ཀྱཻ་རྡོ་རྗེའི་རྫོགས་རིམ་སྒྲོན་མ་གཅིག་པའི་ཁྲིད་ཡིག་ཡེ་ཤེས་རབ་གསལ།


TNT11_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་རྡོ་རྗེའི་རྫོགས་རིམ་སྒྲོན་མ་གཅིག་པའི་ཁྲིད་ཡིག་ཡེ་ཤེས་རབ་གསལ་བཞུགས། ན་མོ་བཛྲ་དྷཱ་རཱ་ཡ། བླ་མ་དང་ནི་ལྷག་པའི་ལྷ། །དབྱེར་མེད་འཇམ་པའི་དབྱངས་བཏུད་ནས། །དཔལ་ལྡན་དགྱེས་པ་རྡོ་རྗེ་ཡི། །མན་ངག་ལུང་བཞིན་བྲི་བར་བྱ། །འདིར་རྡོ་རྗེ་འཆང་ཆེན་པོའི་རྒྱུད་སྡེ་མཐའ་དག་གི་རབ་དང་ཕུལ་དུ་གྱུར་པ། དགྱེས་པ་རྡོ་རྗེའི་མན་ངག་ཟབ་མོ་སྒྲོན་མ་གཅིག་པ་སྒོམ་པར་འདོད་པས། ནན་ཏན་དུ་སྒྲུབ་པར་བྱ་བ་ནི་རིམ་པ་གཉིས་ཡིན་ལ། དེ་ལ་བསྐྱེད་པའི་རིམ་པ་པདྨ་བཛྲ་གྱིས་མཛད་པའི་སྒྲུབ་པའི་ཐབས་རྒྱས་པ་ལྟར་རམ། བསྡུ་ན་འདིར་ཐོད་པ་ཅན་སྒོམ་སྟེ་གཞན་རྣམས་ཕྱག་རྒྱ་བཞིའི་སྙིང་པོ་བཞིན་དུ་སྒྲུབས་ལ། དེ་ནས་རྫོགས་པའི་རིམ་པ་སྒོམ་པར་འདོད་པས། རྫོགས་རིམ་གྱི་རྟེན་དང་པོ་མི་ཕྱེད་རྡོ་རྗེའི་ཏིང་ངེ་འཛིན་ནི། རང་ཉིད་ལྷ་སྐུར་གསལ་ཙམ་ཉིད་ལ། རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང༌། དེ་བརྟན་ནས། རང་སེམས་ཀྱི་ངོ་བོ་རིག་ཙམ་ལ་མཉམ་པར་འཇོག་པ་གསུང་རྡོ་རྗེའི་དང༌། དེ་བརྟན་ནས། མདུན་གྱི་བར་སྣང་ལ་རྩེ་གཅིག་ཏུ་ལྟ་ཞིང་སྒོམ་པ་ཐུགས་རྡོ་རྗེའི་དང༌། དེ་རྣམས་བརྟན་པའི་མཐར། དམིགས་རྟེན་སྤངས་ནས་བསམ་མེད་དུ་མཉམ་པར་འཇོག་པ་མི་ཕྱེད་རྡོ་རྗེའི་རྣལ་འབྱོར་རོ། །དེ་ལྟར་འདོད་ན། སེམས་ཡུན་རིང་དུ་གནས་ལ། མི་འདོད་ན་ཅི་བདེར་ལྡང་ནུས་པ་ན། གཉིས་པ་སེམས་ཀྱི་འཁོར་ལོ་


TNT11_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ལྔ་པ་བསྒོམ་སྟེ། ཅི་ཡང་མི་བསམ་པ་དང༌། རིག་ཙམ་ལ་འཇོག་པ་དང༌། ཡུལ་སྣང་གི་ངོ་བོ་ལ་ཆེར་གྱིས་གཏོད་པ་དང༌། ཧེ་རུ་ཀའི་སྐུར་སྐད་ཅིག་ལ་གསལ་འདེབས་པ་གཅིག་མིན་དུ་མ་མིན་པའི་སྟོང་པ་ཉིད་དང་སྦྱོར་བ་དང༌། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་པ་སྟེ། ལྔ་པོ་དེ་རྣམས་འཁོར་ལོ་འཁོར་བ་ལྟར་ཡང་ཡང་བསྒོམ་པར་བྱའོ། །དེ་ནས་ཇི་ཞིག་ལྟར་ལ་སྐད་ཅིག་ཙམ་ལ་ཡང༌། ཡེ་ཤེས་རྣམ་པ་ལྔའི་ཏིང་ངེ་འཛིན་འདི་ལ་འཇུག་ཏུ་མ་ནུས་པ་དེའི་ཚེ། སེམས་ཀྱི་རྩལ་གང་དུ་ཡང་མ་འགགས་པར་འཆར་ཡང༌། ངོ་བོ་གང་དུ་ཡང་མ་གྲུབ་པའི་སྟོང་ངེ་བ་དེ་ལ་ཆེར་གྱིས་འཇོག་དེ་ལྟར་སྤེལ་ཞིང་སྒོམ་པས། བདེ་སྡུག་སོགས་གང་ཤར་ཡང་ཡེ་སྟོང་དུ་རྟོགས་ཤིང་བཟོད་པར་འགྱུར་ཏེ། དེའི་ཚེ་འདི་རྣམས་བརྟན་པ་ཡིན་ནོ། །ཏིང་ངེ་འཛིན་འདི་ལ་དང་པོར་སེམས་རྩུབ་པ་དག་བྱུང་ན་ལྷོད་དེ་མཉམ་པར་འཇོག་པ་མན་ངག་གོ །དེ་རྣམས་ལ་ལུས་གནད་ཅི་བདེ་བ་ཞིག་གིས་རུང་ལ། དེ་ནས་རྫོགས་རིམ་དངོས་ནི། སྔོན་འགྲོ་སྙིང་ག་དང༌། དབུ་མའི་མས་སྣར་གནད་དུ་བསྣུན་པ་གཉིས་དང༌། མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྒོམ་པ་སྟེ་གསུམ་དང༌། དངོས་གཞི། བདེ་བ། སྟོང་པ། བདེ་བ་ཆེན་པོ་སྟེ་དྲུག་ལས། དང་པོ་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་གཉིས་མཉམ་བཞག།སྒལ་ཚིགས་བསྲང་ཞིང༌། ལྐོག་མས་ཨོལ་མདུད་མནན། མིག་སྣ་རྩེར་གཏད། ལྕེ་རྩེ་རྐན་ལ་སྦྱར། སོ་མཆུ་རང་སར་བཞག་


TNT11_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀར་སྐད་ཅིག་གིས་གསལ་བཏབ། ལུས་ཀྱི་དབུས་སུ་ཨ་ཝ་དྷཱུ་ཏི་རླུང་དྭངས་མས་གང་བ་དང༌། གཡས་རོ་མ་རྡུལ་དང༌། གཡོན་རྐྱང་མ་ཁུ་བས་གང་བ། འཁོར་ལོ་བཞིའི་ལྟེ་བར་དྷཱུ་ཏཱི་ལ་ལུ་གུར་རྒྱུད་དུ་འཁྱུད་པ་དང༌། འཁོར་ལོ་བཞི་ཡི་གེ་དང་བཅས་པ། དཔྱིད་ཐིག་ལས་འབྱུང་བ་བཞིན་ནམ། བསྡུ་ན། རྩ་འདབ་རྣམས་སུ་ཐིག་ལེ་རྩ་རྩེའི་ཟིལ་བ་བཞིན་དུ་གནས་པ་དང༌། སྤྱི་བོར་ཧཾ་དཀར་པོ། ལྟེ་བར་ཨཾ་དམར་པོ། རེག་བྱ་མཆོག་ཏུ་ཚ་བ་རྣམས་གསལ་བཏབ་ནས། གཡས་གཡོན་ནས་རླུང་རོ་ལན་གསུམ་དྲག་ཏུ་བསལ། སྟེང་རླུང་རན་པར་རྡུབས་འོག་རླུང་ཅུང་ཟད་དྲངས་ཏེ། རླུང་གཉིས་ཀྱིས་སྦྱོར་བས། ཨཾ་ལས་མེ་སྦར། ཧཾ་ལ་རེག་པས། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས། མེ་ལྕེ་ཐུར་ལ་བབས་པ་སྙིང་གར་སླེབ། དེའི་ཚེ་གཏུམ་མོ་དང་བྱང་ཆུབ་སེམས་སྙིང་གར་འཕྲད་པ། དྭངས་ཤེལ་གྱི་འོད་ལྟར་གསལ་ཞིང་འཚེར་བ་ཁ་སྦྱོར་དུ་གནས་པ་དང༌། གཏུམ་མོའི་མེ་འོད་དང༌། བྱང་སེམས་ཀྱི་རྒྱུན་རྣམས་ཆོས་ཀྱི་འཁོར་ལོ་ནས་བརྒྱུད་རྩ་ཐམས་ཅད་གང༌། དེ་ཀུན་གྱི་དྭངས་མ་མཐར་ཨཾ་ལ་བསྟིམ་པས། འབར་འཛག་ཆེས་དྲག་པ་སྙིང་གར་རེག་པའི་མཚམས་སུ་ཧུ་ལུ་ཧུ་ལུཾ། ཧཱུཾ་ཞེས་ཕུ་ཆུའི་སྒྲ་ལྟར་གྲགས་པ་ལ་སེམས་གཏད། རླུང་མི་བདེ་བ་མེད་ཙམ་དུ་བཟུང༌། མི་བདེ་ན་རྔུབས་ནས་འཛིན། དེ་ནས་དལ་བུས་བཏང༌། དེ་ཉིད་ཡང་ཡང་གོམས་པར་བྱེད་པའོ། །གཉིས་པ་ནི། རྐང་པ་རེ་མིག་ལྟར་བསྣོལ། ལག་


TNT11_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐབ་འགལ། ལྷག་མ་ལུས་གནད་སྔར་ལྟར་བཅས་ལ། རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ། བདེ་སྐྱོང་འཁོར་ལོའི་ལྟེ་བར་རྩ་འདབ་ཐམས་ཅད་ཀྱི་རྩ་བ་འདུས་པ། ཙཎྜ་ལི་དར་དམར་གྱི་སྣལ་མ་ལྟ་བུས་ལན་བདུན་དུ་བཅིངས་པ། རྩེ་མོ་གསུམ་འཁྱོག་ཏུ་སྟེང་དུ་སོང་བ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་མེ་ལྕེ་ཡུངས་འབྲུ་ལྟར་ཕྲ་བ། མར་མེའི་རྩེ་མོ་ལྟ་བུ་ཡ་ལེ་བེ་བསྒོམས། སྔར་བཞིན་རླུང་བཟུང་བས་མར་མེ་ཁྲིལ་ཁྲིལ་གཡོས། རྩ་འདབ་ཐམས་ཅད་འོད་ཀྱིས་ཁྱབ། འཁོར་ལོ་བཞིའི་དྲི་མ་ཐམས་ཅད་བསྲེགས། སྤྱི་བོའི་ཧཾ་ལས་བྱང་སེམས་ཐིག་པས་བརྒྱུད་མར་བབས། གཏུམ་མོ་ལ་ཐིམ་པས་ཆེར་གཡོས། ཧཾ་དང་རྩ་འདབ་ཐམས་ཅད་ཀྱི་ཐིག་ལེ་བཞུ། ཆུ་ཀླུང་གི་རྒྱུན་ལྟར་དྷཱུ་ཏཱིའི་ནང་ནས་བརྒྱུད། གཏུམ་མོ་དང་དབྱེར་མེད་དུ་འདྲེས། དེ་ཉིད་ཤུགས་དང་བཅས་ཏེ་འོག་ཏུ་སོང༌། རྩེ་མོ་ནོར་བུའི་རྩེ་མོར་མར་མེའི་རྣམ་པ་དམར་སྐྱ་གསལ་ཞིང་འཚེར་བ་ཡུངས་འབྲུ་ཙམ། རྩ་བ་པདྨའི་སྣལ་མ་ལྟ་བུ་བདེ་སྐྱོང་གི་འཁོར་ལོར་གནས་པ་གསལ་བཏབ་སྟེ། ནོར་བུའི་ཐིག་ལེ་ལ་རྩེ་གཅིག་ཏུ་མཉམ་པར་འཇོགདེ་ལ་སེམས་བརྟན་ནས། ནོར་བུའི་ཐིག་ལེ་དེས་མཚོན་པའི་སྣང་བ་ཐམས་ཅད་སྨིག་རྒྱུ་ལྟར་འོད་ཀྱི་རྣམ་པར་གྱུ་ཤིག་ཤིག་ཡལ་བའི་ངང་དུ་དམིགས་མེད་དུ་བཞག་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཐོང་འགྱུར་རོ། །འདི་གཉིས་ལ་ཐིག་ལེའི་འགྲོས་དང་བསྟུན་ནས་དགའ་བཞིའི་ཉམས་མྱོང་དྲན་པ་ནི་ཤིན་ཏུ་གཅེས་སོ། །ལུགས་འདི་ལ་དང་པོར་མས་སྣ་དང་ཕྱིས་སྙིང་


TNT11_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གར་སྒོམ་པ་མན་ངག་ཡིན་གསུངས་ཏེ་ལེགས་སོ། །གསུམ་པ་ནི། རང་ཧེ་བཛྲ་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཉི་ཟླ་བརྩེགས་པ་ཧཱུཾ་ཡིག་དང་བཅས་པ། ཧཱུཾ་ལས་འོད་མེ་ལྟ་བུ་འཕྲོས། བརྟན་གཡོ་ཀུན་ཀྱི་སྙིགས་མའི་ཆ་རྣམས་བསྲེགས། དྭངས་མ་མི་ཤིགས་པ་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་དུ་བཞུ། སྣོད་དང་བཅུད་ཀྱི་ཤེས་རབ་ཀྱི་ཆ་རྣམས་ཡུམ་དང༌། ཐབས་ཀྱི་ཆ་རྣམས་ཡབ་ལ་ཐིམ། ཡབ་ཀྱི་ཐུགས་ཀར་ཉིན་མོར་བྱེད་པའི་སྟེང་དུ་ཧཱུཾ། ཡུམ་གྱི་ཐུགས་ཀར་རི་བོང་ཅན་ལ་ཨ། དེ་གཉིས་ལས་འོད་ཟེར་འཕྲོས། ཡབ་ཡུམ་གཉྀས་ཀ་འོད་དུ་ཞུ། ཡུམ་ཟླ་བ་དང༌། ཡབ་ཉི་མར་གྱུར་པའི་ཉི་མ་སྟེང་ཟླ་བ་འོག་གའུ་ཁ་སྦྱོར་དུ་གནས་པའི་ནང་དུ། རླུང་སེམས་ཀྱི་ངོ་བོ་ཧཱུཾ་སྔོན་པོ་འོད་ལྔ་འཕྲོ་བ་དང༌། འོད་ཀྱི་བ་ཐག་ལ་བརྒྱུས་པས་ཨཱ་ལི་ཀཱ་ལིའི་ཕྲེང་བས་ཉི་ཟླ་གཉིས་རྒྱ་གྲམ་དུ་བཅིངས་པར་བསམ་ནས། ཧཱུཾ་ལ་རྩེ་གཅིག་ཏུ་སྒྲིམས་ནས་ཅུང་ཟད་མཉམ་པར་བཞག་རྗེས། ཧཱུཾ་ལས་འོད་ཟེར་མུ་མཐའ་མེད་པ་འཕྲོས། ཁམས་གསུམ་འོད་དུ་ཞུ། ཉི་ཟླ་ལ་ཐིམ། དེ་ཡི་གེ་དང་བཅས་པ་ཧཱུཾ་ལ། དེ་ཞབས་ཀྱུ། ཁོག་པ། ཟླ་ཚེས། ན་དའི་བར་དུ་བསྡུས་ལ། ན་ད་ཡང་ཡལ་བའི་ངང་ལ་རྟོག་མེད་དུ་མཉམ་པར་བཞག །དེའི་ངང་ལས་སྐད་ཅིག་གིས་དག་པའི་ལྷ་སྐུ་དགྱེས་པ་རྡོ་རྗེར་གསལ་ཙམ་ཉིད་ལ་རིང་དུ་མཉམ་པར་བཞག །དེ་ལྟར་དམིགས་རིམ་རྣམས་སྟོང་པ་བཞི་དང་སྦྱར་ནས་ཉམས་སུ་ལེན་དགོས་ལ། དེ་ལྟར་ཡང་ནས་ཡང་དུ་གོམས་པས་ཉི་ཟླ། ནམ་


TNT11_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྲིན་མེད། འོད་ཟེར་ཆེན་པོས་ཀུན་དུ་ཁྱབ་པ་སྟེ། མཐོང་རྟགས་བཞི་འབྱུང༌། སེམས་ཉམས་དགའ་བཞི་མངོན་དུ་འགྱུར་རོ། །བཞི་པ་ནི། དེ་ནས་ཡེ་ཤེས་དེ་བརྟན་པའི་ཕྱིར་དུ། དམ་ཚིག་དང༌། ཡེ་ཤེས་དང༌། ལས་ཀྱི་ཕྱག་རྒྱའི་སྦྱོར་བས། ལྷན་སྐྱེས་ཡུན་རིང་དུ་སྒོམ་པའི་མཐུ་ལས་ཁྱད་དགའི་མཐར་ཆེད་དུ་མ་སྒོམ་པར་ཡང༌། རླུང་སེམས་མི་ཕྱེད་པའི་བདེ་བ་ཙམ་ལས། དངོས་སུ་གྲུབ་པའི་ལྷ་སྐུ་ཆུ་ཟླ་ལྟ་བུའི་གསལ་སྣང་བྱུང་བ་ན། དེ་ཉིད་ལ་རྩེ་གཅིག་ཏུ་བསྒོམ་པར་བྱ་ཞིང༌། དེ་གོམས་པས། ལྔ་པ་ནི། དུས་རྟག་ཏུ་དངོས་སུ་ཡོད་པའི་གསལ་སྣང་དེ་ཐོབ་པ་ན། སྔ་མ་བཞིན་དུ་སྟོང་པ་ཉིད་དུ་བཅུག་པས། སྤྲོས་པའི་སྣང་བ་མཐའ་དག་ནུབ་པའི་སེམས་ཉིད་ནམ་མཁའ་ལྟར་མཐའ་དབུས་མེད་པ་མངོན་དུ་འགྱུར་བ་དེ་ཉིད་རིང་དུ་བསྒོམ། དྲུག་པ་ནི། དེ་ལས་ཆུ་ལས་ཉ་ལྡང་གི་ཚུལ་དུ་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ། དེ་ལྟར་གཡེལ་བ་མེད་པར་སྒོམ་སྟེ། མཐར་གྱིས་ཚུལ་གཉིས་ཀྱི་སྤྱོད་པ་སྤྱད་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ལ་སྦྱོར་བ་ཉིད་དོ། །མན་ངག་གཉིས་པའང་འདི་དང་སྦྱོར་བའི་ཚུལ་ཤེས་པར་བྱའོ། །འགྲོ་བའི་མུན་པ་སེལ་བྱེད་པའི། །མཆོག་གྱུར་སྒྲོན་མེ་གཅིག་པུ་འདི། །བཤད་ལས་བསོད་ནམས་གང་ཐོབ་དེས། །འཇིག་རྟེན་སངས་རྒྱས་ཉིད་ཐོབ་ཤོག།།། ཅེས་རྫོགས་རིམ་སྒྲོན་མ་གཅིག་པའི་དམིགས་ཐོ་ཙམ་ཉུང་ངུར་སྡེབས་པ་འདི་ཡང༌། ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་ཉི་ཤུ་པ་ལའོ། །ཞུས་དག །ཤུབྷཾ། །