Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
དགྱེས་རྡོར་གྱི་མན་ངག་བསྲེ་འཕོ་དང༌ལམ་དགུ་ཕྲུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་།
   
   
   
   
   
   
   
   
   
   
   
   


 
previousདགྱེས་རྡོར་གྱི་མན་ངག་བསྲེ་འཕོ་དང༌ལམ་དགུ་ཕྲུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་།next

དགྱེས་རྡོར་གྱི་མན་ངག་བསྲེ་འཕོ་དང༌ལམ་དགུ་ཕྲུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་།


TNT11_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་དཔལ་འཁོར་ལོ་ལ། །མཆོག་ཏུ་གུས་པས་སྐྱབས་སུ་མཆི། །མཆོག་གྱུར་མན་ངག་ཟབ་མོ་ཡི། །ཉམས་ལེན་རིམ་པ་མདོ་ཙམ་བྲི། །ད་ནི་གྲུབ་པའི་དབང་ཕྱུག་དཔལ་རི་ཁྲོད་པས་དངོས་སུ་བྱིན་གྱིས་རླབས་པ། མངའ་བདག་མཻ་ཏྲི་པ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་དེ་ནི། རྗེ་བཙུན་ལྷོ་བྲག་མར་པས་ཡུན་རིང་དུ་བསྟེན་ནོ། །དེ་ལའང་དགྱེས་རྡོར་རྩ་བཤད་དང༌། སངས་རྒྱས་ཐོད་པ་དང་རབ་ཏུ་མི་གནས་ཤིང་ཡིད་ལ་མི་བྱེད་པ་ཕྱག་རྒྱ་བཞིའི་གདམས་པ་རྫོགས་པར་གསན་པ་ལས་


TNT11_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་དགྱེས་པ་རྡོ་རྗེ་ལ་རྫོགས་རིམ་ལམ་དགུ་སྐོར་རམ། དགུ་ཕྲུགས་སུ་གྲགས་པ་འདི་བྱུང་ངོ༌། །འདིའི་མན་ངག་གི་ཡི་གེ་རྣམས་ལས། སྔོན་འགྲོ་ལོགས་པ་མ་གསུངས་མོད། ཁྲིད་འདི་ལོགས་སུ་ཞུ་ན་སྔོན་འགྲོ་རྣམས་བསྲེ་འཕོ་དང་འདྲ་བར་ཤེས་པར་བྱའོ། །དངོས་གཞི་ལ་གཏུམ་མོའི་མན་ངག །ཕྱག་རྒྱའི་མན་ངག །ཕྱག་རྒྱ་ཆེན་པོའི་མན་ངག་སྟེ་གསུམ་མོ། །དང་པོ་ལ། གཏུམ་མོ་ཉིད་ཀྱི་སྔོན་འགྲོ་རླུང་སྦྱང་བ་དང༌། གཏུམ་མོ་དངོས་སོ། །དང་པོ་ལའང་མན་ངག་རྒྱས་པ་དང་བསྡུས་པ་གཉིས། དང་པོ་རྒྱས་པ་ལ། རླུང་རྒྱ་ཡན་ལ་བསླབ་པ། བགྲང་ཞིང་བརྩྀ་བ་ལ་བསླབ་པ། ཁ་དོག་དང་དབྱིབས་ལ་བསླབ་པ། བུམ་པ་ཅན་ལ་བསླབ་པ་སྟེ་བཞིའོ། །དང་པོ་ནི་ལུས་གནད་བཅས། རླུང་རོ་ལན་མང་དུ་བསལ། དེ་རྗེས་རླུང་ནང་དུ་ནར་གྱིས་དྲངས། དེ་ནས་རླུང་རང་བབས་སུ་བཞག་སྟེ། དབུགས་ཕྱི་འགྲོ་ནང་འགྲོ་ལ་སེམས་བསྟད། རླུང་མགྱོགས་བུལ་དང༌། གང་ནས་བཟློག །གང་གི་བར་དུ་འགྲོ། གང་གི་ཚེ་སྤྱི་ན་གནས་པ་ལྟ་བ་ཁོ་ན་ཡིན། དམིགས་པ་གཞན་མེད། གཉིས་པ་བགྲང་བ་ལ། བགྲང་བ་དངོས་དང་འཇོག་པ་དང༌། རྗེས་འགྲོ་དང་རྣམ་དག་སྟེ་བཞི་ཡོད་པ་ལས། དང་པོ་ལ་དུས་ནི་ཆགས་ལམ་ལ་ཐབས་ཤེས་སྙོམས་པར་ཞུགས་པའི་དུས། ཐུར་སེལ་རང་ཤུགས་ཀྱི་གྱེན་དུ་བཟློག་པའི་སྐབས་དེ་ཡིན། གྲོལ་ལམ་ལ་དང་པོར་རླུང་ནང་དུ་སོང་ནས། དེ་རྗེས་ཕྱིར་ཟློག་པའི་སྐབས་དེ་ཡིན། བསམ་པ་ནི། ལྟེ་བར་ཨཱཿ གསང་བར་ཨོཾ།


TNT11_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའམ་མགྲིན་པར་ཧཱུཾ། དེ་གསུམ་ལས་རླུང་འབྱུང་བར་བསམ། གནས་ལ་དམིགས་པ་ནི། དེ་དག་གང་ནས་འབྱུང་ལྟ་བ་ཡིན། གྲངས་ནི་གཅིག་ནས་བཅུ་པའི་བར་དུ་མ་འཁྲུལ་བར་བགྲོད། བཟླས་པ་ནི་ཕྱི་འགྲོ་ཨོཾ། འཇུག་པ་ཧཱུཾ་སྟེ་ཡི་གེ་གཉིས་སམ། གནས་པ་ཨཱཿཡང་བསྣན་པས་ཡི་གེ་བཅུ་གསུམ་ཞེས་གསུངས། འདི་སྒྱུ་འཕྲུལ་ཆེན་པོའི་ལུགས་ཡིན། དགྱེས་རྡོར་ལ་འཇུག་པ་ཨོཾ། གནས་པ་ཨཱཿ འགྲོ་བ་ཧཱུཾཾཾཾ་ཞེས་གསང་འདུས་བཞིན་དུ་བྱེད་ཀྱང་གསུངས་ཏེ་གང་ལྟར་བྱས་ཀྱང་མི་འགལ་ལོ། །དེ་ལྟར་བཤད་ཀྱང་ལག་ལེན་ནི། དང་པོར་རླུང་འགྲོ་ནང་འགྲོ་སྡོམ་པ། ལན་བཅུ་བཅུའི་བར་དུ་མ་འཁྲུལ་བར་བགྲོད་པ་ཉིད་ལ་རྟག་ཏུ་བསླབ་སྟེ་དམིགས་སྐོར་གཅིག་བྱེད། དེ་ནས་རླུང་ནང་དུ་འཇུག་པའི་དུས། མགྲིན་པའི་ཨོཾ་དམར་པོ་ལས་བྱུང་ནས། རྐང་མཐིལ་གྱི་བར་དུ་འགྲོ། གནས་པ་བག་ཙམ་དེ་ལྟེ་བའི་ཨཱ་ལ་སེམས་བསྟད། ཕྱིར་འགྲོ་བའི་ཚེ་གསང་བའི་ཨོཾ་དཀར་པོ་ལས་བྱུང་ནས། སྤྱི་གཙུག་དང་ལག་སོར་གྱི་བར་དུ་ཡང་ཁྱབ་པར་བསམ། དམིགས་པ་འདི་ཅུང་ཟད་འབྱོངས་འབྱོངས་སུ་བསྒོམ་སྟེ་འདི་ལའང་དམིགས་སྐོར་གཅིག་བྱེད། དེ་ནས་དམིགས་པ་དེའི་སྟེང་དུ་གྲངས་མ་ནོར་བར་བགྲང་ཚུལ་སྔར་བཞིན་བསྣན་ཏེ་བསྒོམ་དགོས་པ་ཡིན། འདི་ལ་དམིགས་སྐོར་གཅིག་སྟེ། འདི་རྡོར་བཟླས་སུ་གྲགས་པ་ཉིད་དོ། །གཉིས་པ་འཇོག་པ་ནི། གནས་པ་ཡུན་ཇེ་རིང་དང༌། འབྱུང་འཇུག་གཉིས་ཡུན་ཐུང་ངུར་


TNT11_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བར་བསྒོམ་མོ། །གསུམ་པ་རྗེས་འགྲོ་ནི། འཇུག་གནས་ལྡང་གསུམ་ཡིག་འབྲུ་དང་བཅས་པ་ལ་སེམས་ཟིན་པའི་ཞི་གནས་སྐྱེས་པའོ། །བཞི་པ་རྣམ་དག་ནི་རླུང་མི་རྒྱུ་བར་འགགས་གཏུམ་མོ་ཅི་རིགས་འབར། ཐིག་ལེ་ཅི་རིགས་པ་ཞུ་བའི་བདེ་སྟོང་གི་ཉམས་ལྷག་མཐོང་སྐྱེ་བའོ། །གསུམ་པ་ཁ་དོག་དང་དབྱིབས་ལ་བསླབ་པ་ནི། རླུང་ཕྱིར་འགྲོ་ཙ་ན། ལྟེ་བའམ་གསང་བ་ནས་འོད་ཟེར་གྱི་རྣམ་པར་བྱུང༌། ལུས་ཀྱི་དབུས་ནས་ཡར་སྐེར་གྱི་ལངས། སྣ་སྒོ་ནས་མཐོན་ཏེ་ཕྱིར་རྒྱངས་ཀྱིས་འགྲོ་བ་རྩུབ་པ་ཤུགས་དང་ལྡན་པ། འོད་ཆེ་བ་ཞིག་བསྒོམ། དེ་ཡང་ནད་གཞི་གྲང་ཤས་ཆེ་ན་དམར་པོ་དང༌། ཚ་ཤས་ཆེ་ན་དཀར་པོ་དང༌། སྙོམས་ན་སྔོན་པོའམ། སྣ་ལྔ་བསྒོམ། དེ་ནས་རླུང་ནང་དུ་འོང་བའི་ཚེ། ཁ་དོག་དེ་དང་འདྲ་བ་ལ་འཇམ་ཞིང་ཤུགས་ཆུང་བ། སྔར་གྱི་དེ་ཕྱི་འགྲོས་སུ་ལྡོག་པའི་རྣམ་པས་ཕྱུང༌། མགྲིན་པའི་འོག་ཙམ་ནས་ཁ་དོག་དང་དབྱིབས་སངས་ཏེ། རེག་བྱ་འཇམ་ཡུལ་གྱི་ལྟེ་བར་སླེབ། གནས་པའི་ཚེ་ལྟེ་འོག་ཏུ་ཡལ་བར་བསམ། འདིའི་རླུང་དབང་དུ་བྱེད་ཅིང་བདེ་བ་སྐྱེའོ། །བཞི་པ་བུམ་པ་ཅན་ལ་བསླབ་པ་ནི། རིམ་གྱིས་དགག་པ་དང༌། བཙན་ཐབས་སུ་དགག་པ་གཉིས་སོ། །དང་པོ་དབྱུང་བ་ནི། རླུང་རོ་ལན་བཅུ་ཙམ་ཕྱིར་བསལ་བ་དང༌། གཉིས་པ་གཞུག་པ་ནི། ནང་དུ་འཐེན་ལ་དགག་པ་ཡིན། གསུམ་པ་ཞི་བ་ནི་རྔུབ་ཆུང་བྱེད་པ་སྟེ། འདི་གོམས་ན་སྡུག་བསྔལ་ཞི་བར་བྱེད་པས་ཞི་བའོ། །དེ་གསུམ་གོམས་པས་བཞི་པ་


TNT11_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཅན་གྱི་གནས་སྐབས་ཤུགས་ལ་འགྲུབ་བོ། །བཙན་ཐབས་སུ་དགག་པ་ནི། སེངྒེ་རྣམ་རོལ་གྱི་ཕྱག་རྒྱས་དགག་པ་སྟེ། འདི་ཡང་མཧཱ་མཱ་ཡའི་ལུགས་ཡིན། དགྱེས་རྡོར་གྱི་མན་ངག་འདིར་མ་བཤད་ཀྱང་རུང་ངོ༌། །རླུང་ཁྲིད་རྒྱས་པ་འདི་རྗེ་མཻ་ཏྲི་པ་དང༌། དཔལ་ཞི་བ་བཟང་པོའི་མན་ངག་དང་གུང་སྤྲོས་པ་ཡིན། གཉིས་པ་རླུང་སྦྱང་བ་བསྡུས་པ་ནི། རླུང་བཙན་ཐབས་སུ་གཞུག་པ་དང༌། རིམ་གྱིས་གཞུག་པའོ། །དང་པོ་ནི། ལུས་གནད་མེ་ཐབ་དྲུག་བཅིངས་བྱ། ལུས་ཟོ་བ་ཞབས་མེད་བཞིན་དུ། སྒྲོག་རུས་ཡན་དང༌། རྒྱུ་ཞབས་མན་མེད་པ། བར་དུམ་དེ་ཡང་ཕྱི་པགས་པ་ཙམ་མ་གཏོགས་ཤ་ཁྲག་རུས་གསུམ་མེད། ཧཱུཾཾ་ཞེས་རླུང་ཕྱིར་བཏང་ནས་ཕྱིར་ཅུང་ཟད་བཟུང༌། དལ་བུས་ཤུགས་དང་ལྡན་པར་ནང་དུ་དྲངས་ནས། ཨོཾ་གྱི་སྒྲ་དང་སྦྱར་ནང་དུ་ཅུང་ཟད་བཟུང༌། རླུང་རྣམས་ལུས་ཀྱི་ནང་ནས་མར་ཞུགས་ཏེ་འོག་ནས་ཐོན། ས་འོག་ཐག་རིང་པོར་སོང་ནས་ཡལ་བར་བསམ། དེ་ཡང་དང་པོར་ཕོ་རླུང་ཤུགས་དྲག་ལ་ཐུང་བར་འདྲེན་པ་དང༌། བར་དུ་མོ་རླུང་ཕྲ་ལ་རིང་བར་དྲངས་པས། མཐར་མ་ནིང་གི་རླུང་རང་འགགས་ཤུགས་ལ་འབྱུང་ངོ༌། །གཉིས་པ་རིམ་གྱིས་གཞུག་པ་ལ། མངའ་བདག་མཻ་ཏྲི་བའི་བཞེད་པ་དང༌། ཐར་པའི་ལམ་སྟོན་གྱི་བཞེད་པའོ། །དང་པོ་ལ་དུས་ཚོད་ཀྱིས་རླུང་ངོས་བཟུང་སྟེ་གཞུག་པ་དང༌། མཚན་མོ་ཉལ་སྟབས་ཀྱིས་གཞུག་པ་དང༌། གཡས་གཡོན་དུ་སྤོ་བའི་གནད་ཀྱིས་གཞུག་པའོ། །


TNT11_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། རླུང་གཡས་གཡོན་ཕན་ཚུན་དུ་འཕོ་བའི་མཚམས་དེ། ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་ཡིན་པས། སྤྱི་བོ་ནས་ནོར་བུའི་བར་དུ་རྩ་དབུ་མ་དཀར་པོ། སྦོམ་ཕྲ་སྙུ་གུ་ཙམ་པ་བསམ། ཧཱུཾ་དང་ཨོཾ་གྱི་རླུང་སྦྱོར་སྔར་བཞིན་བྱས་པས། ཕྱིར་བཏང་བའི་ཚེ། སྤྱི་བོ་ནས་ཡར་རྒྱང་སྟེ་ཐོན་པ་དང༌། ནང་དུ་རྔུབ་པའི་ཚེ་ནོར་བུའི་བར་དུ་ཟངས་ཏེ་སོང་ནས་ཡལ་བར་བསམ། གཉིས་པ་ནི། རླུང་སྣ་བུག་གཡས་གཡོན་གང་ནས་རྒྱུ་བརྟགས་ལ་དེ་ཕྱོགས་ཀྱི་གཞོགས་འོག་ཏུ་བཅུག །ལག་པས་དེ་ཕྱོགས་ཀྱི་རྩེའུ་ཆུང་ཡང་བཙིར་ཏེ་ཉལ་བའོ། །གསུམ་པ་ནི། གདོང་གཡས་གཡོན་དུ་གཅུ་བ་ལན་གསུམ་དུ་ཞི་བྱས་ནས། སྣ་བུག་གཡས་བཀག །གཡོན་ནས་བུས་ཤིང་རྔུབས་ལ་རླུང་བཟུང་བ་ཐེངས་གསུམ་བྱ། ཡང་གདོང་ལན་གསུམ་དུ་བཅུས་ནས། སྣ་བུག་གཡོན་པ་བཀག །གཡས་ནས་འབུད་རྔུབ་བཟུང་བ་ལན་གསུམ་བྱའོ། །དེ་ལྟར་མང་དུ་སྤེལ་བས་རླུང་ཆ་མཉམ་དུ་འདུག་ན་དམིགས་པ་དང་པོ་དེ་བསྒོམ་མོ། །གཉིས་པ་ཐར་པའི་ལམ་སྟོན་གྱི་བཞེད་པ་ལ། ནམ་མཁའ་ལྟར་དཔངས་བསྟོད། ས་གཞི་ལྟར་རྒྱ་བསྐྱེད། འཁོར་ལོ་ལྟར་བསྐོར་བའམ་ཆུ་བོ་ལྟར་དྲག་ཏུ་བསྐྱིལ། ལྕགས་ཀྱུ་ལྟར་རབ་ཏུ་དྲངས། ཞེས་པ་སྟེ་བཞི་ལས། དང་པོ་ནི། གོང་དུ་བཤད་པའི་ལུས་ཟོ་བ་ཞབས་མེད་ལྟ་བུ་ལ་བསླབ་པ་དེ་ཁོ་ན་ལས་ཧཱུཾ་ཨོཾ་མ་སྦྱར་བ་ཡིན། འདིས་ཟུར་གཟེར་སོགས་ཞི་བར་


TNT11_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། གཉིས་པ་ནི། ལུས་ཁོང་སྟོང་དུ་མོས། འཇམ་རླུང་བཟུང་བས་ལུས་ཇེ་ཆེ་ཇེ་ཆེ་ལ་མཐའ་མེད་པར་སོང་བར་བསམ། འདིས་བདེ་བ་སྐྱེ་སྟེ། འོན་ཀྱང་ཡེ་ཤེས་དང་མཐུན་པའི་བདེ་བ་ནི་མིན་གསུང་ངོ༌། །དེ་གཉིས་རླུང་སྦྱང་བའོ། །དེ་ནས་རླུང་ཁ་སྦྱོར་དུ་བཟུང་བའི་ངང་ནས། རྒྱུ་ཞབས་གཡས་སྐོར་གཡོན་སྐོར་ལ་བསླབ། གནས་དེར་རླུང་ནག་པོའམ་སྔོན་པོའམ། ཁམས་ནག་ཅིག་ཁྱིལ་ལི་ལི་འཁྱིལ་བ་ལ་སེམས་བསྟད། བཞི་པ་ནི་ཧཱུཾ་ཧཱུཾ་ཞེས་ལྟོ་བ་འགྱུར་འགྱུར་བ་བྱ་ཞིང་འཐེན་པས། རླུང་རྣམས་རྐང་མཐིལ་དང་རྡོ་རྗེ་ནོར་བུ་ནས་ཡར་བྱུང༌། རྒྱུ་ཞབས་ནས་ལྟེ་བའི་བར་དུ་དམར་བྲེང་བྲེང་འདུག་པ་ལ་སེམས་བསྟད། དེ་གཉིས་དབུ་མའི་མས་སྣར་རླུང་གཟུང་བའི་གདམས་ངག་གོ ། གཉིས་པ་གཏུམ་མོ་དངོས་ལ། འཁོར་ལོ་གཅིག་ལ་བརྟེན་པ། གཉིས་ལ་བརྟེན་པ། བཞི་ལ་བརྟེན་པ་སྟེ་གཏུམ་མོའི་གདམས་དག་རྣམ་པ་གསུམ་མོ། །དང་པོ་ནི། གཞན་རྣམས་སྤྱི་དང་འདྲ་བ་ལས། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན། དེའི་ནང་ལྟེ་བའི་ཐང་དུ་ཨ་ཤད་དམ་ཨ་ཐུང་དངོས་ཁ་དོག་དམར་ཞིང་རེག་བྱ་ཚ་བ་གཅིག་བསྒོམ། ཐོག་མར་རླུང་མི་འཛིན་པར་ཞག་ཤས་བསྒོམ། དེ་ནས་བུམ་པ་ཅན་དང་སྦྲགས་ཏེ་བསྒོམ་མོ། །འདི་ལ་ལྟེ་བའི་རྩ་འཁོར་གྱི་དབྱིབས་བསྒོམ་མི་དགོས་གསུང་ཞིང༌། འབར་འཛག་གི་དམིགས་པ་མི་བྱེད་ཀྱང༌། འདི་གོམས་ན་འབར་འཛག་དངོས་དེ་འབྲས་བུ་སྐྱེ་བའི་རིམ་པ་


TNT11_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོང་ངོ༌། །གཉིས་པ་ནི། ལྟེ་བར་ཆོས་འབྱུང་དམར་པོའི་ནང་དུ་ཨ་ཤད་དམ་ཨ་ཐུང་བསྒོམ། སྤྱི་བོར་ཧཾ་དཀར་པོ་མགོ་བ་ཐུར་དུ་བསྟན་པ་གཅིག །དེ་གཉིས་ཀྱི་བར་ལ་རྩ་དབུ་མས་སྦྲེལ། དེ་ལྟ་བུ་ཞག་ཤས་བསྒོམ། དེ་ནས་རླུང་བུམ་པ་ཅན་དང་བཅས་ཏེ་ཞག་ཤས་བསྒོམ། དེ་ནས་ཨ་ལས་མེ་ལྕེ་ཤིན་ཏུ་རྣོ་བ་དམར་ནག་གཅིག་དབུ་མའི་ནང་ནས་ཡར་བྲང་གིས་འབར། སྤྱི་བོའི་ཧཾ་ཞུ་བས་བྱང་སེམས་ཐིག་ལེ་བ་ཐག་ལྟ་བུ་ཕྲ་མོ་གཅིག་དཀར་ནར་ར་ར་བབས་ནས་ལྟེ་བའི་ཨ་ལ་ཐིམ་པར་བསྒོམ། འདི་ལ་ཐོག་མར་སྨིན་མཚམས་སམ་འཁོར་ལོ་བཞི་པོ་གང་རུང་ཞིག་ཏུ། བདེ་བ་ལྷང་སྟེ་སྐྱེས་དེ་ནས་རིམ་གྱིས་འབར་འཛག་གིས་ཡོན་ཏན་འབྱུང་ངོ༌། །གསུམ་པ་ནི། འཁོར་ལོ་བཞི་པའི་གཏུམ་མོ་སྟེ། འདི་ནི་བསྲེ་འཕོའི་ཁྲིད་ཡིག་གི་སྐབས་སུ་བཤད་པ་དང་ཕལ་ཆེར་འདྲ། འོན་ཀྱང་རྩ་འཁོར་ཐམས་ཅད་རང་ཁ་དོག་དམར་པོར་བསྒོམ། གཡོན་རྐྱང་མའི་ནང་དུ་ཀཱ་ལི་དམར་པོའི་འཕྲེང་བས་བཀག་པ་དང༌། གཡས་ཀྱི་རྩ་རོ་མའི་ནང་དུ་ཨཱ་ལི་དཀར་པོ་ཚར་གཉིས་ཀྱི་ཕྲེང་བས་བཀག །དེ་གཉིས་ཀར་ཧཱུཾ་གི་སྐུད་པས་བརྒྱུས་བྱ་བ་ཡོད་ཀྱང༌། སྒོམ་སྟབས་མི་བདེ་བས་མན་ངག་ཏུ་འོད་ཀྱི་སྐུད་པ་སྔོན་པོ་རེས་བརྒྱུས་པའི་སྟེང་འོག་གི་སྐུད་པའི་སྣེ་གཉིས་ལ་ཧཱུཾ་སྔོན་པོ་རེ་བསྒོམ་མོ། རྩ་ཨ་ཝ་དྷུ་ཏཱི་དཀར་པོར་བཞེད། གཏུམ་མོ་འབར་བའི་ཚེ། རྩ་འཁོར་ཐམས་ཅད་མེ་འོད་ཀྱིས་ཁྱབ་པ། དེ་ཁའི་རྒྱུན་རྟག་ཏུ་སྒོམ་གྱི་ཧཾ་ལས་ཐིག་ལེའི་རྒྱུན་འབབ་པའི་སྐབས། འོད་ཟེར་དཀར་པོའི་བདུད་རྩིས་གསོ་བ་དེ་འདིར་མི་བསྒོམ། གཏུམ་མོ་


TNT11_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡིག་ཀྱང་ལྟེ་བར་བསྒོམ་གྱི། ལྟེ་འོག་སོར་བཞིར་མི་བྱེད་པ་རྣམས་ཁྱད་པར་རོ། །དེ་ལས་འབྲས་བུ་སྐྱེ་བའི་རིམ་པ་ལ་སོགས་ནི་སྤྱི་དང་འདྲའོ། །དེ་ལྟ་བུའི་གདམས་ངག་དེ་དག་ལ། རིག་པ་ལྔ་ལྡན་དུ་རྩི་བ་སོགས་ཀྱང་ཡིག་རྙིང་ལྟར་ཤེས་པར་བྱའོ། །གཉིས་པ་ཕྱག་རྒྱའི་གདམ་ངག་ལ། ལས་ཀྱི་ཕྱག་རྒྱ་དང་ཡིད་ཀྱི་ཕྱག་རྒྱ་དང༌། རང་ལུས་བདེ་བར་བསྒོམ་པ་སྟེ་གསུམ་མོ། །དང་པོ་ནི། གཞན་ལུས་ཀྱི་གདམ་ངག་གནད་གསུམ་མར་གྲགས་པ། ཡིག་ཆུང་ཚིགས་བཅད་མ་དང༌། གཞན་ལུས་ཀྱི་ཡི་གེ་ཆེ་བ་ལྟར་ཤེས་པར་བྱ་སྟེ། ནཱ་རོ་མཻ་ཏྲི་གཉིས་ལ་གདམས་པ་སོ་སོར་མེད། གཅིག་ཏུ་དྲིལ་བ་ཡིན་པས་སྤྱི་ཁོག་བསྲེ་འཕོ་དང་འདྲའོ། །འོན་ཀྱང་ལམ་སྦྱངས་ཚུལ་མི་འདྲ་བ་ནི། དང་པོར་གཟུགས་སྒྲ་སོགས་ལ་རིམ་གྱིས་བསླབས་ནས་དངོས་གཞིའི་བདེ་བ་ཚད་དུ་ཁེལ་བའི་སྐབས། མདུན་རྒྱབ་བར་གྱི་གསང་བའི་འཁོར་ལོར། །རླུང་སེམས་འདྲེས་པའི་བདེ་བའི་ཐིག་ལེ་དཀར་ལ་འགྲིམ་པ་ཕྲ་མོ་གཅིག་ལ་སེམས་བསྟད་ནས། རིལ་བ་ཞབས་ཚགས་བསྒོམ་སྟེ། ཨིནྡྲ་བྷུ་ཏིའི་མན་ངག་ཀྱང་ཡིན་གསུངས༌། ལས་རྒྱ་ལ་གཉིས་སྦྱོར་གྱི་སྒོ་ནས་བདེ་བ་བརྟན་པོར་བྱུང་ནས། ལས་རྒྱ་མེད་པར་བདེ་སྟོང་གི་ཉམས་དེ་སྐྱོང་དགོས། ཡང་བདེ་ཉམས་དེ་རིམ་པས་ཡལ་འགྲོ་བ་སྙམ་བྱེད་ན། བལྟ་བའི་བདེ་བ་ལ་བསླབ། དེས་བདེ་བ་ཚད་དུ་ཕྱིན་པ་བྱུང་ན། ལས་རྒྱ་སྤངས་ལ་བསྒོམ། དེས་བརྟན་པ་ཐོབ་ན་ལེགས། ཡང་ཡལ་འགྲོ་བ་སྙམ་བྱེད་ན། ཡོལ་བའི་ཕྱི་རོལ་དུ་སྒྲ་ལ་མཉན་ཞིང་བསྒོམས་པས། བདེ་བ་ཚད་


TNT11_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱིན་པ་འགྱུར། དེ་ཙམ་གྱིས་ལས་རྒྱའི་བདེ་བ་ལ་བརྟན་པ་ཐོབ་པར་འོང༌། དེ་ནས་ལས་རྒྱ་ལ་ཡོན་ཕུལ་ཏེ་རང་གནས་སུ་བཏང་གསུང་ངོ༌། །དེ་རྣམས་ལས་རྒྱ་དང་ཡིད་ཀྱི་ཕྱག་རྒྱའི་སྦྲེལ་ཐག་ཡིན། ཀླུ་སྒྲུབ་དང་ཤཱ་བཱ་རི་པའི་བཞེད་པའོ། །ཨིནྡྲ་བྷུ་ཏི་ནི། ཕྱག་རྒྱ་བཞི་ཀར་འདི་ཁོ་ན་ལ་ཚང་བས་ལམ་རང་རྐང་ཐུབ་པ་ཡིན། དེ་ལ་ལས་རྒྱ་ནི་མངོན་སུམ་དུ་གྲུབ། ཐིག་ལེ་ལ་སེམས་ཟིན་པ་ཆོས་རྒྱ། ཡིད་བདེ་བར་ཤར་བ་དམ་རྒྱ། མི་རྟོག་པ་རང་ཤར་བ་ལ་ཕྱག་རྒྱ་ཆེན་པོའོ་གསུང་སྐད། གཉིས་པ་ཡིད་ཀྱི་ཕྱག་རྒྱ་ནི་རང་དགྱེས་རྡོར་ཡབ་ཡུམ་དུ་གསལ་བས་རྗེས་ཆགས་སྒོམ་པ་ཉིད་ཡིན་ཡང༌། རང་གི་སྙིང་ཁར་ཧཱུཾ་དཀར་པོ། ལྟེ་བ་ཨ་དམར་པོ་གསལ་བཏབ་སྟེ། ཡབ་ཡུམ་སྙོམས་པར་ཞུགས་པས་ཨ་དེ་ཡུམ་གྱི་གསང་བའི་སྣ་རྩེར་བྱོན། ཧཱུཾ་དེ་རྡོ་རྗེ་ནོར་བུར་བྱོན། ཨ་དང་ཧཱུཾཾ་གཉིས་རེག་རེག་པ་ལས་བདེ་བ་ལྷང་ལྷང་སྐྱེ་བར་མོས། སྔ་གོང་ནས་ལས་རྒྱའམ་གཏུམ་མོ་སོགས་ལས་བདེ་སྟོང་གི་ཉམས་མྱོང་སྐྱེས་ལ་མཉམ་པ་བརྟན་པ་ཐོབ་པར་ཡོད་ན། སྐབས་དེར་ཡང༌། བདེ་བ་དངོས་སུ་སྐྱེ་ཡང་སྐྱེ། དེ་ལ་སེམས་བསྡུས་ནས་བསྒོམས་པས་སྣང་བ་གཞན་རྣམས་འགབ། བདེ་བ་འབའ་ཞིག་འཆར། དེ་འདྲ་ཞག་དྲུག་སོགས་སྒོམས་པས་བརྟན་པ་ཐོབ་འོང༌། དེ་ནས་དེ་ཀ་བསྒོམ་བཞིན་དུ། སྣང་བ་ཐམས་ཅད་ལ་རྒྱས་བཏབ་པས་སྣང་བ་ཐམས་ཅད་ཀྱིས་བདེ་བའི་གྲོགས་བྱེད་པ་ཞིག་འོང་ངོ༌། །གསུམ་པ་རང་ལུས་བདེ་བར་བསྒོམ་པ་ནི། དེ་ལྟར་ལས་རྒྱ་དང་ཡིད་ཀྱི་ཕྱག་རྒྱའི་བདེ་བ་དེ་བསྐྱེད་ནས་བདེ་བའི་ངོ་བོ་ལ་


TNT11_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བཅོས་མེད་པར་ལྷན་ནེ་བསྒོམ་པས་བདེ་ལ་མི་རྟོག་པ་སྟོང་པས་རྒྱས་ཐེབས་པར་འབྱུང༌། ཡང་ལན་རེ་ལན་རེ་འཕེལ་འགྲིབ་བྱེད་ན་བརྟན་བྱེད་དང་བོགས་འབྱིན་དགོས་ཏེ། དེ་ཡང་རང་གི་སྙིང་གར་ཨ་ཞིག་བསམ། བདེ་ལམ་མེ་བ་དེ་ཨ་དེ་རང་ཡིན་པར་མོས། རང་གཞན་སྣང་བ་ཐམས་ཅད་དེའི་འོད་ཀྱིས་ཁྱབ། ཐམས་ཅད་བདེ་བར་མོས་ཏེ་དམིགས་པ་གཅིག་ཡིན། ཡང་ཨ་དེ་ལས་སྒྲ་ལྷང་ལྷང་བ་འབྱུང༌། བདེ་ལམ་ལམ་པ་དེ་སྒྲ་དེ་ཀ་རང་ཡིན་པར་མོས། རྣ་བར་སྒྲ་ཚོར་བ་ཐམས་ཅད་ཨའི་སྒྲ་དེ་ཀ་རང་ཡིན་པར་བསྒོམ། དེས་སྒྲའི་སྣང་བ་ཐམས་ཅད་བདེ་བར་འཆར། ཡང་མན་ངག་ཅིག་ནི། གསང་བའི་མན་ངག་རྒྱུ་མའི་ཞབས་སུ་སྦ་བ་ཞེས་པ། རང་གི་རྒྱུ་ཞབས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཨ་ཡིག་བསྒོམ་གཟུགས་སྣང་དང་སྒྲ་གྲགས་པ་བདེ་བར་བསྒོམ་པ་གོང་བཞིན། ཡང་གསང་བའི་མན་ངག་ཟླ་བའི་མཐོངས་སུ་འཆར་བ་ནི། སྣ་རྩེ་ནས་ཕྱི་རོལ་དུ་སོར་བཞི་ཙམ་གྱི་ནམ་མཁའ་ལ་སེམས་བདེ་བར་བསྡུས་ཏེ་བསྒོམ་པའོ། དེ་ལ་རྣམ་པ་མི་གསལ་ན། ཟླ་བའམ་ཐིག་ལེ་དཀར་པོ་བསྒོམ། གཟུགས་སྒྲ་བདེ་བ་དང་བསྲེ་ཚུལ་གོང་བཞིན། ཡང་གསང་བའི་མན་ངག་ལྟག་པའི་མདུད་སྒོར་བསྒོམ་པ་ནི་དེར་སེམས་བསྟད། ཨ་ཡིག་བདེ་བའི་རང་བཞིན་ཅན་བསྒོམ། གཟུགས་སྒྲ་བདེ་བར་སྦྱོང་ཚུལ་གོང་བཞིན། དེ་ལྟར་བཞི་པོ་དེ་དག་གང་རུང་གཅིག་བསྒོམ། བརྟན་པའི་ཚད་བདེ་བ་ལ་ཚད་དུ་འཁྱོལ་


TNT11_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེ་ཡང་སྟོང་པར་རྟོགས་པའོ། །གསུམ་པ་ཕྱག་རྒྱ་ཆེན་པོའམ་མན་ངག་གམ། ཀུན་གཞི་ལ་བསླབ་པ་ལ། ཀུན་གཞི་མཐོར་བ་བསྡུད་པ། ཀུན་གཞི་སྣང་བ་ལམ་ཁྱེར། ཀུན་གཞི་བསམ་མི་ཁྱབ་སྟེ་གསུམ་མོ། །དང་པོ་ནི། རང་གི་སྙིང་གའམ། སྨིན་མཚམས་སམ། རྡོ་རྗེ་ནོར་བུ་གང་རིགས་སུ་ཐིག་ལེ་ལ་སེམས་འཛིན་ཡང་གསུང༌། གང་ལྟར་རྟོག་བཅས་ལ་བརྟེན་ནས་རྟོག་མེད་བསྐྱེད་པའི་གདམས་ངག་ཡིན། འོན་ཀྱང་ལག་ལེན་ལ་འདི་ལྟར་བྱེད་དེ། རམ་ལུགས་ཀྱི་དཔེ་བུམ་ན་གསལ་བར་བྲིས་པ་བཞིན་ཡིན། དེ་ཡང་རང་གི་ལྟེ་འོག་ཏུ་མེ་རླུང་གི་རང་བཞིན་ཧཾ་དམར་པོ། སྤྱི་བོར་ས་ཆུའི་རང་བཞིན་ཧཾ་དཀར་པོ། དེ་གཉིས་འབར་འཛག་འགྲོས་འདེད་བྱེད་པ་ལ་སེམས་དྲག་ཏུ་བསྟད། དར་ཅིག་ནས་སེམས་ལྷན་ནེ་བཞག །ཧཾ་ཡིག་ཁ་སྦྱོར་གྱི་གདམས་ངག་སྟེ། བདེ་བས་དྲངས་ནས་མི་རྟོག་པ་ཞིག་སྐྱེའོ། །ཡང་རང་ལུས་ཀྱི་མཇུག་ལྟོ་བའི་ནང་དུ། ཐིག་ལེ་མིག་འབྲས་འདྲ་བ་རྒྱ་སྲན་ཙམ་ཞིག་བསྒོམ། དེ་ཡང་སྔོ་ལྟེམ་པའམ། སྐྱ་ཁྱེམ་པ་འདྲ་བའི་འོད་ཅན་ཞེག་ལ་སེམས་བསྟད། དེ་ལས་མེ་འོད་བྱུང༌། རྒྱུད་པའི་ཐད་ཀ་ནས་འབར། ལྟག་ཁུང་དུ་སླེབ་པ་ན། དེ་ནས་མར་འོད་དཀར་པོ་གཅིག་བདེ་ཁྱུ་ལུ་ལུ་བྱུང་སྟེ་གཞུག་ལྟོའི་བར་དུ་སླེབ། དེ་ལྟར་ཡར་བདས་མར་བདས་བྱས་པས། བདེ་བ་ཞིག་སྐྱེ། ཡང་དར་ཅིག་ནས་མི་རྟོག་པ་ལ་བཞག་གོ །འདི་ཡང་བདེ་བས་དྲངས་ནས་མི་རྟོག་པ་བསྐྱེད་པ་སྟེ། སེམས་ཚིགས་པ་ལ་བཀན་པ་ཟེར་རོ། །ཡང་རང་གི་ཐོད་པའི་ནང་དུ་ཆོས་འབྱུང་


TNT11_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་གྲུ་གསུམ་ཞིག་ཉམས་བདེ་བ་དང་ལྡན་པར་མོས། སེམས་འཇུག་པོ་ཞིག་བྱས་ནས་དར་ཅིག་བསྒོམ། ཡང་དར་ཅིག་ནས་སློད་ཀྱི་ཀློད། འདི་ནི་སེམས་ནམ་མཁའ་ལ་འཕང་བ་ཞེས་བྱ། བདེ་སྟོང་གཉིས་ཀར་གྱི་རྟོགས་པ་བསྐྱེད་པའོ། །དེ་ནས་ཡང་དམིགས་པ་དེ་དང་འབྲེལ་བར་སེམས་ནམ་མཁའ་ལ་ཡས་སུ་བཅུག ། དེ་རྗེས་དང་པོར་རང་གི་མིང་ལ་བལྟ། དེ་ནས་ལུས་ལ་བརྟག །དེ་ནས་སེམས་ལ་བརྟག་སྟེ་གང་ལ་བལྟས་པ་དེ། རང་བཞིན་གང་ཡང་མི་དམིགས་པར་སྤྲོས་པ་དང་བྲལ་བ་ལ་བཟོ་མེད་དུ་བཞག །དེ་ལྟར་ཡང་ཡང་བསྒོམ་མོ་དེ་དག་ནི་ཀུན་གཞི་འཐོར་བ་བསྡུ་བ་དངོས་ཡིན། ལར་བདེ་སྟོང་གི་མྱོང་བ་ཐམས་ཅད་ལྷའི་སྣང་བར་བསྐྱེད། རྣམ་པ་ལྷ་ལ་ཉམས་བདེ་དེ་ཀ་བསྒོམ། དེའི་རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་དུ་རྒྱས་བཏབ་སྟེ་བསྒོམ་པ་ཡིན་ནོ། །དེ་ཀ་ལ་སྣང་བ་ལྷ། ཉམས་མྱོང་བདེ་བ། རང་བཞིན་སྟོང་པ་ཉིད་སྐྱེ་མེད་ཅེས་བྱའོ། །གཉིས་པ་ནི། རང་བྱིན་རླབས་ཀྱི་སྒོ་དབྱེ་བ་ཞེས་པ། བླ་མས་ཡེ་ཤེས་འཕོ་བའི་བྱིན་རླབས་དང་བཅས་ཏེ་ངོ་སྤྲོད་པ་སྔོན་དུ་སོང་ནས། སྣང་བ་ལམ་ཁྱེར་གྱི་མན་ངག་ལ་གསུམ། དང་པོ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། ཐམས་ཅད་ལ་ཁྱབ་པ། གཟུགས་ཅན་མ་ཡིན་པ། འགྲོ་འོང་རེས་འཇོག་མེད་པ། དུས་ཐམས་ཅད་དུ་མི་འགྱུར་བའོ། །གཉིས་པ་དམ་ཚིག་དང་ལྡན་པ་ལ་བཞི་སྟེ། སྤང་བྱ་སྤང་དུ་མེད་པས་འཁོར་བ་ལ་ཡ་མི་ང༌།


TNT11_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་བླང་དུ་མེད་པས་མྱང་འདས་ལ་ཞི་བར་མི་འཛིན། སངས་རྒྱས་གཞན་ན་མེད་པའི་འབྲས་བུ་ལ་རེ་བ་བྲལ། དེ་ཁོ་ན་ཉིད་གཟའ་གཏད་བྲལ་བས་སྒོམ་པ་ཡིད་ལ་བྱར་མེད་པའོ། །གསུམ་པ་རྟོགས་པའི་ཐབས་ནི། ཚིག་ཙམ་གྱིས་མི་རྟོགས་བརྒྱུད་ལྡན་བླ་མས་བསྟན་རང་སེམས་བརྡ་ཐབས་ཀྱིས་ཤེས་པར་བྱ། སོ་མ་ལྷུག་པར་རང་ཐལ་ངོས་འཛིན། འགྲོ་འོང་བྲལ་བའི་དོན་ལ་མཉམ་པར་འཇོག་བྱ་བ་ཡིན་ཏེ་གོ་དོན་དེ་བཞིན་དུ་བྱས་ནས་ཉམས་ལེན་ནི། དང་པོ་སེམས་ཉིད་སྐྱེ་བ་མེད། །བར་དུ་རྣམ་རྟོག་གློ་བུར་བ། །ཐ་མར་སྩོལ་མེད་རང་བཞིན་ཐིམས། །སྤང་དུ་མེད་པར་ཡིད་ཆེས་བྱ། །དང་པོ་ནི་སྣང་བ་སེམས་སུ་ངོ་སྤྲད་པ་སོགས་སྤྱི་དང་འདྲ་བ་ལས། སེམས་ཀྱི་རང་བཞིན་ལ་ཡང་ཡང་བརྟགས་པས། ཕྱི་ནང་བར་གསུམ་ངོ་བོ་མཚན་ཉིད། ཁ་དོག་དབྱིབས་སོགས་གང་ཡང་མ་གྲུབ་པའི་སྟོང་པ་དེ་ཉིད་ངོ་ཤེས་པར་བྱས་ནས་སྐྱོང་བ་སྟེ། སེམས་གནས་པ་མི་རྟོག་པ་དེ་ཉིད་སྐྱེ་མེད་དུ་ངོ་སྤྲོད་པའོ། །གཉིས་པ་ནི། ནམ་མཁའ་ལ་སྤྲིན་ཆགས་པ་བཞིན། རྣམ་རྟོག་གི་འཆར་སྒོ་ཐམས་ཅད་གློ་བུར་བ་ཡིན། སེམས་ཀྱི་རང་བཞིན་ལ་མི་གནས། ཚིག་ཕྱི་མས་སྔ་མའི་སྣང་བ་འགག་པ་དཔེར་བྱེད། དེ་སེམས་ཀྱང་མ་ཡིན། སེམས་ལས་གཞན་པ་ཡང་མ་ཡིན། རྐྱེན་ཕྲད་པའི་སྣང་བ་ཙམ། སྣང་དུས་ནས་སྟོང་པ་ཡིན། གཟུགས་བརྙན་དང་འདྲ། ནམ་མཁའ་ལ་ཡིད་ཀྱི་འགྲོ་འོང་བྱེད་པའི་དཔེ་སྦྱར། གསུམ་པ་ནི། རྣམ་རྟོག་འགག་


TNT11_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཙ་ན། འགག་རྒྱུའམ། ཞིག་འགྲོ་རྒྱུ་མེད། རྒྱུ་རྐྱེན་མ་འཛོམས་པས་སྣང་བ་མ་ཤར་བ་ཙམ་ཡིན། དེས་ན་སྐྱེ་འགག་ཏུ་སྣང་བ་དེ་བློས་བཏགས་པ་ཙམ་ཡིན། ངོ་བོས་མ་གྲུབ། ཐལ་མོའི་སྒྲའི་དཔེ་སོགས་དང་སྦྱར་ཏེ་ངོ་སྤྲད་དོ། །དེ་ལྟར་ན་རང་བཞིན་སྤྲོས་བྲལ་དང༌། སྣང་བ་གློ་བུར་བར་ངོ་སྤྲོད་པའོ། །གསུམ་པ་བསམ་མི་ཁྱབ་ཀྱི་གདམས་ངག་ནི། སེམས་ཀྱི་རང་བཞིན་སོ་མ་ལ་བཟོ་བཅོས་མེད་པར་འཇོག་པ་དང་གཅིག །དབང་ཤེས་ལྔའི་སྣང་བ་གང་ཤར་བ་དེ་ཀ་ལ་བཅས་བཅོས་མི་བྱེད་ཅིང༌། རིག་པ་གསལ་ཧྲིག་གེ་ངང་སྐྱོང་བ་དང་གཉིས། རྣམ་རྟོག་དང་བྱ་བྱེད་ཀྱི་འཆར་སྒོ་གང་བྱུང་ཡང༌། རིག་པའི་རང་འགྲོས་དེ་ལ་ཆེད་གཏད་ཀྱིས་སྤངས་སྒྲུབ་མེད་པར། རང་འགྲོས་བསྟེན་པ་སྟེ་གསུམ་མོ། །དེ་ཡང་ཀུན་གཞི་འཐོར་བ་འདུས་ན། སྣང་བ་ལམ་དུ་འཁྱེར། དེ་ལམ་དུ་ལོངས་ན། བསམ་མི་ཁྱབ་ལ་འཇོག །དེ་ཉིད་ལྷོངས་སུ་གྱུར་ན་མཐར་ཕྱིན་པའོ། །ཉམས་ལེན་དེ་དག་གི་དོན་ནི་ཕལ་ཆེར་སྤྱི་ཁྱབ་དང་འདྲ་བས་རྒྱས་པར་མ་སྨོས་སོ། །དགྱེས་རྡོར་མར་ལུགས་ཀྱི་གདམས་པ་ལ་ཡང་མེས་ལུགས་དང་རཾ་ལུགས་སོགས་ལ། གྲུབ་ཐོབ་གསུམ་གྱི་གདམས་ངག་གཅིག་ཏུ་བསྲེས་ནས་འཆད་པར་འདུག །རྔཽག་ཇོ་སྲས་མདོ་སྡེ་སོགས་ནས་བརྒྱུད་པ་འདི་ལ། ནཱ་རོ་མཻ་ཏྲཱིའི་གདམས་ངག་སོ་སོར་ཕྱེ། ཞི་བཟང་གི་མན་ངག་རྣམས་གསེས་ཚེགས་སུ་མཛད་ཀྱང༌། འདི་དང་འདིའོ་ཞེས་འཛུག་ཚུགས་དམིགས་ཕྱེད་པར་མཛད་པ་ཡིན།


TNT11_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ཁྱད་མེད་ཀྱང་ཚིག་རྒྱུད་ཕན་ཚུན་མ་འཁྲུགས་པར་བྱུང་བའི་ཕྱིར། ལུགས་འདི་ལེགས་པ་ཡིན་ལ། མེས་ལུགས་ལ་གདམས་ངག་ལྷག་པོ་འགའ་རེ་འདུག་ཀྱང༌། དེང་སང་རྒྱུན་མེད་པས་འདིར་ནི་རྔོག་ལུགས་གཙང་མར་བཤད་དོ། །དགྱེས་རྡོར་རྒྱུད་སྡེའི་རྒྱ་མཚོ་སྲུབས་པ་ལས། །ཟབ་དོན་སྙིང་པོའི་རི་བོང་ཅན་འདི་བྱུང༌། །བསྟད་སོ་མེད་ཀྱང་གཡོ་སྒྱུའི་དག་ཚིག་གིས། །མར་རྔོག་བསྟན་པ་སྐྱོང་བར་ནུས་སམ་ཅི། །མར་པའི་བཞེད་གཞུང་ཆ་ཙམ་མ་མཐོང་ཡང༌། །བསྡུས་ཚང་ཡན་གྱི་ཁ་བསྔགས་བསྡུས་པ་ལ། །སྙིང་པོ་མེད་པའི་ཡིག་ཚོགས་ཆེར་སྤེལ་ཏེ། །ནཱ་རོ་མར་མིའི་བཞེད་པར་སྒྲོག་འདི་མཚར། །དོན་འདི་མཁྱེན་ནས་གོང་མའི་བཞེད་གཞུང་ལྟར། །གབ་འཁྲུགས་མེད་པར་ཡི་གེར་བྲིས་ཤིག་ཅེས། །གསུང་གིས་བསྐུལ་ཕྱིར་བཅོས་སླད་བྲལ་བ་ཡི། །ཆོས་ལ་ཡིད་ཆེས་རྙེད་ཕྱིར་བྲིས་པ་ཡིན།། །།དགྱེས་རྡོར་གྱི་མན་དག་བསྲེ་འཕོ་དང༌། ལམ་དགུ་ཕྲུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ཞེས་བྱ་བ་འདི་ཡང༌། རྒྱལ་བའི་རིང་ལུགས་པ་ཆེན་པོ་དཔལ་སྟག་ལུང་པ་རྗེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་བཀས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བའོ། །རབ་དཀར་འདི་བསྐྲུན་པས། མ་ལུས་འགྲོ་ཚོགས་ཀྱི། གནས་སྐབས་མཐར་ཐུགས་གི། །དཔལ་ཡོན་མཐའ་མེད་ཤོག འདི་ཡང་མ་ཏིས་བྲིས། །


previousདགྱེས་རྡོར་གྱི་མན་ངག་བསྲེ་འཕོ་དང༌ལམ་དགུ་ཕྲུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་།next