Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
དཔལ་དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཉིད་བཞི་ལྡན་གྱི་ཁྲིད་ཡིག་སྙིང་པོ་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཉིད་བཞི་ལྡན་གྱི་ཁྲིད་ཡིག་སྙིང་པོ་གསལ་བ།next

དཔལ་དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཉིད་བཞི་ལྡན་གྱི་ཁྲིད་ཡིག་སྙིང་པོ་གསལ་བ།


TNT11_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཉིད་བཞི་ལྡན་གྱི་ཁྲིད་ཡིག་སྙིང་པོ་གསལ་བ་བཞུགས།


TNT11_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ ཤྲཱི་ཧེ་རུ་ཀ་མཎྜལ་བྷྱཿ དཔལ་དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཁོ་ན་ཉིད་བཞི་ལྡན་ཕྱག་རྒྱ་བཞི་པའི་ཁྲིད་ཡིག་སྙིང་པོ་གསལ་བ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དང་རྣལ་འབྱོར་མ། །བླ་མ་མཆོག་སྟེ་དེ་ལ་འདུད། །དགྱེས་པའི་རྡོ་རྗེའི་རྫོགས་རིམ་ནི། །ཤིན་ཏུ་ཟབ་པ་འདིར་བཤད་དོ། །དང་པོ་རང་ཉིད་སྟན་བདེ་བ་ལ་འདུག་སྟེ། རང་གི་མདུན་དུ་རྩ་བའི་བླ་མ་རིག་མས་འཁྱུད་པ་སྒོམ་ལ། ལུས་དང་ལོངས་སྤྱོད་མཆོད་པར་བཅས་པ་ཐམས་ཅད་ཕུལ་ཏེ། དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་རྫོགས་པའི་རིམ་པའི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། བླ་མ་རང་གི་སྤྱི་བོར་བྱོན། སྦྱོར་མཚམས་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་རང་ལུས་བཀྲུས་ཤིང་དབང་བསྐུར་བར་བསམ་ལ། ཡི་གེ་བརྒྱ་པའང་ཅི་རིགས་པར་བཟླ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། རྟགས་བྱུང་བྱུང་སྒོམ་པར་བྱའོ། ༡ །དེ་ནས་ལུས་གནད་སྤྱི་དང་མཐུན་པར་བཅས་ཏེ། ཞག་མང་


TNT11_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཇི་ལྟར་ནུས་པར་སྦྱང་ངོ༌། ༢ །དེ་ནས་རླུང་རོ་ཡང་ཡང་བསལ་ཞིང་དུམ་རེ་ངལ་བསོ་བ་ཁོ་ན་སྦྱང་བར་བྱ་སྟེ། ཞག་བདུན་ལ་སོགས་པ་སྦྱང་ངོ༌། ༣ །དེ་ནས་རང་ཉིད་ཧེ་རུ་ཀ་བཞིའམ་བདག་མེད་མ་ཇི་ལྟར་མོས་པ་དང༌། ཁ་སྦྱོར་གྱི་སྐུའམ་དཔའ་བོ་གཅིག་པ་ཡང་ཇི་ལྟར་མོས་པ་དེ་ལྟ་བུས་ཆོག་གོ །དེ་ལ་རླུང་རོ་འབུད་པའི་དུས་སུ་ལྷ་མི་སྒོམ་ཞིང༌། རླུང་རང་བབས་སུ་འཇོག་པའི་ཚེ་དེ་ཉིད་སྐད་ཅིག་གིས་བསྐྱེད་ནས་ཡང་ཡང་སྒོམ་པར་བྱའོ། །མི་གསལ་ན་བྲིས་སྐུ་ལ་ལྟ་ཞིང་བསྒོམས། དེ་ལྟར་སྒོམས་ཀྱང་མི་གསལ་ན། བྲིས་སྐུ་ཉིད་ལ་ལྟ་ཞིང་སེམས་གཞན་དུ་མ་ཡེངས་པར་སྒོམ་པར་བྱའོ། །དེ་ལྟ་བུའང་ཞག་ཅི་རིགས་པར་བསླབ་བོ། ༤ །དེ་ནས་སྔར་བཞིན་བླ་མ་བསྒོམ། ལུས་གནད་བཅས། རླུང་རོ་བསལ། ལུས་ཀྱི་ནང་སྟོང་སངས་སངས་པ་ལ་སེམས་གཏད། རླུང་འཇམ་རླུང་སྒོམ་སྟེ། ཞག་བདུན་ནམ་ཟླ་བ་ཕྱེད་དམ། ཉེར་གཅིག་ལ་སོགས་པའི་བར་དུ་སྦྱང་ངོ༌། ༥། དེ་ནས་ཐུན་གྱི་དངོས་གཞི་དེ་ཉིད་ཁོ་ན་ལས། ཐུན་མཚམས་སུ་ལུས་


TNT11_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་ལ་བསླབ་པར་བྱ་སྟེ། ཡན་ལག་ལྔ་དང་འཁོར་ལོ་བཞི། དབང་པོ་དྲུག་རྣམས་སྦྱང་བ་སྟེ། འཁོར་ལོ་བཞིར་བྱེད་པའི་ཁྱད་པར་མ་གཏོགས། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་པའི་སྔོན་འགྲོའི་སྐབས་དང་འདྲའོ། ༦ །དེ་དག་ནི་སྔོན་འགྲོའི་རིམ་པའོ། །དངོས་གཞི་ལ་དང་པོར་ཕྲ་མོའི་རྣལ་འབྱོར་ལ་བསླབ་པར་བྱ་སྟེ། སྔ་མ་བཞིན་དུ་རླུང་རོ་བསལ་བ་ཡན་ཆད་བྱས་ནས། ལྟ་སྟངས་སྟེང་གི་གཡས་སུ་ལྟ། དེ་རྗེས་སུ་རྔུབས་ཏེ་ཡང་རླུང་དལ་ལ་ཤུགས་ཆུང་བ་སྒྲ་མེད་དུ་སྣ་ནས་དལ་བུས་ཕྱུང་སྟེ། སྟོད་སྨད་ཆ་མཉམ་དུ་རྒྱབ་ཀྱི་ཚིགས་པ་ལ་གཅེར་བའི་ཚུལ་གྱིས་ཕྱིར་བཏང་ནས། ཕྱིར་ཅུང་ཟད་ཙམ་བཟུང་ལ། ཡང་ནང་དུ་སྒྲ་ཅུང་ཟད་དང་བཅས་ཏེ་ཤར་གྱིས་རྔུབས་ཟིན་མ་ཐག་སྔར་བཞིན་བཏང༌། ལུས་ལྷ་སྐུ་ཁོག་སྟོང་དང༌། དེའི་སྣ་རྩེ་ལ་སེམས་གཏད་དོ། །ཞག་འགའ་རེར་དེ་ཁོ་ན་སྦྱངས། ༧ དེ་ནས་ཐུན་མཚམས་སུ་སྔར་གྱི་ལུས་སྦྱོང་དང༌། གཞན་རྡུལ་མཐའ་ཅན་གྱི་བོགས་འབྱིན་པའི་འཕྲུལ་འཁོར་བྱ་སྟེ། ལག་གཉིས་རྐང་པའི་མཐེ་བོང་དུ་འཇུས་ཏེ། སྒུར་གྱིས་ལངས་པ་དང༌། ཨཾ་ཞེས་སྒྲ་ཅན་དུ་བུས་ཏེ་མོག་སྒུར་ཏེ་སྟོང་འདྲེན་པ་དང༌། ཡང་རྔུབས་ཏེ་བགང་འཐེན་བྱ། ཡང་དེ་མ་ཐག་ལུས་གནད་དེ་ཁ་ལས་མགོ་དང་རོ་སྟོད་ཅི་ནུས་སུ་སྐྱེད་དེ། ཡང་ཨཾ་ཞེས་སྒྲ་གཅན་གྱི་སྟོད་འདྲེན་དང༌། རྔུབས་ཏེ་བགང་འཐེན་སྔ་མ་བཞིན་དུ་བྱ། ཡང་ལུས་གནད་དེ་ཀ་དང་འདྲ་བ་ལས། སྒྲ་མེད་དུ་འདྲེན་


TNT11_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་སྒུར་པ་དང་སྒྱེད་པར་བྱ་སྟེ། ཡོངས་གྲིལ་བས་རླུང་ཐེངས་བཞི་ལ་འདྲེན་བརྒྱད་ཡོད་པས། ཀུན་གྱི་ཐ་མར་ཐུར་དུ་སྒྱུར་བའི་ཚུལ་གྱིས་འཕོངས་ས་ལ་སྡེབ་པ་རེ་ངེས་པར་བྱ་ཞིང༌། སྤྱིར་རླུང་སྦྱོར་འདི་རིགས་ལ་བོད་ཀྱི་ཡུལ་འདིར་བོད་ཀྱི་ལག་ལེན་དང་མཐུན་པར་འབེབས་མང་དུ་བྱས་ནའང་ལེགས་སོ། །འཕགས་པའི་ཡུལ་དུ་ནི་དེ་ལྟར་མི་དགོས་པ་ཡིན་ཏེ། ཡུལ་དང་ཟས་སྤྱོད་ཀྱི་ཁྱད་པར་རོ། །འཁྲུལ་འཁོར་འདི་དག་གི་སྐབས་སུ་སེམས་ལྟེ་བ་སྤྲུལ་བའི་འཁོར་ལོ་དབུས་སུ་གཏོད་དོ། ༨ །དེ་ལྟར་ཞག་འགའ་ཤས་ནས་ཡང་སྔར་གྱི་སྟེང་དུ་སྒྲ་ཅན་ཧཱུཾ་སྒྲ་བྱེད་པ་སྟེ། གཞན་སྔ་མ་དང་འདྲ་བ་ལས་སྙིང་གར་སེམས་གཏོད་པའི་དམིགས་པ་དང༌། འཁྲུལ་འཁོར་འདི་བསྣན་ཞག་གསུམ་ལ་སོགས་པའོ། ༩ །ཡང་དེའི་སྟེང་དུ་གཞན་འདྲ་བ་ལས་སྒྲ་ཅན་ཨོཾ་སྒྲ་དང་བཅས་པ་མགྲིན་པ་ལ་དམིགས་པ་ཞག་གསུམ་མོ། ༡༠ །དེ་ནས་ཡང་དེ་རྣམས་ཀྱི་སྟེང་དུ་སྒྲ་མེད་ཁོ་ནས་སྤྱི་གཙུག་ཏུ་དམིགས་པ་གཞན་སྔ་མ་དང་འདྲ་བ་བསྣན་ཏེ། ཞག་ཤས་བྱ། ༡༡ ཀུན་ལ་ཉི་མ་དང་པོ་ཐུན་རེ་ལ་ལན་རེ། དེ་ནས་ཉིན་རེ་བཞིན་ལན་རེ་བསྣན་ཏེ་ཇེ་མང་ཇེ་མང་དུ་བཏང་ནས་སྒོམ། འཁྲུལ་འཁོར་གྱི་ཐུན་གཞུག་ཏུ་རླུང་རྒྱབ་མདུན་བསྣོལ་པའི་ངང་ནས། དཀྲུག་འགྲེམས་དང་འབེབས་མང་དུ་བྱའོ། །དེ་དག་གིས་རྡུལ་མཐའ་ཅན་གྱི་རླུང་སྦྱོར་ཁོ་ན་ལ་བསླབ་པ་དང༌། བོགས་འདོན་འཁོར་ལོ་བཞི་ལ་འཁྲུལ་འཁོར་


TNT11_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སློབ་ཚུལ་རིམ་པ་བཞི་སྟེ། དམིགས་སྐོར་ལྔ་པོར་རིམ་གྱིས་བསྐྱངས་ཟིན་ནས། ཕྱིས་དེ་དག་ལ་ཉི་མ་རེ་མོས་ལྟ་བུར་ཉིན་གཅིག་འཁྲུལ་འཁོར་མེད་པ་ལ་བསླབ། ཉིན་གཅིག་འཁྲུལ་འཁོར་ཅན་ལ་བསླབ་པའམ། ཉི་མ་གཉིས་གཉིས་སྤེལ་བ་དང༌། གསུམ་གསུམ་སྤེལ་བ་སོགས་ཀྱང་བྱའོ། །འདི་ནི་རླུང་སྦྱོར་འོག་མ་གསུམ་ལའང་རིགས་འགྲེའོ། །དེ་དག་ནི་རྡུལ་མཐའ་ཅན་ཏེ་དབྱུང་བ་ལ་བསླབ་པའོ། །དེ་ནས་རྔུབས་པ་ལ་བསླབ་པ་ནི། ལྷ་སྐུར་སྒོམ་ཞིང་རླུང་རོ་བསལ་བ་ཡན་ཆད་སྔར་དང་འདྲ། མིག་གི་ལྟ་སྟངས་འོག་ནས་བརྩམསྟཻ་གཡོན་ཕྱོགས་སུ་བསྒྱུར། །རླུང་ནང་དུ་འོང་བའི་ཚེ། སྒྲ་མེད་དལ་ལ་རིང་བར་རྔུབས་ཏེ། རྔུབས་ཟིན་པ་ན་ལྟེ་བར་ཅུང་ཟད་ཅིག་མནན་ཏེ། དེ་མ་ཐག་སྒྲ་དང་བཅས་པ་རིང་ཐུང་འཚམས་པར་རླུང་ཞབས་མ་ལུས་ཤིང༌། ཤུགས་དང་ལྡན་པར་ཕྱིར་འབུད་དེ་དེ་ཁོ་ན་ཉི་མ་མང་དུ་བསླབ་པར་བྱའོ། ༡༢ །དེ་ནས་ཐུན་རྣམས་ཀྱི་དངོས་གཞི་ལ་དེ་བཞིན་དུ་བསླབ་ཅིང༌། ཐུན་གྱི་གཞུག་ཏུ་བཤང་སྒོ་ཤུགས་དྲག་པོས་ཕྱིར་ཕུལ། གསུམ་པའི་སྨད་དྲག་ཏུ་རྡིར། དེ་ཁའི་ངང་ནས་ཁ་ཕུབ་ཏུ་གསུས་པ་ས་ལ་བཙུགས། ཡན་ལག་བཞི་གྱེན་དུ་བཏེག་སྟེ། ཤུགས་ཆེན་པོས་བཅུད་དེ་བརྐྱང་པ་དང༌། བསྐུམ་པ་རེ་མོས་བྱ་ཞིང༌། དེ་ཁའི་ངང་ནས་འོག་སྒོ་དལ་ཞིང་ཤུགས་ཆེན་པོའི་འབྱེད་འཛུམ་སྤེལ་པ་ལན་གསུམ་བཞི་ཙམ་བྱ། དེ་ལྟར་ཞག་འགའ་ཟུང་བསླབ་བོ། ༡༣ དེ་ནས་དེའི་སྟེང་དུ་རླུང་གནས་དང་ཡན་ལག་གི་གནད་དེ་དང་འདྲ་བ་ལས། ཙོག་པུའི་


TNT11_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་དེ་ལྟར་བྱ་སྟེ། ཞག་གསུམ་ལ་སོགས་པའོ། ༡༤དེ་ནས་གཞན་སྔར་དང་འདྲ་བ་ལས། གན་རྐྱལ་གྱི་ངང་ནས་གནད་དུ་བསྣུན་པ་འདི་བྱ་སྟེ། ཞག་གསུམ་ལ་སོགས་པའོ། ༡༥ དེ་བཞིན་དུ་གཡས་འགྱེལ་ལ་ཡང་ཞག་གསུམ་མོ། ༡༦ །གཡོན་འགྱེལ་ལ་ཡང་ཞག་གསུམ་མོ། ༡༧ །དེ་དག་ནི་རྔུབ་པ་ལ་བསླབ་པའི་སྐོར་རོ། །རྒྱུད་འདིར་ནི་བུམ་པ་ཅན་དང་གང་བ་ཅན་དོན་གཅིག་པར་སྟོན་ནོ། །དེ་ཡང་རླུང་རོ་བསལ་བ་ཡན་ཆད་སྔར་ལྟར་ལས། ལྟ་སྟངས་དཔྲལ་བའི་དབུས་སུ་ལྟ་ཞིང་མྱུར་དལ་རན་པར་རྔུབ་ལ་ལྟེ་འོག་ཏུ་མནན། འོག་རླུང་བསྐུམ་སྟེ་ཁ་སྦྱོར་དུ་བྱ། དེ་ནས་བཙུམས་པའི་ཁ་ནང་གི །རླུང་སྒྲ་བཅས་སུ་མིད་དེ། ཐུབ་ཐང་དུ་བཟུང༌། མི་བདེ་ན་རྔུབ་ཆུང་ཡང་བྱས་ཏེ་ཅུང་ཟད་བཟུང༌། དེ་ནས་དལ་བུས་ཕྱིར་བཏང་ངོ༌། །རྣམ་པ་དེ་ལྟ་བུ་ཡང་ཡང་གོམས་པར་བྱ་སྟེ། དེ་ཁོ་ན་ཟླ་བ་ལ་སོགས་པར་བསླབ་པར་བྱའོ། ༡༨ ། དེ་ནས་ཐུན་དངོས་གཞི་དེ་བཞིན་ལས་ཐུན་མཇུག་ཏུ་ལངས་ཏེ་སྒུར་ནས་རྐང་མཐིལ་གཉིས་ནས་ལག་པས་བཟུང་སྟེ་དྲག་ཏུ་བསྲུབ། ཞག་གསུམ། ༡༩ དེའི་སྟེང་དུ་ཙོག་པུ་རྐང་པ་རེ་མིག་ལྟར་སྣོལ་བའི་རྐང་མཐིལ་ནས། ལག་པ་བསྣོལ་ནས་འཁྱུད་དེ་བསྲུབ་པ་ཡང་མནན། ཞག་གསུམ། ༢༠ དེ་ནས་ལག་སྟོད་སྐྱིལ་ཀྲུང་བཅས། རོ་སྟོད་བསྲུབ་པ་ཡང་མནན་ཏེ་ཞག་གསུམ། ༢༡ དེ་ནས་མགོ་བོ་སྐོར་ཞིང་


TNT11_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་པ་ཡང་མནན་ཏེ་ཞག་གསུམ། ༢༢ ལུས་སྦྱོང་དེ་དག་ཐམས་ཅད་ཀྱི་མཇུག་ཏུ་སེང་གེ་རྣམ་རོལ་དང༌། དཀྲུག་འབེབས་ཇི་ལྟར་འོས་པ་རེ་ངེས་པར་སྦྱར་བར་བྱའོ། །དེ་དག་ནི་རླུང་བགང་པའི་སྐོར་རོ། །དེ་ནས་མ་ནིང་གི་རླུང་སྦྱོར་ནི། རླུང་རོ་བསལ་བ་ཡན་ཆད་སྔར་དང་འདྲ། ནང་དུ་རྔུབས་ཏེ། དེ་མ་ཐག་ཕྱི་ལ་སྒྲ་མེད་ཤུགས་ཆེ་བར་བཏང་སྟེ། རླུང་ཞབས་མེད་པ་ལྟར་སྣང་བ་ལ། ཕྱི་རུ་གང་ཐུབ་ཐུབ་བཟུང་ཞིང༌། དེའི་རིང་ལ་ཁོག་ནང་གི་ཤུགས་མཉམ་པར་བགང་མི་ཐུབ་ན་སྒྲ་དང་བཅས་པར་རྔུབས་ཏེ། ཡང་སྔ་མ་བཞིན་དུ་བཏང་ཞིང་ཕྱིར་བཟུང་ངོ༌། །རེ་ཤིག་དེ་ཉིད་ཞག་མང་པོར་བསྒོམ། ༢༣ དེ་ནས་གོང་དུ་བགང་བ་ཅན་གྱི་སྐབས་སུ་བཤད་པ་ལྟར་གྱི། ལུས་སྦྱོང་བཞི་དང༌། རྣམ་རོལ་དང་དཀྲུག་འབེབས་སོགས་ཀྱང་འདིར་སྦྱོར་ལ། ཁྱད་པར་ལུས་གན་རྐྱལ་དུ་བརྐྱང་བའི་རྗེས་སུ་རོ་སྨད་རྐང་པ་བརྐྱང་པ་དང་བཅས་པ་གཡོན་དུ་གཅུས། རོ་སྟོད་དང་ལག་པ་བརྐྱང་པ་དང༌། མགོ་གཡས་སུ་གཅུ་པ་དང༌། དེ་ཉིད་གོ་ཟློག་པར་ཡང་བྱའོ། །དེ་དག་ནི་རེངས་པའི་རླུང་སྦྱོར་གྱི་སྐོར་རོ། ༢༤ །འཁྲུལ་འཁོར་དེ་ཀུན་སྔོན་འགྲོའི་ལུས་སྦྱོང་མགོར་སྦྱོར་བ་གལ་ཆེའོ། །རླུང་སྦྱོར་དེ་དག་རྫོགས་པ་ལ་བསླབ་པར་མ་ནུས་ན། གང་བ་ཅན་ཁོ་ན་ལ་བསླབ་པ་ཡིན་ཞིང༌། རིམ་པས་ལུས་ཀྱི་བྱེད་བཅིངས། གཞན་རྣམས་ཀྱང༌། གང་བ་ཅན་གྱི་སྟེང་དུ་འདྲེན་པར་བྱ་ལ། བཞི་ཀར་བསླབ་པར་ནུས་ན་ནི།


TNT11_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་བསྟན་པ་བཞིན་རིམ་གྱིས་སྦྱངས་ནས། མཐར་ཐུན་དང་པོ་ལ། དང་པོར་རྔུབ་པ་དང༌། དེ་ནས་དབྱུང་བ་ལ་བསླབ། གང་བ་དང་རེངས་པ་ཚར་གཅིག་མཇུག་ཏུ་བསྒོམ་མོ། །ཐུན་བར་པ་རྣམས་ལ་བགང་བ་ཁོ་ན་བསྒོམ། ཐུན་ཐ་མ་ལ་རྔུབ་པ་དང༌། དབྱུང་བ་ཚར་གཅིག་བཏང༌། ཐུན་སྟོད་ལ་བུམ་ཅན་དང་ཐུན་སྨད་ལ་རེངས་པ་བསྒོམ་པ་སྟེ། ཁྲིགས་ཆགས་སུ་སྒོམ་པའི་རིམ་པའོ། །དེ་ལས་ཅུང་ཟད་གོམས་ནས། རེས་འགའ་ཁྲིགས་ཆགས་སུ་བསྒོམ། རེས་འགའ་ཁྲིགས་ཆགས་མེད་པར་བསྒོམ་སྟེ། གང་བ་གཙོ་བོ་དང་གཞན་རྣམས་གར་བྱུང་དུ་བསྒོམ་ན་མི་རིང་པར་རྡོ་རྗེའི་ལུས་རྣམ་པར་དག་པར་འགྱུར་རོ། །དེ་དག་ལས་དབྱུང་བ་ནི། ཐུར་སེལ་སྲོག་ལ་བསྲེ་ཞིང་དབང་དུ་བྱེད་པ་ཡིན་ལ། རྔུབ་པ་ནི་སྲོག་དབང་དུ་བྱེད་ཅིང་ཐུར་སེལ་ལ་བསྲེ་བར་བྱེད་པ་དང༌། གང་བས་སྲོག་ཐུར་མཉམ་པར་འཛིན་ཞིང༌། དབུ་མར་གཞུག་པ་དང་རྩ་མདུད་གཞིག་པར་བྱེད་དོ། །མ་ནིང་གིས་ནི་དེ་ལ་བོགས་འབྱིན་ཞིང༌། གེགས་སེལ་བར་བྱེད་ལ། ཕྱི་ནང་གི་རླུང་གཅིག་ཏུ་བསྲེ་བར་ཡང་བྱེད་པ་ནུས་པ་ཡིན་ནོ། །དེ་དག་གི་ནི་ཕྲ་མོའི་རྣལ་འབྱོར་བསྟན་ཟིན་ཏོ། །ཐིག་ལེའི་རྣལ་འབྱོར་ལ། རླུང་རོ་བསལ་བ་ཡན་ཆད་སྔར་བཞིན་བྱ། འདི་དག་གི་སྐབས་སུ། གང་བ་ཅན་གྱི་རླུང་སྦྱོར་གཙོ་བོ་ཡིན་ལ། སྤྱིར་སྦྱོར་བ་བཞི་པོ་གང་མོས་པ་ཞིག་


TNT11_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྟེ། རང་ལུས་ལྷ་སྐུ་ཁ་སྦྱོར་ཡབ་ཡུམ་གྱི་གསང་བའི་རྩ་གཉིས་འཕྲད་མཚམས་སུ། ཐིག་ལེ་དམར་སྐྱ་ཙ་ན་ཀའི་འབྲུ་ཚད་ཙམ་ལ་སེམས་བཟུང་ཞིང་བདེ་བ་ཡིད་ལ་བྱའོ། །དམིགས་སྐོར་གཅིག ༢༥ ཡང་ན་རྩ་འཁཽར་མ་བསྒོམ་པར་ལྟེ་བར་ཨ་ཤད་ཁོ་ན་ལ་སེམས་གཏད་དོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་འདུན་པ་དྲག་ཏུ་སྦྱངས། དེས་རླུང་དབུ་མར་ཟློག་ཅིང༌། སྣང་བ་སྒྱུ་མ་ལྟ་བུའི་ཉམས་སྐྱེའོ། །དམིགས་སྐོར་གཉིས། ༢༦ ཡང་སྙིང་གའི་དབུས་སུ་ཧཱུཾ་འོད་འབར་བ་ལ་སེམས་གཏད་དེ། རྟག་ཏུ་སྒོམས་པས་ཉིན་མོ་མི་རྟོག་པ་འཐུག་པོ་དང༌། མཚན་མོ་གཉིད་ཀྱི་འོད་གསལ་ལ་སེམས་ཟིན་པར་འགྱུར་རོ། །དམིགས་སྐོར་གསུམ། ༢༧ མགྲིན་པའི་དབུས་སུ་བཾ་དམར་པོ་འོད་འཕྲོ་བ་ལ་དམིགས་ནས། སྒྱུ་མ་ལྟ་བུའི་འདུན་པ་དྲག་ཏུ་སྦྱངས་པས་ཉིན་པར་ཡང་སྒྱུ་མ་ལྟ་བུའི་ཉམས་སྣ་ཚོགས་དང༌། མཚན་མོ་རྨི་ལམ་གྱི་ལྷ་སྐུ་རང་ཤར་དུ་འབྱུང་ཞིང༌། དེ་ཡང་སྒྱུ་མ་ལྟ་བུ་སྣང་སྟོང་དུ་འཆར་བ་ཡིན་ནོ། །དམིགས་སྐོར་བཞི། ༢༨ ཡང་སྤྱི་བོར་ཧཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ་ལ་སེམས་གཏད་དེ། ཤེས་རབ་མའི་བདེ་བ་ཡིད་ལ་ཅུང་ཟད་བྱ་ཞིང༌། ཡང་ཡང་རྩེ་གཅིག་ཏུ་མཉམ་པར་བཞག་པས། བདེ་བ་ལྷག་པར་རྒྱས་ཤིང་བརྟན་པར་འགྱུར་རོ། །འདི་དང་གོང་གི་ནོར་བུ་ཐིག་ལེ་གཉིས་གོམས་པས་བདེ་ཉམས་ཀྱི་རྩལ་རྒྱས་པ་དང༌། བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་པ་ཡིན་ནོ། །དམིགས་སྐོར་ལྔའོ། །


TNT11_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐིག་ལེའི་རྣལ་འབྱོར་གྱི་དམིགས་ཕྲན་ལྔ་པོ་འདི་ནི། གོང་ཕྲ་མོ་རྣམས་ཀྱི་བོགས་འདོན་ཡང་ཡིན་ལ། ཕྲ་མོ་དང་འདི་ཙམ་ཁོ་ན་བསྒོམ་པས། ཇི་སྐད་བཤད་པའི་དགོས་དོན་ཐམས་ཅད་ཀྱང་འགྲུབ་པ་དང༌། གཏུམ་མོ་ལ་སོགས་པ་འཆད་པར་འགྱུར་པ་ཐམས་ཅད་ཀྱི་ཡང་བོགས་འདོན་དང་ཡན་ལག་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་དེ་དང་དེ་ལ་ཇི་ལྟར་སྦྱོར་བའི་ཚུལ་ཡང་ཤེས་པར་བྱའོ། །དེ་དག་ནི་འཁོར་ལོ་བཞིའི་ཕྲ་མོའི་རྣལ་འབྱོར་ལས་དུམ་བུར་ཕྲལ་བའི་དམིགས་པ་ཡིན་ལ། ཡོངས་སུ་རྫོགས་པའི་གཏུམ་མོ་དངོས་ནི་འདི་ཡིན་ཏེ་འཁོར་ལོ་བཞི་པ་དང༌། འཁོར་ལོ་གཉིས་པའོ། །དང་པོ་ནི། ལྷ་སྐུར་བསྒོམ་པ་ཡན་ཆད་སྔར་བཞིན་དང༌། ལུས་ལ་རྩ་གསུམ་འཁོར་ལོ་བཞི་གསལ་འདེབས་ཏེ། ཕལ་ཆེར་དཔྱིད་ཐིག་དང་འདྲ་ལ་དབུ་མ་ནི་ཁ་དོག་མཐིང་ཀའོ། །དེ་ལས་སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་ཀྱི་དབུ་མའི་ནང་དུ། ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་ལྟ་བའོ། །མགྲིན་པའི་དབུས་སུ་བཾ། ནང་སྐོར་གྱི་འདབ་མ་བཞི་ལ་ཡ་ར་ལ་ཝའོ། །སྙིང་གའི་དབུས་སུ་ཧཱུཾ། ཕྱོགས་ཀྱི་འདབ་མ་བཞི་ལ་བྷྲུཾ་ཨཾ་ཛྲིཾ་ཁཾ། ལྟེ་བའི་དབུས་སུ་ནི་ཨཾ། ནང་བསྐོར་གྱི་འདབ་མ་བརྒྱད་ལ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ རོ་མ་ལ་ཀཱ་ལི། རྐྱང་མ་ལ་ཨཱ་ལི་ཉིས་འགྱུར་ཏེ། ཡི་གེ་ཐམས་ཅད་རང་གི་རྩ་དང་ཁ་དོག་འདྲ་བའོ། །ཡང་འབྲིང་པོ་ལ་ནི་རོ་རྐྱང་གི་ཡི་གེ་སྤངས་པ་དང༌། བསྡུས་པ་ལ་ནི་འདབ་མའི་ཡི་གེ་ཡང་བོར་བས་རུང་སྟེ། རྩ་ཡིག་རྣམས་གསལ་


TNT11_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས་རླུང་རོ་བསལ་ལོ། །དེ་ནས་གང་བ་ཅན་བསྒོམ་ན། གཏུམ་མོ་འབར་འཛག་སོགས་སྤྱི་དང་འདྲ་ལ། འབྱུང་རྔུབ་སྤེལ་མ་ལ་སློབ་ན་དབྱུང་བའི་དུས་སུ་ལྟེ་བའི་ཨཾ་ཡིག་འབར་ཏེ་ཧཾ་ལ་རེག་པ་དང༌། རྔུབ་པའི་དུས་ན་ཧཾ་ལས་བྱང་སེམས་བབས་ཏེ་ཨཾ་ལ་ཐིམ་པར་བསྒོམ་པ་ཡིན། གལ་ཏེ་རེངས་པའི་རྣལ་འབྱོར་ལ་བརྟེན་པར་འདོད་ན། རླུང་ཕྱིར་དབྱུང་བའི་ཚེ། ཨཾ་ལས་གཏུམ་མོ་ཅུང་ཟད་འབར་བ་དང༌། ཕྱིར་བཟུང་བའི་ཚེ། དེ་ཆེར་འབར་བའི་དྲོད་ཀྱིས་ཧཾ་ཞུ་ནས་དམིགས་པའི་ཚུལ་གྱིས་འབབ་པ་ལ་སེམས་རྩེ་གཅིག་ཏུ་བཞག །རླུང་ནང་དུ་འོང་བ་ན་མི་དམིགས་པ་བྱའོ། །དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་ལ་སོགས་ནི། རྒྱུད་གཞན་གྱི་དགོངས་པས་དཔྱིད་ཐིག་སོགས་ལས་འབྱུང་བ་ལྟར་ཡིན་ཡང༌། རྒྱུད་འདི་ལས་མི་གསལ་བས་མི་དགོས་པར་བཞེད་དོ། །གཉིས་པ་ནི་ཤིན་ཏུ་བསྡུས་པ་སྟེ། མགྲིན་པ་དང་སྙིང་གའི་འཁོར་ལོ་མི་བསྒོམ། །ལྟེ་བའི་རྩ་འདབ་གྱི་ཡི་གེ་དང༌། །རོ་རྐྱང་གི་ཡི་གེ་ཡང་སྤངས་ཏེ། རྩ་གསུམ་འཁོར་ལོ་གཉིས་པ་གསལ་བཏབ། འབར་འཛག་ཇི་ལྟར་བྱེད་པ་དང༌། རླུང་སྦྱོར་སོ་སོ་དང་སྦྱོར་ཚུལ་སོགས་གོང་དང་འདྲ་བའོ། །དེ་རྣམས་ནི་ཐིག་ལེའི་རྣལ་འབྱོར་ཏེ། དེ་ལྟར་ཕྲ་ཐིག་གི་རྣལ་འབྱོར་དེ་རྣམས་ནི། དམ་ཚིག་གི་ཕྱག་རྒྱའི་རིམ་པའོ། །འདིར་གཞུང་ལས་གློ་བུར་དུ་ཟློག་པའི་སྦྱོར་བ་ཞེས་གསུངས་པ་ལས་ད་ལྟ་ཁོ་བོས་ཐོབ་པ་ནི། གོང་གི་འཁྲུལ་འཁོར་དེ་དག་ཡིན་ལ། སྤྱིར་ཕྲ་ཐིག་གི་རྣལ་འབྱོར་


TNT11_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་སྒོར་སྤྲོ་པ་དང༌། དེ་དང་འབྲེལ་བའི་བཙན་ཐབས་ཀྱི་སྦྱོར་བ་དུ་མ་ཡང་འབྱུང་དུ་རུང་བ་ནི་ཡིན་ནོ། །དེ་དག་གོམས་པ་ལས། རང་ལུས་ཐབས་ལྡན་གྱི་བདེ་སྟོང་ཡང་མཚོན་པར་ནུས་པར། རླུང་ལས་རྣམ་པར་རྒྱལ་བ་ཡང་ཐོབ་པ་ན། ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ལ་ཕྱག་རྒྱའི་མཚན་ཉིད་ནི། རྒྱུད་ཉིད་ལས་གསལ། སྔོན་འགྲོ་ལྷར་བསྐྱེད་པ་དང༌། མཁའ་གསང་བྱིན་གྱིས་བརླབས་པ་དང༌། སྒྱུ་མ་ལྟ་བུར་སྦྱང་བ་རྣམས་སྔོན་དུ་བཏང་ནས། དངོས་གཞི་འདོད་ཡོན་ལྔ་ལ་སློབ་ཅིང༌། དབབ་བཟུང་ཟློག་ཁྱབ་ལ་སོགས་པ་ནི་སྤྱི་དང་འདྲ་བ་ལས། གོ་དོན་རྒྱུད་ཀྱི་ཚིག་དང་སྦྱོར་དགོས་ལ། ཁྱད་པར་གྱི་མན་ངག་ནི། བཟུང་བའི་སྐབས་སུ། རླུང་རྒྱུ་ཞབས་སུ་མདུང་ཚུགས་སྦྱར་ཞིང༌། རྒྱུ་ཞབས་ཡང་ཡང་ཕྱིར་བཀྱེད་ལ་མ་འཁུམས་པར་བྱ། རྔུབ་པའི་རླུང་སྦྱོར་དང༌། འཁྲུལ་འཁོར་གྱིས་ཀྱང་བཟུང༌། དབྱུང་བ་དང༌། དེའི་འཁྲུལ་འཁོར་གྱིས་ཟློགགང་བ་དང་རེངས་པའི་འཁྲུལ་འཁོར་གྱིས་དགྲམ་པར་བྱའོ། །རྗེས་ཀྱི་བུམ་པ་ཅན་གྱིས་རྣལ་འབྱོར་དང༌། ལྟ་བའི་མན་ངག་དང༌། ལྷ་སྐུའི་རྣལ་འབྱོར་དང་བསྲེས་ཏེ་མཉམ་པར་བཞག་པར་བྱའོ། །དེ་ནི་དངོས་ཀྱི་ཕྱག་རྒྱའི་རིམ་པ་ཡིན་ལ། འདི་གནད་དུ་སོང་ན་ཉིན་རེར་ཡང་ཞུ་བདེ་འཕེལ་བར་འགྱུར་བས། དེ་ལ་བདེ་བ་བརྟན་པར་གྱུར་ན་ཡིད་ཀྱི་ཕྱག་རྒྱ་ལ་ཡང་སྔར་བཞིན་གོམས་པར་བྱས་ནས། དེས་ཀྱང་ལས་རྒྱལ་མཆོག་དང་འདྲ་བའི་བདེ་བ་བསྐྱེད་ནུས་པ་ན།


TNT11_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བརྟན་པ་ཐོབ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་དག་ནི་ལས་ཀྱི་ཕྱག་རྒྱའི་མན་ངག་སྟེ། ཞིབ་པར་བླ་མའི་གསུངས་ལས་རྟོགས་པར་བྱའོ། །དེ་ནས་བདེ་བ་དེ་ཡང་ཚད་དུ་ཕྱིན་པ་ན། མི་མོས་གཟུགས་ལ་ལྟ་བ་ལས། བདེ་བ་ཅུང་ཟད་བསྐུལ་ཞིང་མི་རྟོག་པ་ལ་བཞག་པ་ན་བདེ་བའི་རྒྱུན་དེ་འབྱུང་ངོ༌། །དེ་ཉིད་ཡང་ཡང་གོམས་པ་ལས། ཡིད་ཀྱི་ཕྱག་རྒྱ་དང་འདྲ་བའི་བདེ་བ་ཚད་དུ་ཕྱིན་པ་ན། རི་མོའམ་འབུར་དུ་དོད་པའི་ལྷ་མོའི་གཟུགས་ལ་ལྟ་ཞིང་རྗེས་ཆགས་ཅུང་ཟད་བསྐུལ་ལ་སྔར་བཞིན་མཉམ་པར་བཞག་པ་གོམས་པ་ན། ཕྱི་རོལ་གྱི་རྐྱེན་ལ་མ་ལྟོས་པར་ཡང༌། ཞུ་བདེ་དང་འབྲེལ་བའི་བདེ་སྟོང་གི་ཉམས་རྒྱུན་དུ་འབྱུང་ངོ༌། །དེ་ནས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་ཏེ། ཇི་ལྟར་འོས་པའི་ཁ་དོག་ཡིད་དུ་འོང་བ་ལྟ་བུ་ཞིག་དང༌། བདེ་བ་གཉིས་ཀར་ལ་སེམས་དུས་མཉམ་དུ་གཏད་དེ་མཉམ་པར་བཞག་པས། ནམ་ཞིག་ན་དེ་ལྟ་བུས་ཁ་དོག་མཐོང་བས་ཀྱང་བདེ་བ་འཕེལ་བར་འགྱུར་ལ། དེ་བཞིན་དུ་དགྲ་གཉེན་ལ་སོགས་ལའང་སྦྱར་ཏེ། མཐར་ཡུལ་བར་མ་དང་མི་སྡུག་པ་སོགས་ལ་ཡང་སྟེ། གང་སྣང་ཐམས་ཅད་ཀྱིས་བདེ་བ་འཕེལ་བར་ནུས་ན། ཆོས་ཐམས་ཅད་ཕྱག་རྒྱར་གྱུར་པའི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་ལ། ཟས་དང་འགྲོ་འདུག་སོགས་སྤྱོད་ལམ་ཐམས་ཅད་དུ་ཡང་དེ་ཉིད་རྒྱུན་མི་འཆད་པར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱའི་རིམ་པའོ། །ཕྱག་རྒྱ་གསུམ་གྱིས་ཉམས་མྱོང་མཐར་ཕྱིན་པའམ། དེ་མིན་ཡང་ཉམས་མྱོང་ཅུང་ཟད་སྐྱེས་པས་ཕྱག་རྒྱ་ཆེན་པོ་སྒོམ་ན་


TNT11_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་ཇི་སྐད་བསྟན་པ་ལྟར་གྱི། ཡོན་ཏན་ཐམས་ཅད་དང་བཅས་པར་འགྱུར་ལ། གཞན་དུ་ན་དང་པོ་ཁོ་ན་ཉིད་ནས་ཀྱང་སྒོམ་དུ་མི་རུང་བ་མ་ཡིན་ཏེ། ཅི་ཙམ་ནས་དོན་ཁྱད་པར་ཅན་འགྲུབ་པར་ནི་འགྱུར་རོ། །དེ་ཡང་གནས་ཁང་དབེན་པ་མི་བཟད་པའི་མུན་པ་ཆེན་པོ་དང་བཅས་པར་རླུང་རོ་བསལ་བ་ཡན་སྔོན་འགྲོ་སྔར་བཞིན་དུ་བྱས་ལ། དེ་ནས་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་མཉམ་བཞག་ལ་སོགས་པ་བསམ་གཏན་གྱི་ཡན་ལག་སྤྱི་དང་མཐུན་པར་བྱས་ནས། སྟ་སྟངས་གཙུག་ཏོར་གྱིས་གནས་སུ། གཡོ་བ་མེད་པ་མིག་མི་འཛུམ་པར་བཞག་གོ །དེ་ལྟར་གོམས་པར་བྱས་པ་ལས། རྟགས་ལྔ་དང༌། ཐིག་ལེ་སྣ་ཚོགས་པ་དང༌། ཁམས་གསུམ་པའི་གཟུགས་བརྙན་སྣ་ཚོགས་པ་དག་སྣང་བར་འགྱུར་རོ། །དེ་ཉིད་ཇི་སྲིད་དུ་བརྟན་པ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱ་ལ། ཅི་སྟེ་གཟུགས་བརྙན་མ་མཐོང་ན་ནི། བྱིན་གྱིས་རླབས་པ་དང་བྲལ་ཞིང༌། དམིགས་པའི་གནད་ཉམས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་འདི་ལ་རྩ་བ་གཏོར་བ་ཡིན་ནོ། །གལ་ཏེ་གཟུགས་བརྙན་རྟག་ཏུ་མཐོང་ན་ནི། དེ་ཉིད་ཁོ་ན་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པས། དོན་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་ལ་དང་པོར་གཟུགས་བརྙན་ལ་བརྟན་པ་མ་ཐོབ་ཀྱི་བར་དུ། མུན་ནག་གི་ནམ་མཁའ་ཁོ་ན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཅིང༌། དེ་ནས་ཉིན་མོའི་ནམ་མཁའ་སྔོ་བསངས་ལ་ཡང་སྒོམ་པས། དེ་ཡང་གཟུགས་བརྙན་ལ་བརྟན་པ་ཐོབ་ཀྱི་བར་དུ་སྒོམ་དགོས་ཏེ་སོ་སོར་བསྡུད་པའོ། །བརྟན་པ་ཐོབ་པ་ན། སྟོང་གཟུགས་ཁོ་ན་ལ་དམིགས་ཏེ་མཉམ་པར་བཞག་པས། རང་སེམས་སྟོང་གཟུགས་ཀྱི་ངོ་བོར་མཐོང་གི་བར་དུ་སྒོམ་པ་ནི།


TNT11_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ནོ། །དེ་ནས་དེ་ཉིད་ལུས་ཀྱི་ནང་དུ་དྲངས་ཏེ་བུམ་ཅན་དང་བསྲེ་ཞིང་སྒོམ་པས་རོ་རྐྱང་གཉིས་དང་སྲོག་ཐུར་གྱི་རྒྱུ་བ་འགགས་ཤིང་སྟོང་གཟུགས་དང་རླུང་འདྲེས་པར་གྱུར་པ་ནི། སྲོག་རྩོལ་ལོ། །དེ་ཉིད་ཡུན་བསྲེངས་ཏེ་སྒོམས་པ་ལ། སེམས་དང་སྟོང་གཟུགས་རླུང་གསུམ་སྔར་འདྲེས་པ་དེ་ཉིད་ཐིག་ལེ་དང་ཡང་འདྲེས་པས་ཡེ་ཤེས་ཀྱི་གཏུམ་མོ་འབར་བ་རྒྱུན་མི་འཆད་ཅིང༌། རྩ་ཨ་བ་དྷུ་ཏཱིར་ཞུ་བདེ་ཡང་ཡང་བསྐྱེད་པ་ནི། འཛིན་པའི་ཡན་ལག་གོ །དེ་ནས་གོང་དུ་བཤད་པའི་དངོས་དང་ཡིད་ཀྱི་རིག་མ་དང༌། སྟོང་གཟུགས་ཀྱི་ལྷ་ཡབ་ཡུམ་གྱི་ཞུ་བདེ་ཁྱད་པར་ཅན་བསྐྱེད་པ་ནི་རྗེས་དྲན་ནོ། །དེ་གོམས་པ་ལས་རྩ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་གང་སྟེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཐིག་ལེའི་རྣམ་པར་གྱུར་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དེ་ནས་རྡོ་རྗེ་འཛིན་པ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་རོ། །སོ་སོར་བསྡུད་པ་དང་བསམ་གཏན་ལ་སོགས་པའི་སྤྲཽ་བ་དང༌། བསྡུ་བ་དག་ནི། ཆོས་ཀྱི་ཕྱག་རྒྱའི་རྣལ་འབྱོར་དུ་བཤད་པ་དེ་ལྟ་བུས་རྒྱས་བབས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་རིམ་པའོ། །འཕྲོས་དོན་ལྔ་པའི་མན་ངག་ནི། ངོ་བོས་གཟུགས་མེད་མཐོང་བ་པོ་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་དོན་མེད་དེ་སེམས་ཀྱི་སྣང་བའོ། །སེམས་མེད་སེམས་ལས་བྱུང་བའང་མེད། །སེམས་ཀྱི་སྣང་བ་ཙམ་དེ་ཡང་གནས་ཚུལ་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་པ་ལ་སོགས་པའོ། །སེམས་


TNT11_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་རང་བཞིན་དེ་ཡང་མི་དམིགས་པའི་ཚུལ་གྱིས་མཉམ་པར་བཞག་པ་ནི། སྒོམ་མེད་སྒོམ་པ་པོ་ཡང་མེད། །ཅེས་པ་དང༌། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། རང་རིག་བདག་ཉིད་དག་པ་ཉིད། །ཅེས་རིག་པ་དང༌། རང་གི་རིག་པའི་བདེ་བ་མཆོག །ཅེས་རང་བཞིན་བདེ་བ་དང༌། དེ་ཕྱིར་སངས་རྒྱས་དངོས་པོ་མིན། ཞེས་པས་གདོད་ནས་ཟུང་འཇུག་ཡིན་པ་དང༌། རྣམ་དག་དག་པ་གཉིས་བསྟན་པ་ལ་སོགས་པས་ཀྱང་འཁོར་བ་གདོད་ནས་མ་གྲུབ་ཅིང༌། ཆོས་ཉིད་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཐག་བཅད་དོ། །དེ་དག་གི་སྒོམ་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། སྔོན་འགྲོ་རྣམས་སྔར་དང་འདྲ་བར་བྱས། སེམས་སྣང་བའི་སྟེང་དུ་རང་བབས་སུ་བཞག་སྟེ་དམིགས་སྐོར་གཅིག །དེ་ལ་དེ་ཉིད་ཀྱིས་ལྟས་པས། གང་དུ་ཡང་མ་གྲུབ་སྟེ་དམིགས་སྐོར་གཉིས། འདིར་སེམས་ལས་གཞན་དུ་མེད་པར་ངོ་སྤྲོད། སེམས་ཀྱི་རང་བཞིན་ལ་བཟོ་བཅོས་མེད་པའི་ཚུལ་གྱིས་ལྷག་གེར་བལྟ། དམིགས་སྐོར་གསུམ། དེ་ཉིད་ཆེ་རེ་བལྟས་ཤིང་བཙལ་བས་གང་དུ་ཡང་མ་གྲུབ་སྟེ་བཞི་པའོ། །འདིར་འཛིན་པ་རང་བཞིན་མེད་པ་ངོ་སྤྲད་རིག་པའི་དྭངས་ཆ་མ་འགགས་པ་ལས་ཅི་ཡང་འཆར་དུ་རུང་བ་འདིས་མཚོན་ནས། རང་བཞིན་ཆོས་ཉིད་རྣམ་པ་ཐམས་ཅད་པར་ཡང་ངོ་སྤྲད་དེ་ལྔ་པའོ། །ཞུ་བདེ་ལ་སོགས་པའི་བདེ་བས་སེམས་ཉིད་བདེ་བར་ལན་གཅིག་མཚོན་པའི་རྗེས་སུ་ཕྱིས་རྐྱེན་མེད་ཀྱང་


TNT11_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་བདེ་བར་སྣང་བའི་ཕྱིར། དབྱིངས་བདེ་ཆེན་དུ་ངོ་སྤྲད་དེ་དྲུག་པའོ། །ད་ལྟའི་རྣམ་པར་རྟོག་པ་དང་འཆར་སྒོ་འགགས་པའི་ཐ་མ་ནི། རིག་པ་དང་དབྱེར་མེད་པའི་སྟོང་ཉིད་སྤྲོས་བྲལ་དེ། ཀུན་གྱི་རྩ་བ་འགྱུར་མེད་དུ་འདུག་ལ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་དང་འབྲེལ་བར་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་དུ་གནས་པར་ཤེས་པར་བྱ་སྟེ་བདུན་པའོ། །འདིར་ངོ་སྤྲོད་ཅེས་པ་བོད་ལ་སྔར་གྲགས་པའི་བརྡའ་དང་མཐུན་པར་བྱས་ཤིང༌། དེ་དག་གི་སྒོམ་ཚུལ་ཞི་བ་རྒྱས་པ་རྣམས་ཀྱང༌། ཕལ་ཆེར་ལ་གྲགས་ཆེ་བའི་ཕྱིར་ཐུན་མོང་ཡིན་པས་འདིར་མ་བཀོད་དོ། །དེ་ལྟར་ན་དགྱེས་པའི་རྡོ་རྗེའི་རྫོགས་རིམ་ཟབ་པ་ལས་ཀྱང་ཆེས་ཟབ་པ། རྒྱུད་ཀྱི་དངོས་བསྟན་སྒྲ་ཇི་བཞིན་ལ་འབྱོར་ཞིང༌། ངེས་དོན་མཐར་ཐུག་དང་ཡང་འབྲེལ་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཞི་བའི་ཞབས་ཀྱི་མན་ངག་ཟབ་མོ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཡི་གེར་བཀོད་པའོ།། །།མངྒ་ལཾ། །


previousདཔལ་དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཉིད་བཞི་ལྡན་གྱི་ཁྲིད་ཡིག་སྙིང་པོ་གསལ་བ།next