དགྱེས་རྡོར་མར་ལུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་།


TNT11_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་རྡོར་མར་ལུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ཞེས་བྱ་བ་བཞུགས།


TNT11_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཀུན་ཁྱབ་ཡེ་ཤེས་འགྱུར་བ་མེད་པ་ཡང༌། །བདེ་གསལ་ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ། །ནམ་ཡང་ཤར་བ་ཨེ་ཝཾ་ཡི་གེ་མཆོག །བླ་མ་དམ་པའི་ཞབས་ལ་རྟག་ཏུ་འདུད། །མཆོག་ཏུ་ཟབ་པའི་མན་ངག་ནི། །གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལ། །མཁས་འདོད་སྤྲོས་པས་མ་བསླད་པ། །འདི་འདྲ་ཐོས་པའང་སྐལ་བ་བཟང༌། །འདིར་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལྟ་བུ་དཔལ་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་མན་ངག་ལག་ལེན་གྱི་རིམ་པ། ཇོ་བོ་ནཱ་རོ་ཏ་པའི་ཞལ་ལུང༌། ལོ་ཙྭ་བ་རྣལ་འབྱོར་དབང་ཕྱུག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་གྱི་ཐུགས་བཅུད་གང་ཡིན་པ་དེ་བྲི་བར་བྱའོ། །སྤྱིར་མར་པའི་གདམས་ངག་རྫོགས་རིམ་ཐམས་ཅད་ལ། བསྲེ་བ་དང་འཕོ་བའི་བརྡ་ཆད་རེ་མཛད་མོད་ཀྱང༌། གདམས་ངག་འདི་ལ་ནི་ཁྱད་པར་དུ་ཡང་དགྱེས་པ་རྡོ་རྗེའི་འཁྲིད་བསྲེ་འཕོ་ཞེས་གྲགས་སོ། །འདི་ཉམས་སུ་ལེན་པར་བྱེད་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། ཚོགས་བསག་པ་མཎྜལ་གྱི་ཁྲིད་དང༌། སྡིག་སྒྲིབ་སྦྱོང་བ་ཡི་གེ་


TNT11_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པའི་ཁྲིད་ནི་སྤྱི་དང་འདྲའོ། །བླ་མའི་རྣལ་འབྱོར་ཡང་སྤྱི་དང་འདྲ་སྟེ། གོ་རིམ་གྱི་ཁྲིགས་ནི། མདུན་དུ་གདན་བཞི་རྫོགས་ཀྱི་སྟེང་དུ། བླ་མ་རྡོ་རྗེ་འཆང་དུ་བསྒོམ། ཕྱག་མཆོད་སྔོན་དུ་འགྲོ་བའི་རྒྱུན་བཤགས་བྱ། གསོལ་བ་དྲག་ཏུ་འདེབས། བླ་མའི་སྐུ་ལས་འོད་ཟེར་གྱི་དབང་བཞི་ལེན། བླ་མ་འོད་དུ་ཞུ་ནས་སྟིམ། རང་སེམས་དང་གཉིས་སུ་མེད་པར་འཇོག་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། ཡིག་རྙིང་རྣམས་ཀྱི་དངོས་བསྟན་ལ། གཏུམ་མོ་ཁོ་ནའི་སྔོན་འགྲོ་ཡིན་པ་ལྟར་བཤད་མོད་ཀྱི། ཡིག་ཆུང་གཞན་རྣམས་ལས་ཀྱང་སྔོན་འགྲོ་གཏུམ་མོ་ལ་ཁ་འཕངས་ཤིང༌། ལག་ལེན་ལ་ནི་བསྐྱེད་རྫོགས་ཀྱི་ཁྲིད་གང་བསྒོམས་ཀྱང་སྔོན་འགྲོར་འདེབས་སོ། །དེ་ལ་གཉིས། སྲུང་འཁོར་སྒོམ་པ་དང་ཚོགས་བསག་པ་གཉིས། དང་པོ་ལ། ཧཱུཾ་ཡིག་གི་སྲུང་འཁོར་དང་ཁྲོ་བོའི་སྲུང་འཁོར་རོ། །དང་པོ་ནི། གནས་ཁང་ཡིད་དང་མཐུན་པ་ཞིག་ཏུ། འགྲུབ་ན་མཎྜལ་དང་མཆོད་གཏོར་སྔོན་དུ་བཏང༌། དེ་མིན་སྐྱབས་སེམས་དྲན་ཙམ་བྱས། ལུས་གནད་རྣམ་སྣང་གི་ཆོས་


TNT11_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བཅའ། རླུང་རོ་བསལ། རང་དགྱེས་རྡོར་ཧེ་རུ་ཀའམ་བདག་མེད་མའི་ང་རྒྱལ་བྱའོ། །དེ་ནས་རླུང་གི་རྣལ་འབྱོར་ནི་རླུང་དལ་བུས་ཕྱིར་བུས་ནས་ཐུབ་ཚད་ཕྱིར་བཟུང༌། ཡང་དལ་བུས་ནང་དུ་རྔུབས་ནས་ནང་དུ་ཐུབ་ཚད་བཟུང༌། དམིགས་པ་ནི། ལྟེ་བར་ཧཱུཾ་སྔོན་པོ་སོར་བཞི་པ་འོད་འཕྲོ་བ་ཞིག་བསྒོམ། རླུང་ཕྱིར་གཏོང་བའི་དུས་སུ། ལྟེ་བའི་ཧཱུཾ་ལས་ཧཱུཾ་ཕྲ་མོ་དཔག་ཏུ་མེད་པ་སྣ་སྒོ་ནས་ཕར་སྤྲོས། རླུང་ཕྱིར་འཛིན་པའི་སྐབས་སུ། རྒྱ་ཆེན་པོར་སོང་ནས་ཧཱུཾ་གི་ས་གཞི་དང་ར་བ་དང་གུར་དུ་གྱུར། ཡང་རླུང་ནང་དུ་འཇུག་པའི་ཚེ། ཧཱུཾ་དཔག་ཏུ་མེད་པ་སྣ་སྒོ་ནས་ཚུར་འདུས་ཏེ་ལུས་ནང་ཁེངས། ནང་དུ་བཟུང་བའི་ཚེ་བ་སྤུའི་བུ་ག་ཚུན་ཆོད་ཧཱུཾ་གི་གོ་ཆས་གོ་མཚམས་མེད་པར་གཏམས་པར་བསམ། ཉིན་ཞག་གཅིག་ལ་སྔ་དྲོ་ཐུན་གཉིས། ཕྱི་དྲོ་ཐུན་གཉིས། སྲོད་དང་ཐོ་རངས་ཀྱི་ཐུན་རེ་རེ་སྟེ། ཐུན་དྲུག་ཏུ་བཅད་ནས་ཐུན་རེ་རེ་བཞིན་རླུང་ཐེངས་མང་བ་ལ་ཚད་མེད། ཉུང་མཐའ་ལ་ཡང་གོང་དུ་སྨོས་པའི་རླུང་ཁུག་པ་དེ། ལན་ཉི་ཤུའམ། ཉི་ཤུ་རྩ་བཞི་རེ་མི་སྒོམ་པའི་ཐབས་མེད་པའོ། །དམིགས་པ་འདི་བརྟན་པའི་ཚད་ནི། རླུང་འགྲོ་འོང་ལ། ཧ྄ཱུཾ་ཡིག་འགྲོ་འོང་གི་གསལ་སྣང་འབྱུང༌། ཞག་བཅུ་ཙམ་ན་འོང་གསུང་སྟེ། དབང་པོ་རྣོན་པོ་ལ་དགོངས་པ་ཡིན། དགོས་པ་ནི། སྒོམ་ཉེས་མི་འབྱུང་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུང་བའོ། །གཉིས་པ་ཡང་དེ་དང་འདྲ་བ་ལས། ཧཱུཾ་སྤྲོ་བསྡུ་འགྲོ་འོང་བྱེད་པའི་ཚབ་ཏུ། ལྟེ་བའི་ཧཱུཾ་ལས། དགྱེས་རྡོར་གྱི་ཁྲོ་ཆུང་སྤྲོ་བསྡུ་འགྲོ་འོང་དང༌།


TNT11_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་སྲུང་འཁོར་དང་གོ་ཆར་གྱུར་པར་བསྒོམ། གཞན་ཐམས་ཅད་གོང་དང་འདྲ། ཐ་མལ་གྱི་རྣམ་རྟོག་གིས་མི་ཚུགས་པའི་དགོས་པ་ཡོད། གང་ཟག་གཅིག་གིས་དམིགས་པ་འདི་ཁོ་ན་གཉིས་ཀར་སྒོམ་དགོས་པ་མིན། གང་ལ་མོས་པ་ཞིག་སྒོམ་མོ་གསུང་ཡང་གཉིས་ཀ་བྱུང་ན་ལེགས། གཉིས་པ་ཚོགས་བསག་པ་ནི། ཉམས་ལེན་གྱི་རིམ་པ་དང་བྱ་བྱེད་སྤྱོད་ཚུལ་སྲུང་འཁོར་གྱི་རིགས་འགྲེ། དམིགས་པ་ནི་རང་གི་མདུན་དུ་པདྨའི་སྡོང་པོ་རྒྱས་པའི་རྩེ་ལ། པདྨ་དམར་པོ་འདབ་བཞི་པའི་ལྟེ་བར་ཟླ་གདན་གཅིག་སྒོམ་རང་གི་ལྟེ་བར་ཡང་པད་ཟླའི་སྟེང་དུ། བླ་མ་མི་བསྐྱོད་པ་ཧེ་རུ་ཀའམ་རྡོ་རྗེ་འཆང་ཞིག་བསྒོམ། རླུང་སྦྱོར་ནི་སྲུང་འཁོར་གྱི་སྐབས་དང་འདྲ་བ་ལས། རླུང་ཕྱིར་འགྲོ་བའི་ཚེ། ལྟེ་བའི་བླ་མ་དེ་ཡར་བྱོན། སྣ་སྒོ་ནས་འཐོན། མདུན་གྱི་པད་ཟླའི་སྟེང་དུ་འཁོད་པར་སྒོམ། རླུང་ཕྱིར་བཟུང་བའི་སྐབས། མདུན་གྱི་བླ་མ་ཞལ་འཛུམ་མེ་བ་ལ་སེམས་བསྟད་དེ། ཡིད་ཀྱིས་མཆོད་པ་དང་གསོལ་བ་འདེབས་པ་དྲན་ཙམ་བྱ། རླུང་ནང་དུ་འོང་བའི་ཚེ། མདུན་གྱི་བླ་མ་དེ་ཚུར་བྱོན་རང་གི་སྣ་སྒོ་ནས་ཞུགས། ལྟེ་བའི་པད་ཟླའི་སྟེང་དུ་འཁོད་རླུང་ནང་དུ་བཟུང་བའི་སྐབས། ལྟེ་བའི་བླ་མ་འཛུམ་ཞལ་ཅན་ལ་དམིགས། ཡིད་ཀྱི་མཆོད་པ་དང་གསོལ་འདེབས་དྲན་ཙམ་བྱ། དེ་ཉིད་ཐུན་དྲུག་ཏུ་སྒོམ་ཚུལ་དང༌། བརྟན་པའི་ཚད་སོགས་ཀྱང་གོང་བཞིན། དགོས་པ་ནི་དམ་ཚིག་ཉམས་ཆགས་སྐོང་བ་དང༌། ཚོགས་ཀྱི་སྒོ་མང་


TNT11_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསོག་པ་དང༌། བླ་མའི་བྱིན་རླབས་འཇུག་པའོ། །གཉིས་པ་དངོས་གཞི་ལ། བསྲེ་བའི་གདམས་ངག་དང༌། འཕོ་བའི་གདམས་ངག་གཉིས་སོ། །དང་པོ་ལ་བསྐྱེད་རིམ་གྱི་ཁྲིད་དང༌། རྫོགས་རིམ་གྱི་ཁྲིད་གཉིས་ལས། དང་པོ་བསྐྱེད་རིམ་ལ་ཡང་གསུམ་ཏེ། རྣམ་པ་ལ་བསླབ་པ། ཐིག་ལེ་ལ་བསླབ་པ། བསྐྱེད་རྫོགས་ཟུང་འཇུག་ལ་བསླབ་པ། དང་པོ་ནི། དབེན་ཁང་གཅིག་ཏུ་བྲིས་སྐུ་དགྲམ་མཎྜལ་མཆོད་པ་དང༌། གཏོར་ཆོག་སྔོན་དུ་འགྲོ་བས། དགྱེས་རྡོར་རམ། བདག་མེད་མའི་མངོན་རྟོག་ཤར་གྱིས་བསྒོམས་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། གཙོ་རྐྱང་གི་ང་རྒྱལ་ལ་གནས་པས་བྲིས་སྐུ་ལ་ཡུད་ཙམ་བལྟས། དེ་ཉིད་རང་ལ་བཀབ་ཅིང་བསྒོམ། དེ་ལྟར་བྲིས་སྐུ་ལ་བལྟ་བ་དང༌། རང་ཉིད་བསྒོམ་པ་སྤེལ་བ་དེ། མཐངས་དཀར་བའི་དུས་ཀྱི་ཐུན་གཉིས་ལ་ཡང་ཡང་བསྒོམ། གྲངས་ཀྱི་ངེས་པ་མེད། ཐུན་གཞན་རྣམས་ལ་ལྷ་སྐུའི་རྣམ་པ་གསལ་རུང་མི་གསལ་རུང༌། རེས་བསྒྲིམས་ཏེ་གསལ་འདེབས་པ་དང༌། འཕྲོ་བཅད་ཀྱིན་བསྒོམ། རེས་ལྷ་ཡིན་སྙམ་པའི་ང་རྒྱལ་དང༌། ལྷའི་རྣམ་པ་ཡོད་ཚུལ་ཙམ་ལ། ཤེས་པ་ངལ་གསོ་ཡིན་སློང་གིན་བསྒོམ། དེ་དག་གི་བོགས་འདོན་དུ་སྐབས་འགར་བྲིས་སྐུ་ལ་འོད་སྣ་ཚོགས་འཆར་དུ་བཅུག །གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་ཡུན་རིང་དུ་བལྟ་མིག་བཙུམ་ནས། རང་ཉིད་དེ་འདྲ་བར་ཡུད་ཙམ་རེ་བསྒོམ། ཉིན་ཙེར་གྱིས་དེ་ཀས་བཟླ་བར་བྱ། ཐུན་མཚམས་དང་མཚན་མོ་གང་ཡང་ཡིད་ལ་མི་བྱེད། དཔེར་མཚོན་ན་ཟླ་བ་གཅིག་ལ་ཞག་ཉི་ཤུ་རྩ་བདུན་དམིགས་པ་དཀྱུས་མ་དེ་བསྒོམ། ཞག་གསུམ་བོགས་འདོན་དེ་བསྒོམས་ན།


TNT11_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་དྲུག་ལྟ་བུ་མྱུར་དུ་གསལ་སྣང་ཐོབ་ཡོང་བ་ཡིན། གཉིས་པ་ནི། བདག་ཉིད་དཔལ་ཧེ་རུ་ཀའི་མངོན་རྟོགས་སྔར་བཞིན་བསྒོམས་ནས། རྡོ་རྗེ་ནོར་བུའི་དབུས་སུ་ཐིག་ལེ་དཀར་ལ་ཟླུམ་པ། འོད་འཚེར་བ་སྲན་ཆུང་ཙམ་མམ་ཡུངས་འབྲུ་ཙམ་ཞིག་རྟག་ཏུ་བསྒོམ། བར་བར་དུ་རིག་པ་མ་བཅོས་པར་ངལ་བསོ། ལུང་སྦྱོར་གང་རུང་ཞིག་དང་བསྟུན་ན་ལེགས། གལ་ཏེ་བདག་མེད་མར་བསྒོམ་ན། པདྨའི་སྣ་རྩེར་ཐིག་ལེ་བསྒོམ། འདི་ལས་བདེ་ཉམས་སྐྱེ། དེ་ནས་ཐིག་ལེ་དེ་ལྟེ་བར་དྲངས་ཏེ་བསྒོམ། དེར་ཡང་བདེ་ཉམས་སྐྱེ་ན་སྙིང་ག་དང༌། དེར་ཡང་བྱུང་ན་མགྲིན་པ་དང༌། དེར་ཡང་བྱུང་ན་སྤྱི་བོ་དང༌། དེ་ལ་ཡང་བྱུང་ན་སྨིན་ཕྲག་ཏུ་ཆོས་འབྱུང་གྲུ་གསུམ་གཅིག་གི་ནང་དུ་ཐིག་ལེ་དེ་བསྒོམ། དེ་ནས་སྣ་རྩེའི་ནང་དུ་བསྒོམ། དེ་ནས་སྣ་རྩེ་ནས་སོར་བཞི་དང༌། དེ་ནས་སོར་བརྒྱད་ཀྱི་ནམ་མཁའ་ལ་ཡང་བསྒོམ། དེ་ནས་ཀ་བུམ་ལྟ་བུ་གཅིག་གི་སྟེང་དུ་ཐིག་ལེ་བསྒོམ། དེ་ནས་ཡིད་ཀྱི་འགྱུ་བ་ཐམས་ཅད་དང་ཐིག་ལེའི་རྣམ་པ་བསྲེས་ཏེ་བསྒོམས་པས། སྣང་བ་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོའོ། །འདི་དོན་གྱིས་ན་དགྱེས་རྡོར་ལུགས་ལ་རྫོགས་རིམ་ཡིན་མོད་ཀྱང༌། བསྐྱེད་རིམ་གྱི་ཆ་ལག་ཡིན་པའི་ཕྱིར། བསྐྱེད་རིམ་གྱི་ཕྲ་ཐིག་ཅེས་བྱ་སྟེ། འདི་ལ་དམིགས་སྐོར་བཅུ་གཉིས་བྱུང་བའོ། །ཕྲ་མོའི་མན་ངག་ཧཾ་ཡིག་ཁ་སྤྲོད་དུ་གྲགས་པ་ཞིག་ཀྱང་ཡོད་དེ། རྫོགས་རིམ་དངོས་ཡིན་ཞིང༌། ལམ་དགུ་སྐོར་དང་འབྲེལ་བས་འདིར་མ་བཤད་དོ། །གསུམ་པ་ནི། སྐབས་འདིའི་ཕྲ་ཐིག་ལ་ཉམས་མྱོང་སྐྱེས་སམ། རྫོགས་རིམ་གཞན་ལ་བརྟེན་པའི་བདེ་སྟོང་གི་ཉམས་མྱོང་ཤར་ཡང་རུང་སྟེ། བླ་མ་དམ་པའི་ཆོ་


TNT11_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ག་སྔོན་དུ་སོང་ནས། ཚད་མེད་བཞི་དང་སྟོང་ཉིད་སྒོམ་པའི་སྐབས། སྔར་བསྒོམ་པའི་བདེ་བའི་ཉམས་དེ་འཆར་ཐུབ་པ་ཞིག་བྱ། དེའི་སྣང་ཆ་ཡིག་འབྲུ་ཕྱག་མཚན་ལྷ་སྐུ་སོགས་སུ་རིམ་གྱིས་སྐྱེས་ནས། བདེ་བ་ཉིད་ལྷ་སྐུ། ལྷ་སྐུ་ཉིད་བདེ་བར་བསྒོམ་པའོ། །འདི་ལ་ཡང་བསླབ་ཙམ་ཉིད་ནས་ཟུང་འཇུག་ཏུ་ཤར་ན་ལེགས། གལ་ཏེ་མ་ཤར་ན་ཕྲ་ཐིག་སོགས་ལ་བརྟེན་ནས་བདེ་ཉམས་བསྐྱེད། དེ་མ་ཡལ་བའི་ངང་ནས། ལྷ་སྐུར་དྲན་ཙམ་བྱེད་ཀྱིན་ལྷ་སྐུ་ལ་གཙོ་བོར་སེམས་བསྟད། དེས་བདེ་ཉམས་ཡལ་འགྲོ་བ་སྙམ་བྱེད་ན། ལྷ་སྐུའི་རྣམ་པ་མ་ཤོར་བར་བྱས་ནས། སྔར་གྱི་བདེ་བ་བསྐྱེད་ཐབས་དེ་བསྐྱར་ནས་བསྒོམ། དེ་ནས་ཡང་ལྷ་སྐུ་མི་གསལ་དུ་སོང་ན། བདེ་ཉམས་དེ་ཀ་ལྷ་སྐུར་ཁྲོང་གིས་བྱུང་བར་མོས། དེ་ལྟར་ཕར་ལྡོག་ཚུར་ལྡོག་ཏུ་བསྒོམས་པས་ཟུང་འཇུག་ཏུ་འགྱུར་རོ།། ཞེ་སྡང་བསྐྱེད་རིམ་དང་བསྲེ། འདོད་ཆགས་དབང་དང་བསྲེ། གཏི་མུག་འོད་གསལ་དང་བསྲེ་ཞེས་འཆད་དགོས་པ་དང༌། བསྐྱེད་རིམ་སྒྱུ་ལུས་ཀྱི་རྒྱུ་གྲུང་པོ་ཡིན་པས་བསྲེ་བར་བསྡུའོ། །གཉིས་པ་རྫོགས་པའི་རིམ་པ་ལ། གཏུམ་མོ་དང༌། སྒྱུ་ལུས་དང༌། འོད་གསལ་གྱི་རྫོགས་རིམ་གསུམ་མོ། །དང་པོ་ལ་རང་ལུས་ཐབས་ལྡན་ལ་བརྟེན་པ་དང༌། གཞན་ལུས་ཤེས་རབ་ལ་བརྟེན་པའོ། །དང་པོ་ལ། རླུང་སེམས་བྲིད་པའི་མན་ངག་དང༌། གཏུམ་མོ་སྒོམ་པ་དངོས་གཉིས་སོ། །དང་པོ་ནི་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་ལེགས་པར་བཅས། སྐྱབས་སེམས་སྔོན་དུ་འགྲོ་བས། བླ་མ་ལ་མོས་གུས་དུང་བ་བྱ། རང་ལྷ་སྐུར་གསལ་བའི་སྨིན་མཚམས་སུ།


TNT11_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་ཟླུམ་པ། སྣུམ་ལ་འཚེར་བ་རིལ་རིལ་བ་འོད་འཕྲོ་བ་ཆེ་བ་བསྒོམ་བདེ་ན་ཆེ་བ་དང༌། ཆུང་བ་བསྒོམ་བདེ་ན་ཆུང་བར་བསྒོམ་ཡང་གསུང༌། བྱིའུའི་སྒོ་ང་ཙམ་བསྒོམ་ཡང་གསུང་སྟེ། བདེ་མི་བདེ་ལ་ཁྱད་ཆེར་མེད་ན་ཕལ་ཆེར་སྲན་མའི་འབྲུ་ཙམ་བསྒོམ། དེ་ཡང་རེས་བསྒྲིམས་ཤིང་ཡང་ཡང་གསལ་འདེབས་ཀྱིན་བསྒོམ། རེས་གསལ་འདེབས་ཐེངས་གཅིག་གི་འཕྲོ་ལ་ཡུན་རིང་དུ་ལྷོད་དེ་བསྒོམ། དམིགས་པ་གཞན་གྱི་སྤྲོས་པ་དོར་ཏེ་བསྒོམས་པས། རབ་ཏུ་རེག་མཐོང་གི་མཚན་མ་རྙེད། དེ་མིན་ནའང་སྨིན་མཚམས་སུ་འདུས་པ་སྙམ་བྱེད་པ་དང༌། འབུགས་པ་སྙམ་བྱེད་པ་དང༌། ཚ་བྲེང་བྲེང་བ་འབྱུང་ངོ༌། །དམིགས་སྐོར་གཅིག་གོ །དེ་ནས་དཔྲལ་བའི་ཐིག་ལེ་དེ་གྱེན་སེགས་ལ་རི་ལི་ལི་འགྲིལ་ཏེ་སྤྱི་བོ་ཚངས་བུག་གི་ཐད་དུ་སླེབ་ནས། དར་ཅིག་སྐྱ་རིལ་ལེ་འདུག །བདེ་བ་ཡིད་ལ་བྱ། ཡང་ཚུར་འོངས་ཏེ་སྨིན་མཚམས་སུ་སླེབ། ཡང་དེ་མ་ཐག་སྔར་བཞིན་སོང་སྟེ། སྤྱི་བོར་སླེབ་པར་བསམ། དེ་ལྟར་ཡང་ཡང་བསྒོམ། དམིགས་སྐོར་གཉིས། དེ་ནས་ལུས་ཀྱི་དབུས་སུ་རྩ་ཨ་ཝ་དྷུ་ཏཱི་ཁ་དོག་དམར་པོ་སྦུབས་སྟོང་མདའ་སྨྱུག་འབྲིང་པོ་ཙམ་ཡང་སྣ་ཚངས་བུག་ལ་ཐུག་ཅིང༌། ཚངས་བུག་ནས་རྒྱུ་ཞབས་ཀྱི་བར་དུ་དྲང་ཐང་ངེ་བ་དེ་ནས་ཚུར་འཁྱོགས་ཏེ་རྡོ་རྗེ་ནོར་བུའི་རྩེ་མོ་སླེབ་པ་ཞིག་བསྒོམ་སྟེ་དམིགས་སྐོར་གསུམ་པའོ། །ཡང་རྩ་དབུ་མ་དེ་དང་སྨིན་མཚམས་ཀྱི་ཐིག་ལེ་སྔར་བཞིན་བསྒོམས་ནས། ཐིག་ལེ་དེ་ཡར་རི་ལི་ལི་སོང༌། ཚངས་བུག་གི་ཐད་དབུ་མའི་སྟེང་དུ་


TNT11_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སླེབ། དེར་བག་ཙམ་ཞིག་སྐྱ་རིལ་ལེ་བདེ་ཡེ་རེ་འདུག །དེ་ནས་ཐིག་ལེ་དེ་རྩ་ཨ་ཝ་དྷུ་ཏཱིའི་ནང་ནས་མར་བསྐྱུར་བས་སྒྲ་ཅོང་ཅོང་བའམ། འུར་འུར་བའམ། ཆིལ་ཆིལ་བ་སྒྲ་ཆེར་བྱུང་བར་བསམས་ལ། ཐིག་ལེ་དེ་ནོར་བུའི་ནང་ན་སྐྱ་རིལ་ལེ་འདུག་པ་ལ་སེམས་བསྟད། དར་ཅིག་སོང་ནས་ཐིག་ལེ་དེ་དབུ་མའི་ནང་ནས་ཡར་མགྱོགས་པར་སོང་སྟེ། ཚངས་བུག་གི་ཐད་དབུ་མའི་སྟེང་དུ་སྔར་བཞིན་འདུག་པར་བསམ། ཡང་དབུ་མའི་ནང་དུ་ལྷུང་བ་སོགས་སྐྱར་གྱིན་ཡང་ཡང་སྒོམ། དམིགས་སྐོར་བཞི་པའོ། །དམིགས་པ་ཅུང་ཟད་གོམས་ནས་སྔོན་འགྲོའི་སྐབས་ཀྱི་རླུང་སྦྱོར་དང་བསྟུན་ནས་བསྒོམ་ན་བཟང༌། དམིགས་སྐོར་ལྔ་པའོ། །འདིར་དམིགས་པའི་རྣམ་གྲངས་གཅིག་ལ། ཐིག་ལེ་བབས་པས་དབུ་མའི་མས་སྣ་ཐིག་ལེས་གང་བའམ། དབུ་མ་ཕལ་ཆེར་གང་བའམ། དབུ་མའི་ནང་དུ་ཐིག་ལེ་བ་ཐག་ལྟ་བུར་བྲེང་ངེ་བསྒོམ་པའང་བཤད་མོད་ཀྱི། ལག་ལེན་ནི་སྔ་མ་ཁོ་ནའོ། །འདི་བསྒོམས་པས་བདེ་སྟོང་གི་ཉམས་ཤིག་ངེས་པར་སྐྱེས། འོན་ཀྱང་རྩལ་ཆེན་པོ་མ་བྱུང་ན། ཐུན་དང་པོ་ལ་སྨིན་ཕྲག་གི་ཐིག་ལེ་བསྒོམ། ཐུན་གཉིས་པ་ལ་ཚངས་བུག་ཏུ་ཐིག་ལེ་བསྒོམ། ཐུན་གསུམ་པ་ལ་རྩ་ཨ་ཝ་དྷཱུ་ཏཱི་བསྒོམས། ཐུན་བཞི་པ་ལ་སྔར་བཞིན་སྤྱི་བོའི་ཐིག་ལེ་ལྷུང་བ་སོགས་བསྒོམ་པས། ཞག་ཤས་ན་བོགས་ཤིག་ཐོན་འོང༌། དེས་ཀྱང་མ་བྱུང་ན་ཡང་སྔར་བཞིན་སྨིན་མཚམས་ཀྱི་ཐིག་ལེ་འབབ་ཞིག་ཞག་ཤས་བསྒོམ། རྣམ་གྲངས་ཀྱི་འདམ་ཁའི་དམིགས་པ་གཅིག་ལ། ཐིག་ལེ་འདི་རུས་པའི་ཆོས་འབྱུང་གཅིག་གི་ནང་དུ་བསྒོམ་ཟེར་བའང་ཡོད་དེ། རུས་པ་དངོས་སུ་བསྒོམ་པ་མིན་དཀར་པོའི་དོན་ཡིན། དེ་ནས་


TNT11_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མཚམས་ཀྱི་ཐིག་ལེ་གྱེན་ལ་འགྲིལ་ནས་སྤྱི་བོར་སླེབ་པ་ཁོ་ན་ཡང་ཡང་བསྒོམ། སྤྱི་བོ་ནས་སྨིན་མཚམས་སུ་ལྡོག་པ་མི་བྱེད། དེ་འདྲ་ཐུན་གཅིག་གམ་གཉིས་བསྒོམ། དེ་ནས་རྩ་ཨ་ཝ་དྷུ་ཏཱི་ལུག་རྗུད་ཀྱི་རྒྱུ་མ་ལྟ་བུ་སྙང་སྙིང་འདབ་འདོབ་ཅིག་བསྒོམ་པ་ལ་ཐུན་གཅིག་གམ་གཉིས། དེ་ནས་ཐིག་ལེ་དབུ་མའི་ནང་དུ་བབས་པས། ཐིག་ལེ་ག་རུ་སླེབ་སླེབ་ཏུ་རྒྱུ་མ་ཕུས་བཏབ་པ་ལྟར། ལྟང་ལྟང་ཁེངས། བདེ་བ་ཁྲིལ་ཁྲིལ་སྐྱེས། དབུ་མའི་མས་སྣ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་དཀར་རྩེར་གྱིས་སླེབ་པར་བསམ། ཡང་ཡར་སོང་བ་སོགས་སྔར་དང་འདྲ། འདིས་བདེ་ལ་མི་རྟོག་པའི་ཉམས་ཁྱད་པར་ཅན་མི་སྐྱེ་མི་སྲིད་དོ། །དེ་ལྟར་ན་སྤོགས་པའི་ཆོ་ག་གཉིས་ཡིན། བདེ་སྟོང་གི་ཉམས་སྐྱེས་ནས་ཀྱང་བརྟན་པ་ཐོབ་པའི་ཕྱིར་བསྒོམ་དགོས། བརྟན་པོ་འདུག་ན་སྣང་བ་དང་བསྲེ་སྟེ། གོང་ཕྲ་ཐིག་གི་སྐབས་དང་འདྲའོ། །གཉིས་པ་ལ་རྩ་བའི་མན་ངག་དང༌། རྣམ་གྲངས་ཀྱི་མན་ངག་བདེ་བ་བསྒོམ་པའོ། །དང་པོ་ལ་ཨ་ཐུང་གི་གདམས་ངག་དང༌། འབར་འཛག་བསྡུས་པ་ལ་བསླབ་པ་དང༌། འབར་འཛག་རྒྱས་པ་ལ་བསླབ་པ་སྟེ་གསུམ་མོ། །དང་པོ་ནི། སྔོན་དུ་རླུང་བུམ་ཅན་ཞག་ཤས་སྦྱངས་ཏེ་སྤྱི་དང་འདྲའོ། །དེ་ནས་རླུང་སྦྱོར་དེ་ལ་སློབ་བཞིན་པའི་ངང་ནས། ཡན་ལག་ལྔ་སྦྱོངས་སམ། དྲུག་སྐོར་རམ། ལུས་སྦྱོང་གཞན་ཡང་རུང་སྟེ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་ལ་སོགས་པ་ལུས་སྦྱོངས་ལ་ཤུགས་ཇེ་ཆེར་བསླབ་བོ། །དེ་ལྟར་རླུང་དང་ལུས་འབྱོངས་ནས་དངོས་གཞི་དམིགས་པ་ཉམས་སུ་


TNT11_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་སྐབས། ཐུན་ཀྱི་དུས་སུ་ལུས་གནད་བཅས་ཏེ། དམིགས་པ་དང་བུམ་ཅན་སྦྲགས་པ་ཉིད་བསྒོམ། ཐུན་མཚམས་སུ་ལུས་སྦྱོངས་ཅི་རིགས་པ་འགྲུབ་ན་བཟང༌། ཧ་ཅང་མང་ན་ངལ་དུབ་ཏུ་སོང་སྟེ། དངོས་གཞིའི་ཉམས་ལ་གནོད་པ་ཡང་སྲིད་པས་རན་ཙམ་བྱ། གཏུམ་མོའི་སྐབས་འདི་དག་ཏུ། དུས་ཀྱི་གནད། ཡུལ་གྱི་གནད། ལུས་ཀྱི་གནད། སེམས་གཏོད་ས། དམིགས་ལུགས་ཀྱི་གནད་དེ་བཞི་ཚང་བ་ཞིག་དགོས་པར་བཞེད། དང་པོ་ནི། རླུང་དབུ་མར་འབབ་པའི་དུས་དེ། དེའི་རྟགས་སྣ་སྒོ་ནས་མཉམ་རྒྱུ་འབབ་པ་ཡིན་གསུང༌། འོན་ཀྱང་རླུང་སྦྱང་བ་སྔོན་དུ་སོང་བའི་གང་ཟག་ལ། བུམ་ཅན་དྲག་པོ་ལན་འགའ་ཡར་བསྒོམས་པས་ཀ་མཉམ་རྒྱུར་འགྲོ། མཉམ་རྒྱུ་རང་བཞིན་པ་སྒུག་དགོས་ནས་སྒོམ་པའི་དུས་ཙམ་མི་ཡོང་ངོ༌། །དེས་ན་ཁམས་བཟང་ན་སྲོད་ཐོ་རངས་སྔ་དགོངས་ཏེ་ཐུན་བཞིར་བསྒོམ། ངན་ན་སྔ་དྲོ་ཕྱི་དྲོ་ཐུན་གཉིས་ལ་བསྒོམ་མོ། །ལུས་གནད་ནི། རེ་མིག་ལྟར་བསྣོལ། རྒྱ་མདུད་ལྟར་བསྡམ། མདའ་ལྟར་བསྲངས། ལྕགས་ཀྱུ་ལྟར་དགུག ལི་རི་ལྟར་སྒྲིམ། ཞེས་པ་སྟེ། །འོན་ཀྱང་ཁྲག་མཁྲིས་ཤས་ཆེ་ན་རྐང་པ་སྐྱིལ་ཀྲུང་ཉིད་མཆོག་ཡིན། གྲང་རླུང་ཤས་ཆེ་ན་ཙོག་པུ་བྱ་སྟེ། བསམ་གཏན་འབོལ་ཆུང་གི་སྟེང་དུ་འཕོངས་ཚོས་བཞག །རྐང་མཐིལ་འབོལ་ཆུང་གི་མདུན་དུ་འོང་བར་བྱས་ནས། རྐང་པ་རེ་མིག་ལྟར་བསྣོལ་བ་ལ་པུས་འཁྱུད་ཀྱིས་བསྡམས། ལག་པ་མཉམ་བཞག་ལྟེ་འོག་ཏུ་བརྟེན། སྒལ་ཚིགས་བསྲངས། མགྲིན་པ་དགུག །ཉ་བཞི་སྒྲིམ་པའོ། །ཡུལ་གྱི་གནད་ནི།


TNT11_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་རྩ་གསུམ་འཁོར་ལོ་བཞི་སོགས་གོ་བ་ཆགས་ངེས་ཞིག་བྱས་ནས། རང་རང་གི་གང་སྐབས་སུ་བབ་པའི་ས་དེར། དམིགས་པ་གཏོད་ས་མ་འཁྲུལ་བ་དགོས་པའོ། །དམིགས་ལུགས་ཀྱི་གནད་ནི་སོ་སོའི་དམིགས་པ་མ་ནོར་བར་བྱེད་པ་སྟེ། དེ་ལ་ཨ་ཐུང་གི་སྐབས་འདིར། སྔོན་འགྲོ་སྐྱབས་སེམས་མོས་གུས་གསུམ། དངོས་གཞི་ལུས་ཡི་དམ་ལྷར་དྲན་ཙམ་བྱས་ལ། རླུང་རོ་བསལ། རླུང་བུམ་ཅན་བཟུང༌། རྩ་དབུ་མ་ཆོས་བཞི་ལྡན་གྱི་ནང་ལྟེ་འོག་སོར་བཞིའི་ཐད་ན། གཏུམ་མོའི་མེ་ཨ་ཤད་ཀྱི་རྣམ་པ་ཅན་མཚོན་གང་བ་ཞིག་ལ། མེ་ལྕེ་ལྷག་གེ་འབར་བ། མེ་ལྕེའི་རྩེ་མོ་ལྟེ་བར་སླེབ་པ་ཞིག་བསྒོམ། འདི་ཁོ་ནས་ཡེ་ཤེས་སྐྱེ་བའི་ཕྱིར། །དམིགས་པ་ཉུང་ལ་གནད་ཆེ་བ་ཡིན་ནོ། ལག་ལེན་དམིགས་པ་འདི་ཁོ་ན་ལ་བྱེད། རྣམས་གྲངས་སུ་གཏུམ་མོའི་མེ་ལ་དམིགས་ཚུལ་མི་འདྲ་བ་ཡང༌། །མེ་སྟག་ཅན་དང༌། ཁབ་ལྟ་བུ་དང༌། མེ་ལྕེ་གསུམ་པ་དང༌། མེ་ལྕེས་སྙིང་གར་སླེབ་པ་སོགས་འདམ་ཁ་དང༌། ཐིག་ལེ་ཉ་གང་བ་ལ་དམིགས་པ་ཞེས་པ། མེའི་ཚབ་ཏུ་ཐིག་ལེ་སྐྱ་ཁྱིལ་ལེ་བསྒོམ་པ་ཡང་ཡོད། རྣམ་པར་མི་རྟོག་པའི་དོན་བསྒོམ་ཟེར་ནས། དམིགས་པ་ལོགས་པར་བྱེད་པའང་ཡོད་མོད་ཀྱི། ལག་ལེན་ལ་ཨ་ཐུང་དང་སྦྲེལ་ནས་བསྒོམ་སྟེ། དེ་ཡང་སྔར་གྱི་གཏུམ་མོ་ཨ་ཐུང་དེ། ཟླ་གཅིག་ཙམ་ཞིག་འབད་པས་བསྒོམ། དམིགས་སྐོར་གཅིག་གོ །དེས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་བ། སྒོམ་སྟོབས་ཀྱིས་བདེ་བ་ཞིག་ངེས་པར་སྐྱེ། དེ་ནས་


TNT11_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་རླུང་ཐེངས་བཞི་ཙམ་རེ་གཏུམ་མོ་ཨ་ཐུང་རང་བསྒོམ། དེ་རྗེས་རླུང་སེམས་དབུ་མར་ཆུད་སྙམ་པ་བྱས་ནས། རླུང་ཐེངས་བཞི་ཙམ་རེ་གང་ཡང་ཡིད་ལ་མི་བྱེད་པར་བཞགཁམས་ངན་ན་སྲོད་དང་ཐོ་རངས་ཀྱི་ཐུན་ལ་རླུང་རྩོལ་མི་བྱེད་པར། གཏུམ་མོའི་དམིགས་པ་དང་མི་རྟོག་པ་སྤེལ་གྱིན་བསྒོམ་མོ། །དམིགས་སྐོར་གཉིས་སོ། །དེ་ལྟར་སྒོམས་པས། དུ་བ་ལ་སོགས་པའི་རྟགས་ལྔ་རིམ་གྱིས་འབྱུང༌། རྗེས་ཐོབ་ཀྱི་སྣང་བ་ཐམས་ཅད་ལ་ཡང་བདེ་སྟོང་དབྱེར་མེད་ཀྱི་ཉམས་རིམ་པས་སྐྱེ། མཐར་སྨིག་སྒྱུ་སོགས་རྟགས་ལྔ་པ་རྫོགས་པ་དང༌། རྗེས་ཐོབ་ཏུ་ཡུལ་སྣང་སྒྱུ་མ་ལྟ་བུར་འཆར། མཉམ་བཞག་ཏུ་ཡུལ་སྣང་རང་ལོག་ཏུ་འགྲོ། ཐུན་ཐུན་མཚམས་ཐམས་ཅད་དུ་བདེ་སྟོང་གི་ཉམས་ལ་གསལ་འགྲིབ་མེད། ཟས་གོས་ཀྱི་ལྟོས་པ་ལས་གྲོལ། དུག་དང་མཚོན་གྱིས་མི་ཚུགས། ཡོན་ཏན་བརྒྱད་ཀྱི་ཕན་ཡོན་འབྱུང༌། སྐུའི་སྒོ་དགུ་འགག །གསུང་གི་སྒོ་བཞི་བཅོམ། ཐུགས་ཀྱི་སྒོ་གཉིས་འབྱེད། སྙིང་ག་དང་སྨིན་མཚམས་ནས། རྩ་ཐམས་ཅད་འདུས་པའི་རྩ་སྣ་རེ་ཡོད་པ་དེ་ཁ་བྱེ་བས་ཡོན་ཏན་ཕྱོགས་མེད་དུ་འཆར་རོ། །དེ་ནས་དྲོད་ཐོབ་པ་ཡིན་པས་ལུང་བསྟན་བྱུང་ན། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དེ་ཉེ་རྒྱུས་འབྲས་བུ་ལ་མཚམས་སྦྱོར་བ་ཡིན། རྒྱུད་ཀྱི་དགོངས་པ་དེ་ཙམ་དུ་ཟད། ལུགས་འདིའི་བླ་མ་གོང་མ་རྣམས་སྤྱོད་པ་ཟླ་བ་གསུམ། སྒྲུབ་པ་ཞག་བདུན། མ་གྲུབ་ན་ལྷ་གནད་ལ་བོར་ནས་སྒྲུབ་པ་སྐྱར་མ་བྱེད། ཅེས་གསུང་ངོ༌། །དེ་ལྟར་བཤད་ཟིན་པའི་མི་རྟོག་པའི་གཏུམ་མོ་བསྒོམ་པ་ནས་


TNT11_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ། ཡོན་ཏན་སྐྱེ་ཚུལ་རྣམས་དམིགས་པའི་གཙོ་བོ་ཐམས་ཅད་ལ་འདི་ཁོ་ནས་རིགས་འགྲེའོ། །དེ་ནི་གཏུམ་མོའི་དམིགས་པ་དང་པོ་ཨ་ཐུང་གི་འཁྲིད་ཅེས་བྱའོ། །གཉིས་པ་གཏུམ་མོ་འབར་འཛག་བསྡུས་པ་ནི། གཞན་བྱ་བ་བྱེད་ཚུལ་ཐམས་ཅད་སྔ་མ་དང་འདྲ་བ་ལས་ལུས་ཀྱི་དབུས་སུ་རྩ་དབུ་མ་ཁ་དོག་དམར་པོ། ཡས་སྣ་སྤྱི་བོ་དང༌། མས་སྣ་ལྟེ་འོག་སོར་བཞིར་ཟུག་པ། ཡས་སྣ་ལ་སྤྱི་བོའི་འཁོར་ལོ་དཀར་པོ་རྩ་འདབ་བརྒྱད་པ་དེའི་ལྟེ་བ་དབུ་མའི་ཡས་སྣ་ཕུག་པ། དེའི་སྟེང་དུ་ཧཾ་དཀར་པོ་ལ་མགོ་བོ་ཐུར་དུ་བལྟ་བ་ཡོད་པའི། ཧཾ་གི་མགོ་བོ་དབུ་མའི་ཡས་སྣར་ཆུད་ཙམ། དེའི་མཐའ་སྐོར་དང་རྩ་འདབ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཆབ་བྲོས་ཆགས་པ་ལྟར་སྐྱ་ཁྲོམ་མེ་སྒོམ། ཡང་དམིགས་པ་ཤིན་དུ་འཁོབ་ཆུང་ན་སྤྱི་བོའི་ཧཾ་དང་དབུ་མ་མ་གཏོགས་རྩ་འཁོར་མ་བསྒོམས་ཀྱང་ཆོག་གསུངས༌། ལྟེ་འོག་སོར་བཞི་ན་གདན་ཐིག་ལེ་དམར་པོ་ཞིག་གི་སྟེང་དུ། གཏུམ་མོའི་མེ་མར་མེ་བཟང་བ་ཙམ་ཞིག་གི་མེ་ལྕེའི་རྩེ་མོ་དབུ་མའི་ནང་དུ་ཆུད་པ་ཙམ་ཞིག་དམར་སྐྱེམ་སྐྱེམ་འབར་ཞིང་ཅུང་ཟད་གཡོ་བར་བསྒོམ། དེ་ནས་རླུང་བུམ་པ་ཅན་གཟུང་བས། སྟེང་འོག་གི་རླུང་ལྟེ་འོག་ཏུ་འདྲེས་པ་དེས་བསྐུལ་ནས་མེ་ལྕེའི་རྩེ་མོ་ལས་མེ་ཕྲ་མོ་རྟ་རྔ་ཙམ་ཞིག་དབུ་མའི་ནང་ནས་ཡར་འབར། ཇེ་རིང་ཇེ་རིང་ལ་སོང་ནས་སྤྱི་བོའི་ཧཾ་ལ་རེག་རེག་འདུག །དེ་ནས་ཧཾ་ལས་ཐིག་ལེ་ཁུ་འཕངས་ལྟ་བུ་སྐྱ་ཁྲོ་ལོ་ལོ་བབས་པས། མེ་ལྕེ་ཕྲ་མོ་འབར་བ་དེ་མར་ལ་རྡོགས། ཐིག་ལེ་རྣམས་ལྟེ་འོག་གི་མེ་ལ་ཏིམ་ཏིམ་ཐིམ་པས།


TNT11_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ལྷང་ལྷང་སྐྱེ་བར་མོས། རླུང་ཐེངས་གསུམ་གསུམ་བཞི་བཞི་ལ་དམིགས་པ་དེ་ཉིད་བསྐྱར་གྱིན་སྐྱར་གྱིན་བསྒོམ། ཐུན་རེའི་ནང་དུ་མ་མཐར་ཡང་ལན་ཉེར་གཅིག་ཙམ་རེ་བསྒོམས་ན་ཉམས་མྱོང་མྱུར་དུ་སྐྱེ་བར་འགྱུར་རོ། །དམིགས་སྐོར་གཅིག་གལ་ཏེ་འདིས་ཉམས་མྱོང་མ་སྐྱེས་ན། མེ་ལྕེ་ཕྲ་མོ་ཧཾ་ལ་རེག་པའི་བར་སྔར་བཞིན་བསྒོམ། ཧཾ་ལས་ཐི་ལེ་དཀར་ན་ར་ར་བབས་པས། མེ་ལྕེ་ཕྲ་མོ་ཇེ་ཐུང་ཇེ་ཐུང་ལ་ལྟེ་བའི་མེ་ལ་འདུས་ཤིང་ཐིག་ལེ་ཡང་མེ་ལ་སིབ་སིབ་ཐིམ། བདེ་བ་སྐྱེས་པར་མོས་ཏེ་རླུང་ཐེངས་གཅིག་གཉིས་སོང་བ་ན། ལྟེ་འོག་གི་མེའི་དབུས་ནས་མེ་ཕྲ་མོ་རླུང་ཤུགས་ཅན་སྒྲ་དང་བཅས་པ་བྱུང་ནས། ཐིག་ལེའི་རྒྱུན་གྱེན་ལ་སློག་ཏེ། སྐྱ་ཡེར་རེ་རེ་ཡར་སོང་སྤྱི་བོའི་ཧཾ་ལ་ཐིམ། རླུང་ཐེངས་གཅིག་ཙམ་དར་ཅིག་དེ་ལ་སེམས་བསྟད། ཡང་མེ་ལྕེ་ལྡོག་ཐིག་ལེ་སྔར་བཞིན་བབས་པར་བསྒོམ་པ་སྟེ། འདིས་བདེ་སྟོང་གི་ཉམས་ལ་བོགས་ཐོན། བྱིང་བ་སེལ་ལོ། །དེ་ལྟར་ཟླ་གཅིག་སོགས་བསྒོམ་དམིགས་སྐོར་གཉིས་སོ། །མི་རྟོག་པ་དང་བསྲེ་ཚུལ་སོགས་གོང་བཞིན་ནོ། །གསུམ་པ་འབར་འཛག་རྒྱས་པ་ལ་བསླབ་པ་ནི། ལུས་ཀྱི་དབུས་སུ་རྩ་གསུམ་སྤྱི་དང་འདྲ། རྩ་འཁོར་བཞི་ལ་སྤྱི་བོ་དཀར་པོ། མགྲིན་པ་དམར་པོ། སྙིང་ག་སྔོན་པོ། ལྟེ་བ་དམར་པོའམ་སྣ་ཚོགས་སོ། །ལྟེ་འོག་སོར་བཞིར་གཏུམ་མོ་སྔར་བཞིན། ལྟེ་བའི་འཁོར་ལོའི་ནང་གི་དབུ་མར་ལྟེ་འོག་གི་མེ་ལྕེའི་རྩེ་མོ་སླེབ་པར་བསམ། འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །སྙིང་གའི་དབུས་སུ་ཧཱུཾ།


TNT11_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་འདབ་མ་ལ། བྲུཾ་ཨཾ་ཛྲིཾ་ཁཾ་མགྲིན་པའི་དབུས་སུ་ཨོཾ། ཕྱོགས་བཞིའི་འདབ་མ་ལ། ལཾ་མཱཾ་པཱཾ་ཏཱཾ་བཞིའམ། མོཾ་དེཾ་མཾ་རཾ་བཞི་བསྒོམས་ཀྱང་རུང༌། སྤྱི་བོའི་འཁོར་ལོ་དང་ཧཾ་ཡིག་གོང་བཞིན་བསྒོམ། རླུང་བུམ་པ་ཅན་ཁ་སྦྱོར་དུ་བཟུང༌། ལྟེ་འོག་གི་མེ་ལས་མེ་ལྕེ་རྟ་རྔ་ཙམ་འབར། སྙིང་ག་དང་མགྲིན་པའི་རྩ་འཁོར་ཐམས་ཅད་མེ་འོད་ཀྱིས་ཁྱབ། མེ་ལྕེ་སྤྱི་བོའི་ཧཾ་ལ་རེག་པས། ཧཾ་ལས་ཐིག་ལེ་རྟ་རྔ་དཀར་པོའི་རྒྱུན་ཙམ་ན་ར་ར་འབབ་པའམ། ཁུ་འཕངས་ལྟར་ཁྲོ་ལོ་ལོ་འབབ་པ་འདམ་ཁ་ཡིན། ཐིག་ལེ་བབས་པ་ན་མེ་ལྕེ་ཕྲ་མོ་དེ་མར་ལྡོག །ཐིག་ལེ་ལྟེ་བའི་ཨ་ཐུང་ལ་ཐིམ་པ་སོགས་གོང་བཞིན་བརྒྱུད་པ་འདིའི་ལུགས་ལ་མེ་ལྕེས་སྙིང་གའི་ཧཱུཾ་དང་མགྲིན་པའི་ཨོཾ་ཕུག་པ་སོགས་མི་བཞེད་དོ། །གཉིས་པ་བདེ་བ་བསྐྱེད་བྱེད་ཀྱི་རྣམ་གྲངས་ལ། ཧཾ་ཡིག་མདུད་པ་ཅན་གྱིས་དབབ་པ། ཧཾ་ཡིག་བཅུ་དྲུག་གི་དབབ་པ། ཕྲ་མོས་དབབ་པ། རླུང་དྲོད་ཀྱི་ཐིག་ལེས་དབབ་པ། རྒྱལ་མཚན་མཚོན་བསྣུན་གྱིས་དབབ་པ། རྡོ་རྗེ་སེམས་དཔས་དབབ་པ་རྣམས་སོ། །དང་པོ་ནི། རང་གི་ལྟེ་བར་ཉི་མའི་སྟེང་དུ་ཨ་དམར་པོ། སྤྱི་བོའི་ཧཾ་ལས་ཧཾ་དཀར་པོ་ཐིག་ལེ་བ་ཐག་ལྟ་བུའི་སྣེ་ལ་འབྱར་བ་ཞིག་ཆད། སོར་ལྔ་དྲུག་རེ་ནས་ཧཾ་འཁོར་བས་བ་ཐག་ལ་མདུད་པའམ། འཁྲིལ་བར་འདྲ་བ་རེ་བྱུང༌། དེ་འདྲ་བའི་མདུད་པ་བདུན་ཙམ་བྱུང་ན་ལྟེ་བའི་ཨ་ལ་རེག་རེག་འདུག་པས། ལུས་བདེ་ཁྲིལ་ཁྲིལ་བྱུང་བར་མོས། ཡང་ཡར་ལ་ལྡོག་སྟེ་ཧཾ་གི་སྐོར་ལྡོག་བྱས་པས། མདུད་པ་གཅིག་ཞིག །ཐུར་ལ་ནར་ཙམ་བབས། བ་ཐག་ཇེ་ཐུང་


TNT11_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡར་ཡེར་སོང༌། ཡང་མདུད་པ་གཅིག་ཞིག །ཐུར་ལ་ནར་ཙམ་བབས་རྗེས་བ་ཐག་ཐུང་དུ་སོང་བས་ཡར་ཡེར་ཡེར་འགྲོ་བ་སོགས་ལ་དམིགས་ནས། མདུད་པ་བདུན་རྫོགས་པ་ན། སྤྱི་བོའི་ཧཾ་ལ་ཐིམ། དེ་ལྟ་བུ་ཡང་ཡང་བསྒོམ་པའོ། །གཉིས་པ་ནི། སྤྱི་བོའི་དབུས་སུ་ཆོས་འབྱུང་དཀར་པོ་ཁ་ཐུར་བསྟན་ཞིག་བསྒོམ། དེའི་ནང་དུ་ཧཾ་བཅུ་དྲུག་ཁོག་སྟོང་མགོ་བོ་ཕྱིར་ཐུར་སེགས་ལ་བསྟན། ཞབས་ནང་བསྟན་གྱེན་སེགས་ལ་ཡོད་པ་སྦུ་གུ་ཅན་ཏེ། ཐམས་ཅད་འཛམ་པའི་དབུས་སུ་ཧཾ་མགོ་བོ་ཐུར་བསྟན་ཞིག་བསྒོམ། དབུས་ཀྱི་ཧཾ་ལས་ཐིག་ལེ་འོ་མའི་རྒྱུན་ལྟར་ནར་གྱིས་བབས། ཧཾ་ཡིག་བཅུ་དྲུག་གི་ཞབས་ནས་སོང༌། ཁོང་སྟོང་རྣམས་བདུད་རྩིས་མེར་གྱིས་ཁེངས་པར་བསམ། དེ་རྣམས་ལས་བབས་པའི་བདུད་རྩིའི་ཆར་ཟིམ་ལྟ་བུ་ཐིམ་ཐིམ་འབབ་པ་ལ་སེམས་བསྟད་དོ། །གསུམ་པ་ནི། ལྟེ་འོག་སོར་བཞིར་ཧཾ་དམར་པོ་གང་ལའང་མ་རེག་པ་ཞིག །སྤྱི་བོར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་ནོ། །རླུང་ཕྱིར་འགྲོ་བའི་དུས་ལྟེ་འོག་སོར་བཞིའི་ཧཾ་དམར་པོ་ལས་མེ་ལྕེ་ཕྲ་ཞིང་སེར་བ་ཞིག་སིར་གྱིས་འབར་ནས། སྤྱི་བོའི་ཧཾ་དཀར་པོ་ཕུག །རླུང་ནང་དུ་ཡོང་བ་དང་བསྟུན། སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་ཕྲ་ན་ར་ར་བབས་ཏེ་མེ་ལྕེ་དེད་དེ་ཧཾ་དམར་པོ་ལ་ཐུག་གི་བཏང༌། ཡང་ལྟེ་འོག་གི་ཧཾ་གི་མེ་ལྕེས་ཐིག་ལེ་དཀར་པོ་ཡར་དེད་དེ། སྤྱི་བོའི་ཧཾ་ལ་ཐུག་པ་སོགས་ཡར་དེད་མར་དེད་ཁོ་ན་ལ་སེམས་བསྟད་དོ། །བཞི་པ་ནི། རླུང་ཕྱིར་བསལ་བའི་སྐབས། ལྟེ་བ་ནས་རླུང་ཤིན་དུ་ཚ་བ་ཞིག་འོད་ཟེར་དམར་པོའི་རྣམ་


TNT11_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལམ་ཏེ་བྱུང༌། ལུས་ཐམས་ཅད་ཁྱབ། རྩ་ནང་ཐམས་ཅད་དྲོས་ཤིང་ཞུ། རླུང་ནང་དུ་རྔུབས་ཏེ་ལྟེ་འོག་ཏུ་བསྡིགས་པས། སྟོད་སྨད་བར་གསུམ་གྱི་རྩ་ཐམས་ཅད་ནས་ཐིག་ལེའི་རྒྱུན་ཕྲ་མོ་བབས་ཏེ། ལྟེ་འོག་སོར་བཞིར་འདུས་ཏེ་ཁྱི་ལི་ལི་འདུག་པར་བསམ་པའོ། །ལྔ་པ་ནི། རྡོ་རྗེའི་ལྟེ་བར་ཕཊ་ནག་པོ་ཞིག་བསམ། དེ་ལས་མེ་དམར་ནག་འབར་བས་རྡོ་རྗེའི་ནང་ཁེངས། ལྟེ་འོག་ན་རྩ་ཀླུ་དབང་འཁྱིལ་པ་སྦྲུལ་འཁྱིལ་པ་ལྟ་བུར་ཡོད་པའི་ནང་དུ་ཞུགས། སྐོར་བ་རིམ་པ་བདུན་གྱི་ནང་བརྒྱུད་ནས། སྟེང་གི་བུ་ག་ནས་ཐོན་སྤྱི་བོའི་ཧཾ་ལ་རེག །བྱང་ཆུབ་ཀྱི་སེམས་ཞུ། མེ་ལྕེ་མར་བབས་པ་དང་ལྷན་ཅིག །ཀླུ་དབང་འཁྱིལ་བའི་སྟེང་སྒོ་ནས་ཞུགས། སྦུགས་འདེད་རྒྱུད་དེ་ཐུར་བལྟས་ཀྱི་སྒོ་ནས་ཐོན། ཡར་མར་བབས་ཏེ་གསང་བའི་རྡོ་རྗེ་ཐིག་ལེས་མེར་ཏེ་ཁེངས་པར་བསམ་དམིགས་པ་དེ་ཉིད་ཡང་ཡང་བསྐྱར་ཏེ་བསྒོམ་པ་ཡིན། དྲུག་པ་ནི། སྤྱི་བོར་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡབ་ཡུམ་ཁ་སྦྱོར་རམ། ཡབ་རྐྱང་ཡང་རུང༌། ཞབས་གཡོན་བསྐུམ་གཡས་བརྐྱང་བས་བཞུགས་པ་གཅིག་བསྒོམ་གསང་གནས་ཀྱི་འཁོར་ལོའི་དབུས་སུ་ཧཱུཾ། དེ་ལས་འོད་ཟེར་བདེ་དྲོད་ཀྱི་རང་བཞིན་ཅན་སྟེང་དུ་འཕྲོས། རྡོ་རྗེ་སེམས་དཔའི་སྐུ་ལ་ཐིམ། བདེ་བ་རྒྱས་ནས་ཁ་སྦྱོར་ཡིན་ན་སྦྱོར་མཚམས་ནས་ཐིག་ལེའི་རྒྱུན་འབབ་བ་དང༌། གཙོ་རྐྱང་ཡིན་ན་ཞབས་ཀྱི་མཐེ་བོང་ནས་འབེབ་གསུང་ཡང༌། སྐུའི་ཆ་ཐམས་ཅད་ནས་བབས་པས་ཆོག །གང་ལྟར་ཡང་ཐིག་ལེའི་རྒྱུན་གྱིས་ལུས་ནང་ཐམས་ཅད་ཁེངས་པར་བསམ་མོ། །


TNT11_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་བདེ་བ་དབབ་ཐབས་དྲུག་པོ་འདི། ནཱ་རོ་པ་དང༌། ཐར་པའི་ལམ་སྟོན་གཉིས་ཀྱི་མན་ངག་གུང་སྤྲོས་པ་ཡིན་ཟེར་བའང་ཡིག་རྙིང་འགའ་རེ་ན་སྣང་ངོ༌། །གཉིས་པ་གཞན་ལུས་ཤེས་རབ་ཀྱི་མན་ངག་ལ། སྔོན་འགྲོ་ནི་སྤྱི་གོང་དང་འདྲ་བ་ལས། རང་ལུས་ཐབས་ལྡན་ལ་བརྟེན་ནས། རླུང་དང་གཏུམ་མོ་ཅུང་ཟད་གོམས་པར་བྱས་ན་བཟང་ངོ༌། །ལམ་དངོས་ལ་ཕྱག་རྒྱའི་མཚན་ཉིད་བརྟག་པ། སྔགས་དང་རྫས་ཀྱིས་དགུག་པ། མི་སྣང་བར་སྦ་བ། འཁོར་བའི་སྐྱེ་རྒྱུན་བཅད་པ། ལུས་ཟུངས་རྒྱས་པར་བྱ་བ། ཕྱག་རྒྱ་སྒྱུ་མར་སྦྱང་བ་སྟེ་སྦྱོར་བའི་ཆོས་དྲུག །རྩ་བཙལ་བ། བདེ་བ་དབབ་པ། བདེ་བ་འཛིན་པ། ཐིག་ལེ་བཟློག་པ། རྩ་མིག་ཏུ་གདབ་པ། ཡེ་ཤེས་ཆེན་པོར་བསྐྱལ་བ་སྟེ། དངོས་གཞིའི་ཆོས་དྲུག །ཡུལ་དང༌། དུས་དང༌། ལུས་ཀྱི་གནད་གསུམ་འཛོམ་པས་སྒྲུབ་སྟེ། ཕོ་ཉའི་ལམ་མོ། །ཡང་རྩིས་མགོ་བཅུའམ་བཅོ་ལྔའི་སྒོ་ནས་འཆད་པའང་ཡོད་དེ། ས་བཅད་མང་ཉུང་ཙམ་མ་གཏོགས་དོན་ལ་ལྷག་ཆད་མེད་དོ། །འདིར་ས་བཅད་ཙམ་སྟོན། མན་ངག་ནི་ལོགས་སུ་སྟོན་གྱི་དཀྱུས་སུ་མི་འཆད་དོ། །གཉིས་པ་སྒྱུ་ལུས་ཀྱི་མན་ངག་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ཞེས་འཆད་པའང་ཡོད་མོད། སྔོན་འགྲོ་གོང་དུ་བསྟན་པ་ཉིད་ཡིན་གྱི་ལོགས་སུ་མེད་པས་འདིར་འདི་སྐད་ཅེས་བྱ་སྟེ། ཉམས་མྱོང་མ་སྐྱེས་པ་སྐྱེད་པ་རྨི་ལམ་སྒྱུ་མ་དང༌། སྐྱེས་པ་བརྟན་རྒྱས་སུ་བྱེད་པ་སད་བར་གྱི་སྒྱུ་མའོ། །དང་པོ་ལ། འདུན་པ་རྒྱུན་ཆགས་སུ་སྦྱང་བ། རྨི་ལམ་གསལ་སྣང་སྒྲུབ་པ། རྨི་ལམ་ངོ་ཤེས་སྐྱོང་ཚུལ།


TNT11_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྦྱོང་སྤེལ་སོགས་ལ་བསླབ་པ། རྨི་ལམ་དག་པར་སྦྱོང་བ་སྟེ་ལྔའོ། །དང་པོ་ནི་དམིགས་ཆེན་གཅིག་ཡིན་ཡང༌། དམིགས་སྐོར་གསུམ་དུ་བྱ་སྟེ། ཐུན་གྱི་སྔོན་འགྲོ་རྣམས་སྔར་བཞིན་བྱས་ནས། རང་གཞན་སྣོད་བཅུད་ཐམས་ཅད་ལ་གཞིག་འབྲེལ་ཞིག་བཅུག་སྟེ། སྣང་བ་སྣ་ཚོགས་པ་འདི་དག་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་མ་གཏོགས། དངོས་གནས་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས། སྒྱུ་མ་ལྟ་བུའོ། །ཐམས་ཅད་སེམས་སྣང་ཡིན་ཡང༌། ཕྱི་དོན་རྒྱང་ཆད་དུ་སྣང་བས། སྣང་བ་འདི་ཐམས་ཅད་དངོས་གནས་ལ་མ་གྲུབ་པའི་འཁྲུལ་སྣང་ཡིན་ཙ་ན། འཁྲུལ་སྣང་དེ་འཛིན་ཞིང་གང་ལ་སྣང་བའི་ནང་ཤེས་རིག་འདི་ཡང་འཁྲུལ་སྣང་དེ་ལ་བལྟོས་པ་ཡིན་པའི་ཕྱིར། བདེན་དངོས་སུ་ག་ལ་ཡོད། འདི་དག་ཐམས་ཅད་ཀྱང་འཇའ་ཚོན་ལྟར་རྟེན་འབྲེལ་ཚོགས་པའི་སྣང་བ་ཙམ་ཡིན་གནས་ཚུལ་ལ་ཅུང་ཟད་ཀྱང་མ་གྲུབ་བོ་ཞེས་འདུན་པ་དྲག་པོ་སྦྱངས། ཡང་དེ་ཀ་ལ་ངལ་གསོའི་ཚུལ་དུ་རིག་པ་རང་སོར་བཞགཚུལ་དེ་བསྐྱར་གྱིན་རྟག་ཏུ་བསྒོམ་པ་སྟེ་དམིགས་སྐོར་དང་པོའོ། །ཡང་དེ་ཀ་སྔོན་དུ་འགྲོ་བའི་སྒོ་ནས། ད་ལྟའི་སྣང་བ་འདི་དང་རྨི་ལམ་ལ་ཁྱད་པར་མེད། ཉམས་སུ་ནི་གཉིས་ཀ་མྱོང༌། དོན་ལ་ནི་གཉིས་ཀ་མེད། དེས་ཁ་སང་ཕན་ཆད་ཀྱི་ན་ཚ་སྡུག་བསྔལ་དང༌། མདང་རྨི་ལམ་དུ་ན་ཚ་སྡུག་བསྔལ་འབྱུང་བ་གཉིས་ལ། དེ་རིང་གི་དུས་ན་ཁྱད་པར་ཅུང་ཟད་ཀྱང་མི་འདུག ཁ་སང་ཕན་ཆད་བཟའ་བཏུང་དགའ་སྟོན་བྱས་པ་དང༌། མདང་རྨི་ལམ་དུ་དགའ་སྟོན་བྱས་པ་གཉིས་ཀྱང༌།


TNT11_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་གི་དུས་ན་ཁྱད་ཅུང་ཟད་ཀྱང་མི་འདུག །སད་པ་རྣམས་སད་པའི་དུས་དང༌། རྨི་ལམ་རྣམས་རྨི་ལམ་གྱི་དུས་ན། སྣང་བ་ཤར་མཉམ། བདེ་སྡུག་མྱོང་མཉམ་དུ་བྱུང༌། དེ་རིང་གི་དུས་ན་རྨི་ལམ་དེ་གང་ནའང་མི་འདུག་པ་བཞིན་དུ། ཁ་སང་ཕན་ཆད་བྱུང་བའི་སད་དུས་ཀྱི་སྣང་བ་ཐམས་ཅད་ཀྱང༌། དེ་རིང་གང་ནའང་མི་འདུག་པ་དང་འདྲ། རྨི་ལམ་དང་ད་ལྟའི་སྣང་བ་ལ་ཁྱད་པར་ཅུང་ཟད་ཀྱང་མེད། བདེན་པར་གྲུབ་པར་མི་འདུག་ཨང་སྙམ་དུ་བསྒོམ། དམིགས་སྐོར་གཉིས་པའོ། །ཡང་འདུན་པ་དེ་གཉིས་འབྲེལ་ཆགས་སུ་བསྒོམ་པའི་རྗེས་སུ། དེར་མ་ཟད་རང་དང་གདོང་དུ་སྣང་བ་འདི་ཐམས་ཅད་རྨི་ལམ་རང་ཡིན་པ་འདུག་སྙམ་པའི་འདུན་པ་དྲག་པོ་སྦྱོང་སྟེ་དམིགས་སྐོར་གསུམ་པའོ། །གཉིས་པ་ནི་ལུས་གནད་བཅོས། རང་གི་མགྲིན་པར་རྩ་འཁོར་ལོ་འདབ་བཞིའམ། དེ་ཉིད་པད་མ་དམར་པོ་འདབ་བཞིའི་རྣམ་པར་སྒོམས་ཀྱང་རུང༌། རྩ་འཁོར་རམ། པདྨའི་ལྟེ་བ་ལ་ཨོཾ་དམར་པོ། འདབ་མ་བཞི་ལ་མདུན་མ་ལ་ཨ། གཡས་པ་ལ་ནུ། རྒྱབ་མ་ལ་ཏ། གཡོན་པ་ལ་ར་སྟེ་ཐམས་ཅད་ཁ་དོག་དམར་པོར་བསྒོམ། ཁ་ཅིག་ཕྱོགས་མདོག་སྒོམ་པར་འདོད་པའང་ཡོད་པ། སྤྱིར་འགོག་པ་མིན་ཏེ། འདིར་མི་མཛད་པར་གདའ་ཞིང༌། ཁ་དོག་འདྲ་བར་བྱེད་པ་འདི་ཀ་སྒོམས་སྟབས་བདེའོ། །འདབ་མ་བཞིའི་ཡི་གེ་ལ་དུམ་ཙམ་དུམ་ཙམ་རེ་སེམས་གཏོད། དབུས་ཀྱི་ཨོཾ་ལ་ཡུན་རིང་བ་རེ་སེམས་འཇོག །དམིགས་སྐོར་གཅིག་གོ །དེ་ལྟར་ཞག་ཤས་སོང་ནས། ཡི་གེ་རྣམས་ལ་སེམས་གཏོད་པའི་སྐབས་སུ། དོ་ནུབ་ཅིས་ཀྱང་རྨི་


TNT11_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྨི་བ་ཞིག་དགོས། དེ་ཡང་མང་པོ་རྨི་བ། གསལ་པོ་རྨི་བ། བཟང་བོ་རྨི་བ་གཅིག་བྱའོ་སྙམ་པའི་འདུན་པ་ཡང་ཡང་གཏོང་ངོ༌། །གཉིས་པའོ། །དེ་ལྟ་བུ་ཞག་ཤས་བསྒོམ་པས། རྨི་ལམ་མང་ཞིང་གསལ་བ་གཅིག་ཏུ་འགྱུར་འོང༌། གལ་ཏེ་མ་འགྱུར་ན་དམིགས་པ་དེ་ཁོ་ན་བསྒོམས་ནས། རླུང་བུམ་ཅན་ལ་གནད་དུ་བསྣུན་པས། དེ་མ་ཐག་ཏུ་འགྱུར་འོང༌། དམིགས་སྐོར་གསུམ་པ་སྟེ་དེ་རྣམས་དམིགས་ཆེན་གཅིག་ཡིན། འདི་ལ་རྨི་ལམ་རྨི་བར་བྱེད་པའི་གདམས་ངག་ཅེས་གསུངས་ཏེ། དེའི་གོ་དོན་ཐ་མལ་གྱི་རྨི་ལམ་འདི་ལ་ནི་ཟིན་འབྱོངས་དཀོན་ཞིང༌། བག་རེ་ཙམ་བྱུང་ཡང༌། ཉམས་མྱོང་འགང་ཆེ་བ་ཙམ་མི་ཡོང༌། རླུང་སེམས་ལ་གནད་དུ་བསྣུན་པའི་མཐུ་ལས་བྱུང་བའི་གཉིད་དང་རྨི་ལམ་གསལ་པོ་དེ་ལ་ནི་ཡོན་ཏན་སྐྱེ་བ་ཡིན་པས། དེ་ལྟ་བུའི་རྨི་ལམ་རྨི་བའི་ཐབས་ཡིན་ཞེས་པའོ། །ཡང་མགྲིན་པའི་ཨ་ནུ་ཏ་རའི་ཚབ་ལ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་མཚོན་གང་བ་གཅིག་གི་ནང་དུ། ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་འཚེར་བ་གཅིག་ལ་སེམས་བསྟད། འདི་ལའང་དམིགས་སྐོར་གསུམ་དུ་བྱ་ཚུལ་སྔ་མས་རིགས་འགྲེའོ། །རྔཽག་པའི་ཡིག་རྙིང་རྣམས་ན། སྔར་གྱི་ཨ་ནུ་ཏ་ར་ལས་འདི་ལ་བསྔགས་པ་ཆེ་བར་མཛད་དོ། །གསུམ་པ་ནི། དམིགས་པ་སྔ་མ་དེ་བསྒོམས་པས་རླུང་དྭངས་ཏེ་རྨི་ལམ་གསལ་ལ་མང་བ་རྟག་པར་ཡོང༌། དེ་བྱུང་བ་ན་ཡང་སྔར་བཞིན་མགྲིན་པའི་ཨོཾ་ཡིག་ཨ་ནུ་ཏ་ར་དང་བཅས་པ་གསལ་བཏབ། དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱའོ་སྙམ་པའི་


TNT11_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་དང་བཅས། འདབ་མའི་ཡི་གེ་བཞི་ལ་རིམ་པས། ཡུད་རེ་ཡུད་རེ་སེམས་བསྟད། དབུས་ཀྱི་ཨོཾ་ལ་རིག་པ་བསྟད་དེ་འདུན་པ་དྲག་ཏུ་སྦྱོང་བ་ཡུན་རིང་དུ་བྱའོ། །ཐུན་མཚམས་ཐམས་ཅད་དུ་ཡང་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །ཉལ་བའི་སྐབས། དང་པོར་ཨ་ལ་སེམས་འཛིན། གཉིད་འབྱུང་ཚང་པ་ལ་ནུ་དང༌། ཅུང་ཟད་སྲིབ་པ་ན་ཏ་དང༌། ཧཱུཾ་གི་འགྲོ་བ་ན་ར་དང༌། གཉིད་དངོས་ལ་ཐིབ་ཀྱི་སོང་བ་ན་ཨོཾ་ལ་སེམས་འཛིན་ཞེས་བཤད་པ་བྱེད་ཀྱང༌། ལག་ལེན་ལ་འགོར་འགྲོ་བས། ཐོག་མ་གཉིད་དུ་མི་འགྲོ་བའི་དུས་ཉིད་ནས། ཡི་གེ་བཞི་ལ་རིམ་ཅན་དུ་སེམས་བསྟད་དེ། མཐར་ཨོཾ་ལ་སེམས་བསྟད་པའི་ངང་ནས་གཉིད་དུ་འགྲོ་བ་ཁོ་ནས་ཆོག་གསུངས། དེ་སྐབས་ཀྱང་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་མི་དྲག་ཙམ་སྦྱངས་བས་ངེས་པར་ཟིན་པར་འགྱུར་རོ། །དེ་ནས་འདུན་པ་དེ་ཉིད་རྒྱུན་དུ་སྦྱོངས་པས། རྨི་ལམ་ཕལ་ཆེར་རྨི་ལམ་དུ་ངོ་ཤེས་པར་འབྱུང་སྟེ་དམིགས་སྐོར་གཅིག་གོ །ཡང་ཉིན་པར་མགྲིན་པའི་འཁོར་ལོ་སྔར་བཞིན་བསྒོམས་ནས། དོ་ནུབ་རྨི་ལམ་མང་པོ་རྨི་གསལ་པོ་རྨི། བཟང་པོ་རྨི་བར་བྱ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ཞིག་བྱ་སྙམ་པའི་འདུན་པ་དྲག་པོ་བཏང༌། མགྲིན་པའི་ཨོཾ་ཡིག་ལ་སེམས་བསྟད་པའི་ངང་ནས་སྔར་བཞིན་བསྒོམ། དམིགས་བསྐོར་གཉིས་སོ། །དེ་ནས་ཡང༌། སྣང་བ་ཐམས་ཅད་རང་སེམས་ལས་གཞན་དུ་མེད། བདེན་པར་མ་གྲུབ། སད་དུས་ཀྱི་སྣང་བ་རགས་པ་དང༌། རྨི་ལམ་ཞེས་བྱ་བ་ལ་ཡང་ཁྱད་པར་མི་འདུག་སྙམ་པའི་ངང་ནས་སེམས་ལ་ཆེ་རེ་བལྟ་ལྷོད་ཀྱིས་བཞག །ཡང་མགྲིན་པའི་ཨོཾ་ཡིག་ལམ་


TNT11_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དྲན་པ་དང༌། སྣང་ཡང་བདེན་པས་སྟོང་པའི་འདུན་པ་དུང་ཙམ་ཞིག་བྱ། དམིགས་སྐོར་གསུམ་མོ། །དེ་ཉིད་ཡང་ནས་ཡང་དུ་སྒོམ། དེ་ལྟར་སྒོམས་པས། དང་པོར་རྨི་ལམ་གསལ་པོ་ཞིག་རྨི། དེ་རྨི་ལམ་དུ་ཤེས། དེ་ནས་བདེན་མེད་ཀྱི་འདུན་པ་རང་ཤུགས་སུ་འབྱུང་བས་རྐྱེན་བྱས་ཏེ། རྨི་ལམ་གྱི་སྣང་བ་ཡང་མ་ཡལ་བ་ལ། སེམས་བདེ་སྟོང་དུ་ལྷན་ནེ་གནས་པ་ཞིག་འབྱུང༌། འདི་རྨི་ལམ་གྱི་དགེ་སྦྱོར་དངོས་གཞི་ཡིན། འོག་ཏུ་འཆད་པར་འགྱུར་བའི་སྤེལ་སྦྱང་གཉིས་འདིའི་ཡན་ལག་ཡིན་གསུང་ངོ༌། །ཡང་གོང་དུ་སྨིན་མཚམས་ཀྱི་ཐིག་ལེ་ལ་དམིགས་པ་སྦྱངས་པ་ཡིན་ན། སྐབས་འདིར་ཡང་མགྲིན་པར་ཡི་གེ་ལྔ་སྒོམ་པའི་དོད་སྨིན་མཚམས་ཀྱི་ཐིག་ལེ་ལ་བྱས་ཏེ་འདུན་པ་ནི་སྔར་བཞིན་སྐྱོང་བ་ཡིན། དེས་ན་འདི་ལའང་དམིགས་སྐོར་གསུམ་དང༌། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱེད་པ་དང༌། རྨི་ལམ་གྱི་རང་བཞིན་ཤེས་པར་བྱེད་པ་གཉིས་ཡོད་དོ། །འདི་དག་ལའང་ཡུན་རིང་རབ་བསྒོམས་ཀྱང༌། རྨི་ལམ་མི་ཟིན་པ་དང༌། རྨི་ལམ་ཟིན་ཡང་དགེ་སྦྱོར་མི་སླེབ་པའི་རིགས་ལ། རླུང་བུམ་ཅན་འཛིན་ཞིང༌། བདེན་མེད་ཀྱི་འདུན་པ་དེ་ཤུགས་ཆེ་ལ་ཡུན་རིང་དུ་སྦྱོང་བ་གལ་ཆེའོ། །བཞི་པ་ནི། སྔར་བཞིན་མགྲིན་པའི་ཡི་གེ་ལྔའམ། སྨིན་མཚམས་ཀྱི་ཐིག་ལེ་ལ་སེམས་གཏོད་པ་གང་རུང་གཅིག་བསྒོམ་པའི་ངང་ནས། རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་སྦྱངས། རང་གི་མདུན་ན་ཡོད་པའི་སྣོད་བཅུད་ཀྱི་དངོས་པོ་ཞིག་ལ་དམིགས། མང་པོར་སྤེལ་བའི་རྗེས་སུ་གཅིག་ཏུ་བསྡུ་


TNT11_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། ཆེན་པོར་རྒྱ་བསྐྱེད་ཅིང་ཆུ་ངུར་བསྡུ་བ་སོགས་ལ་བསླབ། དམིགས་སྐོར་གཅིག །ཡང་བདེན་མེད་དུ་ཤེས་པའི་སྒོ་ནས། མེ་ཆུ་གཡང་ས་སོགས་འཇིགས་སྐྲག་སྐྱེ་བ་དང༌། སྐྱུག་བྲོ་ངོ་ཚ་སོགས་ལ་ཐོག་རྫིས་ཀྱི་དམིགས་པ་བྱེད། རི་རབ་སོགས་ཐོགས་བཅས་ལ་ཐོགས་མེད་དུ་སྦྱོང་ངོ༌། །དམིགས་སྐོར་གཉིས། ཡང་སྒྱུ་མའི་འདུན་པ་དང་བཅས་བཞིན་པས། ཉི་ཟླའི་འོད་ཟེར་ལ་འཇུས་ནས་སུམ་ཅུ་རྩ་གསུམ་སོགས་བལྟ། དགའ་ལྡན་དུ་ཕྱིན་ནས་བྱམས་པ་ལ་ཆོས་ཉན། ཡི་དམ་གྱི་ལྷའི་ཞལ་བལྟ། བླ་མ་དང་མཁའ་འགྲོ་སོགས་དང་མཇལ་ནས་དབང་བསྐུར་ཞུ། ནམ་མཁའ་ལ་འཕུར། ས་འོག་ཏུ་འཛུལ། སྟོད་ནས་མེ་འབར་བ་དང༌། སྨད་ནས་ཆུ་འབྲུབ་པ་སོགས་ཆོ་འཕྲུལ་སྣ་ཚོགས་པ་བྱའོ་སྙམ་པའི་འདུན་པ་བྱ། དེ་ལྟ་བུ་བསྒོམ་ཡང་བསྒོམ་མོ། །དམིགས་སྐོར་གསུམ་པའོ། །དེ་གསུམ་ཆར་ལ་ཡང༌། ཐོག་མར་མགྲིན་པའི་སྨིན་མཚམས་སུ་སེམས་བསྟད། སྣང་བ་འདི་ལ་བདེན་མེད་དང་རྨི་ལམ་གྱི་འདུན་པ་སྦྱངས་དེ་ནས་སོ་སོའི་དམིགས་པ་དང་བཅས་ཏེ། དོ་ནུབ་རྨི་ལམ་དུའང་འདི་ལྟར་བྱའོ་སྙམ་པ་དེ་བསྟར་ཆགས་སུ་བསྒོམ་དགོས་པ་ཡིན། ཉིན་པར་དེ་ལྟར་བསྒོམས་པས་མཚན་མོ་རང་ཤུགས་སུ་འབྱུང་ངོ༌། །ལྔ་པ་ནི། ཡང་ཉིན་པར་སྔར་བཞིན། མགྲིན་པའི་ཡི་གེ་ལྔ་དང༌། དཔྲལ་བའི་ཐིག་ལེ་གང་རུང་ལ་སེམས་བསྟད། བདེན་མེད་དང༌། རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་སྦྱངས་


TNT11_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀའི་ངང་ལ་དམིགས་པར་ཅུང་ཟད་བཞག །དེ་མ་ཐག་རང་གཞན་སྣོད་བཅུད་ཐམས་ཅད་དགྱེས་པ་རྡོ་རྗེའམ། བདག་མེད་མའི་དཀྱིལ་འཁོར་དུ་ཕྲ་གསལ་གྱིས་བསྒོམ་བདེན་མེད་དང༌། རྨི་ལམ་གྱི་འདུན་པ་ཡུད་ཙམ་སྦྱངས། ཉིན་པར་དེ་ལྟ་བུ་ཡང་ཡང་བསྒོམས་པས་མཚན་མོ་རྨི་ལམ་དུའང་འབྱུང་སྟེ། དང་པོར་ལྷ་སྐུ་ཤར། དེ་བདེན་མེད་དུ་ཤེས་པས་བདེ་བ་རང་ཤུགས་སུ་རྙེད་དེ། ལྷ་སྐུ་གསལ་སྟོང་བདེ་བའི་ངང་ལས་མ་གཡོས་པ་ཞིག་འབྱུང་ངོ༌། །འདིས་རྨི་ལམ་གྱི་དགེ་སྦྱོར་མཐར་ཕྱིན་པའོ། །དགྱེས་རྡོར་བསྲེ་འཕོ་འདི་ལ་སྒྱུ་ལུས་ཀྱི་གདམས་ངག་གི་རྩ་བ་རྨི་ལམ་ཡིན་པར་མཛད་དོ། །ལས་དང་པོ་པ་གཅིག་ལ་སད་དུས་ཀྱི་སྒྱུ་མའི་ཉམས་མྱོང་དེ། གློ་བུར་བཙན་ཐབས་སུ་སྐྱེ་དཀའ་བས། སད་དུས་རང་ལ་དང་པོར་གནད་དུ་བསྣུན་དགོས་ན། སྒྱུ་མ་ལྟ་བུ་ལས་གཏུམ་མོ་ཁོ་ན་གནད་དུ་ཆེ། འོན་ཀྱང་རྨི་ལམ་གྱི་གདམས་ངག་ལས་ནི། ལས་དང་པོ་པ་ལའང་འཕྲལ་དུ་ཉམས་མྱོང་སྐྱེ་ཐུབ། དེ་བྱུང་ན་སད་དུས་ཀྱི་སྒྱུ་མའི་ཉམས་མྱོང་སྐྱེ་བ་ལ་ཡང་ཚེགས་མེད་པས་རྨི་ལམ་གྱི་གསེང་ལམ་ལ་ཕྱིན་ན་སད་དུས་ཀྱི་སྒྱུ་ལུས་ལ་ཚེགས་མེད་དོ། །དེས་ན་སད་དུས་དང་བར་དོ་སྒྱུ་མའི་རྩ་བ་རྨི་ལམ་སྒྱུ་མ་ལ་ཐུགལུགས་འདིའི་རྒྱུད་བཤད་ཀྱི་སྐབས་ན་ཡང༌། ལྟེ་བར་གཏུམ་མོ། སྙིང་གར་འོད་གསལ། མགྲིན་པར་སྒྱུ་ལུས། སྤྱི་བོར་ལས་རྒྱ་སྟེ། འཁོར་ལོ་བཞི་ལ་ལམ་བཞི་སྦྱོར་བའི་སྐབས། སྒྱུ་ལུས་ཀྱི་གདམས་ངག་མགྲིན་པར་གནད་དུ་བསྣུན་གསུང་བའི་རྒྱུ་མཚན་དེ་ཡིན་ནོ། །ལུགས་


TNT11_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་འཆད་ཚུལ་གཞན་ཡང་ཡོད་དེ་འདིར་མ་སྨོས་སོ། །གཉིས་པ་ཉམས་མྱོང་སྐྱེས་པ་བརྟན་རྒྱས་སུ་བྱེད་པ་ལ། སྣང་བ་སྒྱུ་མ་དང༌། བར་དོ་སྒྱུ་མ་གཉིས་སོ། །དང་པོ་ལ། དངོས་དང་བོགས་འདོན་གཉིས་ལས། དང་པོ་ནི། གཉིད་སད་དུས་ཀྱི་སྒོམ་ཡིན་ཏེ། དབང་པོ་རྣོན་པོ་ཞིག་ལ་རྨི་ལམ་ཟིན་པ་དང་འབྱོངས་པ་ན་སད་དུས་ཀྱི་སྒོམ་རང་ཤུགས་ཀྱི་འབྱུང་བ་ཞིག་ཀྱང་ཡོད། དབང་པོ་འབྲིང་ལ་རྨི་ལམ་གྱི་ཉམས་དེས་ད་ལྟའི་སྣང་བ་ལ་རྒྱས་བཏབ་པ་ཙམ་གྱིས་འཆར་ཐུབ་པ་ཞིག་ཀྱང་ཡོད་མོད། འདིར་དབང་པོ་ཐ་མ་ཞིགརྨི་ལམ་དག་པར་འབྱོངས་ན་རབ་ཡིན། མིན་ན་ཡང་རྨི་ལམ་ཟིན་ཞིང་དེར་སྒྱུ་མ་ལྟ་བུའི་ཉམས་སྐྱོང་ཐུབ་ཀྱིན་ཡོད་ན། ཉིན་པར་ཡང་འདི་ལྟར་བསྒོམ་སྟེ། སྔོན་འགྲོ་རྣམས་གོང་ལྟར་བཏང༌། སྔར་བཞིན་མགྲིན་པའི་ཨོཾ་ཡིག་ལ་སེམས་ཅུང་ཟད་བསྟད་དེ། རང་གཞན་སྣོད་བཅུད་འདི་དག་སྣང་ལ་རང་བཞིན་མེད་པ་རྨི་ལམ་ལྟ་བུའོ། །ཞེས་རྨི་ལམ་གྱི་ཉམས་མྱོང་དྲན་པ་དང་བསྲེས་ཏེ་ཅུང་ཟད་བཞག །དེ་ཡང་ཡང་བསྒོམ་སྟེ་དམིགས་སྐོར་གཅིག །ཡང་དེའི་འཕྲོས་ལ་སྣང་བ་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང༌། གང་ཡང་བསམ་དུ་མེད་པར་འཇོག་པ་ཡང་ཡང་བསྒོམ་དམིགས་སྐོར་གཉིས། ཡང་བདེན་མེད་ཀྱི་འདུན་པ་དང་མི་རྟོག་པ་དེ་ཁ་བཞིན་སྔོན་དུ་བཏང་ནས་སྟོང་པའི་ངང་ལས། རང་དགྱེས་རྡོར་རམ་བདག་མེད་མའི་སྐུར་ཝལ་གྱིས་བསྒོམ། སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསམ། དམིག་སྐོར་གསུམ། ལྷར་ཤར་ཙ་ན་སྒྱུ་མ་ཡང་རང་ཤར་དུ་


TNT11_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ན་དེས་ཆོག །དེ་མིན་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལ་ཡང་སྒྱུ་མ་ལྟ་བུའི་འདུན་པ་སྦྱངས། དམིགས་སྐོར་བཞི། ཐུན་མཚམས་ཐམས་ཅད་དུ་ཡང་ལྷ་སྐུ་དང་སྒྱུ་མའི་འདུན་པ་སྦྱོང༌། དམིགས་སྐོར་ལྔ་སྟེ་དམིགས་ཆེན་གཅིག་ལས་ཕྱེ་བའི་དམིགས་སྐོར་ལྔའོ། །གཉིས་པ་ནི། དེ་ནས་རང་གི་མདུན་དུ་མེ་ལོང་བཞགརང་གི་གཟུགས་བརྙན་ཤར་བ་ལ། སྐྱེ་བོ་མང་པོས་བསྟོད་པ་དང་མཆོད་པར་བསམ། གཟུགས་བརྙན་ལ་དགའ་སེམས་མེད། སྨོད་ཅིང་བརྡེག་འཚོག་བྱེད་པར་བསམ། གཟུགས་བརྙན་ལ་ཞེ་སྡང་མེད། ཐམས་ཅད་འདི་ལྟ་བུའོ་སྙམ་དུ་བསམ། དམིགས་སྐོར་གཅིག་དེ་རང་དང་མེ་ལོང་གི་བར་དུ་བཏོན་ནས་སྒོམ་སྟེ། དམིགས་སྐོར་གཉིས། རང་ལའང་དེ་བཞིན་དུ་བསྒོམ་སྟེ་དམིགས་སྐོར་གསུམ། དེ་བཞིན་དུ་ཡི་དམ་གྱི་བྲིས་སྐུ་འགྱིང་ལོག་གི་གཟུགས་བརྙན་མེ་ལོང་ལ་ཤར་བར་བྱས་ཏེ་བསྒོམ་པ་སོགས་ལའང་གསུམ་སྟེ། དམིགས་སྐོར་དྲུག་པོ་དེ་རྣམས་བོགས་འདོན་ནོ། །རྨི་ལམ་དང་གཉིད་སད་ཀྱི་སྒྱུ་མ་དེ་ཡན་ཆད་བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ་བའི་ལམ་དངོས་ཡིན། དེ་ཡང་གཏུམ་མོ་དང་རྨི་ལམ་གཉིས་ཀར་བསྒོམ་པས། གཉིས་ཀ་ལ་ཉམས་མྱོང་སྐྱེས་ན་རབ་ཡིན། ད་དུང་གཉིས་ཀ་བསྒོམ་ཞིང་ཉམས་སྐྱོང༌། གང་རུང་ཞིག་ཁོ་ན་ལ་སྐྱེས་ནའང༌། དེ་ཀ་ལ་བསྒྲིལ་ཏེ་སྒོམས་པས་ཆོག །གང་ལ་ཡིན་ཡང་རུང༌། རབ་ཏུ་མཉམ་རྗེས་མེད་པ་ཞིག་དགོས་ཏེ། དེང་སང་གི་གང་ཟག་ལ་དེ་ཡང་དཀོན། མཉམ་བཞག་གི་སྒོམ་ཞིག་ལ་མེད་ཐབས་མེད། དེ་ཡོད་པས་ཀྱང་འཆི་བ་བར་


TNT11_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཀུན་ལ་བསྲེ་ཐུབ་པར་འོང་ངོ༌། །གཉིས་པ་བར་དོ་སྒྱུ་མའི་མན་ངག་ལ། བར་དོ་དང་པོ་འཆི་བ་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་བཟུང་བ་དང་གཅིག །འདི་ཚེ་འདིར་སངས་རྒྱ་བའི་ཕྱོགས་སུ་གཏོགས་གསུངས་ཏེ་བར་དོ་ཀ་གཙོ་ཆེ། བར་དོ་གཉིས་པ་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་གཉིས། བར་དོ་གསུམ་པ་འགྲོ་དྲུག་གི་སྐྱེ་སྒོ་དགག་པ་དང་གསུམ། དེ་གཉིས་བར་དོར་སངས་རྒྱས་བའི་གདམས་ངག་དངོས་ཡིན། འཕྲོས་དོན་ལ་བཞི་པ་སྐྱེ་སྒོ་མ་ཁེགས་ན་སྐྱེ་གནས་འདམ་དུ་ཡོད་པའི་གདམས་ངག་དང་བཞིའོ། །དེ་ཡང་རྩ་བའི་ཡི་གེ་རྣམས་ལས། རྨི་ལམ་སྒྱུ་མའམ། གཏུམ་མོའི་ཉམས་མྱོང་ཅུང་ཟད་ཡོད་པ་ཞིག་ཡིན་ན། འཆི་ཁ་ཁོ་ནར་བསྒོམ་པ་འདྲ་བ་ཞིག་བཤད་ཀྱང༌། ད་ལྟ་རང་ནས་མ་སྦྱངས་ན། གདེང་ཁེལ་མི་ཡོང་བས་སྦྱོང་དགོས། དང་པོ་ནི། སྔོན་འགྲོ་སྔ་མ་ལྟར་སྦྱངས། ནམ་ཞིག་བདག་འཆི་བའི་ཚེ། འཆི་བ་ཆོས་ཀྱི་སྐུར་ལམ་དུ་འཁྱེར་དགོས། དེ་ཡང་འདི་ལྟར་སྒོམ་པ་ཡིན་སྙམ། འཆི་བ་ལམ་ཁྱེར་ཡིན་ནོ་བར་ཤེས་པའི་འདུན་པ་དེ། དམིགས་པའི་སེབ་ལ་བསྟར་ཆགས་སུ་ཡོང་བར་བྱས་ནས་རང་གི་ལྟེ་འོག་སོར་བཞི་རྩ་མདུད་གྲུ་གསུམ་ཆོས་འབྱུང་དམར་པོར་གྱུར་པའི་ནང་དུ། རྩ་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཨ་ཤད་དམར་པོ་གཅིག །འདབ་མ་བཞི་ལ། ཨ་ནུ་ཏ་ར་བཞི་ཡང་དམར་པོར་བསྒོམ། དམིགས་གནད་དང་པའོ། །ནམ་ཞིག་ས་ཆུ་ལ་ཐིམ་དུས། ལུས་ཀྱི་ཟུངས་མི་ཐུབ། ས་ལ་བྱིང་བའམ་གཞན་གྱིས་མནན་པ་སྙམ་བྱེད།


TNT11_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལྟ་བུ་ལང་ལོང་གི་ཉམས་འབྱུང་བ་ཡིན་པ་འདུག་སྙམ། མདུན་གྱི་ཨ་ལ་ཤེས་པ་བསྟད། གནད་གཉིས་པའོ། །ཨ་དེ་གཡས་ཀྱི་ནུ་ལ་ཐིམ། ནམ་ཞིག་ཆུ་མེ་ལ་ཐིམ་པ་ན། ལུས་གྲང་བ་དང་འདར་བའི་རྣམ་པ་འབྱུང༌། སྣང་གྲག་གི་ཆོས་རྣམས་དུ་བ་ལྟ་བུར་ཡུལ་ཡུལ་པོའི་ཉམས་འཆར་རོ་སྙམ་གཡས་ཀྱི་ནུ་ལ་ཤེས་པ་བསྟད། གནད་གསུམ་པའོ། །དེ་རྗེས་ནུ་ཡང་རྒྱབ་ཀྱི་ཏ་ལ་ཐིམ། ནམ་ཞིག་མེ་རླུང་ལ་ཐིམ་པ་ན། ཐོག་མར་ཚད་དུགས་ཆེ་ཞིང༌། ཕྱི་ནས་ཚད་པ་ཡལ། རང་གི་སེམས་མེ་ཁྱེར་ལྟ་བུ་གསལ་ཧྲིག་ཙམ་འབྱུང་སྙམ་དུ་རྒྱབ་ཀྱི་ཏ་ལ་སེམས་བསྟད། གནད་བཞི་པའོ། །དེ་ནས་ཏ་ཡང་གཡོན་གྱི་ར་ལ་ཐིམ། ནམ་ཞིག་རླུང་རྣམ་ཤེས་ལ་ཐིམ་པ་ན། གཡོ་བ་དང༌། འཁྲིགས་པ་དང༌། འགུལ་བའི་ཉམས་དྲག་པོ་དང༌། རླུང་གི་ཁྱེར་བ་ལྟར་སྣང༌། ཤེས་པ་མར་མེ་ལྟར་ཤིན་ཏུ་གསལ་བ་བཀྲ་ལམ་པ་འབྱུང་བར་འདུག་སྙམ་དུ་གཡོན་གྱི་ར་ཡིག་ལ་སེམས་བསྟད། གནད་ལྔ་པའོ། །དེ་ནས་ར་ཡིག་དེ་ཡང་དབུས་ཀྱི་ཨ་ཤད་ལ་ཐིམ། ནམ་ཞིག་ནམ་མཁའ་རྣམ་ཤེས་ལ་ཐིམ་པ་ན། རྣམ་ཤེས་ཀྱི་ནང་ནས་སྣང་བ་དཀར་ལམ། མཆེད་པ་དམར་ལམ། ཐོབ་པ་ནག་ལམ། འོད་གསལ་སྤྲོས་བྲལ་གསལ་ཞིང་རིག་པ་རྣམས་སེམས་ནམ་མཁའ་གཡའ་དག་ལྟ་བུ་ཕྱོགས་ཆ་ཉེ་རིང་མེད་པ་ལ་འཆར་བ་ཡིན་པ་འདུག་སྙམ་པ་དང༌། དབུས་ཀྱི་ཨ་ཤད་ལ་ཡུན་རིང་དུ་སེམས་བསྟད། མཐར་དེ་ཡང་མི་དམིགས་པར་དབྱིངས་སུ་ཐིམ་པ་ལ།


TNT11_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་བཞག །གནད་དྲུག་པའོ། །ཡང་དེ་ལས་དགྱེས་རྡོར་རམ་བདག་མེད་མ་གཙོ་རྐྱང་ངམ་དཀྱིལ་འཁོར་སྐད་ཅིག་གིས་བསྒོམ། སྒྱུ་མ་ལྟ་བུར་ཤེས་པར་བྱ་གནད་བདུན་པའོ། །གནད་དང་པོ་དྲུག་འོད་གསལ་དང༌། ཕྱི་མ་སྒྱུ་ལུས་ཡིན། དེ་ཀ་ཡང་ཡང་བསྒོམ་པ་དམིགས་རྟེན་གཅིག་ཡིན་ལ། འདིའི་ནང་གི་གནད་བདུན་པ་དེ་ལ། དམིགས་སྐོར་རེ་རེར་བྱས་ནས་འཚམ་པར་འོང་བས་དེང་སང་འཁྲིད་འདེབས་པ་རྣམས་ཀྱི་དེ་བཞིན་དུ་བྱས་ན་ལེགས་སོ། །འཆི་བའི་དུས་སུ་ཕྱིའི་རྟགས་རྣམས་རང་གི་མི་ཤེས་ཀྱང༌། ནང་རྟགས་རྣམས་དངོས་སུ་མྱོང་བར་འགྱུར་བའི་ཕྱིར། ད་ལྟ་ནས་ཡང་ཡང་དྲན་པའི་སྒོ་ནས་འདྲིས་འཇུག་པ་གལ་ཆེ་མོད། བློ་འཁོབས་ཆུང་བས་སྒོམ་སྟབས་མི་བདེ་ན། ས་ཆུ་ལ་ཐིམ་པ་ཡིན་སྙམ་པ་ནས། རྣམ་ཤེས་འོད་གསལ་དུ་ཐིམ་པ་ཡིན་སྙམ་པའི་བར་དྲན་ཙམ་བྱ་སྟེ། དེ་དག་དགེ་སྦྱོར་གྱི་གཞི་བཅའ་བ་སྟེ་གཉིད་སད་ཀྱི་གདམས་ངག་ཡིན་ནོ། །དེ་ལྟར་དམིགས་པ་དེ་འབྱོངས་པར་བྱུང་ན། ཉལ་ཁར་ཡང་དེ་བཞིན་དུ་བསྒོམ་སྟེ། གཉིད་ལ་རིམ་གྱིས་འགྲོ་བའི་རིམ་པ་བཞི་ལ། ཡི་གེ་སོ་སོ་སྦྱོར་བའི་བཤད་པ་ཙམ་ཡོད་ཀྱང༌། ད་ལྟའི་གང་ཟག་གིས་ལག་ལེན་ཏུ་མི་ཁེལ་བས། གཉིད་མི་བྲོ་བ་རིག་པ་དྭངས་སུ། སྔར་གྱི་དམིགས་པ་དེ་རྫོགས་པར་བསྒོམ། ཨ་ཤད་ལ་སེམས་བསྟད་པའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །དམིགས་སྐོར་གཅིག །དེ་ལྟར་ཡང་གོམས་པས་གཉིད་ཀྱི་འོད་གསལ་ཟིན་ཡོང་ཞིང༌། ཡང་ཉིན་པར་སྔར་གྱི་


TNT11_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དེ་བསྒོམ་ནས་ཨ་ཤད་ལ་སེམས་གཏོད་པའི་སྐབས། ད་ལྟ་མི་རྟོག་པ་བསྒོམ་པའི་རྗེས་སུ། གཞན་གྱིས་བར་མ་ཆོད་པར་ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམ་དགོས་སྙམ་པའི་འདུན་པ་བཏང༌། དེ་རྗེས་ཨ་ཤད་དེ་ཡང་མི་དམིགས་པར་སྦྱངས་ཏེ་སེམས་ཅི་གནས་གནས་སུ་བཞག །དེའི་འཕྲོ་བཅད་དེ་རང་ཉིད་ཡི་དམ་དུ་ཝལ་གྱིས་བསྒོམས་ནས། སྣང་སྟོང་སྒྱུ་མ་ལྟ་བུའི་རང་ཞལ་ལ་ཆེ་རེ་བལྟ་བར་བྱའོ། །དམིགས་པ་འདི་སྐྱར་གྱིན་ཡང་ཡང་བསྒོམ་དམིགས་སྐོར་གཉིས། ཡང་དེའི་སྟེང་དུ་དོ་ནུབ་གཉིད་འཐུག་པོའི་སྐབས་སུ་མི་རྟོག་པ་བསྒོམས། རྨི་ལམ་དུ་ལྷ་སྐུ་སྣང་སྟོང་བསྒོམ་དགོས་སྙམ་པའི་འདུན་པ་བསྣན་ཏེ་བསྒོམ། དམིགས་སྐོར་གསུམ། ཉིན་པར་དེ་བཞིན་བསྒོམ། ཉལ་ཁར་ཨ་ཤད་ལ་སེམས་གཏོད་པའི་སྐབས། ད་ལྟ་གཉིད་འཐུག་པོ་ལ་འོད་གསལ་ཟིན་པ་ཞིག་དང༌། རྨི་ལམ་ལྷ་སྐུར་འཆར་བ་ཞིག་བྱེད་དགོས་སྙམ་པའི་འདུན་པ་ལྷང་ངེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱ། དེ་འདྲ་ལན་མང་དུ་སོང་ན་གཉིད་འཐུག་པོ་དང་རྨི་ལམ་ལ་ངེས་པར་ཡོང་བ་ཡིན་ནོ། །དམིགས་སྐོར་བཞི་སྟེ། དགེ་སྦྱོར་གཉིད་དང་བསྲེ་བའོ། །དམིགས་པ་དེ་རྣམས་འབྱོངས་པའི་སྐབས་ནི། ཉིན་པར་སྔར་གྱི་དམིགས་པའི་སྟེང་དུ། འདུན་པ་བསྣན་ཏེ། ནམ་ཞིག་འཆི་བའི་དུས་སུ་འདི་ལྟར་སྒོམ་རྒྱུ་ཡིན། ཕྱི་ནང་གི་སྣང་བ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱ། འཆི་བ་འོད་གསལ་བྱ་བ་ཡང་ད་ལྟ་ཨ་ཤད་ཡལ་བའི་དུས་ཀྱི་མི་རྟོག་པ་འདི་ཀ་འདྲ་བ་ཞིག་ཡིན། སེམས་ཀྱི་རང་


TNT11_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྲོས་བྲལ་བདེ་སྟོང་འདི་ལ་རང་ངོ་ཤེས་པའི་སྒོ་ནས་གནས་པ་ཞིག་བྱེད་དགོས་སྙམ་པ་དང༌། དེ་ལས་ལངས་ཏེ་ལྷ་སྐུར་ཤར་བའི་དུས་བར་དོར་ཡང་འདི་ལྟ་བུ་བསྒོམ་རྒྱུ་ཡིན་སྙམ་པའི་འདུན་པ་བྱ། དམིགས་སྐོར་གཅིག་ཡང་ཉལ་བའི་དུས་སུ་འདུན་པ་དེ་ཀ་ཁ་སྤོས་ཏེ། ནམ་ཞིག་འཆི་བའི་ཚེ་ཡང༌། ད་ལྟ་གཉིད་འོད་གསལ་དུ་འཇུག་པའི་གདམས་པ་འདི་ཀ་བསྒོམ་རྒྱུ་ཡིན་སྙམ་པ་སྟེ་དམིགས་སྐོར་གཉིས། དེའི་སྟེང་དུ་བར་དོའི་གནས་སྐབས་སུ་ཡང་ད་ལྟའི་རྨི་ལམ་དང་འདྲ་བར་ལྷ་སྐུ་སྣང་སྟོང་འདི་ཀ་སྒོམ་དགོས་སྙམ་པའི་འདུན་པ་སྦྱངས། དམིགས་སྐོར་གསུམ་མོ། །དེས་གཉིད་འཐུག་པོའི་སྐབས་སུ་ཡང༌། འཆི་བ་དང་བསྲེ་བའི་དྲན་པ་ཅུང་ཟད་ཡོང་ཞིང༌། རྨི་ལམ་ལྷ་སྐུར་ཤར་བའི་སྐབས་བར་དོ་དང་བསྲེ་བའི་འདུན་པ་གསལ་པོ་འབྱུང༌། དེ་རྣམས་དགེ་སྦྱོར་འཆི་བ་དང་བསྲེ་བའོ། །ད་ལྟ་གསོན་པོའི་དུས་སུ་སད་དུས་དང་གཉིད་ཀྱི་དགེ་སྦྱོར་དེ་སྐྱོང་ཐུབ་ན། འཆི་བ་འོད་གསལ་ངོས་ཟིན་པར་ཐེ་ཚོམ་མེད་དོ། །ཆོས་སྐུ་ངོས་བཟུང་བའི་གདམ་ངག་འདི་རྣམས་དམིགས་པ་དེ་ཉིད་འོད་གསལ་གྱི་དམིགས་པ་ཤས་ཆེ་ཡང་བར་དོའི་གདམས་ངག་དང་འབྲེལ་ཆེ་བས་བླ་མ་གོང་མ་རྣམས་ཀྱིས་བར་དོ་སྒྱུ་མའི་སྐབས་འདིར་སྟོན་པ་མཛད་པ་ཡིན་ལ། འོན་ཀྱང་སློབ་དཔོན་རྔོག་ཞེ་སྡང་རྡོ་རྗེའི་མན་ངག་ཡིག་ཆུང་རྣམས་ཀྱི་ནང་ན་སྒྱུ་ལུས་ཀྱི་ཡིག་ཆུང་ཚིག་སྣ་རིང་ཐུང་འདྲ་མིན་གསུམ་ཡོད། དོན་ལ་ཁྱད་མེད་དེ་དེ་དག་ནས་འོད་གསལ་ལས་ལྷ་སྐུར་ལྡང་བ་འདི་རྣམས་གསལ་བ་མ་བྱུང༌། རང་ལུགས་ཀྱི་གདམས་ངག་


TNT11_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང་མོས་ལུགས་ཀྱི་གདམས་ངག་ལ་ཡོད་དེ། འདི་ངེས་པར་དགོས། གཞན་དུ་ན་སྤྱིར་སྒྱུ་ལུས་ཀྱི་གདམས་ངག་ཡིན་པར་མི་འགྲོ། སྒོས་བར་དོའི་གདམས་ངག་ཡིན་པའི་རྒྱུ་མཚན་མེད་པར་འགྱུར་རོ། །ཡིག་ཆུང་དེ་དག་ཏུ་མི་གསལ་བ་ཡང་ཚིག་སྣ་ཐུང་བ་དང་གབ་པ་ཡིན་གྱི། རྒྱུད་བཤད་ལས་གསལ་བའི་ཕྱིར་མི་བཞེད་པ་མ་ཡིན་ནོ། །གཉིས་པ་སྒྱུ་ལུས་ལ་བརྟེན་ན་ཟུང་འཇུག་གི་སྐུ་ངོས་འཛིན་པ་ནི། སྔོན་འགྲོ་དཀྱུས་དང་འདྲ། དམིགས་པ་སྔར་གྱི་ཡི་གེ་ལྔ་འོད་གསལ་དུ་བསྡུ་བའི་བར་དེ་དག་སྔོན་དུ་སོང་ན་ལེགས། མ་སོང་རུང་འདྲ་སྟེ་མི་རྟོག་པ་ལ་ཅུང་ཟད་བཞག །དེ་ནས་རང་གཞན་ཕྱི་ནང་གི་སྣང་བ་ཀུན་ལ་གཞིག་འབྲེལ་ཞིག་བཅུག །འདི་ཐམས་ཅད་བར་དོའི་སྣང་བ་ཡིན་པར་འདུག་མ་འཁྲུལ་བར་བྱ་སྙམ་ནས་རང་གཞན་སྣོད་བཅུད་ཐམས་ཅད་དགྱེས་པ་རྡོ་རྗེའི་བདག་མེད་མའི་དཀྱིལ་འཁོར་དུ་བསྒྱུར། སྒྱུ་མ་ལྟ་བུའོ་སྙམ་པའི་འདུན་པ་སྦྱངས། སྒྲ་ཐམས་ཅད་སྔགས་ཀྱི་སྒྲ་འུར་བར་བསྒོམ། དེ་ཡང་སྒྱུ་མར་བསྒོམ། གཏུམ་མོ་ལས་རྒྱ་འོད་གསལ་སོགས་ཀྱི་ཉམས་མྱོང་བདེ་སྟོང་གི་འཆར་སྒོ་ཡོད་ན་དེས་རྒྱས་བཏབ། མེད་ན་བར་དོ་དང་སྒྱུ་མའི་འདུན་པ་སྔོན་དུ་སོང་ནས། རིག་པ་གསལ་སྟོང་འདི་ལ་ཆེར་རེ་བ་བལྟས་པས་བདེ་ཆ་ཞིག་རྙེད་ཡོང༌། དེ་གྱེས་རྡོར་གྱི་ཐུགས་སུ་མོས་པ་བྱ། དེ་ལྟར་ཡང་ཡང་བསྒོམ་པ་དམིགས་སྐོར་གཅིག །ཐུན་མཚམས་ཐམས་ཅད་དུ་ཡང་བར་དོའི་འདུན་པ་བྱའོ། །ཡང་རྣམ་གྲངས་གཅིག་ལ་ད་ལྟ་བར་དོ་མིན་ཡང༌། ནམ་ཞིག་


TNT11_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་བར་དོའི་སྣང་བ་འབྱུང་བས་སྐབས་དེར་ཡང་འདི་བཞིན་དུ་སྒོམ་པ་ཡིན་སྙམ་པའི་འདུན་པ་བསྟར་ཆགས་སུ་བྱེད་ཀྱིན། དམིགས་པ་སྔ་མ་བཞིན་ཀ་བསྒོམ། ཐུན་མཚམས་སུ་ཡང་བར་དོ་དེ་ཡང་འདི་ཀ་འདྲ་བ་ཞིག་ཡིན། འདི་ལ་འཁྲུལ་ན་དེ་དུས་ཀྱང་འཁྲུལ་འགྲོ་བས། འདི་ལ་མ་འཁྲུལ་བ་ཞིག་བྱེད། ཉོན་མོངས་ཆགས་སྡང་དང༌། རྣམ་རྟོག་ཐ་མལ་བའི་དབང་དུ་མི་གཏོང་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་སླེབ་པར་བྱ། དམིགས་སྐོར་གཉིས། དེ་ནས་དམིགས་པ་དེ་གཉིས་སྔ་དྲོ་ཕྱི་དྲོ་སྤེལ་ཞིང་སྒོམ་པར་བྱ་སྟེ་དམིགས་སྐོར་གསུམ་མོ། །ཐུན་མཚམས་སུ་ཡང་རེས་བར་དོ་ཐིམ་པར་བྱའོ་སྙམ་པ་དང༌། རེས་བར་དོ་རང་ཡིན་པ་འདུག་སྙམ་པ་སྤེལ་ཞིང་བསྒོམ་པ་དེ་ཀ་ཉིན་ཁྲིལ་གྱིས་བསྒོམ། མཚན་མོ་ཉལ་ཁར་ཡང་བསྒོམ་པས། རྨི་ལམ་དུ་ཐུན་ཐུན་མཚམས་ཀྱི་དམིགས་པ་ཐམས་ཅད་དྲན་ཞིང་བསྒོམ་པ་འབྱུང༌། ཁྱད་པར་དུ་ཡང་སྙིང་རང་ནས་བར་དོ་ཡིན་པར་འདུག་སྙམ་པ་དང༌། མ་འཁྲུལ་པར་བྱེད་དགོས་པའི་འདུན་པ་དྲག་པོ་དང༌། རང་དང་སྣང་བ་ཇི་ལྟར་འོས་པ་ལྷ་སྐུར་འགྱུར་འགྲོ་བ་དང༌། སྒྲའི་སྣང་བ་སྔགས་སུ་འགྱུར་འགྲོ་བ་དང༌། དེ་ཐམས་ཅད་བདེན་མེད་དུ་ཤེས་པ་དང༌། གཏུམ་མོ་སོགས་དྲན་ཙམ་གྱིས་སེམས་བདེ་སྟོང་སྤྲོས་བྲལ་དུ་འཆར་བ་རྣམས་རིམ་པས་འབྱུང་སྟེ། མཐར་ཐམས་ཅད་འཛོམ་པ་དེ་རྨི་ལམ་དུ་ཡང་ཡང་འོང་ན། བར་དོ་ཆོད་ནུས་པ་ཡིན་ནོ། །དེ་ཡང་འཆི་བ་ཆོས་སྐུ་དངོས་སུ་ངོ་འཕྲོད་ན་ཐ་མལ་གྱི་བར་དོ་མི་ཡོང་བར་བར་དོའི་འོད་


TNT11_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྷ་སྐུ་རང་ཤར་དུ་འབྱུང༌། འཆི་བ་འོད་གསལ་ལམ་དུ་ཁྱེར་ཡང༌། ཇི་བཞིན་མངོན་དུ་མ་གྱུར་ན། དང་པོར་བར་དོ་ཐ་མལ་བ་དེ་འབྱུང༌། དེ་ནས་གདམས་ངག་འདི་བསྒོམས་པས། བར་དོར་ལུས་ལྷ་སྐུ། སེམས་བདེ་སྟོང༌། སྣང་བ་སྒྱུ་མར་འཆར་བ་ཡིན། དེའི་རྒྱུན་དུ་བསྒོམས་པས་ཕལ་ཆེར་བར་དོ་བདུན་ཕྲག་དང་པོ་ལྟ་བུ་ལ་ལམ་ཆོད་པར་འགྱུར་རོ། །གསུམ་པ་འགྲོ་དྲུག་གི་སྐྱེ་སྒོ་དགག་པ་ནི། དབང་པོ་ཐ་མ་ཞིག་ལ། བར་དོ་གཉིས་པར་བཤད་པའི་སྒོམ་རྒྱུད་ལ་སྐྱེས་ནས་ཞག་བདུན་སོགས་བར་དོའི་ཚེ་ཚད་གཅིག་ལ་བསྒོམས་ཀྱང༌། སྒོམ་ཡུན་ཐུང་པས་ད་དུང་ལམ་མ་ཆོད། མངལ་སྐྱེས་སུ་སྐྱེ་བར་འགྱུར་ན། སྐྱེ་བ་ལེན་འགྱུར་གྱིས་ཕ་མར་འགྲོ་རྒྱུ་དེ་དག་གསལ་བར་མཐོང་ཞིང༌། འཁྲིག་པའི་སྦྱོར་བ་ལ་ཆགས་སྡང་མིག་སེར་སྐྱེས་ནས། སྐྱེ་གནས་ངན་པར་དབང་མེད་དུ་སྐྱེ་བ་ལེན་དགོས་པ་སྲིད་པས། དེ་འགོགས་པ་ལ་གདམས་ངག་འདི་བསྒོམ་དགོས་སོ། །དེ་ཡང་བར་དོའི་གདམས་ངག་སྔ་མ་གཉིས་སྔོན་དུ་བཏང་ནས། ཐུན་གྱི་སྐབས་སུ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཕོ་མོ་ཐམས་ཅད་ཡིད་དུ་བྱས་ནས། བར་དོ་ཡི་ཆགས་སྡང་སྐྱེར་མི་རུང༌། དེར་མ་ཟད། འདི་ཐམས་ཅད་བླ་མའི་ཡེ་ཤེས་ཀྱི་ཆོ་འཁྲུལ་ཡིན། བླ་མ་ནི་སངས་རྒྱས་ཀུན་འདུས་དགྱེས་རྡོར་ཡབ་ཡུམ་ཡིན་སྙམ་པའི་འདུན་པ་སྔོན་དུ་བཏང་ནས། སྐྱེས་པ་ཐམས་ཅད་གཅིག་ཏུ་འདུས་ཏེ་རྩ་བའི་བླ་མར་གྱུར། བུད་མེད་ཐམས་ཅད་གཅིག་ཏུ་འདུས་པ་


TNT11_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་ཡུམ་དུ་གྱུར། དེ་ཡང་སྐུའི་རྣམ་པ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་ཏེ། དེ་ལ་མཆོད་པ་ཕུལ། གསོལ་བ་བཏབ་དབང་གཞི་ཡོངས་རྫོགས་སམ། དབང་བཞིའི་གཙོ་བོ་རྣམས་སམ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལ་དབང་བཞི་བསྡུས་པ་ལེན་པ་རྣམས་བློ་འཁོབས་ཆེ་ཆུང་ངམ་མོས་པ་དང་བསྟུན་ནས་དབང་ལེན་པ་གང་རུང་ཞིག་བྱ། ཐུན་མཚམས་ཐམས་ཅད་དུ་ཡང་ཕོ་མཐོང་ཚད་བླ་མ་ཧེ་རུ་ཀ་དང༌། མོ་མཐོང་ཚད་རིག་མ་བདག་མེད་མར་མོས་པ་བྱ། སྐབས་འདིར་བཤད་པའི་སྐབས་བླ་མ་དང་ཡི་དམ་འདམ་ཁར་མཛད་ཀྱང༌། ལག་ལེན་དུ་བླ་མ་ཡི་དམ་དབྱེར་མེད་དུ་བྱེད་པ་ཉིད་གནད་ཡིན་ནོ། །དམིགས་པ་འདི་འབྱོངས་པས་བར་དོ་བདུན་ཕྲག་སྔ་ཕྱིའི་མཚམས་སུ་སྐྱེ་སྒོ་ཁེགས་ནས། ཡང་བར་དོའི་ལུས་ཕྱི་མ་ལ་སྔར་གྱི་གདམས་ངག་བསྒོམས་པས་གྲོལ་བར་བཞེད་དོ། །བཞི་པ་སྐྱེ་སྒོ་མ་ཁེགས་ན་སྐྱེ་གནས་འདམ་པའི་གདམས་ངག་ནི། བར་དོའི་གདམས་ངག་གི་འཕྲོས་དོན་ནོ། །དེ་ཡང་དམིགས་པ་སྔ་མའི་རྗེས་ཐོགས་སུ། གལ་ཏེ་བདག་བར་དོར་གྲོལ་བར་མ་གྱུར་ན། ལྷའམ་མི་སྤྱིར་སྡིག་པ་སྤངས་ཤིང་ཆོས་ལ་སྤྱོད་པ། སྒོས་སུ་སྔགས་ཀྱི་ཐེག་པ་ལ་སྤྱོད་པ། ཡང་སྒོས་སུ་དགྱེས་པའི་རྡོ་རྗེའི་ཆོས་ལ་སྤྱོད་པ་ཞིག་ཏུ་སྐྱེ་བར་བྱའོ་སྙམ་པའི་འཕེན་པ་དང༌། སྐྱེ་བར་གྱུར་ཅིག་སྙམ་པའི་སྨོན་ལམ་བཏབ་ནས། གང་དུ་སྐྱེ་བ་ལེན་པའི་གཞི་ཕ་མ་ཡིན་སྙམ་པ་དེ། གོང་བཞིན་བླ་མ་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམས་


TNT11_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབང་བཞི་བླང༌། སྐྱེ་བ་བླངས་པའི་ཚུལ་དུ། རང་ཉིད་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ལ་ཐིམ། ཅུང་ཟད་མཉམ་པར་བཞག །ཚུལ་འདི་སྒོམས་ན་བར་དོར་ཡང་སྐྱེ་བ་བཟང་པོ་ཁྱད་པར་ཅན་གང་དུ་ལེན་པར་འགྱུར་བའི་གནས་དང་ཕ་མ་སོགས་ངོ་ཤེས་ཤིང་རང་དབང་ཡོད་བཞིན་དུ། སྐྱེ་བ་མཆོག་ལེན་པར་འགྱུར་དེ། འདི་སྐྱེ་བ་བརྒྱུད་ནས། སངས་རྒྱ་བའི་གདམས་ངག་གོ །གསུམ་པ་འོད་གསལ་གྱི་གདམས་ངག་ལ། འོད་གསལ་དོན་བཞི་མ་ལས་འབྱུང་བ་བཞིན་དུ། རྩ་བའི་རྐང་གྲངས་རྣམ་པ་བཞི་ཡིན་ཏེ། རང་བཞིན་འོད་གསལ་གྱི་གདམས་ངག་སྒོམ་པའི་འོད་གསལ་དང༌། གཉིད་ཀྱི་འོད་གསལ་དང༌། འཆི་བ་འོད་གསལ་གྱི་གདམས་ངག་སྟེ་བཞི་ལས། དང་པོ་ནི། སྣང་གྲགས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་བའི་ཆ་རྣམས་བདེན་མེད་སྒྱུ་མ་ལྟ་བུ་དང༌། གནས་ལུགས་སམ། སྟོང་ལུགས་དེ་འོད་གསལ་ཡིན་པར་ཤེས་པའི་གོ་དོན་ཞིག་དམིགས་བསྟད་དུ་བཞག་ནས་བསྒོམས་ཏེ། དེ་ཡང་སྔོན་འགྲོ་སོགས་སྔར་དང་འདྲ་བ་ལས། ལུས་གནད་བཅས། མིག་ལྟ་སྟངས་གང་བདེ་བ་ཅིག་ཏུ་བཞག །རླུང་རོ་བསལ། རླུང་རང་བབས་སུ་བཞག །སེམས་ཆམས་ཀྱིས་བསྐྱུར། ལྷོད་ཀྱི་སློད་པའི་ངང་ནས། རིག་པ་སེམས་ཀྱི་རང་སོ་བཟུང༌། རང་ངོ་དེ་ལ་གསལ་ལེ་ཧྲིག་གེ་བཞག །འདི་རྩ་བ་ཡིན་ཏེ་དམིགས་སྐོར་གཅིག །དེ་ལ་ཉམས་མྱོང་སྐྱེས་ན་སྐྱེ་མེད་མཐའ་བྲལ་དུ་ངོ་སྤྲད་དམིགས་སྐོར་གཉིས། དེ་ནས་ད་ལྟའི་སྣང་བ་འདི་


TNT11_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྟེང་དུ་ཚོགས་དྲུག་ལྷུག་པར་བཞག །དམིགས་སྐོར་གསུམ། ཡང་སྣང་བ་འདི་ཀའི་སྟེང་དུ། སྣང་བ་འཆར་མཁན་གྱི་རིག་པ་དང༌། སྣང་བ་རང་དབྱེར་མེད་པའི་རང་ཞལ་ལ་རྗེན་ནེ་བལྟ་བ། དམིགས་སྐོར་བཞི། དེ་ནས་སྣང་གྲགས་འདི་ཐམས་ཅད་ཀྱི་གནས་ལུགས་སེམས་རང་བཞིན་འོད་གསལ་དུ་ངོ་སྤྲད་དེ། དཔེར་ན་སྤྲིན་རྣམས་དང་པོར་ནམ་མཁའ་ལས་བྱུང༌། བར་དུ་ནམ་མཁའི་རང་བཞིན་ལས་མ་འདས། མཐར་ཐིམ་ཡང་ནམ་མཁའ་ལ་ཐིམ་པ་དཔེར་བྱས་ཏེ། སྣང་གྲགས་འདི་དག་དང་པོར་རིག་པ་སེམས་ཀྱི་སྟེང་དུ་སྣང་ཆ་ཙམ་དུ་ཤར། བར་དུ་ཡང་སེམས་ཀྱི་རང་བཞིན་ལས་གཞན་དུ་མ་གྲུབ། སེམས་ཀྱི་སྣང་བ་ཡིན། ཐིམ་ཡང་སེམས་ཀྱི་ནང་དུ་ཐིམ། བྱུང་གནས་ཐིམ་གསུམ་ཡང་འཆར་སྒོ་ཙམ་མ་གཏོགས། ངོ་བོ་ལ་ཁྱད་པར་ཅུང་ཟད་ཙམ་མེད་པར་ངོ་སྤྲད་དོ། །དམིགས་སྐོར་ལྔ། དེ་ནས་ཉམས་མྱོང་དེ་ཉིད་འགྲོ་བ་དང༌། འཆག་པ་དང༌། འདུག་པ་དང༌། ཟས་ཟ་བ་དང༌། གླེང་བསླང་སོགས་བྱ་བ་གང་བྱེད་ལ་བསྲེ། དགེ་སྦྱོར་གཞན་ལའང་བསྲེ། སྣང་ཆ་བདེན་མེད་དང༌། རང་བཞིན་འོད་གསལ་ཡིན་སྙམ་པའི་འདུན་པ་ཡང་སྐབས་སྐབས་སུ་དྲན་པར་བྱ། དམིགས་སྐོར་དྲུག་གོ །འདིར་གནས་ལུགས་ཕྱག་ཆེན་པ་རྣམས། འདུན་པ་བསྒོམ་པ་ལྟ་བུ་བློས་བཞག་གི་སྒོམ་ལ་རྩིས་སུ་མི་བྱེད། རྔཽག་པའི་འོད་གསལ་དོན་བཞི་མ་ལས། ཇི་སྐད་དུ། བྱ་བ་ཅི་བྱེད་ཀྱང་འོད་གསལ་ཡིན་ཏེ། འོད་གསལ་ཡིན་སྙམ་དུ་བློས་བཞག་གིན་ཡང་


TNT11_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་དུ་བསྒོམ། ཞེས་དངོས་སུ་འབྱུང་བས། ཆོས་སྐད་དག་མི་འདྲ། རྗེ་སྒམ་པོ་པས་ཀྱང་ཚོགས་ཆོས་ཞིག་ན། རྔོག་ཇོ་སྲས་གཏུམ་མོ་འོད་གསལ་དུ་བྱེད་པར་འདོད་པ་ལ་དགག་པ་མཛད། འབྲི་ཁུང་བས་ཀྱང་ཆེན་པོ་གསུམ་གྱིས་མ་རེག་གསུང་ནས། སྔགས་གསར་མ་པའི་ལུགས་ཀྱི་ཕྱག་ཆེན་དེས་རང་བཞེད་ཕྱག་ཆེན་གྱི་གོ་མཆོད་པར་མཛད་འདུག །དེས་ན་མར་རྔོག་ལུགས་ཀྱི་ཕྱག་ཆེན་དེ། སྔགས་གསར་མ་པའི་ཕྱག་ཆེན་ཡིན་པས། ལུགས་གཉིས་ཀ་བརྒྱུད་པ་རྗེ་མར་པ་ལ་ཐུག་པ་གཞིར་བཞག་ཀྱང༌། མར་རྔོག་འཚུར་གསུམ་སྔགས་པའི་ལུགས་ཡིན། རྗེ་མི་ལའང་དོན་ལ་འདི་ཀ་བཞེད་དེ། དྲི་ལན་བཅོ་བརྒྱད་པ་ལས། གསང་སྔགས༌། བས་ཀྱི་ཆེ་བ་ཡིན། །ལྟ་བ་མཐོ་ཞེས་ང་མི་ཟེར། །ཞེས་གསུངས་པ་དང༌། རྗེ་དྭགས་པོ་ལ་གསུངས་བསྒྲོས་མཛད་ཙ་ན་ཡང༌། རིག་པ་རྐྱང་མེད་ཀྱིས་ཞེས་མི་གསུང༌། མ་བཅོས་སོ་མ་ལ་ཞོག་ཅེས་ཀྱང་མི་གསུང་བར་གཏུམ་མོ་ཨ་ཐུང་སྒོམས་ཤིག །ནམ་ཞིག་ན་སེམས་ཀྱི་ངོ་བོ་མཐོང་གི་ཞེས་གསུངས་པས་མཚོན། དེས་ན་ཕྱིས་བྱོན་མང་པོ་ཞིག །མར་རྔོག་གི་བཞེད་པའི་མཐར་ཐུག་ཀྱང་གནས་ལུགས་ཕྱག་ཆེན་རང་ཡིན་པ་གཞིར་བཞག་གིས་ཧང་བརྡེག་མང་པོ་བྱེད་དེ་དོན་ཐོག་ཏུ་འཁེལ་བ་དཀའ། ཤབ་ཤོབ་ཏུ་ཀ་འགྲོ་ཉེན་གདའ། དེས་ན་བཞེད་པ་མི་འདྲ་བ་རྣམས་སོ་སོར་འབྱེད་ཤེས་ཤིང༌། གནད་ཀྱི་དོན་ལ་དགོངས་པ་མི་འགལ་བ་ཞིག་ཤེས་དགོས་སོ། །སྐབས་འདིར་ཡང་


TNT11_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་བློ་བཞག་གི་གདམས་པ་དེ། ཕུགས་བློ་འདས་ལ་སྐྱེལ་བའི་ཐབས་ཆེན་པོ་ཞིག་ཡིན་པས་ཆོས་སྐད་མི་འདྲ་ཡང་དགོངས་པའི་གནད་གཅིག་པར་གོ་བར་བྱའོ། །ད་ནི་དཀྱུས་ལ་འཇུག་སྟེ། སྔར་གྱི་ཉམས་མྱོང་དེ་ལ་བོགས་དབྱུང་བ་ནི། སྣང་བའི་མཚན་ཉིད་སྐྱེ་བ་མེད། འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །སེམས་ཀྱི་མཚན་ཉིད་ཟུང་དུ་འཇུག །བླ་མའི་མཚན་ཉིད་རྒྱུད་པར་ལྡན། ཞེས་ཇོ་བོ་ནཱ་རོ་པའི་གདུགས་ཀྱི་ཡུུ་བ་ལ་བྲིས་ཡོད་སྐད། དེ་ཡང་ད་ལྟའི་སྣང་བ་སྣ་ཚོགས་པ་འདི་དག་དོན་ལ་གྲུབ་པ་མེད་དེ། རང་གི་གདོང་དུ་སྣང་བའི་བུམ་སྣམ་སོགས་དངོས་པོ་གང་ཡིན་གཅིག་ལ་སེམས་བསྟད་ན། དེར་སྣང་ཙམ་དེ་བཀོད་པའི་ཁྱད་པར་ལ་འཁྲུལ་བར་འདུགདངོས་པོ་དེ་ཉིད་ཀྱི་ཆ་ཤས་སོ་སོ་ལ་བརྟགས་པས། ཆ་ཤས་རེ་རེ་ལ་བུམ་སྣམ་སོགས་མེད་ལ། ཆ་ཤས་མ་ཡིན་པའི་སྤྱི་བོ་ཡང་མི་འདུག་ཅིང༌། དེ་གཉིས་ལས་གཞན་ཡང་མ་གྲུབ་པས་ཤིན་ཏུ་ཕྲ་བས་བལྟས་ན་བུམ་སྣམ་མེད། མ་བརྟགས་ཙ་ན་སྟོང་པ་དེ་ཀ་བུམ་སྣམ་དུ་ལམ་མེ་སྣང༌། དེ་ལྟར་ན་ཕྱི་གཟུང་བ་མ་གྲུབ། དེ་མ་གྲུབ་པས་འཛིན་བྱེད་ཀྱི་ཤེས་པ་ཡང་འཁྲུལ་པའོ། །རྒྱུ་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་སྐད་ཅིག་སྔ་མ་ལ་བདེན་དོན་མ་གྲུབ་པས། ཕྱི་མ་སྐྱེ་བར་སྣང་བ་ཡང་ལོག་སྣང་ཙམ་མ་གཏོགས་གྲུབ་པ་མེད་དོ། །དེ་ལྟར་ཡང་ཡང་བསྒོམས་ཏེ་དམིགས་སྐོར་བདུན་པའོ། །དེ་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། འཁོར་བ་ཡོད་པ་མ་


TNT11_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཡོད་ན་རྒྱུ་རྐྱེན་གཞི་རྩ་གཅིག་ལས་སྐྱེ་དགོས་པ་ལས། གཞི་རྩ་ལས་དང་ཉོན་མོངས་བག་ཆགས་ལས་འཁོར་བ་འབྱུང་བར་སྣང་ཡང༌། ལས་ཉོན་བག་ཆགས་ཉིད་གདོད་ནས་མ་གྲུབ་པའི་ཕྱིར་འཁོར་བ་ཡང་གཞི་མེད་རྩ་བྲལ་ལོ། །དམིགས་སྐོར་བརྒྱད། སེམས་ཀྱི་རང་བཞིན་དེ་གནས་ཕྱི་ནང་བར་གསུམ་གང་ནའང་མེད་ཁ་དོག་དབྱིབས་སོགས་མཚན་ཉིད་གང་ཡང་མ་གྲུབ་པ་ལ་སེམས་འཇོག་སྟེ། དམིགས་སྐོར་དགུ། སྟོང་པ་རྐྱང་པའང་མ་ཡིན་ཏེ། རང་བཞིན་གང་དུའང་མ་གྲུབ་པ་ཞིག་རིག་པའི་ངོ་བོར་འདུག །དེ་ཀ་དབང་བཞི་གསུམ་གྱི་དུས་སུ་མྱོང་བའི་རང་བཞིན་བདེ་བ་དེ་ཁོ་ནར་སྣང་བའི་ངོ་ཤེས་དྲན་པར་བྱ། འདི་ལ་སྣང་བ་སེམས་སུ་ཤེས། སེམས་སྟོང་པར་ཤེས། སྟོང་པ་བདེ་བར་ཤེས་པའི་ཐ་སྙད་མཛད་དོ། །དམིགས་སྐོར་བཅུ་པའོ། །དེ་ཉིད་རྟོགས་པའི་ཐབས་བླ་མའི་བྱིན་རླབས་ཡིན་པས་གསོལ་བ་འདེབས་ཤིང༌། མཉེས་པ་ཐམས་ཅད་ཀྱིས་བླ་མ་དགྱེས་པར་བྱའོ། །དེ་ཡན་ཆད་ལ་དམིགས་སྐོར་བཅུ་གཅིག་ཡོད། གཞན་ཡང་དབང་པོ་རང་ལོག་དང༌། སེམས་ཡེ་ཤེས་སུ་ཤར་བ་དང༌། གཉིས་མེད་ཐུག་ཕྲད་དང༌། ཆུ་བོ་རྒྱུན་གྱིས་རྣལ་འབྱོར་དང༌། དུ་མ་རོ་གཅིག་དང༌། སོ་སོ་རང་རིག་དང༌། མར་མེ་ལྟ་བུ་དང༌། འཁོར་འདས་དབྱེར་མེད་དང༌། མཉམ་རྗེས་ཐ་མི་དད་ཅེས་ངོ་སྤྲོད་དགོས་ཏེ། སྒོམ་པ་ལྷོངས་སུ་


TNT11_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་དབང་དུ་བྱས་པའོ། །ཆོས་ཚུལ་འདི་ཕྱག་ཆེན་ཆོས་དྲུག་ཅེས་སོ་སོར་འབྱེད་པའི་ལུགས་མ་ཡིན། འོད་གསལ་ཕྱག་རྒྱ་ཆེན་པོ་ཞེས་གཅིག་ཏུ་བྱེད་པའི་ལུགས་ཡིན་ནོ། །གཉིས་པ་བསྒོམ་པའི་འོད་གསལ་གྱི་གདམས་ངག་ལ། འོད་གསལ་གྱི་གཞི་བཅའ་བ་དང༌། ཉམས་མྱོང་བོགས་འབྱིན་གཉིས་སོ། །དང་པོ་ནི། དབང་ཉམས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ཡིན་ཏེ། རྣམ་རྟོག་མ་སྤངས་ན་སེམས་ཅན། སྤངས་ན་སངས་རྒྱས་ཡིན་ཏེ། དེ་སྤོང་བ་ལ་ཨེ་ཝཾ་དགོས་གསུངས་ཏེ། ཨེ་ནམ་མཁའ་ལ། ཝཾ་རིག་པ་གཡོ་མེད་དུ་འཆིང་བ་ཡིན། དེའི་མན་ངག་ནི། ལུས་གནད་བཅས་ལྟ་སྟངས་ནམ་མཁར་བལྟ་སྟེ། སྦྱོར་བ་ཡན་ལག་དྲུག་པའི་སོར་སྡུད་ཉིན་མོའི་རྣལ་འབྱོར་སྒྲ་ཇི་བཞིན་ཡིན། འདི་བསྒོམ་ན་ཤེས་པ་བྱིང་བ་མི་འབྱུང༌། རྟགས་ལྔ་འཕྲལ་དུ་འཆར། མི་རྟོག་པ་སྐྱེ། དྲོད་དང་བདེ་བ་ཤུགས་ལ་འབྱུང་ངོ༌། །གཉིས་པ་བོགས་འབྱིན་པ་ནི། གསལ་ན་རང་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྟ་བུར་བསྒོམ། བསྡུ་ན་ཡབ་ཕྱག་གཉིས་པའམ་བདག་མེད་མར་བསྒོམ། ཐུགས་ཀར་པདྨ་དམར་པོ་དང་ཉི་མ་ལ་ཧཱུཾ་ནག་པོ་ཞིག་བསྒོམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུ་ཐམས་ཅད་ཁྱབ། སྣོད་འཇིག་རྟེན་གྱི་ཁམས་ཐམས་ཅད་གཞལ་ཡས་ཁང་དུ་གྱུར་ནས། སེམས་ཅན་ལ་ཐིམ། བཅུད་སེམས་ཅན་ཐམས་ཅད་དགྱེས་རྡོར་རམ། བདག་མེད་མར་གྱུར་ནས་རང་ལ་ཐིམ། རང་གི་ལུས་སྟེང་འོག་


TNT11_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐའ་རྣམས་ནས་ཚུར་འདུས་ཏེ། ཧཱུཾ་ཡིག་གདན་བཅས་ལ་ཐིམ། གདན་པད་ཉི་ཧཱུཾ་ལ་ཐིམ། ཞབས་ཀྱུ། ཁོག་པ། མགོ་བོ། ཟླ་ཕྱེད། ཐིག་ལེ། ནཱ་ད་རྣམས་རིམ་པས་བསྡུས། ནཱ་ད་ཡང་སྟོང་པར་སྦྱང་ངོ༌། །དེ་ཀའི་ངང་དེར་ཅི་ནུས་བཞག་ཅིང༌། སྔར་གྱི་ཉམས་མྱོང་ཡོད་ན་བསྐྱང༌། ཡང་ལྷ་སྐུར་ཕྲ་གསལ་གྱིས་བསྒོམ་པར་བྱ། འདི་ནི་རྗེས་སུ་གཞིག་པའི་རྣལ་འབྱོར་ཏེ། རྔོག་ལུགས་དགྱེས་རྡོར་གྱི་སྐབས་འདིར་རིལ་འཛིན་གྱི་དམིགས་པ་མི་མཛད་དོ། །གང་ཟག་གི་རིགས་ཁ་ཅིག་ལ་བསྒོམས་པའི་འོད་གསལ་གྱི་མན་ངག་ཁོ་ན་ལ་བསླབས་པས། རང་བཞིན་འོད་གསལ་གྱི་ཉམས་མྱོང་རང་ཤུགས་ལ་འབྱུང་བའང་ཡོད་མོད་ཀྱི། ཕར་ཆེར་ནི་ཐོག་མར་རང་བཞིན་འོད་གསལ་གྱི་མན་ངག་ལ། ཉམས་མྱོང་ཅི་རིགས་པར་ཆུད་པའི་རྗེས་སུ་འདི་བསྒོམས་ན་བོགས་ཆེན་པོར་འགྱུར་ཏེ། དེ་དག་ནི་གཉིད་སད་དུས་ཀྱི་འོད་གསལ་བསྒོམ་པའི་གདམས་པའོ། །གསུམ་པ་གཉིད་ཀྱི་འོད་གསལ་བསྒོམ་པའི་མན་ངག་ནི། སྔར་གཏུམ་མོའམ། སྒྱུ་ལུས་སམ། བཤད་མ་ཐག་པའི་སད་དུས་ཀྱི་འོད་གསལ་ལ་ཉམས་མྱོང་ཡོད་ན་འདི་ལ་ཚེགས་མེད། ཁ་ཅིག་ལ་རང་ཤུགས་སུ་འཆར་བ་ཡང་ཡོད། དེ་དག་མ་བསྒོམས་ཀྱང༌། གདམས་པ་འདི་ལ་བརྟེན་ནས་འོད་གསལ་མྱུར་དུ་ཟིན་པར་འགྱུར། དེ་ལ་གཉིད་ཀྱི་འོད་གསལ་འཛིན་པ་དངོས་དང༌། གཉིད་དང་ཉིན་པར་བསྲེ་བ་གཉིས་སོ། །དང་པོ་ནི། རང་གི་


TNT11_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་རྩ་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུཾ་སྔོན་པོ། འདབ་མ་བཞི་ལ་མདུན་ནས་གཡས་སྐོར་གྱི་ཨ་ནུ་ཏ་ར་བཞི་པོ་ཡང་ཁ་དོག་སྔོན་པོ་བསྒོམ་གསུང༌། སྔོན་པོ་ཐུགས་མཚོན་པ་ཡིན་པས་སྙིང་གར་དེ་བཞིན་དུ་འཐད་མོད། ཁ་དོག་ཙམ་ལ་ངེས་པ་ཡང་མེད་པས། སྤྱིར་མན་ངག་ལག་ལེན་གཙོ་ཆེའོ། །གང་ལྟར་ཡང་ཡི་གེ་ལྔ་གར་བསྒོམས་ནས་ཐོག་མར་ཨ་ལ་སེམས་བསྟད། དེ་ནུ་ལ་ཐིམ་པ་དང༌། དེ་ཏ་ལ་ཐིམ་པ་དང༌། དེ་ར་ལ་ཐིམ་པ་རྣམས་ལའང༌། ཡུད་རེ་ཡུད་རེ་སེམས་བསྟད་ནས། རང་ཡང་དབུས་ཀྱི་ཧཱུཾ་ལ་ཐིམ། ཧཱུཾ་ཡིག་ལ་ཡུན་རིང་དུ་སེམས་བཟུང༌། དེ་ཡང་མི་དམིགས་པར་ཅུང་ཟད་བཞག །ཐུན་རེའི་ནང་དུ་དེ་ལྟ་བུ་ཡང་ཡང་བསྒོམ། མཚམས་བཅད་ལ་ཚུལ་དེས་ཟླ་གཅིག་སོགས་བསྒོམ། དེ་བར་ལ་རང་ཤུགས་ཀྱི་འོད་གསལ་ཟིན་ན་ནི་ལེགས། མ་ཟིན་ན་རྩིས་བཏབ་མི་བྱའོ། །དེ་ནས་དངོས་གཞི་ནི། ཁ་ཟས་དང༌། སྐུ་མཉེ་སོགས་ཀྱིས་ལུས་བརྟས་པར་བྱས། ཞག་གཅིག་གཉིས་གཉིད་བཅག །མཁའ་འགྲོ་ལ་གཏོར་མ་ཕུལ། སྙིང་ཁའི་ཡི་གེ་གཞན་བཞི་ལ་རིམ་ཅན་དུ་སེམས་བསྟད། མཐར་ཧཱུཾ་ལ་སེམས་བསྟད་པའི་ངང་ནས་གཉིད་དུ་འགྲོ་བར་བྱེད་པའོ། །དེས་འོད་གསལ་ཟིན་འོང༌། གལ་ཏེ་མ་ཟིན་ན་བསྐྱར་ཏེ་བསྒོམ་པ་དང༌། གྲོགས་ཀྱིས་བལྟ་བ་ལ་སོགས་པ། རིམ་ལྔ་དང་ཆོས་དྲུག་སོགས་སྤྱི་དང་འདྲ། སྐབས་འདིར་ཡང༌། གཉིད་འཐུག་པོ་ལ་རིམ་པས་འཇུག་པའི་གནས་སྐབས་སོ་སོ་


TNT11_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ནས། ཡི་གེ་ལྔ་ལ་སེམས་གཏོད་ཚུལ་སོགས་བཤད་ཀྱང༌། དག་སྦྱོར་སྒྲིབ་པའི་གོ་བ་ཙམ་ཡིན་གྱི། ལག་ལེན་ལ་འཁེལ་བ་དཀའ་བས། གོང་དུ་བཤད་པ་བཞིན་བྱའོ། །གོ་དོན་ལ་ཡང་རྒྱུད་གཞུང་དང་བསྟུན་ནས། སྣང་མཆེད་ཐོབ་གསུམ་རྩ་འདབ་སོ་སོ་ལ་སྦྱར་བ་དེ་ཅུང་ཟད་མི་བདེ་བར་མངོན་ནོ། །གཉིས་པ་གཉིད་དང་ཉིན་སྣང་བསྲེ་བ་ནི། རང་གི་མདུན་འཐངས་གསལ་ཞིང་བལྟ་སྟབས་བདེ་བ་ཞིག་ཏུ་བྲིས་སྐུ་འགྲེམ་པའམ། ཡང་ན་ཅུང་ཟད་མུན་ནག་པར་བྲིས་སྐུ་བཀྲམ། དེ་ལ་མེ་ལོང་སོགས་ཀྱི་འོད་གཏོང་བའི་ལུགས་གཉིས་ཡོད་དེ། ཕྱི་མ་དེ་ཡང་ཡང་ལྕོགས་དཀའ་བས། བོགས་འདོན་ལན་རེ་ཙམ་མ་གཏོགས། སྔ་མ་ལ་ལག་ལེན་བྱེད་གསུང༌། གང་ལྟར་ཡང་སྔོན་འགྲོ་རྣམས་སོ། །ལུས་གནད་བཅས་སེམས་རྣལ་དུ་ཕབ། བྲིས་སྐུ་ལ་མིག་དང་སེམས་བསྟད་ནས་ཅུང་ཟད་བཞག །བློ་ཡུལ་དུ་གསལ་སིང་ཤར་བ་དེ་སྒྱུ་མ་ལྟ་བུར་དྲན་པར་བྱ། དེ་མ་ཐག་མིག་མི་ལྟ་བར་བློ་ཡུལ་དུ་གསལ་བ་དེའི་ངོ་བོ་ལ་ཆེ་རེ་བལྟས་པས། རིམ་པས་སྣང་བ་ནུབ་པའི་ངང་དེར་ཤེས་པ་བཟོ་མེད་དུ་བཞག །བདེ་སྟོང་གི་ཉམས་མྱོང་ཡོད་ན་རྒྱས་བཏབ་སྟེ་བསྒོམ་ཡང་བྲིས་སྐུ་ལ་བལྟ་བ་སོགས་སྔར་བཞིན་རྟག་ཏུ་བསྒོམ། དམིགས་སྐོར་གཅིག །ཅུང་ཟད་འབྱོངས་ནས་བྲིས་སྐུ་སྤངས་ཏེ་ཡིད་ཡུལ་དུ་འཆར་བ་ལ་བསླབ། དམིགས་སྐོར་གཉིས། དེ་ལ་གོམ་ན་གཉིད་ཁྲེས་ཏེ་སད་པའི་སྐབས་དེར།


TNT11_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུ་སྒྱུ་མ་ལྟ་བུར་ལམ་ཏེ་འཆར་ཐུབ་པ་བྱེད། དེ་ནས་སྔར་བཞིན་སྒོམ། མཚན་མོ་ཉལ་ཁར་ཡང༌། དེ་ལྟར་བསྒོམས་པས་ལྷ་སྐུ་ཡལ་བ་དང་གཉིད་འོད་གསལ་དུ་བསྲེ། དེ་ལྟར་བསྒོམས་པའི་ཉིན་མཚན་འདྲེ་བ་ཡིན། དམིགས་སྐོར་གསུམ་མོ། །དེ་ལྟར་ན་སད་དུས་དང་གཉིད་ཀྱི་འོད་གསལ་སྒོམ་པའི་གདམས་པ་དེ་དག་ནི། བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ་བའི་ལམ་མོ། །འདི་ལའང་ཡིག་ཆུང་རྙིང་པ་ན་མཚམས་དེ་ནས་སྤྱོད་པ་སྤྱད། ཉེ་རྒྱུའི་སྒྲུབ་པ་ཞག་བདུན་གྱིས་འབྲས་བུ་སངས་རྒྱས་ལ་སྦྱོར་བ་སོགས་ཀྱི་རྣམ་གཞག་མཛད་དེ། ལམ་བློ་ཆོད་ཀྱི་དབང་དུ་བྱས་པར་གདའ་ནའང༌། གཏུམ་མོ་སྒྱུ་ལུས་འོད་གསལ་རྣམས་ལམ་རིམ་གཅིག་ཏུ་སྒྲིག་པ་རང་ལེགས་སོ། །བཞི་པ་འཆི་བ་འོད་གསལ་གྱི་གདམས་ངག་ནི། གོ་བབས་དང་བཤད་སྒྲོས་འབྲེལ་ཆགས་པ་ལ་བརྟེན་ནས་གོང་དུ་བཤད་ཟིན་ཏེ། བར་དོ་དང་པོ་འཆི་བ་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་བཟུང་བ་ཞེས་བྱ་བ་དེ་ཡིན། ཡང་ན་གོང་དུ་ས་བཅད་ཙམ་སྨོས་ནས། དམིགས་པ་དེ་སྐབས་འདིར་བསྟན་ཀྱང་རུང་ངོ༌། །དེ་དག་གིས་ནི་བསྲེ་བའི་གདམས་ངག་རྣམས་བསྟན་ཟིན་ཏོ། །གཉིས་པ་འཕོ་བའི་གདམས་ངག་ལ། གོང་དུ་འཕོ་བ་དང༌། གྲོང་དུ་འཇུག་པ་གཉིས་སོ། །དང་པོ་ལ་སྦྱངས་ཏེ་འཕོ་བ་དང༌། བཙན་ཐབས་སུ་འཕོ་བ་གཉིས། དང་པོ་ལ་སྦྱོར་བ་དང༌། དངོས་གཞི་གཉིས། སྦྱོར་བ་ལ་རླུང་སྦྱང་བ་དང་སྒོ་དགག་པ་གཉིས་སོ། །དང་པོ་ནི། བུམ་པ་ཅན་ལ་བསླབ་པ་


TNT11_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། བུམ་ཅན་རབ་འབྲིང་ཐ་མ་གསུམ་གང་རུང་གཅིག་ཁེགས་པ་དགོས། གཉིས་པ་ནི། རང་ལུས་ཁོང་སྟོང་དུ་གནས་པའི་ཚངས་བུག་ཏུ་ཀྵུཾ་ཡིག་མགོ་བོ་ཐུར་བསྟན། མིག་གཉིས་དང་སྨིན་མཚམས་སུ་ཧཱུཾ་རེ་རེ་རྣ་བ་གཉིས་དང༌། སྣ་བུག་གཉིས་སུ་ཡུམ་རེ་རེ། ཁ་དང་ཆུ་ལམ་ལ་སུཾ། ལྟེ་བར་རྣམས་མགོ་ནང་བསྟན་དང༌། འོག་སྒོར་ཀྵུཾ་ཡིག་མགོ་གྱེན་བསྟན་ནོ། བསྲེ་འཕོའི་ཡིག་ཆུང་གཉིས་ན་མི་གསལ་ཡང་མཁའ་འགྲོ་རྣམས་ཀྱི་གྲངས་ཚང་བའི་ཕྱིར་དང༌། དྲོད་དང་དབུགས་དང་རྣམ་ཤེས་འཕོ་བའི་གནས་ཡིན་པའི་ཕྱིར་དང༌། གདན་བཞི་ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་རྣམས་ལས་གསལ་བར་གསུངས་པ་ཉིད་ཀྱི་ཕྱིར། མགྲིན་པར་། སྙིང་གར་། དཔུང་གཉིས་པ་ལ་རྣམས་ཀྱང་བསྒོམ་དགོས་ཏེ། ཡི་གེ་རྣམས་ཀྱི་ཁ་དོག་ནི། སུཾ་དཀར་པོ། ཀྵུཾ་སེར་པོ། གཞན་རྣམས་སྔོན་པོའམ་ནག་པོ་ཞེས་བཤད། ཡི་གེ་ཐམས་ཅད་མགོ་བོ་ནང་དུ་བལྟ་བའོ། །ཡི་གེ་དེ་རྣམས་ལས་འོད་ཟེར་འཕྲོས་ཏེ། སྒོ་རྣམས་བར་མཚམས་མེད་པར་བཀག་པར་བསམས་ལ་རླུང་བུམ་པ་ཅན་དྲག་ཏུ་བཟུང༌། དེ་ཉིད་ཟླ་ཤས་བསྒོམས་པས་སྒོ་ཁེགས་པའི་རྟགས་འབྱུང༌། གཉིས་པ་དངོས་གཞི་ནི། ཡང་སྒོ་དགག་པ་སྔ་མ་བཞིན་སྔོན་དུ་སོང་ནས་ལྟེ་བའི་ཐད་ཀྱི་རྒྱབ་གཞུང་གི་དབུས་སུ། རིག་པ་སེམས་ཀྱི་རྒྱལ་པོ་ཨ་ཡིག་དཀར་པོ་འོད་འཕྲོ་བ་ལ་སེམས་བསྟད་དེ། བུམ་པ་ཅན་


TNT11_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྟེ། དེ་ཡང་ཟླ་བ་གཅིག་ཚུན་གྱིས་བདེ་དྲོད་ཀྱི་ཉམས་མྱོང་ཅུང་ཟད་སྐྱེའོ། །འདིའི་ཡི་གེ་ཞིག་ན་ལྟེ་འོག་སོར་བཞིར་ཨ་བསྒོམ་གསུང་བའང་ཡོད་དེའང་མ་ཁའོ། །དམིགས་སྐོར་གཅིག །དེ་ནས་རླུང་ཅུང་ཟད་ནང་དུ་བཟུང་ནས། སླར་ཁ་ནས་དལ་བུས་བཏང་པ་དང་ལྷན་ཅིག་ཏུ། རླུང་ཐེངས་གཅིག་ལ་ཧིཀ་ཉི་ཤུ་རྩ་གཅིག་བརྗོད་པའི་ཐ་མ་དེ་ལ། ཧཱིཀ་ཞེས་ཕྱི་ལ་དྲག་ཏུ་ཕུལ། དེ་ནས་ནང་དུ་དལ་བུས་རྔུབ་པ་ན། ཀ་ཧཱི་ཉི་ཤུ་རྩ་གཅིག་དྲན་པར་བྱ། ཀ་ཧཱི་འདི་ངག་ནས་བརྗོད་མི་དགོས། ཁ་ནས་རྔུབ་ཀྱང་མི་རུང་བ་མེད་མོད། སྣ་ནས་རྔུབ་པ་ཉིད་བཟང་ཞིང༌། རླུང་རྔུབས་ཟིན་པ་ན་ལྟོ་བ་ཕྱིར་བཀྱེད་དེ། རྒྱུ་ཞབས་སུ་གནོན། དེ་ཉིད་ཡང་ཡང་བསྒོམ། ཐུན་བཞིར་བརྒྱ་རྩ་སོགས་སྦྱངས་ཏེ་ཞག་བདུན་ཙམ་དུ་དེ་ལྟར་བྱ། དམིགས་སྐོར་གཉིས་སོ། །དེ་ནས་སྒོ་དགག་པ་གོང་བཞིན། སྒལ་ཚིགས་ཉི་ཤུ་རྩ་གཅིག་གི་གནས་སུ། ཟླུམ་པོ་ཁ་དོག་དཀར་པོ་སྟེང་འོག་རིམ་པ་ཉི་ཤུ་རྩ་གཅིག །དེ་དག་གི་འོག་ཏུ་ཨ་ཡིག་སྔར་བཞིན་བསྒོམ། དེ་ནས་རླུང་སྦྱོར་སྔ་མ་བཞིན་ལས། ཧིཀ་རེ་རེ་བརྗོད་པ་ན་ཚིགས་པ་རེ་རེ་ལ་ཨ་ཡིག་དེ་འཕར་ཞིང་སྟེང་དུ་འགྲོ་བར་བསམ། ཉི་ཤུ་རྩ་གཅིག་པ་ལ་ཨ་ཡིག་དེ་ཚངས་བུག་གི་སྒོར་ལྷན་གྱིས་སོང༌། ཡི་གེའི་མགོར་ཕྱིར་ཉུག་ཉུག་ཡོད་པར་བསམ། ཡང་རླུང་ནང་དུ་དྲངས་པ་ན། ཨ་ཡིག་དེ་ཨན་སྟོང་རུས་པའི་སྟེང་དུ་བབས། ཀ་ཧཱི་རེ་རེ་དང་བསྟུན་ནས། སྒལ་ཚིག་ཉི་ཤུ་རྩ་གཅིག་ལ་བབས་ནས། སྔར་གྱི་


TNT11_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་དུ་སྒྲེང་ངེ་འདུག་པར་བསམ། དེ་ལྟར་ཐུན་བཞིར་ཡང་ཡང་སྦྱངས་པས། ཐོག་མར་ཟས་མང་དུ་ཡོད་པ་དང༌། དེ་ནས་དཔྲལ་བར་རྟུལ་ཞིང་ཚ་ཆིལ་བ་དང༌། དེ་ནས་འཚོག་མའམ། སྤྱི་གཙུག་བརྡོལ་བ་སྙམ་བྱེད་པ་འབྱུང༌། རྔོག་པའི་བཞེད་ཀྱི་དེ་དག་ནི་འཕོ་བའི་རྟགས་ཙམ་ཡིན་གྱི་འཕོ་བ་འབྱོངས་བ་རང་མིན་ལ། ཡར་འཕོ་བའི་དམིགས་པ་བསྟད་པའི་སྐབས། ད་ལྟའི་སྣང་བ་འདི་ནུབ་ཚད་པ་དང༌། སྤྱི་གཙུག་ཏུ་ན་ཟུག་ཆེན་པོ་རང་མ་ཡིན་པའི་ཤུགས་ཆེན་པོ་སྒྲིང་སྒྲིང་བ་འབྱུང༌། མར་འབེབས་པའི་དམིགས་པ་བསྒོམས་པས་ལྟེ་འོག་ཏུ་ཚ་ཆིལ་བ་དང༌། བདེ་ཆམ་པ་དང༌། ཤུགས་ཆེན་པོ་སྒྲིང་སྒྲིང་བ། ད་ལྟའི་སྣང་བ་འདི་ཤིན་ཏུ་གསལ་བ་ལ། ཆུ་ནང་གི་རྡེའུ་ལྟར་ཡུལ་ཡུལ་བ་འབྱུང༌། བསྒོམ་རེས་ཀྱི་དེ་ལྟར་ཡོང་ན་འཕོ་བ་འབྱོངས་པ་ཡིན་གསུང་བ། གནད་དང་ལྡན་པ་ངེས་ཏིག་ཅན་གྱི་ཞལ་སྒྲོས་སུ་སྣང་ངོ༌། །དམིགས་སྐོར་གསུམ་པ་སྟེ་དེ་དག་ནི་འཕོ་བ་སྦྱང་བའོ། །ལས་ལ་སྦྱར་བ་ནི། གནས་ཁང་ཡིད་དང་མཐུན་པར། དགྱེས་རྡོར་ཡབ་ཡུམ་གྱི་སྐུ་གཟུགས་དགྲམ། མཆོད་གཏོར་བཤམས། ལྕོགས་ན་ཆོ་གས་ཕུལ། མི་ལྕོགས་ན་ཡིད་ཀྱིས་ཕུལ། དེ་ནས་སྔར་གྱི་འཕོ་བའི་དམིགས་པ་དེ་ལན་ཁ་ཡར་སྦྱངས། དེ་རྗེས་ལྟེ་འོག་སོར་བཞིར་ཨ་སྔར་བཞིན་བསྒོམ། རྐང་མཐིལ་གཉིས། མཁལ་ཁུང་གཉིས། མཆན་ཁུང་གཉིས་ཏེ་དྲུག་ཏུ་


TNT11_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཡིག་མགོ་བོ་ནང་དུ་བལྟ་བ་རླུང་གི་ཤུགས་འོད་ཟེར་དང་བཅས་པ་བསྒོམ། སྙིང་གར་པདྨ་འདབ་བཞི་ཁ་ཐུར་བསྟན། ལྟེ་བར་ཧཱུཾ་སྔོན་པོ་མགོ་བོ་ཐུར་བསྟན་དང༌། འདབ་མ་བཞི་ལའང་ཡུམ་ཡིག་སྔོན་པོ་མགོ་བོ་ཐུར་བསྟན་བསྒོམ། དེ་ནས་རླུང་སྦྱོར་དང་ཧིཀ་སྔར་བཞིན་བྱས་པས་ལྟེ་བའི་ཨ་དེ་ཡར་འཕར་ཞིང་འོངས་ནས་སྙིང་གའི་ཧཱུཾ་ལ་ཐིམ། དེ་སྐབས་པདྨ་ཁ་གྱེན་དུ་བསྟན། ཧཱུཾ་སོགས་ཡི་གེ་ལྔ་པོ་ཡང་རང་རང་གི་ཐད་ཀ་བརྡོལ་ནས། མགོ་བོ་གྱེན་བསྟན་དུ་ཡོད་པ་ལས། ཡུམ་ཡིག་བཅུ་པོའི་རླུང་ཤུགས་ཀྱིས་ཧཱུཾ་གྱེན་དུ་ཡེར་ཡེར་བཏེག །ཧཱུཾ་ཡིག་སྤྱི་གཙུག་ཚངས་པའི་བུ་ག་ནས་མཐོན་ལ་ཁད་ཁད་པ་ལ། སྔར་སྙིང་གའི་པདྨའི་ལྟེ་བ་ནས་ཧཱུཾ་གི་ཞབས་ཀྱུའི་བར་ལ། འོད་ཟེར་བ་ཐག་ལྟ་བུས་སྦྲེལ་ནས་ཡོད་པ་དེ། སྐབས་དེར་པད་ཀྱིས་ཆད་ནས། ཧཱུཾ་དེ་མདའ་འཕངས་པ་བཞིན་དུ་ཡི་དམ་གྱིས་ཐུགས་ཀར་ཐིམ་མོ། །དེ་ལྟ་བུ་ལན་གཅིག་གིས་མ་འཕོས་ཀྱང༌། བསྐྱར་གྱིན་བསྒོམས་པས་འཕོ་སྟེ་ལན་ཉི་ཤུ་རྩ་གསུམ་རྩ་བཞི་བསྒོམས་པས་མི་འཕོ་བ་མི་སྲིད་གསུང༌། དམིགས་པ་འདི་ཡིག་ཆུང་གི་དངོས་བསྟན་ལ་ལས་ལ་སྦྱར་བ་ཁོ་ནའི་སྐབས་སུ་བཤད་ཀྱང༌། སྔ་རོལ་ནས་མ་བསྒོམས་ན། སྐབས་དེར་གསལ་ཐེབས་པ་དཀའ་བས། སྦྱོང་བའི་དུས་ནས་ཞག་རེ་ལ་ལན་རེ་ཙམ་རེ་བསྒོམ་དགོས་སོ། །ཡིག་ཆུང་རྣམས་ལས་ཚངས་བུག་གི་ཀྵུཾ་ཡིག་བསམ་ནས་འཕོ་བར་བཤད་དེ། འགོག་དགོས་རྒྱུ་དང༌། དབྱེ་དགོས་རྒྱུའི་ལམ་གཉིས་ཡོད་པས་དཀྱུས་བཞིན་བསྒོམ་པ་ལེགས་སོ། །


TNT11_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྐོར་བཞི་པའོ། །གཉིས་པ་བཙན་ཐབས་སུ་འཕོ་བའི་གདམས་ངག་ནི། སྔར་འཕོ་བ་མ་སྦྱངས་པ་ལ། འཆི་ངེས་ནད་ཀྱིས་ཐེབས་ན། ཤུལ་ལ་མ་ཆགས་ཤིང༌། དགེ་རྩ་འདྲ་བྱེད་དུ་གཞུག །དད་པའམ་སྙིང་རྗེ་སོགས་དགེ་སེམས་གཅིག་གསལ་བཏབ། ཡེ་ཤེས་བཙན་ཐབས་སུ་བསྐྱེད་པས་འཕོ་ན། ལུས་ཙོག་པུར་བྱེད། ཨོལ་མདུད་ལན་གསུམ་གཡས་གཡོན་དུ་གཅུ། དེ་ནས་དྲང་པོར་འདུག་ལ། སྨིན་ཕྲག་ཏུ་ཐིག་ལེ་དཀར་པོ་ལ་སེམས་བསྟད། མིག་ཟིམ་མེ་པ་ལ་མིག་འབྲས་མི་གཡོ་བར་བཞག །རང་ངམ་གྲོགས་ཀྱིས་ལོངས་སྤྱོད་ཀྱི་རླབས་མནན་ཞིང་བསྒོམ་པའོ། །ཡང་ན་དམིགས་པས་བཙན་ཐབས་སུ་འཕོ་བ་ཞེས་བྱ་བ། མདུན་གྱི་ནམ་མཁར་བླ་མའམ་ཡི་དམ་བསྒོམ། སྤྱི་བོ་ཚངས་བུག་སྐྱ་ཧ་རེ་འདུག །སྙིང་ག་པདྨ་འདབ་བཞི་ཁ་གྱེན་བསྟན་གྱི་དབུས་ན། རིག་པ་སེམས་ཨ་ཡིག་བ་ཐག་དང་བཅས་པ་དེ། ཧིཀ་ཉེར་གཅིག་བརྗོད་པས་ཚངས་བུག་ནས་ཐོན། བ་ཐག་རྦད་ཀྱི་ཆད་ནས་བླ་མའམ་ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསྒོམས་པས་འཕོ་ནུས། འདི་ལ་ཁའི་རླུང་གིས་ཨོལ་མདུད་ཀྱི་ཤུགས་ལྟག་པའི་མདུད་སྒོའི་ཕྱོགས་སུ་འཕུལ་ཞིང༌། མཐེ་བོང་དང་གུང་མཛུབ་ཀྱི་ཤུགས་ཀྱིས་ཨོལ་མདུད་ཀྱི་གཡས་གཡོན་གཉིས་ནས་སྡོམ་ཞེས་གསུང་པའང་འདུག་སྟེ། ངེས་པར་དགོས་པ་མིན་ལ། ཡང་གོང་གི་འཕོ་བ་ཆེན་མོ་མི་ལྕོགས་ན། དམིགས་པ་འདི་ལ་སྤྱི་དང་མཚུངས་པར་མར་འབེབས་པའི་དམིགས་པ་མནན་ནས་སྦྱངས་ཏེ་འཕོ་བའི་ལུགས་བསྒོམ་དུ་བཅུག་ཀྱང་ལེགས་སོ། །འདིའི་


TNT11_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་དོན་ལ། ལུས་གནད་བཅོས་པའི་འཕོ་བ་བྱ་བ་ཞིག་ཡོད་དེ། དེ་ཡང་དམིགས་པ་ཡེ་བསྒོམ་མི་ཤེས་པའམ་མི་ཐུབ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་དུས་ཀྱི་བཞུགས་སྟངས་དང་འདྲ་བ། ཕྱོགས་མ་འཆོལ་བར་ཉལ་དུ་བཅུག །ཕྱི་དབུགས་ཆད་ཙ་ན། སྤྱི་བོའི་སྟེང་ཕྱོགས་སུ་སྒྲ་སྙན་པོ་བག་ཙམ་དྲག་པོ་མ་ཡིན་པའི་གླིང་བུའམ། ཏིང་ཤག་ལྟ་བུ་རོལ་མོ་ཕྲ་མོ་བྱ། སྤྱི་གཙུག་གི་སྐྲ་ནས་མཐེན་པའམ། རེག་ཙམ་རེག་ཙམ་བྱེད། དེ་བཞིན་གཤེགས་པའི་བཞུགས་སྟངས་བྱིན་རླབས་རྟེན་འབྲེལ་གྱི་གནད་ཀྱིས་ངན་འགྲོའི་སྒོ་ཁེགས་པ་ཡིན་གསུང་ངོ༌། །གལ་ཏེ་དམིགས་པ་གསལ་ཐེབས་ན་དམིགས་པ་ཡང་བསྒོམ་སྟེ། ལྟེ་འོག་སོར་བཞིར་ཉི་མ་ལ་ཨ། དེ་ལས་འོད་དམར་ནར་བྱུང་སྟེ། སྤྱི་གཙུག་ཚངས་བུག་ཕྱེ། སྒལ་ཚིགས་ཉེར་གཅིག་པདྨ་ཉེར་གཅིག་ཨིཀ་ཅེས་པ་ཉི་ཤུ་རྩ་གཅིག་བརྗོད་པས་ཨན་ཏོང་དུ་སླེབ། ཉེར་གཉིས་པས་སྤྱི་གཙུག་ནས་འཐོན། ཡི་དམ་གྱི་ཐུགས་ཀར་རེག་རྗེས་སླར་ཡང་སྤྱི་བོར་བསྡད། ཉེར་གསུམ་པ་བརྗོད་པས་བ་ཐག་ཆད། ཡི་དམ་གྱི་ཐུགས་ཀར་ཐིམ། ཞེས་ཡིག་ཆུང་ན་བཤད་འདུག །དཀྱུས་ཀྱི་དམིགས་སྐོར་ལ་མི་འགྲོ། འདི་ལ་ཉམས་ཁྲིད་སྐྱོང་བའི་སྲོལ་མེད་དོ། །གཉིས་པ་གྲོང་དུ་འཇུག་པ་ནི། བདེན་མེད་སྒྱུ་མ་བློ་འབྱོངས། བསྐྱེད་རིམ་ལ་གསལ་སྣང་ཐོབ། རླུང་ལེགས་པར་བྱང་བ་གཅིག་གིས་ཡི་དམ་དང་མཁའ་འགྲོ་ལ་གསོལ་བ་བཏབ་ནས་གནང་བ་ཐོབ་པ་གཅིག་གིས་སྒྲུབས་ན་འགྲུབ། དེ་ཡང་ཐོད་པ་སྲུབས་མེད་


TNT11_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོར་ལྔ་པ་གཅིག་ལ་རྩི་ནག་པོས་བྱུག་པའི་དབུས་སུ། ཧཱུཾ་དཀར་པོ་བྲིས། དཀྱིལ་འཁོར་རྒྱས་བསྡུས་གང་རུང་ཞིག་གི་དབུས་སུ་བཞག །རང་གི་རླུང་སེམས་སྙིང་གའི་ཧཱུཾ་ལ་བསྡུས་པ་དེ། རླུང་ཕྱིར་འགྲོ་བ་དང་ལྷན་ཅིག་སྣ་སྒོ་ནས་རྒྱངས་ཏེ་ཐོན་ནས། ཐོད་ཚལ་ཕྱེ་ཧཱུཾ་ལ་ཐིམ། དེ་ལ་མིག་དང་སེམས་དྲག་ཏུ་བསྟད། རང་ལ་མ་ཞེན་མ་ཆགས་པ་དང༌། ཧཱུཾ་ལ་ཞེན་ཞིང་ཆགས་པར་བྱ། དེ་ལྟར་བསྒོམས་པས་དེ་ལ་འབར་བ་དང༌། གཡོ་བ་དང༌། དྲོ་བ་ལ་སོགས་པའི་རྟགས་འབྱུང༌། རང་ལུས་ཀྱི་སྣང་བ་མི་གསལ། རང་གི་སེམས་ཧཱུཾ་གི་ས་དེ་ན་ཡོད་པར་སྣང་ཞིང་མྱོང་བ་འབྱུང༌། དེས་ནི་འབྱོངས་པ་ཡིན་ཏེ། དེ་ནས་བར་ཆད་ཀྱིས་མ་ཁྱེར་བར་ལས་ལ་སྦྱར་ན་འགྲུབ་སྟེ། རྒྱས་པར་རྒྱུད་འགྲེལ་དང་ཡི་གེ་སྔ་མ་རྣམས་སུ་ཤེས་པར་བྱ་ལ། ད་ལྟ་ཉེར་མཁོ་ཆུང་བས་འདིར་རྒྱས་པར་མ་སྨོས་སོ། །གྲོང་འཇུག་འདི་ཐུན་མོང་གི་དངོས་གྲུབ་ཡིན་ཏེ། རལ་གྲི་མིག་སྨན་སོགས་ཀྱི་སྡེ་པ་ཆ་ཡིན། གཏུམ་མོ་འོད་གསལ་སོགས་ཀྱི་གྲྭ་སྡེབས་མིན། སྒྱུ་འཕྲུལ་གྱི་དངོས་གྲུབ་དང་འདི་གཉིས་རལ་གྲི་སོགས་དེ་དག་ལ་ཅུང་ཟད་འགྲུབ་སླ་བར་རྒྱ་གར་པ་རྣམས་ལ་གྲགས། འདི་རྫོགས་རིམ་གྱི་ཁྲིད་ཡིན་རྒྱུ་མེད་ནའང༌། གོང་དུ་འཕོ་བ་དང་འབྲེལ་ཆགས་པ་ལ་བརྟེན་ནས། འཕྲོས་དོན་དུ་བཤད་པར་འདུག །རྗེ་འབྲོག་མི་དང་རྗེ་མར་པ་གཉིས་ཀར་འཕོ་བའི་འཕྲོས་ལ་གྲོང་འཇུག་གི་རྣམ་གཞག་རེ་གསུངས་གིན་ཡོད་འདུག་པས། བོད་འདིར་ཤིན་ཏུ་གྲགས་ཆེ་


TNT11_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཏེ་གྲོང་འཇུག་ལམ་གྱི་འཐུད་མ་ཞེས་ཟེར་བ་དེ་བྱུང་བ་ཡིན། དེས་ན་བསྲེ་འཕོ་ལས་ཕྱེ་སྟེ། ཆོས་དྲུག་དང༌། བརྒྱད་དང༌། བཅུ་ལ་སོགས་པའི་རྣམ་གཞག་བྱེད་ཙ་ན། གཏུམ་མོ་སྒྱུ་ལུས་སོགས་དང་འདྲ་བར་བརྩིས་ཏེ། གྲོང་འཇུག་ལམ་གྱི་རྐངས་སུ་བྱེད་པ་ནི་མི་ལེགས་ཏེ། གཞན་དུ་ནི་རི་ལུ་མིག་སྨན་སོགས་ཀྱང༌། ཆོས་དྲུག་ལ་སོགས་པའི་སྡེ་ཚན་གྱི་རྐངས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གོང་དུ་འཕོ་བ་དང་ནི་མི་འདྲ་སྟེ། དེ་ནི་རླུང་སེམས་དབུ་མར་འཇུག་པ་དང་འཆིང་བའི་ཐབས་ཡིན་པའི་ཕྱིར། རྫོགས་རིམ་དངོས་སམ་རྗེས་མཐུན་གང་རུང་ཡིན་ཞིང་འདོ་གསལ་གྱི་ཆ་ལག་གོ །ཇི་སྐད་དུ། གལ་ཏཻ་སྐུ་གསུམ་མ་གྲུབ་ནའང༌། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གསུངས་པའི་ཡང་ཕྱིར་རོ། །འཕོ་བ་དང་གྲོང་འཇུག་འདི་དག །དགྱེས་རྡོར་རྩ་བཤད་ལས། ཟུར་གྱི་འཕངས་པ་མ་གཏོགས་དངོས་སུ་མི་གསལ་ཏེ། གདན་བཞི་སོགས་ནས་ཁ་བསྐང་བ་ནི་ཡིན་ལ། འོན་ཀྱང་རྗེ་མར་པ་ཉིད་ཀྱིས་བཀའ་སྲོལ། གདན་གཞིའི་མན་ངག་གི་སྐབས་སུ་བྱུང་བ་རྣམས་དང༌། དམིགས་པ་འདྲ་མིན་ཅུང་ཟད་ཡོད་མོད། འགའ་ཞིག་འདམ་ཁ་དང༌། འགའ་ཞིག་རྒྱས་བསྡུས་དང༌། ཁ་ཅིག་གྲུབ་ཐོབ་སོ་སོའི་མན་ངག་མི་འདྲ་བ་ཡིན་པའི་ཕྱིར། འགལ་བར་མི་བསམ་ཞིང་ཕན་ཚུན་བསྲེ་བར་ཡང་མི་བྱའོ། །དེ་དག་གིས་ནི་དགྱེས་རྡོར་གྱི་མན་ངག་བསྲེ་འཕོ་ཞེས་གྲགས་པ། ལྷོ་བྲག་མར་པའི་ཐུགས་བཅུད་བསྲེ་སླད་མེད་པ་རྔོག་སྟོན་ཡབ་སྲས་ལ་བཀའ་བབས་པའི་


TNT11_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཏེ་མ་ནོར་བར་བསྟན་ཟིན་ཏོ། །སྨྲས་པ། ཕྱོགས་འདིར་ནཱ་རོ་ཆོས་དྲུག་ཅེས་བྱ་བར། །གྲགས་པའི་འཁྲིད་ཚུལ་མི་འདྲ་མང་ཡོད་ཀྱང༌། །ལྷད་མེད་མན་ངག་འདི་འདྲ་ཤིན་ཏུ་དཀོན། །ཆོས་དྲུག་མཆོག་ཀྱང་འདི་ཉིད་ཁོ་ན་ཡིན། །རྒྱབ་རྟེན་ཕྱོགས་འདྲའི་ཡིག་སྣ་བསྡུས་པ་ལ། །བསྲེ་འཕོའི་པོ་ཏི་ཞེས་སུ་བར་སྐབས་གྲགས། །ཕྱིས་ནས་དེ་ལ་འཁྲིད་ཚུལ་ལོག་པ་བསྒྲིགས། །བཤད་རྩོམ་ཆ་ལག་མི་འདྲ་དུ་མ་བརྩམས། །རྒྱུད་སྡེ་འདི་ལ་བརྟེན་ཞེས་རྒྱབ་རྟེན་མེད། །དབང་དང་བསྐྱེད་རིམ་ངེས་མེད་ཐུན་ཚིགས་བསྡུས། །སྤྲོས་བཅས་འགོག་ཅིང་ལས་ཚོགས་ལ་དགའ་བའི། །འགལ་འདུ་ཅན་ལ་དམ་པ་ཐམས་ཅད་ཁྲེལ། །དམིགས་བསྟད་རྒྱབ་བརྟེན་རྒྱུད་དང་མ་བྲལ་ཞིང༌། །དབང་དང་རིམ་གཉིས་འཛོམ་པ་ཟབ་མོའི་ལམ། །རྒྱབ་རྟེན་རྫུན་ལ་མི་འཚོལ་དྲང་པོའི་ཆོས། །མར་རྔཽག་བཞེད་པ་ཇི་བཞིན་འདི་ན་ཀོ། །།མཆོག་གྱུར་མན་ངག་ཟབ་མོ་ཡི་ཉམས་ལེན་གྱི་རིམ་པ།