Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ།
   
   
   
   
   
   
   
   


 
previousདཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ།next

དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ།


TNT11_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ་ཞེས་བྱ་བ་བཞུགས།


TNT11_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་གུ་རུ་ཝེ། དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ་ཞེས་བྱ་བ། བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདེ་ཆེན་སྒྱུ་མའི་རོལ་པ་ཅན། །ཐུགས་རྗེའི་སྟོབས་ལ་ཕྱག་བྱས་ནས། །དེ་ཡི་སྒྲུབ་ཐབས་སྙིང་པོ་ནི། །བརྩེ་བའི་སེམས་ཀྱིས་བཤད་པར་བྱ། །དེ་ལ་དཔལ་སྒྱུ་འཕྲུལ་ཆེན་མོ་སྒྲུབ་པར་འདོད་པས། འདི་ལྟར་སྒོམ་སྟེ། ལུས་ཀྱི་ཞེན་པ་བཟློག་པའི་དོན་དུ་བསྐྱེད་རིམ། ངག་གི་ཞེན་པ་བཟློག་པའི་དོན་དུ་བཟླས་པ། སེམས་ཀྱི་ཞེན་པ་བཟློག་པའི་དོན་དུ་རྫོགས་རིམ་སྒོམ་པ་སྟེ་གསུམ་ལས། དང་པོ་ལ་བཅུ་བཞི་ལས། དང་པོ་བླ་མ་དག་པའི་ཆོ་ག་ནི། རང་གི་སྙིང་གར་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པར་རཾ་ལས་ཉི་མ་ལ་ཧཱུཾ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ། དེའི་འོད་ཀྱིས་གདོད་མའི་གནས་ནས་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོ་ཤར་གྱི་འཁྱམས་སུ་བླ་མ་མི་བསྐྱོད་པ་དང་བཅས་པ་རང་གི་མདུན་དུ་བཛྲ་ས་མཱ་ཛཿ སྙིང་གའི་ཧཱུཾ་གི་འོད་ཀྱི་རྩེ་མོ་ལས་སྤྲུལ་པའི་མཁའ་འགྲོ་ལྔའི་རང་བཞིན་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་པཉྩ་ཌཱ་ཀི་ནཱི་


TNT11_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པུཥྤཾ་པྲ་ཏཱིཙྪ་ཨཱཿཧཱུཾ། ཞེས་སོགས་ཉེར་སྤྱོད་ལྔ་དང༌། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། གསང་མཆོད་ཡིད་ཀྱི་དྲན་ཙམ་བྱས། བདག་གིས་སྡིག་པ་བགྱིས་པ་དང༌། །བགྱིད་དུ་བསྩལ་དང་ཡིད་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་དེ་དག་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་དང༌། །སྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡིད་རང་ངོ༌། །སྒྱུ་འཕྲུལ་གཙོ་བོ་ཡབ་ཡུམ་དང༌། །མཁའ་འགྲོ་མ་དང་བཅས་པ་དང༌། །གསང་སྔགས་ཐེག་པ་བླ་མེད་པའི། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །དུས་གསུམ་བདེ་གཤེགས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་པ། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་ཀྱིས། །འཇིག་རྟེན་འདིར་ནི་སངས་རྒྱས་ཤོག །སེམས་ཅན་འཁོར་བའི་རྒྱ་མཚོ་


TNT11_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །གཉིས་པ་ཚད་མེད་བཞི་སྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང༌། སོགས་བྱ། གསུམ་པ་སྟོང་ཉིད་སྒོམ་པ་ནི། ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་ཕྱི་སྣོད་བཅུད་དང༌། བདག་ལུས་དང་སྙིང་གའི་པདྨ་དང༌། ཧཱུཾ་རྣམས་རིམ་པས་གཅིག་ལ་གཅིག་ཐིམ་ཞིང༌། ཧཱུཾ་ཡང་ཇེ་ཕྲ་ལ་སྟོང་པར་ཐིམ། ཨོཾ་ཤུ་ནྱ་ཏ་༴ སོགས། བཞི་པ་བསྲུང་འཁོར་བསྒོམ་པ་ནི། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང༌། རྭ་གུར་དང༌། དྲ་བ་དང༌། རྭ་བ་རྡོ་རྗེ་རྐྱང་པས་གཏམས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་བསྲུང་འཁོར་དུ་གྱུར། ལྔ་པ་རྟེན་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ནི། དེའི་ནང་དུ་ཨེ་ལས་ཆོས་འབྱུང་གི་དབུས་སུ། ཡཾ་ལས་རླུང་སྔོན་པོ་ཟླ་གཾ །རཾ་ལས་མེ་དམར་པོ་གྲུ་གསུམ། བཾ་ལས་ཆུ་དཀར་པོ་ཟླུམ་པོ། ལཾ་ལས་ས་སེར་པོ་གྲུ་བཞི་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེའི་དབུས་སུ་རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ། དེའི་དབུས་སུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བཞི། པཉྩ་རོ་ཁའི་རྩིག་པ་དང༌། འདོད་སྣམ་ཕ་གུ་དྲ་ཕྱེད་ཤར་བུ་མངའ་ཡབ་རྣམས་དང༌། ནང་ཀ་བ་བརྒྱད་དང༌། རྡོ་རྗེའི་གདུང་ཟླུམ་དང༌། ཐལ་གདུང་དང་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་དང་བཅས་


TNT11_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྒྱ་ཕུབས་མཆོད་རྟེན་མགོ་ལྔ་པ་ལྟ་བུ། སྟེང་འོག་གི་གཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །བསྡུས་པ་སྒོམ་པའི་ཚེ་ཆོས་འབྱུང་སྒོམ་པ་ནས་འདིའི་བར་བོར་ཡང་རུང་ངོ༌། །དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པ། དེའི་ལྟེ་བ་དང་ཕྱོགས་བཞིར། རཾ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དབུས་སུ་ཧྲཱིཿཡིག་གོ །དེ་ཞུ་བ་ལས་ཐིག་ལེ་དཀར་པོ་ལྔ་གྲུབ་པ་ལྟེ་བ་དང་ཕྱོགས་བཞིའི་འདབ་མ་ལ་འཁོད་པར་གྱུར། ཕྱོགས་བཞིའི་ཐིག་ལེ་རྣམས་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་སླར་འདུས་ཏེ། ཤར་ནས་གཡས་བསྐོར་གྱི། ཧཱུཾ་སྔོན་པོ། སྭཱ་སེར་པོ། ཨཱཿདམར་པོ། ཧཱ་ལྗང་ཁུ་རྣམས་སུ་གྱུར། ཡང་འོད་འཕྲོས་སངས་རྒྱས་མཆོད་སེམས་ཅན་གྱི་དོན་བྱས། སླར་འདུས་ཐིམ་པ་ལས། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས། ཧཱུཾ་སྭཱ་ཨཱཿཧཱ་རྣམས་ཀྱིས་མཚན་པར་གྱུར། དེ་རྣམས་ལས་ཀྱང་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་རྣམས་ཀྱི་ཕུང་པོ་བཞི་དང་འབྱུང་བ་བཞི་སྦྱངས། ཚད་མེད་བཞི་དང་ཡེ་ཤེས་བཞི་ལ་བཀོད། སླར་འདུས་པ་ལས། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་སྔོ་སེར་དཀར་ལྗང་བའི་ཞལ།


TNT11_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞིའི་གཡས་དང་པོ་རྡོ་རྗེ། གཡོན་དང་པོ་དྲིལ་བུ། གཉིས་པ་ཁ་ཊྭཱཾ་ག །གཡས་གཉིས་པ་ཐོད་པ་བསྣམས་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་སེར་སྔོ་དཀར་ལྗང་བའི་ཞལ། གཡས་དང་པོ་རིན་པོ་ཆེའི་རྒྱལ་མཚན། གཡོན་དང་པོ་ཐོད་པ། གཉིས་པ་ལྕེ་སྦྱང་གི་མགྲིན་པ་བརྩིར་བ། གཡས་གཉིས་པ་ཁ་ཊྭཱཾ་ག་བསྣམས་པ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོའམ་དཀར་མོའམ་དཀར་ལ་དམར་བའི་མདངས་ཆགས་པ། དཀར་སེར་སྔོ་ལྗང་བའི་ཞལ། གཡས་དང་པོ་པདྨ། གཡོན་དང་པོ་ཐོད་པ། གཉིས་པ་གཞུ། གཡས་གཉིས་པ་མདའ་བསྣམས་པ། བྱང་དུ་སྣ་ཚོགས་མཁའ་མགྲོ་མ་ལྗང་ཁུ། ལྗང་སེར་དཀར་སྔོ་བའི་ཞལ། གཡས་དང་པོ་རལ་གྲི། གཡོན་དང་པོ་ཞགས་པ། གཉིས་པས་ཀ་པཱ་ལ། གཡས་གཉིས་པ་ཌཱ་མ་རུ་བསྣམས་པའོ། །དྲུག་པ་གླུས་བསྐུལ་བ་ནི། དེ་ལྟར་ལྷ་མོ་བཞིས། ཨེ་མ་གཉེན་མཆོག་རྡོ་རྗེའི་འོད་ཀྱི་པདྨ་རབ་ཕྱེ་ཤིག །ཨ་ལ་ལ་ལ་ལ་ཧོ། །བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཇི་ལྟར་ཉི་མའི་འོད་ཀྱིས་པདྨ་རབ་ཁ་འབྱེད་པ་བཞིན། །ཨ་ལ་ལ་ལ་ལ་ཧོ། བདེ་བ་ཆེན་པོར་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཅེས་བསྐུལ། བདུན་པ་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི། དབུས་ཀྱི་ཐིག་ལེ་ལས་འོད་འཕྲོས་


TNT11_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་ཧཱུཾ་སྔོན་པོའོ། །དེ་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས། རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། དེ་ལས་རིགས་ལྔའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས། ཡེ་ཤེས་ལྔ་ལ་བཀོད། ཡང་འདུས་པ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། སྔོ་སེར་དམར་ལྗང་བའི་ཞལ། ཕྱག་འོག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་བསྣམས་པས། རང་དང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ཕྱོགས་ཀྱི་གོས་ཅན་ལ་འཁྱུད་པ། དང་པོ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཁྲོ་ཆགས་མཛེས་ཤིང་སྒེག་པ་རབ་ཏུ་ཁྲོས་པས་འཇིགས་པའང་འཇིགས་པར་མཛད་པ། སྤྱན་གསུམ་གསུམ་དམར་ཞིང་གཡོ་བ། སྐྲ་སེར་གྱེན་བརྫེས། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ། ཕྱག་རྒྱ་ལྔ་དང༌། གར་དགུས་རོལ་བ། ཐལ་ཆེན་གྱིས་བྱུགས་ཤིང་མི་ལྤགས་ཀྱིས་སྟོད་གཡོགས་ཅན། གཡས་བརྐྱང་བའི་གར་སྟབས་ཀྱིས་ཉི་མའི་སྟེང་དུ། མི་རོའི་སྙིང་གར་མནན་པ་མེ་དཔུང་གི་དབུས་ན་བཞུགས་པའོ། །ལྷ་མོ་ལྔ་ནི་ཐལ་བ་དང་བྲལ་བ་ཐོད་སྐམ་གྱི་ཕྲེང་བ་ཅན། ལྷག་མ་གཙོ་བོ་དང་མཚུངས་པ། འཁོར་བཞི་པོ་ནི་ཕྱག་གཡས་དང་པོ་ཐུགས་ཀ །གཡོན་དང་པོ་གསང་གནས།


TNT11_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འོག་མ་གཉིས་དཔུང་པའི་ཐད་ཀར་ཕྱག་མཚན་འཛིན་པའོ། །ཐམས་ཅད་ལ་ཞལ་གྱི་ཁ་དོག་ནི་གཡས་བསྐོར་དུ་གོ་བར་བྱ་ཞིང༌། གཙོ་འཁོར་ཐམས་ཅད་གཡས་བརྐྱང་གིས་གར་སྟབས་དང༌། འཁྱུད་ཡུམ་མ་གཏོགས་གཞན་རྣམས་དེ་ལྟར་དང་གཙོ་བོའི་རྒྱབ་ཞལ་དཀར་པོ་དང༌། ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་དམར་སེར་སྔོ་ལྗང་བའི་ཞལ་བྱེད་པ་སོགས་ཀྱང་གདམ་ང་ཡིན་པས་གང་མོས་པ་དེ་ལྟར་སྒོམ་མོ། །བརྒྱད་པ་སྐྱེ་མཆེད་སོགས་ལ་ཡི་གེ་དགོད་པ་ནི། དཔྲལ་བར་ཙི་སེར་པོ། མིག་ཏུ་ཨོཾ་དཀར་པོ། རྣ་བ་ལ་ཨ་དམར་པོ། སྣ་ལ་ཁེ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ར་དམར་པོ། གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། ཡང་སྙིང་གར་རཾ་ལས་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའོ། །དགུ་པ་ཡེ་ཤེས་པ་བསྲེ་བ་ནི། དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད། ཛཿཧཱུཾ་བཾ་ཧོཿ ཨོ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བཅུ་པ་དབང་བསྐུར་བ་ནི། དབང་གི་ལྷ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། པུཥྤེ༴ སོགས་ཀྱིས་མཆོད། དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཐུགས་ཀའི་འོད་ཀྱི་རྩེ་མོ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤཱི་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ལྷག་མ་སྤྱི་བོར་


TNT11_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བ་ལས། གཙོ་བོ་དང་རྡོ་རྗེ་མ་ལ་མི་བསྐྱོད་པ། སངས་རྒྱས་མཁའ་འགྲོ་མ་ལ་རྣམ་སྣང༌། རིན་ཆེན་མ་ལ་རིན་འབྱུང༌། པདྨ་ལ་སྣང་མཐའ། སྣ་ཚོགས་མ་ལ་དོན་གྲུབ་ཀྱིས་དབུ་རྒྱན། བཅུ་གཅིག་པ་མཆོད་པ་ནི། ཐུགས་ཀའི་ས་བོན་ལས་མཆོད་པའི་ལྷ་མོ་སྤྲོས། ཨརྒྷཾ་སོགས། གོང་བཞིན་ནོ། །བཅུ་གཉིས་པ་བསྟོད་པ་ནི། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཅུ་གསུམ་པ་བདུད་རྩི་མྱང་བ་ནི། སངས་རྒྱས་མཁའ་འགྲོ་མའི་མགོ་བོར་ཨོཾ་དཀར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་གནས་སུ་ཨཱཿདམར་པོ། བརླ་གཉིས་ལ་ཧ་ལྗང་ཁུ། མཁའ་གསང་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཨོཾ་ལས་ནོར་བུ། ཧྲཱིཿལས་པདྨ་བྷྲུཾ་ལས་ཟེའུ་འབྲུའོ། །འཁྱུད་པ་དང་ཙུམ་ལ་སོགས་པས་ཤེས་རབ་མ་ལ་བདེ་བ་སྐྱེས་པ་ན། ལྷ་མོ་བཞིས། ཨེ་མ་གཉེན་མཆོག༴ སོགས་ཀྱིས་བསྐུལ་བས། འདོད་པའི་སྒྱུ་རྩལ་དང་བཅས་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་སྦྱོར་མཚམས་ནས་བྱུང་བའི་ཕཊ་ཡིག་གིས་སྒྲས། སངས་རྒྱས་ཐམས་ཅད་བཀུག་ནས་ཡབ་ཀྱི་


TNT11_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་ཞུགས། དྷུ་ཏཱིའི་ལམ་ནས་པདྨར་ལྷུང་བའི་བདེ་བ་བྱང་ཆུབ་ཀྱི་སེམས་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་དྲངས་ཏེ་མྱངས་པར་གྱུར། བཅུ་བཞི་པ་རྣམ་དག་སྒོམ་པ་ནི། ཆོས་ཉིད་མི་འགྱུར་བའི་སྐུ་མདོག་སྔོན་པོ། རྣམ་ཐར་བཞིས་ཞལ་བཞི། དུས་གསུམ་མཁྱེན་པའི་སྤྱན་གསུམ། དམིགས་མེད་ཀྱི་ཡེ་ཤེས་འབར་བས་དབུ་སྐྲ་གྱེན་དུ་བརྫེས་པ། ཡེ་ཤེས་ལྔའི་ཐོད་པ་ལྔས་དབུ་བརྒྱན་པ། ཉོན་མོངས་པ་གཅོད་པས་མཆེ་བ་གཙིགས་པ། འཕྲིན་ལས་བཞིའི་ཕྱག་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རུས་པའི་རྒྱན་དྲུག །ཐུགས་རྗེ་ཆེན་པོའི་རྟགས་སུ་མི་མགོའི་འཕྲེང་བ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པས་ཡུམ་དང་གཉིས་སུ་མེད་པ། འཁོར་བཞི་ནི་འབྱུང་བ་བཞི་དང༌། ཕུང་པོ་བཞི་དང༌། ཡེ་ཤེས་བཞིའི་རང་བཞིན་རྣམ་པར་དག་པ་ཡིན་ནོ། །གཉིས་པ་ངག་གི་ཞེན་པ་བཟློག་པའི་དོན་དུ་བཟླས་པ་ནི། ཨོཾ་ཨཱཿཧྲཱིཿཧཱུཾ་ཧཱུཾ། དཔལ་ཧེ་རུ་ཀའི་སྙིང་པོའོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། འཁོར་གྱི་ལྷ་མོ་རྣམས་ཀྱི་སྔགས་སོ། །སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་སྔགས་ཕྲེང་སྒོམ་པ་སོགས་བཟླས་པའི་དམིགས་པ་ལ་ཡང་གསལ་


TNT11_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་དགོས་ལ་སྔགས་ཀྱི་ངོ་བོ་གཞུང་འགའ་ལས། ས་བོན་རྣམས་ལ་དེ་ཉིད་གསུམ་སྤེལ་དུ་མཛད་པ་དང༌། ཇོ་བོ་རྗེའི་རྒྱ་དཔེ་ལ་དེ་ཉིད་ལྔ་སྤེལ་ཡང་སྣང་ལ། ཁོ་བོའི་བླ་མ་རྒྱ་གར་པཎྜི་ཏ་འགའ་ཞིག་གི་ཞལ་ནས། ཧེ་རུ་ཀའི་སྤྱི་སྔགས་ཀྱང་བཟླ་གསུང་ངོ༌། །གསུམ་པ་སེམས་ཀྱི་ཞེན་པ་བཟློག་པའི་དོན་དུ་རྫོགས་རིམ་སྒོམ་པ་ནི། ཁྲིད་ཡིག་ཏུ་བཤད་ཟིན་ཏོ། །རྗེས་ཀྱི་བྱ་བ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་འོད་ཟེར་གྱི་རང་བཞིན་དུ་བྱས་ཏེ་བདག་ཉིད་ལ་ཐིམ། ཡུམ་ཡང་ཡབ་ལ་ཐིམ། ཡབ་ཀྱི་ཞལ་ཕྱག་ལྷག་མ་ཡང་རྩ་བའི་ཞལ་ཕྱག་ལ་ཐིམ་སྟེ་རང་ཉིད་ཞལ་གཅིག་ཕྱག་གཉིས་པར་གྱུར། གནས་གསུམ་དང་མིག་སོགས་ཀྱི་ཡི་གེ་རྣམས་ཡིད་ཀྱིས་དྲན་ཙམ་བྱ། བརྗོད་པར་སྤྲོ་ན་གོང་བཞིན་བརྗོད། དག་གིས་བྱས་པའི་བསོད་ནམས་ཀྱིས། །རྡོ་རྗེ་མཁའ་འགྲོ་སྒོམ་གྱུར་ཅིག །དེ་ཡིས་རྡོ་རྗེ་མཁའ་འགྲོའི་བདག །འགྲོ་མགོན་ཕུན་སུམ་ཚོགས་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ་ཐུན་མཚམས་ལ་འཇུག་གོ །གཏོར་མ་བསངས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མིའི་ཤ་དང་བྱང་སེམས། ཤར་དུ་གླང་པོའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་གླང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་རྒྱུད་པ། དེ་རྣམས་རྣམ་པ་ཨོཾ། སྲོག་ཨ་ཡིག་ལྔར་


TNT11_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ། དེའི་སྟེང་དུ་ཧུཾ་ཨོཾ་སྭཱ་ཨཱ་ཧེ། དེའི་སྟེང་དུ་ཨོཾ་དཀར་པོ། ཨ་ལས་ཟླ་བ་ཕྱེད་པ། ཧཱུཾ་ལས་རྡོ་རྗེ་ཕྱེད་པ་རྣམས་བརྩེགས་པའོ། །རླུང་གིས་མེ་སྦར། བདུད་རྩི་སྐོལ་བའི་འོད་ཀྱིས་ཟླ་བ་དང་རྡོ་རྗེ་བཞུ་ནས་ཐིམ། ཨོཾ་གྱི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ། བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཡབ་ཅིང༌། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲཱ་ཀ་ཀ་པྲ་བེ་ཤཱ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲི་ད་ཡཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་པས། དཀྱིལ་འཁོར་གྱི་འཁོར་ལོ། ཕྱོགས་སྐྱོང་ཞིང་སྐྱོང༌། མ་མོ་མཁའ་འགྲོ སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ། ཐམས་ཅད་མཆོད་པའི་གནས་འདིར་བྱོན་པར་གྱུར། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲཱ་པྲ་ཏཱིཙྪེ་མཾ་བཱ་ལིཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བཱ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བཱ་ལིང་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བཱ་ལིང་ཧྲཱིཿཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བཱ་ལིཾ་ཨཱཿཕཊ། །ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བཱ་ལིཾ་ཧོ་ཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བཱ་ལིཾ་ཧ་ཧ་ཧོ་ཕཊ། ཅེས་པ་ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་


TNT11_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རང་བཞིན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་བརྗོད་ཅིང་རང་བཞིན་གྱི་རྣམ་པར་དག་པའི་དོན་བསམ་པ། འདི་སྐབས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་བླ་མ་རྣམས་ཀྱི་ཕྱག་ལེན་ལ་སྣང་ངོ༌། །ཡུལ་བདག་དང་བཅས་པའི་འཇིག་རྟེན་པ་རྣམས་ལ་གཏོར་མ་ཕུལ་བར་དམིགས་ལ། ཨོཾ་ཨཱཿཧཱུཾ། ཆེ་གེ་མོ་ཞེས་བྱ་བ་ལ་


TNT11_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི། ཀྵེ་ཏྲ་པཱ་ལ་ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་མ་མ་ས་པ་རི་ཝཱ་རཱའ་ན་སརྦ་སཏྭ་ནཉྩ་སརྦ་པཱ་པཾ་བྱ་ཏེ་བིགྷྣཱན་ཤིནྟཾ་ཀུ་རུ་དྷ་ན་ཀ་སྱ་ཨཱ་ཡུཿ ཨ་རོ་ཀྱ་པུཥྟཾ་ཀུ་རུ་སརྦ་བྷ་ཡཾ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ་ཞིང༌། འདི་སྐབས་སུ་ཡུལ་ཆེ་གེ་མོ་ཞེས་བྱ་བའི་གནས་སུ། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལ་སོགས་པ་སརྦ་ཀྵེ་ཏྲ་པཱ་ལ་སོགས་སྦྱོར་བ་ཕྱག་ལེན་ཡིན་ནོ། །ཧེ་རུ་ཀ་དཔལ་མཁའ་འགྲོར་བཅས། །ཕྱོགས་སྐྱོང་དུར་ཁྲོད་མ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ནད་གདོན་བར་ཆད་བསྲུང་བ་དང༌། །འབྲུ་ནོར་འཁོར་དང་ཚེ་རྒྱས་མཛོད། །དགེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་གྲུབ་མཛོད། །ཅེས་འཕྲིན་ལས་གཞོལ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སངས་རྒྱས་ཉིད་དང་འཕྲད་འགྱུར་པའི། །ལམ་འདི་ཉིད་དུ་འགྲོ་བར་ཤོག །མ་སྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་གྲོལ་བ་དང༌། །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། ཨོཾ་ཨཱཿཧཱུཾ་མུཿ ཞེས་གཤེགས་སུ་གསོལ། འདིར་གཏོར་ཆོག་བསྡུས་པ་རྒྱུན་འཁྱེར་ཡིན། རྒྱས་པ་ནི། མདུན་དུ་རྟེན་གྱི་དཀྱིལ་འཁོར་ཞིང་སྐྱོང་དང་བཅས་པ་སྐད་ཅིག་གིས་བསྐྱེད། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཀྱི་ཐིག་ལེ་ལྔ་ལས་ལྷ་


TNT11_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསྐྱེད། སེམས་ཅན་ཐམས་ཅད་ལྷའི་འཁོར་ལོར་དག་པར་མོས། དེ་ནས་ཡེ་ཤེས་པ་སྤྱན་དྲངས། གཏོར་མ་བྱིན་གྱིས་བརླབས་ནས་འབུལ་བ་སོགས་གོང་བཞིན་ནོ། །རང་ཉིད་བདུད་རྩི་རིལ་བུ་བཟའ་བ་དང༌། ཟས་ཟ་བའི་ཚེ། ཨོཾ་ཨཱཿཧཱུཾ་གུ་ཧྱ་ཨ་བྷ་ཀྵེ་ཧཱུཾ། ཞེས་ལན་བདུན་གྱིས་བྱིན་གྱིས་རླབས་ནས་བཟའོ། །རྣལ་འབྱོར་ཡན་ལག་གཞན་རྣམས་ནི་སྤྱི་དང་འདྲ་བར་ཤེས་པར་བྱའོ། །སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་འདི། །ཏཱ་ར་ནཱ་ཐས་སྦྱར་བ་ལས། །དགེ་བ་གང་ཐོབ་དེ་ཡིས་ནི། །འགྲོ་ཀུན་ཐུགས་རྗེའི་སྟོབས་སུ་ཤོག །དཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ་ཞེས་བྱ་བ་རྫོགས་སོ།། །།འདི་ནི་ཐོག་མར་རྒྱ་གཞུང་འགའ་ཞིག་གི་རྗེས་སུ་འབྲང་སྟེ་ཤིན་ཏུ་བསྡུས་པ་ཞིག་སྦྱར་བ། སླད་ཀྱི་དོན་གཉེར་འགའ་ཞིག་གིས་བསྐུལ་བ་ལས། ཀུ་ཀུ་རི་པ་དང༌། ཤཱནྟི་པའི་བཞེད་གཞུང་ལས་མར་རྔོག་གི་མན་ངག་གིས་ལེགས་པར་བརྒྱན་ནས་ཅུང་ཟད་རྒྱས་པར་ཕྱེ་བ་སྟེ། རང་ལོ་སུམ་ཅུ་རྩ་གཅིག་པ་ལ་ཤིན་ཏུ་དག་པར་བཅོས་ཤིང༌། རྒྱས་བསྡུས་ཀྱི་སྐྱོན་མཐའ་དག་དང་བྲལ་བར་བྱས་པ། སྒྲུབ་པའི་ཐབས་འདི་དང༌། དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མེ་དང༌། རྫོགས་རིམ་གྱི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་པ་སྟེ། ཁོ་བོས་སྦྱར་བའི་བསྟན་བཅོས་རྣམ་པ་གསུམ་པོ་འདི་མ་བུ་ཡ་མ་བྲལ་བར་བྱ་ཞིང༌། ཟབ་དོན་ངེས་གནས་མཐའ་དག་རྒྱུད་ཀྱི་རྣམ་བཤད་དུ་འབྲི་བར་འགྱུར་རོ། །བཀྲ་ཤིས། །མངྒ་ལཾ། །


TNT11_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་མཧཱ་མཱ་ཡའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རིན་ཆེན་མྱུ་གུ།next