Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
རབ་གསལ་ཡེ་ཤེས་ཀྱི་སྤྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརབ་གསལ་ཡེ་ཤེས་ཀྱི་སྤྱན།next

རབ་གསལ་ཡེ་ཤེས་ཀྱི་སྤྱན།


TNT11_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཟླ་འོད་ཉི་འོད་ཉི་ནུབ་སྨག །སྣང་བ་གསུམ་གྱི་ཕྱི་ཡི་དཔེ། །སྐྱ་རེངས་འཆར་དུས་སྒྲིབ་མེད་ནི། །ཕྱི་ཡི་མངོན་བྱང་འོད་གསལ་དེས། །མངོན་བྱང་ཆུབ་པའི་ཁྱད་པར་དུས། །ཉི་ནུབ་ཐོབ་པ་རབ་འདས་ནས། །འོད་གསལ་འཆར་བ་ནང་གི་ནི། །མངོན་བྱང་ཉིད་དུ་ཤེས་པར་བྱ། །དེ་རྒྱུ་རིག་མས་མངོན་བྱེད་པ། །རྡོ་རྗེ་ཁུ་བ་ཉི་མ་རྡུལ། ཁུ་བ་ཉི་མའི་གནས་སོན་པ། །དེ་ཡང་དབུ་མར་ནུབ་པ་ན། །ལྷན་སྐྱེས་མི་འགྱུར་སྐྱ་རེངས་འཆར། །མངོན་བྱང་དངོས་དང་དཔེ་ཡང་འགྲུབ། །འབྲས་བུའི་མངོན་བྱང་ཞེས་བྱ་ལྔ། །ཐབས་ཤེས་གཉི་གའི་ཁུ་བ་ཡི། །ཚོགས་པ་ཕྲ་མོ་ཞུ་བ་ནི། །ཟླ་བ་ཉིད་ཡིན་རྡུལ་དང་འདྲེས། །ཉི་མའོ་ཕྲ་མོའི་རླུང་སྣ་རྩེར། །སོན་པ་མཚན་མ་ཡིན་པར་བརྗོད། །རླུང་ཐིམ་ཁུ་ཁྲག་ཀྱང་ཐིམ་པ། །ཐམས་ཅད་གཅིག་གྱུར་ནན་ཏན་ཡིན། །དེ་ཡི་ཡང་དག་མཐར་ཞུགས་ཏེ། །ལོངས་སྐུར་རྫོགས་པ་ལྔ་པ་ཡིན། ཁུ་བ་འབབ་ཐིམ་


TNT11_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང༌། །རྡུལ་དང་འདྲེས་ཐིམ་མཆེད་པར་བཤད། །རླུང་ཐིམ་སྣང་བ་ཉེར་ཐོབ་པ། །གསུམ་པ་ཞིག་ཚེ་ཐམས་ཅད་སྟོང། །ཕྱི་མ་གཏན་ནས་ཐིམ་པ་ཡིན། །དང་པོ་གསུམ་གྱི་སྐབས་སུ་ནི། །ནུབ་པ་སྙིང་གར་ཐིམ་ཞིང་ཟད། །ངོ་བོ་སྣ་རྩེར་གཤེགས་པ་ཡིན། །ཕྱི་མ་ལས་བརྟན་སྙིང་ག་རུ། །ཚོགས་པ་ཞིག་ནས་ཐིམ་པའོ། །དང་པོ་གསུམ་གྱིས་བཟང་རྟོག་དང༌། །ཕྱི་མས་འཛིན་པའི་བག་ཆགས་བཅོམ། །ཤེས་སྒྲིབ་ཕྲ་མོའང་རབ་ལོག་ནས། །ཆོས་སྐུ་མངོན་དུ་བྱེད་པར་འགྱུར། །སེམས་ནི་སྐྱ་རེངས་ཆོས་སྐུ་ལ། །ལུས་ནི་མི་སློབ་དག་པའི་སྐུ། །རིག་མར་ལྷན་ཅིག་འགྲུབ་པར་གསུངས། །རང་འོད་ཀྱིས་ཀྱང་འགྲུབ་མོད་ཀྱི། །ཕྱི་ཡི་ཕྱག་རྒྱས་རབ་སྒྲུབས་ན། །གཉི་གའང་རྒྱུད་གཅིག་བཞིན་དུ་གྲོལ། །ལུས་ཀྱི་ཁུ་ཁྲག་རླུང་དག་པས། །རླུང་སེམས་འགྱུར་མེད་ལོངས་སྐུ་དང༌། །སེམས་འགྱུར་གཉིས་སྣང་ཐིམ་པ་ལས། །ཆོས་སྐུ་བདེ་སྟོང་འགྱུར་མེད་ཐོབ། །འཕྲོས་དོན་རྣལ་འབྱོར་གྱི་རྒྱུད་དུ། །དོན་འགྲུབ་འགུལ་བསྐྱོད་འབྱུང་རྔུབ་དང༌། །སེམས་གཡོ་མེད་ལས་རྒྱལ་བས་སྐུལ། །སེམས་ཀྱི་རང་བཞིན་མ་མཐོང་ལ། །སྔགས་གསུངས་སེམས་ནི་རང་བཞིན་མེད། །སྟོང་ཉིད་བཅུ་དྲུག་སོ་སོར་རྟོགས། །ཀུན་གཞིའི་རང་བཞིན་སྟོང་པ་ནི། །སྟོང་ཉིད་བཅུ་དྲུག་རྗེས་ཐོབ་ཏུ། །ཨཱ་ལི་བཅུ་དྲུག་ལས་བཟླ་བར། །བསྐྱེད་ནས་རྟོགས་ཚད་ཕུལ་བ་ནི། །དང་པོའི་དེ་ལས་འོད་གསལ་བའི། །སེམས་བསྐྱེད་རྗེས་ཐོབ་ཡང་བཟླ་བའོ། །རང་བཞིན་གདོད་མའོ་འོད་གསལ་བ། །གླཽ་བུར་


TNT11_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་མེད་པའི་མིང༌། །གསུམ་པ་གཟུང་བྱ་མི་དམིགས་པའི། །སྟོང་ཉིད་རྗེས་ཐོབ་རྡོ་རྗེའོ། །བཞི་པ་འཛིན་བྱེད་ཡེ་ཤེས་ཀྱང༌། །མི་དམིགས་སངས་རྒྱས་ཀུན་བྱིན་རླབས། །ལྔ་པ་ལོངས་སྤྱོད་རྫོགས་རྟག་པ། རིམ་བཞིན་མི་བསྐྱོད་རིན་ཆེན་འབྱུང༌། །སྣང་བྱེད་དོན་གྲུབ་རྣམ་སྣང་མཛད། །རིགས་ལྔའི་སྔགས་རྒྱས་སྒྲུབ་པར་བྱེད། །དང་པོའི་གཟུང་འཛིན་རགས་པ་སྤོངས། །གཉིས་པས་བག་ཉལ་གསུམ་པ་ཡིས། རྗེས་ཐོབ་རྟོག་པའང་རབ་སྤངས་ནས། །བཞི་པས་སྟོང་པའི་ཡེ་ཤེས་སྤོངས། །ཆོས་སྐུ་མངོན་བྱེད་ལྔ་པ་ཡིས། །རྣམ་ཀུན་མཆོག་ལྡན་ཆད་མཐའ་སྤངས། །གཉིས་ཀྱིས་བསོད་ནམས་གསུམ་པ་ཡིས། །ཡེ་ཤེས་ཚོགས་རྫོགས་བཞི་པས་ནི། །ཆོས་དང་ལྔ་པས་ལོངས་སྐུ་སྒྲུབས། །ཟག་མེད་ཕུང་པོ་ཉི་ཤུ་ལྔ། །གཟུགས་ཕུང་གནས་གྱུར་བདེ་བཤེགས་ལྔ། །ཚོར་བ་གནས་གྱུར་ཏིང་འཛིན་ལྔ། །འདུ་ཤེས་གནས་གྱུར་གདམ་ངག་ལྔ། །འདུ་བྱེད་གནས་གྱུར་སྤངས་བ་ལྔ། །རྣམ་ཤེས་གནས་གྱུར་རྟོག་པ་ལྔ། །འདིར་ནི་ཕྱོགས་མཚོན་ཙམ་སྨོས་ཀྱི། །ཞིབ་པར་ཚད་ལྡན་རྣམ་བཤད་ལས། །མ་གཏོགས་ཇི་བཞིན་རྟོགས་དཀའ་འོ། །རྒྱུད་སྡེའི་ཟབ་གནད་རྟོགས་དཀའ་བ། །མདོ་ཙམ་མཐའ་གཅོད་བྲིས་པ་ཡི། །དགེ་བས་ཧེ་རུ་ཀར་གྱུར་ནས། །འགྲོ་ཀུན་རྡོ་རྗེ་སེམས་གྲུབ་ཤོག །ཅེས་པ་འདི་རྡོ་རྗེ་ཉི་མ་སོགས་ཀྱི་དོན་རྡོ་རྗེ་ཉི་མའི་དོན་རྒྱས་པས་ཞེས་མ་གཏོགས་རྒྱས་བཤད་ཆེར་མ་བྱུང་བ་དེའི་མཐའ་གཅོད་ཞིབ་བཤད་དུ་འཕྲོས་དང་བཅས་བྲིས་པ་རབ་གསལ་ཡེ་ཤེས་ཀྱི་སྤྱན་ཞེས་བྱ་བ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་དབེན་གནས་དམ་པ་


TNT11_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པའི་གནས་ཆེན་བསམ་གཏན་སྡིངས་སུ་རང་ལོ་ཉེར་གཅིག་ཉེ་བ་ལ་སྦྱར་བའོ།། །།བཀྲ་ཤིས། །


previousརབ་གསལ་ཡེ་ཤེས་ཀྱི་སྤྱན།next