Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས།
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས།next

ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས།


TNT11_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས་བཞུགས། ན་མོ་ཧེ་བཛྲ་ཌཱ་ཀཱ་ཡ། འདིར་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་གང་ཟག་འགའ་ཞིག་ལ་ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས་བྱ་བར་འདོད་ན། རང་བདག་བསྐྱེད་སྒོམ་ཚུལ་ཟུར་དུ་གསལ་བ་བཞིན་སྒོམ་བཟླས་བྱས་ནས། རྫོགས་རིམ་གྱི་དམིགས་པ་ལ་རིང་དུ་མཉམ་པར་འཇོག དེ་ནས་མདུན་དུ་མཆོད་པའི་རྟེན་ཧེ་རུ་ཀའི་སྐུ་བརྙན་ནམ། མ་རྙེད་ན། དྲི་བཟང་གི་ཐིག་ལེ་བཀོད་ཀྱང་རུང་སྟེ།


TNT11_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མདུན་དུ་གཏོར་མ། མཐའ་སྐོར་དུ་མཆོད་པ་རྣམ་ལྔ་ཆུ་བཞི་དང་བཅས་པ། དེའི་ཕྱི་རོལ་གྱི་མདུན་དུ་དབང་གི་ཆུ། རྒྱབ་ཏུ་དག་བྱེད་ཀྱི་ཆུ་སྣོད། གཡོན་དུ་ཆང་སྣོད་བཅུད་ཀྱིས་གང་བ༌། སའི་མཐིལ་དུ་བྷེ་ར་བ་མཆོད་པའི་གཏོར་མ་གཉིས། རྭའམ། བྱ་ནག་མོའི་གཟུགས་བག་ཟན་ལ་བཅོས་པའི་ནང་ཁྲག་བཙོས་པ་དང་མ་བཙོས་པའི་བཀང་བ་གཉིས། མ་དཱ་ན་དང༌། རཀྟའི་ཨརྒྷཾ་དང་བཅས་པ་བཤམས་ལ། ཨོཾ་གྷཾ་བཛྲ་གྷསྨ་རཱི་ཧཱུཾ་ཕཊ། ཅེས་པས་བསངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། དགྱེས་པ་རྡོ་རྗེ་ལྷ་བཅུ་བདུན་ནམ། དྲག་པོ་གདན་ཅན་ལྷ་དགུའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གཽ་རཱི་ཨ་ཀརྵ་ཡ་ཛཿ ཞེས་སོགས་ཀྱིས་དགུག་གཞུག་བཅིངས་མཉེས་པས་རྟེན་དང་གཉིས་སུ་མེད་པར་ཐིམ། དེ་ནས་མཆོད་པ་དང་གཏོར་མ་རྣམས། སྟོང་པའི་ངང་ལས། ཧ་ཧོ་ཧྲཱིཿལས་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ དེ་ནས། ཨོཾ་ནཻ་རི་ཏེ་ཧཱུཾ་ཁཾ་ཞེས་སོགས་ཀྱི་མཆོད་པ་དང༌། ཨ་ཀཱ་རོའི་སྔགས་དང༌། ཕྱག་རྒྱས་གཏོར་མ་ཕུལ། ཡང་ཡི་གེ་འབྲུ་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་བཀུག་སྟེ། ཨོཾ་ཨིནྡྲ་སོགས་ཀྱིས་ཕུལ། འདོད་པའི་དོན་སྒྲུབ་པར་གསོལ་བ་བཏབ། དེ་ནས་དབང་གི་ཆུ་དང༌། དག་བྱེད་ཀྱི་


TNT11_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་རྩ་བའི་སྔགས་ལན་བཞི་བརྒྱར་བཟླས་ལ། ཕཻེཾ་ལན་བརྒྱད་ཀྱི་ང་རོ་སྟངས་སྟབས་དང་བཅས་ཏེ་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མྱོས་བྱེད་ལ་ཕོག་པས། དྲི་མ་ཐམས་ཅད་སྦྱངས། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས། བདུད་རྩིའི་རང་བཞིན་དུ་རྟོགས། རང་གི་སྙིང་གའི་འོད་ཀྱིས་སངས་རྒྱས་ཐམས་ཅད་བདུད་རྩིར་སྤྱན་དྲངས་ཏེ་སྟིམས་པས། རྒྱ་ཆེར་སྤེལ་བར་བསམ་ནས་ཕཻེཾ་སྒྲ་དྲག་པོ་བརྒྱ་རྩ་ཙམ་དང༌། ཧཱུཾ་གི་སྣ་གླུ་དང༌། ཁ་དང་ལྐོག་མར་ཉེད་པ་ལན་བརྒྱ་ཙམ་བྱས་རྗེས། ཅུང་ཟད་མཉམ་པར་བཞག།དེ་ནས་བྷཻ་ར་བ་མ་མོ་དང་བཅས་པར་གཏོར་མ་འབུལ་བ་ནི། ཁྲག་གམ། ཁྲག་ཏུ་བརྫུས་པས་ས་རྗེན་ལ། ཆག་ཆག་བཏབ། ཨོཾ་བི་མ་ལ་བཛྲ་བྷུ་མི། གུར་གུམ། ཙནྡན་དམར་པོ། ཁྲག་ཆེན་རྣམས་བསྲེས་པས་རྐྱང་ནུལ་བྱས་ལ། བཛྲ་པུཥྟཾ་ཀུ་རུ། དེ་ནས་མེ་ཏོག་ནག་པོའམ། འབྲུ་ནག་པོ་བླངས་ལ། དབུས་དང་ཕྱོགས་མཚམས་བརྒྱད་དུ་ཚོམ་བུ་འགོད་ཅིང༌། མཧཱ་བྷཻ་ར་བ་ཨཱ་ཡ་ན་མཿ སིདྡྷ་པ་ཎ་བྷཻ་ར་བ༴ སྭ་ན་རི༴ ཤྱ་རི༴ ཀ་པི་ལ༴ བི་ཀ་ཊ༴ ཀཱ་ལ༴ མཧཱ་ཡོ་ག༴ དེ་ནས་ཁྲག་གི་ཐིག་ལེ་ཕྱོགས་མཚམས་བརྒྱད་དུ་བྱས་ལ། པྲཧྨི༴ རཽ་དྲཱི༴ ཀཽ་མ་རཱི༴ ན་ར་ཡ་ཎཱི༴ ཝཱ་རཱ་ཧཱི༴ བཛྲ་ཧསྟེ༴ ཀཱ་ལ་རཱ་ཏྲཱི༴ ཙ་མཱུནྚི་ཨཱ་ཡ་ན་མཿ ཞེས་བརྗོད་པས། འཇིགས་བྱེད་དགུ། མ་མོ་བརྒྱད་དང་བཅས་པ་བཞུགས་པར་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་བྷཻ་ར་བ་


TNT11_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་བརྒྱད་དང་བཅས་པ་སྤྱན་དྲངས། ཨོཾ་ཨ་ཀརྵ་ཎི་ཧཱུཾ་ཕཊ། བྷྱཿབརྟ་ལཱི་གཉིས་ཚེཿཞེས་པས་འཁོད་པར་གྱུར་པ་ནི། དབུས་སུ་བྷཻ་ར་བ་ལག་པ་བཅུ་གར་བྱེད་པ། ཁ་ཊྭཱཾ་ག །ཐོད་ཁྲག གྲི་གུག ཌཱ་མ་རུ། རྩེ་གསུམ་བསྣམས་པ། ཕྱག་ལྷག་མ་རྣམས་གྲི་རྒུ་པོ་དང༌། ཆང་སྣོད་འཛིན་པ། འཇིགས་བྱེད་བརྒྱད་པོ་གྲི་གུག་དང༌། ཆང་སྣོད་བསྣམས་པ། ཐམས་ཅད་ཀྱང་བྱིས་པའི་གཟུགས་ཅན་ཁྲོ་ཞིང་གཏུམ་པས་ཤ་ཁྲག་ལ་དགྱེས་པ། མ་མོ་བརྒྱད་པོ་རྣམས་རྩེ་གསུམ་དང་ཐོད་ཁྲག་འཛིན་པ། རུས་པའི་རྒྱན་ཅན་སྐྲ་གྲོལ་བ། ཐམས་ཅད་ཀྱང་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེ་ནས་མཆོད་གཏོར་ཡི་གེ་འབྲུ་གསུམ་གྱིས་བདུད་རྩིར་ལྟས་ལ། ཁ་ཁ་ཀྵི་ཞེས་སོགས་ཀྱིས་གཏོར་མ་ཕུལ། མ་དཱ་ན་དང༌། དམར་གྱི་ཨརྒ་ལྷ་སོ་སོའི་མིང་དང་སྤེལ་ནས། ཨོཾ་མ་རཱ་ན་ཨརྒྷ་ན་མཿདང༌། ཨོཾ་མཧཱ་རཀྟ་ཨརྒ་ན་མཿཞེས་ཕུལ་ནས། གུ་གུལ་གྱིས་བདུག་པས་བདུག་ཅིང༌། བྷཻ་ར་བ་ཨཱ་ཡ་ན་མཿནས། བྷཻ་ར་པ་ཏི་རི་པ་ག་ཏིའི་བར་སྔགས་བརྒྱ་རྩ་དང༌། ཁ་ཁ་སོགས་བརྒྱ་བརྒྱ་བཟླ། དེ་ནས་བྱའམ་རའི་གཟུགས་ཀྱི་མགྲིན་པ་བཅད་པའི་ནང་གི་ཁྲག་གིས་གཏོར་ཞིང༌། དུམ་བུ་རྣམས་ལྷ་སོ་སོའི་གནས་སུ་བཞག་ལ། ཨོཾ་ཀི་ལི་སོགས་བཟླ། དེ་ནས་ལྷག་མའི་གཏོར་མ་ལ། མ་དཱ་ན་དང༌། ཁྲག་གི་ལྷག་མ་བླུག་ཅིང༌།


TNT11_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་གི་ཆུ་དང༌། མྱོས་བྱེད་ཀྱི་ཨརྒ་འགྲོ་ཕྱོགས་སུ་བསྒྲེང་བ་དང་བཅས། ཨོཾ་ཀུ་རུ་སོགས་དང༌། བྷྱཿསོགས་ཀྱི་སྔགས་ཀྱིས་པུཀྐ་སཱི་སྤྱན་དྲངས་ནས་མདུན་དུ་འཁོད་པ་ནི། སྐུ་མདོག་སེར་སྐྱ། ཕྱག་དང་པོ་གཉིས་ལྕགས་ཀྱུ་དང་ཞགས་པ། འོག་མ་གཉིས་མདའ་གཞུ། བོང་བུ་ལ་ཞོན་པ་སྒོམ་ནས། ཀཱི་ལི་སོགས་དང༌། ཨོཾ་བྷཀྵ་སོགས་ཀྱིས་བྱིན་གྱིས་རླབས་ནས། ཨ་ཀཱ་རོས་ཡུལ་ལ་འཕྲིན་ལས་བཅོལ་ཏེ། གཏོར་མ་བཞི་མདོར་དོར། དེ་ནས་སློབ་མ་གང་ཡིན་རང་གི་མདུན་དུ་བཞག་སྟེ། མཎྜལ་ལན་གཅིག་འབུལ་དུ་བཅུག་ལ། ཡང་མཎྜལ་བྱ་སྟེ། ཨོཾ་བཛྲ་བྷུ་མེ་སྭཧཱ། སྐྱོན་སྦྱངས། ཨོཾ་བཛྲ་སུ་རེ་ཁེ་ཧཱུཾ། རྐྱང་ནུལ་བྱ། དེའི་དབུས་སུ་ཧཱུ། སུ་མེ་རུ་མ་དྷེ་མ། ཡ་པཱུ་རྦི་དེ་ཧཿདཱི་པ། ར་ཛམྦུ་དཱི་པ་དཀྵི་ཎ། བ་གོ་དྭ་ནི་ཡ་པ་ཙི་མ་དྭི་པ། ལ་ཨུཏྟ་ར་ཀུ་རུ་དྭི་པ། ཡཾ་ཡཿདེ་ཧ་ཤྩ་བི་དེ་ཧཿརཾ་རཿ ཙ་མ་ར་ཤྩ་ཨ་པ་ར་ཙཱ་མ་རཿབཾ་བཿ ཤ་ཥཱ་ཤྩ་ཨུཏྟ་ར། མནྟི་ཎཿ ལཾ་ལཿཀུར་བཤྩ་ཀཽ་ར་བཱ། ཙནྡྲ་སཱུཪྱ་བྷུ་ཥི་ཏ་ཞེས་ཚོམ་བུ་བཀོད་ལ་ཕུལ་ནས། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །ཞེས་ལན་གསུམ་དུ་བསྟོད་ནས། བདག་གི་བདེ་བ་དང་སྡུག་བསྔལ་ཁྱོད་ཀྱིས་མཁྱེན་ནོ། །བདེ་ཡང་རུང༌། སྡུག་བསྔལ་ཡང་རུང༌།


TNT11_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལས་གཞན་མ་མཆིས་སོ། །ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག་པས། བརྟན་གཡོ་ཐམས་ཅད་འོད་གསལ་སྟོང་ཉིད་ཀྱི་ངང་དུ་སྦྱངས། ཤུ་ནྱ་ཏ་བརྗོད། སྟོང་པའི་ངང་ལས་ཨེ་ཝཾ་ནས། བཟླས་པའི་བར་སྒྲུབ་ཐབས་བཞིན་ལས། འདིར་ཁྱད་པར་ནི། ཐུགས་ཀར་ཡེ་ཤེས་སེམས་དཔའ་དཔའ་གཅིག་དང༌། ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་གིས་མཚན་པ་འགོད་པ་དང༌། དབང་བསྐུར་བའི་ཚེ་དབང་གི་ཆུ་བོས་སྤྱི་བོ་ནས་བླུགས་ཅིང་འཁྲུད་པ་དང༌། བཟླས་ལུང་གི་ཚེ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྔགས་ཕྲེང་གི་རྣམ་པར་སྤྱན་དྲངས། སློབ་མའི་སྙིང་གའི་ཧཱུཾ་ཡིག་ལ་བསྟིམ་པས། དེའི་རྐྱེན་གྱིས་ཉི་ཟླ་གའུ་ཁ་སྦྱོར་སོགས་གྲུབ་ནས་བཟླས་པའི་དམིགས་པ་བསྒོམ་དུ་བཅུག་ལ། རྩ་སྔགས་ལན་གཅིག་དང༌། སྙིང་པོ་ལན་གསུམ་རིག་བྱེད་ཀློག་པ་ལྟ་བུར་རྗེས་ཟློས་བྱེད་དུ་གཞུག་པ་རྣམས་ཡིན་ནོ། །དེ་ནས། དག་བྱེད་ཀྱི་ཆུ་ལ་མདུང་རྩེ་གསུམ་པའི་ཕྱག་རྒྱས་རེག་སྟེ། གཡས་སྐོར་དུ་ལན་གསུམ་བསྐོར་ནས། ཨོཾ་ཛ་ལ་ས་ཏྱཾ་སོགས་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། ཏྲུ་སྟ་གདྒེ་སོགས་ཀྱིས་ཁྲུས་བྱེད་དུ་གཞུགབི་བྷཱུ་ཏིའི་ཐལ་ཆེན་ཛ་བཱཎྟའི་


TNT11_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཆུ་ལ་སྦྱངས་ནས། ཨཱ་དེ་ཞེས་སོགས་ཀྱི་རྗེས་ཟློས་བྱེད་དུ་གཞུག་ཅིང༌། དེ་ནས་དཔྲལ་མགྲིན་སྙིང་ག་དཔུང་པ་འཁྲིག་མ་རྣམས་སུ། སོར་རིས་གསུམ་གྱིས་ཏྲི་མཎྜལ་ལ་བྱ། དེ་ནས་སྔར་བཞིན་བྷཻ་ར་བ་འཁོར་བཅས་ལ་གཏོར་མ་ཕུལ། ལྷག་གཏོར་བཏང༌། སློབ་མའི་རྒྱུད་ལ་ཕྱག་རྒྱ་བཞིའི་ཏིང་ངེ་འཛིན་སྐྱེ་བའི་བར་ཆད་བསྲུང་བ་དང༌། མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ། སློབ་མའི་ནང་གི་མཎྜལ་འབུལ་ཏེ་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ལག་ཏུ་བྱུང༌། དེའི་རང་ལུས་དུམ་བུར་བྱས་ནས་འགོད་པར་བྱ་སྟེ། ཧཱུཾ་མསྟཀ་སུ་མེ་རུ་ཡ་བཱ་མ་བཱད་བི་དེ་ཧ། རད་ཧི་ན་པཱ་ད་ཛམྦུ་དྭི་པ། བཤྩ་མ་དྭི་པ་ད་ཧི་ན་ཧསྟ། ལ་པཱ་མཧ་སྟ་ཀུ་རུ་ཨཏྟ་ར། ཤུ་ཀྲ་ཀུ་སུ་མ་ཙནྡྲ་སུཪྱ་བྷུ་ཥི་ཏཾ་ཞེས་སོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ་རྫོགས་རིམ་གྱི་དམིགས་པ་དང་པོ་ཕོག་ལ། མགོ་བོར་མེ་ཏོག་དང་བཅས་པའི་ལག་པ་བྱིན་ཏེ། ཨོཾ་ཙ་ཏུར་མུ་དྲ་སིདྡྷ་བྷཱ་ཝནྟུ་ཞེས་བརྗོད། དེ་ནས་སློབ་མས་ཡོན་དང་མཎྜལ་ཕུལ། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་ལྷ་ཉེ་བར་བསྡུས་ཏེ། ལས་རྗེས་མི་མངོན་པར་བྱས་ལ། ཅི་བདེ་བར་བྱ་བ་ནི་བྱིན་རླབས་ཀྱི་ཚུལ་ལོ།། །།ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོས་བརྗེད་བྱང་དུའོ། །མངྒ་ལཾ། །ཞུས་དག།


previousཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས།next