Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཕྱག་རྒྱ་བཞི་པའི་སྙིང་པོའི་ཊཱི་ཀ
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་བཞི་པའི་སྙིང་པོའི་ཊཱི་ཀnext

ཕྱག་རྒྱ་བཞི་པའི་སྙིང་པོའི་ཊཱི་ཀ


TNT11_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞི་པའི་སྙིང་པོའི་ཊཱི་ཀ་བཞུགས། ཨོཾ་སྭཱ་སྟི། སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་མཛོད་གང༌། །རྒྱུད་སྡེའི་རྒྱ་མཚོར་སྦས་པའི་ལྷན་སྐྱེས་ཀྱི། །རིན་ཆེན་བླངས་ནས་མགོན་མེད་འགྲོ་རྣམས་ལ། །སྩོལ་མཛད་རྗེ་བཙུན་བླ་མས་བདག་སྐྱོངས་ཤིག །ཕྱག་རྒྱ་བཞིའི་སྙིང་པོ་ཞེས་བྱ་བའི་མན་ངག་འདི། རྒྱུད་པ་གང་ལས་འབྱུང་བ་ནི། དཔལ་ཨཽ་ཊི་ཡ་ཎའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐྱེས་པ་དྷརྨ་པཱ་ལ་ཞེས་བྱ་བ། ཨཽ་ཌི་ཤའི་ཡུལ་དུ་སྡིག་པ་བཞི་ཐུན་མཚམས་གཅིག་ལ་བགྱིས་པས་འགྱོད་ནས། སློབ་དཔོན་ཛ་ལནྡྷ་རའི་ཞབས་ཟུང་བརྟེན་ཏེ། མན་ངག་གི་སྙིང་པོ་བླངས་ནས། ཀོངྐུ་ནའི་ཡུལ་དུ་ཟླ་བ་དྲུག་ཏུ་སྒྲུབ་པས། རྡོ་རྗེ་རྣལ་འབྱོར་མས་ཞལ་དངོས་སུ་བསྟན་ཞིང༌། མཆོག་གི་དངོས་གྲུབ་བརྙེས་ནས། སླར་སྨྱོན་པའི་སྤྱོད་པས་ཡུལ་སྣ་ཚོགས་སུ་རྒྱུ་བར་མཛད་པ་ན། ཕྱིའི་སྤྱོད་ཚུལ་ལ་དཔགས་ནས། སྐྱེ་བོ་རྣམས་ཀྱིས་བི་རཱུ་པ་སྟེ། རང་བཞིན་ངན་པ་ཞེས་འབོད་པའི་བདག་ཉིད་ཆེན་པོ་དེས་


TNT11_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བྱཱ་ད་ལི་ལ་གནང༌། འདི་བྱ་རྔོན་པའི་རིགས་ཡིན། དགེ་བའི་བཤེས་གཉེན་ནེ་ཙོ་ལ་བསྟེན་ཏེ། བི་རཱུ་པ་བསྟེན་པས་ཕྱག་རྒྱ་བཞིའི་གདམས་པ་གནང༌། ཅུང་ཟད་སྒོམ་པས། རྔོན་པའི་བྱ་བ་ལ་སེམས་གཡེངས་པ་ན། འཇིམ་པ་དང་ཟན་སོགས་ལ་བྱའི་གཟུགས་བཅོས་ཏེ། དེའི་མགྲིན་པ་བཅད་ཅིང་བསྒོམ་པས། ཇི་ཞིག་ནས་མཆོག་གི་དངོས་གྲུབ་ཐོབ་སྟེ། གྲོང་ཁྱེར་རྣམས་སུ་སོང་ནས། བྱ་སྣ་ཚོགས་པ་བསད་པ་དང་གསོ་བའི་ནུས་པ་བསྟན་པ་ན། མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་འདིས་ཨ་སི་ཏ་གྷ་ན་ཞེས་བྱ་བའི་རྣལ་འབྱོར་པ་ཞིག་ལ། དབང་བསྐུར་ཕྱག་རྒྱ་བཞིའི་སྙིང་པོ་ཚིགས་བཅད་གསུམ་པོ་འདི་གསུངས་ནས་བསྒོམ་དུ་བཅུག་པས། མི་རིང་བར་རྟགས་ཐམས་ཅད་མངོན་དུ་གྱུར། དེ་ནས་གདམས་པ་མཐའ་དག་གིས་རྒྱུད་སྦྱངས་ནས་ཇི་ཞིག་ནས་ཨ་རེ། ཞེས་གསུངས་པས་གསུང་མ་ཐག་ཏུ། དེས་ཀྱང་གྲུབ་པ་ཐོབ་ཅེས་གྲགས། དེས་ར་ཏི་གུཔྟ་ལ། དེས་ཤནྟི་གུཔྟ་ལ། དེས་བདག་གི་བླ་མ་ལ་གདམས་སོ། །དེ་ལ་རྡོ་རྗེའི་ཚིག་ཤློ་ཀ་གསུམ་པོ་འདི། རྒྱུད་ཀྱི་ངེས་པའི་དོན་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་སྒོམ་ཚུལ་ཚིག་ཉུང་ངུས་སྟོན་པ་ཡིན་ཏེ། ཚིགས་བཅད་དང་པོས་མདོར་བསྟན། གཉིས་པས་སྒོམ་བྱའི་རང་བཞིན་གྱི་སྒོ་ནས་རྒྱས་པར་བཤད། གསུམ་པས། ལམ་གྱི་རིམ་པའི་མངོན་རྟོགས་ཀྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ། ལམ་དངོས་མདོར་བསྟན་པ་དང་


TNT11_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་རྒྱུ་རྐྱེན་བསྟན་པའོ། །དང་པོ་ནི། བུམ་པར་ཆུའི་རྐང་པ་གནས། །ཆུ་མཐར་བྱེད་པས་བུམ་པའོ། །བུམ་པ་ལུས་ཏེ། ཆུ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་ཀུནྡ་རྐང་པ་ཞེས་པ་བཞིའི་དོན་ཏེ། འབྱུང་བ་བཞིའི་རླུང་གནས་སོ་ཞེས་སྦྱར་རོ། །ཆུ་མཐར་བྱེད་པ་ཞེས་པའི་དོན་ནི། ཆུ་ཏེ་དཔྱིད་དང༌། ཐིག་ལེ་མཐར་བྱེད་པ་སྟེ་སྦྱངས་ནས་དག་པའོ། །དེའི་ཕྱིར་བུམ་པ་ཞེས་པ་སྒྱུ་མའི་ལྷ་སྐུའི་བུམ་པ་འགྲུབ་པའོ། །གཉིས་པ་ནི། བླ་མར་ཡང་བྱེད་ཞེས་སོགས་ཏེ། བླ་མ་ནི། རྣམ་པ་གསུམ་སྟེ། རང་བཞིན་གྱི་བྱེད་པོ་ཐིག་ལེའི་དང༌། རྐྱེན་གྱི་བྱེད་པོ་སྦྱོར་བའི་དང༌། རྒྱུད་གཞན་གྱིས་བྱིན་གྱིས་རློབས་པའི་བྱེད་པོ་རྡོ་རྗེའི་བླ་མ་རྣམས་སོ། །དེ་རྣམས་ཀྱི་ཞབས་ནི་བླ་མའི་ཞབས་སོ། །དེ་གནས་པའི་མི་སྟེ། རྡོ་རྗེ་སློབ་དཔོན་རྟག་ཏུ་སྒོམ་པ་དང༌། སྟེང་འོག་གི་རྣལ་འབྱོར་ལ་བརྩོན་པས་རླུང་རྣམས་ཐིག་ལེར་ཐིམ་པ་དང༌། སྙིང་གའི་ཐིག་ལེ་ལ་གནད་དུ་བསྣུན་པས་རླུང་སེམས་ཀྱི་འགྲོ་འོང་གཅིག་ཏུ་བསྡུས་པ་རྣམས་ཡེ་ཤེས་བརྟན་པར་གྱུར་ཏེ། རྒྱུད་ལ་བྱིན་རླབས་ཞུགས་པས་གྲོགས་བྱས་ནས། རྣལ་འབྱོར་གྱི་སྟོབས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་དང༌། རླུང་སེམས་ཀྱི་འགྲོ་འོང་གདམས་པའི་སྟོབས་ཀྱིས། སྟོང་པ་དང་རྗེས་སུ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། ཐམས་ཅད་སྟོང་པ་ཆེན་པོ་རྣམས་རིམ་


TNT11_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ན། བླ་མ་སྟེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་དོ། །གཉིས་པ་ལ། སྒོམ་བྱ་དཔྱིད་རྒྱས་པར་བཤད་པ་དང༌། ཐིག་ལེ་དེ་བཅིང་གྲོལ་གྱི་བྱེད་པོ་ཡིན་པར་བཤད་པའོ། །དང་པོ་ནི། ཨེ་ཝཾ་ཡི་གེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གང་དུ་གནས་པ་ནི། འགྲོ་བའི་སྙིང་གར་རོ། །རྣམ་པ་ཇི་ལྟར་གནས་པ་ནི། རླུང་འོད་ཟེར་ལྔ་པ་ཧཱུཾ་གི་གདངས་སུ་གནས་ཏེ། ངོ་བོ་རླུང་ཡིན་པ་དེའི་ཕྱིར། གྲག་ཅེས་སྒྲོག་ཅེས་སྨོས་སོ། །རང་བཞིན་བཤད་པ་ནི། ཨེ་ཝཾ་ཡི་གེའི་སྒྲ་ཞེས་སྨོས་ཏེ། ཝཾ་ཡིག་ཁུ་རྡུལ་སེམས་གསུམ་རོ་གཅིག་པ། ཨེ་ཡིག་འབྱུང་བ་ལྔའི་རླུང་ཡིན་ཏེ། དེ་རྣམས་ཀྱི་དྭངས་མ་གོང་བུ་གཅིག་པའི་ཚུལ་གྱི་ཡེ་ནས་གནས་པ་ཡིན་ཏེ། ཀུན་རྫོབ་ཀྱི་གདོད་མའི་དངོས་པོའོ། །ཅི། ཁ་དོག་ནི་དྲུག་ཡིན་ན་འབྱུང་བ་ལྔར་འགྱུར་ཞེ་ན། གང་སྔོ་བསངས་སུ་སྣང་བ་ནི། ཁམས་ལྔའི་རླུང་གི་རང་བཞིན་སྟོང་ཉིད་དེ་མཚོན་པ་ཡིན་ནོ། །གཉིས་སྣང་གི་བག་ཆགས་དང་བཅས་པའི་མཐུ་ལས་འདིའི་འབྱུང་བ་ལྔའི་རླུང་ཕྲ་མོ་ལས་རླུང་རགས་པ་དག་འབྱུང་ཞིང༌། དེའི་དབང་གིས་ཁུ་རྡུལ་ལས་ཀྱང་ཁུ་རྡུལ་རགས་པ་དག་འབྱུང་ལ། དེའི་དབང་གིས། གཟུང་འཛིན་གྱི་སྣང་བ་འབྱུང༌། སྣང་བའི་རྗེས་སུ། སེམས་ཀྱི་འགྲོ་འོང་བྱས་པས། ཀུན་རྟོག་སྣ་ཚོགས་པ་སྐྱེ་བས། དེས་ལས་བྱས་ནས་རགས་པའི་ལུས་འགྲུབ་སྟེ། ལུས་ངག་སེམས་གསུམ་རགས་པར་འགྱུར་རོ། །ལུས་ལས་


TNT11_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་ཏེ། དེས་ཀྱང་བག་ཆགས་བགོ་བར་བྱེད་དོ། །ཞེས་རྟེན་པ་ནི་གཉིས་པ། མཁའ་སྤྲིན་དག་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་དཔེ་དོན་གཉིས་ལས། དཔེ་ནི། བྲམ་ཟེ་ཆེན་པོས། སྤྲིན་གྱི་མདོག་དབྱེ་བས་ནམ་མཁའ་ལས་བྱུང་བ། དེ་ནི་གཞན་དུ་སོང་བ་མཁའ་ལ་དྲིས། །ཞེས་པ་ལྟར་རོ། དོན་ནི། དོན་དམ་པར། ནམ་མཁའ་རྡོ་རྗེ་སྟེ། གཉུག་མའི་འོད་གསལ་མི་ཤིགས་པའི་ཐིག་ལེ་ནི། དྲི་མ་དག་པ་དང༌། སྒྲིབ་པས་སྒྲིབ་པ་མེད་མོད་ཀུན་རྫོབ་ཏུ་བཅིངས་པ་དང་གྲོལ་བར་སྣང་བ་ནི། ཐིག་ལེ་རླུང་སེམས་འགྲོ་འོང་ཁམས་ཕྲ་བ་ལ་ཐིམ་ཞིང༌། དེ་ཡང་དེས་གདོད་མ་ནས་བཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་ལ། ཐིག་ལེར་མ་བཅིངས་པ་ལས། ཀུན་རྫོབ་ཀྱི་སྣང་བ་སྣ་ཚོགས་འཆར་ཞིང༌། དེ་ལྟར་སྣང་བ་དང༌། སྣང་བ་ནུབ་པ་ཐམས་ཅད་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་ལས་མ་འདས་སོ། །དེ་ལ་གཉུག་མའི་འོད་གསལ་ནི་རྣམ་པར་ཤེས་པ་སེམས་རང་བཞིན་མེད་པའི་སྟོང་པ། སྟོང་ཡང་སྣང་བ་དང་ཐ་སྙད་དུ་དོན་བྱེད་པའི་རྩལ་མ་འགགས་པ་སྟེ་ཤིན་ཏུ་ཕྲ་བ་རླུང་དང་རྟེན་བརྟེན་པར་གནས་པའི་ཕྱིར་མི་ཤིགས་ཐིག་ལེ་ཞེས་བརྗོད་དོ། །ཞེས་བླ་མ་གསུང་ལ། སྟོང་པས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཞིག་གོ །ཞེས་ར་ཏི་གུཔྟ་ལ་སོགས་པ་མ་དྷེ་དེ་སའི་མཁས་པ་དག་སྨྲའོ། །


TNT11_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ནི་ཐོག་མ་མེད་པ་ནས་རིགས་འདི་རྒྱུན་མ་ཆད་པ་སྟེ། ཁ་ཅིག་ནི་དངོས་པོ་ནམ་མཁའ་ལྟར་དག་པའོ་ཞེས་འཕགས་ཡུལ་ན་མོལ་ཏེ་མ་གོ་གསུང༌། འདི་དག་གང་ལ་བརྟེན་པའི་རྒྱུད་ཀྱི་ཚིག་དང་སྦྱར་བ་ནི། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་ནི། །བུམ་པ་ཞེས་སོགས་ཀྱི་བཤད་པ་ཡིན་ཏེ། ལུས་ལ་ཡེ་ཤེས་ཆེན་པོ་སྟེ་ཀུན་གཞི་རྣམ་ཤེས་ཀྱི་ངོ་བོ་མི་ཤིགས་པ་གནས་ལ། དེ་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་རང་རིག་ཙམ་དངོས་པོ་ཐམས་ཅད་ཡུལ་དུ་བྱས་ནས་འགྲོ་འོང་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ལུས་ཀྱི་ཨ་བ་དྷཱུ་ཏིའི་ནང་དུ་གནས་ཀྱང༌། ལུས་ལས་བྱུང་བ་ནི་མ་ཡིན་ཏེ། གདོད་མ་ཡིན་པའི་ཕྱིར། རྟོག་པ་ཐམས་ཅད་སྤངས་ཞེས་སྨོས་པའི་དོན་ཐིག་ལེ་དེ་རྣལ་འབྱོར་བའི་སྒོམ་པ་ཡིན་གྱི་སངས་རྒྱས་པའི་སྔགས་རྒྱུད་ལས་བཅིངས་གྲོལ་བྱེད་པོ་དེ་འདྲ་བཤད་པའང་ཇི་བཞིན་མིན་སྒྲའམ། དགོངས་པ་ཅན་གྱིས་གསུངས་སོ་སྙམ་ན། དེ་ལྟ་མོད་ཀྱི་རྣམ་རྟོག་གི་སྒོམ་པ་ལ་མ་ལྟོས་པར་གདོད་མ་ནས་གྲུབ་པ་ཡིན་ལ། བག་ཆགས་དེ་སྤངས་པ་དང་མ་སྤངས་པ་ལས་བཅིང་གྲོལ་དུ་སྣང་བའོ་ཞེས་རིག་གོ །གཞན་ཡང༌། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་དང༌། སངས་


TNT11_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པའི་དོན་འཆད་པར་བཞེད་ནས། ཨེ་ཝཾ་ཡི་གེ་སྟེ། ཞེས་སོགས་གསུངས་པ་ཏེ། ཧེ་རུ་ཀ་བསྐྱེད་པ་སྟེ། ཟུང་འཇུག་གི་སྐུའི་དངོས་རྒྱུ་སེམས་ཀྱི་ངོ་བོ་སྟོང་ཞིང༌། རྣམ་པ་བདེ་བ། རང་བཞིན་ལྷན་ཅིག་སྐྱེས་པ་འདི་ཡིན་ཏེ། དེ་ནི་སྟོང་པ་དང་བདེ་བ་ཟུང་དུ་སྦྱོར་བའི་ཕྱིར། ཨེ་ཝཾ་ངོ༌། །དེ་ལ་སངས་རྒྱས་ནི་ཕུང་ལྔ་སྟེ། ཀུན་གྱི་སྒྲས། སྐྱེ་མཆེད་རྣམས་ཀྱང་བཟུང་ངོ༌། །དེ་ལྟར་ཀུན་རྫོབ་ཀྱི་རྣམ་པ་ཐ་དད་ཀྱང༌། ངོ་བོ་གཅིག་ཏུ་སྡོམས་པའི་ཕྱིར། སྡོམ་པ་སྟེ། དེ་ནི་བདེ་སྟོང་ཟུང་དུ་སྦྱོར་བའོ། །ཡང་ཧེ་རུ་ཀ་སྒྱུ་མའི་ལྷ་བསྐྱེད་པའི་རྒྱུ། རླུང་ཕྲ་མོ་མི་ཤིགས་པའོ། །སྡོམ་པ་ནི་མི་ཤིགས་ཐིག་ལེར་སྡོམ་སྟེ་རིགས་པའི་ལུས་ཐམས་ཅད་འདི་ལས་བྱུང་ཞིང་ཐིམ་པའོ། །གཞན་ཡང༌། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མ་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གིས་བསོད་ནམས་ལས་ཤེས་བྱ། །གང་དུ་ཡང་ཞེས་པ་ནི། བརྟུལ་ཞུགས་དང༌། བསྐྱེད་རིམ་དང༌། མན་ངག་གི་གནད་དང་མི་ལྡན་པའི་རྫོགས་རིམ་ལྟར་བཅོས་པ་རྣམས་སོ། །བདག་གི་བསོད་ནམས་ནི་རྒྱུ་དང་རྐྱེན་གྱི་བྱེད་པོ་བླ་མ་གཉིས་ཡིན་པས། འདིའི་དོན་སྟོན་པར་བཞེད་ནས། བླ་མར་ཡང་བྱེད་ཅེས་སོ་གསུངས་ཏེ། གོ་སླའོ། །ཡང་དེ་


TNT11_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དངོས་པོས་འཆིང་བའི་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པ་ཡོངས་ཤེས་ནས། །དངོས་པོ་སྒོམ་གྱུར་ཤེས་རབ་ཅན། །དངོས་པོ་མེད་པའང་ཡོངས་ཤེས་ནས། །དེ་ལྟར་ཧེ་རུ་ཀ་སྒོམ་བྱ། །འདིའི་ཚིག་རྐང་དང་པོ་གསུམ་གྱི་དོན་ཐུགས་ལ་བཞག་ནས། མཁའ་སྤྲིན་དག་ལྟར་ཞེས་སོགས་གསུངས་པ་ཡིན་ཏེ། དངོས་པོ་ནི། རང་བཞིན་གྱི་དངོས་པོ་མི་ཤིགས་པས་སོ། །ཞེས་ཅི་ལྟར་གྲོལ་བར་འགྱུར་ཞེ་ན། རྡོ་རྗེ་སྟོང་པ་ཉིད་ཀྱི་སྙིང་པོ་ཅན་གྱི་ཐུན་མོང་མ་ཡིན་པའི་སྙིང་རྗེ་བདེ་བ་ཆེན་པོར། དངོས་པོ་དེ་འགགས་ཤིང་གནས་གྱུར་པ་ནའོ། །གསུམ་པ་ནི། ཡུལ་བདེ་བར་སོགས་ཏེ། དེ་ལ་ཉེ་སྒྱུར་སུ་ནི་བདེ་བའམ་བཟང་པོར་བརྗོད་དེ། བདེ་བ་དང་ཡུལ་དུ་ཞེས་པའམ། ཡུལ་བཟང་པོར་ཞེས་པར་འགྱུར་རོ། །བདེ་བ་ནི་འདོད་པ་ལས་ཕྱིར་ཕྱོགས་ནས་སེམས་རྩེ་གཅིག་པའི་ཤིན་ཏུ་སྦྱངས་པ་ལས་བྱུང་བའམ། སྤྲཽས་བྲལ་ལ་མཉམ་པར་བཞག་པའི་བདེ་དགའ་ཉིད་ཀྱང་མ་ཡིན་ནམ། འདོད་པའི་བདེ་བ་ཐ་མལ་བ་ག་ལ་ཞིག །འདི་ནི་སྤྲོས་བྲལ་གྱི་ལྟ་བ་དང་རིམ་པ་དང་པོ་གོམས་པ་ཞིག་གིས། རྫོགས་རིམ་སྒོམ་པ་ལས་འབྱུང་སྟེ། ཇི་ལྟར་ཞེ་ན། རླུང་རྣམས་དྷཱུ་ཏིར་ཐིམ་པས་ཙཎྜ་ལཱི་འབར་ནས་ཧཾ་ཞུ་བའི་འདུ་འཕྲོད་དང༌། དེས་ཀྱང་རླུང་ཞི་བར་བྱེད་དོ། །རླུང་ཐིམ་


TNT11_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྲོས་པའི་མཚན་མ་ནུབ་ལ། ཁམས་འདྲ་འཕྲོད་ཀྱི་བདེ་བ་སྟེ་དགའ་བཞི་ཐོབ་པ་ལས་གཙོ་བོ་ནི་ལྷན་སྐྱེས་ཡིན་ལ། བདེ་བའི་ཡེ་ཤེས་ཏེ་སེམས་ཉིད་ལྷན་སྐྱེས་སུ་ཤར་བ་སྟོང་ཉིད་དང༌། དབྱེར་མེད་དུ་སྒོམ་པའི་ཐུན་མོང་མིན་པའོ། །རླུང་དྷཱུ་ཏིར་གང་གིས་སྦྱོར་བ་ཡང་རྡོ་རྗེའི་བཟླས་པ་དང༌། བུམ་ཅན་དང༌། གཏུམ་མོ་དང༌། ཕྱག་རྒྱའི་སྲོག་རྩོལ། སྙིང་གའི་ཐིག་ལེ་ལ་སོགས་པ་སྟེ་འདིར་ནི་སྙིང་གའི་ཐིག་ལེ་ཉིད་དེ། འོད་གསལ་འཆར་བའི་གནས་གཙོ་བོ། སྙིང་ག་སྟེ། དེའི་རྩ་མདུད་གྲོལ་བས་ལམ་དེ་ནས་རླུང་ཕྲ་རགས་ཐིམ་པ་ལས་ཡིན་ལ། ཡུལ་དུ་ཞེས་པ་ལ་ཡུལ་ཏེ་ཡུལ་བཟང་པོའོ། །ཡུལ་ནི་སྤྲོས་པ་ཐམས་ཅད་སྤངས་པའི་སྟོང་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་དང༌། བཟང་པོ་ནི་བདེ་བ་ལྷན་སྐྱེས་ཡེ་ཤེས་ཀྱིས་དེ་རྟོགས་པ་སྟེ། དེ་ནི་མིག་ཤེས་ཀྱིས་དཀར་པོ་མཐོང་བ་ལྟ་བུར་མི་འགྱུར་ལ། བདེ་བ་སྟོང་ཉིད་རྟོགས་པའི་ངོ་བོར་སྐྱེས་པའམ། སྟོང་ཉིད་བདེ་བའི་ངོ་བོར་ཤར་བས་ན། ཡུལ་ཡང་ཡིན་བཟང་པོ་ཡང་ཡིན་པའོ། །དེའི་ཕྱིར་བདེ་བ་ལ་མི་རྟོག་པ་ཙམ་དང༌། རྟགས་ཀྱི་སྒོ་དུས་མས་སམ། རྒྱུ་མཚན་མེད་པར་ཡང༌། འདི་དག་མེད་པའོ་ཞེས་སྒོམ་པ་ཡང་སྟོང་ཉིད་ཟབ་མོ་སྒོམ་པར་མི་ལྟ་ལ། རྟོག་པ་བཀག་པ་ཙམ་དང་ཆེད་དུ་མི་འགོགས་པར་དྲན་པས་སྐྱོང་བ་ཡང་ཡིན་ནོ། །མིག་ལྡན་དག་གྀས་


TNT11_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཞེས་རྟོག་པ་ཡང་མེད་ལ། རྟོག་པ་དགག་པ་ཡང་མེད་པར་དཀར་པོ་མཐོང་བ་བཞིན་དུ། དངོས་པོ་དག་སྣང་ཡང་རུང་མི་སྣང་ཡང་རུང༌། རྣམ་པ་ཐམས་ཅད་དུ། མ་བརྟགས་པར་ཡང་རང་བཞིན་མེད་པར་མཐོང་བ་ན་འདིས་ནི་བདེ་སྟོང་སྦྱོར་བའི་སྟོང་ཉིད་འགྲུབ་བོ། །འོན་ཀྱང་དེ་དག་རྣམས་ཀྱང་ཐབས་ཁོ་ན་སྟེ། ཁ་ཅིག་ནི་འདིར་ཤིན་ཏུ་གལ་ཡང་ཆེ་མོད་གྲུར་ཞུགས་པ་ཙམ་གྱིས་ནོར་བུའི་གླིང་དུ་ཕྱིན་པས་དོན་གྲུབ་པར་རློམ་ན་མི་རུང་ངོ༌། །སྟོང་པ་ཉིད་ནི་ཐམས་ཅད་དབྱེར་མེད་ན། བཟང་པོ་དང་བཟང་པོ་མ་ཡིན་པ་ག་ལ་ཡོད། སྨྲས་པ། གཽ་ཌ་དང༌། བཱ་ག་ལ་ནི་བྱེ་བྲག་མེད་མོད། གདུག་པ་དང་སྲུན་པའི་གཽ་ཌ་པ་དང་བཱ་ག་ལ་བདག་སྟེ། བཱ་ག་ལ་ནི། ཡུལ་བཟང་པོའི་ཟེར་བ་དང༌། གསེར་གྱི་རྒྱན་ནི་གཅིག་ནམ་ཐིང་ཀས་སྤྲས་པ་ནི་མཛེས་སོ་ཞེས་པ་བཞིན་ནོ། །དེས་ན་ཡུལ་བདེ་བར་ཏེ་རླུང་རྣམས་མི་ཤིགས་པའི་རླུང་ཕྲ་མོ་ལ་ཐིམ། དེའི་སྟོབས་ལས་འབར་འཛག་གིས་རྩ་མདུད་གྲོལ་བས་ཐོབ་པའི་བདེ་སྟོང་དགའ་བཞིའི་ལྷན་སྐྱེས་ནི་རྒྱུའོ། །དེ་ལས་བྱུང་བའི་ཡུལ་ཅན་འབྲས་བུ་ནི་སྒྱུ་མའི་ལྷའོ། །དེ་ཉིད་བརྟན་པར་གྱུར་ན་ཁམས་དང་རླུང་གི་འགྲོས་དང་ལྷན་ཅིག་བསམ་གཏན་གྱིས་བསྡུད་པ་ནི་བློ་གྲོས་སྟེ་གང་བློ་བདེ་བ་དམ་པར་ཤར་བའི་འོད་གསལ་ལོ། །ཞེས་པའི་དོན་སྒྱུ་མའི་ལྷ་དང༌། བླ་མའི་བླ་མར་གཉིས་ཀར་སྦྱར་རོ། །མིག་


TNT11_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དོན་གྱི་སྟོང་ཉིད་ལ་འཇུག་པ་སློབ་པ་དང༌། ཞུགས་པ་དང༌། དེ་ལས་ལྡང་བ་རྣམས་ལས་སྔ་ཕྱི་གཉིས་ལ་ལྷན་ཅིག་ཏུ་གནས་པས་ལྡན་པ་དང༌། བར་པ་ལ་དེ་ལྟར་མེད་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་ལྡན་པ་ཡིན་ནོ། །བླ་མ་ནི་དོན་དམ་པའི་བདེ་བས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ལ། དེ་ཡི་བླ་མ་དེ་དང་ཟུང་དུ་འཇུག་པའི་རྡོ་རྗེའི་སྐུའོ། །སེམས་ཅན་ཐམས་ཅད་ལ་རང་ཉིད་ཇི་ལྟ་བའི་སྐུ་སྤྲོས་ཤིང་སྦྱངས་ནས་ངོ་བོ་གཉིས་སུ་མེད་པར་མོས་པས་དེ་ལྟར་སྣང་བ་ནི་ཤེས་པའི་དོན་ཡིན་ནོ། །འདི་ནི་སྤྱོད་པའི་སྐབས་སམ་གཞན་དུ་ཡང་སྟེ་སྒྱུ་མའི་ལྷས་ཞེས་པར་ཡང་སྦྱར་བར་བྱ་སྟེ། ཇི་སྐད་དུ། ལུས་དང་ངག་སེམས་རྡོ་རྗེ་ལ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམས། །ལུས་དང་ངག་སེམས་ལ་སྤྲོས་པས། །རྡོ་རྗེ་འཇམ་པ་འདྲ་བར་འགྱུར། །དེ་དག་གང་ལ་བརྟེན་པའི་རྒྱུད་དང་སྦྱར་བ་ནི། སྔར་དྲངས་པའི་ལུས་ལ་སོགས་ཚན་པ་གསུམ་དང༌། དེ་ཡོངས་ཤེས་སོགས་དང༌། མཁའ་འགྲོ་མའི་སྡོམ་པ་ནི། ཨེ་ཝཾ་རྣམ་པ་ཅི་ཞེས་བརྗོད། །ཞེས་དང༌། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་བཾ་གི་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སྐད་ཅིག་དབྱེ་བས་ཕྱེ་བ་ལས། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་ཤེས་ན་བདེ་ཡེ་ཤེས། །ཨེ་ཝཾ་ཡི་


TNT11_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གེར་རབ་ཏུ་གནས། །སྣ་ཚོགས་དང་ནི་རྣམ་སྨིན་དང༌། །རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་ནི་རབ་རྟོགས་པས། །ཨེ་ཝཾ་རྣལ་འབྱོར་པས་ཤེས་འགྱུར། ཞེས་དང༌། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་པ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། ཧེ་རུ་ཀ་ནི་སྒྱུ་མའི་ལྷ་རྣམ་པ་གཉིས་ཡིན་ལ།དེ་ཡང་ཡེ་ཤེས་ཀྱི་སྐུ་ཡིན་ཏེ་དེའི་རྒྱུ་གཅིག་ནི་བདེ་སྟོང་ལྷན་སྐྱེས་དཔེ་དང་དོན་གྱི་ཡེ་ཤེས་སྒོམ་པར་བྱའོ་ཞེས་སོ་སོར་སྦྱར་རོ། །ལུས་ལ་སྟཻ་གཉུག་མའི་ལུས་ལ་ཡེ་ཤེས་ཆེན་པོ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བའི་རྒྱུ་ཐམས་ཅད་གནས་པ་ཡིན་པས་དེ་ལྟར་སྐྱེད་པར་བྱེད་དགོས་ལ། ལྷ་དེ་ནི་རྡུལ་དུ་གྲུབ་པ་ལྟར་ཞོག་ཡིད་ཀྱི་གསར་དུ་རྟོགས་པས་སྒོམ་པ་ཐམས་ཅད་སྤངས་པའོ། །འགྱུར་མེད་བདེ་བའི་རྒྱུ་ཇི་ལྟར་གནས་ཞེ་ན་རླུང་དང་མ་རྟེན་བརྟེན་པའི་འབྲེལ་བ་ཉིད་ལས་བདེ་བའི་རྟེན་ཁུ་རྡུལ་དག་ཀྱང་འབྱུང་བའི་ཕྱིར་དེ་ཉིད་དོ་ཞེས་འཆད་སྐད། ཁ་ཅིག་ནི་ལུས་ལ་བདེ་བའི་རྟེན་ཀུནྡ་ལྟ་བུ་གནས་ལ། དེ་ཡང་ཕྱག་རྒྱ་བཞི་པོའི་དང་པོ་གསུམ་གྱིས། ལས་ཀྱི་གཏུམ་མོ་འབར་བས་མཐར་ལྷན་སྐྱེས་འབྱུང་ལ། དེ་མཐར་བདེ་བ་རླུང་དང་བཅས་པ་ལས་རྟོག་པ་ཞེས་སོགས་སྒྱུ་མའི་ལྷ་ཞེས་བཞེད་པ་སྔར་བཞིན་གསུངས༌། དངོས་པོ་ཀུན་ལ་བདེ་སྟོང་གིས་རྒྱས་བཏབ་པས། གང་སྣང་དེའི་རྣམ་རོལ་དུ་འཆར་བས་ཡེ་ཤེས་ཁྱབ་


TNT11_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འགའ་ཞིག་དང༌། གཞན་དག་ནི་བདེ་སྟོང་གི་ཡང་སྟོང་པ་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པ་སྟེ་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ལ་དེ་སྐད་ཅེས་བྱའོ་ཞེས་གཉི་གའང་འོད་གསལ་ལ་སྦྱོར་རོ། །གྲུབ་བརྙེས་ཆེན་པོ་ཤིནྟ་གུཔྟའི་ཞལ་སྔ་ནས། དེ་ལྟར་ཡང་སྦྱོར་མོད་ཀྱི་ཡེ་ཤེས་ཀྱི་སྐུ་དངོས་པོ་ལ་ཁྱབ་པར་སྤྲོས་པས་མ་དག་པའི་སྣང་ཞེན་ཕྲ་མོའང་ཟློག །རང་སྣང་ལ་དག་པ་འབའ་ཞིག་སྣང༌། གཞན་སྣང་ལ་ཞིང་སྐྱོང་བའོ་ཞེས་པ་ནི་མན་ངག་མཁྱེན་པའི་གསུང་སྟེ་འོན་ཀྱང་གསུམ་ཀ་དགོས་གསུངས། གཉུག་མའི་ལུས་ཤིན་ཏུ་ཕྲ་བ་ལུས་ཀུན་ལ་ཁྱབ་ཅིང་གཙོ་བོར་ཆོས་འཁོར་གྱི་ལྟེ་བའི་རྩ་མདུད་ལ་བརྟེན་པས་མི་ཤིགས་པའི་རླུང་སྟེ། དེ་ནི་མེ་ཏོག་དང་དྲི་ལྟར་ལུས་ལ་གནས་ཀྱང༌། རགས་པའི་ལུས་ལས་སྐྱེས་པ་མ་ཡིན་ཏེ། འདི་ནི་ཐོག་མ་མེད་པ་ནས་རྒྱུན་མ་ཆད་ཕྱིར། གང་ཟག་ཏུ་བརྟགས་པའི་གཞི་གཙོ་བོ་ཡང་འདི་ཉིད་དེ། སྟོང་པའི་ཡེ་ཤེས་ལ་སྦྱར་ཚུལ་གཅིག་ཏུ་ན་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལུས་ལ་གདོད་མ་ནས་གནས་ཀྱང་ལུས་སྐྱེས་མིན་ཏེ་ཟག་མེད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་དྲངས་སོ། །འདོད་ཚུལ་གཞན་ནི་མ་བཀོད་དོ། །དེ་ཡོངས་ནས་ཤེས་སོགས་ལ་ཤེས་པ་ནི་རྣམ་གཞག་ཐོས་བསམ་གྱི་གོ་བ་དང༌། སེམས་རང་ངོ་ཤེས་པ་ལ་མི་སྦྱོར་གྱི། ཐུན་མོང་མ་ཡིན་པའི་བདེ་སྟོང་དེ་མངོན་སུམ་དུ་བྱས་པ་ནི་ཡོངས་སུ་ཤེས་པའོ། །དེས་སྒྲིབ་པ་གཉིས་ལས་གྲོལ་གྱི། ཐིག་ལེ་མི་འཕོ་བའི་


TNT11_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཙམ་པོས་ནི། ཆོས་དང་གང་ཟག་གི་བདག་འཛིན་དང༌། ཁམས་གསུམ་གྱི་ཉོན་མོངས་གང་ཡང་རྩད་ནས་སྤོང་མི་ནུས་ཤིང༌། འདོད་ཆགས་ཅན་གྱི་ངན་འགྲོའི་རྒྱུར་གསུངས་ལ། བདེ་བ་ཆེན་པོ་མེད་པ་ཡང༌། དེས་བསྐལ་པ་གྲངས་མེད་པར་རྩོལ་བས་འབད་དགོས་པ། བདེ་སྟོང་ཡང་དག་པར་སྦྱར་བས་ཆོས་མྱུར་བས་ཆོས་ཉིད་རྟོགས་པ་ཡིན་ཞིང༌། དེ་ཡང་བདེ་བ་བསྐྱེད་པས་རྩོལ་མེད་དུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་འཆར་བའི་ཐབས་རླུང་དྷཱུ་ཏིར་ཐིམ་པ་ཞིག་དགོས་པས། འདི་ནི་ཁྱད་པར་མང་པོ་ཞིག་གོ །ཡེ་ཤེས་གང་གི་རང་སྣང་དུ་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་ནུབ་པའི་ཡེ་ཤེས་མངོན་དུ་གྱུར་པ་དེས། དངོས་པོ་སྒྱུ་མའི་ལྷ་སྒོམ་ཞིང་མངོན་དུ་འགྱུར་ལ། དེ་ཡང་བདེ་སྟོང་དེས། རགས་པ་དང་གཉུག་མའི་ལུས་དབྱེ་བར་ནུས་པས། དེ་ནས་དེ་སྒོམ་གྱི། གཞན་དུ་ན་ཡིད་ངོར་སྣང་བ་ཙམ་ལས། དེ་ལྟར་དངོས་སུ་བསྐྱེད་མི་ནུས་ལ། དེ་གྲུབ་པ་ན་མཉམ་བཞག་ཏུ་ཕྱོགས་གཞན་གང་དུའང་མ་སོང་ཡང༌། རགས་པ་དང་གོ་ས་ཐ་དད་ཅིང༌། རྗེས་ཐོབ་ཏུ་གོ་ས་གཅིག་པའི་ཚུལ་གྱིས་འཇུག་གོ །ཤེས་རབ་ཅན་ནི་ཤེས་རབ་མ་ལས་དེ་སྒྲུབ་སྟེ། ཚངས་པའི་མེ་དང་ཙཎྜ་ལི་ཡང་ཤེས་རབ་ཡིན་ལ། གཅིག་ཏུ་ན་དེ་ཤེས་རབ་ཡེ་ཤེས་ཀྱི་རྒྱས་གདབ་དང་ལྡན་པའོ། །དེ་ཡང་དངོས་པོ་མེད་པ་འོད་གསལ་དུ་བཅུག་ཅིང་ཤེས་པ་སྟེ་སེམས་ཙམ་གྱི་


TNT11_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡང་རང་བཞིན་མེད་པ་སྟོང་པར་རྟོགས་པས། རླུང་དང་བདེ་བའི་སེམས་སྒྱུ་མའི་ལྷ་དེ་ལྟ་བུའི་རྡོ་རྗེའི་སྐུ་ཧེ་རུ་ཀར་བསྐྱེད་ཅིང་སྒོམ་ནས་སླར་ཟུང་འཇུག་ཏུ་བྱའོ། །ཡང་འབྲས་བུའི་སྐབས་སུ་གཉིས་སྣང་གི་དངོས་པོ་བག་ཆགས་ཐམས་ཅད་མེད་པའི་ཡང་དག་མཐའ་ལས་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པར་ལྡང་ཞེས་སོ། །སངས་རྒྱས་ཏེ་ཕུང་སོགས་ཐམས་ཅད་གང་དུ་སྡོམ་པའི་ཡེ་ཤེས་ནི་ཨེ་སྟོང་ཉིད་དང་ཝཾ་བདེ་ཆེན་གཉིས་སུ་མེད་པ་སྟེ། དེ་ཡང་རྣམ་པ་སྟེ་རྡོ་རྗེའི་སྐུ་དང་བི་ཨུཏྤད། པྲའི་དོན་མཆོག་རབ་སྟེ། ཟུང་འཇུག་ཏུ་གནས་ལ། ཨེ་བཾ་རྣམ་པ་དེའི་བདེ་བ་ཆེན་པོ་ནི། དབང་གི་དཔེའི་ཡེ་ཤེས་ཀྱིས་མཚོན་པར་བྱེད་ཅེས་རྒྱས་པར་མཁས་གྲུབ་རྣམས་ཀྱིས་བཤད་དོ། །བཅོམ་ལྡན་སོགས་ཀྱིས་བོས་ནས་དྲིས་པ་དང་ལན་ལ། ནང་དང༌། གསང་བ་དང༌། དེ་ཉིད་གསུམ་ལས། དང་པོ་ནི། ཇི་སྐད་དུ། འདི་དག་རྣམས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཞེས་པ་ལྟར། མཁའ་འགྲོ་མ་རྣམས་ཀྱི་སྡོམ་པ་ནི་མཁའ་འགྲོ་མའི་སྡོམ་པའོ། །མཁའ་འགྲོ་མ་སྟེ་རྩ་རྣམས་ཐམས་ཅད་རྩའི་གཙོ་བོ་སོ་གཉིས་དང་འཁོར་ལོ་བཞི། དེ་ཡང་ཆོས་འཁོར་དུ་སྡོམ་པ་སྟེ། དེ་ལས་འབྱུང་ཞིང་བསྡུད་པས་སོ། །དེའི་ལྟེ་བའི་རྩ་མདུད་ཨེ་ཝཾ་གི་རྣམ་པར་ཇི་ལྟ་བུར་གནས་ཞེས་པའོ། །རྩ་མདུད་ཨེའི་ཆ་བྱད་ལས་དེར་གནས་མི་ཤིགས་པའི་རླུང་ཡང་


TNT11_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཨེའི་ཆ་བྱད་ངོ་བོ་བཟང་པོ་སྟེ་རླུང་དྭངས་མ་ཤིན་ཏུ་ཕྲ་བ་གང་གི་དབུས་སུ་མི་ཤིགས་ཁུ་ཁྲག་གི་ཐིག་ལེ་དྭངས་མ་ཝཾ་གི་རྣམ་པས་རྣམ་པར་བརྒྱན་ནས་གནས་པ། དེར་གནད་དུ་བསྣུན་པ་ལས་འོད་གསལ་བདེ་བ་ཆེན་པོ་འཆར་བས་བདེ་བ་ཞེས་སོགས་གསུངས་ཏེ།སརྦ་སོ་ཁྱ་ནཾ། ཞེས་པས་སུ་ཁ་བདེ་བ་སྟེ། དེ་ཡང་ཐམས་ཅད་སྟོང་པ་དང་སྦྱར་བས། ཐམས་ཅད་བདེ་བའི་འོད་གསལ་ལོ། །དེའི་ཕྱིར་སངས་རྒྱས་ཀྱི་ཟ་མ་ཏོག་གོ །གཉིས་པ་ནི། བུད་མེད་བདེ་མཆོག་ཕུན་སུམ་ཚོགས། །ཞེས་པ་ལྟར། སམྦྷར་ནི་ཤཾ་བ་རའམ་སམྦ་ར་ཞེས་པའང་སྟེ་མཁའ་འགྲོ་མ་སྟེ། ལས་དང༌། ཡེ་ཤེས་དང༌། རང་སྣང་གི་རིག་མ་རྣམས་ཏེ། དེའི་བདེ་བ་མཆོག་ནི་དེ་དང་སྦྱར་བས་དྲངས་པའི་ལྷན་སྐྱེས་རྒྱུ་དང་བཅས་པ་ལས་ཨེ་ཝཾ་ཇི་ལྟར་འབྱུང་ཞེས་པ། ཡུལ་བདེ་བ་དང༌། བློ་གྲོས་དང་བཅས་པ་དང༌། སྤྱོད་པའི་སྐབས་ཀྱི་དོན་དྲིས་པའོ། །ཡང་གཞན་ནི་ཌཱ་ཀི་ནི་ནཱཾ་ནི་ཚངས་པའི་མེ་དང་ལྟེ་བའི་གཏུམ་མོ། དཔའ་བོ་སྤྱི་དང་སྦྱར་བའི་འདུ་འཕྲོད་ཀྱི་ཨེ་ཝཾ་བྲིས་ལ་སྦྱར་རོ། །ཨེ་ཡིག་གི་ཆ་བྱད་ཕྱག་རྒྱའི་པདྨའི་དབུས་སུ་ཝ་སྟེ་རྡོ་རྗེ་ནོར་བུའི་ལྟེ་བའི་རྩེ་མོ་ཨ་བ་དྷཱུ་ཏི་དང་ཤེས་རབ་ཀྱི་ཁག་མུ་ཁའི་རྩེ་མོ་མི་ཕྱེད་པར་བཅིངས་པ་ནི་དེའི་རྣམ་པ་དང༌། ཀུནྡ་མི་འཕོ་བ་ནི་རྗེས་སུ་ང་རོའོ། །ནཱ་ད་ནི་བདེ་བ་བསྐྱེད་པ་དང་བདེ་བ་བརྟན་བྱེད་དབུ་མའི་རླུང་ངོ༌། །བདེ་བ་ནི་ཐུན་མོང་མ་ཡིན་


TNT11_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞུ་བདེའོ། །ཐམས་ཅད་ནི་དགའ་བ་ལ་སོགས་པ་མང་པོའི་དོན་ནོ། །བདེ་བའི་ཡེ་ཤེས་འདི་ལས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་གཉི་གའང་འབྱུང་བས་རིན་ཆེན་ཟ་མ་ཏོག་གོ །ཨེ་ནི་རྡུལ་དང་ཝཾ་ནི་ཁུ་བ་སྟེ་ལྟེ་བའམ། སྙིང་གར་ཁམས་དྭངས་མ་འདུ་འཕྲོད་གཞི་ནས་གནས་པ་དང༌། ཐབས་ཀྱི་གཏུམ་མོ་སྦར་བས་གསར་དུ་འདུ་འཕྲོད་སྤྱི་བོ་ནས་ནོར་བུའི་བར་དུ་དབབ་ལྡོག་གི་དགའ་བཞི་བདེ་བ། རྗེས་སུ་ང་རོ་དང༌། །ནཱ་ད་ནི་ཞུ་བདེའི་རླུང་སྙིང་གར་ཐིམ་པའི་ཡེ་ཤེས་སོ། །སྐད་ཅིག་ཞེས་སོགས་ལ་དེ་ལྟར་ཨེ་བཾ་སྦྱོར་བ་དེ་ལས་སྐད་ཅིག་བཞི་དང་ལྡན་པ་དགའ་བཞི་སྐྱེ་སྟེ། སྐད་ཅིག་བཞིའི་རང་བཞིན་སྟོང་པ་ཤེས་ན། བདེ་སྟོང་གི་ཡེ་ཤེས་ཐབས་ཤེས་ཨེ་བཾ་གཉིས་མེད་དུ་གནས་སོ། །དགའ་བའི་སྐད་ཅིག་མ་རྣམ་པ་སྣ་ཚོགས་པ་ལ་སོགས་པ་ཉིད་སྟོང་པ་དང་སྦྱར་བས། ཨེ་བཾ་སྟེ་སྐད་ཅིག་ལས་འདས་པ་མི་འགྱུར་བ་ཟག་མེད་བདེ་བར་དགའ་བཞི་ཐམས་ཅད་གནས་གྱུར་པ་ཤེས་པ་སྟེ་རྟོགས་ཤིང་མངོན་དུ་འགྱུར་རོ། །ཨེ་བཾ་ཛཱ་ནཾ་ཏེ་ཡོ་གི་ནཱཿཞེས་པ་ཡང༌། །སྦྱོར་བ་ཤེས་པས་ཨེ་བཾ་བྱེད་ཤེས་སོ། །ལྷག་མ་སྣ་ཚོགས་ཞེས་སོགས་ཞིབ་ཏུ་རྒྱུད་རྣམས་མ་ཉན་ནས་གཏན་ལ་དབབ་དགོས་སྟེ། དགའ་བཞི་དང་བདེ་སྟོང་བླ་མེད་སྤྱིའི་རྒྱུད་དོན་ལྷག་པར་གལ་ཆེ་བའི་དོན་གྱི་གཙོ་བོའོ། །གསུམ་པ་ནི། མཁའ་འགྲོ་མའི་དཀྱིལ་འཁོར་གྱི་གཙོ་བོ་


TNT11_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ཏུ་སྡོམ་པའོ། ཨེ་ཐམས་ཅད་སྟོང་པ་བདེ་ཆེན་དང༌། ཝཾ་སྐུ་ལོངས་སྤྱོད་རྫོགས་པའོ། །ཐམས་ཅད་ཀྱི་གནས་ནི། མཐར་ཐུག་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོ་བས་ན་ཟ་མ་ཏོག་གོ །དོན་འདི་ནི་འདི་ཡང་སྟེ། ཉེ་རྒྱུའི་བཙུན་མོའི་བྷ་གར་སྙོམས་པར་ཞུགས་ནས་ཐུགས་བདེ་བ་ཆེན་པོ་ཅན་དུ་ཡང་དག་མཐར་བཅུ་གནས། ཆོས་ཀྱི་སྐུ་མངོན་དུ་བྱེད་ཅིང༌། བྷ་ག་ཞེས་བདུན་པའི་སྒྲས་བརྟེན་པ་གཟུགས་སྐུ་དང༌། རྟེན་ཆོས་སྐུའོ། །ཞེས་སྟོན་ཏེ། གཟུགས་སྐུ་དེ་ཇི་ལྟ་བུ་ཞེ་ན། སྟོན་པ་ཞེས་སོགས་གསུངས་ཏེ། ཉེར་ལེན་རླུང་དང་བདེ་ཆེན་གྱི་ཡེ་ཤེས་ཙམ་ལས་གྲུབ་པའི་མཚན་དཔེས་སྤྲས་པའི་དབང་ཕྱུག་བརྒྱད་དམ། ཡན་ལག་བདུན་ལྡན་རྒྱལ་བའི་སྐུའོ། །འདིར་རྟོགས་དགོས་པ་གཏུམ་མོ་སོགས་ཆོས་སམ། དངོས་ཀྱི་རིག་མ་ལས། ཡེ་ཤེས་རིག་མ་དམ་ཚིག་རང་སྣང་གི་རིག་མ། བདེ་སྟོང་ཡེ་ཤེས། ཡེ་ཤེས་ཀྱི་ལྷ་སྐུ་རྣམས་ཕྱག་རྒྱ་ཆེན་པོ། ད་ནི་མཇུག་གི་དོན་བྷ་མནྟུ་ཞེས་པ་སྭ་སྟི་བྷ་བནྟུ་ཏེ་སེམས་ཅན་མ་ལུས་པ་མཐའ་དག་སྒྲིབ་པའི་མི་ཤིགས་པ་སྤངས་ཏེ། ཟུང་འཇུག་གི་སྐུ་ཤིན་ཏུ་ཤིས་པ་ཐོག་མཐའ་བར་དང་རྒྱུ་འབྲས་ངོ་བོ་རང་གཞན་གྱི་དོན་ཐམས་ཅད་དགེ་ལེགས་སུ་གྲུབ་པར་གྱུར་ཅིག་ཅེས་དགེ་བ་བསྔོ་བ་ཡིན་ནོ། །འདིར་རྒྱུད་དང་སྦྱར་བ་ནི་ད་དུང་འདིའི་དོན་རྒྱ་ཆེར་འཆད་པ་སྔ་ཕྱིར་ཆེས་མང་མོད། འདི་དང་འདི་ལ་


TNT11_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་འདི་མཛད་པ་ཡིན་ཏེ། དོན་འདི་ལྟར་འཆད་གསུངས་པ་ལྟར་འཆད་དོ། །མཁས་གྲུབ་ཀྱི་གཞུང་དང་འགལ་བའི་རང་བཟོ་འབད་པས་སྤངས་ཏེའོ། །ཤིན་ཏུ་ཟབ་པ་རྣལ་འབྱོར་མ་ཡི་རྒྱུད། །དགྱེས་པའི་རྡོ་རྗེར་རབ་སྦས་སྙིང་པོའི་དོན། །གྲུབ་མཆོག་བྱེ་བས་བརྟེན་པའི་ལམ་བཟང་པོ། །བླ་མའི་དྲིན་ལས་རྨོངས་པ་བདག་གིས་ཀྱང༌། །རྙེད་ནས་མི་འགྱུར་གཡོ་མེད་པའི། །གོ་འཕང་བགྲོད་བྱེད་དེ་རིང་བསྟན། །འཇིག་རྟེན་ཕྱུགས་ཀྱི་ངང་ཚུལ་ཅན། །ཀུན་གྱིས་མི་གོ་ཇི་ལྟར་བྱ། །འབྱོར་ལྡན་དྲེགས་བཅས་ཤིང་རྟ་ཆེན་པོར་བྱེད། །ཟབ་དོན་མི་ཤེས་སྔགས་པར་ཁས་ལེན་ཅན། །ཕལ་པའི་སྤྱོད་པས་གྲུབ་པར་བརྫུས་པ་སོགས། །བྱང་ཕྱོགས་འདི་ན་བསྟན་པའི་ཆོམ་རྐུན་མང༌། །ལན་ཚྭའི་མཚོ་ལ་ནོར་བུར་བཞིན། །འདིར་ཡང་བྱང་ཆུབ་སྤྱོད་པ་སྤྱོད། །ཚེ་འདི་ཉིད་དུ་དངོས་གྲུབ་མཆོག །ཧེ་རུ་ཀ་དཔལ་ཐོབ་པར་ཤོག། །། ཅེས་པའང་ཏཱ་ར་ནཱ་ཐས་རང་ལོ་བཅུ་དགུ་པ་ལ་དཔལ་ཆོས་ཀྱི་ཐང་དུ་སྦྱར་བ་ལས། ཞབས་ཅུང་ཟད་ལེ་ལཽའི་དབང་དུ་ཐལ་བ་སླར་རང་ལོ་ཉི་ཤུ་པ་ལ་རིའི་དབང་པོ་མཁའ་རག་དང་ཉེ་བའི་སར་སྦྱར། །དགེ་ལེགས་འཕེལ། ཞུས་དག །


TNT11_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཕྱག་རྒྱ་བཞི་པའི་སྙིང་པོའི་ཊཱི་ཀnext