་རུ་ཀ་དགྱེས་པ།next

དགྱེས་པ་རྡོ་རྗེའི་ལག་ལེན་གསལ་བར་བྱེད་པ་དཔལ་ཧེ་རུ་ཀ་དགྱེས་པ།


TNT11_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་རྡོ་རྗེའི་ལག་ལེན་གསལ་བར་བྱེད་པ་དཔལ་ཧེ་རུ་ཀ་དགྱེས་པ་ཞེས་བྱ་བ་བཞུགས།


TNT11_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དགྱེས་པ་རྡོ་རྗེའི་ལག་ལེན་གསལ་བྱེད། དཔལ་ཧེ་རུ་ཀ་དགྱེས་པར་བྱེད་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷན་ཅིག་སྐྱེས་དགའི་རོལ་རྩེད་ནི། །ཟབ་གསལ་ཁྲག་འཐུང་དཔལ་གྱི་དཀྱིལ་འཁོར་དང༌། །གཉུག་མའི་རིག་མཆོག་རྡོ་རྗེ་བདག་མེད་དེ། །འཁོར་བ་སྒྲོལ་མཛད་དེ་ལ་གུས་བཏུད་ནས། །བླ་མ་མཆོག་གི་མན་ངག་ལ་བརྟེན་ཅིང༌། །རང་གི་མོས་པ་གཙོ་བོར་མ་བྱས་པར། །རྒྱུད་རྒྱལ་མཆོག་གི་དགོངས་དོན་ཇི་བཞིན་དུ། །རྩ་བ་ཁ་སྐོང་སྦས་པའི་ལུགས་བཤད་བྱ། །ཤནྟི་པ་སོགས་ཡེ་ཤེས་ཞབས་ལུགས་ལེན། །ནཱ་རོ་མཻ་ཏྲི་ཌོམ་བྷི་ཆུང་བ་སོགས། །གུར་བརྟག་གཅིག་ཏུ་བྲིས་ལ་ཁ་སྐོང་གཞན། །མི་ཐུབ་སོགས་ཀྱིས་རྒྱུད་སྡེ་སྣ་ཚོགས་བླངས། །མཚོ་སྐྱེས་ལུགས་ལའང་འཁྲུགས་སྡེབས་མང་དུ་དགོས། །སྔ་ཕྱི་བོད་ལའང་འདོད་ལུགས་དཔག་ཏུ་མེད། །དེ་དག་ཀུན་ཀྱང་བྱིན་རླབས་ཆེ་ལྡན་ཞིང༌། །ཕྱོགས་རེ་ནས་ནི་རྒྱུད་ཀྱི་དགོངས་པའང་ལགས། །འོན་ཀྱང་གདུལ་བྱ་སྣ་ཚོགས་ལ། །སྟོན་པས་ཆོས་


TNT11_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐའ་ཡས་གསུངས། །རྩ་བཤད་ཆ་མཐུན་རྒྱུད་རྣམས་ཀྱང༌། །ཆོ་ག་གཅིག་ཏུ་བསྲེ་མི་དགོས། །འདིར་ནི་རྒྱུད་རྐྱང་མན་ངག་གི །ལུགས་བཞིན་གསལ་བར་བྲི་བྱ་སྟེ། །དཔལ་ལྡན་ཞི་བ་སྦས་པ་དང༌། །ལྷ་འབྱུང་བླ་མ་མཆོག་ལས་བརྒྱུད། །དེ་ལ་དོན་ཚན་ཉི་ཤུ་རྩ་གཉིས་ཏེ། །སྙིང་པོ་དགྱེས་རྡོར་སྒྲུབ་ཐབས་དང༌། །གཏོར་ཆོག་ཡུམ་གྱི་སྒྲུབ་ཐབས་དང༌། །མདོར་བསྡུས་ཧེ་རུ་ཀ་གསུམ་གྱི། །སྒྲུབ་ཐབས་རྒྱས་པ་རེ་རེ་དང༌། །དེ་བཞིན་འབྲིང་དང་བསྡུས་པ་དང༌། །རྫོགས་པའི་རིམ་པའི་སྒྲུབ་ཐབས་དང༌། །ས་ཆོག་སྟ་གོན་དཀྱིལ་འཁོར་ཞག ། སྒྲུབ་མཆོད་བདག་འཇུག་དབང་བསྐུར་དང༌། །སླར་བསྡུ་བ་དང་རབ་གནས་དང༌། །སྦྱིན་བསྲེག་ཚོགས་འཁོར་མཎྜལ་མཆོད། །ལས་ཚོགས་ཕྲ་མོའི་རིམ་པ་དང༌། །རྣལ་འབྱོར་ལམ་གྱི་རིམ་པ་སྟེ། །ལག་ལེན་རིམ་པ་འདི་ཤེས་ནས། །རྒྱུད་རྒྱལ་བླ་མ་མཆོག་ལ་ཞུས། །དེ་ནས་རྩེ་གཅིག་སྒྲུབས་གྱུར་ན། དངོས་གྲུབ་འགྲུབ་འགྱུར་ཐེ་ཚོམ་མེད། །མདོར་བསྟན་པའི་སྡོམས་སོ། །དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་དགྱེས་རྡོར་དུ་གསལ་བའི་སྙིང་


TNT11_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཉི་མ་ལ་ཧཱུཾ། དེའི་འོད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲངས། དཀར་མོ་རི་དྭགས་ནས། སྐུ་ལ་འཁྱུད་པ་ཉིད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས། ཚད་མེད་བཞི་སོགས་སྤྱི་དང་འདྲ། ཨོཾ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་བླ་རེ་མེ་དཔུང་འབར་བ་དང་བཅས་པའི་བསྲུང་འཁོར་དུ་གྱུར། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་ནང་དུ་ཨེ་ལས་ཆོས་འབྱུང་དཀར་པོ། དེའི་དབུས་སུ་ལཾ་ལས་སའི་དཀྱིལ་འཁོར། བཾ་ལས་ཆུའི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། ཡཾ་ལས་རླུང་གི་དཀྱིལ་འཁོར་རྣམས་བརྩེགས་པ། དེའི་དབུས་སུ་རང་གི་རྣམ་པར་ཤེས་པ་གནས་ཏེ། འབྱུང་བཞི་ཡོངས་སུ་གྱུར་པ་ལས། པད་ཉི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང༌། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བདུད་བཞི་འགྱེལ་བའི་གདན། འདབ་མ་བརྒྱད་ལ། ཉི་མའི་སྟེང་དུ། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་ཁམ་སེར། ནུབ་ཏུ་ཉེ་དབང་ནག་པོ། བྱང་དུ་དྲག་པོ་དཀར་པོ་


TNT11_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐགས་བཟང་རིས་དུད་ཁ་རྣམས་གན་རྐྱལ་དུ་གནས་པ། དབུས་ཀྱི་གདན་གྱི་སྟེང་དུ་གཡོན་བསྐོར་གྱི་ཨ་ཨཱ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པའི་བར། དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་ཐོད་པ་དང་ཨཾ་ལས་གྲི་གུག་ཧཱུཾ་དང་ཨཾ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་འཕྲོས། སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་བྱས། སླར་འདུས་ཏེ་ཐིམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ནག་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། རྩ་བའི་ཞལ་ནག་པོ། གཡས་དཀར་གཡོན་དམར་ལྷག་མ་རྒྱབ་ཞལ་བཞི་གནག་པ། སྟེང་ཞལ་དུད་ཁ་ཆེར་ཁྲོས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཞལ་རེ་རེ་ལ་སྤྱན་དམར་པོ་གསུམ་གསུམ་དང་ལྡན་ཞིང༌། ཐོད་སྐམ་ལྔ་ལྔས་དབུ་རྒྱན་ཅན། མཆེ་བའི་མྱུ་གུ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཧཱུཾ་གི་སྒྲ་སྒྲོག་ཅིང་འཇིགས་པའང་འཇིགས་པར་མཛད་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་ནང་གི་གཡས་ཀྱི་དང་པོ་ན་གླང་པོ་ཆེ། གཡོན་གྱི་དང་པོ་ན་སའི་ལྷ་མོ་དང་བཅས་པ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ། གསུམ་པ་ན་བོང་བུ།


TNT11_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པར་གླང༌། ལྔ་པ་ན་རྔ་མོང༌། དྲུག་པ་ན་མི། བདུན་པ་ན་ཤ་ར་བྷ། བརྒྱད་པ་ན་བྱི་ལ། གཡོན་གྱི་གཉིས་པ་ན་ཆུ་ལྷ། གསུམ་པ་ན་རླུང་ལྷ། བཞི་པ་ན་མེ་ལྷ། ལྔ་པ་ན་ཟླ་བའི་ལྷ། དྲུག་པ་ན་ཉི་མའི་ལྷ། བདུན་པ་ན་གཤིན་རྗེ། བརྒྱད་པ་ན་ནོར་བདག་གོ །ཞབས་བཞིའི་མདུན་མ་གཉིས་གཡོན་བསྐུམ་གཡས་བརྐྱང་པས་ཚངས་པ་དང་དྲག་པོ། རྒྱབ་མ་གཉིས་གར་སྟབས་ཀྱིས་དབང་པོ་དང་ཉེ་དབང་མནན་པ། སྐུ་ལ་ཐལ་ཆེན་གྱིས་ཉེ་བར་བྱུགས་ཤིང༌། རུས་པའི་ཕྱག་རྒྱ་ལྔ་དང༌། མི་མགོའི་དོ་ཤལ་ཅན། སྒེག་པ་དཔའ་བ་ནས། ལྡན་པ་ཉིད་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གྲི་གུག་དང་ཐོད་པ་འཛིན་ཅིང་གཡོན་བརྐྱང་གི་སྟབས་ཀྱིས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཐལ་བ་སྤངས་པ། གཞན་བཅོམ་ལྡན་འདས་དང་མཚུངས་པའོ། །ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ལྟེ་བར་ཧཱུཾ་གིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་བྱུང་བའི་པདྨ་དམར་པོ་ཨས་མཚན་པ། ཨོཾ་བཛྲ་མཧཱ་དྭེ་ཥ་སོགས། ཨོཾ་པདྨ་སུ་ཁ་སོགས། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་ལྷ་མོ་བརྒྱད་དུ་གྱུར། མཁའ་ནང་ནས་ཕྱྀར་སྤྲོས། འདབ་མ་བརྒྱད་ཀྱི་སྟེང་དུ་དབང་པོ་ལ་སོགས་པའི་གདན་ལ་འཁོད་པ་ནི། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་དང༌།


TNT11_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙཽ་རཱི་དམར་མོ་གཡས་ཌ་མ་རུ་དང༌། གཡོན་ཕག་པ། ནུབ་ཏུ་བེཏྟ་ལཱི་སེར་མོ་གཡས་རུས་སྦལ་དང༌། གཡོན་ཐོད་པ་བདུད་རྩིས་གང་བ། བྱང་དུ་གྷསྨ་རཱི་ལྗང་ཁུ་གཡས་སྦྲུལ། གཡོན་ཐོད་པ་བདུད་རྩིས་གང་བ། བྱང་ཤར་དུ་པུཀྐ་སཱི་སྔོ་ནག་གཡས་སེང་གེ །གཡོན་དགྲ་སྟ། ཤར་ལྷོར་ཤཱ་བཱ་རཱི་དཀར་མོ་གཡས་དགེ་སློང༌། གཡོན་འཁར་གསིལ། ལྷོ་ནུབ་ཏུ་ཙཎྜ་ལི་སྔོ་བསངས་གཡས་འཁོར་ལོ། གཡོན་ཐོང་གཤོལ། ནུབ་བྱང་དུ་ཌོམྦི་ནི་ཁྲ་མོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ། ཐམས་ཅད་ཀྱང་གཡོན་རྐྱང་གི་གར་སྟབས་དང༌། མགོ་རློན་གྱི་དོ་ཤལ་ཅན། ལྷག་མ་བཅོམ་ལྡན་འདས་མ་དང་མཚུངས་པའོ། །སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་ཏེ། ཡབ་ཡུམ་འོད་ཀྱི་གོང་བུར་གྱུར་པ་ལས། མཚམས་ཀྱི་ལྷ་མོ་བཞིས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ནས། མ་མཛད་ཅིག །ལྷ་མོ་བརྒྱད་པོ་ཡང་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཉིད་ཧཱུཾ་དང་ཨཾ་དུ་གྱུར། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་ཧེ་རུ་ཀ་དགྱེས་པ་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། བཅོམ་ལྡན་འདས་དང་མཚུངས་པའོའི་བར་གོང་བཞིན། སླར་ཡང་གོང་བཞིན་མཁའ་གསང་བྱིན་གྱིས་རླབས། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་ཞུ་སྟེ།


TNT11_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལམ་ནས་ཡུམ་གྱི་མཁར་བབས་པ། ཧཱུཾ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཱཾ་ལཾ་ཌཾ་རྣམས་སུ་གྱུར། དེ་ལས་གཙོ་བོ་ཡབ་ཡུམ་ལྷ་མོ་བརྒྱད་དང་བཅས་པ་རྣམས་སུ་གྱུར། དེ་རྣམས་མཁའ་ནང་ནས་ཕྱིར་སྤྲོས། ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང༌། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་དང་འབྱུང་བ་བཞི་ནང་གི་ཁམས་བཞི་རྣམས་སྦྱངས། ཡེ་ཤེས་ལྔ་དང་ཚད་མེད་བཞི་ལ་བཀོད། ཚུར་འདུས་ལྷ་དགུའི་དཀྱིལ་འཁོར་དུ་གྱུར། གཙོ་བོ་ཡབ་ཡུམ་རང་ཉིད་ལ་ཐིམ་སྟེ་བདག་པོར་བཞུགས། ལྷ་མོ་བརྒྱད་པོ་ཕྱོགས་མཚམས་ཀྱི་གདན་ལ་འཁོད་པ་ནི། ཤར་དུ་གཽ་རི་ནས། བཅོམ་ལྡན་འདས་མ་དང་མཚུངས་པའོ། །རང་གི་སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧཱུཾ། ལྷ་མོ་བརྒྱད་ཀྱི་ཐུགས་ཀར་ཡང་ཉི་མའི་གདན་ལ་གཾ་ཙཾ་སོགས། ཐམས་ཅད་ཀྱི་མིག་ཏུ་མོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྭཻ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣར་ཁཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨིཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། ལྟེ་བར་ནི་ལས་བདག་མེད་རྡོ་རྗེ་མ་ནག་མོ། སྤྱི་བོར་ཨོཾ་ལས་ས་འོག་སྤྱོད་མ་དཀར་མོའི་ཐུགས་ཀར་སྐུ་རྡོ་རྗེ་ཨོཾ། མགྲིན་པར་ཨཱཿལས་ས་སྤྱོད་མ་དམར་མོའི་ཐུགས་ཀར་ཡང་གསུང་རྡོ་རྗེ་ཨཱཿ སྙིང་གར་ཧཱུཾ་ལས་མཁའ་སྤྱོད་མ་ནག་མོའི་ཐུགས་ཀར་


TNT11_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུགས་རྡོ་རྗེ་ཧཱུཾ། དེ་ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སླར་ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་ཡུམ་བཞི་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ནཻ་ཝི་ཏྱའི་བར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཐོགས་ཏེ་དབང་བསྐུར། སྤྱན་མ་ལ་སོགས་པའི་རྡོ་རྗེ་གླུ་བླངས། གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད། མཁའ་དབྱིངས་གང་བའི་སངས་རྒྱས་རྣམས་ཀྱིས་གུར་གུམ་དང་མེ་ཏོག་གི་ཆར་ཕབ། རྔ་བོ་ཆེ་སྒྲ་སྒྲགས། ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། འཁོར་ལོ་བཞིར་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས། རྡོ་རྗེ་བཞི་རྣམ་པར་དག་ཅིང༌། གཙོ་བོ་ཡབ་ཡུམ་དང་གཽ་རཱི་དང༌། པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤཱ་བཱ་རཱི་ལ་རྣམ་པར་སྣང་མཛད། བེཏྟ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་


TNT11_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། གྷསྨ་རཱི་དང་ཌོམ་བཱི་ནི་ལ་འོད་དཔག་མེད་ཀྱིས་དབུ་རྒྱན། དཀར་མོ་རི་དྭགས། སོགས་ཀྱིས་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བར་འདིར་རྫོགས་པའི་རིམ་པ་ཅུང་ཟད་བསྒོམ། དེ་ནས་སྔགས་ཀྱི་བཟླས་པའི་དམིགས་པ་གསལ་བཏབ་སྟེ། ཨཥྟ་དང༌། དེ་བ་པི་ཙུ་ཅི་ནུས་བཟླ། འཁོར་གྱི་སྙིང་པོ་ནི། ཨོཾ་ཨཱཿཨཾ་ཧཱུཾ། ཨོཾ་ཨཱཿགཾ་ཧཱུཾ། ཨོཾ་ཨཱཿཙཾ་ཧཱུཾ། ཨོཾ་ཨཱཿབཾ་ཧཱུཾ། ཨོཾ་ཨཱཿགྷཾ་ཧཱུཾ། ཨོཾ་ཨཱཿཔཾ་ཧཱུཾ། ཨོཾ་ཨཱཿཤཱཾ་ཧཱུཾ། ཨོཾ་ཨཱཿལཾ་ཧཱུཾ། ཨོཾ་ཨཱཿཌཾ་ཧཱུཾ། ཅེས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་ཐིམ། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་ནཱ་དའི་བར་དུ་སྦྱངས་ཏེ་མི་དམིགས་པར་བཞག །སླར་ཕྱག་གཉིས་པའི་ཧེ་རུ་ཀར་གྱུར། མིག་ཏུ་མོཾ་ལས་ནས། འཛིན་པའོ། །དགེ་བ་བསྔོ། སྙིང་པོ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་ཀྱི་སྐབས་ཏེ་དང་པོའོ། །གཏོར་མའི་ཆོ་ག་ནི། གཏོར་མ་འདུས་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང༌། རཾ་ལས་མེ་ཨོཾ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་པུ་གསུམ། ཨཿལས་ཐོད་པ་དཀར་པོ་རྣམས་བརྩེགས་པ། ཐོད་པའི་ནང་གི་དབུས་སུ་ཧཱུཾ་ལས་ཤ་ཆེན་དང་དྲི་ཆུ། ཤར་དུ་བྷྲུཾ་ལས་དྲི་ཆེན། ལྷོར་ཨཾ་ལས་


TNT11_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ། ནུབ་ཏུ་ཧྲཱིཿལས་བྱང་སེམས། བྱང་དུ་ཁཾ་ལས་ཤ་ཆེན་གྱི་དྭངས་མ། ཤར་ལྷོར་བྷྲུཾ་ལས་བ་གླང་གི་ཤ །ལྷོ་ནུབ་ཏུ་ཧཱུཾ་ལས་ཁྱིའི་ཤ །ནུབ་བྱང་དུ་ཧྲཱིཿལས་རྟའི་ཤ །བྱང་ཤར་དུ་ཏྲཾ་ལས་གླང་པོ་ཆེའི་ཤ །ཧ་ཧོ་ཧྲཱིཿ ལན་གསུམ། དྲི་དང་ཁ་དོག་དང་རོ་ནུས་ངན་པ་རྣམས་བསལ། རླུང་གཡོས་མེ་སྦར་རྫས་རྣམས། ཡོངས་སུ་ཞུ་བའི་རླངས་པ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་གྱུར། དེ་ལས་བདུད་རྩིའི་རྒྱུན་ལན་གསུམ་བབས་ཤིང༌། དེ་ཉིད་ཀྱང་རྫས་རྣམས་ལ་ཐིམ། སླར་ཡང་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུཾ། དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་ཀྱི་བདུད་རྩི་དང་རྒྱ་མཚོ་ལ་སོགས་པར་གནས་པའི་བདུད་རྩི་རྣམས་བཀུག་སྟེ། ཡི་གེ་འབྲུ་གསུམ་ཟླ་བ་དང་བཅས་པ་ལ་ཐིམ། དེ་ཡང་བདུད་རྩིར་ཞུ་སྟེ་གཏོར་མ་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་སོགས་ཅི་རིགས་བརྗོད། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་རྣམ་པ་དང༌། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དུར་ཁྲོད་ཀྱི་ས་གཞི་ལ་གནས་པའི་ཕྱོགས་སྐྱོང་བ་བཅུ། ལྷ་ཀླུའི་ཚོགས་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་ལྷ་ཀླུ་དང་བཅས་པ་ལ་རེག་པས།


TNT11_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་འོད་གསལ་དུ་ཞུགས་ནས་དགྱེས་པ་རྡོ་རྗེ་ཕྱག་གཉིས་པ་ཤེས་རབ་མ་དང་བཅས་པའི་རྣམ་པར་བཞེངས། ཨོཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ། ཨོཾ་ནི་རི་ཏི་ཧཱུཾ་ཁཾ་ཞེས་ཆུ་གཉིས་དང༌། ཨོཾ་དེ་བ་པི་ཙུ་བཛྲ་ཨི་མཾ་བ་ལིཾ་གྲིཧྞ་གྲིཧྞ་མ་མ་ཤིནྟཾ་རཀྵཉྩ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་བདུན་གྱིས་བཅོམ་ལྡན་འདས་ལ་ཕུལ། དེ་བཞིན་དུ་སྦྱར་ཏེ། ཨོཾ་ཨ་ནཻ་རཱཏྨ་ཨཾ་ཨི་མཾ་སོགས། གཽ་རཱི་གཾ །ཙཽ་རཱི་ཙཾ། བཻཏྟ་ལཱི་བཾ། གྷསྨ་རཱི་གྷཾ། པུཀྐསཱི་སཾ། ཤཱ་བཱ་རཱི་ཤཾ །ཙཎྜ་ལཱི་ལཾ། ཌོམྦི་ནཱི་ཌཾ། ཞེས་པ་རྣམས་ལ་མགོར་ཨོཾ་ཨཱཿདང༌། མཇུག་ཏུ་ཨི་མཾ་སོགས་སྦྱར་བ་ལན་གསུམ་མམ་རེ་རེས་ཕུལ། ཕྱི་རོལ་འབྱུང་པོའི་ཚོགས་ལ་དམིགས་ཏེ། ཨོཾ་ཨིན་ད་ཛ་མ་སོགས་ལན་གསུམ་གྱིས་ཕུལ། ཐམས་ཅད་ལ་ཐུན་མོང་དུ། གོང་བཞིན་ཆུ་གཉིས་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། དེ་བཞིན་དུ་ནཻ་བི་ཏྱེའི་བར་དང༌། ཤཔྟ་ཡང་ཕུལ། སྙིང་པོའི་མཐར་འབྲུ་གསུམ་གྱིས་ནང་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སོགས་དང༌། རྡོ་རྗེ་རྣལ་འབྱོར་མ་བརྒྱད་དང༌། །འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ནི། །ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །ནས།ཀུན་འགྲུབ་ཤོག་གི་བར་གྱིས་འཕྲིན་ལས་གཞོལ། ཀོལླ་ཨི་རི་ཋི་སོགས་རྡོ་རྗེའི་གླུ་བླངས། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་བརྗོད། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སོགས་སྨོན་ལམ་བཏབ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལ། སུ་པོ་ཥྱོ་མེ་བྷ་བ། ཤ་ཤྭ་ཏོ་མེ་བྷ་བ། ཧྲི་ད་ཡ་མེ། ཨ་དྷི་ཏིཥྛ་


TNT11_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་སིདྡྷི་མེ་སོགས་དང༌། མཇུག་ཏུ་མུ་བསྣན་པ་ཡི་གེ་བརྒྱ་དང་བཅོ་ལྔ་པས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བའམ། ཅུང་ཟད་སྤྲོས་པ་ལ་དགའ་ན། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་མཐུན་པར་བྱའོ། །གཏོར་མའི་ཆོ་གའི་སྐབས་ཏེ་གཉིས་པའོ། །གལ་ཏེ་ཚུལ་འདིས་བདག་མེད་ལྷ་མོ་བཅོ་ལྔ་བསྒོམ་པར་འདོད་ན། རང་སྐད་ཅིག་གིས་བདག་མེད་མར་གསལ་བའི་སྙིང་གར་ཟླ་བ་ལ་ཨཾ། དེའི་འོད་ཟེར་གྱི་ནས། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་འཕར་མ་གཉིས་དང་བཅས་པའི་ལྷ་སྣམ་ཤར་དཀར་ནས། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཉིས་རིམ། ལྟེ་བ་དང་འདབ་མ་རྣམས་དང༌། སྟེང་གི་ཡ་ཕུགས་ཀྱི་ནང་དང་འོག་ཏུ་ས་གཞིའི་ནང་དུ་ཟླ་བའི་གདན་རེ་རེ། མཚམས་ཀྱི་པད་འདབ་ནང་མ་བཞི་ལ། བུམ་པ་བདུད་རྩིས་གང་བ་རེ་རེ་དང༌། གཞན་རྣམས་ཀྱི་སྟེང་དུ་མི་རོའི་གདན་རེ་རེའོ།། དབུས་ཀྱི་གདན་གྱི་ནས། བར་དུ་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་སོ་སོར་རྟོག་པ་ནས། རང་ཉིད་རྡོ་རྗེ་བདག་མེད་མ་སྐུ་མདོག་མཐིང་ནག་དྲག་མོ་ཆེན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་འཕྱར་ཞིང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་དུ་ཊྭཱཾ་ག་དཀར་པོ་བསྒྲེང་བ། སྒེག་ཅིང་ལང་ཚོ་ལ་བབ་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡི་དྭགས་ཀྱི་གདན་ལ་གནས་པ། ཐོད་སྐམ་ལྔའི་དབུ་བརྒྱན་དང༌།


TNT11_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་ཕྱག་རྒྱ་ལྔ་དང༌། མི་མགོའི་དོ་ཤལ་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། ཟླ་བའི་འོད་འཕྲོ་ཞིང༌། ཟླ་བའི་རྒྱབ་ཡོལ་ཅན་ནོ། །ཐུགས་ཀ་ནས་ཨཱ་ལི་ཚར་བཅུ་བཞི་སྤྲོས། རོ་གདན་བཅུ་བཞིའི་སྟེང་དུ་འཁོད། ཟླ་བའི་དཀྱིལ་འཁོར་རྣམས་སུ་གྱུར། ཀཱ་ལི་ཚར་བཅུ་བཞི་སྤྲོས་ཏེ་དེའི་སྟེང་དུ་འཁོད་པ་ཉི་མའི་དཀྱིལ་འཁོར་རྣམས་སུ་གྱུར། ཨཱ་ཨི། ཨཱི་ཨུ། ཨཱུ་རྀ། རཱྀ་ལྀ། ལཱྀ་ཨེ། ཨཻ་ཨོ། ཨཽ་ཨཾ་རྣམས་སྤྲོས་ཏེ་ཉི་ཟླ་རྣམས་ཀྱི་བར་དུ་འཁོད་པ་གྲི་གུག་བཅུ་བཞིར་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས། སླར་འདུས་ཏེ་ཐིམ། སོ་སོའི་གནས་སུ་དེ་རྣམས་གཅིག་ཏུ་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། ནང་གི་ཤར་དུ་རྡོ་རྗེ་མ། ལྷོར་གསང་བའི་དཀར་མོ། ནུབ་ཆུའི་རྣལ་འབྱོར་མ། བྱང་དུ་མཁའ་འགྲོ་མ། འཕར་མ་ཕྱི་མའི་འདབ་མ་ལ་དབང་ལྡན་དུ་པུཀྐ་སཱི། མེར་རི་ཁྲོད་མ། བདེན་བྲལ་དུ་གདོལ་པ་མོ། རླུང་དུ་གཡུང་མོ། ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བེསྟ་ལཱི། བྱང་དུ་གྷསྨ་རཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ། དེ་ཐམས་ཅད་ཀྱང་འཁོར་ལོའི་དབང་ཕྱུག་མ་དང་མཚུངས་པའི་སྐུ་ཅན་ནོ། །རང་གི་སྙིང་ག་ནས། འཛིན་སེམས་དཔའ་ཟླ་བ་ལ་གནས་པའི་ཨཾ། ཐམས་ཅད་ཀྱི་མིག་ཏུ་ནས། རྡོ་རྗེ་བཞི་རྣམ་པར་དག་ཅིང༌། གཙོ་མོ་དང་གཽ་རཱི་དང༌། པུཀྐ་སཱི་ལ་མི་བསྐྱོད་པ། རྡོ་རྗེ་མ་དང་ཙཽ་རཱི་དང་ཤཱ་བཱ་རཱི་དང་ས་སྤྱོད་མ་རྣམས་ལ་རྣམ་པར་སྣང་མཛད། གསང་བའི་གཽ་རཱི་དང་བཻཏྟ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་


TNT11_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྡན། གྷསྨ་རཱི་དང་ཌོམ་བི་ནཱི་དང་ཆུའི་རྣལ་འབྱོར་མ་དང་མཁའ་སྤྱོད་མ་རྣམས་ལ་འོད་དཔག་མེད། རྡོ་རྗེ་མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པས་དབུ་རྒྱན། བསྟོད་པ་ནི། བུད་མེད་ཀྱིས་འདུལ་འགྲོ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་གྱུར། །ཕྱག་འོས་ཐུབ་པ་ཕ་རོལ་ཕྱིན། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད། །བར་འདིར་དང་པོར་ནག་པོ་རབ་ཏུ་བསྒོམ་ཞེས་སོགས་ལ་བསླབ་བོ། །བཟླས་བྱའི་སྔགས་ནི། ཨོཾ་ཨཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་གཙོ་མོའི་དང༌། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཕཊ་སྭཱཧཱ། ཞེས་པ་ནི་གཙོ་འཁོར་ཐམས་ཅད་ཀྱི་སྔགས་སོ། །ཉེ་བར་བསྡུ་བ་ནི། གོང་བཞིན་ལས་སླར་ཡང་རྡོ་རྗེ་བདག་མེད་མར་གྱུར། ཅེས་འདོན་པ་སྤོ། གཏོར་ཆོག་གི་སྐབས། དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ཞེས་པའི་ཚབ་ཏུ། རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ཞེས་དང༌། གཏོར་སྔགས་གྱི་སྐབས། དེ་བ་པི་ཙུ་བཛྲ་གྱི་ཐད་དུ་ཨོཾ་ཨ་ཨཱ་ནས། ཨོཾ་ཨཾ་གི་བར་བཅུག་པ་ཁོ་ནས་གཙོ་འཁོར་རྣམས་ལ་དུས་གཅིག་ཏུ་འབུལ་བ་དང༌། བསྟོད་པའི་སྐབས། བུད་མེད་ཀྱིས་འདུལ་སོགས་ཁྱད་པར་རོ། །བདག་མེད་མའི་སྒྲུབ་ཐབས་ཀྱི་སྐབས་ཏེ་གསུམ་པའོ།། །།སྐུ་གསུང་ཐུགས་ཀྱི་ཧེ་རུ་ཀའི་དཀྱིལ་འཁོར་སྒོམ་པར་འདོད་ན། མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་ཞིག་སྒོམ་པས་ཆོག་པ་ལས། རྒྱས་པ་ནི་འདི་ཡིན་ཏེ། རང་སྐད་ཅིག་གིས་དགྱེས་རྡོར་དུ་ཞེས་པ་ནས། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་ནང་དུ་རྡོ་རྗེའི་ས་གཞི་ལ་གནས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བ་ལ། ཉིན་མའི་སྟེང་དུ་རོའི་གདན། འདབ་མ་བརྒྱད་ལ་ཡང་རོའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་ནས། དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་


TNT11_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་སོ་སོར་རྟོགས་པའི་ནས། བྱ་བ་སྒྲུབ་པའི་ཡེ་ཤེས། དེ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དབུས་སུ་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དྲག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་སྡང་མིག་འབར་བའི་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་རྡོ་རྗེ་ནག་པོ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ། གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་ཁྲག་ཐུགས་ཀར་ཞེས་པ་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་བདག་མེད་མ་དང་འདྲ་བ། འདབ་མ་བརྒྱད་ལ་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻཏྟ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་ཤཱ་བཱ་རཱི། ལྷོ་ནུབ་ཏུ་ཙཎྜ་ལཱི། ནུབ་བྱང་དུ་ཌོམྦུ་ནཱི་རྣམས་ནག་མོ་གྲི་གུག་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། གཡོན་རྐྱང་གི་སྟབས་ཀྱིས་བཞུགས་པ། ཞེས་བརྗོད་ཅིང༌། དོན་བདག་མེད་མའི་སྐབས་བཞིན་དྲན་པར་བྱའོ། །རང་གི་སྙིང་གར་རང་དང་འདྲ་བའི་ནས། གནས་པའི་ཧཱུཾ། ཐམས་ཅད་ཀྱི་མིག་ཏུ་ནས། ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །བཟླས་པའི་སྐབས། ཨོཾ་ཏྲཻ་ལོ་ཀྱ་ཨཀྵེ་བ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་བ་དང༌། གཏོར་མའི་སྐབས་གཏོར་སྔགས་ཀྱང༌། ཨོཾ་ཏྲཻ་ལོ་ཀྱ་ཨ་ཀྵེ་པ་ཨི་མཾ་བ་ལིཾ་སོགས་འདོན་པ་སྤོ་བ་ནི་ཁྱད་པར་ཏེ། གཞན་སྙིང་པོ་དགྱེས་པ་རྡོ་རྗེ་བཞིན་བྱས་པས་ལེགས་པར་འགྲུབ་བོ། །སྐུ་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་ཀྱི་སྐབས་ཏེ་བཞི་པའོ།། །།


TNT11_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཧེ་རུ་ཀ་སྒོམ་པར་འདོད་ནའང་འདི་ཉིད་དང་འདྲ་བ་ལས། དེ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དབུས་སུ་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་སྡང་མིག་འབར་བའི་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་རྡོ་རྗེ་ཕག་མོ་བཅོམ་ལྡན་འདས་དང་མཚུངས་པ་ལ་འཁྱུད་པ། གཡས་འོག་མས་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་འོག་མས་སྐྱེས་པའི་ཐོད་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བ་བསྣམས་པ། ཞབས་གཡོན་བརྐྱང་བའི་ཞེས་པ་ནས།དབུས་ན་བཞུགས་པའོ། །དེ་མན་ཆད་སྐུ་རྡོ་རྗེའི་སྐབས་དང་འདྲ་བ་ལས། བཟླས་པའི་སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གཏོར་སྔགས་ཀྱང་རིགས་འགྲེའོ། །གསུང་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་ཀྱི་སྐབས་ཏེ་ལྔ་པའོ།། །།ཐུགས་ཀྱི་ཧེ་རུ་ཀ་སྒོམ་པར་འདོད་པས། ཡེ་ཤེས་ཏེ། དབུས་སུ་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་སོགས། གྱེན་དུ་བརྫེས་པ་གཡས་དཀར་གཡོན་དམར་དབུས་སྔོ་བའི་ཞལ་ཅན། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་འཕྱར་བ། གཉིས་པ་ན་གྲི་གུག །གཡོན་གྱི་དང་པོ་མདུང་རྩེ་གསུམ་པ། གཉིས་པ་ན་དྲིལ་བུ། ཕྱག་ཐ་མ་གཉིས་ཀྱིས་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་བཅོམ་ལྡན་འདས་དང་མཚུངས་པ་ལས། ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་


TNT11_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་གདན་ལ་གནས་པ། ཐོད་སྐམ་ལྔའི་དབུ་རྒྱན། ཞེས་པ་མན་ཆད་སྐུའམ་གསུང་གི་ཧེ་རུ་ཀ་དང་འདྲ། བཟླས་པའི་སྔགས་ནི། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་སྟེ་གཏོར་སྔགས་ཀྱང་རིགས་འགྲེའོ།། དེ་ལྟར་ན་ཧེ་རུ་ཀ་གསུམ་གྱི་སྐབས་འདིར་མངོན་རྟོགས་རྒྱས་པའོ། །ཐུགས་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་ཀྱི་སྐབས་ཏེ་དྲུག་པའོ།། །།ད་ནི་ཧེ་རུ་ཀ་གསུམ་པོ་དེ་དག་གི་མངོན་རྟོགས་འབྲིང་དུ་སྒོམས་པར་འདོད་པས། སེམས་ཅན་ཐམས་ཅད་བདེ་བ་ནས། ཕཊ་སྭཱཧཱ། དེའི་ནང་དུ་པད་ཉི་དང་མི་རོའི་གདན། རང་གི་སྙིང་གར་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་དགུ་པ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་ཞེས་མཚམས་སྦྱར་ལ། སྐུ་གསུང་ཐུགས་ཀྱི་ཧེ་རུ་ཀ་གསུམ་པོ་གང་རིགས་གོང་བཞིན་གསལ་བཏབ་ནས། རང་གི་སྙིང་གར་རང་དང་འདྲ་བའི་ནས། ཧཱུཾ། མིག་ཏུ་མོཾ་ལས་གཏི་མུག་ནས། རྡོ་རྗེ་བཞི་རྣམ་པར་དག་ཅིང་མི་བསྐྱོད་པས་དབུ་རྒྱན། མཆོད་ཡོན་ཞབས་བསིལ་མེ་ཏོག་སོགས་ཀྱིས་མཆོད། གོང་བཞིན་བསྟོད་ལྷག་མ་སྔར་དང་འདྲ། གཏོར་ཆོག་གི་སྐབས་སུ། ལྷ་དགུ་ཀ་ལ་ཕུལ་བས་ཆོག་ཀྱང༌། གཙོ་རྐྱང་ལ་འབུལ་བར་མོས་ན། ལྷ་དགུའི་ཞེས་དང༌། ལྷ་མོ་རྣམས་ཀྱི་གཏོར་སྔགས་བོར་བས་ཆོག་གོ །ཧེ་རུ་ཀ་གསུམ་གྱི་སྒྲུབ་ཐབས་འབྲིང་པོའི་སྐབས་ཏེ་བདུན་པའོ།། །།བསྡུས་པ་བསྒོམ་པར་འདོད་པས། ཚད་མེད་བཞིའི་རྗེས་ལ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཧཱུཾ་གི་རྣམ་པ་ཡོངས་སུ་གྱུར་པ་ལས།


TNT11_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དཔལ་ཧེ་རུ་ཀ་ཞེས་མཚམས་སྦྱར་ནས་གསུམ་པོ་གང་རུང་དུ་བསྐྱེད་ལ། རང་གི་སྙིང་གར་ནས། ཧཱུཾ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཛྲས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ མན་ཆད་འབྲིང་པོའི་སྐབས་དང་འདྲ། དེ་ལྟར་ན་འབྲིང་བསྡུས་གཉིས་ལ་འཁོར་གྱི་ལྷ་ཚོགས་སྒོམ་མི་དགོས་སོ། །ཧེ་རུ་ཀ་འདི་གསུམ་འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཡང་ན་སྔོ་དང་ཉི་མའི་མདོག །ཅེས་གསུངས་པའི་མཐིང་གའམ། སྨུག་ནག་གང་མོས་པ་ཞིག་གི་ཆོག་པར་གསལ་ལོ། །དེ་བཞིན་དུ་གར་སྟབས་མཛད་པ་རྣམས་ལ་རོའམ། ལྷའི་གདན་གྱི་སྙིང་གར་ཉི་ཟླའི་གདན་བྱེད་པའང་རུང་ཞིང༌། སྙིང་པོ་ཧེ་རུ་ཀ་ལ་གཽ་རཱི་སོགས། སྒོ་མཚམས་ལ་འགོད་པ་དང༌། བདག་མེད་མ་ལ་པད་འདབ་རིམ་གཅིག་དང༌། གཽ་རཱི་སོགས་ལྷ་སྣམ་ལ་བཀོད་ཀྱང་ཆོག་གོ །ཧེ་རུ་ཀ་གསུམ་གྱི་སྒྲུབ་ཐབས་བསྡུས་པའི་སྐབས་ཏེ་བརྒྱད་པའོ།། །།ད་ནི་རྫོགས་པའི་རིམ་པའི་སྒྲུབ་ཐབས་བཤད་པར་བྱ་སྟེ། དབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །ཞེས་སོགས་ལྟར་རླུང་ཕྱིར་དབྱུང་བ་རྔུལ་མཐའ་ཅན་དང༌། ནང་དུ་བཅིང་དགང་བ་དང༌། ཁ་སྦྱོར་དུ་གནས་པ་བུམ་པ་ཅན་དང༌། མ་ནིང་གི་སྦྱོར་བ་གཞིལ་བ་སྟེ། དེ་རྣམས་ལྟ་སྟངས་དང་བཅས་པས་ལེགས་པར་བསླབ་པ་ནི། ཕྲ་མོའི་སྦྱོར་བ་ཡིན་ལ། ཐིག་ལེའི་རྣལ་འབྱོར་ནི་གཏུམ་མོ་སྟེ། རྩ་གསུམ་འཁོར་ལོ་བཞི་མན་ངག་བཞིན་གསལ་འདེབས་པ་ལས། དེ་ཡང་ལྟེ་བ་འཁོར་ལོ་དཀར་པོ། སྙིང་གའི་ནག་པོ། མགྲིན་པའི་དམར་པོ། སྤྱི་བོའི་འཁོར་ལོ་ལྗང་ཁུའམ། ཁ་དོག་སྣ་ཚོགས་པའམ།


TNT11_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ནག་གསུམ་འདྲེས་པ། དབུས་སུ་རིམ་པ་བཞིན་དུ། ཨཱཾ་ཧཱུཾ་ཨོཾ་ཧཾ་དམར་སེར་དང་སྔོ་སྐྱ་དང་དམར་པོ་དང་དཀར་ལ་དམར་བའི་མདངས་ཆགས་པའི་མདོག་ཅན་རྣམས་གསལ་བཏབ་ལ། ཐུར་སེལ་གྱི་རླུང་གིས་བདེ་བ་བསྐུལ་ཞིང༌། བུམ་པ་ཅན་མ་ནིང་གི་རླུང་སྦྱོར་ལ་བརྟེན་ནས། ཆུ་ཚོད་རེ་རེ་འཁོར་ལོ་གཞན་གསུམ་ལ་སེམས་གཏད་ཅིང༌། ཆུ་ཚོད་དགུ་ལྟེ་བའི་ཨཾ་ཡིག་ལ་མཉམ་པར་འཇོག་པའམ། དེ་ཙམ་བཞག་པར་མི་ནུས་ན་ཆུ་སྲང་གི་གྲངས་ལ་དེ་ལྟར་སྦྱར་ཏེ་སྒོམ། དེ་ལ་གོམ་ནས་དབུ་མའི་ནང་གི་འབར་འཛག་ལ་བསླབ་པ་ནི་སྤྱི་དང་འདྲའོ། །ཅི་སྟེ་གཏུམ་མོ་བསྡུས་པ་བསྒོམ་པར་འདོད་ན། ལྟེ་བའི་དབུས་སུ་ཆོས་འབྱུང་དཀར་པོའི་ནང་དུ་ཨ་ཐུང་དམར་པོ་ལ་མཉམ་པར་འཇོག་པ་ནི་ཁྱད་པར་རོ། །དེ་དག་ནི་དམ་ཚིག་གི་ཕྱག་རྒྱའོ། །ཐུན་མཚམས་སུ་སྣང་བ་ཐམས་ཅད་ལ་ལྷ་སྐུ་སྒྱུ་མ་ལྟ་བུར་མོས་ཤིང༌། དམ་ཚིག་གི་ཕྱག་རྒྱ་སྒོམ་པའི་ཉམས་ཀྱིས་ཡང་ཡང་རྒྱས་བཏབ་པ་ན། སྣང་བ་གང་ཤར་ཐམས་ཅད་བདེ་གསལ་སྟོང་བ་གང་རུང་གི་གྲོགས་སུ་གྱུར་པའི་ཚེ། དེ་ཉིད་ཀྱི་ཉམས་བསྐྱང་བར་བྱ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །ཡིད་ཀྱིས་སྒོམ་པའི་རིག་མའམ། པདྨ་ཅན་ལ་སོགས་པ་དངོས་ཀྱི་རིག་མ་ལ་བརྟེན་པ་དང༌། རྟེན་གྱི་དབང་གིས་ཐབས་ལས་ཀྱང་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་ཞིང༌། དེ་ལས་བྱུང་བའི་ཉམས་བདེ་སྟོང་ལ་མཉམ་པར་འཇོག་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་རླུང་སེམས་དབུ་མར་ཐིམ་པ་ན་འདོད་ཆགས་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་སེམས་དང༌། དེ་ལས་རང་ཤར་དུ་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ནི། ཕྱག་རྒྱ་ཆེན་པོ་དངོས་ཡིན་ལ།


TNT11_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུད་བསྐྱེད་པའི་རིམ་པ་དང༌། ཕྱག་རྒྱ་སྔ་མ་གསུམ་དང༌། བྱ་སྤྱོད་ཐམས་ཅད་དང༌། སྣང་གྲགས་ཐམས་ཅད་རྣམ་པར་མི་རྟོག་པས་ཟིན་པར་བྱེད་པ་ཡང༌། རྒྱུ་ལ་འབྲས་བུའི་མིང་བཏགས་པ་སྟེ་ཕྱག་རྒྱ་ཆེན་པོའོ། །དེ་ཡང་རྣལ་འབྱོར་ཡན་ལག་དྲུག་པའི་ངེས་པས་སྒོམ་སྟེ། དེ་རྣམས་ཀྱི་མན་ངག་བླ་མའི་ཞལ་ལས་རྟོགས་པར་བྱ་ཞིང༌། གོ་དོན་ནི་རྒྱུད་ཀྱི་རྒྱལ་པོ་ལས་ཤེས་པར་བྱའོ། །རྫོགས་པའི་རིམ་པའི་སྒྲུབ་ཐབས་ཀྱི་སྐབས་ཏེ་དགུ་པའོ།། །།ད་ནི་དཀྱིལ་འཁོར་གྱི་ལས་རིམ་རྣམས་མདོར་བསྡུས་པའི་ཚུལ་གྱིས་བརྗོད་པར་བྱ་སྟེ། དེ་ལས་ཆོ་ག་དང༌། སྟ་གོན་དང༌། དཀྱིལ་འཁོར་ཞག་གི་ཆོ་ག་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། དབང་གི་བྱ་བའི་ལས་དང༌། དཀྱིལ་འཁོར་ཉེར་བསྡུའི་ཆོ་ག་སྟེ་དྲུག་ལས། དང་པོ་ནི། རྒྱས་པར་ན་སྤྱི་དང་འདྲ་ཡང༌། མདོར་བསྡུས་པ་ལ་མངོན་པར་དགའ་བས་ནི། ཨོཾ་ཨིན་ད་སོགས་ཀྱིས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བཏང་ལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི།། དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཅེས་གསོལ་བ་བཏབ། སའི་ལྷ་མོ་ལས་ཀྱང་བསླང་བ་ལས། མཆོད་གཏོར་ཕུལ་ནས། སྟེང་གི་ནམ་མཁར་བཞུགས་སུ་གསོལ། ཨ་མྲྀ་ཏ་བཟླས་ལ་བ་བྱུང་གིས་དཀྱིལ་འཁོར་གྱི་ས་ལ་བྱུག་ཅིང༌། དྲི་བཟང་གིས་ཆུས་གཏོར་ལ། ཨོཾ་བྷུ་ཁཾ་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ། ཨོཾ་མེ་དྷི་ནི་བཛྲིར་བྷ་བ་བཛྲ་བནྡྷ་ཧཱུཾ། རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད། དེ་ནས་དཀྱིལ་འཁོར་


TNT11_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ས་གཞིར་རང་ཉིད་འདུག་ལ། སྐྱབས་སེམས་ནས་བརྩམས་བཟླས་པའི་བར་བྱ། ཨོཾ་བཛྲ་ཨུ་ཏིཥྛ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁར་བཏེག །མཆོད་བསྟོད་ཅུང་ཟད་བྱ། རང་ཉིད་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གྱུར། ཧཱུཾ་ཞེས་སྙེམས་པ་དང་བཅས་པས་དཀྱིལ་འཁོར་གྱིས་གཞི་བཅག་པར་བྱའོ། །སྤྲོ་ན། ཨོཾ་གྷ་གྷ་སོགས་ཕུར་གདབ་བྱ། མཐར་ཨོཾ་རཀྵའི་སྔགས་ཀྱི་ས་གཞི་བགེགས་དང་བྲལ་བར་བསམ་མོ། །ས་ཆོག་གི་རིམ་པའི་སྐབས་ཏེ་བཅུ་པའོ།། །།གཉིས་པ་སྟ་གོན་ལ། སྔོན་འགྲོ་གཏོར་མ། མཆོད་པ་བྱིན་རླབས། བདག་བསྐྱེད་རྣམས་སྔོན་དུ་འགྲོ་བའི་སྒོ་ནས། སའི་ལྷ་མོའི་སྟ་གོན་སྤྱི་དང་འདྲ་བ་ལས། གསོལ་བཏབ་ཀྱི་སྐབས། མ་མ་རིན་ཆེན་སྣ་ཚོགས་འཛིན་སོགས་ཀྱིས་གསོལ་བ་བཏབ། སའི་ལྷ་མོ་ས་དེ་ཉིད་ལ་བསྟིམ། ས་ཆོག་བྱས་པའི་ཕྱོགས་ལ་ཁར་སང་ནམ་མཁར་བཏེག་པའི་སའི་ལྷ་མོ་དེ་སྔོན་དུ་ཡེ་ཤེས་པའི་ཚུལ་གྱིས་བསྟིམ་དགོས་སོ། །གཉིས་པ་ལྷ་སྟ་གོན་ནི། རྡུལ་ཚོན་འདྲི་ན་ལས་ཐིག་བཏབ་པའམ། མིན་ནའང་ལྷ་གནས་མ་འཆོལ་པར་དགོས་པས། ནང་བར་ལྷ་མཚན་འབྲི་སར་དྲི་བཟང་གི་ཚོམ་བུའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད། ལག་ལེན་བཞིན་མཆོད་གཏོར་བཤམས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་གནས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ནས། ཐགས་བཟང་རིགས་དུད་ཁ་རྣམས་གན་རྐྱལ་དུ་གནས་པར་གྱུར། ས་ཆོག་བྱས་ན། ནམ་མཁར་བཏེག་པའི་ལྷ་སྤྱན་འདྲེན་པ་ཡིན་ལ། ས་ཆོག་མ་བྱས་པའི་ཕྱོགས་ལ་དེ་བཞིན་གཤེགས་པ་མཁའ་ཁྱབ་སྤྱན་འདྲེན་པ་བློ་ཡུལ་དུ་བཞག་ནས། རང་གི་སྙིང་ག་ནས་འོད་ཟེར་


TNT11_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་ངོ་བོ། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་བ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ མཆོད་ཡོན་དང་ཞབས་བསིལ་ཕུལ་ལ། སོ་སོའི་གདན་གྱི་སྟེང་དུ་བཞུགས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། བཅོམ་ལྡན་འདས་དང་མཚུངས་པའོ། །ཤར་དུ་གཽ་རཱི་ནག་མོ་ནས། བཅོམ་ལྡན་འདས་མ་དང་མཚུངས་པའོ། །བར་དེར་མཆོད་པ་གསར་དུ་བཤམས་ཡོད་ན། མཆོད་པ་བྱིན་རླབས་མདོར་བསྡུས་སྤྱི་དང་མཐུན་པར་བྱ། བསྡུ་ན། ཧཱུཾ་ལས་བྱུང་བའི་མཆོད་པ་ནམ་མཁའི་མཐས་ཀླས་པར་གྱུར། ཨོཾ་ཨཱཿཧཱུཾ་ཞེས་ལན་མང་དུ་བརྗོད། ཆུ་གཉིས་ལ་གོང་དུ་བཤད་པའི་སྔགས་ལན་གསུམ་རེ་བཟླས་ལ། དེ་བ་པི་ཙུ་ལན་བདུན་གྱི་མཐར། ཨོཾ་ཨཱཿཧྲི་པྲ་བ་ར་སཏྐ་ར་ཨར་ཐཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་དང༌། སྤྲོ་ན་དཀྱིལ་འཁོར་བ་གཞན་རྣམས་ཀྱི་སྔགས་ཀྱི་མཐར་ཡང་དེ་བཞིན་དུ་སྦྱར་ཏེ་མཆོད་ཡོན་ཕུལ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ་པཱདྱཾ་སྦྱར་བས་ཞབས་བསིལ་ཕུལ། ཨོཾ་མེ་ཏོག་བཟང་པོ་མཛེས་ཤིང་གཙང༌། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་གིས་གུས་པས་འབུལ་ལགས་ན། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། ཡིད་དགའི་སྙིང་པོ་རོ་མཆོག་ལྡན། །བདུག་སྤོས་བླ་རེ་དྲི་ཞིམ་འདི། །བདག་གིས༴ །སོ་སོར༴ །དྷུ་པེ། སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་


TNT11_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མུན་པ་རྣམས་སེལ་འདི། །བདག་གིས༴ །སོ་སོར༴ །ཨཱ་ལོ་ཀེ །གཙང་ཞིང་གཙང་ལ་དགེ་བའི་དྲི། །སྐྱེ་གནས་གཙང་མར་ལྡན་འདི་རྣམས། བདག་གིས༴ །སོ་སོར༴ །གནྡྷེ། སྨན་རྣམས་བཅུད་གཙང་ཡིད་འོང་དགེ །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ །སོ་སོར༴ །ནཻ་བི་ཏྱ། དེ་ལས་གཞན་ཡང་སོགས། ཤཔྟ། རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་དངོས་སུ་རིགས་བདག་ལ་ཕུལ། ལྷ་སོ་སོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། མཁའ་གསང་བྱིན་གྱིས་རླབས་པ་ཡིད་ཀྱིས་དྲན་པར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ཞེས་གསང་བའི་མཆོད་པའོ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་དགོངས་པ་འགྲུབ། །རྒྱུ་དང་མི་རྒྱུའི་འཁོར་བ་ཀུན་འགྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱི་སེམས་ཅན་བྱང་ཆུབ་སྟེ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་པའི་རྡོ་རྗེ་ཧེ་རུ་ཀ་དཔལ་བསྟོད། །ཅེས་བསྟོད་པ་དང་ལྷན་ཅིག་རོལ་མོའི་སྒྲ་བྱ་ཞིང༌། སྤྲོ་ན་དེའི་རྗེས་སུ་མཚོ་སྐྱེས་ཀྱིས་མཛད་པའི་བསྟོད་པ་ཉི་ཤུ་པ་སོགས་ཇི་ལྟར་རིགས་པས་བསྟོད་དོ། །དེ་ནས་གཏོར་མ་འབུལ་བ་ནི། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཞེས་པ་ནས། བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་ལྷ་ཀླུ་ཞེས་པ་མན་ཆད་སྔར་དང་འདྲ་བ་ལས། གཤེགས་གསོལ་


TNT11_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་གཏོར་མགྲོན་འཇིག་རྟེན་པ་རྣམས་ཁོ་ན་གཤེགས་སུ་གསོལ་བ་ཡིན་ནོ། །དེ་ནས་ཐོད་པའི་སྣོད་དུ་ཤ་ཆེན་གྱི་སྤོས་སྦྱར་བའམ། དེ་ལྟར་མོས་ལ། གཉིས་མེད་ཡེ་ཤེས་ལས་བྱུང་བའི། ཁྱབ་བདག་དངོས་ཀུན་བདག་ཉིད་ཆེ། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་ལྷན་ཅིག་ཡང་དག་སྦྱོར། །ཞེས་སོགས་ཀྱི་སྙན་གསན་ཕབ། ཨོཾ་བཛྲ་ཨུ་ཏིཥྛ་ཞེས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་སྤྱི་བོར་ལྡོག་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཏེགས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་ཙམ་གྱིས་ཕུལ། སྤྱན་མ་དྲངས་ཀྱི་བར་དུ་འདིར་བཞུགས་ལ་བསྲུང་བ་ཆེན་པོ་མཛད་པ་དང༌། ནངས་པར་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རླབས་ཏེ། བདག་ལ་བྱིན་གྱིས་རླབས་པའམ། བདག་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་ཅི་རིགས་པས་གསོལ་བ་བཏབ། རཀྵའི་སྔགས་ལན་གསུམ་གྱིས་བསྲུང་བས་བསྐོར། གསུམ་པ་བུམ་པ་སྟ་གོན་ནི་དབང་བུམ་དགུ་དང་ལས་བུམ་གཅིག་ཏེ་བཅུའམ། བསྡུ་ན་རྣམ་རྒྱལ་དང་ལས་བུམ་གཉིས་ལེགས་པར་བཀྲུས་ཤིང༌། གོས་གཙང་མ་དཀར་པོའམ་སེར་པོས་གཡོགས། མགྲིན་པར་སྲད་བུས་ལན་བདུན་དུ་དཀྲིས་ཤིང༌། གུ་གུལ་གྱིས་བདུགས། དྲི་བཟང་གི་ཆུ་གཙང་མས་བཀང༌། རིན་པོ་ཆེ་ལྔ་དང༌། སྨན་ལྔ་དང༌། འབྲུ་སྣ་ལྔ་རྣམས་བླུགས། ཤ་ལྔ་བདུད་རྩི་ལྔ་ཡང་སྦྱར། ཡལ་གས་ཁ་རྒྱན་མེ་ཏོག་འཕྲེང་བ་དང་བཅས་པའི་རྡོ་རྗེ་བཞག །བུམ་པའི་སྟེང་ངམ་སྟེགས་བུ་གཞན་དུ། དུང་ཆོས་སམ་ཐོད་པའི་སྣོད་དུ་མཆོད་ཡོན་བཤམས། དེ་ལ་མཆོད་པའང་བཤམས་ཤིང༌། མཆོད་པ་བྱིན་གྱིས་རླབས། བུམ་པ་


TNT11_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་སྦྱངས། བསྐྱེད་ཆོག་སྤྱི་དང་འདྲ་བ་ལས། བུམ་པ་དགུ་ཡོད་ན་དབུས་ཀྱི་བུམ་པར། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་སོགས་དང༌། ཤར་གྱི་བུམ་པར་གཽ་རཱི་ནག་མོ་སོགས་བསྐྱེད་ལུགས་རིགས་པས་བསྒྲེ་ཞིང༌། རྣམ་པར་རྒྱལ་བའི་བུམ་པ་གཅིག་པུ་ཡིན་ན། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཞེས་པ་ནས། གན་རྐྱལ་དུ་གནས་པའི་བར། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ནས། བཅོམ་ལྡན་འདས་དང་མཚུངས་པའོ། །ཤར་དུ་གཽ་རཱི་ནས། བཅོམ་ལྡན་འདས་མ་དང་མཚུངས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཆུ་གཉིས་ཕུལ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེའི་རྗེས་སུ་སླར་ཡང་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་སྔགས་ཀྱི་ཕུལ་ཞིང༌། ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱིས་བསྟོད། ཡབ་ཡུམ་འདོད་ཆགས་ཆེན་པོས་སྙོམས་པར་ཞུགས་པས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་སྟེ། བུམ་པ་གང་བར་གྱུར། གཙོ་བོའི་སྙིང་པོ་བརྒྱ་རྩ་དང༌། འཁོར་རྣམས་ཀྱི་སྔགས་ཅི་རིགས་པར་བཟླ་ཞིང༌། མཐར་ཨ་བྷི་ཥེ་ཀ་ཏའི་སྔགས་ཀྱང་བཟླའོ། །དེ་བཞིན་དུ། ལས་ཐམས་ཅད་པའི་བུམ་པར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་པ་གཡས་པ་རྡོ་རྗེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་བསྡིགས་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ།


TNT11_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་ལས་མི་ཉུང་བར་བཟླས། སྔ་མ་བཞིན་མཆོད་ལ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བསྲུང་ཞིང་བཟློག་པའི་འཕྲིན་ལས་མཛོད་ཅིག །མཆོད་ཡོན་གྱི་ལྷག་མ་དེ་རྫོགས་པར་བླུག་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། འདི་སྐད་ཅིག་གིས་བསྐྱེད་ཅིང༌། ཡེ་ཤེས་པ་སྤྱན་དྲངས་པ་མེད་པས་གཤེགས་པའམ་བཞུགས་པ་གང་ཡང་མི་དགོས་སོ། །སློབ་མ་སྟ་གོན་ནི། མདོར་བསྡུ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་འདེབས་སུ་བཅུག་ཅིང༌། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསོལ་བ་འདེབས། བུ་ཚུར་ཐེག་པ་ཆེན་པོ་ཡི། །སོགས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་བྱ། སྙིང་པོའི་སྔགས་ཀྱིས་སློབ་མ་ལ་བསྲུང་བ་བྱས། གནས་གསུམ་དུ་འབྲུ་གསུམ་བཀོད་ཅིང་བདུད་རྩིས་ཐིག་ལེ་བྱ། དེ་ལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་རྣམས་ཕུལ། དེ་ནས་སོ་ཤིང་དོར་བ་དང༌། ཁྱོར་ཆུ་བྱིན་པ་དང༌། བསྲུང་སྐུད་བྱིན་པ་དང༌། ཀུ་ཤ་སྟེར་བ་རྣམས་དང༌། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཞེས་སོགས་བརྗོད་པ་ཟབ་མོའི་ཆོས་ལ་སྤྲོ་བ་བསྐྱེད་པ་དང༌། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་རྣམས་ངེས་པར་བྱ་ལ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ན། གསོལ་བཏབ་ཀྱི་སྔོན་དུ་ནང་དབང་བསྐུར་བ་དང༌། རྨི་ལམ་བརྟག་པའི་མཐར་རིགས་ལྔའི་སྡོམ་པ་བཟུང་བའི་དོན་བཤད་ནས། དགོངས་གསོལ་སྔོན་དུ་འགྲོ་བའི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །


TNT11_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་རིགས་ལྔའི་སྡོམ་བཟུང་ལན་གསུམ། དེ་དག་ཐམས་ཅད་ཆོ་ག་སྤྱི་དང་འདྲའོ། །ལྷག་གནས་སྟ་གོན་གྱི་སྐབས་ཏེ་བཅུ་གཅིག་པའོ།། །།གསུམ་པ་དཀྱིལ་འཁོར་ཞག་གི་བྱ་བ་ནི། ནངས་པར་སྔར་ལངས་ཏེ། ཐིག་ཚོན་རྣམས་ཀྱི་མདུན་དུ་མཆོད་པ་བཤམས། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་མཆོད་པ་བྱིན་གྱིས་རླབས། ཐིག་ཚོན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་ཐིག་སྐུད་དང་རྡུལ་ཚོན་སྔོན་པོ་མི་བསྐྱོད་པའི་ངོ་བོ། ཨོཾ་ལས་བྱུང་བའི་སོགས་གོང་བཞིན་སྦྱར། དཀར་པོ་རྣམ་སྣང་གི༴ ཨཾ་ལས་བྱུང་བའི༴ སེར་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ། ཛྲིཾ་ལས་བྱུང་བའི༴ དམར་པོ་འོད་དཔག་མེད་ཀྱི་ངོ་བོ། ཁཾ་ལས་བྱུང་བའི་ཐིག་སྐུད་དང་རྡུལ་ཚོན་ལྗང་ཁུ་དོན་ཡོད་གྲུབ་པའི་ངོ་བོ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་དང་རྡུལ་ཚོན་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ལན་བཅུ། གཉིས་སུ་མེད་པར་ཐིམ། འབྲུ་གསུམ་ལན་མང་དུ་བརྗོད་པས་བྱིན་གྱིས་རླབས། ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཞེས་བཟླ་ཞིང་ཐིག་སྐུད་བསྒྲིལ། ཛྫཿཛྫཿཛྫཿ ཞེས་ཐིག་སྣེ་སློབ་མ་ལ་གཏད། དང་པོར་ཡེ་ཤེས་ཀྱི་ཐིག་ཐིག་ཆེན་བརྒྱད་བཏབ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏྲི་ཀྲ་མ་ཧཱུཾ། ཞེས་སོ། །དེ་ནས་ལས་ཐིག་གི་ཆ་དབྱེ་བར་བྱ་སྟེ། དེ་ལ་ཡབ་ཀྱི་དཀྱིལ་འཁོར་ནི་འཕར་མ་གཅིག་པ་ཡིན་པས། ནང་གི་ཟླུམ་ཐིག་ཕྱི་མ་སྒོ་བཞིའི་ཚངས་ཐིག་དང་འབྲེལ་བའི་ཐད། རྩ་ཐིག་ལ་རེག་པར་གདབ་ཅིང༌། རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་ལ་ནི་འཕར་མ་གཉིས་པ་ཡིན་པའི་ཕྱིར། པདྨ་ཉིས་རིམ་དུ་བྱས་ན་ནི། ཟླུམ་ཐིག་ཕྱི་མ་ཡབ་ཀྱི་དེ་དང་འདྲ་བ་ལས། ཟླུམ་ཐིག་ནང་མ་ནི་གཡས་གཡོན་དུ་ཆ་ཆུང་བཅུ་པའི་སྟེང་ནས་བསྐོར་བར་བྱ་བ་ཡིན་ལ། པད་


TNT11_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་རིམ་པ་ཕྱི་མ་མེད་པ་ལ་ནི་ཆ་ཆུང་བཅུ་པའི་ཟླུམ་ཐིག་སྐོར་བ་ཁོ་ནའམ། བཅུ་གཉིས་པའི་མཚམས་ནས་བསྐོར་བ་ཇི་ལྟར་བདེ་བས་རུང་ངོ༌། ཁ་ཅིག་ནི་པདྨའི་ལྟེ་བ་ཆ་ཆུང་བརྒྱད་པར་བྱས་ནས། འདབ་མའི་ཐིག་ལ། ཟླུམ་པོ་ནང་མ་བཅུ་པ་དང༌། ཕྱི་མ་བཅུ་དྲུག་གི་མཚམས་ནས་བསྐོར་བར་འདོད་དེ། དེ་ཐམས་ཅད་མི་འགལ་བར་མངོན་ནོ། །ཐིག་གི་བྱ་བ་ཟིན་པ་ན། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ལན་མང་དུ་བཟླས་ནས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས་ཐིག་རྣམས་བཏེག་པར་མོས་ལ། སློབ་དཔོན་དབུས་སུ་ཞུགས་ཏེ། ཧཱིཿཧཱིཿཞེས་སྒོའི་ཐད་ཀའི་རྩ་ཐིག་ཕྱེས། དབུས་ཀྱི་ཕུར་ཁུང་རྡུལ་ཚོན་གྱིས་བགང་ཞིང༌། དང་པོར་སློབ་དཔོན་གྱིས་ཇི་ལྟར་རིགས་པ་ནས་བྲིའོ། །དེ་ལ་སྙིང་པོའི་ཧེ་རུ་ཀའི་དཀྱིལ་འཁོར་ལ་དབུས་ཀྱི་མཚན་མ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་ཉིད་ཡིན་གྱི། རྒྱུད་ལས་མ་གསུངས་པས་གྲི་གུག་འབྲི་མི་དགོས་ལ། སྣ་ཚོགས་རྡོ་རྗེ་ཐབས་དང་ཐོད་ཁྲག་ཤེས་རབ་མཚོན་པའི་ཡུམ་གྱི་མཚོན་དོན་ཡང་ཚང་ངོ༌། །ལེགས་པར་བྲིས་ཟིན་པ་ན་རོལ་མོའི་སྒྲ་དང་བཅས་པས་སློབ་དཔོན་གྱིས་རྡོ་རྗེ་གསོར་བཞིན་དུ། ཡིག་བརྒྱ་ལན་མང་དུ་བཟླས། བོད་རྙིང་པ་རྣམས་ཀྱི་ལག་ལེན་དང་མཐུན་པར། བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང༌། ཁྲུས་གསོལ་རྣམས་ཀྱང་བྱས་ན་ལེགས་པར་འགྱུར་ཞིང༌། མཆོད་གཏོར་དང་རྒྱན་བཀྲམ་ཞིང༌། བུམ་པ་རྣམས་ཀྱང་རོལ་མོའི་སྒྲ་དང་བཅས་ཏེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས་གཙོ་བོའི་བུམ་པ་ཤར་སྒོའི་གཡས་དང༌། ལས་བུམ་གཡོན་དུ་བཞག །གཞན་རྣམས་ལྷ་རང་རང་སོ་སོའི་གནས་སམ། དེ་དང་དེའི་ཐད་ཀྱི་ཕྱི་རོལ་ཏུ་བཞག་གོ །མི་བདེ་བ་མེད་


TNT11_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཙོ་བུམ་ཡང་དབུས་སུ་འཇོག་པར་སློབ་དཔོན་སྔ་མ་རྣམས་བཞེད་པ་ལྟར་བྱ་ལ། དཀྱིལ་འཁོར་དུ་འཇོག་པར་མི་བདེ་ན། བཞག་པར་མོས་ཤིང་ཕྱོགས་གཞན་དུ་བཞག་ཀྱང་ཆོག་གོ །རྣམ་རྒྱལ་བུམ་པ་གཅིག་པུ་ཡིན་ན། ལྷ་སོ་སོའི་སྔགས་དང་བཅས་ཐམས་ཅད་དུ་འཇོག་ཚུལ་བྱས་ནས། མཐར་རང་གནས་སུ་བཞག་གོ །དཀྱིལ་འཁོར་ཞག་གི་བྱ་བའི་སྐབས་ཏེ་བཅུ་གཉིས་པའོ།། །།བཞི་པ་དཀྱིལ་འཁོར་སྒྲུབ་པ་ནི། འདི་ལ་བདག་མདུན་ཐ་དད་དུ་སྒྲུབ་པ་ལ་མོས་ན་ཐ་དད་དང༌། གཅིག་ཏུ་སྒྲུབ་པ་ལ་མོས་ན་གཅིག་ཏུ་སྟེ། དང་པོ་ལྟར་ན་བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། བྲིས་པའི་དཀྱིལ་འཁོར་རྣམས་ལེགས་པར་བསྐྱེད་ཅིང༌། དེའི་གཙོ་བོ་དང་བདག་ཉིད་དབྱེར་མེད་དུ་མོས་ཤིང༌། རིག་མ་དང་སྙོམས་པར་ཞུགས་པའི་སྒྲས། སངས་རྒྱས་རྣམས་སྤྱན་དྲངས་ཏེ། བགེགས་བསལ་ལ་ལུས་ནང་དུ་བཅུག །གསང་བའི་པདྨ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྲོས་ཏེ། ནམ་མཁར་བཞུགས་པ་ལ་མཆོད་ཅིང་གསོལ་བཏབ་ནས། བྲིས་པའི་དཀྱིལ་འཁོར་ལ་གཞུག །སྟ་གོན་གྱི་ལྷ་དང་བསྲེ་བ་དང༌། དབང་བསྐུར་བ་རྣམས་བྱེད་པ་ཡིན་པ། རྡོ་རྗེ་གུར་སོགས་ལས་རིམ་གཙོ་བོར་སྟོན་པའི་རྒྱུད་ལ་ཆོ་ག་རྒྱས་པ་འོས་ཤིང༌། དེའི་ཕྱིར་འདིར་ཡང་དེ་བཞིན་བྱེད་པ་སྐྱོན་དང་བྲལ་བའི་ལུགས་ཡིན་ནོ། །འོན་ཀྱང་བརྟག་པ་གཉིས་པ་འདིར་ནི་སྒོམ་པ་ཁོ་ན་གཙོ་བོར་གསུངས་ཤིང༌། ལས་ཀྱི་རིམ་པའི་སྤྲོས་པ་ཤིན་ཏུ་ཉུང་བ་དང༌། དཀྱིལ་འཁོར་ཡང་བསྡུས་པ་ཙམ་བསྟན་པའི་ཕྱིར། སྙིང་པོའི་དགོས་དོན་མ་ཚང་བ་མེད་པའི་སྤྲོས་པ་ཆུང་བ་ཉིད་བསྔགས་པ་ཡིན་པས། འདིར་ཡང་བདག་མདུན་དབྱེར་མེད་དུ་སྒྲུབ་པ་ཉིད་བཟང་ངོ༌། །དེ་ལྟར་ན་འདི་སྐད་ཅེས་བྱ་སྟེ། སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་གྱིས་བརླབས་པ་དང༌། སྤྲོ་ན་སྐྱབས་འགྲོ་


TNT11_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྔོན་འགྲོ་རྣམ་པ་གསུམ་ཡང་བྱས་ལ། ནང་མཆོད་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་ནས། བསྲུང་འཁོར་དུ་གྱུར། ཅེས་པ་ནས། ར་ལས་དང༌། ཧཱུཾ་ལས་དང༌། ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་རྣམས་དོར། དེའི་ནང་དུ་གཞལ་ལས་ཁང་ནས། གན་རྐྱལ་དུ་གནས་པ། དབུས་སུ་ཐོད་པ་སྣ་ཚོགས་རྡོ་རྗེས་མཚན་པ། ཤར་དུ་གྲི་གུག །ལྷོར་ཌ་མ་རུ། ནུབ་ཏུ་རུས་སྦལ། བྱང་དུ་སྦྲུལ། བྱང་ཤར་དུ་སེང་གེ །ཤར་ལྷོར་དགེ་སློང༌། ལྷོ་ནུབ་ཏུ་འཁོར་ལོ། ནུབ་བྱང་དུ་རྡོ་རྗེ་རྣམས་ལྷ་དགུའི་བདག་ཉིད་དུ་གནས་པར་གྱུར། དབུས་ཀྱི་ཐོད་པའི་གནས་སུ། རང་སྐད་གཅིག་གིས་དགྱེས་རྡོར་དུ་གསལ་བའི་ཞེས་པ་ནས། གྲི་གུག་དང་ཐོད་པ་འཛིན་པའོའི་བར་བདག་བསྐྱེད་བཞིན། དེ་ནས། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། ལྷག་པར་གནས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨ་མྲྀ་ཏ་ལན་གསུམ་གྱིས་བགེགས་བསྐྲད། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ཞེས་པའམ། ཨོཾ་གཽ་རཱི་ཛཿ ཨོཾ་ཙཽ་རཱི་ཧཱུཾ། ཨོཾ་བཻཏྟ་ལཱི་བཾ། ཨོཾ་གྷསྨ་རཱི་ཧོཿ ཞེས་པ་གང་རུང་གིས་དགུག་གཞུག་བཅིང་མཉེས་བྱའོ། །སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ནས། ས་མཱ་ཛཿ གོང་བཞིན་བགེགས་བསྐྲད། མཆོད་པ་ཕུལ། དགུག་གཞུག་བྱ། སླར་ཡང་སྙིང་གའི་ནས། བཟླས་པའི་བར་དུའང་སྒྲུབ་ཐབས་བཞིན་ལས།


TNT11_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་སྒོམ་པ་དཀྱུས་ལ་མི་དགོས་སོ། །བཟླས་པ་ཅི་རིགས་པ་གྲུབ་ནས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་ལས་ཀྱི་ཧེ་རུ་ཀ་ཕྱག་གཉིས་པ་སྤྲོས་ཏེ་མཆོད་པའི་ལས་མཛད་པར་གྱུར། མཆོད་པ་བྱིན་རླབས། མཆོད་བསྟོད་གཏོར་མ་འབུལ་ཚུལ་རྣམས་གོང་དུ་བཤད་པ་བཞིན་ནོ། །དེ་ཡང་འཇིག་རྟེན་ལས་འདས་པའི་གཏོར་མ་བར་ཆད་བསྲུང་བའི་དོན་དུ་རེ་ཤིག་བཞག་ལ། བདག་འཇུག་གི་མཐར་གཏོང་བའམ། སློབ་མ་དབང་བསྐུར་ཟིན་པའི་རྗེས་སུ་ཁང་སྟེང་དུ་གཏོར། ཕྱི་རོལ་གཏོར་མ་བཏང་བ་ཡིན་ན། དེའི་རྗེས་ཐོགས་འདས་གཏོར་བཏང་ཀྱང་རུང་ངོ༌། །འཇིག་རྟེན་པའི་གཏོར་མ་ནི། སྐབས་འདི་ཉིད་དུ་གཏོང་བའམ། ཚོགས་ཀྱི་འཁོར་ལོ་ཡོད་ན་ལྷག་གཏོར་དང་ལྷན་ཅིག་གཏོང་བ་ལས། ཚོགས་འཁོར་ཡང་སྐབས་འདིར་བྱའམ། བདག་འཇུག་གི་མཐར་བྱས་ཀྱང་རུང་ངོ༌། །དེ་བཞིན་དུ་སྦྱིན་བསྲེག་ཀྱང་གནས་སྐབས་གཉིས་པོ་འདིར་བྱ་སྟེ། དེ་གཉིས་ལས་ཀྱང་གཙོ་བོར་སྐབས་འདིར་བྱེད་པ་ལེགས་སོ། །དེ་བཞིན་དུ་ཕྱི་རོལ་གཏོར་མ་གཏོང་ནའང༌། གནས་སྐབས་གཉིས་པ་དེར་བྱ་ལ། ཕྱི་རོལ་གཏོར་མ་མཐའ་གཅིག་ཏུ་ངེས་པར་དགོས་པའང་མ་ཡིན་ནོ། །འོན་ཀྱང་ཁོ་བོ་ཅག་གི་བླ་མ་གསང་སྔགས་རིག་པ་དེ་དག་འདི་ལྟར་བཞེད་དེ། ནང་གཏོར་འདས་པ་དང་འཇིག་རྟེན་པ་གཉིས་ཕུལ་ཞིང༌། ཕྱི་རོལ་ཏུ་མ་བཏང་བར། བར་འདིར་སྦྱིན་བསྲེག་གིས་ལྷ་རྣམས་མཉེས་པར་བྱས། དེ་ནས་ཕྱི་རོལ་བའི་གཏོར་མ་བཏང་ཞིང༌། སླར་ནང་དུ་འོངས་ནས། བདག་ཉིད་འཇུག་ཅིང་དབང་བླང་བ་ཡིན་ལ། སློབ་མ་ལ་དབང་བསྐུར་བའི་ཚེ་ཡོ་བྱད་འཛོམས་ན། སླར་ཡང་སྦྱིན་བསྲེག་དང་ཚོགས་ཀྱི་འཁོར་ལོས་ལྷ་མཉེས་པར་བྱ་སྟེ། སློབ་མའི་དོན་དུ་གསོལ་བ་


TNT11_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་གདབ་པར་བྱའོ། །ཞེས་པ་འདི་ཉིད་ལག་ལེན་དུ་བཟུང་བར་བྱའོ། །ཅི་སྟེ་དུས་དང་ཡོ་བྱད་མ་འཛོམས་ན་སྦྱིན་བསྲེག་དང་ཚོགས་འཁོར་འདི་དག་ཡིད་ཀྱིས་སྒོམ་པ་ཁོ་ནས་ཀྱང་རུང་ངོ༌། །དེའི་དབང་དུ་བྱས་ནས་འོག་ཏུ་འཆད་པར་འགྱུར་བ་ལྟར་གྱི། སྦྱིན་བསྲེག་དང་ཚོགས་ཀྱི་འཁོར་ལོ་གཉིས་ཟིན་པ་ན། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་ཕྱི་རོལ་གཏོར་མ་མཆོད་པ་དང་བཅས་པ་ཁྱེར། མཆོད་པ་བྱིན་རླབས་བསྡུས་པ་སྔོན་དུ་འགྲོ་བས། གོང་བཞིན་གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཕྱོགས་སྐྱོང་བ་བཅུ་ལྷ་ཀླུའི་ཚོགས་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཛཿཧཱུཾ། སོགས་ཀྱིས་ཆུ་གཉིས་ཕུལ། ཨོཾ་ཨིན་ད་ཛ་མ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། གོང་བཞིན་ཉེར་སྤྱོད་རོལ་མོ་ཡང་ཕུལ། འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ནི། །ཞེས་པ་ནས། ཀུན་འགྲུབ་ཤོག་གི་བར་གྱི་འཕྲིན་ལས་བཅོལ། བཀྲ་ཤིས་སྨོན་ལམ་བཟོད་གསོལ་གཤེགས་གསོལ་རྣམས་ཀྱང་གོང་བཞིན་བྱས་ལ། རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་གཏོར་མ་རིང་དུ་བཏང་ངོ༌། །སློབ་དཔོན་གྱིས་ཨཥྟ་བཟླ་ཞིང་ཚམས་རྔམ་བྱ། སླར་ནང་དུ་འོངས་ཏེ་ལས་བུམ་གྱི་ཆུས་ཉེ་རེག་བྱས་ཏེ། བདག་འཇུག་གི་བྱ་བ་ལ་འཇུག་གོ །སྤྲོས་པ་དོར་བའི་སྐབས་འདིར་སྒོ་དབྱེ་བ་ལ་སོགས་པ་ཡང་མི་དགོས་སོ། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་སྐབས་ཏེ་བཅུ་གསུམ་པའོ།། །།ལྔ་པ་ལ་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བ་གཉིས་ལས། དང་པོ་ནི། མཎྜལ་ཕུལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས། ཀུན་གྱི་སྒྲིབ་མེད་མཐོང་བར་ཤོག །ཅེས་ལན་གསུམ།


TNT11_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཁཾ་བཱི་ར་ཧཱུཾ་གིས་མིག་དར་བཏང༌། སྔགས་དེ་ཉིད་ཀྱིས་མེ་ཏོག་བཟུངས་ཨ་མྲྀ་ཏས་བགེགས་བསྐྲད་ཅིང༌། ལས་བུམ་གྱིས་ཆུས་གཏོར། གནས་གསུམ་དུ། ཨོཾ་ཨཱཿཧཱུཾ། ཀྱེ་ཁྱོད་སུ་ཡིན། བདག་ནི་རྒྱལ་བའི་སྲས་སོ། །སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ། ཨོཾ་སརྦ་ཡོ་ག་སོགས་དང༌། ཨོཾ་སུ་ར་ཏེ་ས་མ་ཡ་སོགས། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་དཀྱིལ་འཁོར་ཁང་པའི་ནང་དུ་བཅུག་པར་གྱུར། སྤྲོ་ན་ཕྱོགས་བཞི་ཕྱག་འཚལ་བར་བྱེད། རྒྱུད་ལས་དེ་ཉིད་བསྡུས་པ་ལ་ཁ་འཕངས་མཛད་པའི་ཕྱིར་མཆོག་ཏུ་ལེགས་ལ། བསྡུ་ན། ཨོཾ་ན་མ་ཏེ་ཧཱུཾ། ན་མོ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱཧཱ། ཞེས་པ་འདི་ཙམ་གྱིས་ཀྱང་ཆོག་གོ །དེ་ལ་ཕྱོགས་བཞི་ནས་ཕྱག་འཚལ་གྱི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཾ། ཞེས་ཤར་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་ལྷོ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མི། ཞེས་ནུབ་ཕྱོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ནཾ་ཨཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཞེས་བྱང་ཕྱོགས་ནས་སོ། །དེའི་རྗེས་སུ་དམ་བཞག་རྣམ་པ་བཞི་ནི་སྤྱི་དང་འདྲ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ལན་གསུམ། རང་ཧེ་རུ་ཀ་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་ཁྲག་འཛིན་པའི་ཐུགས་ཀར་དགྱེས་པའི་རྡོ་རྗེ་ཕྱག་གཉིས་པ་ཤེས་རབ་མ་དང་བཅས་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་


TNT11_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་འོད་ཟེར་དམར་པོའི་ཚོགས་སྤྲོས་ཏེ། ལུས་ཐམས་ཅད་གང་བས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནམ་མཁའ་གང་བའི་སངས་རྒྱས་སྲས་དང་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་རྣམས་དགྱེས་རྡོར་ལྷ་དགུའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་སྟེ། རང་གི་བ་སྤུའི་བུ་ག་ནས་ཞུགས་ཏེ། གཉིས་སུ་མེད་པར་ཐིམ། ཨོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ། ཞེས་དྲག་ཏུ་བཟླ་ཞིང༌། རྡུལ་གྱི་གོས་པའི་རས་དང༌། བྱི་ལ་ནག་པོའི་བྲུན་གུ་གུལ་དང་བསྲེས་པའི་དུད་པས་གདུག ། རོལ་མོའི་སྒྲ་བྱའོ། །ཏིཥྛ་བཛྲ། ཡང་དག་པ་ཡི་དཀྱིལ་འཁོར་འདི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །བསོད་ནམས་མཐུ་ཡང་གང་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཨོཾ་པྲ་ཏིཥྛ་བཛྲ་ཧོ། པྲ་ཏི་གྲྀཧྞ། སོགས། ཧེ་རུ་ཀ་དཔལ་དེང་ཁྱོད་སོགས་མིག་དར་དགྲོལ། ཧེ་བཛྲ་པཱ་ཤྱ། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །སོགས་ཀྱི་བལྟ་བར་བསྐུལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་གསལ་བར་གྱུར། རྡོ་རྗེ་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ། ཨ་མྲྀ་ཏ་ལན་གསུམ་དང༌།


TNT11_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གཏོར་བས་བགེགས་བསྐྲད། དབང་རྫས་ལ་ཡང་ལས་བུམ་གྱིས་གསང་གཏོར་བྱ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་རང་ཉིད་དཔལ་ཧེ་རུ་ཀ་དགྱེས་པའི་རྡོ་རྗེ་ཞེས་པ་ནས། མཚུངས་པའོ། །དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་ཡང་ཧཱུཾ་ཡིག་ལས་བྱུང་བའི་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱི་ངོ་བོར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་ནས། རྔ་བོ་ཆེའི་སྒྲ་བསྒྲགས་ཏེ་ཤིས་པ་བརྗོད་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་སོགས། དབང་བསྐུར་རྡོ་རྗེ་ནས། ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྟོང་པའི་ངང་ལས་ཨཾ་ཡིག་ལས་བྱུང་བའི་དེ་བཞིན་གཤེགས་པ་རིགས་ལྔའི་སྐུ་གཟུགས་ཀྱི་མཚན་པའི་རིན་པོ་ཆེའི་ཅོད་པན་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར། ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ར་ག་ཏ་བཛྲ་ཤཱ་ལི་ཧོ། ཞེས་ཅོད་པན་གྱི་དབང་བསྐུར། གོང་བཞིན་ཆུ་དབང་གི་སྔགས་ཀྱི་ཀྱང་བརྟན་པར་བྱས། སྟོང་པའི་ངང་ལས་ཛྲིཾ་ལས་རྡོ་རྗེ་རྩེ་ལྔ་པ་འོད་དཔག་ཏུ་མེད་པའི་ངོ་བོར་གྱུར། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང༌། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །ཞེས་རྡོ་རྗེའི་དབང་བསྐུར། ཆུ་དབང་གིས་ཀྱང་བརྟན་པར་བྱས། སྟོང་པའི་ངང་ལས་ཁཾ་ལས་བྱུང་བའི་དྲིལ་བུ་དོན་ཡོད་གྲུབ་པའི་ངོ་བོར་གྱུར། སངས་རྒྱས་ཀུན་གྱྀ་དྲིལ་བུའི་དབང༌། །ཞེས་རྡོ་རྗེའི་སྐབས་ལ་འདོན་པ་སྤོ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཏིཥྛ་བཛྲ་ས་མ་ཡ། ཞེས་དྲིལ་བུའི་དབང་བསྐུར།


TNT11_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དབང་གིས་ཀྱང་བརྟན་པར་བྱས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་མེ་ཏོག་འཕྲེང་བ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར། རྡོ་རྗེའི་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བ། །རྡོ་རྗེའི་མིང་དུ་རབ་ཏུ་བསྒྲགས། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ནཱ་མ་ཨ་བྷི་ཥི་ཀ་ཏ་ཧེ་ཤྲཱྀ་ཆྒཻ་མོ་རྡོ་རྗེ་ཞེས་མིང་གི་དབང་བསྐུར། ཆུ་དབང་གིས་ཀྱང་བརྟན་པར་བྱས། ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་དབང་རྣམ་པ་ལྔ་པོ་དེ་བསྐུར་བས། ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་རྣམ་པར་དག་ཅིང༌། ཉོན་མོངས་པ་ལྔའི་རང་བཞིན་རྣམ་པར་དག་པ་ཡེ་ཤེས་ལྔ་མངོན་དུ་བྱས། འབྱུང་བ་ལྔ་རྣམ་པར་དག་པ་ལྷ་མོ་ལྔ། དབང་པོ་ལྔ་རྣམ་པར་དག་པ་སེམས་དཔའ་ལྔ། ཡུལ་ལྔ་རྣམ་པར་དག་པ་རྡོ་རྗེ་མ་ལྔར་བྱིན་གྱིས་རླབས། བྱ་བ་ལས་དང་བཅས་པ་ཡང་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་རྣམ་པར་དག་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང༌། རང་གི་ཁ་སྒོ་ནས་ཞུགས་ཏེ་སྙིང་གར་འཁོད། རྩ་སྔགས་དང་སྙིང་པོ་ལན་གསུམ་གསུམ། བཅོམ་ལྡན་བདག་ལ་སོགས། བཅོམ་ལྡན་འདི་ལ་སོགས་སྔགས་དབང་ངོ༌། །སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔའི་ངོ་བོ་ཅན། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་གོ་འཕང་གནས། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཟུངས། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུཾ། ཞེས་རྡོ་རྗེའི་བརྟུལ་


TNT11_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་བྱིན་པས། ཕུང་ཁམས་དབང་ཡུལ་དྲུག་པ་རྣམས་རྣམ་པར་དག་ཏེ་རྡོ་རྗེ་སེམས་དཔའི་ངོ་བོ་ཅན། ཧཱུཾ་ལས་བྱུང་བའི་ཅང་ཏེ་ཐོད་པ་ཁ་ཊྭཱཾ་ག་རྣམས་ཧེ་རུ་ཀ་ཡབ་ཡུམ་གྱི་ངོ་བོར་གྱུར་པའི། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དང་གནས། ཁ་ཊྭཱཾ་ཅང་ཏེ་ལྷུང་བཟེད་དག །བྱིན་པ་དཔའ་བོའི་བཟུང་བར་བགྱི། །ཞེས་པ་ནི་སྤྱོད་པའི་བརྟུལ་ཞུགས་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པ་ལ་དབང་ངོ༌། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ཀྱང༌། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་ཀྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱྀ་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ། དེ་ནས་རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བདག་གི་ལུས་རྣམ་པར་སྦྱངས། འོད་ཀྱི་གོང་བུར་གྱུར། གཙོ་བོའི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། དཔལ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། རལ་པའི་ཐོར་ཚུགས་ཅན་དུ་གྱུར། མཁའ་ནང་ནས་ཕྱིར་སྤྲོས་ཏེ། ཤར་གྱི་ལྷ་སྣམ་ལ་དབང་སྟེགས་རིན་པོ་ཆེའི་ཁྲི་རིམ་པ་གསུམ། པད་ཉིའི་


TNT11_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དང་བཅས་པ་ལ་འཁོད། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྡོ་རྗེ་སེམས་དཔའི་རང་བཞིན། འདི་སྟེ་སངས་རྒྱས་ནས། ཧི་ཧཱུཾ་གི་བར་གོང་བཞིན། ཐོག་མཐའ་མེད་པའི་སེམས་དཔའ་ནི། །སོགས། ཨཱཿལས་བྱུང་བའི་དྲིལ་བུ་རྡོ་རྗེ་སྙེམས་མའི་ངོ་བོ། འདི་ནི་རྣལ་འབྱོར་མ་ཀུན་གྱྀ། །སོགས། ཨཱཿསྲིད་པ་ངོ་བོ་ཉིད་ཀྱིས་དག་སོགས། ཤེས་རབ་མ་ལོ་བཅུ་དྲུག་ལོན་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པར་གྱུར། དེ་ལ་ཡོངས་སུ་འཁྱུད་པ་ལས་བྱུང་བའི་ཡེ་ཤེས་ཐོབ་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ་ནས། དབང་དུ་བརྗོད། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་ཤོ་ལོ་ཀ་གཅིག །དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། དབང་གི་ལྷ་རྣམས་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། གཙོ་བོའི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེ་ལམ་ནས་ཡུམ་གྱི་མཁར་སྤྲོས་ཤིང༌། དེ་ལས་དབང་གི་ལྷ་དཔའ་བོ་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་པ་རྣམས་སུ་གྱུར་ཏེ། ཨོཾ་ཕུན་སུམ་ཚོགས་པ་སོགས། དབང་བསྐུར་རྡོ་རྗེ་ནས། སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ལྟར་བུམ་པའི་ཆུས་དབང་བསྐུར། སྡིག་སྒྲིབ་ཐམས་ཅད་དག །དབང་རྟགས་རྡོ་རྗེ་འཆང་གིས་དབུ་བརྒྱན་པར་གྱུར། དབང་གི་ལྷ་ཐམས་ཅད་ཀྱང་རང་ཉིད་ལ་


TNT11_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཉེར་སྤྱོད་ལྔས་ཀྱང་མཆོད། དེའི་རྗེས་སུ་བཀའ་བསྒོ་བར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱོད་དོ། །བདག་ཉིད་དཔའ་བོ་ཀུན་གྱྀ་གནས། །བདག་ཉིད་ལྷ་མོ་ཀུན་གྱི་དངོས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། ཁམས་གསུམ་སྒྱུ་མའི་རང་བཞིན་ཏེ། །སེམས་ཅན་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །ཞེས་པ་ཙམ་གྱིས་ཀྱང་ཆོག་ལ། ཅི་སྟེ་རྒྱས་པ་ལ་མོས་ན། སློབ་དཔོན་གྱི་དབང་གི་རྗེས་ཐོགས་སུ། ཐམས་ཅད་མཉམ་པ་ཉིད་ནི་དཀྱིལ་འཁོར་གྲུ་བཞི་མ་ཉམས་པ། ཆོས་རྗེས་སུ་དྲན་པ་རྡོ་རྗེའི་ཐིག །ཚད་མེད་བཞི་ནི་ཟུར་བཞི། སྒོ་བཞི་ནི་རྣམ་ཐར་བཞི། ཡང་དག་སྤོང་བ་བཞི་ནི་རྟ་བབས་བཞི། དྲན་པ་ཉེར་བཞག་བཞི་ནི་ཁ་ཁྱེར་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒོ་ཁང་བཞི། དབང་པོ་ལྔ་དང་སྟོབས་ལྔ་ནི་རྩིགས་པ་རིམ་པ་ལྔ། རྒྱན་རྣམས་ནི་བྱང་ཆུབ་ཡན་ལག་བདུན། ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཞེས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། སྙིང་རྗེས་སྤྱན་ནི་དམར་པོ་ལ། །ཞེས་པ་ནས། གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །ནས། དོན་ཡོད་གནས། གཟུགས་ཕུང་གཽ་རཱིར་བཤད་པ་སྟེ། །ཚོར་བ་ལ་


TNT11_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོམ་རྐུན་མ། །འདུ་ཤེས་རོ་ལངས་མ་ཡིན་ཏེ། །འདུ་བྱེད་གྷསྨ་རཱིར་རབ་གྲགས། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ས་ནི་པུཀྐ་སི་ཞེས་བཤད། ནས། རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེས་ལྷའི་དེ་ཁོ་ན་ཉིད་དང༌། དེང་ཁྱོད་རྡོ་རྗེ་སློབ་དཔོན་དུ་གྱུར་པས། སློབ་དཔོན་གྱི་བྱ་བ་ནི་འདི་ལྟ་སྟེ། དཀྱིལ་འཁོར་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། སྟངས་སྟབས་དང༌། འདུག་སྟངས་དང༌། བཟླས་བརྗོད་དང༌། སྦྱིན་བསྲེག་དང༌། མཆོད་སྦྱིན་དང༌། རབ་ཏུ་གནས་པ་དང༌། དཀྱིལ་འཁོར་བྲི་བ་དང༌། དབང་བསྐུར་བ་དང༌། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་དང༌། དབབ་པ་ལ་སོགས་པ་འདི་དག་གིས་གཞན་ལ་ཕན་འདོགས་དགོས་པ་ཡིན་ནོ། །ཞེས་པ་ནི་སློབ་དཔོན་གྱི་དེ་ཁོ་ན་ཉིད་དོ། །དེ་ནས་ལྷ་མཆོད་པའི་རྗེས་སུ་གནང་བ་དང༌། མིག་ཐུར། མེ་ལོང༌། དྲིལ་བུ། མདའ་གཞུ། ཆོས་བཤད་རྣམས་ཀྱི་རྗེས་སུ་གནང་བ་དང༌། ལུང་སྟོན་པ་དང༌། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །ཞེས་སོགས་དབུགས་དབྱུང་བ་དང༌། གཟེངས་བསྟོད་པ་རྣམས་ཀྱང་བྱ་སྟེ་གཞན་དུ་ཤེས་སོ། །དེ་རྣམས་ཀྱི་ཕྱི་རོལ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ། བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། དམ་ཚིག་ཉི་ཤུ་རྩ་གཉིས་བསྲུངས། འབྲས་བུ་སྤྲུལ་སྐུ་མངོན་དུ་བྱས། དེ་ནས་གསང་དབང་གི་དོན་དུ་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱཻ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ།


TNT11_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཁཾ་སོགས་ཀྱིས་མིག་དར་བཅིངས། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས། ཐུགས་ཀའི་འོད་ཟེར་ཀྱི་སངས་རྒྱས་ཐམས་ཅད་སྤྱན་དྲངས། གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། རྡོ་རྗེ་ནོར་བུར་བརྟན་པའི་ཡེ་ཤེས་མངོན་དུ་བྱས་ནས། བདེ་བའི་རྟེན་ཀུན་ད་ལྟ་བུ་དེ་སྦོམ་པོ་དང་མིང་མེད་ཀྱིས་བླངས་ནས། རང་གི་ཁར་བབས་པར་གྱུར། ཇི་ལྟར་འདས་པའི་ནས། དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། ཨ་ཧོ་མཧཱ་སུ་ཁཾ། ཨོཾ་ཨཱཿཧཱུཾ། མིག་དར་བསལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ་པས། ངག་གི་དྲི་མ་སྦྱངས། ལམ་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང༌། དམ་ཚིག་ཏུ་བཟའ་བའི་དམ་ཚིག་རྣམས་སྒྲུབས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གོང་བཞིན་གསོལ་བ་གདབ། མིག་དར་བཅིངས། ལྷ་མོ་དགའ་སྦྱིན་ནས། མཆོད་པ་དག་ཏུ་བགྱིས། །ཀུན་ཏུ་རུ་གྱིས་རྡོ་རྗེ་འཛིན། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཀྱེ་སེམས་དཔའ་ཆེན་པོ། ཞེས་བརྗོད་པས་ཕྱག་རྒྱ་གཏད། ཅུང་ཟད་རྒྱས་པར་སྤྲོ་ན། དྲི་བ་དྲི་ལན་བྱ་སྟེ། དཔའ་བོ་བྱང་ཆུབ་སེམས་བཟའ་བ།། ཁྱོད་ནི་སྤྲོ་བར་ཡིན་ནམ་ཅི། །རིགས་ལྔ་ལས་ནི་བྱུང་བ་ཡི། །རིག་མ་མཆོད་པ་རྟག་གུས་སམ། །བཤང་གཅི་སྟོབས་དང་ཁྲག་ལ་སོགས། །བཟའ་བ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨོས་དམ་ཚིག་བཟང༌། །ཇི་ལྟར་བདེ་བར་བུ་སྨྲོས་ཤིག །ཅི་གསུང་དམ་ཚིག་བརྟེན་པར་ནི། །ལྷ་མོ་བདག་གིས་བྱེད་པར་ནུས། །ཞེས་ཁས་བླངས། ཨེ་མ་ང་ཡི་པདྨ་ནི། །


TNT11_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྟག་ཏུ་བཞུགས། ཐར་བ་བརྟེན་ཅིག་ཧོ། །ཞེས་པང་དུ་བྱོན། ཐབས་དང་ཤེས་རབ་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། ཡེ་ཤེས་དེ་ཉིད་དབང་བཞིའི་དོན་ཅན། རྒྱུད་རྣམ་པ་བཞི་ལ་གནས་པ་སྟེ། རྒོད་པ་དག་པ་སློབ་དཔོན་ཉིད། །སོགས་དང༌། སྣ་ཚོགས་དང་པོའི་དགའ་བ་ཉིད། །སོགས་ཤླཽ་ཀ་རེ་རེ་བརྗོད། མིག་དར་བསལ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། ཡིད་ཀྱི་དྲི་མ་དག །ལམ་ལས་དང་དམ་ཚིག་གི་ཕྱག་རྒྱ་སྒོམ་པ་ལ་དབང༌། དམ་ཚིག་ཏུ་ཤེས་རབ་མ་མི་སྤངས་པ་ཡིན། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱས། དེ་ནས་དེའི་རྗེས་སུ་གནང་བ་བྱིན་པ་ནི། སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །བདེ་བ་ཆེན་པོ་རྣམ་པར་བཟུང༌། །ཇི་སྲིད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་བགྱིས་རྡོ་རྗེ་འཛིན། །ཞེས་བརྗོད། དབང་བཞི་པའི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། འདི་ལ་མིག་དར་བཅིངས་དགྲོལ་མི་དགོས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །ནས། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་བརྗོད། རང་གི་ཡེ་ཤེས་ཉིད་དུ་གྱུར། །ཞེས་སོགས་དང༌། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །སོགས་དང༌། འདོད་ཆགས་མ་ཡིན་ཆགས་བྲལ་མིན།། སོགས་ཀྱི་དོན་ཡིད་ལ་བྱས་ཏེ་མཉམ་པར་བཞག་གོ །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་


TNT11_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང༌། དམ་ཚིག་ཏུ་ངེས་པའི་དོན་གྱི་བརྟུལ་ཞུགས་བརྟེན། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས། རྗེས་ཀྱི་བྱ་བ། གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་དང་ཡོན་འབུལ་བ་རྣམས་སྤྱི་དང་འདྲའོ། །བདག་ཉིད་འཇུག་ཅིང་དབང་བླང་བའི་སྐབས་ཏེ་བཅུ་བཞི་པའོ།། །།གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། ཆོ་གའི་རིམ་པ་གོང་དུ་བཤད་པ་དེ་ཁོ་ན་བཞིན་ལས། ལག་ལེན་གྱི་ཁྱད་པར་ཅུང་ཟད་མི་འདྲ་བ་རྣམས་མཐོང་བ་བརྒྱུད་པ་དང་དག་ལས་ཤེས་པར་བྱའོ། །ཅུང་ཟད་སྤྲོས་པ་ལ་དགའ་ན། དབང་རྫས་རིགས་ལྔ་སོགས་ལྷར་བསྐྱེད་པ་དང༌། སྤྲོ་ན་སློབ་མའང་རིགས་ལྔའི་ཏིང་ངེ་འཛིན་འཕོ་བ་དང༌། ཡོལ་བའི་ནང་བཅུག་གི་སྔོན་དུ་བགེགས་སྦྱང་བ་དང༌། དབང་གི་དངོས་བཞིའི་མགོར་རྣལ་འབྱོར་དྲུག་བཞི་ལྡན་གྱི་སྦྱང་བ་ཡང་བྱ་སྟེ། འོན་ཀྱང་དེ་དག་ངེས་པར་དགོས་པའང་མ་ཡིན་པས། འདིར་མ་བཤད་དེ་གཞན་དུ་ཤེས་སོ། །ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་བྱ་བ་ཡང༌། འདིས་འདོན་པ་བསྒྱུར་ཏེ་རྟོགས་པར་བྱ་བ་ཡིན་ལ། འདི་དག་ཐོབ་པས་ཧེ་རུ་ཀ་གཞན་གསུམ་ཤུགས་ལ་ཐོབ་པར་བཞེད་པ་ཡིན་ནོ། །སློབ་མ་དབང་བསྐུར་བའི་སྐབས་ཏེ་བཅོ་ལྔ་པའོ།། །།དྲུག་པ་ཉེ་བར་བསྡུ་བའི་ཆོ་ག་ནི། དེ་ལྟར་དབང་བསྐུར་བ་ཟིན་པ་ན། སླར་ཡང་སྦྱིན་བསྲེག་གི་ཆོ་གའི་ལྷ་མཉེས་པར་བྱ་ཞིང༌། ཕྱོགས་ཀྱི་གཏོར་མའམ། གོང་དུ་བཤད་པ་བཞིན་ཕྱི་རོལ་གཏོར་མ་ཡང་རྒྱས་པར་བཏང་ངོ༌། །དེའི་རྗེས་སུ་མཆོད་པ་བཤམས། སྔོན་བཞིན་བྱིན་གྱིས་བརླབས་ནས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། ནང་མཆོད་གསང་མཆོད། བསྟོད་པ་བསྡུས་པ་དང་བཅས་པའང་སྔོན་བཞིན་བྱས་ལ། བདག་ཅག་སློབ་མར་བཅས་པའི་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་


TNT11_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དགེས་པའི་རྡོ་རྗེའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་ཅིང་བསྐོར་བ་ལན་གསུམ་བྱ། ཡིད་ལ་འདོད་པའི་དོན་རྣམས་གསོལ་བ་བཏབ་བོ། །ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང༌། སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱོད་ཀྱིས་ནས།གསོལ། ཨོཾ་ཨཱཿ ཧཱུཾ་བཛྲ་མུཿ ཞེས་ལན་གསུམ་གྱིས། ཡེ་ཤེས་པ་གཤེགས། སྤྲུལ་པའི་དཀྱིལ་འཁོར་རང་ལ་ཐིམ། ཨ་ཀཱ་རོའི་མཐར། ཨོཾ་ཨཱཿཧཱུཾ་མུཿ ཞེས་བཏགས་པས་དཀྱིལ་འཁོར་དབྱི་ཞིང༌། མགོ་ལ་རྡུལ་ཚོན་ཅུང་ཟད་བཞག །ཨོཾ་བཛྲ་ཀཱི་ལོ་ཏ་ཀཱི་ལ་ཡ་སརྦྦ་ཀཱི་ལ་ན་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ། ཞེས་ཕུར་བུ་དབྱུང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་འོ་མས་གཏོར། རྟེན་གཞན་ཡོད་ན་བརྟན་བཞུགས་བྱ། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་ན་སྐབས་འདིར་བྱ་ཞིང༌། སླར་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱའོ། །དཀྱིལ་འཁོར་གྱི་མཇུག་ཏུ་སྦྱིན་བསྲེག་དང༌། གཏོར་མ་དང༌། ཚོགས་ཀྱི་འཁོར་ལོ་ཡང་བྱ་ཞིང༌། དགེ་འདུན་གྱི་སྟོན་མོ་དང༌། ཡུལ་ཕྱོགས་ཀྱི་སྐྱེ་བོ་རྣམས་ཚིམ་པར་བྱའོ། །རས་བྲིས་ཀྱི་ཕྱོགས་ལ་ནི། ས་ཆོག་དང༌། ཐིག་ཚོན་བྱིན་གྱིས་བརླབས་པ་དང༌། ཐིག་ཚོན་གྱི་ལས་དང༌། དཀྱིལ་འཁོར་གཤེགས་སུ་གསོལ་བ་རྣམས་མི་དགོས་པས། བཟོད་གསོལ་གྱི་མཇུག་ཁོ་ནར། དཀྱིལ་འཁོར་དང་རྟེན་གཞན་ལ་ཡང་བརྟན་བཞུགས་བྱ། དགེ་བ་བསྔོ་བ་དང༌། བཀྲ་ཤིས་ཀྱི་གླུ་དབྱངས་ཙམ་བྱའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བླ་མའི་ཞལ་གྱི་རིམ་པ་ནི། སྐུ་གསུང་ཐུགས་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཡང་མཛད་དེ། ཏིང་ངེ་འཛིན་གྱི་སྒོ་ནས་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་སྤྱད་པ་ལས། མེ་ཏོག་འཕྲེང་བའི་དབང་བསྐུར་བའི་རྗེས་སུ། མཁའ་ནང་


TNT11_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དཀྱིལ་འཁོར་ཆེན་པོ་སྤྲུལ་ཏེ། ནང་དབང་གི་ཚུལ་གྱི་སློབ་མ་རྣམས་དཀྱིལ་འཁོར་དེར་བཅུག་སྟེ། རྫས་སྤངས་པའི་དབང་བསྐུར་བ་ཡིན་ཏེ། ཕྱོགས་འདི་ལ་ས་ཆོག་གི་དཀྱིལ་འཁོར་དང༌། སྟ་གོན་གྱི་དཀྱིལ་འཁོར་ཉེ་བར་བསྡུ་བའི་ཚེ། སྤྲུལ་པའི་དཀྱིལ་འཁོར་རང་ལ་བསྡུ་བ་ཁོ་ན་ཡིན་ལ། སྟ་གོན་གྱི་དཀྱིལ་འཁོར་ཡང་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལས་གཞན་པ་མེད་དོ། །དཀྱིལ་འཁོར་ཉེར་བསྡུ་འཕྲོས་དང་བཅས་པའི་སྐབས་སྟེ་བཅུ་དྲུག་པའོ།། །།ལྷ་ལ་དབང་བསྐུར་བ་རབ་གནས་ཀྱི་ཆོ་ག་ནི། མདོ་ཙམ་དུ་ན། གོང་དུ་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་དག་ལས། གང་ཡང་རུང་བ་ཞིག་གིས་བྱ་སྟེ། ཏིང་ངེ་འཛིན་གྱི་ཆོ་གས་ཀྱང༌། འདི་ལ་མི་རུང་བའི་གནས་སྐབས་མེད་དོ། །དེ་ཡང་སྟ་གོན་ལྷག་གནས་ཀྱི་རིམ་པ་སྔར་བཞིན་བྱས་ལ། རབ་ཏུ་གནས་པར་བྱ་བ་ལ། བགེགས་སྦྱང་བ་ནི། བོད་རྙིང་པ་རྣམས་ཀྱི་ལག་ལེན་བཞིན་དུ་བྱ་ལ། དེ་མ་ཐག་ཏུ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུཾ། ཡང་ཧཱུཾ་ལན་བདུན་བཟླས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། བཛྲ་སཏྭ་སྱ་སརྦ་བཱ་པཾ་ད་ཧ་ན་སྭཱཧཱ། ཞེས་ཡུངས་དཀར་རམ་ཏིལ་བསྐོར་ཏེ་མེ་ལ་དོར། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཨོཾ་ཧཱུཾ་ཏྲཾ་ཧྲི་ཁཾ་ཁ། ཞེས་དྲི་བཟང་དང༌། འདག་རྫས་ཅི་འབྱོར་བ་དང༌། ཆུ་གཙང་གིས་དངོས་སུ་བཀྲུ་བར་འོས་པ་རྣམས་ལེགས་པར་བཀྲུ་ཞིང༌། བྲིས་སྐུ་དང་གླེགས་བམ་ལ་སོགས་པ་ནི་གཟུགས་བརྙན་ལ་བཀྲུའོ། །ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱིས་ཁྲུས་གསོལ་བར་མོས་ལ། ཇི་ལྟར་བལྟམས་པ་སོགས་ཚིགས་བཅད་ཅི་རིགས་པ་བརྗོད་ཅིང༌། ཨ་བྷི་ཥེ་ཀ་ཏའི་སྔགས་དང་ལས་བུམ་གྱིས་ཁྲུས་གསོལ་ལ། སྐུ་ཕྱེས་དང་དྲིས་བྱུགས་པ་དང་ན་བཟའ་འབུལ་བ་རྣམས་བྱའོ། །རང་གི་སྙིང་གའི་ས་བོན་ལས་འོད་


TNT11_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས། ཡེ་ཤེས་སེམས་དཔའ་གཙོ་བོར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་གནས་བྱའི་སྟེང་གི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཨརྒྷཾ་ནས།ཤཔྟའི་བར་གྱིས་མཆོད། བཅོམ་ལྡན་༵ཆྒཻ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཁྱེད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་ཕྱིར་དང༌། །སེམས་ཅན་བསོད་ནམས་སྤེལ་དོན་དང༌། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཆེ། ཁྱེད་ཀྱིས་རབ་གནས་བགྱིད་པར་འཚལ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་གཞན་རྡོ་རྗེ་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་༵༵ཆྒཻ་བདག །ཆྒཻེ་རབ་ཏུ་གནས་པ་ནི། །བགྱིའོ་དེས་ན་ཁྱེད་རྣམས་ཀྱི། །ཉེ་བར་གནས་པར་མཛད་པའི་རིགས། །ཞེས་ལན་གསུམ་གྱིས་སྙན་གསན་ཕབ། རིགས་ལྔའི་བསྟོད་པས་བསྟོད། ཨོཾ་བཛྲ་པུ་ཎ་ར་ག་མ་ན་ཡ་མུཿ ཞེས་གཤེགས་སུ་གསོལ། སྐུ་གཟུགས་ཀྱི་གནས་གསུམ་ལ་སོགས་པར། ཨ་མྲྀ་ཏའི་སྔགས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པས་དྲི་བཟང་བྱུགས། ཕྱི་ནང་གི་གཏོར་མ་རྒྱ་ཆེར་བཏང་ངོ༌། །དེ་དག་ནི་སྟ་གོན་གྱི་བྱ་བའོ། །ནངས་པར་བདག་འཇུག་ཡན་ཆད་ཀྱི་བྱ་བ་རྣམས་ཟིན་པ་ན། སྔར་བཞིན་ལས་བུམ་གྱིས་


TNT11_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གསོལ། བསངས་སྦྱངས། སྟོང་པའི་ངང་ལས། རབ་ཏུ་གནས་བྱའི་ལྷ་དེ་ཉིད་ཀྱི་བསྐྱེད་ཆོག་ཤེས་ན་དེ་ལྟར་བྱ་ལ། མི་ཤེས་ན་མཆོད་རྟེན་དང༌། ཆགས་བྲལ་གྱི་སྐུ་གཟུགས་རྣམས་དང༌། གཙུག་ལག་ཁང་ལ་སོགས་པ་ནི་རྣམ་སྣང་དུ་བསྐྱེད། གླེགས་བམ་དང་ཡིག་འབྲུ་ནི་འོད་དཔག་མེད་དང༌། ཕྱག་མཚན་རྣམས་མི་བསྐྱོད་པ་དང༌། སློབ་དཔོན་དང་སྐུ་གཟུགས་གཞན་རྣམས་ནི་རྡོ་རྗེ་སེམས་དཔར་བསྐྱེད་དེ། སྐྱེ་མཆེད་དྲུག་དང་གནས་གསུམ་བྱིན་གྱིས་བརླབས་པ་སྒྲུབ་ཐབས་བཞིན་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་དང༌། མཆོད་བསྟོད་དང་གསོལ་བ་ལན་གསུམ་གདབ་པ་གོང་བཞིན་བྱས་ལ། སྒྲུབ་ཐབས་སུ་ཇི་སྐད་བཤད་པ་ལྟར་དབང་ལྷ་སྤྱན་འདྲེན། བཀྲ་ཤིས་ཀྱི་གླུ་བླང་བ་ནི་རྒྱས་བསྡུས་ཇི་ལྟར་རིགས་པ་བརྗོད་ལ། ཆུ་ཅོད་པན་རྡོ་རྗེའི་དྲིལ་བུ་མིང༌། སླར་ཡང་སློབ་དཔོན་གྱི་དབང་གི་དོན་དུ་ཆུ་དབང་བསྐུར་ནས། སུ་པྲ་ཏིཥྛ འི་བར་དང༌། གསང་དབང་ཤེས་རབ་ཡེ་ཤེས་བཞི་པ་རྣམས་ལ་གསོལ་བཏབ་དང༌། རྟོགས་བསྐྱེད་དང༌། མིག་དར་བཅིངས་གྲོལ་དང༌། དྲི་བ་དྲི་ལན་རྣམས་དོར་ནས། དངོས་གཞི་རྣམས་བདག་འཇུག་བཞིན་དབང་བསྐུར་ལ། མཆོད་བསྟོད་བསྡུས་པ་ཞིག་བྱའོ། །ཨོཾ་བཛྲ་ཝ་ས་སྱ་ཧཱུཾ་སོགས། ཨོཾ་ཨཱཿསརྦ་ཨ་བྷ་ར་ཎ་བི་བྷུ་ཥ་ཎྱ་སྭཱཧཱ། ཨོཾ་ཛྲཾ་སྭཱཧཱ། ཞེས་པ་རྣམས་ཀྱིས་གོས་དང་རྒྱན་དང་འབྲས་བུ་ལ་སོགས་པ་ཕུལ། ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུཿབི་ཤོ་དྷ་ནི་སྭཱཧཱ། ཞེས་མིག་ཐུར་གྱིས་སྤྱན་དབྱེ་ཞིང་མིག་སྨན་བཀུ་བའི་ཚུལ་དུ་བྱའོ། །དེ་ནས་ཞི་བ་ལ་སོགས་པའི་སྦྱིན་བསྲེག་བྱས་ལ། ཨོཾ་དི་བྱ་ཨགྣ་ས་མ་སིདྡྷྱ་ན་པྲི་ཎ་ནེ་སྭཱཧཱ། ཞེས་པས་སྦྱིན་བསྲེག་གི་མེའི་ལྷག་མ་ལ་འོ་ཐུག་སྒྲུབས་ཏེ་གཟུགས་བརྙན་


TNT11_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་ལྷའི་ཞལ་དུ་འབུལ་བར་བྱའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཿ ཞེས་ལན་མང་དུ་བཟླས་ལ། ལྷ་དེ་ཉིད་བསྐྱེད་པ་ཡིན་ན་མ་གཏོགས། གཞན་རྣམས་ཞལ་བསྒྱུར་ལ་རང་རང་གི་གཟུགས་སུ་བལྟའོ། །དེ་ནས་ཡུན་རིང་དུ་བཞུགས་པའི་དོན་དུ་གསོལ་བ་གདབས་པ་ནི། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་རབ་བཞུགས་རྣམས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ལ། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །སེམས་ཅན་ཀུན་གྱི་དོན་སླད་དུ། །བདག་གི་འབྱོར་བ་ཉིད་ཀྱིས་ནི། །ཅི་འབྱོར་བ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་ཀྱིས་འདི་ལ་བྱིན་རླབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པའི་རིགས། །ཞེས་ལན་གསུམ་གསོལ་བ་བཏབ་ལ། སྤྲོ་ན་ལག་ལེན་བཞིན་ཚིག་ལྷུག་པས་ཀྱང་བྱ། རྟེན་འབྲེལ་སྙིང་པོ་བཟླས་ལ་མེ་ཏོག་དོར་དེ། དེ་ནས་རྡོ་རྗེ་གསོར་ཞིང་བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་བཟླས་ལ། དེ་ཉིད་ལྔ་པའམ། མཉམ་ཉིད་མི་གཡོ་སོགས་ཀྱི་བསྟོད་པ་གླུར་བླང་ངོ༌། །བསྡུ་ན། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་གསོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་གྲུབ་བྱེད་པ། །ཐམས་ཅད་རྡོ་རྗེ་བདག་མགུར་འགྱུར། །ཞེས་བསྟོད། ཡིག་བརྒྱ་ལན་མང་དུ་བཟླས་ཏེ་ལྷག་ཆད་ཁ་བསྐངས། མ་འབྱོར་བ་དང་སོགས་ཀྱིས་


TNT11_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་པར་བརྗོད། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དག །གང་དག་ཆོ་གའི་བྱ་བ་ལ།། ནོངས་གྱུར་དེ་དག་བཟོད་མཛད་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་བདག་རྣམས་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་པ་དང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་ལས། །ལྷ་རྣམས་ཀྱིས་ནི་སྐུ་གཟུགས་ལ། །བསྐལ་པ་བརྒྱ་རུ་བསྲུང་བ་དང༌། །མཆོད་པ་ཆེན་པོ་མཛད་དུ་གསོལ། །དགྱེས་ཤིང་ཡིད་བཟང་གྱུར་ནས་སུ། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་བོ་བསྲུང་བ་དང༌། །གང་གནས་དགེ་པར་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་ནས། མགྲོན་དུ་བྱོན་པའི་ལྷ་རྣམས་ཅི་བདེར་གཤེགས་ལ་བར་འདིར་ཆོས་སྐྱོང་དང༌། འཇིག་རྟེན་པའི་གཏོར་མ་རྒྱ་ཆེར་གཏོང༌། སླར་ཡང་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེན་པོ་དང༌། ཤིས་བརྗོད་སོགས་རྒྱ་ཆེར་བྱའོ། །བགྲང་འཕྲེང་རབ་ཏུ་གནས་པ་ནི། བསངས་སྦྱངས། ཛྲིཾ་ལས་འོད་དཔག་མེད་ཡབ་ཡུམ་དུ་བསྐྱེད། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་བསྟིམ། དབང་བསྐུར། མཆོད་བསྟོད་བྱས་ལ། དེ་ཞུ་བས་བགྲང་འཕྲེང་དུ་གྱུར། ཨོཾ་ཨཱཿཛྲིཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་པས་རབ་ཏུ་གནས་པར་འགྱུར་རོ། །རབ་ཏུ་གནས་པའི་རྣམ་གྲངས་གཞན་མང་པོ་དག་ནི་འདིར་མ་བཤད་དོ། །རབ་གནས་ཀྱི་ཆོ་གའི་སྐབས་ཏེ་བཅུ་བདུན་པའོ།། །།ད་ནི་སྦྱིན་བསྲེག་གི་ཆོ་ག་མདོར་བསྡུས་པ་བཤད་པར་བྱ་སྟེ། དེ་ཡང་གོང་དུ་བཤད་པ་བཞིན་གྱི་ས་ཆོག་ལས། དཀྱིལ་འཁོར་ཡོངས་རྫོགས་བསྒོམ་མི་དགོས་ཏེ།


TNT11_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་ཙམ་ལ་གནས་པས་བྱའོ། །དེར་ཞི་བའི་ཐབ་ཁུང་བྱ་བ་ནི། སྟེགས་བུ་གྲུ་བཞི་པ་དཔངས་ཇི་ལྟར་རིགས་པ་ལ། དབུས་སུ་ཐབ་ཁུང་ཟབས་སུ་མཐོ་གང༌། རྒྱར་ཁྲུ་གང་ཟླུམ་པོ་ལ། དབུས་ཀྱི་མཐིལ་དུ་པདྨ་འདབ་བརྒྱད་རིགས་ལྔའི་ཕྱག་མཚན་ཅན་བྱ། མཆུ་སོར་བཞིས་བསྐོར་བ་ལ་ཟེ་འབྲུ་འབྲི། ཁ་ཁྱེར་དཔང་དང་རྒྱར་སོར་བཞི་པ་ལ། པང་འདབ་འབྲི་སྟེ་ཕྱོགས་བཞིར་རྡོ་རྗེ་རྒྱ་ཁྲམ་གྱིས་མཚན་པ། སྟེགས་བུའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་བརྒྱན་པ། ཕྱི་ནང་ཐམས་ཅད་དཀར་པོས་བྱུགས། སྒྲུབ་པ་པོའི་གདན་གྱི་གཡོན་དུ་ཆུ་གཉིས་དང་བུམ་པ་བཅའ། གཡས་སུ་བསྲེག་རྫས་དང་མཆོད་རྫས་དང༌། དེའི་ཕྱི་རོལ་ཏུ་མེ་ལྷའི་མཆོད་པ་རྣམས་བཤམས། གཏོར་མ་ཡང་ཇི་ལྟར་བདེ་བར་བཞག །ཀཻ་ལ་ཤ་ཡང་བརྩིགས་ལ། རྡོ་རྗེ་དྲིལ་བུ་དགང་བླུགས་རྣམས་རང་གི་མདུན་དུ་བཤམ་མོ། །དེ་ནས་སྔོན་འགྲོ་གཏོར་མ་བཏང༌། བདག་བསྐྱེད་རྒྱས་བསྡུས་ཅི་རིགས་པ་བསྒོམ་ལ། ལས་བུམ་སྒྲུབས། བུམ་པ་མེད་ན་བསང་ཆུ་སྒྲུབ་ཏེ། དུང་གི་ཆུ་ལ་འཁྱིལ་པ་བཟླས་པས་སོ། །དེ་ནས་ནང་མཆོད་ཀྱི་རྫས་རྣམས་བསངས། མཆོད་པ་བྱིན་རླབས་བྱ། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱཿསྭཱཧཱ། ཨོཾ་ཛྲིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་བསྲེག་རྫས་རྣམས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ་དང༌། ཨ་མྲྀ་ཏ་བཟླས་པས་མེ་བཅུག་ལ། ཨོཾ་ཛྭ་ལ་ཛ་ལ་ཧཱུཾ། ཞེས་བརྗོད། ཧཱུཾ་བདུན་གྱིས་རླུང་ཡབ་གཡབ། ཨ་མྲྀ་ཏ་ལན་བདུན་གྱིས་བླུགས་གཟར་གཅིག་ཕུལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཀུ་ཤ་བཀྲམས་པར་མོས། ཐབ་བསངས་སྦྱངས། སྟོང་པའི་ངང་ལས་


TNT11_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲུཾ་ལས་བྱུང་བའི་ཐབ་ཁུང་གི་དབུས་སུ། འབར་བའི་མེ་རཾ་ལས་བྱུང་བའི་མེ་ལྷ་དཀར་པོ་ར་སྐྱེས་ལ་ཆིབས་པ། བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མེ་ལྷ་འཁོར་བཅས་བཛྲ་ས་མཱ་ཛཿ ཐལ་མོའི་མཐེ་བོང་གཡབ་པའམ། དབྱུག་གུ་རྩེ་གསུམ་གྱི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །སྙིང་རྗེས་སེམས་ཅན་དོན་ཀུན་མཛད། །འདིར་ནི་ཡང་དག་མཉེས་པར་མཛོད། །ཅེས་བརྗོད་ལ། ཨ་མྲྀ་ཏས་བསངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སྒྲུབ་ཐབས་བཞིན་དབང་བསྐུར་ལ་རྣམ་སྣང་གི་དབུ་བརྒྱན། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པཽ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། ཨོཾ་ཨགྣ་ཡེ་ཨཱ་དི་བེ་ཨཱ་དི་བེ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ། ཤྲཱི་ཡེ་ཧ་བྱ་ཀ་བྱ་བཧྣ་ཡ་སྭཱཧཱ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་དགང་བླུགས་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ། ན་མཿས་མནྟ་བུདྡྷ་ནཾ་ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པས་བསྲེག་རྫས་མཐའ་དག་འབུལ་ཞིང༌། དེ་ནས་སླར་ཡང་བསྲེགས་བླུགས་གཅིག་ཕུལ་ཏེ། ཡང་ཐབ་ཀྱི་མེ་བསངས་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ཡན་ཆད་སྒྲུབ་ཐབས་དང་འདྲ། འོན་ཀྱང་འབྱུང་བཞི་ལ་རང་སེམས་བསྲེ་མི་དགོས། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་དང་ཨཾ་ལས་བཅོམ་ལྡན་འདས་


TNT11_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། སོགས་དང༌། ཤར་དུ་གཾ་ལས་གཽ་རཱི་སོགས། མིག་ཏུ་མོཾ་ལས་ནས། དབུ་བརྒྱན་གྱི་བར་མངོན་རྟོགས་བཞིན་ནོ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་ན་བཟའ་ནང་མཆོད་གསང་མཆོད་བསྟོད་པ་རྣམས་རྒྱས་བསྡུས་གང་ཡང་རུང་བར་བྱས་ལ། མགོར་དེ་བ་པི་ཙུ་དང༌། མཇུག་ཏུ། མ་མ་ཤིནྟང་རཀྵན་ཙ་ཀུ་རུ་སརྦ་ཨརྠ་སཱའ་དྷཱ་ཡ་སྭཱཧཱ། ཞེས་པ་སྦྱར་ལ། བར་དུ་རྫས་སྔགས་རེ་དང་སྤེལ་བའི་བསྲེག་རྫས་འབུལ་བ་ནི། ཨོཾ་ཨགྣ་ཡེ་སྭཱཧཱ། མར་དང༌། ཨོཾ་བཛྲ་ལ་ཏ་ཡེ་སྭཱཧཱ་འམ་ཨོཾ་བོ་དྷི་པྲིཀྵ་ཡེ་སྭཱཧཱ། གང་རུང་གིས་ཡམ་ཤིང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཏིལ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱཧཱ། དུར་བ། ཨོཾ་བཛྲ་པུཥྟ་ཡེ་སྭཱཧཱ། འབྲས་མ་བྲུགས་པ་དང༌། ཨོཾ་སརྦ་སཾ་པ་དེ་སྭཱཧཱ། ཟས་མཆོག །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ། ཀུ་ཤ །ཨོཾ་བཛྲ་བི་ཛ་ཡེ་སྭཱཧཱ། འབྲས་སོ་བ། ཨོཾ་མཧཱ་བེ་ག་ཡ་སྭཱཧཱ། ནས། ཨོཾ་མཧཱ་བ་ལ་ཡེ་སྭཱཧཱ། སྲན་མ། ཨོཾ་བཛྲ་གྷསྨ་རི་སྭཱཧཱ། གྲོ་སྟེ་དེ་ལྟར་ན་བསྲེགས་རྫས་སོ་སོར་ཅི་རིགས་པ་འབུལ་ལ། མདོར་བསྡུ་ན་ལྷ་སྔགས་ཁོ་ནས་ཕུལ་ཀྱང་རུང་ངོ༌། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་གཏོར་མའི་ཆོ་གས་ཚིམས་པར་བྱས་ལ། མཆོད་བསྟོད། གསོལ་གདབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ་རྣམས་བྱའོ། །སླར་ཡང་མེ་ལྷ་ཐབ་ཁུང་དུ་བྱོན་པ་ལ། གོང་བཞིན་མཆོད་བསྟོད་དང་བསྲེག་རྫས་ཀྱི་ལྷག་མ་རྣམས་ཕུལ་ནས། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་


TNT11_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ། སོགས་ཀྱི་མཐར། ཨོཾ་དྷཱཾ་དྷཱཾ་ཞེས་བཏགས་པ་ལན་གསུམ་མམ་བདུན་གྱིས་བསྔགས་ནས་བླུགས་གཟར་གྱིས་བླངས་ཏེ་ཐབ་ཁུང་དུ་འབུལ། སླར་ཡང་སྔོན་བཞིན་དགང་བླུགས་ཕུལ་ལ། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་འདྲ་བ་ལས། མེ་ལྷ་སྤྱན་འདྲེན་པའི་ཕྱག་རྒྱ་ཕྱིར་བཀྱེད་ཅིང༌། སྭ་ཨརྠ་ན་ཞེས་སོགས་སམ། ཡང་ན་བོད་སྐད་དུ་བྱ་སྟེ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབས་ཀྱི་བཞུད་ཅིག་བྱིན་ཟ་ཁྱོད། །ཇི་བཞིན་དུས་སུ་སླར་བྱོན་ཅིག །བདག་ལ་དངོས་གྲུབ་ཐམས་ཅད་མཛོད། །ཅེས་དང༌། མེ་ལྷའི་སྔགས་ཀྱི་མཐར། ཨོཾ་མུཿ ཞེས་བརྗོད། སྨོན་ལམ་དང་བཀྲ་ཤིས་རྒྱ་ཆེར་བྱའོ། །འདི་ནི་ཞི་བའི་ཆོ་ག་སྙིང་པོ་ཙམ་སྟེ། ལས་གཞན་ཡང་འདི་ལས་དཔགས་ཏེ་རྟོགས་པར་བྱའོ། །སྦྱིན་བསྲེག་གི་སྐབས་ཏེ་བཅོ་བརྒྱད་པའོ།། །།དེ་ལྟར་ན་བཤད་ཟིན་པའི་དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང༌། སྦྱིན་བསྲེག་ལ་སོགས་པ་འདི་རྣམས་མཚན་ཉིད་དང་ལྡན་པའི་ཆོ་ག་རྒྱས་པ་རྣམས་ལེགས་པར་ཤེས་པས་བསྡུས་པའི་ཁྱད་པར་འདི་དག་ངེས་པར་བྱ་དགོས་སོ། །ཚོགས་ཀྱི་འཁོར་ལོའི་བྱ་བ་མདོ་ཙམ་ནི། ཚོགས་ཀྱི་དཀྱིལ་འཁོར་བྱ་བ་ནི་སྤྱོད་པའི་སྐབས་སུ་འཆད་པར་འགྱུར་ལ། འདིར་ལས་དང་པོ་པ་རྣམས་ཀྱི་རིམ་པ་ལྟར་ན། དང་པོར་ཡོ་བྱད་ཚོགས་པར་བྱས་ནས། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་རླབས་ཞུ་འབུལ་རྣམས་སྔོན་དུ་འགྲོ་བས། ཇི་སྐད་བཤད་པའི་དཀྱིལ་འཁོར་རྣམས་ལས་བདག་གི་རྣལ་འབྱོར་རྫོགས་པར་བྱ། བཟླས་པ་ཅི་རིགས་པ་བྱས་ནས། དཀྱིལ་འཁོར་གྱི་འཁོར་


TNT11_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལོར་རང་ཉིད་ལ་བསྡུའོ། །དེའི་འོག་ཏུ་མདུན་བསྐྱེད་ནི། འཆད་པར་འགྱུར་བ་མཎྜལ་གྱི་ཆོ་ག་དང་འདྲ་བར་བྱ། དེ་ནས་ཚོགས་ཀྱི་ཡོ་བྱད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཕུད་དང་པོ་བཤམས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་སྔགས་ཀྱིས་ཕུལ། དེ་ནས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པའི་ལྷན་ཅིག་རོལ། །ཅེས་དྲངས། དེ་རྣམས་ཀྱིས་ཀྱང༌། བདེ་བར་གཤེགས་ཤིག་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་རྣམ་པར་སྤངས། །གཟུང་དང་འཛིན་པ་དང་བྲལ་བའི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བླངས་ཏེ་ཐམས་ཅད་ལ་བྲིམས། ལྷག་མ་སྣོད་ཅིག་ཏུ་བཞག་གོ །དེ་ནས་སོ་སོའི་ནས་ཕུད་བསྡུས་ལ་དེ་ཡང་སྔ་མ་ལྷར་འབུལ་ལོ། །དེ་ལྟར་ཚིམས་པར་ལོངས་སྤྱད། ལྷག་མ་རྣམས་བསྡུས་ལ་ཁ་ཕྲུས་བཏབ་ཅིང༌། སྔར་གྱི་ལྷག་མ་ཅིག་ཤོས་དང་ལྷན་ཅིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨོཾ་ཀུ་རུ་ཀུ་རུ་བྷྱཿཝརྟ་ལི་ཝརྟ་ལི། མཧཱ་ཝརྟ་ལི་ཚེ། དུར་ཁྲོད་གནས་མོ་དངོས་གྲུབ་ཞལ། ཁྲག་ལ་དགའ་མ་ཡི་དྭགས་གདོང༌། །གཏུམ་མོ་གཙིགས་བྱེད་ཁྲོ་མོ་སྟེ། །རྣལ་འབྱོར་ནམ་མཁའ་དམ་ཚིག་བསྲུངས། །ཀི་ལི་ཀི་ལི་སྒྲ་སྒྲོགས་མ། །ཕ་མེས་ནགས་ནང་གསོལ་ཞིག་བཞེས། །ཚོགས་དང་ཕོ་ཉར་བཅས་པ་ཡི། །གཏུམ་མོ་མཆེ་གཙིགས་དུད་སོལ་མ། །རང་གི་གནས་སུ་མཛོད་ཅིག་མཛོད། །ཧཱུཾ་ཧཱུཾ་ཧཱུཾ། བཟུང་ཞིག་བཟུང་ཞིག་གདུག་ཅན་ཀུན། །ཟོ་ཞིག་ཟོ་ཞིག་ཧོ་


TNT11_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲཻ༵ཾ། བདག་ཅག་རྣམས་ཀྱི་སརྦ་བིགྷྣཱན་ཤནྟིཾ་ཀུ་རུ་ཀུ་རུ་ཕཊ་སྭཱཧཱ། ཞེས་པ་དང༌། ཨ་ཀཱ་རོའི་སྔགས་ཀྱིས་ལན་གསུམ་བསྔོས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙིཥྟ་བཱ་ལིཾ་ཏ་བྷཀྵ་སི་སྭཱཧཱ། ཞེས་པས་ལྷག་གཏོར་བཏང༌། ལས་ཐམས་ཅད་པའི་སྔགས་ཀྱིས་མཚམས་བཅད། ཡང་རྡོ་རྗེའི་གླུ་བླངས་ཏེ་སྤྲོ་ན་གར་ལ་སོགས་པ་ཅི་རིགས་པ་བྱའོ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །ཞེས་སོགས་ཤོ་ལོ་ཀ་གཅིག་བརྗོད་ཅིང་དོན་བསམ། ཨ་ནུ་རཱ་གའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ལ་མཉམ་པར་བཞག །རིགས་སུ་སྐྱེ་དང་སོགས་སྨོན་ལམ་གདབ་ཅིང༌། རྒྱུད་གཞན་ལས་གསུངས་པས་ཀྱང་སྨོན་ལམ་བཏབ་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །ཚོགས་ཀྱི་འཁོར་ལོའི་སྐབས་ཏེ་བཅུ་དགུ་པའོ།། །།མཎྜལ་མཆོད་པའམ། ཕྱི་རོལ་མཆོད་པ་ནི། ཞུ་འབུལ་མ་གཏོགས་བཤད་མ་ཐག་པ་དང་འདྲ། མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས། ར་ལས་ཉི་མའི་ནས། གན་རྐྱལ་དུ་གནས་པ། ཨོཾ་ཧེ་བཛྲ་ཡ་ན་མཿ ཨོཾ་ནཻ་རཱཏྨ་ཡ་ན་མཿ ཨོཾ་གཽ་རཱི་ན་མཿ སོགས་ཀྱིས་བྱིན་གྱིས་བརླབས། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཕཊ། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དགྱེས་པ་རྡོ་རྗེ་ནས། མཚུངས་པའོ། །ཨོཾ་ཨཱཿགཾ་ཧཱུཾ། ཤར་དུ་གཽ་རཱི་ནག་མོ། ཞེས་སོགས་སྦྱར་ཏེ། བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཐམས་ཅད་ཀྱི་མིག་ཏུ་ཞེས་པ་ནས། དབུ་བརྒྱན། དེ་ནས་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་བྱ་སྟེ་དཀྱིལ་འཁོར་གྱི་ཆོ་གའི་སྐབས་དང་འདྲ། ཡན་ལག་བདུན་པ་དང་རིགས་ལྔའི་སྡོམ་བཟུངས་རྣམས་བྱ་སྟེ། ཐུགས་བརྒྱུད་བསྐུལ་བའི་དོན་


TNT11_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཟླས་པ་ཅུང་ཟད་བྱས་ལ། སླར་ཡང་མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་རྗེས་ཆོག་རྣམས་སྤྱི་དང་འདྲའོ། །འདི་ལ་འགྲུབ་ཅིང་སྤྲོ་ན། མཆོད་པའི་སྐབས་སུ་ལྷ་རེ་རེའི་སྔགས་ཀྱི་མཐར། མཆོད་པའི་སྔགས་རེ་བཏགས་ཏེ་ཕུལ་ན་ཤིན་ཏུ་ལེགས་སོ། །ཕྱི་རོལ་མཆོད་པའི་སྐབས་ཏེ་ཉི་ཤུ་པའོ།། །།ད་ནི་ལས་ཚོགས་སྒྲུབ་པའི་རྣལ་འབྱོར་རྣམས་བཤད་པར་བྱ་སྟེ། དེ་ཡང་དཔལ་ཧེ་རུ་ཀ་དང་རྡོ་རྗེ་བདག་མེད་མའི་རྣལ་འབྱོར་ལ་གནས་པས། རང་གི་སྙིང་གར་ཨཱ་ལས་རྡོ་རྗེ་མ་དཀར་མོ་གྲི་ཐོད་ཁ་ཊྭཱཾ་རྣམས་འཛིན་པ། ཐུགས་ཀར་ཧཱུཾ་ཡིག་ཅན་སྒོམ་སྟེ། ཨོཾ་ཧཱུཾ་སྭཱཧཱ། འབུམ་ཕྲག་གཅིག་གམ་བཞི་འབུམ་དུ་བསྙེན་པ་བྱའོ། །དེ་ནས་ཁམ་ཕོར་ཁ་སྦྱོར་ལ་ཐོད་ལེ་སྐོར་གྱིས་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་ལ། ཨོཾ་ཧཱུཾ་ཆྒཻ་མོ་སྟམ་བྷ་ཡ་སྟམ་བྷ་ཡ་ཧཱུཾ་སྭཱཧཱ། མཐའ་སྐོར་དུ་སཾ་ཡིག་གིས་སྐོར་བ་བྲིས། རྩིབས་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་མུ་ཁྱུད་ལ་སཾ་ཡིག་གམ་རྩ་སྔགས་སྤེལ་ཚིག་ཅན་བྲིས། ཁ་ཕོར་གཞན་སྣ་ཚོགས་རྡོ་རྗེ་དང་རི་རབ་བྲིས་པའི་སྟེང་ནས་བཀབ། དེ་རྡོག་པས་མནན་ཏེ་སྔགས་སྤེལ་ཚིགས་ཅན་ཁྲི་བཟླས་ཏེ། དེས་ཀྱང་མ་འགྲུབ་ན། མཆོད་རྟེན་ལ་སོགས་པར་སྦའོ། །འདི་ནི་སྤེལ་ཚིག་གི་དབྱེ་བས་ལུས་རེངས་པ་དང་ངག་རེངས་པ་གཉིས་ཅར་བྱེད་དོ། །དེ་བཞིན་དུ། ཨི་ལས་གཽ་རཱི་དམར་སེར་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཐུགས་ཀར་ཨཾ་ཡིག་ལ་བསྒོམ་ལ། ཨོཾ་ཨཾ་སྭཱཧཱ། བསྙེན་པ་བྱ། དེ་ནས་བསྒྲུབ་བྱ་སྐྲ་གྲོལ་བ་སོགས་མདུན་དུ་བསམ་སྟེ། སྙིང་གའམ་སྐྱེ་གནས་སུ་ཨ་ཡིག་དམར་པོ་ལས་མེ་འབར་ཏེ་ཧཾ་ཡིག་རབ་ཏུ་ཞུ་བར་བསམ་སྟེ། ཨོཾ་ཨཾ་ཆྒཻེ་མོ་བདག་གིས་དབང་དུ་བསྡུས་ཤིག་ཨཾ་སྭཱཧཱ།


TNT11_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞགས་པ་ལྕགས་ཀྱུའི་སྦྱོར་བས་བཀུག་ཅིང༌། འཁོར་ལོ་འབྲི་བ་ནི་གྲོ་ག་ལ་རྒྱ་སྐྱེགས་ཀྱིས་བྲི་ཏེ། སཾ་གྱི་དོད་དུ་ཐཾ་ཡིག་གོ །དེ་བཞིན་དུ། ཨི་ལས་ཆུའི་རྣལ་འབྱོར་མ་སྔོན་མོ་ཐོ་བ་དང་སྡིགས་མཛུབ་ཅན། ཐུགས་ཀར་ཁཾ་ཡིག་གོ །ཨོཾ་ཁཾ་སྭཱཧཱ། བསྙེན་པ་བྱས་ལ། འཁོར་ལོ་རྔ་མོ་དང་བྱ་རོག་གི་ཁྲག་གིས་བྲིས་ལ་ཁཾ་གིས་བསྐོར་བ་རྔ་མོའི་རྒྱབ་ཏུ་གནས་པའོ། །དགུག་གཞུག་དྲག་ཏུ་བྱས་ཏེ། བསྒྲུབ་བྱ་གཅེར་བུ་སྐྲ་གྲོལ་བ་རྔ་མོང་ལ་བསྐྱོན་ཏེ་ཁྲོ་བོ་དབྱུག་པ་ཐོགས་པས་ལྷོ་ཕྱོགས་སུ་གདས་པར་བསམ། ཨོཾ་ཁཾ་ཆྒཻ་མོ་ཨུ་ཙི་ཊ་ཡ་ཁཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ ཞེས་བསྐྲོད་པའོ། །དེ་བཞིན་དུ། ཨུ་ལས་རྡོ་རྗེ་མཁའ་འགྲོ་མ་ནག་མོ་རལ་གྲི་དང་ལྕགས་སྒྲོག་འཛིན་པ་ཐུགས་ཀར་ཛྲིཾ་ཡིག་སྒོམ་ལ། ཨོཾ་ཛྲིཾ་སྭཱཧཱ། བསྙེན་པ་བྱས་ལ། འཁོར་ལོ་རྟ་དང་མ་ཧེའམ་ཁཱ་དང་འུག་པའི་ཁྲག་གིས་འབྲི་སྟེ་ཛྲིཾ་གིས་བསྐོར་བའོ། །བསྒྲུབ་བྱ་དགུག་གཞུག་དྲག་ཏུ་བྱ་ཞིང༌། ཕན་ཚུན་དུ་སྲོག་ཆགས་དེ་དག་ཞོན་ཞིང་འཐབ་པར་བསམ་ནས། ཨོཾ་ཛྲིཾ་ཆྒཻ་མོ་དང་ཆྒཻེ་མོ་བི་དྭེ་ཥ་ཡ་ཛྲིཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། མི་དང་མི་མ་ཡིན་པ་དབྱེ་བ་འདྲའོ། །དེ་བཞིན་དུ། བདག་མེད་མ་ཨ་ལས་བྱུང་བ་དུད་ཁ་སྤྱི་དང་འདྲ་བར་བསྐྱེད་ལ། ཐུགས་ཀར་བུཾ་ཡིག་སྒོམ་ལ། ཨོཾ་བུཾ་སྭཱཧཱ། བསྙེན་པ་བྱས་ནས་འཁོར་ལོ་ནི་རིམས་ནད་ཀྱིས་ཤི་བའི་ཐོད་པ་ལ་དུག་དང༌། ཁྲག་དང༌། ཉེ་ཚེ་དང༌། ལན་ཚྭ་རྣམས་ཀྱི་འདྲི་སྟེ། ལྟེ་བར་ཟུར་དྲུག་པ་ལ་ཧཱུཾ་དྲུག །བུཾ་གྱིས་སྐོར་བ་ནི་ཁྱད་པར་རོ། །བསྒྲུབ་བྱའི་བྱ་བ་སྔ་མ་དང་མཚུངས་པ་ལས། ཉི་ཕྱེད་དང་ནམ་ཕྱེད་ཕུབ་མའི་མེ་ལ་གདུང་བར་བྱའོ། །ཨོཾ་བུཾ་ཆྒཻ་མོ་རིམས་ཀྱིས་ཐེབས་པར་མཛོད་ཅིག་བུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། རིམས་ཀྱིས་ཐེབས་པར་བྱེད་པའོ། །


TNT11_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། ཨཾ་ལས་བྱུང་བའི་མཁའ་སྤྱོད་མ་དམར་མོ། སྙིང་གར་ཧཱུཾ་ཨོཾ་ཧཱུཾ་སྭཱཧཱ། བསྙེན་པ་བྱས་ལ། འཁོར་ལོ་ཧཱུཾ་དང་ཧྲཱི་ཛས་བསྐོར་བ། ཤིང་ལོ་རླུང་གིས་ཁྱེར་བ་མ་ལྷུང་པ་ལ་བྲིས་ཏེ། རླུང་དང་མེའི་སྟེང་དུ་བསྒྲུབ་བྱ་མྱོས་པར་བསམ། སྙིང་ག་ནས་འོད་ཟེར་དམར་པོ་སྤྲོས། བསྒྲུབ་བྱའི་སྣ་སྒོ་གཡས་པ་ནས་ཞུགས། སྙིང་ག་ནས་བཅུད་ཕྲོགས་ཏེ་སྣ་གཡོན་ནས་བྱུང༌། རང་གི་སྙིང་གར་ཐིམ། དབུགས་ཀྱི་རླུང་གིས་བཀུག་པར་བསམས་ལ། ཨོཾ་ཧཱུཾ་ཆྒཻ་མོ་ཨཱ་ཀརྵ་ཡ་ཧཱུཾ་ཧྲི་ཛཿ ཞེས་པས་འགུགས་པའོ། །ཡང༌། ཨཽ་ལས་ས་སྤྱོད་མ་ནག་མོ་ཆེས་འཁྲུགས་པ། སྙིང་གར་གྷུ། ཨོཾ་གྷུ་སྭཱཧཱ། བསྙེན་པ་བྱས་ནས། རོ་རས་སམ་མིའི་ལྤགས་པ་ལ་རིམས་ཀྱི་འདེབས་པའི་སྐབས་དང་མཚུངས་པར་འཁོར་ལོ་འདྲི་བ་ལས། བུཾ་གྱི་དོད་དུ་གྷུ་བྲིས། དེ་ཉིད་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང༌། མི་རོ་བསྲེགས་པའི་ཐལ་བ་བསྲེས་ནས། གཟུགས་བརྙན་བྱས་ཏེ་སྙིང་གར་བཅུག།དུག་དང་ཁྲག་དང་ཚེར་མ་རྣོན་པོས་བཏབ། རོ་སྐྲའི་དཀྲིས་ཏེ་འབྲུབ་ཁུང་དུ་བཞག །མངོན་སྤྱོད་ཀྱི་བྱ་བ་སྤྱི་དང་འདྲ་བར་བྱས་ནས། ཨོཾ་གྷུ་ཆྒཻ་མོ་མཱ་ར་ཡ་གྷུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་དྲག་པོའི་རྫས་ཀྱིས་ཡང་ཡང་བྲབ། ཁུགས་པ་དང་བྲལ་བའི་མཚན་མ་གསལ་པོར་མཐོང་ན། རྡོ་རྗེ་མེ་ཁབ་ཀྱི་སྦྱོར་བ་དང་བཅས་ཏེ་དྲག་ཏུ་བཟླས་པས་གསོད་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ན་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ། དུར་ཁྲོད་དུ་སྦས་ན་འགྲུབ་བོ། །འཁོར་ལོ་འདི་ནི་ཆར་འབེབས་པ་དང༌། རིམས་ཀྱིས་འདེབས་པ་དང༌། རབ་ཏུ་མྱོས་ལ་


TNT11_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བ་རྣམས་ལའང་སྦྱར་བར་བྱའོ། །དེ་བཞིན་དུ། ཀུ་རུ་ཀུལླེ་སྒྲུབ་པ་ཡང་ཚད་མེད་བཞི་དང༌། སྟོང་པ་དང་བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས། གོང་ཧེ་རུ་ཀ་གསུམ་གྱི་སྐབས་སུ་བཤད་པའི་ཆོ་ག་དེ་ཉིད་སྦྱར་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཞེས་བསྙེན་པ་བྱས་ནས། འཁོར་ལོའི་ལྟེ་བར་ཧྲཱིཿཆྒཻ་མོ་ཨཱ་ཀརྵ་ཡ་ཧྲཱི་ཛཿ འདབ་མ་བརྒྱད་ལ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། འཁོར་ཡུག་ཏུ་ཧྲཱིཿཛཱས་བསྐོར་བ་བྲིས་ལ། དབང་དང་དགུག་པའི་སྐབས་སུ་བཤད་པ་བཞིན་དུ་སྒྲུབས་ན། དེ་དག་ཐོགས་པ་མེད་པར་འགྲུབ་ཅིང༌། འདི་ནི་ལས་ཐམས་ཅད་བྱེད་པའང་ཡིན་ནོ། །གྲོང་ཁྱེར་བསྐྱེད་པའི་འཁོར་ལོ་ནི། འཁོར་ལོའི་ལྟེ་བ་ལ་སྤེལ་ཚིག་མིང་ཡིག་དང་བཅས་པ་བྲིས། འདབ་བརྒྱད་ཀྱི་ཡི་གེ་བརྒྱད་ལ། སྤེལ་ཚིགས་རེ་རེས་བསྐོར་བ་དང༌། ལྟེ་བའི་མཐའ་སྐོར་དུ་རྣལ་འབྱོར་མའི་སྔགས་ཕྲེང་དང༌། མུ་ཁྱུད་དང་པོ་ལ་རྩ་སྔགས། གཉིས་པ་ལ་ཨཱ་ལི། གསུམ་པ་ལ་ཀཱ་ལི། བཞི་པ་ལ་བསྐུལ་སྔགས་ཀྱིས་བསྐོར་བ་བྲིས། དེ་ཉིད་མང་པོར་བྱས་ལ། རབ་ཏུ་བརྩེགས་པ་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཅུག་ལ། བསྐྲོད་པའམ་དབྱེ་བའི་ཚུལ་གྱིས་སྒྲུབས་ན། གྲོང་བསྐྲོད་པ་དང་གྲོང་འཐབ་པར་འགྱུར་རོ། །གཞན་ཡང་འཁོར་ལོ་འདིས་ལས་ཐམས་ཅད་སྒྲུབ་པར་བཤད་དེ། དེས་ན་གོང་དུ་བཤད་པའི་ལས་བདུན་དང༌། ཀུ་རུ་ཀུལླེ་དང༌། འདི་སྟེ་དགུ་པོ་འདི་ནི་རྣལ་འབྱོར་མའི་ལས་གཙོ་བོ་ཆེ་བ་ཡིན་ནོ། །ཆར་འབེབས་གཅོད་གཉིས། རྡོ་རྗེ་གྲི་གུག་གི་སྦྱོར་བ། ཉི་ཟླ་མནན་པ། རིམས་ཀྱིས་འདེབས་པ་རྣམས་ཧེ་རུ་ཀའི་ལས་གཙོ་ཆེ་ཞིང༌། ལྷག་མ་རྣམས་ཆ་མཉམ་པའོ། །ལས་འདི་ཀུན་ཡང་སྦྱིན་བསྲེག་དང་གཏོར་མས་ལས་ཀྱི་


TNT11_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱེད་པ་མང་ལ། སྦྱིན་བསྲེག་ལས་རིགས་དང་བསྟུན་ཅིང༌། གཏོར་མའི་ཆོ་ག་གོང་དུ་བཤད་པའི་གཏོར་མ་ཆེན་པོས་ཀྱང་སྒྲུབ་དགོས་ལ། སོ་སོའི་བསྙེན་པའི་སྐབས་སུ་ནི་བསྡུས་པ་སྟེ། འཇིག་རྟེན་འདས་པ་ལ་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་དང༌། འཇིག་རྟེན་པ་རྣམས་ལ་ཨ་ཀཱ་རོའི་སྔགས་ཉེར་གཅིག་གིས་འབུལ་བ་ཡིན་ནོ།། ཅི་སྟེ་ལས་ཀྱི་ལྷ་རྣམས་སྙིང་གར་སྒོམ་པ་ལ་མི་མོས་ན་མདུན་དུའོ། །ལས་ཚོགས་ཀྱི་སྐབས་ཏེ་ཉི་ཤུ་རྩ་གཅིག་པའོ།། །།ད་ནི་རྣལ་འབྱོར་འགྲུབ་པའི་རིམ་པ་བཤད་པར་བྱ་སྟེ། དང་པོ་སློབ་དཔོན་དང་སློབ་མའི་མཚན་ཉིད་ཤེས་པས་དབང་བསྐུར་བ་ཐོབ་པར་བྱའོ། །དེས་ནི་རྟག་ཏུ་དམ་ཚིག་ལ་གནས་དགོས་པས་དམ་ཚིག་གི་རིམ་པ་དང༌། དེ་ནས་བསྐྱེད་རིམ་དང༌། བཟླས་པ་དང༌། སྟོང་པའི་དེ་ཁོ་ན་ཉིད་བསྒོམ་པར་བྱེད་དགོས་ལ། དེ་དག་ཅུང་ཟད་བརྟན་པ་རྣམས་ཀྱིས། ལས་བཞི་སོགས་ཐོགས་པ་མེད་པར་འགྲུབ་ཅིང༌། ཉི་ཟླ་གནོན་པ་སོགས་སྒྱུ་འཕྲུལ་གྱི་རིག་སྔགས་རྣམས་ཀྱང་རིམ་གྱིས་འགྲུབ་བོ། །གལ་ཏེ་འདིར་སྤྱོད་པ་སྤྱད་ན་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་ཅིང༌། སྐྱེ་བ་བདུན་པའི་དམ་ཚིག་ལ་སོགས་པས་ཀྱང་འགྲུབ་པ་ཡོད་ལ། འོན་ཀྱང་དངོས་གྲུབ་མཆོག་ཚེ་འདི་ཉིད་ལ་སྒྲུབ་པར་འདོད་པ་རྣམས་ཀྱིས་ནི། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ན་ནི་ལེགས། མ་ཐོབ་ཀྱང་རིམ་གཉིས་ལྷན་ཅིག་ཏུ་བསྒོམས་པས། བརྟན་པ་ཡང་ལྷན་ཅིག་ཐོབ་པ་ཡོད་དེ། དེ་ལ་དང་པོར་རླུང་གི་རྣལ་འབྱོར་གྱིས་ལུས་སྦྱངས་བར་བྱ་ཞིང༌། ཕྱི་ནས་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་བརྟེན་ཏེ་སྒོམ་པས། མྱུར་དུ་དྲོད་ཐོབ་པར་འགྱུར་ལ། དེ་ནས་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་ན། སྤྱོད་པ་སྤྱད་དགོས་


TNT11_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ཡང་དང་པོར་ཟླ་བ་གཅིག་ཀུན་འདར་གསང་སྟེ་སྤྱོད་པ་སྤྱད་པས། ཡེ་ཤེས་འཕེལ་བར་གྱུར་ན་ནི། རང་གི་ནུས་པས་བཀུག་པའམ། སྦྱང་བ་ལས་བྱུང་བའམ། ལུང་བསྟན་པ་ལས་ཐོབ་པའི་གྲུབ་པའི་ཕྱག་རྒྱ་ཡང་རྙེད་པར་འགྱུར་ལ། དེ་ནས་ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་ནི། བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས། རང་བྱིན་གྱིས་རླབས་པའི་སྤྱོད་པར་གསུངས་པ་བཞིན་སྤྱད་དོ། །དེའི་ཚེ་གཞན་དོན་སྤྱོད་པའི་ནུས་པ་མཆོག་དང་ལྡན་པར་འགྱུར་ན། ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་དེ། ཧེ་རུ་ཀའི་ཆས་སུ་ཞུགས་ཤིང་གྲུབ་པའི་ཕྱག་རྒྱ་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔས་རྩེན་པར་བྱེད་པ་ནི། བརྟག་པ་དང་པོའི་ལེའུ་དྲུག་པར་བཤད་པ་བཞིན་ནོ། །དེའི་ཞིང་རྣམས་སུ་ཡོངས་སུ་རྒྱུ་བས། ནང་གི་རྩ་རྣམས་རབ་ཏུ་དག་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །སྤྱོད་པ་དེ་དག་གི་གནས་སྐབས་སུ་སྤྲོས་བཅས་ཀྱི་སྤྱོད་པ་ལ་མོས་པ་རྣམས་ནི། ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་དེ། རྒྱུད་གཞན་ལས་ཀྱང༌། ཉིན་རེའམ་ཟླ་བ་རེ་རེའམ། །དེ་བཞིན་ལོ་ནི་རེ་རེར་ཡང༌། །ཇི་བཞིན་ཆོ་གས་བྱིན་རླབས་ནས། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དུར་ཁྲོད་ལ་སོགས་པའི་གནས་སུ། དུར་ཁྲོད་ཀྱི་རས་ལ་པད་ཉིའི་གདན་བྲིས་པའམ། སྟག་ལྤགས་སམ། མི་རོའི་གདན་ནམ་གཟུགས་བརྙན་ལྷ་གྲངས་དང་མཉམ་ཞིང༌། འགོད་ཚུལ་མཐུན་པར་བཤམས། དེ་ཡང་རྒྱས་པ་སྒྲུབ་པ་པོ་ཧེ་རུ་ཀ་དང༌། ཕྱག་རྒྱ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དང༌། འབྲིང་བོ་ནི་རིག་མ་དགུའི་དཀྱིལ་འཁོར་དང༌། རིག་མ་བརྒྱད་


TNT11_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་ཡིན་ལ། བསྡུས་པ་ནི་རྡོ་རྗེ་གུར་ལས་ལྷ་ལྔ་མ་ཡང་གསུངས་པ་དང༌། དངོས་སུ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ཡང་སློབ་དཔོན་རྣམས་འདོད་པ་ལྟར་འབྱུང་ངོ༌། །དེ་ལ་ངོ་བོ་ནི་ཚོགས་ཀྱི་འཁོར་ལོའི་བྱ་བ་ཡིན་ལ། བསྐྱེད་རིམ་གྱི་སྤྱོད་པ་ཡིན་ན་ནི་སྒོམ་པའི་རིམ་པ་ཡང་བསྐྱེད་རིམ་གྱི་སྒྲུབ་ཐབས་བཞིན་ཡིན་ལ། རྫོགས་པའི་རིམ་པའི་སྤྱོད་པ་ལ་ནི། བདེ་བ་དམ་པ་ལྷ་སྐུར་རང་ཤར་བའི་འཁོར་ལོ་སྒོམ་པ་ཉིད་དོ། །འདི་ནི་གཙོ་བོར་ཀུན་ཏུ་བཟང་པོའི་སྤྱོད་པའི་སྐབས་སུ་བྱེད་པ་མང་ངོ༌། །ཅི་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆུང་དུ་ཐོབ་ན་ནི། འཕགས་པར་གྱུར་པ་ཡིན་ལ། དེ་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྤྱད་པས། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་ནས་གོང་དུ་གྱུར་པ་ལས། འཕགས་པའི་ས་རྣམས་བགྲོད་དེ་དཔལ་རྡོ་རྗེ་འཛིན་པའི་སྐུར་འགྱུར་རོ། །དེ་ལྟར་ཐོབ་པའི་རྒྱུ་མཚན་ཡང༌། རང་བཞིན་གྱི་འོད་གསལ་བའི་སེམས། དེ་བཞིན་ཉྀད་སྤྲོས་པ་དང་བྲལ་བའི་དག་པ་དང༌། ལྷ་སོ་སོའི་དཀྱིལ་འཁོར་འཁོར་ལོའི་དག་པ། རང་རིག་པ་བདེ་བ་ཆེན་པོའི་དག་པས། རང་བཞིན་རྣམ་པར་དག་པ་ཡིན་པའི་ཕྱིར། ལམ་རྣམ་པ་གསུམ་སྒོམ་པས་དག་པ་གསུམ་པོ་རེ་རེར་ཡང༌། གློ་བུར་གྱི་དྲི་མ་བྲལ་ཏེ་དག་པ་གཉིས་ལྡན་དུ་འགྱུར་རོ། །དེ་ཡང་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པ་དེ་ཡང༌། རིགས་ལྔ་དང་ཕུང་པོ་ལྔ་དང་ཁམས་ལྔ་ལ་སོགས་པའི་དབྱེ་བས་སྟོང་བ་ཆེན་པོ་ལྔའམ། བདེ་བ་ཆེན་པོ་ལྔ་ཞེས་རྣམ་པར་བཞག་པ་བྱས་སོ། །གདོད་མ་ནས་སངས་རྒྱས་ལྔའམ་དྲུག་གི་ངོ་བོར་གནས་པ་དེ། ལམ་ཡང་དེ་ལྟར་བསྒོམ་པས། འབྲས་བུ་ཡང་རིགས་ལྔ་ཐོབ་པ་ཡིན་ལ། གདོད་ནས་སྐུ་བཞིར་གནས་


TNT11_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ལམ་རྣམ་པ་བཞི་སྒོམ་པས། འབྲས་བུ་ཡང་སྐུ་བཞི་མངོན་དུ་འགྱུར་རོ། །དེ་ལ་འབྲས་བུ་ནི། རྡོ་རྗེ་སེམས་དཔའ་ཆོས་སྐུ་དང༌། སེམས་དཔའ་ཆེན་པོ་ལོངས་སྐུ་དང༌། དམ་ཚིག་སེམས་དཔའ་སྤྲུལ་སྐུ་དང༌། དགྱེས་པ་རྡོ་རྗེ་བདེ་བ་ཆེན་པོའི་སྐུའོ། །གཞན་ཡང་རིགས་ལྔ་ནས་རིགས་བགྲང་བ་ལས་འདས་པའི་བར་དུ་ཡོངས་སུ་སྟོན་པར་བྱེད་དོ། །རྣལ་འབྱོར་ལམ་གྱི་རིམ་པའི་སྐབས་ཏེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ལྟར་ན་གཙོ་ཆེ་བའི་དོན་རྣམས་བསྟན་ཟིན་ཏེ། ད་ནི་སྔར་བཤད་པ་རྣམས་སུ་ཉེ་བར་མཁོ་བའི་བསྟོད་པས་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པ་ནི་འདི་ཡིན་ཏེ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ། །བདག་མེད་མས་ནི་མགུལ་ལ་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོའི་སྟེང་ན་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །གནག་པ་དེ་ལ་གུས་ཕྱག་འཚལ། །གླང་བོ་རྟ་བོང་གླང་རྔ་མོང༌། །མི་དང་ཤ་ར་བྷ་བྱི་ལ། །སྐྱེས་པ་ཁྱི་དང་མ་ཧེ་ཅན། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ཞབས་


TNT11_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་དང་སྔོ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡིས་བདག་ཉིད་མཛེས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔ་ཡིས་ཡང་དག་བརྒྱན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན།། དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། ཁ་དོག་གནག་ཅིང་གཡོན་པ་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་སྐྱེས་པའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་བསྣམས་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་ཁུ་གྷཾ་ལས་བྱུང་བ་ཡི། །ཕྱག་ན་སྦྲུལ་དང་ཐོད་པས་སྦྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཅིང་པཾ་ལས་བྱུང༌། །གཡོན་པ་དགྲ་སྟ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོ་ལ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང༌། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་ན་གསིལ་


TNT11_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཡས་པ་ཡིས། །དགེ་སློང་འཛིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །སྲིན་པོར་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོང་གཤོལ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་མནན་ཁྱོད་ལའོ། །ཌཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐགས་བཟང་རིགས་སྟེང་གཤེགས། །ཕྱག་གཡོན་སྡིགས་མཛུབ་གཡས་རྡོ་རྗེ། །སྣ་ཚོགས་མདོག་ལ་ཕྱག་འཚལ་ལོ། །དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པའི། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་འདི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་ཕྱག་ན་བཟུང་བ་ཡི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱི་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལས་འདི་དག་ཐམས་ཅད་མ་ལུས་པའི། །ཞི་བའི་བདེ་སྩོལ་རིག་མར་བསྡུད་བྱེད་པའི། །ཤེས་རབ་ཆགས་པས་བདུད་རྩིའི་རོ་ཉིད་ཀྱི། །གནས་སུ་ཞི་མཛད་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་དགྱེས་རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་


TNT11_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག །ཅེས་པ་འདི་ནི་གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་སྟེ། ད་ལྟར་བྱེད་པ་དང་སྦྱར་ན། སྐྱེས་པ་ཁྱི་དང་མ་ཧེ་ཅན། །ཞེས་པ། མི་དང་རྐང་བརྒྱད་བྱི་ལ་སྟེ། །ཞེས་དང༌། སྲིན་པོར་ཙཾ་ལས་བྱུང་བ་ཡི། །ཞེས་པ། སྲིན་པོར་ལཾ་ལས་བྱུང་པ་ཡི། །ཞེས་འདོན་པ་བསྒྱུར་ན་ལེགས་སོ། །བདག་མེད་མའི་དཀྱིལ་འཁོར་ལ་བསྟོད་པ་ནི། ཤེས་རབ་ཕ་རོལ་ཕྱིན་མ་མཆོག །ལྷ་མོའི་ཚུལ་གྱིས་འགྲོ་བ་སྒྲོལ། །ལྷ་ཅིག་སྐྱེས་མའི་བདེ་རྒྱས་མ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཞེ་སྡང་རྣམ་དག་གསལ་བའི་དངོས། །རྣམ་ཤེས་ཕུང་པོ་རྣམ་དག་པའི། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །བདག་མེད་རྣལ་འབྱོར་མ་ལ་འདུད། །གཟུགས་ཕུང་གཏི་མུག་དག་པའི་ལྷ། །མེ་ལོང་ཡེ་ཤེས་རྡོ་རྗེ་མ། །ཚོར་པ་སེར་སྣ་དག་པའི་ལྷ། །མཉམ་ཉིད་གསང་བའི་གཽ་རཱིར་འདུད། །འདུ་ཤེས་འདོད་ཆགས་དག་པའི་ལྷ། །སོར་རྟོག་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་ཕྲག་དོག་དག་པའི་ལྷ། །བྱ་སྒྲུབ་རྡོ་རྗེ་མཁའ་འགྲོར་འདུད། །ས་ཁམས་ཡེ་ཤེས་བྱམས་པ་ཆེ། །པུཀྐ་སཱི་ལ་ཕྱག་འཚལ་ལོ། །ཆུ་ཁམས་ཡེ་ཤེས་སྙིང་རྗེ་ཆེ། །ཤཱ་བཱ་རཱི་ལ་ཕྱག་འཚལ་ལོ། །མེ་ཁམས་ཡེ་ཤེས་དགའ་བ་ཆེ། །ཙཎྜ་ལཱི་ལ་ཕྱག་འཚལ་ལོ། །རླུང་ཁམས་ཡེ་ཤེས་བཏང་སྙོམས་ཆེ། །ཌོམྦི་ནཱི་ལ་ཕྱག་འཚལ་ལོ། །རྣམ་དག་རྡོ་རྗེ་དོན་དམ་གཟུགས། །ལྷ་མོ་གཽ་རཱི་ལ་ཕྱག་འཚལ། །རྣམ་


TNT11_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྡོ་རྗེ་དོན་དམ་སྒྲ། །ལྷ་མོ་ཙཽ་རཱི་ལ་ཕྱག་འཚལ། །རྣམ་དག་རྡོ་རྗེ་དོན་མ་དྲི། །ལྷ་མོ་རོ་ལངས་མར་ཕྱག་འཚལ། །རྣམ་དག་རྡོ་རྗེ་དོན་དམ་རོ། །ལྷ་མོ་གྷསྨ་རིར་ཕྱག་འཚལ། །དོན་དམ་སྲིད་པ་རྡོ་རྗེའི་རེག །ས་སྤྱོད་མ་ལ་ཕྱག་འཚལ་བསྟོད། །དོན་དམ་ཞི་བ་ཆོས་ཀྱི་ཁམས། །མཁའ་སྤྱོད་མ་ལ་ཕྱག་འཚལ་བསྟོད། །བདེ་ཆེན་བདུད་རྩི་ལྔ་ཡི་དངོས། །བུམ་པ་བཞི་ལ་ཕྱག་འཚལ་ལོ། །དངོས་གྲུབ་བརྒྱད་པོ་རྣམ་དག་པའི། །བཀྲ་ཤིས་བུམ་པ་བརྒྱད་ལ་འདུད། །བྱང་ཆུབ་ཕྱོགས་མཐུན་རྣམ་དག་པ། །གཞལ་མེད་ཁང་ལ་གུས་པའི་བསྟོད། །བདུད་རྣམས་མ་ལུས་བཅོམ་པའི་དངོས། །བསྲུང་བའི་འཁོར་ལོ་ལ་ཕྱག་འཚལ། །མ་མོ་འདུས་པ་ཉམས་དགའི་གནས། །དུར་ཁྲོད་གནས་པ་རྣམས་ལ་བསྟོད། །བསྟོད་པའི་དགེ་བས་འགྲོ་བ་ཀུན། །རྣལ་འབྱོར་མ་གཙོ་ཐོབ་པར་ཤོག །ཅེས་པའོ། །ཧེ་རུ་ཀ་གཞན་གསུམ་ལ་བསྟོད་པར་འདོད་ན། གོང་དུ་བཤད་པ་ལས་བསྡུ་བར་བྱ་སྟེ། ཐམས་ཅད་དངོས་པོའི་སོགས་ཚིགས་བཅད་གཅིག །ས་ཁམས་ཡེ་ཤེས་སོགས་ཤླཽ་ཀ་བཞི། ཕུང་པོ་ཁམས་ནི་སོགས་གཅིག །གང་ཞིག་ཉི་ཟླ་སོགས་གསུམ་བྱས་པས་ལེགས་པར་འགྲུབ་བོ། །བསྟོད་པའི་སྐབས་ཏེ་ཉི་ཤུ་རྩ་གསུམ་པའོ།། །།འདིར་སྨྲས་པ། རྒྱུད་སྡེ་ཀུན་གྱི་ཟབ་མོའི་མཐར་ཐུག་པ། །སྙིང་པོའི་དོན་སྟོན་དགྱེས་པ་རྡོ་རྗེ་ཡི། །དོན་གྱི་སྙིང་པོ་ལག་ལེན་ཆོ་གར་བཅས། །སྨྲ་བ་འདི་ཡང་བླ་མ་མཆོག་གི་དྲིན། །


TNT11_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འདོད་མང་པོའི་རྗེས་སུ་འདི་མ་འབྲངས། །གང་བའི་རྡོ་རྗེ་ཞེས་བྱའི་སློབ་དཔོན་ནི། །རྡོ་རྗེ་འཆང་མཚུངས་དེ་ཡི་རིམ་པ་རྣམས། །རྒྱུད་དོན་དངོས་ལ་འབྱོར་ཕྱིར་ལྷག་པར་དང༌། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདི་རུ། །སྔོན་བྱོན་གྲུབ་ཐོབ་རྣམས་ཀྱི་དགོངས་པའང་འདི། །འོན་ཀྱང་རྟོག་གེའི་རྗེས་འབྲངས་མཁས་གྲགས་ཅན། །ཕྱི་རབ་མུ་ཅོར་སྨྲ་རྣམས་འབྲས་མེད་ཤེས། །བློ་ལྡན་རྣམས་ཀྱིས་བདེ་བླག་རྟོགས་པའི་ཕྱིར། །འདུས་གསལ་ཚང་ལ་གོ་བདེ་དོན་བཟང་ཞིང༌། །ངག་འདོན་བདེ་འདི་གུས་ལྡན་དོན་ཕྱིར་བཀོད། །རྒྱུད་ཀྱི་དོན་འགྲེལ་འདིས་ནི་དགེ་ལེགས་འགྱུར།། ཞེས་པ་དགྱེས་པའི་རྡོ་རྗེའི་ལག་ལེན་གསལ་བར་བྱེད་པ། དཔལ་ཧེ་རུ་ཀ་དགྱེས་པར་བྱེད་པ་ཞེས་བྱ་བ་འདི་ནི། སྐལ་ལྡན་འཕྲིན་ལས་དབང་མོ་སོགས་སྙིང་པོ་ལ་མོས་པའི་དོན་གཉེར་འགས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ་ནགས་རྒྱལ་གྱི་དབེན་གནས་སུའོ།། །།མངྒ་ལཾ། འདི་ལ་ལྷ་སྟ་གོན་ནས་བརྩམས་ཏེ། དབུགས་དབྱུང་གཟེངསབསྟོད་ལ་སོགས་པ་འགའ་ཞིག་མ་གཏོགས། སློབ་དཔོན་ནག་པོ་སྤྱོད་པའི་ཞབས་ཀྱི་ལུགས་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་བདེ་བ་ཆེན་པོའི་ཆར་ཡང་བཞིན་མཛད་པས་ཁ་འགེངས་པ་མན་ངག་ཡིན་ནོ། །མ་མ་བི་ཛ་ཡསྟུ།


TNT11_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousདགྱེས་པ་རྡོ་རྗེའི་ལག་ལེན་གསལ་བར་བྱེད་པ་དཔལ་ཧེ་རུ་ཀ་དགྱེས་པ།next