Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
   
   
   
   
   


 
previousདཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།next

དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།


TNT11_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་བཞུགས།


TNT11_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དམ་པའི་བདེ་མཆོག་བདུད་རྩིས་ངེས་བྲན་པའི། །ཤེས་རབ་མཛེས་མའི་ཚོགས་ཀྱིས་རྩེན་པའི་སྐུ། །དཔྱིད་ཀྱི་དགའ་བས་སེམས་ཅན་ཕན་དགེས་ཀྱང༌། །བདུད་ཀྱི་སྟོབས་འཇོམས་ཧེ་རུ་ཀ་ལ་འདུད། །མགོན་པོ་དེ་ཡིས་ངེས་པར་ཡང༌། །བྱང་ཆུབ་ལ་སྦྱར་མཁས་རྣམས་ཀྱིས། །རྣམ་དག་གཞུང་ལམ་བསྟན་པ་ལ། །བྱེད་པ་ཅི་ཡང་དགེ་ལེགས་ཉིད། །འདིར་དཔལ་སངས་རྒྱས་ཐོད་པ་ལས་འབྱུང་བ། ཧེ་རུ་ཀའི་དཀྱིལ་འཁོར་རྒྱས་པ་སྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་བྱས་ལ། ཧཱུཾ་ཕཊ། ཅེས་བཟླས་པས། བདག་དང་གནས་དང་རྣལ་འབྱོར་སྲུང་བ་བྱས་ཤིང༌། འོག་ནས་འཆད་པ་ལྟར་ནང་མཆོད་བྱིན་གྱིས་རླབས་ཏེ། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་མྱངས་པར་འདིར་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་མི་འཇིགས་པའི་གཞུང་འགྲེལ་ལས་འབྱུང་བ་ལྟར་བྱས་ཀྱང་ལེགས། མ་འགྲུབ་ཀྱང་འགལ་བ་མེད་དོ། །རང་གི་སྙིང་གར་ཉི་མ་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པ། དེའི་འོད་ཀྱིས་དཔལ་ཧེ་རུ་ཀ་གཉུག་མའི་དགའ་མ་སྣ་ཚོགས་བདེ་མས་


TNT11_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། ཕྲེང་བཟང་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་ཉི་ཤུ་རྩ་བཞིས་བསྐོར་བ་སྤྱན་དྲངས་ཏེ། རང་ལ་མངོན་དུ་ཕྱོགས་པས་བཞུགས་པར་གྱུར། འོད་ཟེར་རྣམས་སྙིང་གའི་ཧཱུཾ་ལ་ཐིམ། ཡང་སྙིང་གའི་ཧཱུཾ་ལས་ལྷ་མོ་བརྒྱད་ཅིག་ཅར་སྤྲུལ་ནས་མཆོད་པར་གྱུར། འཛག་པ་དེ་ལས་རྣལ་འབྱོར་མ། །བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག །མཆོད་པ་སྣ་ཚོགས་འཛིན་པ་ཡིས། །མགོན་པོ་ཧེ་རུ་ཀ་མཆོད་དོ། །རྡོ་རྗེ་མགོན་པོའི་ཤར་གནས་པ། རྡོ་རྗེ་མཆེ་བ་མ་ཡིས་ནི། །ཐོད་པ་ཁྲག་གིས་བཀང་བཟུང་སྟེ། །གཟི་བརྗིད་ཆེན་པོ་གསོལ་བར་མཛོད། །རྡོ་རྗེ་ཕོ་ཉ་བདག་ཉིད་ཆེ། དབང་ལྡན་དུ་ནི་ཅང་ཏེའུ་བརྡུང༌། །རྡོ་རྗེ་གདོད་མ་དྲི་སྣོད་དང༌། །མེ་ཡི་ཕྱོགས་སུ་རྣམ་པར་གནས། །རྡོ་རྗེ་ཅན་མ་གྲགས་ཆེན་མོ། །མཆོད་ཡོན་སྣོད་ཅན་བདེན་བྲལ་ནི། །རྡོ་རྗེ་གཙིགས་མ་ལྷོ་ཡི་ནི། །ཕྱག་ན་རྔ་བོ་ཆེ་འཛིན་གསུངས། །རླུང་དུ་རྡོ་རྗེ་ལྟེ་བ་མ། །རི་བོང་ཅན་གྱི་སྣོད་འཛིན་ནོ། །ནུབ་ཏུ་རྡོ་རྗེ་འཇིགས་མ་ནི། །ལྕེ་སྤྱང་ཕྱག་ན་འཛིན་པར་


TNT11_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །བྱང་དུ་འདོད་ཆགས་རྡོ་རྗེ་མ། །ལྷ་མོའི་ཆགས་པས་གཙོ་བོ་མཆོད། །དེ་ལྟར་ཧེ་རུ་ཀ་བསམ་ནས། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་མཆོད། །སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། །སྣ་ཚོགས་རོལ་མོ་མཆོག་གསུངས་དང༌། །དྲི་ཞིམ་ལྔ་དང་མེ་ཏོག་སྤོས། །འདི་དག་གིས་ནི་གཙོ་བོ་མཆོད། །མཆོད་ཡོན་ཞལ་བསིལ་དེ་བཞིན་ཁྲུས། །གླུ་ཡི་མཆོག་ནི་རྣམ་མང་པོས། །མགོན་པོ་ཁྲག་འཐུང་བདག་ཉིད་ཆེ། །འདི་དག་གིས་ནི་མཆོད་པར་བྱ། །ཞེས་པ་ནི་མཆོད་པའོ། །རྒྱས་པ་ལ་སྤྲོ་ན། འོག་ནས་འབྱུང་བའི་མཆོད་སྔགས་རྣམས་ཀྱིས་མཆོད་དོ། ཁྲག་འཐུང་ཡོན་ཏན་ཟབ་མངའ་བ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །སེམས་ཅན་ཀུན་ལ་ཕན་དགྱེས་དང༌། །སྣ་ཚོགས་སྡེ་ལ་རྟག་ཏུ་འདུད། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །ཉི་ཤུ་རྩ་བཞིའི་དྲ་བ་སྡོམ། །དངོས་ཀུན་རང་བཞིན་འགྲོ་བ་སྐྱོབ། །སྣ་ཚོགས་སྡེ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། བདག་གིས་བདག་ཉིད་ཀྱི་སྡིག་པ་ཐམས་ཅད་འཆགས་ཤིང་སླར་ཡང་མི་བགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །བདག་ཉིད་ཀྱི་དགེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །སངས་རྒྱས་དཀོན་མཆོག་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆོས་དཀོན་མཆོག་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་


TNT11_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ། འཕགས་པའི་དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཀྱེ་མ་མ་ལ་བདག་གིས་སེམས་ཅན་ཀུན་གྱི་དོན་དང༌། ཕན་པ་དང༌། བདེ་བ་དང༌། ཇི་སྲིད་དུ་དེ་རྣམས་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ། བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བཀོད་པའི་བར་དུ་དེའི་ལམ་སྒྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པར་བགྱིའོ། །ཞེས་ལན་གསུམ་མོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །འོག་གི་རླུང་གིས་བསྐུལ་བས་འབར་བའི་གཏུམ་མོའི་མེས་འཁྱུད་པའི་སྙིང་གའི་ཧཱུཾ་ལས། འོད་ཟེར་འཕྲོས་ཁམས་གསུམ་མ་ལུས་པ་བསྲེགས་ཏེ་སྟོང་པར་སྦྱངས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨུཏྤ་ཀོ྅ཧཾ། སྟོང་པའི་ངང་ལས། སྔོན་གྱི་སྨོན་ལམ་གྱི་མཐུ་ལས། རཾ་ལས་བྱུང་བའི་ཉི་མའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་རྭ་གུར་བླ་རེ་མདའི་དྲ་བ། མེ་དཔུང་འབར་བ་དང་བཅས་པའི་དབུས་སུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་


TNT11_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གམ་བ་དན་དང་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་བདུན་དང་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་དང་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་དང་ལཾ་གྱི་མཚན་པ། དེ་ལྟར་འབྱུང་བ་བཞི་རོ་གཅིག་ཏུ་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞིས་བརྒྱན་པ། སྔོ་དཀར་སེར་དམར་ལྗང་བའི་རྩིགས་པ་རིམ་པ་ལྔ་དང་ལྡན་པ། རིན་པོ་ཆེའི་ཕ་གུ་དང༌། དྲ་བ་དང༌། དྲ་བ་ཕྱེད་པ་དང༌། ཤར་བུ་དང༌། མངའ་ཡབ་དང་ལྡན་པ། རྩིགས་པའི་ཕྱི་རོལ་དུ་མཆོད་པའི་གཟུངས་མ་རྣམས་དང་ལྡན་པའི་ཁ་ཁྱེར་གྱིས་བསྐོར་བ། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ལས་བྱུང་བ་ཀ་བ་དང༌། དྲིལ་བུ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟེང་ཐོག་རིམ་པར་ཕུབ་པའི་དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། ནང་གི་ལྷ་སྣམ་ཤར་དཀར་བྱང་སེར་ནུབ་དམར་ལྷོ་ནག །དབུས་སྔོ་བའི་ས་གཞིའི་སྟེང་དུ། སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། རྩིབས་ཆན་སྔོན་པོ། མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། རྩིབས་ཆན་ལྗང་ཁུ་མུ་ཁྱུད་ལ་རྡོ་རྗེ་དམར་པོའི་རྭ་བས་བསྐོར་བ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་ནག་པོ་རྩིབས་བརྒྱད་པ། མུ་ཁྱུད་ལ་རྡོ་རྗེ་སྔོན་པོས་རྭ་བས་བསྐོར་བ། འཁོར་ལོའི་ལྟེ་བ་སྣ་


TNT11_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་འདབ་མ་བརྒྱད་པས་ཁྱབ་པ། དེའི་ལྟེ་བ་སྔོན་པོ་ལ་སླར་ཡང་པདྨ་ལ་གནས་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མི་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་དང༌། ཕྱོགས་ཀྱི་འདབ་མ་བཞི་དང༌། འཁོར་ལོ་ཕྱི་མ་གཉིས་ཀྱི་རྩིབས་རྣམས་སུ་པད་ཉི་དང༌། སྒོ་བཞིར་པདྨ་ཉི་མ་མི་རོའི་གདན་རྣམས་སོ། །མེ་ལྕེའི་ཁོར་ཡུག་གི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ནི། ཤིང་བརྒྱད་ཀྱི་རྩེ་མོར་ཞིང་སྐྱོང་བརྒྱད་དང༌། རྩ་བ་ན་ཕྱོགས་སྐྱོང་བ་རྣམས་དང༌། ཀླུའི་དབང་པོ་བརྒྱད་དང༌། སྤྲིན་གྱི་བདག་པོ་བརྒྱད་དང༌། མངོན་པར་འཕགས་པའི་རི་བརྒྱད་དང༌། དེ་ལ་གནས་པའི་མཆོད་རྟེན་བརྒྱད་དང༌། དྲག་ཏུ་འབབ་པའི་ཆུ་ཀླུང་བརྒྱད་དང༌། རབ་ཏུ་འབར་བའི་མེ་བརྒྱད་དང༌། བྱ་དང་གཅན་གཟན་སྣ་ཚོགས་དང༌། སྦྲུལ་གྱིས་ཁྱབ་པ། གསལ་ཤིང་གིས་ཕུག་པ་དང༌། ཤིང་ལ་དཔྱངས་པ་དང༌། ཕྱེད་ཚིག་པ་དང༌། དུམ་བུར་གྱུར་པ་དང༌། མ་གྱུར་པའི་མི་རོ་སྣ་ཚོགས་དང༌། རུས་པའི་དུམ་བུས་ཁྱབ་པ། རོ་ལངས་དང༌། སྲིན་པོ་དང༌། མཁའ་འགྲོ་མ་དང༌། གྲུབ་པ་ཐོབ་པ་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡོངས་སུ་རྒྱུ་བས་ངོ་མཚར་བར་བྱེད་པའོ། །གཞལ་ཡས་ཁང་གི་དབུས་ཀྱི་གདན་གྱི་སྟེང་དུ། གཡོན་བསྐོར་གྱིས། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཕྲག་གཉིས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་དེ་རྣམས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་སྟེང་དུ་གཡས་བསྐོར་


TNT11_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙཱ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་དེ་རྣམས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རང་བཞིན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །ཟླ་ཉི་རྡོ་རྗེ་ཧཱུཾ་ཡིག་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས། སྐུ་ཡོངས་སུ་རྫོགས་པར་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་བཅོམ་ལྡན་འདས་ཡབ་ཡུམ་གྲུབ་པ་ན། ནོར་བུ་དང་ནོར་བུའི་འོད་ཟེར་གྱི་ཚུལ་གྱིས། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཡང༌། ཧཱུཾ་ཡིག་དེ་ཉིད་ཀྱི་སྣང་བ་ལས་གྲུབ་སྟེ། དབུས་ཀྱི་གདན་གྱི་སྟེང་དུ་རྒྱུ་རྡོ་རྗེ་འཛིན་པ། ཀུན་ད་དང་ཟླ་འོད་ལྟར་དཀར་ཞིང་འཚེར་བའི་སྐུ་ལས་ནོར་བུའི་འོད་ཟེར་འཕྲོ་བ། ཕྱག་གཡས་གཉིས་ན་ཅང་ཏེ་དང་གྲི་གུག །གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། འབྲས་བུ་རྡོ་རྗེ་འཛིན་པ་ལྟར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། བཅོམ་ལྡན་འདས་མ་སྣ་ཚོགས་བདེ་མ་དམར་མོས་འཁྱུད་པའོ། །སྤྱིར་རྒྱུ་རྡོ་རྗེ་འཛིན་པ་སྔོན་པོས་ཀྱང་རུང་ལ། བྲམ་ཟེ་ཆེན་པོས་མཛད་པར་གྲགས་པའི་སྒྲུབ་ཐབས་ནི། སྐབས་འདིར་གཡས་གཉིས་གྲི་ཐོད་གཡོན་གཉིས་ཁ་ཊྭཱཾ་རྡོ་རྗེ། ཡུམ་ཡང་དཀར་


TNT11_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཕྱག་གཉིས་མས་ཕྱག་མཚན་བཞི་བཟུང་བ་སྟེ། གཡས་ཅང་ཏེའི་སྟེང་ན་གྲི་གུག་དང༌། གཡོན་ཁ་ཊྭཱཾ་ཐོད་པ་ལྷན་ཅིག་པར་བཤད་པའང་སྣང་ངོ༌། །ཐུགས་ཀྱི་འཁོར་ལོའི་འདབ་མ་རྣམས་ལ། ཤར་དུ་འཕྲེང་བཟང་མ། བྱང་དུ་ཐོད་ཅན་མ། ནུབ་ཏུ་འཇིགས་བྱེད་མ། ལྷོར་ཐུབ་དཀའ་མ། དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་བཞི་ལ། གཡས་བསྐོར་གྱི་ཁུ་བ་དང༌། རྡུལ་དང༌། བདུད་རྩི་ལྔ་དང༌། སྒྲོན་མ་ལྔས་གང་བའི་ཐོད་པའོ། །ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་ལ། ཤར་དུ་དགེ་བའི་སྐ་རགས་ཅན་མ། བྱང་དུ་གཟུགས་ཅན་མ། ནུབ་ཏུ་རྣམ་རྒྱལ་མ། ལྷོར་འབྱུང་གནས་མ། དབང་ལྡན་དུ་དུས་ཅན་མ། མེར་མཚོ་ཆེན་མ། བདེན་བྲལ་དུ་བྱེད་ཅན་མ། རླུང་དུ་སྡུད་བྱེད་མའོ། །སྐུའི་འཁོར་ལོའི་རྩིབས་བརྒྱད་ལ། ཤར་དུ་སྒྲོལ་བྱེད་མ། བྱང་དུ་འཇིགས་མཐོང་མ། ནུབ་ཏུ་ལེགས་མཐོང་མ། ལྷོར་མི་ཕམ་མ། དབང་ལྡན་དུ་དགེ་བ་མ། མེར་གྲིབ་གནོན་མ། བདེན་བྲལ་དུ་དུས་མཚན་མ། རླུང་དུ་གྲགས་ཆེན་མ། ཤར་སྒོར་མཛེས་སྡུག་མ། བྱང་སྒོར་ནོར་འཛིན་མ། ནུབ་སྒོར་སྐལ་བཟང་མ། ལྷོར་སྒོར་ཡིད་འོང་མ། འདི་དག་ཀྱང་མཚན་ཉིད་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་དང་འདྲའོ། །ལྷ་མོ་ཉི་ཤུ་རྩ་བཞིའི་ཐོད་པར་གནས་པའི་བདུད་རྩིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ཅིང༌། ཡུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། གསང་བར་སྭཱ། བརླ་གཉིས་ལ་ཧཱ། དེ་རྣམས་


TNT11_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འོད་ཀྱིས་སྐུ་གང༌། ཡུམ་གྱི་བྷ་ག་ཧྲཱིཿལས་བྱུང་བའི་པདྨ་དམར་པོ། ལྟེ་བ་ལ་ཨཱཿཡིག་དམར་པོས་མཚན་པ། ཡབ་ཀྱི་ལིངྒ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་མོ་ལ་ཨོཾ་དཀར་པོས་མཚན་པ། ལྷ་མོ་ཉི་ཤུ་རྩ་བཞི་སྣ་ཚོགས་བདེ་མ་དང་ལྷན་ཅིག་དབྱེར་མེད་པས། བཅོམ་ལྡན་འདས་ལ་འདོད་པ་མཛད་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ངོ༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རྗེས་སུ་ཆགས་པའི་མེས་ཤེས་རབ་མའི་འཁོར་ལོ་བཅོམ་ལྡན་འདས་དང་ལྷན་ཅིག་ཞུ་བར་གྱུར་པ། ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཁུ་བའི་གཟུགས་ཀྱིས་གནས་པར་གྱུར་ཏོ། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནོ། །དེ་ནས་ཐིག་ལེ་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། གདུང་བ་དང་བཅས་པས་བསྐུལ་བ་ནི། །བྱམས་པའི་རང་བཞིན་འཕྲེང་བཟང་མས། །ཅི་སྟེ་འཇིག་རྟེན་སྙན་མནན་ན། །ཅི་སྟེ་ཁྱོད་ནི་མི་དགྱེས་གྱུར། །གལ་ཏེ་ཁྱོད་བདག་ཚིག་གསན་ན། །མི་དགྱེས་གྱུར་བ་མཐའ་དག་ཐོང༌། །སྙིང་རྗེའི་རང་བཞིན་ཐོད་ཅན་མས། །སྟོང་པའི་གཟུགས་ནི་མ་མཛད་པར། །ཉིད་ཀྱི་དགོངས་པ་གྲགས་པར་མཛོད། །སྲིད་འཇིགས་སྐྱེ་བོ་ཀུན་བསླུ་བས། །རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས། །དགའ་བའི་རང་བཞིན་འཇིགས་བྱེད་མས། །བདག་པོ་སྔོན་གསུངས་དྲན་པར་མཛོད། །བྱ་བར་སྒྱིད་ལུག་མ་མཛད་ཅིག ཁྱོད་མི་སྣང་ན་སྐྱེ་བོ་ཀུན། །ལྷུང་བས་འགྲོ་བ་མི་དགར་འགྱུར། །བཏང་སྙོམས་རང་བཞིན་ཐུབ་དཀའ་མས། །ལོག་པའི་ང་རྒྱལ་མ་མཛད་པར། །མཛའ་བོ་སྟོང་


TNT11_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ཐོང༌། །དངོས་པོ་མཐའ་ཡས་ཁྱོད་ཐོང་ལ། །རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད། །ཚིགས་བཅད་འདི་དག་མི་འཇིགས་པའི་གཞུང་འགྲེལ་འགྱུར་གསར་ན་དྲངས་པ་རྣམས་གོ་བདེ་ཞིང་འགྱུར་ལེགས་པར་སྣང་ཡང༌། ལག་ལེན་མཛད་པའི་རྒྱུན་ལ་གྱི་ཇོའི་འགྱུར་བཞིན་མཛད་ཀྱིན་སྣང་བས་དེ་ལྟར་དྲངས་སོ། །ས་ར་ཧས་མཛད་ཟེར་བའི་སྒྲུབ་ཐབས་ལྟར་ན། གཙོ་བོ་ཡབ་ཡུམ་ཞུ་བ་མ་གཏོགས་འཁོར་གྱི་ལྷ་མོ་རྣམས་གནས་ཤིང་དེའི་ཕྱིར་ཐིག་ལེ་ལས་ལྷ་མོ་སྤྲོ་བ་མེད་ལ། བསྐུལ་མཁན་ཡང་མཛེས་སྡུག་མ་ལ་སོགས་པ་སྒོ་མ་བཞིས་བྱེད་དོ། །དེ་ལྟར་བསྐུལ་མ་ཐག་ཏུ་ཐིག་ལེ་དེ་ཉིད་ཧཱུཾ་དུ་གྱུར་ཞིང༌། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཆུ་ཤིང་གི་མེ་ཏོག་གསར་དུ་ཁ་བྱེ་བ་ལྟ་བུའི་མདངས་ཅན། ཞལ་གཅིག་ཕྱག་བཞིའི་གཡས་ཀྱི་དང་པོས་ཅང་ཏེའུ་སྟེང་དུ་འཁྲོལ་ཞིང༌། གཡོན་གྱི་དང་པོས་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་བསྒྲེང་བ། གཡས་འོག་མས་གྲི་གུག་བསྣུན་པའི་ཚུལ་ཅན། གཡོན་འོག་མས་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡུམ་ལ་འཁྱུད་པ། སྣ་ཚོགས་པདྨའི་ལྟེ་བར་པདྨ་དམར་པོ་དང་མི་རོའི་སྙིང་ག་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། འཇིགས་ཤིང་ཁྲོས་ལ་དྲག་པོའི་སྐུ་ཅན། ཉི་མའི་དཀྱིལ་འཁོར་གསར་དུ་ཤར་བ་ལྟ་བུའི་སྤྱན་གསུམ་པ། ཞལ་ནས་ཧཱུཾ་གི་སྒྲ་སྒྲོག་པས་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་སྡིགས་ཤིང་ཕྱེ་མར་མཛད་པ། མི་བཟད་པའི་མཆེ་བ་རྣོན་པོ་གཙིགས་པ། ཐལ་བ་


TNT11_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་སྐུ་ལ་ཉེ་བར་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་རྒྱབ་ཀྱི་ཆར་འཛིན་པ། མིའི་རྒྱུ་མ་རློན་པའི་ཚངས་སྐུད་དང༌། དཔྲལ་བར་ཐོད་པ་ལྔའི་ཕྲེང་བས་བརྒྱན་ཞིང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུབ་བུ་དང༌། སྐེ་རགས་ཏེ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། ཐུགས་རྗེ་ཆེན་པོས་ལུས་ཅན་རྣམས་འཁོར་བ་ལས་འདོན་པར་མཛད་པའོ། །དེ་ལ་འཁྱུད་པའི་སྣ་ཚོགས་བདེ་མ་རྣལ་འབྱོར་མའི་དབང་མོ་ནི། སྐུ་མདོག་བནྡྷུ་ལྟར་དམར་བ། རུས་པའི་རྒྱན་ཅན། རྣམ་པར་འགྱུར་པའི་ཞལ། དབུ་སྐྲ་ཁམ་སེར་གྲོལ་ཞིང་གྱེན་དུ་འབར་བ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མཆེ་བའི་མྱུ་གུ་གཙིགས་པ། ཕྱག་གཡོན་པས་ཐོད་པ་རང་བྱུང་སིཧླའི་རྒྱུན་གྱིས་གང་བ་འཛིན་ཞིང་ཡབ་ལ་འཁྱུད་པ། གཡས་གྲི་གུག་དང་བཅས་པ་སྟེང་དུ་སྒྲེང་བས། གདུག་པ་ཐམས་ཅད་ལ་བསྣུན་པར་མཛད་པ། སྒེག་ཅིང་གཡོ་བས་རྩེན་པའི་སྐུ། ཤིད་ཀྱི་སྒྲ་དང་བཅས་པའི་སྒྱུ་རྩལ་དང་རྩེད་འཇོས་རོལ་པ་ཅན་ནོ། །མི་འཇིགས་པའི་གཞུང་འགྲེལ་ལས་ཡབ་ཧེ་རུ་ཀ་དབུ་སྐྲ་ནག་པོ་རལ་པའི་ཅོད་པན་དུ་བྱས་པར་བཤད་དེ་གདམ་ང་ཡིན་པས་མི་འགལ་ལོ། །གཙོ་བོ་ཡབ་ཡུམ་གྲུབ་པ་དང༌། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཡང་སྐད་ཅིག་གིས་གྲུབ་པར་གྱུར་ཏེ། ཐུགས་ཀྱི་འཁོར་ལོའི་འདབ་མ་རྣམས་ལ། ཞེས་པ་ནས། ལྷོ་སྒོར་ཡིད་འོང་མ་སྟེ་


TNT11_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་སྔོན་མོ་ཨིནྡྲ་ནཱི་ལས་འོད་ཟེར་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། འཛུམ་ཁྲོས་མཆེ་བ་གཙིགས་ཤིང་སྐྲ་སེར་གྱེན་དུ་གྲོལ་བ། མེ་ཏོག་མནྡྷ་ར་བ་ཁ་བྱེ་བ་ལྟ་བུའི་ཉི་མའི་གདན་ལ་གནས་པ། སྒོ་སྐྱོང་མ་བཞི་ནི་དབུགས་བྲལ་གྱི་གདན་ལ་གཡོན་བརྐྱང་གི་སྟབས་དང་གཞན་རྣམས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རྣལ་འབྱོར་མ་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་མི་མགོའི་དབུ་རྒྱན་དང་ཕྲེང་བ་སྤངས་ཤིང་རུས་པའི་ཕྱག་རྒྱ་ལྔ་དང༌། ཕྱོགས་ཀྱི་གོས་ཅན། ཞལ་ནས་ཁྲག་ཆེན་གྱི་ཟེགས་མ་འཐོར་བ། རབ་ཏུ་ཆགས་པས་ཟླ་བའི་རྒྱུན་འབབ་པའོ། །ཡང་ན་གདམ་ང་ལ་ཐུགས་འཁོར་བ་རྣམས་ནག་མོ་གསུང་འཁོར་བ་རྣམས་དཀར་སེར། སྐུ་འཁོར་བ་རྣམས་ལྗང་ཁུ། སྒོ་སྐྱོང་རྣམས་ནག་མོར་ཡང་བསྡུས་པའི་རྒྱུད་ཉིད་ལས་བཤད་པ་ལྟར་བྱ་ལ། །ཡང་ཐུགས་འཁོར་བ་དང་སྒོ་སྐྱོང་རྣམས་ཕྱོགས་མདོག །གསུང་འཁོར་པ་རྣམས་དམར་མོ། སྐུ་འཁོར་པ་རྣམས་དང༌། སྣ་ཚོགས་བདེ་མ་ཡང་དཀར་མོར་ས་ར་ཧའི་གཞུང་དུ་གྲགས་པ་ལས་འབྱུང་ཞིང༌། དེ་ཉིད་རྩ་རྒྱུད་ཀྱི་དགོངས་པ་ཡིན་པར་ཡང་གྲགས་ལ། གཞན་དེ་དང་འདྲ་བ་ལས། འཇིགས་བྱེད་མ་དཀར་མོར་འདོད་པ་ཡང་བཤད་པ་དང༌། རྫོགས་འཕྲེང་ལས་གཙོ་བོ་ཧེ་རུ་ཀའི་སྨད་གཡོགས་གླང་པོ་ཆེའི་པགས་པ་ཡང་བཤད་ལ། འཁོར་ཉེར་བཞི་སྟག་ལྤགས་རྒྱབ་ཏུ་འཕྱར་བ་བྱེད་པའང་ཡོད་པ་དང༌། དེ་བཞིན་དུ། ཡུམ་སྣ་ཚོགས་བདེ་མ་ཕྱག་བཞི་ཕྱག་མཚན་ཡབ་དང་འདྲ་བ་ཡང་ད་ལྟའི་རྒྱུད་འདི་ལས་གསུངས་ཏེ། དེ་དག་ལས་རང་ཉིད་ཇི་ལྟར་མོས་པ་ཞིག་བསྒོམ་པར་བྱའོ། །བཅོམ་ལྡན་


TNT11_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཐུགས་ཀར་ཨོཾ། དཔྲལ་བར་ཧཾ། མགྲིན་པར་ཧེཾ། སྤྱི་བོར་ཧཻཾ། ཕྲག་པ་གཉིས་ལ་ཧོཾ། མིག་གཉིས་ལ་ཧཽཾཽཾ། གསང་བ་ལ་ཧི། ལུས་ཐམས་ཅད་ལ་ཧཿ ཞེས་པ་གོ་ཆའོ། །ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ནག་པོའི་ལྟེ་བར་ཧཱུཾ་གིས་མཚན་པ། མགྲིན་པར་ཨཿལས་པདྨ་དམར་པོ་ཨས་མཚན་པ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། སྙིང་གར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་དེ་ལས་འོད་འཕྲོས། དཔལ་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཧཱུཾ་ཞེས་བགེགས་བསྐྲད། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཱ་ར་ཐཾ། བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ སྒོ་མ་བཞི་པོས་དགུག་གཞུག་བཅིང་མཉེས་བྱ། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཁཾ་བྲཾ་དྲུཾ་སྲུཾ་ཨཱཾ་ཨཱཾ་ཨཱཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་ཡེ་ཤེས་སེམས་དཔའ་དང་རོ་མཉམ་གཅིག་ཏུ་འདྲེས་པར་གྱུར། དེ་ནས། ལྟེ་བར་གཏུམ་མོ་འབར་བས་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་བདུད་རྩི་ཞུ་ཞིང་བབས་ཏེ། ཆོས་ཀྱི་འཁོར་ལོའི་ས་བོན་ལ་ཁྲུས་གསོལ་བའི་དུས་སུ། དེའི་རྩ་བརྒྱད་ཀྱི་རང་བཞིན་མཁའ་འགྲོ་མ་བརྒྱད། སྒེག་ཅིང་མཛེས་སྡུག་ཕུན་སུམ་ཚོགས་པ། ལོ་བཅུ་གཉིས་ལོན་པའི་ན་ཚོད་ཅན་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་ཐོགས་ཏེ། འཛུམ་པའི་འོད་ཟེར་དང་བཅས་པ་ཕྱིར་སྤྲོས། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིག་པའི་ལྷ་མོར་བཅས་པ་རྣམས། རབ་ཏུ་དྭངས་ཤིང་བཞད་པའི་


TNT11_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་དམུལ་ཏེ། ཧེ་རུ་ཀ་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག ཅེས་གསུང་བཞིན་གྱུར། ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་གསོལ་འདེབས་ན། ཐུགས་རྗེ་ཆེ་དང་ལྡན་པ་རྣམས། །བདག་ལ་དབང་ནི་སྐུར་དུ་གསོལ། །བརྩེ་ལྡན་གྲགས་པ་ཆེན་པོ་པས། །རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར། །འཁོར་བའི་འདམ་དུ་བྱིང་བ་བདག །དབང་བསྐུར་པ་ཡིས་བདག་སྒྲོལ་མཛོད། །ཨོཾ་ཨ་བྷི་ཥིཉྩ་ནྟུ་མཱཾ། སརྦ་ཡོ་གཱི་ཎྱོ་མུ་ཀུ་ཊེ་ཨ་ཏྲ་ཨ་དྷི་ཏིཥྛནྟུ་ཨཱ་གཙྪནྟུ་ཧཱུཾ་སྭཱཧཱ། ཞེས་གསོལ་བ་བཏབ་པས། གདུགས་དང་རྒྱལ་མཚོན་དང་བ་དན་དང༌། གོས་དང༌། རོལ་མོ་ལ་སོགས་པ་ཉེ་བར་མཁོ་བ་ཐམས་ཅད་དང་ལྡན་པ། ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོ་འཛིན་པ་རྣམས་ཀྱིས་ཁྲུས་གསོལ་བ་དང༌། བཀྲ་ཤིས་དང༌། རྔ་བོ་ཆེའི་སྒྲ་དང༌། ཙནྡན་དང་གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་ཕབ་ཅིང༌། ཕྱི་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང༌། བཞི་པའི་དབང་བསྐུར་བར་མཛད་དོ། །དེ་ནས་དབང་ལྷ་རྣམས་སྙིང་གའི་རྩ་བརྒྱད་ལ་ཐིམ། གཙོ་བོ་རྡོ་རྗེ་སེམས་དཔའི་ངོ་བོ་ལ། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པ་དང༌། སྣ་ཚོགས་བདེ་མ་ལ་རྡོ་རྗེ་སེམས་དཔའ་དང༌། ཐུགས་འཁོར་བ་རྣམས་ལ་རིན་ཆེན་འབྱུང་ལྡན་དང༌། གསུང་འཁོར་བ་རྣམས་ལ་འོད་དཔག་མེད་དང༌། སྐུ་འཁོར་བ་རྣམས་ལ་རྣམ་པར་སྣང་མཛད་དང༌། སྒོ་སྐྱོང་རྣམས་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་


TNT11_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་པོ་ལས་བྱུང་བའི་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱི་གཙོ་བོ་ལ་མཆོད་པར་གྱུར། ཨོཾ་བུདྡྷ་ཀ་པཱ་ལི་ནི་མ་ཊ་མ་ཊ་ཨ་སྭཱཧཱ། མེ་ཏོག་འབུལ་བའི་སྔགས་སོ། །ཨོཾ་མཧཱ་ཀ་པཱ་ལ་བཛྲཱི་བ་ར་བ་ར་ཏ་ཊ་སྟ་ཊ་ཡ་སྟ་ཊ་ཡ་མ་ཊ་མ་ཊ་ཧཱུཾ་ཧེ་སྭཱཧཱ། དྲི་ཆབ་འབུལ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏ་ཊ་སྥོ་ཊ་ཡ་སརྦ་ཤུ་བྷ་པྲ་དཱ་ཡི་ནི་ཧཱུཾཾཾཾཾ་ཕཊ། སྦོས་འབུལ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་གྲྀཧྞ་གྲྀཧྞ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་བ་ར་བ་ར་ཏ་ཊ་ཏ་ཊ། སྟ་ཊ་ཡ་སྟ་ར་ཡ་མ་ཊ་ཧཱུཾ་ཧཱུཾཾ་སྭཱཧཱ། མར་མེ་འབུལ་པའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི། གྲྀཧྞ་གྲྀཧྣ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཁཱ་ཁཱ་ཧཱུཾ། ལྷ་བཤོས་འབུལ་བའི་སྔགས་སོ། །ཨོཾ་མཧཱ་ཀ་པཱ་ལི་བཛྲ་དྷརྨ་དྷརྨ་མེ་གྷེ་བ་རེ་པྲ་བ་རེ་བ་ར་བ་ར་ཀ་ར་ཀ་ར། ཏ་ཊ་ཏ་ཊ། ཧ་ཧེ་སྭཱཧཱ། གོས་འབུལ་བའི་སྔགས་སོ། །སྐབས་འདིར། སྤྲོ་ན་གོང་ཚོགས་ཞིང་གི་སྐབས་ལྟར། ཚིགས་བཅད་བརྗོད་པས། ཕྱི་ནང་གསང་བའི་མཆོད་པ་མཐའ་དག་འབུལ་བ་སྐབས་སུ་བབ་པའང་ཡིན་ནོ། །དེ་ནས། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིས་བདེ་རྒྱས་ཤིང༌། །རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་བྱེད་པ། །རྡོ་རྗེ་ལྷ་མོའི་རྩེད་མོའི་རོལ་བས་རྩེར་མཛོད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ། །ཞེས་བསྟོད། དེ་ནས་བདུད་རྩི་མྱང་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ལྔ་རྣམས་སྤྱན་དྲངས། སྤྱི་བོ་ནས་ཞུགས་ཐུགས་ཀར་བྱང་ཆུབ་ཀྱི་སེམས་དང་འདྲེས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ། ཡེ་ཤེས་བདུད་རྩི་ལྔའི་རང་བཞིན་དུ་


TNT11_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ། ལྷ་ཐམས་ཅད་ཀྱི་ལྗགས་ལས་བྱུང་བའི་འོད་ཟེར་གྱི་སྦུ་གུས་དྲངས་ནས། གསོལ་བས་ཚིམ་ཞིང་མཉེས་པར་གྱུར། ནང་གི་བདུད་རྩི་མྱང་བའོ། །ནང་མཆོད་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་འབར་བ་བདུན་གྱིས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དུམ་བུ་གསུམ་པ་ཕྱི་དཀར་ལ་ནང་དམར་བའོ། །དེའི་ནང་དུ་བྃ་རྃ་ཤཱུྃ་མྃ་མུྃ་རྣམས་ལས་དྲི་ཆེན་རཀྟ་བྱང་སེམས་ཀྱི་ཀླད་པ་དྲི་ཆུ་སྟེ་བདུད་རྩི་ལྔ་དང༌། གྃ་ཀུྃ་དྃ་ཧྃ་ནྃ་རྣམས་ལས་བ་གླང་ཁྱི་གླང་པོ་རྟ་མི་ཤ་སྟེ་སྒྲོན་མ་ལྔ་ལ། ཨོཾ་ཧཱུཾ་ཁཾ་སྭཱ་ཧཱུཾ་གིས་མཚན་པ། འོག་གི་རླུང་གཡོས་མེ་སྦར་བས་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བའི་རླངས་པ་རྣམས་སྟེང་གི་བར་སྣང་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པར་གྱུར་པ་ལ་རེག་པས་དེ་ཞུ་ནས་ཐོད་པར་ལྷུང་བ་རྫས་རྣམས་དང་རོ་གཅིག་ཏུ་འདྲེས་པར་གྱུར། ཡང་མཐོ་གང་ཙམ་གྱི་བར་སྣང་ལ། ཨོཾ་ལས་ཟླ་བ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལས། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་སྤྱན་དྲངས་པ་དང༌། ནོར་བུ་དང་སྔགས་དང་སྨན་གྱི་ནུས་པའི་བྱེ་བྲག་ཐམས་ཅད་བཀུག་སྟེ་རྫས་ལ་ཐིམ་པས། དེ་ཐམས་ཅད་དངུལ་ཆུའི་མདོག་ཅན་རབ་ཏུ་བསིལ་བའི་བདུད་


TNT11_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཡང་ལན་གཅིག་གིས་བདུད་རྩི་མྱངས་ནས། ཧཱུཾ་དཀར་པོ་ལས་སྐྱེས་པའི་ལྗགས་རྡོ་རྗེ་རྩེ་གཅིག་པས་དྲངས་ཏེ་གསོལ་བར་བསམ་སྟེ། ཕྱིའི་བདུད་རྩི་མྱངས་བའོ། །དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་བདག་གཞན་སྣོད་བཅུད་དང་བཅས་པ་ཐམས་ཅད་རྨི་ལམ་ལྟ་བུར་བསམ་ཞིང༌། སྤྲུལ་པ་སྤྲོ་བསྡུས་སེམས་ཅན་གྱི་དོན་བྱེད་པ་ནི་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་མི་འཇིགས་པའི་གཞུང་འགྲེལ་ལྟར་ན། འཁོར་ལོ་སྡོམ་པའི་མན་ངག་དང་མཚུངས་པར། ལུས་དཀྱིལ་སྒོམ་པར་ཡང་མཛད་དེ། དེ་ལྟར་སྤྱིར་ཤིན་ཏུ་འཐད་ཅིང༌། ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཏེ། སྒོམ་པར་སྤྲོ་ན་གཞུང་འགྲེལ་ཉིད་ལས་ཚོལ་བར་བྱའོ། །འོན་ཀྱང་བསྡུས་རྒྱུད་འདིའི་དངོས་བསྟན་ལ་མེད་པས་ན། མེད་མི་རུང་གི་ཡན་ལག་ཏུ་མི་འགྱུར་བའི་ཕྱིར། བསྡུས་པ་ལ་དགའ་བའི་དོན་དུ་བརྩམས་པའི་སྐབས་འདིར་མ་བྲིས་སོ། །དེ་ནས་ཡང་འདི་ལྟར་སྒོམ་ཏེ། སྤྲུལ་པའི་འཁོར་ལོ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ཁ་སྟེང་དུ་ཕྱོགས་པའི། མདུད་པའི་བུ་གར་ཨཾ་སྔོན་པོའོ། །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་འོག་ཏུ་ཁ་ཕྱོགས་པའི་བུ་གར་ཧཱུཾ་སྔོན་པོའོ། །སྟེང་དུ་ཁ་ཕྱོགས་པའི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩིབས་བཅུ་དྲུག་པའི་བུ་གར་ཨོཾ་དམར་པོའོ། །བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པོ་འོག་ཏུ་ཁ་ཕྱོགས་པའི་བུ་གར་ཧཾ་དཀར་པོའོ། །གསང་བའི་འཁོར་ལོར་གནས་པའི་རླུང་གིས་བསྐུལ་བའི་མེ་གཏུམ་མོའི་རང་བཞིན་ཨཾ་


TNT11_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབར་བའི་འོད་ཟེར་གྱིས་བཞུ་བའི་ཧཱུཾ་ཡིག་ལ་སོགས་པ་ཡི་གེ་གསུམ་དང་ལྷན་ཅིག་དབྱེར་མེད་པའི་ཨཾ་ཡིག་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཐིག་ལེར་གྱུར་པའི་དཔའ་བོ་སྒོམ་ཞིང༌། སྒོམ་པ་ཡོངས་སུ་སྨིན་པར་མོས༴ ནས། དེ་ཉིད་ལས་འོད་ཟེར་གྱི་རེ་ཁ་ཕྲ་མོ་མེ་ལྕེ་འབར་བ་ལྟར་གནས་པས་བལྟ་བར་བྱའོ། །དེ་མཐུས་བདུད་རྩི་འཛགས་པས་གང་སྟེ་དཔའ་བོ་བཀྲུས་པ་ན་འོད་ཟེར་གྱི་རེ་ཁ་དེ་ཡང་བསིལ་བར་གྱུར་ཏེ། དེ་ནས་དཔའ་བོ་ལ་སེམས་ངེས་པས། ཇི་སྲིད་དུ་སེམས་བརྟན་པ་ཐོབ་པར་མཚན་མ་རྣམས་ཀྱི་ཉེ་བར་དམིགས་པ་དེ་སྲིད་དུ་བལྟ་བར་བྱའོ། །བརྟན་པ་ཉེ་བར་མཚོན་པ་ན། འོད་ཟེར་གྱི་རེ་ཁ་དེའི་སྣང་བས་སྣ་ཚོགས་པ་གསལ་བར་སྣང་བར་བྱེད་པར་བསམ་སྟེ། ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་བལྟའོ། །ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་བྱའོ། །ཞེས་པ་ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་བཟླས་པ་ནི། རྡོ་རྗེའི་བཟླས་པ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གང་ཡང་རུང་བ་སྔོན་དུ་འགྲོ་བས། ངག་བཟླས་བྱ་སྟེ། ཨོཾ་ཧྲཱིཿབུདྡྷ་ཧཱུཾ་ཀ་པཱ་ལི་ནི་ཨཱཿ ཞེས་པ་སྟེ་རྩ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧྲཱིཿཧཻ་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་བཛྲི་ཎཱི་ཧཽ་དུར་ཛ་ཡ་དུར་ལཀྵེ་ཧཱུཾ་ཕཊ། ཅེས་པ་ནི་ཉེ་བའི་སྙིང་པོའོ། །དེ་ལྟར་ཅི་འགྲུབ་ཏུ་བཟླས་ལ། གཏོར་བསྔོ་མི་བྱེད་ན་འོག་ནས་འབྱུང་བ་ལྟར་དཀྱིལ་འཁོར་ཉེར་བསྡུ་བྱའོ། །འགྲུབ་ན་བཟླས་པའི་མཐར་གཏོར་མ་ངེས་པར་བྱ་སྟེ། གཏོར་མ་ནང་མེ་ཆོད་ལྟར་བྱིན་གྱིས་བརླབས། སྟོང་པའི་ངང་ལས་བསྲུང་བའི་འཁོར་ལོའི་


TNT11_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ། སྐད་ཅིག་ཙམ་གྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བྱོན་པ། བདག་ཉིད་ཀྱིས་སྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། གོང་གི་དམ་ཡེ་བསྲེ་བའི་སྔགས་ལན་གསུམ་བཟླས། དུར་ཁྲོད་ཀྱི་ས་གཞི་ལ་ཕྱོགས་སྐྱོང་བ་ཐམས་ཅད་ཀྱང་གནས་པར་གྱུར། གོང་བཞིན་ཆུ་གཉིས་དང་ཉེར་སྤྱོད་ལྔ་དང་ལྷ་མོ་བརྒྱད་ཀྱི་ས་མཆོད། ཨོཾ་བུདྡྷ་ཀ་པཱ་ལི་ནི་བ་ལིཾ་གྲྀཧྞཱ་གྲྀཧྞཱ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཁཱ་ཁཱ་ཧཱུཾ། ཞས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལན་བདུན་གྱིས་ཕུལ། ཨོཾ་བུདྡྷ་ཀ་པཱ་ལ་བཛྲ་ཙ་ཊེ་སུ་ཙེ་ཊེ། ཨ་(ལཾ་བ་ནེ+ཁཾ་བཱ་རེ)པྲཱི་ཎཱ་ཡ། སརྦྦ་བྷཱུ་ཏཱ་ན། མ་རཱ་ཡ་སརྦྦ་མཱ་རཱ་ན། ཀཱི་ལ་ཡ་སརྦྦ་དུཥྟཱ་ན། ཨུ་ཙ་ཊ་ཡ་སརྦྦ་བིགྷྣཱན། བི་དྲ་བཱ་ཡ། བྷོ་བྷ་ག་ཝ་ཏེ། ཡཀྵ་རཀྵ་ས། པཱི་ཤཱ་ཙ་ན། ཤོ་ཥ་ཡ། ཏཱ་ཌ་ཡ། སསྟ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། པྲ་ས་ར་པྲ་ས་ར། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་ལན་གསུམ་གྱི་འབྱུང་པོའི་ཚོགས་ལ་ཕུལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྟོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་གྱི་མཉམ་མེད་བྱོས། །འོན་ཏེ་སངས་རྒྱས་སྲས་བུ་སྐྱེས། །ཞེས་ཆོས་བཤད་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པའི། །ལམ་དེ་ཉིད་དུ་ཞུགས་ནས་ཀྱང༌། །སངས་རྒྱས་ཉིད་དང་ཕྲད་གྱུར་ཅིག །མ་གྲོལ་བ་རྣམས་གྲོལ་བར་ཤོག །མ་བརྒལ་བ་རྣམས་བརྒལ་བར་ཤོག །རྣལ་འབྱོར་གཙུག་ལག་དམ་པ་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་


TNT11_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བསྔོས་ནས། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་༴ ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི །བར་གྱིས་ཕྲིན་ལས་བཅོལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད་པ་སྤྱི་དང་འདྲ་བར་ཕུལ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་བྱས་ཏེ། ཁུ་ཚུར་ས་ལ་བརྐྱང་ནས་སེ་གོལ་གཏོགས་ཏེ། ཨོཾ་ཨཱཿཧཱུཾ་མུཿ ཞེས་པ་དང་དྲིལ་བུ་འཁྲོལ་བས་གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་ཉེ་བར་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར་པ། བདག་གིས་སྒོམས་པའི་དཀྱིལ་འཁོར་ལ་ཐིམ། དུར་ཁྲོད་བརྒྱད་བསྲུང་བའི་འཁོར་ལོ༴ དེ་གཞལ་ཡས་ཁང་གདན་དང་བཅས་པ་ལ༴ དེ་ཡང་ལྷ་རྣམས་ལ༴ ལྷ་རྣམས་གཙོ་བོ་ཡབ་ཡུམ་ལ༴ གཙོ་བོ་ཡབ་ཡུམ་ཡང་ཐུགས་ཀའི་ཧཱུཾ་ལ༴ དེ་ཡང་འོད་གསལ་དུ་ཐིམ་པར་གྱུར། བར་སྐབས་དེར། ཅུང་ཟད་མཉམ་པར་བཞག །དེ་ལས་ཐུན་མཚམས་ཀྱི་ལྷ་སྐུ་བསྒོམས་ཏེ་དགེ་བ་བསྔོའོ། །གལ་ཏེ་དཀྱིལ་འཁོར་བསྡུས་པའི་རྗེས་སུ་གཏོར་མ་བསྔོ་ན། མདུན་བསྐྱེད་དམ་ཚིག་པ་ས་བོན་ནི་སྔགས་ཙམ་ལས་བསྐྱེད། ཡེ་ཤེས་པ་དང་བསྲེས་ནས་གཏོར་མ་འབུལ་བའམ། བསྡུ་ན་སྐད་ཅིག་གིས་བསྐྱེད་ནས་སྤྱན་དྲངས་ཀྱང་ཆོག་སྟེ། གཤེགས་གསོལ་གྱི་མཐར་ཡང་སྨོན་ལམ་དང་བཀྲ་ཤིས་གང་འགྲུབ་བྱའོ། །གཞན་རྣལ་འབྱོར་གྱི་ཡན་ལག་རྣམས་ནི། ཐེག་པ་བླ་ན་མེད་པའི་བསྐྱེད་རིམ་གྱི་སྒྲུབ་ཐབས་སྤྱི་དང་འདྲ་བས་འདིར་མ་བརྗོད་དོ། །དམ་པ་རྣམས་ནི་ཆོས་ཀྱི་བང་མཛོད་འཛིན། །གསར་པའི་ལེགས་བཤད་རྒྱས་ཀྱང་ངོམས་པ་མེད། །སྐྱེ་བོ་ཉོན་མོངས་ཅན་གྱི་ཐིབས་པོར་ཡང༌། །ཐེག་མཆོག་ཉི་འོད་འཇུག་པ་འགའ་ལ་སྲིད། །


TNT11_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་མཆོག་ཏུ་རྙེད་དཀའ་བའི། །སྒྲུབ་ཐབས་བྱས་པའི་དགེ་བ་གང༌། །ཀུན་ལ་ཕན་པའི་སེམས་ཀྱིས་ཏེ། །མཁའ་ཁྱབ་ཧེ་རུ་ཀར་གྱུར་ཅིག། །།ཅེས་པ་དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་འདི་ཡང༌། རྒྱུད་ཀྱི་རྒྱལ་པོ་ཉིད་སློབ་དཔོན་ས་ར་ཧ་པས་མཛད་པར་བྱེད་པའི་གཞུང་འགྲེལ་བཞི་དང་བཅས་པ་དང༌། པདྨ་བཛྲ་གྱི་མཛད་པའི་རྒྱུད་འགྲེལ་འགྱུར་འཕྲོ་དང༌། ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་མཛད་པའི་འགྲེལ་ཆེན་མི་འཇིགས་པའི་གཞུང་འགྲེལ་རྣམས་ལ་ངེས་པ་ཅུང་ཟད་རྙེད་ཅིང༌། དེ་རྣམས་ལས་ཕལ་ཆེར་ཕྱི་མ་ཉིད་མཆོག་ཏུ་མཐོང་སྟེ། གཙོ་བོར་དེའི་རྗེས་སུ་འབྲངས་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ། །བཀྲ་ཤིས།། །།བསོད་ནམས་སྟོབས་ཀྱིས་ལུས་འདི་བོར་མ་ཐག །པདྨ་འབྱུང་གནས་གང་འདུལ་རོལ་བའི་གར། །རྔ་ཡབ་གླིང་གི་མངའ་བདག་དགྱེས་བཞུགས་དྲུང་། །ཐུགས་སྲས་དམ་པའི་དགོངས་ཆེན་སྤྱོད་གྱུར་ཅིག །


previousདཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།next