Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
དཔལ་དགྱེས་པའི་རྡོ་རྗེའི་མན་ངག་སྦས་པ་མིག་འབྱེད་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དགྱེས་པའི་རྡོ་རྗེའི་མན་ངག་སྦས་པ་མིག་འབྱེད་སོགས།next

དཔལ་དགྱེས་པའི་རྡོ་རྗེའི་མན་ངག་སྦས་པ་མིག་འབྱེད་སོགས།


TNT11_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དགྱེས་པའི་རྡོ་རྗེའི་མན་ངག་སྦས་པ་མིག་འབྱེད་སོགས་བཞུགས།


TNT11_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི་པྲ་ཛཱ་བྷྱཿ དཔལ་དགྱེས་པའི་རྡོ་རྗེའི་མན་ངག་སྦས་པ་མིག་འབྱེད་ཅེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའ་དང་མཉམ་ཤེས་རབ་ཐབས་སྦྱོར་བ། །ཆོས་ཀྱི་བདུད་རྩིའི་ལོངས་སྤྱོད་རྫོགས་སྐུ་མཆོག ། རྒྱལ་བ་ཡན་ལག་བདུན་ལྡན་རྡོ་རྗེ་འཆང༌། །བདེ་ཆེན་མགོན་པོ་ཁྱོད་ཀྱིས་ཤིས་པར་མཛོད། །རྣལ་འབྱོར་མ་ཡི་རྒྱུད་རྒྱལ་ནི། །དགྱཻས་པའི་རྡོ་རྗེ་རབ་གསལ་བ། །ལྷན་ཅིག་སྐྱེས་པ་རབ་སྒྲུབ་ལ། །རིམ་པ་གཉིས་པོ་རྒྱལ་གྱུར་ཅིག །སེམས་ཅན་ཀུན་ལ་སྙིང་བརྩེ་བས། །ཐམས་ཅད་མཁྱེན་པའི་འབྲས་སྟེར་བ། །བླ་མ་བཟང་ལ་ཕྱག་འཚལ་ནས། །སྦྱིན་བསྲེག་མེད་ཅིང་དཀའ་ཐུབ་མེད། །ཡོད་པ་མེད་ཅིང་མེད་པ་མེད། །རྟག་དང་ཆད་པ་རབ་བྲལ་བ། །འདིར་ནི་བྱ་བའི་ལས་ཀུན་སྤངས། །དཀྱིལ་འཁོར་དཀྱིལ་འཁོར་ཅན་ཡང་མེད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཤེས་རབ་ཏུ་བརྗོད། །དེ་ན་སྔགས་བཟླས་དེ་དཀའ་ཐུབ། །སྦྱིན་བསྲེག་དཀྱིལ་འཁོར་དཀྱིལ་འཁོར་ཅན། །མདོར་ན་སེམས་བསྡུས་ཚུལ་ཅན་ནོ། །ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ནི། །


TNT11_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྦས་པའི་ཞལ་སྔ་ནས། །བདེ་ཆེན་མགོན་པོའི་དྲིན་ལས་བཤད། །ལུས་ཅན་རྟོག་པས་སྒྲིབས་པ་ལས། །ཡེ་ཤེས་གསལ་བར་འགྱུར་བ་མེད། །རྣམ་རྟོག་མུན་པ་ཞེས་བྱ་སྟེ། །རྣམ་པར་རྟོག་མེད་གསལ་བ་ཡིན། །རྡོ་རྗེ་མི་ཕྱེད་གསུམ་ལྡན་པ། །ཡེ་ཤེས་ལྔ་མི་རྩིབས་དང་ལྡན། །འཁོར་ལོ་བསྐོར་བྱ་དེ་ལས་གཞན། །རང་རིག་སྐད་ཅིག་རྟག་པ་ལ། །དུས་གསུམ་སྤངས་པས་བསྒོམ་བྱ་སྟེ། །རང་རིག་གཅིག་པུས་ཐམས་ཅད་བྱེད། །འཁོར་བ་དང་ནི་མྱ་ངན་འདས། །གཅིག་དང་དུ་མ་ཡོད་མ་ཡིན། །གང་ཟག་རང་བཞིན་མེད་པ་སྟེ། །བསམ་དུ་མེད་པས་བསྒོམ་པར་བྱ། །རང་བཞིན་མེད་པས་སྒོམ་པ་སྟེ། །འདི་ནི་དེ་ཁོ་ན་ཉིད་ཡིན། །དེ་ནས་བསྐྱེད་རིམ་བླ་མའི་གསུང༌། །མཁས་པས་དྲན་པ་གཅིག་ཏུ་བྱ། །ངོ་བོས་གཟུགས་མེད་མཐོང་སོ་མེད། །སྒྲ་མེད་ཉན་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་པ་པོ་ཡང་མེད། །དེ་ནས་ཕྲ་མོ་དང་ཐིག་ལེ་བསྒོམ་སྟེ། སྙིང་


TNT11_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དབུས་ན་ཟླ་བ་གནས། །ཟླ་བའི་དབུས་ན་མི་ཤིགས་པ། །སྣ་ཚོགས་འོད་ཀྱིས་རྣམ་འཁྲིགས་ལྡན། །དེས་ནི་རྡོ་རྗེ་རྣམ་པར་བསྒོམས། །གཞན་ཡང༌། མཁའ་འགྲོ་རྡོ་རྗེ་བདག་མེད་མ། །བསྐུལ་བའི་ཆོ་གས་སྒོམ་པར་བྱ། །མཁའ་འགྲོ་གདོང་གི་སྣ་རྩེར་ནི། །ཉུང་ཀར་གནས་པ་རྣམ་པར་བསྒོམས། ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་བ་མ་ལུས་ཉུང་ཀར་དུའོ། །དེ་ནས་གོང་བུ་བསྡུ་བ་སྟེ། །འོད་གསལ་བའི་ཡེ་ཤེས་ཁ་དོག་འཇིག་པར་བསྒོམ་མོ། །ནག་པོ་དམར་དང་སེར་དང་ལྗང༌། །སྔོན་པོ་དཀར་པོ་ཡན་ལག་དྲུག །ཕྱི་ནས་ཁ་དོག་སྤངས་པ་སྟེ། །ཐབས་དང་ཤེས་རབ་རང་བཞིན་གྱི། །ལྷ་སྐུ་ཁ་སྦྱོར་ཉི་ཟླ་དང༌། །ཡི་གེ་མི་ཕྱེད་བཅིངས་པ་ཡི། །དོན་དམ་པར་ནི་རབ་ཏུ་བསྒོམས། །རྫོགས་པའི་རིམ་པའི་འོད་གསལ་བའང༌། །རྣམ་པ་འདི་ཡིས་སྒོམ་བྱ་སྟེ། །དགའ་བྲལ་མཐར་ཡང་མཚོན་པར་བྱ། །སྤྲིན་དང་ནམ་མཁའ་སྣང་བྱེད་དང༌། །སྨིག་རྒྱུ་དེ་ནས་སྒྲོན་མ་དང༌། །སྤྲིན་མེད་ནམ་མཁའ་ལྟ་བུར་སྣང༌། །དེ་ནས་དཀྱིལ་འཁོར་སྒོམ་པར་བྱ། །དེ་ལྟར་བསྐྱེད་པའི་གོ་རིམ་དེ་ཁོ་ན་ཉིད་བཞི་ལ་གནས་ནས་ཡན་ལག་དྲུག་སྒོམ་པའོ། །དེ་ལ་དྲན་པ་གཅིག་པ་ནི། སོ་སོར་བསྡུད་པའོ། །ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར། ཁ་དོག་བཤིག་པའི་སྦྱོར་བ་ནི་བསམ་གཏན་ཡིན་ཏེ། ལྡང་བ་དང་འཇུག་པའམ། ཡང་ན་ཀུམྦྷ་ཀས་འབར་བ་དང་འཛག་པ་འདིར་ཡང་མན་ངག་གིས་ཤེས་


TNT11_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཐིག་ལེ་བསམ་པ་ནི་རྟོག་པའོ། །ཕྲ་མོའི་དཀྱིལ་འཁོར་ཐིག་ལེ་དེའི་ནང་དུ་ཆུད་པ་ནི་སྦྱོར་བའོ། །བདག་མེད་མ་འབར་བས་ཡིད་དགའ་བ་ནི་དགའ་བའོ། །ནོར་བུའི་ཐིག་ལེ་ནི་བདེ་བ་སྟེ། ཡང་ན་ལྟེ་བར་བདེ་བ་གཡོ་བ་མེད་པར་འབྱུང་ངོ༌། །གཟུགས་ལས་འདས་པ་ནི་རྩེ་གཅིག་པ་དང་འབྲེལ་བའི་ཤེས་རབ་བོ། །དེ་ནས་རྫོགས་པའི་གོ་རིམ་ནི་གཞན་བཤད་དེ། དེ་ཉིད་བཞི་པོ་དག་ལས། །དང་པོར་བདག་གི་དེ་ཉིད་ནི། །དེ་ལས་ཐིག་ལེ་སྒོམ་བྱ་སྟེ། །རང་བྱིན་རླབས་པ་རབ་ཏུ་འགྲུབ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱར་མངོན་ལྡན་ཞིང༌། །རྣལ་འབྱོར་ཉིད་ཀྱིས་དེར་བསམ་ན། །དེ་དག་བདག་དང་གཞན་མེད་པར། །རྡོ་རྗེ་པད་མ་ལས་བྱུང་བཞིན། །ཡང་དག་བདེ་བ་དངོས་མཆོག་དེ། །རྦ་རླབས་མེད་ཅིང་སྣང་བ་མེད། །རྣམ་པར་རྟོག་མེད་འགྱུར་བ་མེད། །ཅུང་ཟད་ཆང་ལ་རབ་ཞུགས་ཏེ། །བདག་མེད་མ་ལ་རང་རིག་གཞག །བྲལ་བའི་དགའ་བ་དག་གི་མཐའ། །རྣམ་པར་རྟོག་པ་དང་བྲལ་ཞིང༌། །མི་གཡོ་རྣམ་པར་འཁྲུལ་མེད་པ། །དགྱེས་རྡོར་ཞེས་བྱའི་དངོས་པོ་གསལ། །དང་པོ་ནོར་བུའི་ཐིག་ལེ་སྟེ། །དེ་ནས་སྙིང་གར་སྒོམ་པར་བྱ། །ནོར་བུ་དང་སྙིང་གའི་སྣ་རྩེར་ཟླ་བ་དམར་པོ་ལ་ཧཱུཾ་ཞེས་བསམ་མོ། །རིམ་པ་གཉིས་ཀར་འདི་སྒོམ་སྟེ། །རྫོགས་པའི་ལྷ་རུ་གསལ་བ་ཡིན། །དེ་ནས་སྔགས་ཀྱི་དེ་ཉིད་བཤད་པ། མཚན་མ་ལྔ་མཐོང་ནས། ཨོཾ་ཨཱཿཧཱུཾ་ཞེས་འཇུག་པ་དང་ལྡང་བ་དང་གནས་པ་ལ། དཀྱིལ་འཁོར་


TNT11_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས་མི་ཤིགས་པའི་སྔགས་བཟླས་པ་དང༌། དབང་པོའི་ལམ་ལས་ཀྱང་དེ་ལྟར་བཤད་དེ། མིག་དང་ཡིད་ཀྱི་བར་དུ་མངོན་པར་ཤེས་པ་དྲུག་ཏུ་འགྱུར་རོ། །བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་ཁུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །ནག་པོ་སྔོན་པོ་དབང་པོ་དྲུག ཁྱབ་བྱེད་ཞེས་པ་གཞན་ཡང་ནི། །འདི་ཡིས་ཡུལ་རྣམས་རྣམ་པ་དྲུག །རྒྱུ་དང་མི་རྒྱུ་བདེ་བར་བྱེད། །མངོན་པར་ཤེས་པ་ལྔ་ཐོབ་ཅིང༌། །ཡིད་ཀྱི་མངོན་ཤེས་དྲུག་པའང་འབྱུང༌། །ཨཱ་ལི་ཀཱ་ལིའི་རབ་བརྟགས་པས། །རྡོ་རྗེའི་བཟླས་པར་ཡང་དག་བཤད། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་དངོས་པོ་རྣམ་པར་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །སྐུའི་ཡི་གེ་རྣམ་པར་སྒོམ། །དཀྱིལ་འཁོར་དམར་པོའི་དབུས་གནས་པར། །རིན་ཆེན་སེམས་ཀྱི་ཡིག་འབྲུ་དགོད། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར། །གསུང་གི་ཡི་གེ་རྣམ་པར་སྒོམ། །ལས་ཀྱི་དཀྱིལ་འཁོར་དབུས་གནས་པར། །དོན་ཡོད་གཟུགས་ཅན་ཡི་གེ་དགོད། །ཉི་མ་ཁྲག་དང་ཁུ་བ་སྟེ། །མི་ཤིགས་སེམས་ཀྱི་དངོས་པོར་བརྗོད། །རླུང་རྣམས་གསལ་བ་དང་བདེ་བར་གྱུར་པས། རྡོ་རྗེ་དང་ཐོད་པའི་ཨཱ་ལིའི་ས་བོན་ལས་སྟེང་དང་འོག་དང་སོ་སོར་བཟླས་པ་བྱའོ། །རྡོ་རྗེ་ཐོད་པའི་སྦྱོར་བ་སྟེ། །ཐོད་པ་གསང་བའི་ལྟེ་བ་རུ། །རྡོ་རྗེ་སྨིན་མའི་འཁོར་ལོར་བརྗོད། །སྟེང་དང་འོག་ཏུ་བཟླས་པ་བྱ། །སྲོག་དང་རྩོལ་བའོ། །འཛིན་པའི་ཡེ་ཤེས་བསྐྱེད་པར་བྱེད་པ་


TNT11_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་ནས་མདོར་བསྟན་པ། །ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་འོད་ནི་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཁས་པས་སྤྱད། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་བཤེགས་པ་ཉིད། །རིམ་པ་འདི་ཉིད་རྒྱས་པར་བསྟན་པ་ལ་འཇུག་པ། འདིར་ནི་ཁུ་ཁྲག་མི་ཕྱེད་པ། །མར་མེ་ལྟ་བུ་འོག་ཏུ་བརྟག །ཧུ་ལུ་ཧུ་ལུཾ་ཧཱུཾ་སྒྲ་སྒྲོགས། །བྱེད་ཅིང་ཐིག་ལེ་འོད་འདྲེས་པས། །རང་སྙིང་ཐིག་ལེ་རྟག་ཏུ་སྒོམ། །རླུང་འགོག་གཏུམ་མོ་སྦར་བ་ལས། །སྲེགས་དང་བྱིན་གྱིས་བརླབས་པར་བྱ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེག་ཅིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །སྒྲུབ་བྱ་ཇི་ལྟའི་གཟུགས་ཏེ་དཔྱིད། ཁ་ནི་འོག་ཏུ་རྣམས་སྒོམ་ཞིང༌། །གསང་བའི་ལཾ་དུ་ཁབ་ནི་མེའི། །གཟུགས་ཅན་འཇུག་པར་བསམ་པར་བྱ། ཁྲག་དང་ཁུ་བའི་འདུ་འཁྲོད་སྐྱུག །འདར་ཞིང་མགོ་སྐྱེས་གྲོལ་བའོ། །སྙིང་གའི་བྱིན་ཟར་ཐིམ་པ་ལས། །ཕུང་པོའི་རྣམ་རྟོག་བསད་པར་བྱ། །ག་བུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་རང་བཞིན་ཅན། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །དང་པོའི་དབྱངས་ཀྱི་རང་བཞིན་ཏེ། །ལྟེ་བའི་དཀྱིལ་འཁོར་ཡང་དག་གནས། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །ལྟེ་བའམ་གསང་བ་ལས། ལས་ཀྱི་རླུང་གིས་སྦར་བའི་ཙཎྜ་ལཱིས་དེ་བཞིན་གཤེགས་པའི་བདུད་རྩི་ཟླ་བའི་འོད་ཟེར་ལྟ་བུ་དགུག་པར་


TNT11_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བསྒོམ་པ་འདིས་ནི། དགའ་བ་བཞི་ཐོབ་སྟེ། སྒོ་དགུ་འགག་གོ །འཁོར་ལོ་བཞི་འགག་གོ །སྒོ་གཉིས་དབྱེའོ། །ཕྱི་དང་ནང་གི་སྙོམས་འཇུག་ལ། །གནས་གཉིས་ནས་ནི་སྙིང་གར་འཇུག །ཆོས་ཀྱི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་དེའོ། །དེ་ནས་ཕྱག་རྒྱས་སྲོག་རྩོལ་བྱེད། །རང་བྱིན་བརླབ་པ་གཉིས་པའང་བརྗོད། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རིང་ཐུང་མ་ཡིན་ལང་ཚོས་བརྒྱན། །སྔོ་བསངས་སིཧླ་ག་བུར་ལྡན། །རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷའི་རིགས་ཀྱིས་བྱ། །ཡང་ན་ཤིན་ཏུ་སྦྱངས་པས་སོ། །གར་མ་ཚོས་མ་རྡོ་རྗེ་མ། །གཏུམ་མོ་དེ་བཞིན་བྲམ་ཟེ་མོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད། །དབྱེར་མེད་མཚན་ཉིད་ཀུན་གྲུབ་ན། །ཕྱག་རྒྱའི་རྣལ་འབྱོར་འགྲུབ་པར་འགྱུར། །རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་པའི་རྒྱུར་ནི་བརྗོད་པར་བྱ། །རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །སྐྱེ་བྱེད་མ་དང་སྲིང་མོ་ཉིད། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཇི་ལྟར་བྱེ་བར་མི་འགྱུར་བས། །རབ་ཏུ་འབད་པས་བསྟེན་པ་ཉིད། །མ་གསང་སྦྲུལ་དང་ཆོམ་རྐུན་དང༌། །ས་སྤྱོད་མེ་ཡི་སྡུག་བསྔལ་བྱེད། །དེ་ལ་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ཕྱིའི་བུ་མོ་རང་གི་རིགས་ཅན་ཡོངས་སུ་སྦྱངས་ལ། དེ་ཁོ་ན་ཉིད་དང༌། ལྷའི་གཟུགས་ལ་ཡི་གེར་བཅས་པ་ཇི་ལྟར་བྱེ་བར་མི་འགྱུར་བ་དེ་ལྟར་སྒོམ་མོ། །རྡོ་རྗེའི་མདུན་དུ་ལག་བཟུང་ནས། །འཁྱུད་དང་འོ་བྱེད་


TNT11_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཉེ་པ་དང༌། །ལྟེ་བའི་རྩ་བ་ལག་པས་དབྱེ། །རྡོ་རྗེ་འཛིན་པ་རབ་གཟིར་བྱ། །རྡོ་རྗེ་གསོར་མོའི་རབ་སྦྱོར་གྱིས། །རྡོ་རྗེའི་ས་གཞི་རབ་བསྐུལ་ཏེ། །ཕྱིས་ནས་དེ་ཡི་བདེ་ལྡན་དུ། །རྡོ་རྗེ་སེམས་དཔའ་རབ་བཅུག་སྟེ། །རྡོ་རྗེ་བཅིངས་པའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་རབ་ཏུ་བརྩམས། །རྡོ་རྗེ་སེམས་སུ་རབ་ཕྱུང་ལ། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །དེ་ཉིད་རྒྱས་པར་བསྟན་པ་ནི། ཉམས་དགའི་རོལ་པས་ཀུན་དུ་ལྟ་ཞིང་དེ་རྗེས་སྦྲང་རྩི་འདྲ་བའི་ཚིག་འཇམ་དང༌། །དགའ་བའི་དྲི་བསུང་ལག་པའི་མཚོ་སྐྱེས་བརྐྱངས་ནས་དེ་ལ་ཀུན་འཁྱུད་པའི། །ཆགས་པའི་རོ་འཐུང་གཅོད་དང་གཞལ་བས་བདག་ཀྱང་ཅི་འགྱུར་མ་ཤེས་ཏེ། །གཡོན་གཡས་ཁུ་རྡུལ་རབ་འབབ་གཡོན་གྱི་དབུས་གནས་རྡོར་དབྱིངས་དབང་ཕྱུག་མ། །བྷ་ག་ཀུརྨའི་དབུས་སུ་སོར་མོ་གསུམ། །ཡང་ན་ཁོང་ནས་སིད་ཀྱི་སྒྲ་བྱུང་བ། །ཇི་སྲིད་ལྕེ་ཡི་ཐུར་མས་བསྐུལ་བྱས་ནས། །དེ་ནས་ཆོས་ཁམས་བདེ་བ་འདི་ལ་སྒྲུབ། །སྦྱོར་བ་དེ་ལས་བྱུང་བ་ཡི། །ག་བུར་མཁས་པས་མི་སྤང་ངོ༌། །གང་གང་འཇིག་རྟེན་འཆིང་འགྱུར་བ། །དེ་དེ་ཐབས་དང་བཅས་པས་གྲོལ། །མནར་མེད་འགྲོ་བ་སྒྲོལ་བའི་ཕྱིར། །དེ་ཉིད་མཁས་པས་བསྒོམ་པར་བྱ། །དཔའ་བོ་རྣལ་འབྱོར་མ་མཐའ་དག །ངེས་པའི་ཐབས་ཀྱིས་ལྷན་སྐྱེས་རིག །བདེ་བ་རབ་བདེ་ཆགས་བྲལ་དང༌། །སྐད་ཅིག་བཞི་ཡི་རབ་སྦྱོར་ལས། །དེ་ནས་བཞི་པ་སྒོམ་པར་བྱ། །རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་


TNT11_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་རྣམ་བཞི། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ལྷན་སྐྱེས་དག་ལས་གང་སྐྱེས་པ། །དེ་ནི་ལྷན་ཅིག་སྐྱེས་པར་བརྗོད། ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལ་ནི་མར་མེ་ལྟར། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདི་ལ་ཐབས་དང་ཤེས་རབ་མེད། །ཡང་དག་དེ་ཉིད་སྣང་བའོ། །ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ནི་བདེ་བ་འདོད་མར་བརྗོད། །གཅིག་དང་དུ་མའི་སྐྱོན་བྲལ་འདི། །སྐད་ཅིག་གཅིག་ལས་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་གྱི་སྤྱོད་ཡུལ་འདས། །སྐད་ཅིག་བཞི་དང་བཅས་པ་ལས། །དགའ་བ་བཞི་པོ་མཚོན་པར་བྱ། །འདི་ནི་བྱིན་བརླབ་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །དབང་པོ་ལས་འདས་དབང་པོ་ཐམས་ཅད་པ། །སྐྱེ་མེད་ཉིད་ནའང་རང་རིག་སྤྱོད་ཡུལ་ཅན། །ཤེས་རབ་ཐབས་ཀྱི་རང་བཞིན་ངག་ལས་འདས། །ཆུ་འཛིན་སྟུག་པོ་མཐའ་རུ་ཐིམ་པ་བཞིན། །འདི་ལས་འགྲོ་བ་ཐམས་ཅད་བྱུང༌། །འདི་ལས་གནས་གསུམ་པོ་ཡང་བྱུང༌། །འདི་ཡིས་ཐམས་ཅད་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །བཟའ་དང་བཏུང་དང་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་ན། །དེ་ནི་སྔོན་དུ་འགྲོ་བར་འགྱུར། །ས་ཆུ་རླུང་དང་མེ་ནམ་མཁའ། །རང་གཞན་རིག་པའི་ཚོར་བ་ནི། །ཀུན་ཀྱི་སྐད་ཅིག་གནོད་མི་འགྱུར། །རང་གཞན་ཆ་ཡི་རྣམ་རྟོག་གིས། །


TNT11_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ་ཉིད་ནི་ནུས་པ་མིན། །ལས་ཀྱི་ཕྱག་རྒྱའོ། །ཡང་ན་སྙིང་གནས་ཉམས་དགའ་བའི་བུ་མོ་ཕྱུང་སྟེ་སྤྱད་དོ། །དམ་ཚིག་གི་ཕྱག་རྒྱའོ། །འཁོར་ལོ་བཞི་ལ་དགའ་བ་དང་བདེ་བ་ཉམས་སུ་མྱོང་བ་ན་གཟུགས་ལས་འདས་པ་བསྒོམ་སྟེ། འདི་དག་ཐིག་ལེ་འདུས་ལས་མཐོང༌། །གཟུང་འཛིན་ཐིག་ལེ་གསུམ་ཐིམ་པས། །དངོས་པོ་ཀུན་ཀྱི་རང་བཞིན་མཐོང༌། །དེ་ནས་ཆུ་ཀླུང་ལྟ་བུར་བསྒོམ། །རིག་མ་དང་ལྷན་ཅིག་ཡེ་ཤེས་གསུམ་མངོན་དུ་གྱུར་ནས་དོན་དམ་པར་འགྱུར་བ་ཡིན་ནོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་འདི་སྦྱར་ཏེ་དེ་ཁོ་ན་ཉིད་སྒོམ་མོ། །དེའི་མཚན་མ་ལྔ་མཐོང་ཞིང༌། །ཡེ་ཤེས་དེས་གཟུང་བ་དང་འཛིན་པ་བསད་ནས། །དེ་ལས་ལངས་པ་ན། ཆོས་བརྒྱད་ནི་རང་བཞིན་མེད་པའི་ཕྱིར་མཉམ་ལ། །ཉོན་མོངས་པའི་ཚོགས་དང་གནོད་པ་ཐམས་ཅད་དང༌། །དགེ་བ་གང་གི་ཡང་མི་བརྫི་བར་དེ་ཉིད་དང༌། །བདེ་བ་ཐོབ་པ་རྒྱུན་མི་འཆད་ན་དྲོ་བ་ཐོབ་པ་ཞེས་བྱའོ། །འདི་ལས་ཀྱང་སྨིག་རྒྱུ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཡེ་ཤེས་འདི་ལ་བསྐལ་བའམ་བསྐལ་པ་སྟོང་དུ་ཡང་སྦྲང་བུ་དང༌། རྔ་བོ་ཆེ་དང༌། མཚོན་དང༌། མེ་དང༌། ཆར་པ་ལ་སོགས་པས་མི་འཕྲོགས་ཤིང༌། བདེ་བས་མཉམ་པར་བཞག་གོ །ཕྱག་རྒྱ་ཆེན་མོའོ། །དེ་དག་ནི་གཟུང་བའི་ཡན་ལག་གོ །དེ་ལྟར་རྡོ་རྗེའི་ཕྱག་རྒྱ་ལས། །མི་ཕྱེད་བདེ་བ་ལྷ་སྐུར་འགྱུར། །བརྟན་གྱུར་དོན་དམ་བསྒོམ་ནས་ཀྱང༌། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །དེ་ཉིད་རྒྱས་པར་བསྟན་པ་ནི་ཡང་བཤད་


TNT11_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། བདེ་བ་དངོས་དང་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །དང་པོ་སྤྲིན་དང་འདྲ་བར་གནས། །གྲུབ་ན་སྒྱུ་མ་ལྟ་བུར་འགྱུར། །གཉིད་ལོག་སད་པ་དབྱེར་མེད་བཞིན། །རྟག་ཏུ་རྨི་ལམ་ལྟ་བུར་སྣང༌། །སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །བདེ་བ་ཤེས་རབ་བདེ་བ་ཐབས། །འདི་ནི་ཀུན་དུ་རུ་སྐྱེས་བདེ། །དམ་པའི་བདེ་བའི་དེ་ཉིད་དེ། །བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །གང་ཕྱིར་ལུས་བྱུང་ལྷ་ཞེས་བརྗོད། །ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་པ་ལྟར། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །བསྡུས་དང་གཉིད་ལོག་ཆོས་ཀྱི་སྐུ། །ཆོས་ཀྱི་འཁོར་ལོ་མངོན་དུ་བྱེད། །མགྲིན་པར་རྨི་ལམ་ལོངས་སྤྱོད་ཀྱི། །འཁོར་ལོ་ཞེས་བྱ་སྐུ་རུ་བརྗོད། །ལྟེ་བ་སྤྱི་བོ་ནས་སྙིང་གར། །ཡེ་ཤེས་སྐུ་ནི་སྤྲུལ་པར་བརྗོད། །གང་ཕྱིར་ཡིད་ཀྱིས་ལམ་བསྒོམ་པར། །འགྲོ་བ་ཐམས་ཅད་སྒོམ་པར་བྱ། །རིག་པ་ལྷན་ཅིག་གོམས་བྱས་པས། །ཕྱོགས་ཀུན་ན་དའི་ཁམས་སུ་བསྡུ། །སྐུ་དང་སེམས་ནི་གྲུབ་པར་འགྱུར། །དེ་ལྟ་ན་དཔེའི་འོད་གསལ་ལས་ནི་བདེ་བ་ཆེན་པོའི་སེམས་མྱོས་པ། རླུང་དང་ལྷན་ཅིག་པ་དཀྱིལ་འཁོར་འཁོར་ལོ་བསྒོམ་མོ། །བྱིས་པ་རྣམས་ཀྱི་རྨི་ལམ་དང༌། སྲིད་པ་བར་མ་ཞེས་བྱ་བ། ཡེ་ཤེས་ཀྱི་སྐུ་མཚན་དང་དཔེ་བྱད་དང་ལྡན་པ། བཅད་དུ་མེད་པ། དེ་བླ་མ་དམ་པས་ཉེ་བར་མ་བཟུང་བའི་ཕྱིར་


TNT11_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཞེས་བྱ་ལ། དེ་ཉིད་བླ་མའི་དྲིན་གྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །རྗེས་སུ་དྲན་པའོ། །དེ་ནས་སྔ་མ་བཞིན་དུ་སྟོང་པར་འཇུག་སྟེ། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་བརྩམས་ན། །སྐྱ་རེངས་ཆར་བའི་དུས་སུ་ནི། །འགྲུབ་པ་འདི་ལ་ཐེ་ཚོམ་མེད། །རང་རིག་མཱ་མ་ཀཱིར་བྱས་ཏེ། །རྡོ་རྗེ་པདྨས་སྤྱད་པར་བྱ། །བདེ་ཆེན་རྡོ་རྗེ་རབ་གྲུབ་འགྱུར། །རིག་མའི་ནང་གི་བདེ་བ་ལྔ་པོ་སྒྲུབས་ནས། ཇི་ལྟར་འདོད་པས་སེམས་མི་འཁྲུགས་པ། དེ་ལྟར་སྤྱོད་ལམ་དེ་ལྷན་ཅིག་དོན་དམ་པ་སྒོམ་པས། དཔེ་ལས་འདས་པ་ཐོབ་པར་བྱེད་དོ། སེམས་འཁྲུགས་པས་ནི་གཡེངས་ཤིང་ཉོན་མོངས་ཏེ། ཉོན་མོངས་སྡིག་པ་དེ་ཡིས་དམྱལ་བར་འགྲོ །གོམས་པ་དེ་ཡིས་བག་ཆགས་བགོ་བ་སྟེ། །གྲོགས་དག་སེམས་ནི་མི་གཡེངས་འཁྲུག་མི་བྱ། །རིམ་པ་འདི་ལྟར་གཉིད་སྟུག་པོ་དང༌། མཐར་དུས་བྱེད་པ་དང༌། འཁྲིག་པའི་སྦྱོར་བ་དག་ལ། རླུང་རྣམས་ཀུན་དྷར་དུ་ཐིམ་ཞིང༌། ཉི་མ་དང་ཟླ་བའི་འགྲོས་ཟད་པ་དང༌། ཡེ་ཤེས་གསུམ་རང་བཞིན་ལ་འཇུག་སྟེ། སྲིད་པ་ལྡོག་པ་ཡང༌། བླ་མའི་མན་ངག་གིས་སྙིང་གར་ཆོས་ཀྱི་སྐུ་ཞེས་མངོན་དུ་འགྱུར་རོ། །བཙུན་མོའི་བྷ་གར་སྟོན་པའི་སྐུ། །མཚན་དང་དཔེ་བྱད་ལྡན་གཙོ་བོ། །སྐུ་གསུམ་མི་ཕྱེད་རྡོ་རྗེ་ཡི། །ཡེ་ཤེས་རྡོ་རྗེ་བསྒོམ་པར་བྱ། །གང་སྟོང་པ་དེ་ལས་ལྡང་བ་ནི། །བར་མ་ཆོད་པར་ལྷའི་རང་བཞིན། །དཀྱིལ་འཁོར་འཁོར་ལོའི་འབྲས་བུ་དེ་ཉིད། །ཡེ་ཤེས་གསུམ་གྱི་མཐར་འོད་གསལ་དང་གཉིས་སུ་མེད་པ་སྟེ། རིམ་པ་དེ་ལྟར་གཉིད་སད་པ་


TNT11_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །སྐྱེས་བུ་དང་བུད་མེད་དབང་པོ་གཉིས་སྦྱོར་བའི་བདེ་བ་ལས་ལྡང་སྟེ། ཇི་ལྟར་གཉུག་མའི་ལྷ་དང༌། སེམས་ཀྱི་རང་བཞིན་བདེ་བ་དེ། དེ་ནས་ཡང་གླཽ་བུར་གྱི་ལུས་ལ་འཇུག་སྟེ། བླ་མའི་མན་ངག་གིས་ལྟེ་བར་སྤྲུལ་པའི་སྐུའོ། །བྱིས་རྣམས་རྟག་ཏུ་འདི་ལ་གོམས་བྱེད་ཅིང༌། །འདི་རྣམས་ཁོ་ནའི་གཏམ་དང་གཏམ་གྱིས་འདའ། །འོན་ཀྱང་མི་ཤེས་འདོད་ལ་ཆགས་དེ་རྣམས། །ཡང་ཡང་རྣམ་པར་སྨིན་པས་འཁོར་བར་འགྱུར། །གཞན་ཡང༌། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་དཀྱིལ་འཁོར་སྒོམ་པར་བྱ། །དཔག་ཚད་བྱེ་བའི་ཁྱོན་ཙམ་དུ། །རྡོ་རྗེའི་དཀྱིལ་འཁོར་སྒོམ་པར་བྱ། །འབར་ཆེན་སྣ་ཚོགས་འོད་ཟེར་ལ། །སངས་རྒྱས་སྤྲིན་རྣམས་སྣ་ཚོགས་མཛེས། །ཆོས་ཀྱི་དབྱིངས་ནི་འོད་གསལ་བར། །སངས་རྒྱས་ང་རྒྱལ་ལ་དམིགས་བྱ། །དེ་ཉིད་ཕྱིར་ནི་སྒོམ་པས་ནི། །སེམས་ཅན་ཐམས་ཅད་དང་མཉམ་འགྲོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་སྐོར་འགྱུར་ཏེ། །འཁྲུངས་དང་བྱང་ཆུབ་ལ་སོགས་པ། །སྐྱེས་གནས་ཡོངས་སུ་འཛིན་མཛད་དང༌། །འཇིག་རྟེན་འདུལ་བར་གཟིགས་ནས་ནི། །འདི་ནི་དུ་མའི་གར་མཛད་དོ། །སྙིང་རྗེའི་གཟུགས་ཀྱིས་དོན་མཛད་དེ། །ཕྱག་རྒྱ་གྲུབ་པས་འགྲོ་བར་འགྱུར། །ཆུ་ཤིང་སྙིང་པོ་མེད་པ་ལ། །འབྲས་བུ་མངར་མོ་འབྱུང་བ་ལྟར། །ལུས་ཀྱི་ཆུ་ཤིང་བཤིག་པ་ལས། །འབྲས་བུ་རྟག་པ་འདི་འབྱུང་ངོ༌། །ཧེ་རུ་ཀ་དངོས་བེམ་པོ་མིན། །རྣམ་པ་ལྔ་རྣམས་རབ་སྤངས་པའི། །བདག་ཉིད་མགོན་པོ་ཧེ་རུ་ཀ །ཉིད་དུ་རང་རིག་མེད་པར་དེ། །སྐད་ཅིག་


TNT11_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཐམས་ཅད་འགྱུར། །འདི་ནི་རྡུལ་མེད་ཁུ་ཁྲག་མེད། །འོན་ཀྱང་བདེ་བ་ཞེས་བྱ་བ། ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །བདེ་ཆེན་གྲུབ་པས་འཇིག་པར་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །དངོས་དང་དངོས་མེད་འདི་ལ་མེད། །མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་གིས་ནི་སྐུ་གཅིག་འབྱུང༌། །བརྟན་གཡོ་མ་ལུས་བདག་རང་བཞིན། །དམ་པའི་དེ་ཉིད་བསྒོམ་པར་བྱ། །ཏིང་ངེ་འཛིན་གྱི་ཡན་ལག་འབྲས་བུ་དང་བཅས་པའོ། །ཅུང་ཟད་དྲོད་ནི་ཡང་དག་ཐོབ། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །གལ་ཏེ་དངོས་གྲུབ་ཐོབ་འདོད་པས། །འདིས་ནི་སྤྱོད་པ་རྒྱུ་བར་བྱ། །ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཕྱི་ནས་སྨྱོན་པའི་སྤྱོད་པ་བྱ། །ཤ་ཟ་ལྟ་བུར་འཁྱམ་པའམ། །ཡང་ན་ནང་གི་བདག་ཉིད་ཀྱིས། །ཟླ་ཕྱེད་ཡང་ན་ཟླ་བ་དྲུག །ཀུན་དུ་བཟང་པོའི་སྤྱོད་པ་བྱ། །དངོས་མེད་འབྱུང་བའི་བདེ་བ་ལྔ། །དོན་དམ་པར་ནི་སྒོམ་པར་བྱ། །རྟག་པ་རིན་འབྱུང་སྣང་བྱེད་དང༌། །རྟ་མཆོག་དགེས་རྡོར་རྫུན་པའི་དངོས། །རང་རིག་བུ་མོར་ལོངས་སྤྱོད་བྱ། །གཉིས་མེད་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །རིམ་པ་དང་པོའི་དངོས་གྲུབ་བྱེད། །གཉིས་པ་གནས་སོགས་སྒྲོད་པས་ནི། །རྩ་ཡི་མདུད་པ་འཇོམས་པ་སྟེ། །རླུང་དང་ཐིག་ལེའི་འགྲོས་དང་གཞན། །འོད་གསལ་སྒོམ་པས་དག་པར་འགྱུར། །རྫོགས་པའི་རིམ་པའི་ལས་དང་པོ་པ་དང་རིམ་པ་དང་པོ་བས་


TNT11_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་ཐམས་ཅད་འོད་གསལ་བ་ཞེས་རྟོགས་པ་དང༌། ཡེ་ཤེས་ཀྱི་སྐུ་གྲུབ་པས་ནི། དཀྱིལ་འཁོར་དང་དབྱེར་མེད་པར་སྒོམ་ནས་འདོད་པ་ཐམས་ཅད་ལ་ཅི་འདོད་པར་སྤྱད་ན། ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་ཏེ། དེའི་ཕྱིར་ལུས་ལ་མི་སྨད་ཅིང་མཆོད་པར་བྱའོ། །གནས་ལ་སོགས་པའི་རྣལ་འབྱོར་མས། །འདིར་ནི་སྒྲུབ་ཀྱི་གཞན་དུ་མིན། །རྡོ་རྗེ་ཉི་མའི་དོན་རྒྱས་པས། །མངོན་པར་བྱང་ཆུབ་འབྲས་བུ་ཐོབ། །དེ་ལྟར་བླ་མའི་མན་ངག་བསླབས་པས་རིག་མ་དང་ལྷན་ཅིག་གཉི་གའང་ལྟོས་པ་མེད་བར་མངོན་པར་བྱང་ཆུབ་ལྔས་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །བདག་གི་དེ་ཉིད་ཐིག་ལེ་སྟེ། །སྒྲུབ་པ་སྔགས་ཀྱི་དེ་ཁོ་ན། །ཀུན་རྫོབ་བདེན་པ་ལྷ་ཞེས་བྱ། །ཡེ་ཤེས་དོན་དམ་དག་ཏུ་བརྗོད། །བུད་མེད་ངེས་པའི་ཕྱག་རྒྱ་ཆེ། །ཡེ་ཤེས་དམ་ཚིག་ལས་རྣམས་ཏེ། །གཉིས་མེད་བདག་ཉིད་མི་ཕྱེད་པའོ། །ཡན་ལག་ཕྱི་མ་དག་གི་ཕྱག་རྒྱ་བཞི་ནི། གནས་གསུམ་གྱི་མི་མོ་དང༌། ཡེ་ཤེས་སྐུ་ཁ་སྦྱོར་དང༌། དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་སྐུ་ཆེན་པོ་རྣམས་ནི། ལས་དང༌། དམ་ཚིག་དང༌། ཆོས་དང༌། ཕྱག་རྒྱ་ཆེན་པོ་རྣམས་སོ། །ཐེ་ཚོམ་འགྱོད་པ་གཉིད་དང་ནི། །ལེ་ལོ་རྒོད་དང་གནོད་སེམས་ཅན། །ནམ་ཡང་འགྲུབ་པར་མི་འགྱུར་རོ། །གལ་ཏེ་བདེ་ཆེན་འགྲུབ་འགྱུར་བ། །ཡེ་ཤེས་འདི་ཉིད་ལ་བཏད་པས། །དངོས་གྲུབ་ཐམས་ཅད་ཉེ་བ་ཡིན། །འདིར་ནི་མན་ངག་ཉིད་བསྡུས་ཀྱིས། ད་ནི་རབ་ཏུ་མི་སྤྲོ་སྟེ། བླ་མ་དམ་པའི་མན་ངག་གི །རྒྱུད་སྡེ་དག་ནི་མཉན་པར་བྱོས། །མང་དུ་སྨྲས་པས་ཅི་ཞིག་བྱ། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །


TNT11_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གཅིག་བུ་སྒོམ་གྱུར་ན། །འཕྲལ་དུ་མངོན་དུ་བྱེད་བ་ཉིད། །རྙེད་བཀུར་མེད་པར་རྗེས་སུ་བཟུང་མཛོད་ཅེས་འདོད་དེ་ཉིད་ཐོབ་མ་ཐགརྡོ་རྗེའི་རྒྱུད་རིག་ད་ལྟ་ང་ཤེས་སློབ་དཔོན་གྱི་ཡང་ཐོག་མར་སྨྲ། །མཆོག་གི་མི་དམོད་ཆང་དང་བུད་མེད་ནོར་ལ་རབ་ཆགས་བླ་མ་ལ། །མཉམ་པར་འགྲན་བྱེད་མི་ལ་དཔལ་ཆེན་རྡོ་རྗེ་སེམས་དཔའང་འཇིགས་ཞེས་གསུང༌། །དེ་འདྲ་དཔའ་པོའམ་རང་གི་བུ། །དེ་ཡི་ཆུང་མ་སྐལ་ལྡན་ན། ཁྱིམ་གཅིག་ཏུ་ཡང་མནའ་མ་ལ། །སྨྲ་ཡི་དེ་ལ་འབད་ནས་གསང༌། །སྐལ་བཟང་བླ་མ་ལ་རབ་གུས། །ཟབ་མོའི་ཆོས་དང་སྡོམ་ལ་གནས། །དེ་ནི་ཚོང་འདུས་དབུས་གནས་ན། །ཤུབ་བུར་ཡང་ནི་དེ་ཉིད་བཤད། །གཞན་གྱི་དབང་བྱེད་ལ་བདག་པོ། །རྣམ་པར་གཡེངས་ཚེ་དེ་ཉིད་སྦྱིན། །ངན་པ་དེ་ལ་མིང་ཙམ་ཡང༌། །བརྗོད་པར་མི་བྱ་གྲོགས་དག་ཀྱཻ། །དཔལ་སྡེ་ལྭ་བ་དྲིལ་བུའི་ཞབས་དང་པོ། །བདེ་ཆེན་ལུས་མེད་མཚོ་སྐྱེས་གཉིས་པ་ཡིན། །དེ་གཉིས་ལས་ནི་རྗེ་བཙུན་འབར་བ་འཛིན། །པདྨ་མི་བདག་ལཀྵྨཱི་གསུམ་པ་སྟེ། །འཕགས་པ་རྡོ་རྗེ་ཅན་ཞབས་དེ་སྲས་དང༌། །སྐལ་བཟང་མོ་ནི་བཞི་པར་བརྗོད་པར་བྱ། །ཀཧྣ་བརྟུལ་ཞུགས་ཞབས་དང་ཀུ་སཱ་ལ། །དེ་ཡིས་བྱཱ་ད་ལར་ནི་ཡང་དག་བཤད། །སྨྲས་པ། མི་སྲུན་རྗེས་སུ་བཟུང་ན་གཉི་ག་ཉམས། །བློ་བཟང་ཐམས་ཅད་བདེ་བའི་འབྲས་ལྡན་པས། །འདིས་ནི་རྣལ་འབྱོར་བརྩོན་པར་སྒྲུབ་པ་ལ། །རྡོ་རྗེ་སེམས་དཔའ་བཞིན་དུ་དོན་བཅས་ཡིན། །ཞེས་པ་འདི་ནི་སློབ་དཔོན་གསུམ་གྱི་གཞུང་གསུམ་གས་


TNT11_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཚང་བ་རེ་སྟོན་རུང༌། རིམ་བཞིན་རྩ་བ་ཁ་སྐོང་མཐའ་གཅོད་རྣམས་སུ་དོན་གྱིས་གནས་པ། བླ་མའི་མན་ངག་ལྟར་གོ་རིམ་སྡེབས་ནས་གཅིག་ཏུ་བྱས་པ་སྦས་པ་མིག་འབྱེད་ཅེས་བྱ་བ་ཀུ་སཱ་ལའི་ཞབས་ཀྱི་རྗེས་སུ་སློབ་པ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཅིག་ཏུ་ཉེ་བ་ན་མྱོས་བྱེད་ཀྱི་ལོ་ལ་དཔལ་བསམ་གཏན་སྡིངས་ཀྱི་ཡང་དབེན་དུ་སྦྱར།། །།མཚམས་སྦྱོར་བ་ཡི་ཚིག་འགའ་ལས། །རང་རྟོག་ལྷུར་ལེན་འདིར་མ་བྱས། །མཚན་མ་རྙེད་ནས་བཤད་པ་ཡི། །དགེ་བས་འགྲོ་བ་སྒྲོལ་བར་ཤོག །མངྒ་ལམ། །


previousདཔལ་དགྱེས་པའི་རྡོ་རྗེའི་མན་ངག་སྦས་པ་མིག་འབྱེད་སོགས།next