Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ།
   
   
   
   
   
   
   
   
   


 
previousདཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ།next

དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ།


TNT11_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས། འདི་དང་པོ་རྔོག་པའི་ལུགས་ཟངས་མ་སྦྱར་བ་ལས། རྔོག་ལུགས་ལ་དགྱེས་རྡོར་དང་འདྲེས་པ་སོགས་ཅི་རིགས་འདུག་པས་སྐྱོན་དེ་རྣམས་སྤངས་ཏེ། ཕྱིས་རང་གཞུང་དང་བསྟུན་པའི་གཙང་ངག་ཏུ་བྱས་པའོ། །


TNT11_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག །སྒྱུ་འཕྲུལ་ཆེན་མོ་ལ་བཏུད་ནས། །དཀྱིལ་འཁོར་ཆོ་གའི་རིམ་པ་ནི། །མདོ་ཙམ་རབ་ཏུ་གསལ་བར་བྱ། །མཧཱ་མ་ཡའི་དཀྱིལ་འཁོར་གྱི་ཆོ་ག་ལག་ཏུ་བླང་བ་ལ། སློབ་དཔོན་དང་སློབ་མའི་མཚན་ཉིད་དང༌། བསྙེན་པ་ཇི་ལྟར་བྱ་བའི་ཚུལ་རྣམས་སྤྱི་དང་མཐུན་ནོ། །འདིར་དཀྱིལ་འཁོར་གྱི་ལས་དང༌། སློབ་མ་དབང་བསྐུར་བ་དང༌། རྗེས་དཀྱིལ་འཁོར་ཉེར་བསྡུ་སྟེ་གསུམ་ལས། དད་པོ་ལ་ས་ཆོག་དང༌། སྟ་གོན་དང༌། དཀྱིལ་འཁོར་ཞག་གི་ཆོ་ག་སྟེ་གསུམ་མོ། །དང་པོ་ལ་དྲུག་ལས། དང་པོ་ས་བརྟག་པ་ནི་སྤྱི་དང་མཐུན། གཉིས་པ་བསླང་བ་ལ་གསུམ་ལས། འཇིག་རྟེན་འདས་པའི་ལྷ་ལ་བསླང་བ་ནི། དཀྱིལ་འཁོར་བྱ་བའི་ས་གཞིར་རྣམ་ལྔ་དང༌། དྲི་བཟང་གིས་བྱུགས། མཆོད་པ་ལྔ་དང༌། གཏོར་མ་གསུམ་བཤམ། རྡོ་རྗེ་དྲིལ་བུ་ནང་མཆོད་རྣམས་འདུས་བྱས་ལ། ཨོཾ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་མི་དམིགས་ཏེ་སྟོང་པའི་ངང་ནས། སྒྱུ་འཕྲུལ་ཆེན་མོ་ལྷ་ལྔའི་དཀྱིལ་འཁོར་


TNT11_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་གྱུར་པ་ནི། པདྨ་འདབ་མ་བརྒྱད་པ། ལྟེ་བ་ལ་དཔལ་ཧེ་རུ་ཀ་སྔོན་པོ༴ ཞེས་པ་ནས། དབུས་ན་བཞུགས་པའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ༴ ཞེས་པ་ནས། ཌཱ་མ་རུ་བསྣམས་པའོ། །དེ་ནས། ལྷ་མོ་ལྔ་ནི༴ ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿ ཞེས་པའི་བར་དང༌། དབང་གི་ལྷ༴ ཞེས་པ་ནས། དོན་གྲུབ་ཀྱི་དབུ་བརྒྱན། ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། མཆོད་པ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལའི་ནང་དུ་ཧཱུཾ་ལས་བྱུང་བའི་མེ་ཏོག་བདུག་སྤོས། མར་མེ་དྲི་ཆབ་ཞལ་ཟས་དང་གཞན་ཡང་མཆོད་རྫས་རྣམ་པ་དུ་མ་རྣམས་ཡེ་ཤེས་ཀྱི་རང་བཞིན་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནི་ཝི་ཏྱ། རྣམས་ལ་ཡང་སྦྱར། རང་གི་ཐུགས་ཀའི་ས་བོན་ལས་མཆོད་པའི་ལྷ་མོ་སྤྲོས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པར་གྱུར།


TNT11_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨརྒྷཾ་པྲཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཀྱི་མཆོད། དེ་ཉིད་ལྔ་པས་བསྟོད། སྒྲུབ་ཐབས་ལྟར་གཏོར་མ་བསངས་སྦྱངས་ནས་བརྩམས། བཱ་ལིཾ་ཏ་ཧ་ཧོ་ཕཊ། ཅེས་པ་ཡན་ཆད་ཀྱིས་གཏོར་མ་ཕུལ། །སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། བདེ་གཤེགས་ཐམས་ཅད་བདག་ལ་དགོངས། ཁྱེད་རྣམས་མཆོད་པའི་ཕྱིར་དང་ནི། །སློབ་མ་རྣམས་ལ་ཕན་གདགས་ཕྱིར། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་རླབས་གནང་བར་མཛོད། །ཅེས་ལན་གསུམ་བརྗོད་ཅིང་གནང་བ་ཐོབ་པར་བསམ། སའི་ལྷ་མོ་ལ་བསླང་བ་ནི། ལག་པ་གཡས་པ་ས་ལ་ལན་གསུམ་དུ་གདབ། ས་འོག་ནས་བྱོན་པའི་སའི་ལྷ་མོ་གསེར་གྱི་མདོག་ཅན། ཕྱག་གཉིས་དབང་པོར་ཁས་ལེན་པའི་ཕྱག་རྒྱ་དང་གསེར་གྱི་བུམ་པ་ཅན། ལྟེ་བ་ཡན་ཆད་ས་ལས་ཐོན་ནས། བདག་གི་བགྱི་ཞེས་གསུང་བཞིན་པར་གྱུར། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་གོང་བཞིན་མཆོད། ཨོཾ་ཨཱཿཧཱུཾ་གིས་གཏོར་མ་གཉིས་པ་བྱིན་གྱི་རླབས། ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་སོགས་ལན་གསུམ་གྱི་གསོལ་བ་བཏབ། །ལྷ་མོ་དེས་ཀྱང༌། ཁྱོད་ནི་སློབ་དཔོན་མཆོག་ཡིན་གྱི། །དཀྱིལ་འཁོར་གྱི་ནི་ལས་ཀྱིས་ཤིགཅེས་གསུངས་ནས་ས་ལ་ཐིམ་པར་གྱུར། གནས་ཀྱི་བདག་པོ་ལས་ས་བསླང་པ་ནི། ཨོཾ་ཨཱཿཧཱུཾ་གིས་གཏོར་མ་གསུམ་


TNT11_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱིན་གྱིས་རླབས། ཨ་ཀཱ་རོ༴ ལན་བདུན་ལ་སོགས་པའི་གཏོར་མ་ཕུལ། དྲིལ་བུ་དཀྲོལ་ཞིང༌། ས་ཕྱོགས་འདིར་ནི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་པ། །རྡོ་རྗེའི་སྤྱན་དང་སྙན་མངའ་བ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བདེ་གཤེགས་རྣམས་ལ་མཆོད་པ་དང༌། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་འདི་ཉིད་དུ། །དཀྱིལ་འཁོར་དམ་པ་ཆེར་འབྱུང་བ། །སྒྱུ་འཕྲུལ་ཆེན་མོ་རྒྱུད་ཀྱི་རྒྱལ། །དཀྱིལ་འཁོར་ཆེན་པོའི་ལས་བྱེད་པས། ཁྱོད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །ཅེས་ལན་གསུམ་བརྗོད། གསུམ་པ་ས་སྦྱང་བ་ལ། དང་པོ་དྲག་པོ་དང༌། ཞི་བའི་སྤྱིན་བསྲེག་གིས་སྦྱང་བ་ཡིན། གཉིས་པ་ལས་དང་བྱ་བས་སྦྱང་བ་སྤྱི་དང་མཐུན། གསུམ་པ་རྫས་སྔགས་ཀྱིས་སྦྱང་བ་ནི། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་ལན་མདུན་བཟླ་ཞིང་དྲི་ཆབ་གཏོར་རོ། །བཞི་པ་བསྲུང་བ་ནི། ཧཱུཾ་ཁཾ་སྟོང་པའི་ངང་ལས་ཧཱུཾ་ལཾ་ཡོངས་སུ་གྱུར་པ་ལས་གསེར་གྱི་ས་གཞིའི་དབུས་སུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་པས་རྡོ་རྗེ་ས་གཞི་དང་རྭ་གུར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད།


TNT11_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཏིང་ངེ་འཛིན་གྱིས་ས་བཟུང་བ་ནི། བླ་མ་དག་པའི་ཆོ་ག་ནས་བརྩམས་ཏེ་བཟླས་པའི་བར་དུ་རྫོགས་པར་ཉམས་སུ་བླང༌། སྔགས་རྣམས་ཀྱང་བརྒྱ་རྩ་རེ་ཙམ་བཟླ་བར་བྱའོ། །དྲུག་པ་བགེགས་སྦྱང་བ་ནི། ལས་ཀྱི་སློབ་དཔོན་ཡོད་ན། དེས་གསོལ་བཏབ་ཀྱི་བྱ་བ་བྱེད་པ་ཡིན་ལ། མེད་ན་སློབ་མ་གང་ཡང་རུང་བ་བཞིས་དུས་གཅིག་ཏུ་གསོལ་བ་གདབ། དེ་ཡང་མེད་ན་སློབ་མ་གཅིག་ཉིད་ཀྱིས་ཕྱོགས་བཞི་ནས་རིམ་པས་བྱས་ཀྱང་རུང་སྟེ། གང་ལྟར་ཡང་སློབ་དཔོན་གྱི་ཕྱོགས་བཞིར་མཆོད་པ་རྣམ་ལྔར་བཤམས། གོང་ལྟར་མཆོད་པ་བྱིན་གྱིས་བརླབས་ལ་འབུལ། གཞུང་ལས། རང་བཞིན་རྣམ་དག་སོགས་ཀྱིས་བསྟོད་པར་བཤད་ཀྱང༌། དེ་བོད་ན་མེད་པས་དེའི་ཚབ་ཏུ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱི་སྤྲུལ་པ་སྣ་ཚོགས་སྟོན་མཛད་པའི། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་པ། ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ་དཔལ་འདུད། །ཅེས་བསྟོད། དཀྱིལ་འཁོར་གཙོ་བོ་ཀུན་གྱི་དངོས། །སྡིག་པ་ཐབས་ཅད་ཟད་བྱེད་པ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ནི། །མགོན་པོ་ཆེན་པོས་བཤད་དུ་གསོལ། །དེས་ལན་གསུམ་གསོལ་བ་བཏབ། དེ་ནས། བདག་ཉིད་ཐུགས་རྗེའི་སྤྱན་གྱིས་འགྲོ་བ་མཐའ་དག་ལ་གཟིགས་ཏེ། །ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་བཞི་པོ་ཡོངས་སུ་དྲངས་ཏེ། རང་གི་ཞལ་བཞི་ལ་ཐིམ། གཞལ་མེད་ཁང་བསྲུང་བའི་འཁོར་ལོ་དང་བཅས་པ་ཡང་རང་གི་སྙིང་གར་ཐིམ།


TNT11_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མིག་གཡས་པར་མ་ལས་ཉི་མ། །གཡོན་པར་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་ལས་རྡོ་རྗེ་འབར་བ། རྐང་མཐིལ་གཉིས་སུ་ཨ་ལས་བྱུང་བའི་རྡོ་རྗེ་རྒྱ་གྲམ་གཉིས་སུ་གྱུར། ཧཱུཾ་རིང་པོ་ལན་མང་དུ་བརྗོད། ཁྲོ་བོའི་ཚོགས་ཀྱིས་བགེགས་བསྐྲད། རྡོ་རྗེ་རྒྱ་གྲམ་དང་བརྐྱང་བའི་འོད་ཟེར་གྱིས་ས་གཞི་དང་རྭ་གུར་དུ་གྱུར། དབུས་ནས་དབང་ལྡན་གྱི་མཚམས་སུ་འགྱིང་བག་དང་བཅས་རྡོ་རྗེ་དྲིལ་བུ་ཐོགས་ཏེ། ཧཱུཾ་སོང་ཤིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་པ། །བགེགས་ཀྱི་ཚོགས་ཆེན་མ་ལུས་ཀུན། །གནོད་པར་བྱེད་པའི་བགེགས་ཚོགས་རྣམས། །སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བ། །ང་ནི་དཔལ་ལྡན་རྡོ་རྗེ་དངོས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བྱེད། །གལ་ཏེ་ང་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང༌། །ཞི་བར་འགྱུར་བ་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཧཱུཾ་སོང་ཤིག༴ ཅེས་པ་མན་ཆད་ལན་གསུམ་བརྗོད། ཅུང་ཟད་སྤྲོས་པ་ལ་དགའ་ན་ཧཱུཾ་ཧཱུཾ་ཞེས་གླུར་ལེན་ཞིང༌། སྟང་སྟབས་རྣམས་སྐབས་འདིར་བྱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུཾ་ཕཊ། ཀྱིས་ཕུར་བུ་བྱིན་གྱིས་རླབས། ཨོཾ་གྷ་གྷ྄༴ སོགས་དང༌། ཨོཾ་བཛྲ་མུརྒ་ར༴ སོགས་ཀྱིས་ཕུར་གདབ་བྱ། བསྡུ་ན་ཧཱུཾ་ཞེས་བསྐོར་བ་


TNT11_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་མམ་གཅིག་གིས་ཀྱང་རུང་ངོ༌། །གཉིས་པ་སྟ་གོན་ལ། ལྷ་ལྷག་གནས། བུམ་པ་ལྷག་གནས། སློབ་མ་ལྷག་གནས་ཏེ་གསུམ་ལས། དང་པོ་ནི། དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་གིས་ཟླུམ་པོར་བྱུགས། དྲི་བཟང་གི་ཐིག་ལེ་ལྔ་ཚོམ་གྱི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་སྣ་ལྔ་མཆོད་ཡོན་དང་བཅས་པ་བཤམ། རྣལ་འབྱོར་གྱི་ཡོ་བྱད་རྣམས་ཚོགས་པ་བྱས་ཏེ། གོང་དུ་བཤད་པ་ལྟར་གནས་ཀྱིས་བདག་པོའི་གཏོར་མས། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་སྤྱི་དང་མཐུན་པའམ། གོང་བཞིན་མཆོད་པ་བྱིན་རླབས་བྱས་ནས། བླ་མ་དག་པ་ནས་བཟླས་པའི་བར་གྱི་བདག་བསྐྱེད་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཚོམ་བུའི་གནས་སུ་ཧེ་རུ་ཀ་ལྷ་ལྔ་ཡོངས་སུ་རྫོགས་པ་ནི། དབུས་སུ་ཨོཾ་ཨཱཿཧྲཱིཿཧཱུཾ་ཧཱུཾ་ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ་ཧཱུཾ་ཡོངས་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་སྔོན་པོ༴ ནས་དབུས་ན་བཞུགས་པའོ། །ཤར་དུ་ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ་ལས། རྡོ་རྗེ་མཁའ་འགྲོ་མ༴ ནས། ཐོད་པ་བསྣམས་པ༴ ལྷོར་ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲཱིཿ ཧཱུཾ་ལས་རིན་ཆེན་མཁའ་འགྲོ་མ། ནས། ཁ་ཊྭཱཾ་ག་བསྣམས་པ། ནུབ་ཏུ་ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ་ལས་པདྨ་མཁའ་འགྲོ་མ༴ ནས། མདའ་བསྣམས་པ། བྱང་དུ་ཨོཾ་བི་ཤྭཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ་ལས་སྣ་ཚོགས་མཁའ་འགྲོ་མ༴ ནས། ཌཱ་མ་རུ་བསྣམས་པའོ། །ལྷ་མོ་ལྔ་ནི༴ ཞེས་པ་ནས། འཛིན་པའོ། །


TNT11_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མཆོད་ཡོན་དང་ཉེར་སྤྱོད་ལྔས་མཆོད། མཆེ་བ་གཙིགས་ཤིང༌། ནས། ཕྱག་འཚལ་བསྟོད། ཊཀྐི་ཧཱུཾ་ཛཿ ཊཀྐི་ཧཱུཾ་ཧཱུཾ། ཊཀྐི་ཧཱུཾ་བཾ། ཊཀྐི་ཧཱུཾ་ཧོཿ ཞེས་པས་བསྲེས། རང་གི་སྙིང་གའི་འོད་ཀྱི་དབང་གི་ལྷ་སངས་རྒྱས་བྱང་སེམས༴ ཞེས་པ་ནས། དོན་གྲུབ་ཀྱིས་དབུ་རྒྱན། གོང་ལྟར་མཆོད་པ་བྱིན་གྱིས་རླབས་ལ། ཨོཾ་ཤྲཱི་ཧེ་རུ་ཀ་པཉྩ་ཌཱ་ཀི་ནཱི་ཨརྒྷཾ་པྲ་ཏཱིཙྪ་ཨཱ་ཧཱུཾ། དེ་བཞིན་དུ་པདྱཾ་ནས། ཤཔྟའི་བར་གྱིས་མཆོད། ལྷ་སོ་སོའི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད། མཁའ་འགྲོ་ལྔ་དཔག་ཏུ་མེད་པ་སྤྲུལ་ཏེ་རྗེས་སུ་ཆགས་པས་མཉེས་པར་བསམ་ལ། ཧཱུཾ་ཞེས་བརྗོད་པས་གསང་བའི་མཆོད་པ་རྣམས་བྱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་བསྟོད། སྤྲོས་པ་ལ་དགའ་ན་དངོས་གཞིའི་མདུན་བསྐྱེད་ཀྱི་སྐབས་ལྟར་མཆོད་བསྟོད་རྒྱས་པ་བྱས་ཀྱང་རུང་ངོ༌། །དེ་ནས་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། །ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །སངས་རྒྱས་མཁའ་འགྲོ་མ་དང་ལྡན། །ཕྱོགས་བཞིའི་མཁའ་འགྲོ་མ་རྣམས་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་ཕྱིར་དང༌། ཁྱེད་ལ་ཡང་ནི་མཆོད་པའི་ཕྱིར། །


TNT11_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྔགས་སྡིག་འཇིག་བྱེད་པའི། །ནངས་པར་དཀྱིལ་འཁོར་འབྲི་ལགས་ན། །རྗེས་སུ་རྩེ་བར་དགོངས་ནས་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་སྙན་གསན་དབབ། གཉིས་པ་ནི། ལྷ་ལྔའི་བུམ་པ་ལ་རིགས་ལྔའི་མཚན་མ་དང༌། ལས་བུམ་ལ་རྡོ་རྗེ་རྒྱ་གྲམ་འབྲི། གཞི་དཀར་པོའི་སྟེང་དུ་མེ་ཏོག་བཀྲམ་པ་ལ་ལྷའི་རིམ་པ་འགོད། སུམྦྷའི་སྔགས་བཟླ་ཞིང་གུ་གུལ་བདུག །ཡུངས་ཀར་གྱིས་བྲབས་ལ་བཞག །བུམ་པ་རྣམས་བསངས་སྦྱངས་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ལྷའི་བཞུགས་གནས་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར་པ་སོ་སོའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་རྣམས་ཀྱི་འོད་ཀྱི་འཕྲོ་འདུ་ལས་རྡོ་རྗེ་དང་མདའ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་ཧཱུཾ་ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་རྣམས་ཀྱི་མཚན་པ། དེ་རྣམས་ལས་སྐུ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་བུམ་པར་དཔལ་ཧེ་རུ་ཀ༴ སོགས་དང༌། ཤར་གྱི་བུམ་པར་རྡོ་རྗེ་མཁའ་འགྲོ་མ༴ སོགས་དང༌། ལྷོའི་བུམ་པར་རིན་ཆེན་མཁའ་འགྲོ་མ༴ སོགས་དང༌། ནུབ་ཀྱི་བུམ་པར་པདྨ་མཁའ་འགྲོ་མ༴ སོགས་དང༌། བྱང་གི་བུམ་


TNT11_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣ་ཚོགས་མཁའ་འགྲོ་མ༴ སོགས་དང༌། ལྷ་མོ་ལྔ་པོ་ནི༴ ནས། འཛིན་པའོའི་བར་རྣམས་ལྷ་སྟ་གོན་གྱིས་རིགས་འགྲེ། སྙིང་གའི་ཧཱུཾ་གི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། ལྷ་སྟ་གོན་གྱི་སྐབས་ལྟར་མཆོད་བསྟོད་བྱས་ལ། བུམ་པའི་སྟེང་དུ་ཐོད་པའམ་དུང་ཆོས་བདུད་རྩིས་གང་བ་བདུད་རྩི་ལ་རེག་པ་ཙམ་དུ་རྡོ་རྗེ་གཟུངས་ཐག་དཔྱངས། གཟུངས་ཐག་ཁ་རྒྱན་ལ་བཅིང༌། སྣེ་མོ་ནས་སློབ་དཔོན་གྱིས་བཟུང་ངོ༌། །སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པར་སོང་བས་ལྷ་ལྔ་བུམ་ཆུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པས་བུམ་པ་གང་བར་གྱུར། སོ་སོར་སྔགས་བརྒྱ་རྩ་རེ་བཟླའོ། །ཀ་པཱ་ལའི་བདུད་རྩི་བུམ་པ་སོ་སོར་བླུག །བུམ་པའི་ལྷ་རྣམས་ཟག་པ་མེད་པའི་བདེ་བས་ཐུགས་རྒྱུད་ཚིམ་སྟེ། བདུད་རྩིར་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ལས་བུམ་སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཚང་བའི་ནང་དུ། ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས་ཤིང༌། པད་ཉི་ལ་གཡོན་བརྐྱང་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པ། རང་གི་སྙིང་གའི་འོད་ཀྱིས་ཁྲོ་བོ་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ མཆོད་པ་ལྔས་


TNT11_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། གཟུངས་ཐག་གོང་བཞིན་བཤམ། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པར་སོང་བས། ཁྲོ་ཆུང་བུམ་ཆུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པས་བུམ་པ་གང་བར་གྱུར། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྒྱ་ཙམ་བཟླས་ལ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༴ ཞེས་སོགས་ཀྱི་བསྟོད། རྣལ་འབྱོར་པ་བདག་ཅག་དཔོན་སློབ་རྣམས་ཀྱིས་ཆོ་གའི་རིམ་པ་འདི་མ་ཐོན་གྱི་བར་དུ་བགེགས་བཟློག་པ་དང༌། བར་ཆད་ཐམས་ཅད་བསྲུང་དུ་གསོལ། ཞེས་གསོལ་བ་བཏབ་ལ་བཞག །མར་རྔོག་གི་ལུགས་ལ་ལས་བུམ་གྱི་ལྷ་མི་བཞུ་མོད་ཅི་ལྟར་སྐབས་སུ་བབ་པས་རུང་ངོ༌། །གསུམ་པ་ནི་སློབ་མའི་བྱ་བ་ཡིན་ཡང་དཀྱིལ་འཁོར་གྱི་ལས་ཀྱི་སྐབས་འདིར་འབྲེལ་ཆེ་བས་ཞོར་ལ་བསྟན་པ་སྟེ། སློབ་མ་རྣམས་ལ་སྔོན་འགྲོའི་ཆོས་བཤད་བྱ། དེས་ཀྱང་མཎྜལ་འབུལ། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདི་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་པ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །


TNT11_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་ཅིང་དོན་བཤད། དེ་ནས་གསོལ་བ་བཏབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོས་བདག་འཇུག་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས། སློབ་དཔོན་གྱིས་སློབ་མ་དེ་འོད་ཀྱི་གོང་བུར་བྱས་ལ། རང་གི་ཞལ་དུ་ཞུགས། ཨ་ཝ་དྷཱུ་ཏཱི་ནས་ཡུམ་གྱི་པདྨར་བབས། ཧེ་རུ་ཀའི་གཟུགས་ཀྱིས་ཕྱིར་སྤྲོས་པ་ལ། སྔགས་ཀྱི་ཐེག་པར་བློ་དགུག་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཀྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །མཉམ་ཉིད་ཡེ་ཤེས་ཐོབ་པ་ནི། །རྡོ་རྗེ་རབ་སྔགས་སྒོམ་པས་སོ། །གསང་སྔགས་སྦྱོར་བ་མཉམ་མེད་དང༌། །ཧེ་རུ་ཀ་དཔལ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །


TNT11_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་པའམ་འགྱུར་སྤྱི་དང་མཐུན་པར་བརྗོད་དེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས་འདི་ལ་མོས་པ་དང་གུས་པ་རྩེ་གཅིག་ཏུ་གྱིས་ཤིགབྱས་ལ་སྤྲོ་བ་བསྐྱེད་དོ། །དེ་ནས་རྣ་བ་གཏད་པར་བསྐུལ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པའི་ཉོན། །རྗེད་ངེས་བློ་ལ་བདེ་བར་གཤེགས་པ་སོགས། །ཡི་དམ་མཁའ་འགྲོ་རྣམས་ཀྱིས་བྱིན་མི་རློབ། །ཅེས་བརྗོད། དེ་ནས་སློབ་མའི་རྒྱུད་ཡོངས་སུ་དག་པའི་དོན་དུ་ལྔ་རྣམ་པར་དག་པར་བྱས་ཏེ། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་སོ་སོར་བཤགས་པར་བགྱི། །ཞེས་པས་སྡིག་པ་བཤགས་པ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་དང༌། །སྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ༌། །ཞེས་པས་རྗེས་སུ་ཡི་རང་བ་དང༌། སྒྱུ་འཕྲུལ་གཙོ་བོ་ཡབ་ཡུམ་དང༌། །མཁའ་འགྲོ་མ་དང་བཅས་པ་དང༌། །གསང་སྔགས་ཐེག་པ་བླ་མེད་པའི། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །ཞེས་པས་སྐྱབས་སུ་འགྲོ་བ་དང༌། དུས་གསུམ་བདེ་གཤེགས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །


TNT11_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཞེས་པས་སེམས་བསྐྱེད་དང༌། བདག་གི་དགེ་བའི་ལས་རྣམས་ཀྱིས། །འཇིག་རྟེན་མྱུར་དུ་སངས་རྒྱས་ཤོག །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །ཞེས་པས་དགེ་བའི་རྩ་བ་བསྔོ་ཞིང༌། དམ་བཅའ་བ་རྣམས་ལན་གསུམ་གསུམ་རྗེས་བཟློས་བྱེད་དུ་བཞུག་གོ །དེ་ནས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། སྡོམ་པ་བཟུང་བར་ཁས་བླངས་པ་ནི། །འགྲོ་བའི་མགོན་པོ་བདག་ལ་དགོངས། །མ་ལུས་ཕྱོགས་བཞུགས་བདེ་གཤེགས་རྣམས། །དུས་འདི་ནས་བཟུང་སངས་རྒྱས་པར། །བླ་མེད་བདག་ལ་གཟིགས་པར་མཛོད། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་དུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་


TNT11_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང༌། །རང་གི་དམ་ཚིག་བསྲུང་བར་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་ཀྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་རྗེས་བཟློས་བྱེད་དུ་གཞུག་གོ །སློབ་མ་རྣམས་སྐད་ཅིག་གིས་ཧེ་རུ་ཀར་གྱུར། གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བཀོད། དེ་ཉིད་དུ་འབྲུ་གསུམ་དང་ཕྱག་མཚན་གསུམ་དུ་བསྐྱེད། མི་བསྐྱོད་སྣང་མཐའ་རྣམ་པར་སྣང་མཛད་རྣམས་སྤྱན་དྲངས་ཏེ་བསྟིམ། དེ་ལ་མཆོད་པ་ལྔས་མཆོད། དངོས་གྲུབ་ཀྱི་ལྟས་བཏགས་པའི་དོན་དུ། སོ་ཤིང༌། ཨོཾ་ཨཱཿཧཱུཾ་གིས་སློབ་མ་ལ་གཏད། དེའི་རྣམ་ལྔའི་མཎྜལ་གྱི་སྟེང་དུ་འདོར་དུ་གཞུག་པ་སྤྱི་དང་མཐུན། དེ་ནས་ཁྱོར་ཆུ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་དྷཱ་ཏུ་སརྦ་པཱ་བཾ་ནི་


TNT11_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱ་སྱ་ཤོདྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ཏེ་ཧུབ་གསུམ་འཐུང་དུ་གཞུག དེ་ནས་ཀུ་ཤ་འབྲུ་གསུམ་དང༌། དྲི་བཟང་གི་ཆུས་བསངས་ལ། སྔས་དང་གཏན་སྟན་གྱི་དོན་དུ་སྦྱིན། བར་ཆད་ཞི་བའི་དོན་དུ་བསྲུང་སྐུད་ལ་སྙིང་པོ་ལན་བདུན་བཟླས་པ་སློབ་མའི་དཔུང་པར་བཅིང་ངོ༌། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་པ་ནི། འཇིག་རྟེན་ཁམས་ནི་མ་ལུས་པར། །ཐམས་ཅད་མཁྱེན་པ་འབྱུང་མི་འབྱུང༌། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་ན་མེད་པ་བྱེད་ནུས་པ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདི། །སེམས་ཅན་སངས་རྒྱས་ཐོབ་བྱེད་པའོ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང༌། །དེ་ཀུན་ཟད་པར་གྱུར་པ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །ཞེས་བརྗོད་དེ་དོན་བཤད་དོ། །རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་སྤྱི་དང་འདྲ། དེ་ནས་རྗེས་ཀྱི་བྱ་བ་ནི། ཚོགས་ཀྱི་བྱ་བ་ཡོད་ན་སྐབས་འདིར་བྱ་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྒྲུབ་ཐབས་ལྟར་གཏོར་མ་ཕུལ། སློབ་དཔོན་ཡོལ་བའི་ནང་དུ་སོང་ནས། མཆོད་པ་གསར་དུ་བཤམ། གོང་ལྟར་བྱིན་གྱིས་བརླབས་ནས་འབུལ་བ་དང༌། དེ་ཉིད་ལྔ་པའི་བསྟོད་པ་བྱ། མ་འབྱོར་པ་དང་ཉམས་པ༴ སོགས་ཀྱིས་བཟོད་པར་གསོལ་


TNT11_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཆད་སྐང་བའི་དོན་དུ་ཡིག་གེ་བརྒྱ་བ་ཅི་རིགས་པར་བཟླས། བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་དང་སློབ་མ་སྔོན་དུ་འགྲོ་བའི་སེམས་ཅན་ཐམས་ཅད་ལ་བར་ཆད་ཞི་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བརྗོད། དེ་ཉིད་ཀྱི་ནུབ་མོར་མར་མེ་བདུག་སྤཽས་སོགས་མཆོད་པ་རྒྱུན་མ་ཆད་པར་བྱའོ། །ནང་པར་ཉི་མ་མ་ཤར་བའི་སྔོན་དུ་མཆོད་པ་གཅིག་བཤམ། རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང༌། ཨོཾ་བེ་གཱ་ཀྲ་མ་ཧོཿ ཞེས་པའི་སྔགས་ཀྱིས་སྟ་གོན་ཀྱི་དཀྱིལ་འཁོར་ནམ་མཁར་བཏེག་གོང་བཞིན་མཆོད་པ་བྱིན་རླབས་དང་མཆོད་བསྟོད་བྱ། དཔལ་སྒྱུ་འཕྲུལ་ཆེན་མོའི་ལྷ་ཚོགས་རྣམས་དོ་ནུབ་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁར་བཞུགས་ལ། བདག་ཅག་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅེས་བརྗོད། གསུམ་པ། དཀྱིལ་འཁོར་ཞག་གི་ཆོ་ག་ལ། ཐིག་ཚོན་གྱི་ཆོ་ག །དཀྱིལ་འཁོར་བརྒྱན་པ། དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་པ་སྟེ་བཞི་ལས། དང་པོ་ནི་ཐིག་སྐུད་ཆང་བུ་ལྔ་ལྔ་ཚོམ་དུ་བཞག །ཚོན་སྣ་ལྔ་ཐོད་པར་བླུགས་པ་ལ་རིགས་ལྔའི་ས་བོན་སོ་སོར་འབྲི། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། བྷྲུཾ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ཨཾ་ལས་རིན་འབྱུང་སེར་པོ་ནོར་བུ་དང་དྲིལ་བུ་འཛིན་པ། ཛྲིཾ་ལས་འོད་དཔག་


TNT11_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཁཾ་ལས་དོན་གྲུབ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རང་སྣང་གི་ཡུམ་དང་བཅས་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་རིགས་ལྔ་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། མཆོད་ཡོན་སྔོན་དུ་འགྲོ་བའི་མེ་ཏོག་སོགས་ཀྱིས་མཆོད་དེ་ཉིད་ལྔ་པའམ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༴ སོགས་ཀྱིས་བསྟོད། རིགས་ལྔ་འོད་དུ་ཞུ་སྟེ་ཐིག་ཚོན་དུ་གྱུར། དེ་ནས། ཨོཾ་ཨ་ནོ་ནྱཿཨ་ནུ་ག་ཏ་སརྦ་དྷརྨ་པ་ར་སྤ་ར་ཨ་ནུ་པྲ་བིཥྟ་སརྦ་དྷརྨཿཨཪྱནྟ་ཨ་ནུ་པྲ་བིཥྟ་སརྦ་དྷརྨཿཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་ཐིག་སྐུད་བསྒྲིལ། དེ་ཉིད་བདུད་རྩི་ལྔའི་ཆུ་ལ་སྦངས་ཏེ། ཛྫཿཛྫཿཞེས་བརྗོད་ཅིང་ཐིག་སྣ་སློབ་མའི་ལག་ཏུ་གཏད། སློབ་མས་ཀྱང་དེ་སྐད་བརྗོད་ཅིང་དྲངས། །སློབ་དཔོན་ནུབ་དང་ལྷོར་གནས་ལ། །སློབ་མ་ཤར་དང་བྱང་ཕྱོགས་སུ། །འདུག་སྟེ་རྣམ་གཉིས་ཚངས་ཐིག་གདབ། །སློབ་དཔོན་མེ་དང་རླུང་གནས་ཏེ། །སློབ་མ་དབང་ལྡན་བདེན་བྲལ་དུ། །འདུག་ལ་ཤར་དང་ནུབ་གདབ་བོ། །དེ་ཉིད་གནས་དང་སློབ་མ་ནི། །དབང་ལྡན་གནས་པས་བྱང་གི་ཐིག །བྱིན་ཟ་སྲིན་པོར་གནས་པས་ལྷོ། །དེ་ཉིད་གནས་དང་བདེན་བྲལ་དང༌། །སློབ་མ་རླུང་དང་དབང་ལྡན་དུ། །གནས་པས་མཚམས་ཀྱི་ཐིག་གདབ་བོ། །དེ་དག་གི་ཚེ་ཨོཾ་བཛྲ་ས་མཱ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང༌། རྡོ་རྗེ་དང་བཅས་པའི་ལག་པས་གནམ་ཐིག་ཏུ་


TNT11_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། དེ་ནས། ཨོཾ་བཛྲ་མུཿ ཡེ་ཐིག་གི་ཡེ་ཤེས་པ་གཤེགས། །ལས་ཐིག་གཞན་ཡོད་ན་དེ་དང་མེད་ན་ཡེ་ཐིག་དེ་ཉིད་ཀྱིས་ལས་ཐིག་མཛད། ཆ་ཆེན་ཉི་ཤུར་བྱས་ནས་ནི། །གཡས་གཡོན་དག་ཏུ་བཅུ་བཅུ་སྟེ། །དང་པོ་ལྟེ་བ་གསུམ་འདབ་མ། །ཟེའུ་འབྲུ་རྡོར་འཕྲེང་དེ་ནང་བསྐོར། །བཞི་པ་ལྷ་སྣམ་དག་ཏུ་བྱ། །ལྷག་མ་རྟ་བབས་རྣམ་བཞི་ལུགས། །སྤྱི་དང་མཚུངས་སོ་དགུ་པ་ལ། །དུར་ཁྲོད་བཅུ་པ་ཕྱེད་དུ་བསྒོས། །རྭ་བ་དང་ནི་མེ་རིའི་ས། །ཞེས་སོ། །དབང་ལྡན་དུ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རེ་ཁ་ལྔ་འཁྱིད་གང་ཙམ་དུ་སློབ་དཔོན་ཁོ་ནས་བྲིས་ཏེ། ཐོད་པས་བཀབ། དེའི་སྟེང་དུ་རྡོ་རྗེ་བཞག །མེ་ཏོག་འགའ་ལག་ཏུ་བཟུང་ནས། འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་རབ་དགྲོལ་བྱེད། །སྒྱུ་འཕྲུལ་ཞེས་བྱ་རྒྱལ་པོ་ཆེ། །ཚོན་གྱི་ལས་ནི་ཡང་དག་བརྩམ། །ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་ཐམས་ཅད་ཀྱིས་ཅི་འདོད་དུ་བྲི་བར་བྱ་སྟེ། ལྟེ་བ་སྔོན་པོ་ཟེའུ་འབྲུ་ཁྲ་བོ་འདབ་བརྒྱད་དམར་པོ་གོང་རིས་མཛེས་ཚོན། གཞི་དཀར་པོ་ལ་རྡོ་རྗེ་སྔོན་བོའི་འཕྲེང་བ། ལྷ་སྣམ་ཕྱོགས་མདོག་འདོད་ཡོན་དམར། ཕ་གུ་སེར་དྲ་ཕྱེད་སྔོ་སྒོ་རྟ་བབས་སྤྱི་དང་མཐུན། དུར་ཁྲོད་གཞི་ནག་པོ་ལ་མཚན་མ་དཀར་པོ། རྭ་བ་དཀར་པོ་ལ་རྡོ་རྗེ་སྔོན་པོ། མེ་རི་ཁ་དོག་སྣ་ཚོགས་པའོ། །ལྷ་མཚན་ནི་དབུས་ཀྱི་ལྟེ་བ་ལ་ཐོད་པ་དང་ཁ་ཊྭཱཾ་ག །འདབ་མ་ལ་ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི། མཚམས་བཞིར་བུམ་ཐོད། ལྷ་སྣམ་ལ་བཀྲ་


TNT11_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བུམ་པ་བརྒྱད་རྣམས་བྲིའོ། །གཉིས་པ་ནི། ཁང་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། གཞུང་ལས། སྐབས་འདིར་བུམ་པ་བསྐོར་བར་བཤད། མཆོད་པའི་བྱེ་བྲག་རྣམས་ནི་བཅུ་ལས་མི་ཉུང་བ་བཤམ་པ་དང༌། བསྡུ་ན་གཏོར་མ་གཉིས་སུ་བཤམ། གཞན་དུ་ན། ལྷ་ལྔ་དང༌། ཕྱོགས་སྐྱོང་དང༌། ཞིང་སྐྱོང་དང༌། གཞི་བདག་གི་གཏོར་མ་སྟེ་བརྒྱད་བཤམ། སྒོས་ཀྱི་ཆོས་སྐྱོང་སོགས་ཀྱི་གཏོར་མ་ཡོད་ནའང་བཤམ་མོ། །གསུམ་པ་ནི་སློབ་དཔོན་གྱི་མདུན་དུ་མཆོད་པ་ལྔ་དང༌། རྡོར་དྲིལ་ཅང་ཏེའུ་ནང་མཆོད་བཟེད་ཞལ་མཆོད་ཡོན་གྱི་སྣོད་སོགས་ཚོགས་པར་བྱས། ཧཱུཾ་ཞེས་བརྗོད་ཅིང༌། ཨོཾ་བཛྲ་རཀྵ༴ སོགས་ལན་གསུམ་གྱིས་བསྲུང་བར་བྱ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རྡོ་རྗེའི་རྩེས་དཀྱིལ་འཁོར་དང་ཡོ་བྱད་རྣམས་ལ་བསངས་གཏོར་བྱ་ཞིང༌། ཨོཾ་ཨཱཿཧཱུཾ། ཞེས་ལན་མང་དུ་བརྗོད། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་བྱ། ལྷ་མཚན་རྣམས་སྐད་ཅིག་གིས་འོད་ཀྱི་གོང་བུར་གྱུར། དེའི་རྐྱེན་གྱིས་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ། ཐབས་ཤེས་རབ་ཀྱི་རང་བཞིན་སྐད་ཅིག་གིས་གསལ་བར་གྱུར་པ་ནི། ཉི་མའི་དཀྱྀལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ས་གཞི་དང་༴ ཞེས་པ་ནས། ཡོངས་སུ་བསྐོར་བའི། ཞེས་པའི་བར་སྒྲུབ་ཐབས་བཞིན་ལས། ཨེ་ལས་ཞེས་དང༌། ཡཾ་ལས། རཾ་ལས། བཾ་ལས། ལཾ་ལས། པཾ་ལས། ཧཱུཾ་ལས། བྷྲུཾ་ལས་ཞེས་པ་རྣམས་དོར། དབུས་སུ་པདྨ་དམར་


TNT11_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདབ་མ་བརྒྱད་པ། དའི་ལྟེ་བ་དང་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་རེ་རེ། མཚམས་ཀྱི་འདབ་མ་ལ་བུམ་པ་བདུད་རྩིས་གང་བ། ལྷ་སྣམ་ལ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་བཅས་པ། དབུས་ཀྱི་མཚན་པ་དཔལ་ཧེ་རུ་ཀ་སྔོན་པོ༴ ནས། དབུས་ན་བཞུགས་པའོ། །ཤར་གྱི་འདབ་མའི་མཚན་པ་རྡོ་རྗེ་མཁའ་འགྲོ་མ༴ ནས། ཐོད་པ་བསྣམ་པ། ལྷོའི་འདབ་མའི་མཚན་མ་རིན་ཆེན་མཁའ་འགྲོ༴ ནས། ཁ་ཊྭཱཾ་ག་བསྣམས་པ། ནུབ་ཀྱི་འདབ་མའི་མཚན་པདྨ༴ ནས། མདའ་བསྣམས་པ། བྱང་གྱི་འདབ་མའི་མཚན་མ་སྣ་ཚོགས༴ ནས།ཌཱ་མ་རུ་བསྣམས་པ། ལྷ་མོ་ལྔ་ནི༴ ནས། འཛིན་པའོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་བཛྲ་ས་མཱ་ཛཿ མཆོད་བསྟོད་པ་ཞིག་བྱ། ཊཀྐི་ཧཱུཾ་ཛཿ སོགས་སྔགས་བཞིས། གཉིས་སུ་མེད་པར་བསྲེས། ཨོཾ་བཛྲ་པྲ་བེ་ཤ་ཡ་ཧཱུཾ། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་གྱུར། ཨོཾ་བཛྲ་ཨུརྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ཕྱག་རྒྱ་དང་བཅས་པ་ལན་བཞིས་སྒོ་ཕྱེ། བླ་མ་དག་པ༴ ནས།བརྩམས་ཏེ། བཟླས་པ་ཐུན་གཅིག་བྱ་བ་ཡན་ཆད་མངོན་རྟོགས་རྫོགས་པར་བསྒོམ། ཛཿཧཱུཾ་བཾ་ཧོཿ ལན་བདུན། བདག་བསྐྱེད་ཀྱི་དཀྱིལ་འཁོར་དང་གཟུགས་བརྙན་དཀྱིལ་འཁོར་གཉིས་སུ་མེད་པར་ཐིམ། གཞུང་ལས་སྐབས་འདིར་བུམ་


TNT11_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀྱིལ་འཁོར་ལ་འགོད་པར་བཤད་དོ། །གཙོ་བོ་ཡབ་ཡུམ་གྱི་སེ་གོལ་གྱི་སྒྲ་དང་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱུང་བའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། བདག་གི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་སྤྲོས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡུམ་གྱི་མཁའ་ནང་ནས་ཕྱིར་ཕྱུང༌། མདུན་གྱི་ནམ་མཁར་གནས་པར་གྱུར། ཧཱུཾ་ཞེས་བགེགས་བསྐྲད། བླ་མ་དག་པའི་སྐབས་ལྟར་མཆོད་པས་མཆོད། དེ་ཉིད་ལྔ་པས་བསྟོད། ཊཀྐི་ཧཱུཾ་ཛཿ སོགས་ཀྱིས་དཀྱིལ་འཁོར་ལ་དགུག་གཞུག་བྱ། སྙིང་གའི་འོད་ཀྱིས་དབང་གི་ལྷ་སངས་རྒྱས་བྱང་སེམས༴ ཞེས་པ་ནས། དབུ་རྒྱན་གྱི་བར། དཀྱིལ་འཁོར་ལ་དབང་བསྐུར་རྒྱས་གདབ་བྱ། མཆོད་རྫས་རྣམས་ལ་དམིགས་ཏེ། ཧཱུཾ་ཞེས་བགེགས་བསྐྲད། ཡི་གེ་འབྲུ་གསུམ་མང་དུ་བརྗོད་པས་བྱིན་གྱིས་བརླབས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། སོགས་ཀྱི་ཚིགས་བཅད་དང་སྦྱར་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་པཉྩ་ཌཱ་ཀི་ནཱི་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུཾ། སོགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་དང༌། ཁ་དོག་དབྱིབས་ལེགས༴ སོགས་ཀྱིས་འདོད་ཡོན་ལྔ་དང༌། བདེ་བར་གཤེགས་པ་ཐམས་ཅད་ལ་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང༌། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སོགས་ཀྱིས་སྒེག་སོགས་བརྒྱད་རྣམས་ཀྱིས་མཆོད་དོ། །ནང་མཆོད་ནི། གཏོར་མ་ལྟར་བྱིན་གྱིས་རླབས། ཧེ་རུ་ཀ་དཔལ་


TNT11_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོ་མ། །ཀུ་ཀུ་རཱི་པ་མཚོ་སྐྱེས་རྡོ་རྗེ་དང༌། །ཊོམྦི་པ་དང་ཏིལླི་ནཱ་རོ་པ། །ཞི་བ་བཟང་པོ་ཆོས་ཀྱི་བློ་གྲོས་དང༌། །ཆོས་ཀྱི་རྡོ་རྗེ་ཞེ་སྡང་རྡོ་རྗེ་དང༌། །རྔོག་སྟོན་ཀུན་དགའ་རྔོག་སྟོན་གཟི་བརྗིད་གྲགས། །རིན་བཟང་ཆོས་རྒྱལ་པ་དང་དོན་གྲུབ་དཔལ། །བྱང་ཆུབ་དཔལ་བཟང་བྱང་ཆུབ་དཔལ་གྲུབ་དང༌། །བཀྲ་ཤིས་དཔལ་གྲུབ་བློ་གྲོས་དཔལ་བཟང་དང༌། །གྲོལ་མཆོག་ཞབས་དང་རྗེ་བཙུན་ལྷ་དབང་གྲགས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། ཨོཾ་ཨཱཿཧཱུཾ། དེ་ནས་ལྷ་སོ་སོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ཏེ། མཐེབ་སྲིན་གཡོན་པས་བླངས་ལ་འབུལ། སླར་ཡང་འབྲུ་གསུམ་ལན་བརྒྱད་ཀྱིས་དུར་ཁྲོད་གནས་པ་རྣམས་ལ་འབུལ། ཆོས་སྐྱོང་དང་གཞི་བདག་གི་བར་ལ་འབུལ་བར་སྤྲོ་ནའང་བར་འདིར་འབུལ་ལོ། །གསང་བའི་མཆོད་པ་ནི། སངས་རྒྱས་མཁའ་འགྲོ་མའི་མགོ་བོར༴ ཞེས་པ་ནས། ཨ་ཝ་དྷུ་ཏཱིའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་སྐུའི་ཆ་ཐམས་ཅད་དུ་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐུ་ཉམས་སུ་བསྟར་བར་གྱུར། །ཞེས་སོ། །དེ་ནས་བསྟོད་པ་ནི། མཆེ་བ་གཙིགས་ཤིང་༴ སོགས་དང༌། དེ་ཉིད་ལྔ་པ་དང༌། གྲུབ་ཐོབ་ཀུ་ཀུ་རཱི་པ་ཉིད་ཀྱིས་མཛད་པའི་བསྟོད་པ་འདིས་ཀྱང་བསྟོད་དེ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོར་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་


TNT11_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཡེ་ཤེས་མཁའ་འགྲོ་མ། །ལྷན་ཅིག་སྐྱེས་པའི་རོ་སྙོམས་ཤིང༌། །བདག་མེད་ངོ་བོ་ཕྱག་རྒྱ་ཆེ། །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་མཆོག་རྣམ་པར་དག །འགྱུར་བ་མེད་པའི་རྡོ་རྗེའི་དབྱིངས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །མཆོག་སྦྱིན་མ་ནི་བདེ་བ་ཆེ། །མི་ཟད་རྡོ་རྗེ་ནོར་བུའི་དབྱིངས། །བླ་ན་མེད་པའི་དབང་བསྐུར་བ། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །དྲི་མེད་ཆོས་ནི་རྣམ་པར་དག །སྐུ་གསུང་ཐུགས་ནི་མཚན་མ་བྲལ། །དྲི་མེད་ཡེ་ཤེས་ཆེ་བརྙེས་པ། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་ལས་ནི་ཐོགས་པ་མེད། །རྣལ་འབྱོར་དབང་ཕྱུག་འགྲོ་བའི་མགོན། །ནན་ཏན་ཡེ་ཤེས་ཆེ་བརྙེས་པ། །ལས་ཀྱི་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པའོ། །བར་འདིར་སྦྱིན་བསྲེགས་དང༌། །ཚོགས་ཀྱི་འཁོར་ལོའི་མཆོད་པས་ཀྱང་མཆོད། དེ་ནས་གཏོར་མ་གཉིས་ཁོ་ན་བཤམས་ན། །གཏོར་ཆོག་ལྟར་གཏོར་མ་འབུལ། བརྒྱད་བཤམས་པ་ལྟར་ན། གཏོར་མ་དང་པོ་ལྔ་འཇིག་རྟེན་འདས་འཁོར་དང༌། དྲུག་པ་ཨ་ཀཱ་རོ། ལན་བཅུས་ཕྱོགས་སྐྱོང་དང༌། བདུན་པ་གཏོར་ཆོག་ལྟར་ཞིང་སྐྱོང་དང༌། བརྒྱད་པ་གཞི་བདག་གཏོར་མ་ནི་ཁ་འབར་མའི་སྔགས་ཀྱིས་བཏང་ངོ༌། །སྒོས་ཀྱི་ཆོས་


TNT11_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཡོད་ནའང་སྐབས་སུ་གང་བབ་ཏུ་བྱའོ། །དེ་ནས་བླ་མ་གོང་མ་རྣམས་ནི་སྐབས་འདིར་དམ་ཚིག་གསུམ་གྱི་གླུ་བླངས་བར་བཞེད་དེ། འོན་ཀྱང་གཞུང་ལས་མ་བཤད་པས་བསྡུ་ན་མེད་ཀྱང་ཆོག་གོ །བཞི་པ་ནི། སློབ་མ་ལ་དབང་བསྐུར་བ་དེ་ཙམ་ཞིག་བདག་འཇུག་བླང་ངོ༌། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བ་དངོས་ནི། ཡོལ་བའི་ཕྱི་རོལ་དུ་སྔོན་འགྲོའི་ཆོས་བཤད། སློབ་མས་མཎྜལ་ཕུལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས། མཐོང་བར་ཤོག་གི་བར་བདེན་སྟོབས་བརྗོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ་གིས་གདོང་བཅིང༌། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཡོལ་བའི་ནང་དུ་བཅུག །གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབས་བཞིན་པས། ལས་ཐམས་ཅད་པའི་སྔགས་ཀྱིས་བགེགས་བསྐྲད། བུ་ཁྱོད་སུ་ཡིན་དྲིས་པ་ལ། བདག་སྐལ་བ་བཟང་པོ་ཅན་ལགས། ཞེས་ལན་གདབ་ཏུ་གཞུག དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་དཀྱིལ་འཁོར་ལ་གསོལ་བ་གདབ། དཀྱིལ་འཁོར་གྱི་སྒོ་བཞི་ཡིད་ཀྱིས་ཕྱེ་བར་མོས།


TNT11_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མས་གནས་གསུམ་དུ་ཐལ་མོ་སྦྱོར་བཞིན་པས། ཨོཾ་ན་མ་སྟེ་ཧཱུཾ། ན་མོ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱཧཱ། ཞེས་བརྗོད་པས་ཕྱག་འཚལ་བ་སྔོན་དུ་བཏང་ལ། ཤར་ནས་སྙིང་གར་ཐལ་མོ་སྦྱོར་བཞིན་དུ། ཨོཾ་བཛྲ་ཌཱ་ཀི་ནཱི་པཱུ་ཛ་ཨུ་པ་སྠཱ་ན་ཡ། ཨཱཏྨ་ནཾ་ནིརྱཱ་ཏ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ། ཨ་ཀྵོ་བྷྱཿཨ་བྷི་ཥིཉྩ། ཨ་དྷི་ཏིཥྛ་སྭཱ་མཾ། ཞེས་བརྗོད་དུ་གཞུག །དེ་བཞིན་དུ་བཛྲ་ཞེས་པའི་གནས་སུ། རཏྣ་དང༌། ཨཀྵོ་བྷྱཿ ཞེས་པའི་གནས་སུ། རཏྣ་སམྦྷ་ཝ་བཅུག་སྟེ། དཔྲལ་བར་ཐལ་མོ་སྦྱར་ལ་ལྷོ་ནས་དང༌། དེ་བཞིན་དུ། པདྨ་ཞེས་དང༌། པདྨ་དྷ་ར་ཞེས་སྦྱར་ལ་ནུབ་ནས་དང༌། བི་ཤྭ་ཞེས་དང༌། ཨ་མོ་གྷ་སདྡྷི་ཞེས་སྦྱར་བས་བྱང་ནས་ཕྱག་འཚལ། དེ་ནས་སྟ་གོན་བཞིན་རྒྱུན་བཤགས་བྱེད་དུ་གཞུག་པའམ། བསྡུ་ན་མ་བྱས་ཀྱང་ཆོག །ལས་བུམ་གྱི་ཆུ་ཅུང་ཟད་བླུད་ལ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ལན་གསུམ་རྗེས་བཟློས་བྱ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་དེ་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །


TNT11_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་དང་མཚན་མོ་ལན་དྲུག་ཏུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ནས་སློབ་མས། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་མཁའ་འགྲོར་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས༴ མན་ཆད་སྤྱི་དང་འདྲ་བས། རིགས་ལྔའི་སྡོམ་པ་བཟུང༌། དེ་ནས་སློབ་མ་ལས་ཐམས་ཅད་པའི་བུམ་ཆུས་བསངས། ཨཱ་ཁཾ་ཝཱི་ར་ཧཱུཾ། གིས་མེ་ཏོག་གི་འཕྲེང་བ་གཏད། སློབ་མའི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པ་ཏ་ཡ་མི། ཞེས་བརྗོད་དུ་གཞུག །རྡོ་རྗེ་སྙིང་གར་རེག་སྟེ། སུ་ར་ཏེ་ས་མ་ཡ་སྟཾ། བོ་དྷི་ཙིཏྟ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད། ཨཱ་ཁཾ་ཝཱི་ར་ཧཱུཾ། ཞེས་ཡོལ་བའི་ནང་དུ་བཅུག །དེ་ནས་དམ་ཚིག་བསྒྲག་པ་ནི། དེང་ཁྱོད་དཔལ་ཧེ་རུ་ཀ་དང་མཁའ་འགྲོ་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔལ་ཧེ་རུ་


TNT11_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དང་མཁའ་འགྲོ་མའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ་དམ་ཚིག་ཉམས་པར་གྱུར་ཏ་རེ། རྡོ་རྗེ་སྤྱི་བོར་བཞག་སྟེ། འདི་ནི་སུ་ཡང་རུང་བ་ལ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིས། །རང་གི་མགོ་བོ་འགས་པར་འགྱུར། །རྡོ་རྗེ་སྙིང་གར་གཏད་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་གཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་བླུད་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཨོཾ་ཨཱཿཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏོ་ད་ཀ་ཧཱུཾ། རྡོ་རྗེ་སྤྱི་བོར་གཏུགས་ཏེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ནི། །ཧེ་རུ་ཀ་དཔལ་ང་ཡིན་གྱིས། །ང་ཡིས་བསྒོ་བ་ཁྱོད་ཀྱིས་གྱིས། ཁྱོད་ཀྱིས་ང་ལ་བརྙས་བྱས་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྷུང་བར་གྱུར་ཏ་རེ། །སློབ་མས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །ད་ལྟ་ཉིད་དུ་དབབ་དུ་གསོལ། །ཞེས་ལན་གསུམ། འབྲུ་གསུམ་གྱིས་ནང་མཆོད་བླུད་ལ། འདི་སྐད་ཅེས། ཁྱེད་རང་རྣམས་ཧེ་རུ་ཀ་


TNT11_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་པ། སྙིང་ག་པདྨ་འདབ་མ་བཞིའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། །ཨོཾ་ཨཱཿཧྲཱིཿཧཱུཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་བསྐོར་བ། མར་མེ་བཞིན་དུ་འོད་འབར་བ་ལ་མ་ཡེངས་པར་རྩེ་གཅིག་ཏུ་སྒོམ་ཤིག །མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཧཱུཾ་སྔོན་འོད་འཕྲོ་བ། དེ་ལས་འོད་ཟེར་དཀར་པོ་འཕྲེང་མ་ཆད་པ་བྱུང་བ་སྙིང་གར་ཞུགས། ལུས་ཐམས་ཅད་འོད་ཟེར་དཀར་པོས་གང་བར་མོས། ཞེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཨཱཿཧྲཱིཿཧཱུཾ་ཧཱུཾ་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་དྲག་ཏུ་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་སློབ་མའི་ལུས་ལ་བཅུག་པར་བསྒོམ། གཉིས་པ་སྤོགས་ཆོག་ནི། སློབ་མའི་སྙིང་གར་ཟླ་བ་ལ་གནས་པའི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ལུས་ཐམས་ཅད་གང༌། མཐར་ཡབ་ཡུམ་འོད་ཟེར་དམར་པོར་ཞུ། ལུས་ཀྱི་ནད་ཐམས་ཅད་འོད་ཟེར་དམར་པོས་གང་བར་སྒོམས་ཤིགཅེས་བརྗོད་ལ་རོལ་མོའི་སྒྲ་བྱ་བ་གོང་བཞིན་སློབ་མའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱས། ནམ་མཁའི་ཁ་དོག་འབྲི། ལྷའི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པ་དེ་བཞིན་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་


TNT11_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་བཞིན་ཤོག །ཞེས་སློབ་དཔོན་གྱིས་བདེན་སྟོབས་བརྗོད། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་དུ་གཞུག་ཅིང་མེ་ཏོག་འབུལ། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གུས་པས་བཟུང༌། ཞེས་མེ་ཏོག་སློབ་མའི་མགོ་ལ་བཅིངས། སྐབས་འདིར་མེ་ཏོག་སྦྱིན་པ་འདི་མར་རྔོག་སོགས་གོང་མའི་ཕྱག་ལེན་ཡིན། གཞུང་དོན་ནི་མ་ཡིན་ནོ། །སློབ་མའི་མིག་གཉིས་ལ་ཡི་གེ་ཨོཾ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བ་ཡང༌། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལམ་ཧྲཱིཿ ཞེས་གདོང་གཡོགས་ཕྱེ། དེ་ནས་བལྟ་བར་བསྐུལ་བ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱོད་ན་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་མངོན་རྟོགས་ལྟར་ལྷ་ངོ་སྟོན། བདག་འཇུག་གི་སྐབས་སུ། དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་ཞིང་བྱིན་གྱིས་བརླབས་པར་གྱུར་


TNT11_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། དེ་ནས་དབང་བསྐུར་བ་དངོས་ལ་བཞི་ལས། དང་པོ་བུམ་དབང་བསྐུར་བ་ནི། མཎྜལ་ཕུལ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབས་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་ཀྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས་དབང་གི་ལྷ་དཔལ་ཧེ་རུ་ཀ་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་རྒྷཾ་དང་ཉེར་སྤྱོད་ཕུལ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ༴ ནས། གནང་བར་ཞུ་ཞེས་གསོལ་བ་གདབ་བོ། །སློབ་མ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་ཁྲི་དང་བཅས་པ་ལ་བཞག་པའམ་བཞག་པར་མོས་སུ་བཅུག །ཡུངས་ཀར་གྱིས་བྲབས། འཁྱིལ་བའི་སྔགས་ཀྱིས་བགེགས་བསྐྲད། ཧཱུཾ་ཞེས་བསྲུང་བ་བྱ། སྟེང་དུ་གདུགས་ཕུབ། མཐའ་སྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོས་བསྐོར་བར་མོས། སློབ་མ་མཧཱ་མ་ཡ་ཧེ་རུ་ཀའི་སྐུ་གྱུར། ཨོཾ་པྲ་ཏཱིཙྪ་ཧོཿ གཙོ་བོ་ལ་མེ་ཏོག་དོར། ཨོཾ་དྷརྨྨ་ཀུཎྜ་ཨ་བྷི་ཥིཉྩ་ཧཱུཾ། མེ་ཏོག་འཕྲེང་བ་སློབ་མའི་སྤྱི་བོར་བཞག་གོ །དབང་དང་པོའོ། །བསངས་སྦྱངས། དབང་རྫས་བུམ་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་མི་བསྐྱོད་པ་


TNT11_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ །སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རུས་པའི་རྒྱན་ཅན། ཡུམ་མཱ་མ་ཀཱི་སྔོན་པོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཛྲ་དྷྲིཀ་ཅེས་ལན་བདུན་བཟླས། མི་བསྐྱོད་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། བུམ་ཆུ་རྣམས་གཙོ་བོའི་བུམ་པའམ་ཐོད་པར་བསྡུས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿཧྲཱིཿཧཱུཾ་ཧཱུཾ་ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བུམ་པའི་ཆུས་དབང་བསྐུར་བ་ན། མཁའ་འགྲོ་མ་བུམ་པ་ཐོགས་པ་དཔག་ཏུ་མེད་པས་ཀྱང་དབང་བསྐུར་བར་གྱུར། དེ་ལྟར་ན་ཆུ་དབང་བསྐུར་བས་ཀུན་གཞི་རྣམ་ཤེས་གནས་གྱུར་ནས། མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བསངས་སྦྱངས། དབང་རྫས་ཅོད་པན༴ ཨཾ་ལས་རིན་ཆེན་འབྱུང་ལྡན་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། རུས་པའི་རྒྱན་ཅན། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་བཛྲ་ས་མཱ་ཛཿ


TNT11_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྭ་རཏྣ་དྷྲྀཀ་ཅེས་ལན་བདུན་ཙམ་བཟླས་ལ། རིན་ཆེན་འབྱུང་ལྡན་ཞུ་བ་ལས་བྱུང་བའི་ཅོད་པན་དུ་གྱུར། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་ཀྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་པཱ་ཊ་ཀ་ཨ་རལླི་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་དབུ་རྒྱན་གྱིས་དབང་བསྐུར་བ་ན། མཁའ་འགྲོ་མ་དཔག་ཏུ་མེད་པས་ཀྱང་ཅོད་པན་གྱིས་དབང་བསྐུར་བར་གྱུར། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །བསངས་སྦྱངས། དབང་རྫས་རྡོ་རྗེ༴ ཛྲཾི་ལས་སྣང་བ་མཐའ་ཡས་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རུས་པའི་རྒྱན་ཅན། ཡུམ་གོས་དཀར་མོ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ༴ སོགས་དང༌། ཨཱཿཨ་རོ་ལིཀ༴ ཅེས་བཟླ། འོད་དཔག་མེད༴ རྡོ་རྗེར་གྱུར། སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་ལ། ཨོཾ་སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་བཟུང༌། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེའི་སེམས་དཔའ་དགའ་བ་ཆེ། །


TNT11_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་སྙིང་གར་བཟུང་དུ་འཇུག་གོ །མཁའ་འགྲོ་མ་དཔག་ཏུ་མེད་པས་ཀྱང་དབང་བསྐུར། དེ་ལྟར་ན་རྡོ་རྗེའི་དབང་བསྐུར་བས། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ནས། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །བསངས་སྦྱངས། དབང་རྫས་དྲིལ་བུ། ཁཾ་ལས་དོན་ཡོད་གྲུབ་པ་ཧེ་རུ་ཀ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བར༴ ཧ་པྲཛྙཱ་དྷྲྀཀ༴ ཅེས་བཟླས། དོན་ཡོད་གྲུབ་པ་དྲིལ་བུར༴ དེ་ནས་དྲིལ་བུ་ལག་པ་གཡོན་དུ་བྱིན་ལ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་གྱིས། །མཆོག་གི་སྲིད་པ་བྱེད་པར་འགྱུར། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཾ། ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། མཁའ་འགྲོ་མ་དཔག་ཏུ་མེད་པས་ཀྱང་དྲིལ་བུའི་དབང་བསྐུར། དེ་ལྟར་ན་དྲིལ་བུའི་དབང་བསྐུར་བས་སྒོ་ལྔའི་རྣམ་ཤེས་གནས་གྱུར་ནས་བྱ་བ་སྒྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །སློབ་མ་


TNT11_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མཧཱ་མ་ཡ་དཔལ་ཧེ་རུ་ཀ་ལ་ཡུམ་སངས་རྒྱས་མཁའ་འགྲོ་མས་འཁྱུད་པར་གྱུར། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །ཡིད་ཀྱི་ལུས་སུ་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་ཕྱག་རྒྱ་སྐུའི་དམ་ཚིག་བཟུང་ངོ༌། །དབང་རྫས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་རུས་པའི་རྒྱན་ཅན། ཡུམ་སྤྱན་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཛི་ན་ཛིག༴ ཅེས་མང་དུ་བཟླས། རྣམ་སྣང་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་གྱུར། སློབ་མའི་མགོ་བོར་རྡོ་རྗེ་དང་དྲིལ་བུ་བཞག་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ། རིགས་དང་མཐུན་པའི་མིང་བཏགས། ཞེས་མིང་གི་དབང་བསྐུར་བ་ན། མཁའ་འགྲོ་མ་དཔག་ཏུ་མེད་པས་ཀྱང་མིང་གི་དབང་བསྐུར། དེ་ལྟར་མིང་གི་དབང་བསྐུར་བས། ཕུང་པོ་བཞི་གནས་གྱུར་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ། །དེ་ནས་དབང་རྫས་


TNT11_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་གྲི་གུག་དང་ཌཱ་མ་རུ་ཧཱུཾ་ལས་ཐོད་པ་དང་ཁ་ཊྭཱཾ་ག་རྣམས་ཐབས་དང་ཤེས་རབ་ཟུང་འཇུག་གི་རང་བཞིན་དུ་གྱུར། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །འདི་གཞུང་ལས་མ་བཤད་ཀྱང་བོད་ཀྱི་བླ་མ་རྣམས་མཛད་པ་མི་འབྲེལ་བ་མ་ཡིན་ནོ། །སློབ་མའི་སྙིང་གའམ་ལག་ཏུ་རྡོ་རྗེ་གཏད་ཅིང༌། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧིཿ ཞེས་རྡོ་རྗེ་བརྟུལ་ཞུགས་སྦྱིན་ནོ། །ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་སློབ་མ་ལ་ཐིམ། མཆོད་པ་བརྟན་བཞུགས་བྱའོ། །རྒྱུད་བསྡུས་པ་འདི་དག་ལ་ཆོ་གའང་བསྡུས་པ་ཤིན་ཏུ་འོས་པས། དེ་ཙམ་གྱིས་ཀྱང་ལུགས་འདིའི་བུམ་དབང་མ་ཚང་བ་མེད་པ་ཡིན་ལ། སྤྲོས་པ་ལ་དགའ་ན་འདི་དག་ཀྱང་བྱ་བར་བཞེད་དེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་མིག་ཐུར་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་


TNT11_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ཞེས་བརྗོད་དེ་མེ་ལོང་དང༌། ཧོཿལས་སྐྱེས་པའི་མདའ་གཞུ། ཧོཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཿ ཞེས་མདའ་གཞུ་ལག་ཏུ་གཏད་དེ་འཕེན་ཚུལ་བྱེད་དུ་གཞུག །རྐང་པའི་བར་དུ་འཁོར་ལོ་བཙུག་ལ། དེ་རིང་ཕྱིན་ཆད་འཇིག་རྟེན་ལ། །སྐྱོབས་པ་རྣམས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་མེད་པས། །ཀུན་ཏུ་སྡིག་མེད་དྲི་མེད་པའོ། །དུང་དང་པོ་ཏི་གཏད་ལ། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པས། །དྲི་མེད་ཀུན་ཏུ་གང་བར་བྱོས། །ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱེད་དང་གནོད་སོགས་དང༌། །བསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་སྒྲུབ་པར་གྱིས། །ཞེས་ལས་སྣ་ཚོགས་དང༌། །ནངས་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །སྲུང་དང་བཟའ་བ་ལ་སོགས་པ། །སྡོམ་པའི་བདག་ཉིད་ཅན་སྲུང་ངོ༌། །ཞེས་དམ་ཚིག་སྦྱིན་ནོ། །བླ་གོས་གྱོན་ཞིང་སྐྱབས་སྦྱིན་དང་བཅས་པས། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་བསྒྲུབ་པས་ནི། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་ཤྲཱི་ཆེ་གེ་མོ་ན་མ་སརྦ་ཏ་ཐཱ་ག་ཏ་སིདྡྷ་ས་མ་ཡ་བྷུར་བྷུཿཝ་སྭ། སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པར་མོས་པ་གྱིས་ཤིག །གསང་ཆེན་མཆོག་


TNT11_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་འཁོར་དུ། །མཐོང་བ་དང་ནི་བཅག་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། ཁྱོད་ནི་དེ་རིང་བདེ་བར་གནས། །སློབ་དཔོན་བརྙས་པར་མི་བྱ་ཞིང༌། །གུས་པ་ཡིས་ནི་མཆོད་པར་བྱེད། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡོངས་སུ་བཏང་བར་མི་བྱའོ། །དམ་ཚིག་སྡོམ་པ་བསྲུང་བྱ་སྟེ། །རྣམ་པར་མི་རྟོག་གོས་མེད་པས། །རང་ལྷའི་རྣལ་འབྱོར་གནས་པ་ཡིས། །འདོད་པའི་ཡོན་ཏན་བསྟེན་པར་བྱ། ཁྱོད་རང་སངས་རྒྱས་རིགས་སུ་སྐྱེས། །ཞེས་དབུགས་དབྱུང་ངོ༌། །མིག་ཐུར་ནས་འདིའི་བར་བུམ་དབང་དང་བཞི་པའི་འཇུག་འདམ་ཀ་དང་གསང་དབང་གི་མཐར་ཡང་རུང་བར་བཤད་པས་ནུབ་གཅིག་ལ་དབང་ཇི་ཙམ་བྱེད་པ་དེའི་མཐར་སྦྱོར་རོ། །དེ་ལྟར་ན་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །དམན་པ་དབྱིབས་ཀྱི་རྣལ་འབྱོར་སྒོམས་པ་དང༌། རྒྱུད་ཉན་བཤད་དང་གཏོར་མའི་བྱ་བ་ལ་སོགས་པ་ལ་དབང་ངོ༌། །གཉིས་པ་གསང་དབང་ནི། རིག་མ་མཚན་ལྡན་དང་བཅས་པའི་ཞིང་ཁམས་ཕུལ་བར་བསམས་ལ། མཎྜལ་ཕུལ། ཁྱོད་ཀྱི་ཞབས་ཀྱི་དྲིན་གྱིས་ནི། །བདག་གིས་བླ་མེད་བྱང་ཆུབ་ཐོབ། །གསང་བའི་དབང་བསྐུར་གསང་བ་ཆེ། །གཙོ་བོ་ཆེན་པོས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿ


TNT11_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾཾ་མིག་དར་བཅིང༌། མངོན་རྟོགས་ལྟར། སངས་རྒྱས་མཁའ་འགྲོ་མའི་མགོ་བོར་ཨོཾ་དཀར་པོ་ཞེས་པ་ནས་(《ཛཾ》+སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་གནས་སུ་ཨཱཿདམར་པོ། བརླ་གཉིས་ལ་ཧ་ལྗང་ཁུ། མཁའ་གསང་སྟོང་པའི་ངང་ལས་ཧཱུཾ་རྡོ་རྗེ་ཨོཾ་ལས་ནོར་བུ། ཧྲཱི་ལས་པདྨ་བྷྲུཾ་ལས་ཟེའུ་འབྲུའོ། །འཁྱུད་པ་ཙུམ་པ་ལ་སོགས་པས་ཤེས་རབ་མ་ལ་བདེ་བ་སྐྱེས་པ་ན། ལྷ་མོ་བཞིས། ཨེ་མ་གཉེན་མཆོག་རྡོ་རྗེའི་འོད་ཀྱིས་པདྨ་རབ་ཕྱེ་ཤིགཨ་ལ་ལ་ལ་ལ་ཧོ། བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཇི་ལྟར་ཉི་མའི་འོད་ཀྱིས་པདྨ་རབ་ཁ་འབྱེད་པ་བཞིན། ཨ་ལ་ལ་ལ་ལ་ཧོ། བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཅེས་བསྐུལ་བས། འདོད་པའི་སྒྱུ་རྩལ་དང་བཅས་སྙོམས་པར་ཞུགས་པའི་སྒྲ་དང་སྦྱོར་མཚམས་ནས་བྱུང་བའི་ཕཊ་ཡིག་གིས་སྒྲས། སངས་རྒྱས་ཐམས་ཅད་བཀུག་ནས་)ཡབ་ཀྱི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཨ་ཝ་དྷུ་ཏཱིའི་ལམ་བརྒྱུད་རྡོ་རྗེ་ནས་ཕྱུང་སྟེ། ཤེས་རབ་ཀྱི་མཁར་གནས་པའི་བྱང་ཆུབ་ཀྱི་སེམས་ལྕེ་སྟེང་དུ་བབས་པར་གྱུར། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་་གསུམ་ཀུན་གྱིས་ཕྱག་བྱེས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །མཐར་འབྲུ་གསུམ་བརྗོད་ལ། འོ་མ་དང་བདུད་རྩི་རིལ་བུ་


TNT11_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་སྦྱིན། དེས་ཀྱང༌། ཨ་ཏི་སུ་ཁཾ། ཞེས་བརྗོད། འབྲུ་གསུམ་གྱིས་མིག་རས་བསལ་ལོ། །དེ་ལྟར་ན་གསང་བའི་དབང་ཐོབ་པས་ངག་གི་དྲི་མ་དག །སྟེང་སྒོ་སྔགས་ཀྱི་རྣལ་འབྱོར་སྒོམ་པ་དང༌། བཟའ་བའི་དམ་ཚིག་བསྟན་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སློབ་མས་མཎྜལ་འབུལ། སློབ་དཔོན་གོ་འཕང་ཆེ་རང་བཞིན། །སྐལ་པ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །བརྟུལ་ཞུགས་མཆོག་གི་ཁྱོད་དྲིན་གྱིས། །བདག་ལ་ངེས་པར་སྩལ་ནས་ཀྱང༌། །དེས་ནི་སེམས་ཅན་དཔག་མེད་དོན། །ཇི་ལྟར་འདུལ་བཞིན་བདག་བགྱིད་དོ། །ཞེས་ལན་གསུམ་གསོལ་བ་གདབ། །འབྲུ་གསུམ་གྱིས་མིག་དར་བཅིངས། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས། རིག་མ་མཚན་ཉིད་དང་ལྡན་པ་ཞིག་སངས་རྒྱས་མཁའ་འགྲོ་མ་མཛེས་སྒེག་ལང་ཚོ་དང་ལྡན་པར་བྱིན་གྱིས་རླབས་ཏེ། ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བ་ལ་འཁྱུད་པར་མོས། མཛེས་མ་འདི་ནི་བཟུང་བ་དང༌། །བསྟེན་བྱར་སངས་རྒྱས་ཀུན་གྱྀས་བསྔགས། །འདི་ནི་གཟུངས་མ་ཡིད་དགའ་མ། ཁྱོད་ཀྱིས་རྟག་ཏུ་བརྗོད་པར་གྱིས། །རང་སྣང་བའི་ལྷ་སྐུ་ཡབ་ཡུམ་མཉམ་པར་སྦྱར་བའི་རྐྱེན་གྱིས། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་ཨ་ཐུང་དྲོད་ཀྱི་རང་བཞིན་ཅན་འབར་བ་ལ་མཉམ་པར་བཞག་པས། སྤྱི་བོའི་


TNT11_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཞུ་བའི་དགའ་བ་བཞི་རྒྱུད་ལ་སྐྱེས་པར་གྱུར། འབྲུ་གསུམ་གྱིས་མིག་དར་དབྱེའོ། །དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། ཡིད་ཀྱི་དྲི་མ་དག །འོག་སྒོ་སྔགས་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ནི། མཎྜལ་ཞིག་ཕུལ་ལ། མཚོན་བྱ་དོན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཤེས་བྱ་གཤིས་ཀྱི་དངོས་པོའི་གནས་ལུགས་དེ་ཉིད་མཚོན་བྱེད་དཔེ་དབང་གསུམ་པའི་དུས་སུ་ཉམས་མྱོང་གི་སྒོ་ནས་གཏན་ལ་ཕབ་པས་དེའི་རང་བཞིན་གདོད་མ་ནས་འོད་གསལ་བདེ་ཆེན་རྣམ་པ་ཐམས་ཅད་པ་ཡིན་ཏེ། རྒྱུད་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །ཐབས་བརྗོད་དེ་ཡིས་དེ་ལ་ནི། །རང་བྱུང་ཡེ་ཤེས་ལྔ་ལྡན་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཞེས་མཚམས་སྦྱར་ནས་གནས་ལུགས་ལ་ཅུང་ཟད་འཇོག་ཏུ་གཞུག དེ་ལྟར་ན་དབང་བཞི་པ་ཐོབ་པས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པ་དག །མཐར་ཐུག་ཆོས་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང་ངོ༌། །གཙོ་བོས་ཇི་ལྟར་བཀའ་སྩལ་སོགས། མཎྜལ་འབུལ། དེང་ནས་བརྩམས་ཏེ་སོགས་སྤྱི་དང་འདྲའོ། །དབང་བཞི་ཉིན་ཞག་སོ་སོ་ལ་བསྐུར་ན། གསང་བ་དང༌། ཤེས་རབ་ཀྱི་དབང་ལ་ཡང་སྤྱོད་པའི་དབང་མ་གཏོགས། ཆུ་ནས་བརྟུལ་ཞུགས་ཀྱི་བར་བུམ་དབང་ལྟར་ཕལ་ཆེར་སྔོན་དུ་འགྲོ་བར་བྱེད་ལ། ཁྱད་པར་ནི་ཕྱག་རྒྱའི་དམ་ཚིག་བརྟུལ་ཞུགས་ཀྱི་རྗེས་སུ་བྱེད་པའོ། །


TNT11_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ས་བཅད་གསུམ་པ་རྗེས་ཀྱི་ཆོ་ག་ལ་མཆོད་པ་བྱིན་རླབས་དང་འབུལ་ཚུལ་ས་ཆོག་གི་སྐབས་སུ་བཤད་པ་དང་འདྲ། དེ་ཉིད་ལྔ་པས་བསྟོད། མ་འབྱོར་པ་དང་སོགས་བཟོད་གསོལ་ནས་བཀྲ་ཤིས་ཀྱི་བར་སྟ་གོན་གྱི་སྐབས་བཞིན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་ལན་གསུམ་གྱིས་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ ལན་བདུན་གྱིས་དམ་ཚིག་པ་རང་ལ་བསྡུ། ཨ་ཀཱ་རོའི་སྔགས་ཀྱིས་རྡུལ་ཚོན་ཕྱགས་ཤིང༌། དྲི་བཟང་གི་ཆུ་ཐིག་རྣམས་དབྱི། རྡུལ་ཚོན་ཆུ་བོར་སྤྱན་དྲངས་ལ། དཀྱིལ་འཁོར་གྱི་ཤུལ་དུ་ཞི་བའི་སྦྱིན་བསྲེག་བྱ། སྔར་དངོས་སུ་ཕུར་གདབ་བྱས་ན་ཕུར་པའང་དབྱུང་དགོས་སོ། །རྒྱུད་རྒྱལ་སྒྱུ་འཕྲུལ་ཆེན་མོ་ཡི། །དཀྱིལ་འཁོར་ཆོ་ག་རབ་གསལ་བར། །བྲིས་པའི་དགེ་བ་གང་ཡིན་དེས། །འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །མཧཱ་མ་ཡའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མ་ཞེས་བྱ་བ་འདི་ནི། རྡོ་རྗེ་འཛིན་པ་བྱམས་པ་ངག་དབང་ཀུན་དགའ་ཞེས་བྱ་བའི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་ཏྭ་ར་ནཱ་ཐས་སྦྱར་བ་སྟེ། ཡང་སྨྲས་པ། རྒྱ་གཞུང་རྣམས་ནི་གོ་དཀའ་སྟེ། །འགའ་ཞིག་བརྒྱུད་པའང་ཆད་པ་དང༌། །ལུགས་འདིར་མཁས་ཤིང་གྲུབ་བརྙེས་པ། །ཕྱོགས་འདིར་བྱོན་པས་སྦྱར་བ་ཡང༌། །ཅུང་ཟད་བརྗོད་པ་མི་བདེ་ཞིང༌། །མཁས་པ་འགའ་ཞིག་གིས་སྦྱར་བ། །དཔེ་སྣ་སྣ་ཚོགས་བསྡུས་པའི་ཕྱིར། །སྙིང་པོ་བྱིན་རླབས་རྒྱུན་ཆད་དང༌། །མན་ངག་ལྡན་པའི་ཡི་གེ་ནི། །གསལ་པོ་གཞན་ཡང་མ་མཐོང་བས། །


TNT11_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དང་མན་ངག་ཇི་བཞིན་དུ། །ཅུང་ཟད་འབད་རྩོལ་བྱས་པ་ཡིན། །མཧཱ་མ་ཡ་ལ་དཀྱིལ་ཆོག་རྒྱ་གཞུང་བཞི་ཡོད་དེ། དཀྱིལ་ཆོག་རིམ་པ་གསལ་བ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འདིའི་དཔེ་རྙིང་མང་པོ་ལ་མཛད་བྱང་མེད། ཁ་ཅིག་ལས་ཀུ་ཀུ་རི་པས་མཛད། ཅེས་འབྱུང༌། མར་རྔོག་ཀྱང་དེ་ལྟར་བཞེད། དོན་ལའང་ཀུ་ཀུ་རི་པའི་གསུང་དངོས་སམ་གསུང་གི་རྒྱུན་མ་ནོར་པ་ཡིན་པར་ངེས་ལ། ཁ་ཅིག་ལས་ནག་པོ་སྤྱོད་པས་མཛད་ཅེས་འབྱུང་ན་ཆོག་སྒྲོས་རྣམས་སྡོམ་པའི་དཀྱིལ་ཆོག་དང་མཐུན་ཤས་ཆེ་བ་བསམས་པའོ། །གཞན་དཔལ་བརྒྱན་པས་མཛད་པ་དང༌། འདུལ་བས་བྱིན་གྱིས་མཛད་པའི་དཀྱིལ་ཆོག་ཡོད། ཀུ་ཀུ་རི་པ་ཉིད་ཀྱིས་མཛད་ཟེར་བའི་དབང་ཆོག་འགོས་འགྱུར་ཞིག་ཡོད་དེ། ཀུ་ཀུ་རི་པའི་རྩོམ་མིན་པར་ངེས་སོ། །རྒྱ་གར་གྱི་སྒྲུབ་དཀྱིལ་གྱི་རིགས་ལ། རྒྱལ་པོ་དྷརྨྨ་པཱ་ལ་ཡན་ཆད་ལ་བརྩམས་པ་དང༌། དེ་རྗེས་སྒོ་དྲུག་གི་བར་དང༌། དེ་ནས་ཨ་བྷ་ཡའི་བར་དང༌། དེའི་ཕྱིས་སུ་བྱུང་བ་སྟེ། དུས་ཐོག་བཞི་པོ་དེའི་སྐབས་ཀྱི་བསྟན་བཅོས་རྣམས་ལ་རྩོམས་ཀྱི་བབས་བྱེད་ལུགས་མི་འདྲ་བ་རེ་སྣང་བ་དེ་གོ་ན། རིམ་པ་གསལ་བ་འདི་དང་པོའི་རིགས་སུ་འདུག །གཞན་འདི་རྣམས་གསུམ་པའི་རིགས་སུ་འདུག་པས། མཧཱ་མ་ཡའི་དཀྱིལ་ཆོག་རྩ་བ་དེ་རིམ་པ་འདིར་འདུག །ཉན་བཤད་ཀྱི་བཀའ་ཡང་འདི་ལ་ཡོད་པས་བྱིན་རླབས་ཀྱི་རྒྱུན་ཅན་ཡིན། འདིར་བརྒྱུད་པ་གོང་མའི་ཕྱག་ལེན་ཁ་སྐོངས་རྣམས་མན་ངག་ལྟར་བྱས་དགྱེས་རྡོར་སོགས་ཀྱི་འདྲེས་བྱས་པ་འདིའི་གཞུང་དང་མི་མཐུན་པ་


TNT11_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དོར་ཏེ། གཙང་དག་ཏུ་སྦྱར་བའོ།། བཀྲ་ཤིས། དགེའོ། རབ་ཏུ་དཀར་བའི་རྟེན་བཞེངས་འདིས། །བདག་ཅག་གིས་ནི་ཐོག་མེད་ནས། སྡིག་ལྟུང་གང་བསགས་ཡོང་དག་སྟེ། །རླབས་ཆེན་ཚོགས་གཉིས་མཐར་ཕྱིན་ཤོག །འདི་ཡང་གྲོགས་ལ་མཁོ་ཕྱིར། མ་ཏིས་བྲིས། དགེའོ། །


TNT11_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ།next