Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཕྱག་རྒྱ་བཞི་པའི་སྙིང་པོའི་མན་ངག་རབ་གསལ་ངེས་དོན་སྙིང་པོ།
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་བཞི་པའི་སྙིང་པོའི་མན་ངག་རབ་གསལ་ངེས་དོན་སྙིང་པོ།next

ཕྱག་རྒྱ་བཞི་པའི་སྙིང་པོའི་མན་ངག་རབ་གསལ་ངེས་དོན་སྙིང་པོ།


TNT11_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞི་པའི་སྙིང་པོའི་མན་ངག་རབ་གསལ་ངེས་དོན་སྙིང་པོ་བཞུགས།


TNT11_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་རཱ་ཡ། གང་གི་ཞབས་ཀྱི་བཀའ་དྲིན་གྱིས། །འཁོར་བ་ལས་ཀྱང་མྱང་འདས་རྙེད། །བླ་མའི་ཞབས་པད་བདག་ཅག་གི །སྙིང་ལ་ངེས་པར་འཁོད་གྱུར་ཅིག །འདིར་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་ངེས་པའི་དོན་གྱི་སྙིང་པོ་ཉམས་སུ་བླང་བའི་རིམ་པ་གྲུབ་ཆེན་བྱཱ་ད་ལི་པའི་ཞལ་ལུང༌། བླ་མ་དམ་པའི་གསུང་ལས་བྱུང་བ་ནི་འདི་སྙེད་ཅིག་སྟེ། རྒྱུད་ཀྱི་དོན་མཆོག་རྫོགས་པའི་རིམ་པ་རྣམས་མདོར་བསྡུས་ན། སྲོག་དྷཱུ་ཏིར་གཞུག་པ་དང༌། ཞུགས་ནས་མི་འགྱུར་བའི་བདེ་བ་སྒྲུབ་ཅིང་བརྟན་པ་ཉིད་ཡིན་ནོ། །དང་པོ་ལ་ཡང༌། སྲོག་དབུ་མར་གཞུག་པའི་སྒོ་དབུ་མའི་ལམ་དུ་སེམས་གནས་པ་སྒྲུབ་པ་དང༌། ཞི་བའི་ལམ་གྱིས་ལམ་གཉིས་དྷཱུ་ཏཱིར་བཞུགས་པ་དངོས་སོ། །དེ་ལ་དང་པོ་ཉམས་སུ་བླང་བའི་རིམ་པ་ནི། ལུས་གནད་ཅི་བདེ་བར་བཅས་ལ། རང་གི་ཕུང་པོ་ལྔས་མཚོན་པའི་སྣང་གྲགས་ཐམས་ཅད་རང་གིས་སྟོང་པའི་ཚུལ་ལ་ཞུགས་པར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦྦ་དྷརྨ་སྭབྷཱ་ཝ་ཤུདྡྷཱོ྅ཧཾ། བརྗོད་ནས་སྟོང་པའི་ངང་ལས། སྐད་


TNT11_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་དག་པའི་ཞིང་རབ་འབྱམས་ཀྱི་དབུས་སུ། རང་གི་མདུན་གྱི་ནམ་མཁར་སེང་གེའི་ཁྲི་དང༌། པདྨ་དང་ཉིན་མོར་བྱེད་པའི་གདན་ལ། མིག་འཛུམ་ཙམ་གྱི་རྩ་བའི་བླ་མ་ལྷག་པའི་ལྷ་ཧེ་བཛྲ་སྐུ་མདོག་སྔོན་པོ། ཕྱག་གཡས་ཁྲོ་བོའི་རྡོ་རྗེ་གསོར་བའི་ཚུལ་དང༌། ཕྱག་གཡོན་པདྨའི་སྣོད་རང་བྱུང་གི་མེ་ཏོག་གི་རྒྱུན་གྱིས་བཀང་བ་ཐུགས་ཀར་འཛིན་པ། གྲུ་མོར་ཁ་ཊྭཱཾ་ག་དཀར་པོ་འཆང་བ། ཞབས་གཡོན་བསྐུམ། གཡས་བརྐྱང་བས་བདུད་བཞི་མནན་པ། རུས་པའི་ཕྱག་རྒྱ་དྲུག་དང༌། སྟག་ལྤགས་ཅན། ཐོད་པའི་ཕྲེང་བས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ་བསྒོམ་ནས་མོས་གདུང་རྩེ་གཅིག་པས་འདི་ལྟར་གསོལ་བ་གདབ་པར་བྱ་སྟེ། བདག་གི་བདེ་བ་དང་སྡུག་བསྔལ་ཐམས་ཅད་ཁྱེད་ཀྱིས་མཁྱེན་ནོ། །བདེ་ཡང་རུང༌། སྡུག་བསྔལ་ཡང་རུང༌། ཁྱོད་ལས་གཞན་མ་མཆིས་སོ། །ཞེས་དང༌། མེ་ཏོག་སོགས་ཡིད་ཀྱིས་སྤྲུལ་ནས་མཆོད་པ་དཔག་མེད་ཕུལ་ལ། སྐབས་འགར་


TNT11_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བདུད་རྩིར་བསྒྱུར་ནས་འབུལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། འདི་སྐད་ཅེས་ཀྱང་བརྗོད་དོ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་པས། ཁྱོད་ཀྱི་སྐུ་ནི་རྡོ་རྗེའི་སྐུ། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་བརྗོད་པའི་རྐྱེན་གྱིས། བླ་མ་སངས་རྒྱས་བྱང་སེམས་ཀྱི་ཚོགས་ཀྱིས་མཆོད་ཅིང་བསྐུར་བ་དང་བཅས་པ་འོད་ཀྱི་རྣམ་པར་གྱུར་ནས། སྣ་སྒོ་ནས་ཞུགས་ཏེ་སྙིང་གར་བྱོན། དེས་ནས་རང་ཉིད་དགྱེས་པ་རྡོ་རྗེའི་སྐུར་གྱུར་པའི་སྤྱི་བོ་ནས་གསང་བའི་བར་དུ་རྩ་ཨ་བ་དྷཱ་ཏི་ཁ་དོག་གནག་པའམ་སྔོ་བ་ཤིན་ཏུ་ཕྲ་བ། ཁོང་སྟོང་དུ་གནས་པའི་སྙིང་གའི་ཐད་དང་མཉམ་པར་འོད་ཀྱི་གོང་བུའི་རྣམ་པ་ཅན་གྱི་བླ་མ་དང་རང་སེམས་དབྱེར་མེད་པ། ཆོས་ཀྱི་འབྱུང་གནས་ཁ་དོག་སྣ་ཚོགས་པའི་ནང་དུ་ཝཾ་ཡིག་གམ། ཐིག་ལེ་ཟླུམ་པོ་ཀུནྡ་ལྟར་དཀར་བ་ལས་འོད་ཟེར་སྣ་ལྔ་འཕྲོ་བ་བསྒོམ་ནས། དེ་ཉིད་ལ་རྩེ་གཅིག་ཏུ་ཅུང་ཟད་མཉམ་པར་གཞག ཝཾ་ལས་ཧཱུཾ་གི་ཧཱུཾ་སྒྲ་བྲག་ཆ་ལྟ་བུར་གྲགས་པའི་རྐྱེན་གྱིས། སྣང་གྲགས་ཐམས་ཅད་དངུལ་ཆུ་ལྟར་ཞུ་ནས་རང་ལ་ཐིམ། །རང་དབུ་མ་ལ། དེ་ཆོས་འབྱུང་ལ། དེ་ཝཾ་ཡིག་ལ། ཝཾ་ཡིག་ཀྱང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་བཞིན་དུ་སྟོང་པར་སྦྱངས་ནས། སྐབས་དེར་མི་དམིགས་པར་མཉམ་པར་བཞག་གོ །དང་པོ་དེ་ལྟ་བུ་ཡང་ནས་ཡང་དུ་སྒོམ་པར་བྱ་སྟེ། སེམས་གནས་པའི་ཐབས་སོ། །དེ་ནས་སྲོག་དབུ་མར་གཞུག་པ་དངོས་ནི། གནད་དྲུག་དང་ལྡན་པས་ཉམས་སུ་


TNT11_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་དགོས་ཏེ། ཕྱི་ལུས་ཀྱི་གནད་དང༌། ནང་རྩའི་གནད་དང༌། དུས་ཀྱི་གནད་དང༌། ཐིག་ལེའི་གནད་དང༌། རླུང་གི་གནད་དང༌། དམིགས་པའི་གནད་རྣམས་ཏེ། གནད་དྲུག་གོ །དེ་རྣམས་ཉམས་སུ་བླངས་བའི་རིམ་པ་ནི། བླ་མ་འོད་ཀྱི་རྣམ་པར་སྙིང་གར་བསྡུས་པ་ཡན་ཆད་སྔར་བཞིན་ལ། དེ་ནས་ལུས་ཀྱི་གནད་རྐང་པ་སྲོག་ཤིང་གི་སྐྱིལ་ཀྲུང་བཅས། ལག་པ་བ་དན་རྩེ་གསུམ་པའི་ཕྱག་རྒྱ་བཅས་ནས། བརླའི་སྟེང་དུ་ཕྱིར་དཀན། སྒལ་ཚིགས་བསྲང་ཤིང་མགྲིན་པ་ཅུང་ཟད་བཀུག་སྟེ། མིག་སྣ་རྩེར་བལྟའོ། །དེ་ནས་རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་སུ་དབུ་མ་དང༌། ཆོས་འབྱུང་སྔར་བཞིན་གསལ་བཏབ་པའམ། ཡང་ན་ཆོས་འབྱུང་གི་ནང་གི་ལོགས་རྣམས་ཁ་དོག་གཡོན་དཀར་གཡས་ལྗང༌། རྒྱབ་ནག་ཕྱིའི་ལོགས་ཀྱི་ཁ་དོག་གཡོན་དམར། གཡས་སྔོ། རྒྱབ་སེར་བ། དེའི་ནང་དུ་ཝཾ་ཡིག་གམ། ཐིག་ལེ་དཀར་པོ་དབྱུག་པ་འགྲེང་བ་ལྟ་བུ་འོད་ཟེར་སྣ་ལྔ་འཕྲོ་བ་བསྒོམ་ནས། ཨེ་ཝཾ་ཞེས་རྟག་ཏུ་ཡིད་ཀྱིས་བཟླས་ཤིང་སྐབས་འགར་ངག་གིས་ཀྱང་བཟླ་བར་བྱའོ། །དེའི་སྐབས་སུ་དབུགས་ནང་དུ་འཇུགས་པ་ན་སྟེང་རླུང་ཅུང་ཟད་མནན་ཞིང༌། འོག་རླུང་ཡང་གྱེན་དུ་དྲངས་བར་བྱས་ནས། ཡིད་ཀྱིས་སྲོག་དང་ཐུར་སེལ་གྱི་ངོ་བོར་གྱུར་པའི་འབྱུང་བཞིའི་རླུང་ཐམས་ཅད་འོད་ལྔའི་རྣམ་པར་དབུ་མའི་ནང་དུ་ཞུགས་ཏེ། ཨེ་ཝཾ་ལ་ཐིམ་པར་མོས། བར་སྐབས་དེར་ཅུང་ཟད་བྱིང་བར་གྱུར་ན། ཨེ་ཝཾ་


TNT11_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྨིན་མཚམས་ཀྱི་དབུ་མའི་ནང་དུ་བསྒོམ་ཤིང༌། གལ་ཏེ་རྒོད་ན། གསང་བའི་ལྟེ་བར་ཨེ་ཝཾ་བསྒོམ་པས་སེལ་བར་འགྱུར་རོ། །དེ་ནས་ཧཱུཾ་གི་སྒྲས་སྣོད་བཅུད་འོད་གསལ་དུ་བསྡུ་བ་ནི། སྔར་བཤད་པ་ཉིད་དོ། །དུས་ཀྱི་གནད་ནི། ཉིན་མོ་སྨིན་མཚམས་དང༌། སྙིང་གར་སྒོམ་པ་གཉིས་ཆ་མཉམ་དང༌། མཚན་མོ་སྙིང་ག་དང༌། གསང་བ་སྒོམ་པ་གཉིས་ཆ་མཉམ་དུ་བྱ་བ་ཡིན་ནོ། །གཞན་ཡང་སྣོད་བཅུད་འོད་གསལ་དུ་བསྡུས་ནས་མཉམ་པར་འཇོག་པའི་སྐབས་སུ་ཤེས་པ་མི་གསལ་ན། རྟོག་མེད་ཀྱི་ངང་དེ་ནས་གང་སྣང་གི་སྟེང་དུ་མཉམ་པར་གཞག །དེ་ལ་དམིགས་པའི་ཡུལ་ཡང་ཡང་སྤོ་བར་བྱ་སྟེ། དམིགས་རྟེན་གཅིག་ལ། རིག་བྱེད་ཀྱི་ཚིགས་བཅད་གཉིས་ཀློག་པའི་ཡུན་ལས་རིང་བ་མི་འཇོག་གསུང༌། དེ་ལྟར་ཉམས་སུ་བླངས་པས་གཡས་གཡོན་གྱི་རླུང་ཐམས་ཅད་དབུ་མར་ཞུགས་པས། མི་རྟོག་པའི་ཏིང་ངེ་འཛིན་ཤིན་ཏུ་སྦྱངས་པའི་བདེ་བ་དང་བཅས་པ་འབྱུང༌། རང་བཞིན་གྱི་གཏུམ་མོ་འབར་བས་སྙིང་གའི་མི་ཤིགས་པའི་ཐིག་ལེ་བཞུ་བ་ལས་དགའ་བ་བཞི་ཐོབ། དུག་གསུམ་གྱི་རྣམ་རྟོག་དང༌། རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམས་དཔེའི་འོད་གསལ་གྱི་ངང་དུ་འཇུག་པར་འགྱུར་རོ། །དེ་ནས་བདེ་སྟོང་གི་ཡེ་ཤེས་ལྷའི་རྣམ་པ་ཅན་འགྲུབ། དེའི་ལྡང་འཇུག་གོམས་པས་ཕྱག་རྒྱ་ཆེན་པོ་འགྲུབ་བོ། །འདི་དག་ལ་ཉམས་ཇི་ལྟར་འབྱུང་བའི་ཚུལ་དང༌། བོགས་དབྱུང་བ་དང༌། གེགས་བསལ་བ་


TNT11_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི། དུས་ལ་བབ་ཚེ་བླ་མའི་ཞལ་ལས་རྟོགས་པར་བྱའོ། །འདིར་སྨྲས་པ། མཐོང་ཐོས་ཀུན་ལ་རྟོག་གེའི་ཡིད་དཔྱོད་ཀྱིས། །རྣམ་པར་དཔྱད་ལས་ལེགས་བཤད་ལྟར་སྣང་བས། །ངེས་པའི་དོན་གྱི་མན་ངག་ཨ་མྲའི་ཚལ། །རབ་འཇོམས་ཆེར་རློམ་ཕྱོགས་ཀྱི་གླང་པོ་ཀྱེ། །གྲོང་བའི་ཚིག་གི་མེ་ཏོག་ཧུ་ལུའི་ཕྲེང༌། །ཀ་ལའི་དཔྱིད་ཀྱི་དགའ་སྟོན་ཆེར་རྒྱས་ཀྱང༌། །ཆུ་སྐྱེས་དང་མཉམ་ཤེས་ལྡན་ཀུན་མི་སེམས། །བདག་ཉིད་ཉེས་ལས་བསྲུང་བ་དགེ་མིན་ནམ། །ད་ནི། རྫོགས་པའི་རིམ་པའི་མན་ངག་དང་འབྲེལ་བར། ཧེ་བཛྲ་གྱི་ལྷའི་རྣལ་འབྱོར་མདོར་བསྡུས་པ་ནི། འདི་ཡིན་ཏེ། སྐྱབས་སུ་འགྲོ་བ་དང་འབྲེལ་བར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་ནས། སེམས་བསྐྱེད་པར་བྱའོ། །དེ་ནས་ཤཱུའུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨེ་དང་ཝཾ་གྱི་འོད་ཀྱི་འཕྲོ་འདུལས། སྐད་ཅིག་གིས་བསྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་གཞལ་ཡས་ཁང༌། པད་ཉི་བདུད་བཞིའི་གདོན་དང་བཅས་པར་གྱུར། དེའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཨཱ་ལི་དང་ཀཱ་ལིའི་མཐར། ཨོཾ་དང་ཧཱུཾ་གིས་བརྒྱན་པ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དམར་པོ། དེའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་རིག་པའི་ཡུམ་དང་བཅས་པ་སྤྱན་དྲངས་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། བདག་ཉིད་དཔལ་ཧེ་


TNT11_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་དྲག་པོ་ཆེན་པོའི་སྐུར་གྱུར་པ་ནི། ཆར་སྦྲིན་ལྟ་བུར་སྐུ་མདོག་གནག །རྩ་བའི་ཞལ་ནི་བུང་བ་མཚུངས། །གཡས་དཀར་གཡོན་དམར་སྟེང་དུད་ཁ། །ལྷག་མ་བཞི་ནི་མུན་ལྟར་འཇིགས། །རྡོ་རྗེ་རལ་གྲི་མདའ་འཁོར་ལོ། །གཤོར་དབྱུག་རྩེ་གསུམ་ལྕགས་ཀྱུ་གཡས། །དྲིལ་བུ་པདྨ་གཞུ་དང་ནི། ཁ་ཊྭཱཾ་ཐོད་ཁྲག་ནོར་བུ་དང༌། །སྡིགས་མཛུབ་ཞགས་པ་གཡོན་པའི་ཕྱག །ཉི་མར་བདུད་བཞི་གནན་མཛད་པ། །ཞབས་བཞི་གཡས་བརྐྱངས་སྟབས་ཀྱིས་བཞུགས། །མགོ་ཕྲེང་རུས་པའི་རྒྱན་གྱིས་སྤྲས། །སྟག་ལྤགས་གསོལ་ཞིང་སྤྱན་གསུམ་པ། །སྣ་ཚོགས་རྡོ་རྗེས་སྤྱི་བོ་བརྒྱན། །དབུ་སྐྲ་གྱེན་བརྫེས་དེ་ཡི་ཡུམ། །ཕྱག་བཞི་གྲི་ཐོད་མདའ་གཞུ་འཛིན། །གཡོན་བརྐྱང་གར་གྱིས་ཡབ་ལ་འཁྱུད། །གཉིས་ཀའང་མེ་དཔུང་དབུས་ན་བཞུགས། །ཡང་ན་ཕྱག་གཉིས་པ་བསྒོམ་པར་བྱ་སྟེ། དྲི་མེད་ནམ་མཁའ་ལྟ་བུའི་མདོག །དབུ་སྐྲ་སེར་པོ་གྱེན་དུ་བརྫེས། །བནྡྷུ་དམར་པོའི་སྤྱན་གསུམ་པ། ཚེམས་ཀྱིས་མ་མཆུའི་སྒྲོས་མནན་ཞིང༌། །ཕྱག་གཡས་རྡོ་རྗེ་ནག་པོ་གསོར། །གཡོན་པ་ཐོད་ཁྲག་ཐུགས་ཀར་བསྣམས། །བདུད་བཞིའི་སྟེང་ན་གར་སྟབས་མཛད། །སྟག་ལྤགས་དཀྲིས་ཤིང་ཕྱག་རྒྱ་ལྔས། །རྣམ་བརྒྱན་མི་མགོའི་དོ་ཤལ་ཅན། །ཤེས་རབ་ཁ་ཊྭཱཾ་ག་ལ་འཁྱུད། །ཧཱུཾ་ཞེས་རྒྱ་ཆེར་བཞད་པ་པོ། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །དེའི་


TNT11_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་པད་ཉིའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་སྔོན་པོ་བཛྲ་སཱ་མཱ་ཛཿ ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། དག་པའི་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ཀྱཻ་རྡོ་རྗེའི་རྣམ་པས་རང་ལ་ཐིམ་པར་བསམས། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས། དབང་གི་ལྷ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ནས། ཨོཾ་ཨཱཿཕུཾ་ཕེཾ་ཕཊ་ཧཱུཾ་སྭཱཧཱ། ཨ་བྷི་ཥིཉྩ་ཞེས་བུམ་པའི་ཆུས་དབང་བསྐུར། དྲི་མ་དག །མི་བསྐྱོད་པས་དབུ་བརྒྱན། ལྟེ་བར་ཨེ། སྙིང་གར་བཾ། མགྲིན་པར་ཡ། སྤྱི་བོར་མ་ཕྱག་རྒྱ་བཞིའི་བདག་ཉིད། དབང་གི་ལྷ་རྣམས་ཀྱི་ཐུགས་ཀ་ནས་རྣལ་འབྱོར་མ་བརྒྱད་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་སྤྲོས་ནས། བདག་ལ་གནང་བར་བསམ་སྟེ། ཨོཾ་ཧ་ཧོ་ཧྲཱིཿསུ་ལ་ལི་ཏ་ཞེས་བརྗོད། དེ་ནས་ལྷ་མོ་རྣམས་དང༌། རྗེས་སུ་ཆགས་པའི་རྐྱེན་གྱིས་ལྟེ་བའི་ཨེ་ལས་གློག་གི་འོད་ཟེར་འཕྲོས་ཏེ། ཨ་བ་དྷཱུ་ཏིའི་ནང་གི་ཡི་གེ་ཐམས་ཅད་བསྲེགས། མ་ཡིག་ལ་སོགས་པ་སྤྱི་བོའི་གནས་ཐམས་ཅད་ཞུ་ནས། ཀུནྡའི་རྒྱུན་མྱུར་ཞིང་ཕྲ་བབ་ནས་ཨེ་ལ་ཐིམ་པས། མི་འགྱུར་བའི་དགའ་བ་བཞི་ཐོབ་པར་བསམ་ནས། ཨོཾ་རཱ་མ་ཧོ་རཱ་མ་ཧོ་ཨཱ་ནནྡ་ཧོ་ཧོ། རཱ་མ་ཧོ་རཱ་མ་ཧོ་པ་རཱ་ཨ་ནནྡ་ཧོ། རཱ་མ་ཧོ་རཱ་མ་ཧོ་བི་རཱ་ནནྡ་ཧེ། རཱ་མ་ཧོ་རཱ་མ་ཧོ་ས་ཧ་ཛ་ནནྡ་ཧོ། །ཞེས་གླུ་བླངས་སོ། །སྙིང་གར་རྡོ་རྗེའི་ལྟེ་བར་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་གིས་


TNT11_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སྔགས་ཕྲེང་གིས་བསྐོར་བའི་སྔགས་ཐམས་ཅད་ལས་འོད་ཟེར་འཕྲོས་པ་རྟ་རྔ་ལྟར་ཕྲ་བ་གཅིག་ཏུ་གྱུར་ཏེ། ཏོག་ཕུག་ཅེས་པའི་སྒྲ་དང་བཅས་སྟེང་གི་ཟླ་བ་ཕུག་སྟེ། འོད་ཟེར་དེ་དབུ་མའི་ནང་ནས་ཡར་དུ་བ་ལྟར་ཕྱུར་གྱིས་སོང༌། ཕྱིར་ཐོན། སླར་ཡང་རླུང་དང་ལྷན་ཅིག་ནང་དུ་ཞུགས་ཧཱུཾ་ལ་ཐིམ། དེ་ལྟ་བུ་ལན་བདུན་ཙམ་སྒོམ་རྗེས་རླུང་འགྲོ་འོང་མེད་པར་བསམས་སྟེ། ཕྱག་གཉིས་པ་སྒོམ་ན། ཨོཾ་ཨཱཿཧཱཾ་ཕཊ་སྭཱཧཱ། ཞེས་དང༌། ཕྱག་བཅུ་དྲུག་པ་བསྒོམ་ན། ཨཥྟ་བསྡུ་བར་འདོད་ན། ཧཱུཾ་ཞེས་ལན་བརྒྱའི་བར་དུ་བརྗོད་ཅིང༌། དེའི་ཚེ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་བསམས་ལ། ཧཱུཾ་ཐ་མ་བརྗོད་པའི་ཚེ། ཐམས་ཅད་ཀྱང་སྟོང་པར་བསམ་སྟེ། དེ་ལ་ཅི་གནས་བཞག་ལ། སླར་ཡང་སྒྱུ་མ་ལྟ་བུའི་སྐུར་ལངས་ནས། ལྷའི་ང་རྒྱལ་དང་ལྡན་པས་སྤྱོད་ལམ་ལ་འཇུག་གོ །མན་ངག་རྣམས་ལ་རྟོག་གེ་ཡིས། །དཔྱད་པར་མི་བྱ་དེ་ལ་ནི། །ངལ་བ་འབྲས་མེད་ཉིད་སྒྲུབ་ཕྱིར། །དེ་ལྟ་བས་ན་འཕགས་པས་མཁྱེན། །རང་རྟོག་དང་སྦྱར་ན་ཁོ་བོས་ཀྱང་ལེགས་ལེགས་ལྟར་སྣང་བ་འགའ་ཟུང་སྤོབས་མོད། དམ་པ་རྣམས་ཀྱིས་སྦས་པར་གྱུར་པའི་ཕྱིར་ག་ལ་དབྱེ། དེ་ལྟར་བླ་མ་དམ་པ་བུདྡྷ་གུཔྟའི་གསུང་ལྟར་ལས་རང་རྟོག་གིས་མ་སྦགས་པ་དག་ཅིག་བརྗོད་པ་དེ་ཙམ་མོ། །མི་ཤིགས་ཐིག་ལེའི་དབྱངས་མཁན་མྱོས་བྱེད་མ། །རྣམ་པ་ཅིར་ཡང་འཆར་བའི་སྒྲུབ་ཐབས་ཀྱིས། །འོད་གསལ་


TNT11_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུར་འགྱུར་བྲལ་ལྷན་སྐྱེས་དགའི། །དགའ་སྟོན་མཆོག་གིས་ནམ་ཡང་ཚིམ་པར་གྱུར།། །།ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོ་ལ། །དད་དང་ཤེས་ལྡན་སློབ་མས་བསྐུལ་བ་ལས། །འཕགས་ཡུལ་གྲུབ་པའི་ཐུགས་ཀྱི་འཆི་མེད་བཅུད། །བླ་མས་ཞལ་ལུང་ལས་འོང་བརྗེན་པར་བྲིས། །དགེ་ཞིང་བཀྲ་ཤིས་གོང་འཕེལ་ཤོག །


previousཕྱག་རྒྱ་བཞི་པའི་སྙིང་པོའི་མན་ངག་རབ་གསལ་ངེས་དོན་སྙིང་པོ།next