Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ།
   
   
   


 
previousརྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ།next

རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ།


TNT11_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ་བཞུགས།


TNT11_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། འདིར་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་དཔལ་སངས་རྒྱས་ཐོད་པའི་བསྐྱེད་རྫོགས་ཀྱི་གདམས་པ་ཉམས་སུ་ལེན་པ་ལ། བསྐྱེད་པའི་རིམ་པ་ནི་མི་འཇིགས་པའི་གཞུང་འགྲེལ་ལས་འབྱུང་བ་ལྟར་ལྷ་ཉེར་ལྔའི་མངོན་རྟོགས་རྫོགས་པར་སྒོམ་པའམ། རྫོགས་པའི་རྣལ་འབྱོར་གྱི་རིམ་པའམ། གཙོ་རྐྱང་སོགས་མན་ངག་ལྟར་བསྒོམ་པར་བྱའོ། །རྫོགས་རིམ་སྒོམ་པར་འདོད་ན་ཐོག་མར་བསྲུང་བ་བྱ་བ་ནི། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨ་ཁཾ་གྲཾ་དྲུཾ་ཤྲུཾ་ཧཱུཾ་ཕཊ་ཅེས་པའི་སྔགས་འདི་བརྗོད་པས་སོ། །དེ་ནས་རང་ཉིད་སྐད་ཅིག་ཙམ་གྱིས་བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་སྐུར་ལམ་གྱིས་བསྒོམ་པར་བྱའོ། །སྐུའི་རྣམ་པ་ནི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་གྲི་གུག་དང་གཡོན་གྱི་དང་པོས་ཐོད་པ་འཛིན་པ། ལྷག་མ་གཉིས་གཡས་ཀྱིས་ཅང་ཏེའུ་དང༌། གཡོན་གྱིས་ཁ་ཊྭཱཾ་འཛིན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་པད་ཉི་རོའི་གདན་ལ་བཞུགས་པ། སྒྲུབ་ཐབས་རྙིང་པ་དང་


TNT11_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལས་དབུ་སྐྲ་སེར་པོ་གྱེན་བརྫེས་སུ་བཞེད། གཞུང་འགྲེལ་ལས་འཁོར་ལོ་སྡོམ་པ་ལྟ་བུར་བཤད། རུས་པའི་རྒྱན་དྲུག་དང་ལྡན་པ། མགོ་འཕྲེང་ཅན། ཡུམ་སྣ་ཚོགས་བདེ་མ་སྐུ་མདོག་དམར་མོ་གཅེར་མོ་རྒྱན་མེད་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པའི་སྐུ་ཅན་ནོ། །དེ་ནི་རྟེན་བསྐྱེད་རིམ་བསྡུས་པ་སྟེ་དམིགས་སྐོར་གཅིག་གོ །དངོས་གཞི་ལ། ཐོག་མར་རླུང་གི་རྣལ་འབྱོར་རྣམ་པ་བཞི་ལས། དང་པོ་རྡུལ་མཐའ་ཅན་ནི། རླུང་ཕྱིར་འགྲོ་བའི་ཚེ་སྒྲ་མེད་ཤིན་ཏུ་དལ་བ་རྡུལ་མི་ལྡེག་པ་ལྟ་བུའི་རྒྱུན་མ་ཆད་པར་འབུད་ཅིང་འབུད་པ་རྫོགས་པའི་ཚེ་ལྟོ་བ་ཚིགས་པ་ལ་བཅར་ཏེ་ཕྱིར་ནན་ཙམ་བྱེད་པ་དམིགས་སྐོར་གཉིས་པའོ། །གཉིས་པ་གང་བ་ཅན་ནི། རླུང་ནང་དུ་འོང་བའི་ཚེ་སྒྲ་མེད་ཤིན་དུ་དལ་བའི་ངང་ནས་རྔུབ་ཅིང་རྔུབས་ཟིན་པ་ན་ཅུང་ཟད་གཅིག་ནང་དུ་ནན་ཙམ་བྱས་ཀྱང་ཕྱི་ལ་ཤར་གྱིས་བཏང༌། དམིགས་སྐོར་གསུམ་པའོ། །གསུམ་པ་རེངས་པ་ཅན་ནི། རླུང་ཕྱིར་བུས་ལ་ཕྱིར་ཐུབ་ཚད་དུ་བཟུང༌། མིག་ནམ་མཁར་བལྟ་སྟེ་དམིགས་སྐོར་བཞི་པའོ། །དེ་རྣམས་ལ་དབུགས་


TNT11_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྲོ་འོང་དང་བསྟུན་པའི་འོད་ཟེར་འགྲོ་འོང་ལ་དམིགས་པ་བྱའོ། །བཞི་པ་བུམ་པ་ཅན་ལ་ཐོག་མར་འཇམ་རླུང་བགང་བ་ལ་བསླབ་སྟེ་སྔོན་འགྲོ་ཡིན། དམིགས་སྐོར་ལྔ་པའོ། །དེ་ནས་སྟེང་རླུང་ཤར་གྱིས་རྔུབས་དམིགས་པ་ནི་ལུས་ཀྱི་སྟོད་ཀྱི་རླུང་རྣམས་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པས་ལྟེ་བར་སླེབ་པར་བསམ་ཐུར་སེལ་དྲག་ཏུ་འཐེན་པས་སྨད་ཀྱི་རླུང་རྣམས་འོད་ཟེར་གྱི་རྣམ་པས་ལྟེ་བར་སླེབ་པར་བསམ་ལ་རླུང་བུམ་ཅན་ཁ་སྦྱོར་དྲག་ཏུ་བཟུང༌། རེས་འགའ་སྟེང་འོག་གི་རླུང་རྣམས་དཀྲུགས་པའི་ཚུལ་གྱིས་འདྲེས་པར་བསམ། རེས་འགའ་སོ་སོར་གྱེས་པར་བསམ་མོ། །མི་བདེ་བ་སྙམ་བྱེད་ན་གཞི་ལ། སྐབས་སུ་བབ་པ་ན་ཁ་ནང་གི་རླུང་མིད་པ་མང་ཉུང་ཇི་ལྟར་རིགས་པར་བྱ་བ་ནི་བུམ་ཅན་དངོས་ཏེ་དམིགས་སྐོར་ལྔ་པའོ། །དེ་རྣམས་ནི་ཕྲ་མོའི་རྣལ་འབྱོར་རོ། །གཏུམ་མོ་རྡོར་བཟླས་དང་བཅས་པ་ལ་གཏུམ་མོའི་རྣལ་འབྱོར་ནི་རྣམ་པ་གསུམ་ལས། དང་པོ་ནི། ལུས་ལ་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་པར་བྱ་སྟེ། ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་ཁ་དོག་སྔོན་པོ་ཡས་སྣ་སྤྱི་བོ་དང༌། མས་སྣ་ལྟེ་འོག་སོར་བཞིར་ཟུག་པ། གཡས་སུ་རོ་མ་དམར་པོ་དང༌། གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀྱི་མས་སྣ་དབུ་མའི་མས་སྣར་ཆུག་ཙམ་དང༌། ཡས་སྣ་སྣ་བུག་གཡས་གཡོན་གཉིས་སུ་ཟུག་པར་བསམ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་ཁ་དོག་གསེར་བཙོ་མ་ལྟར་སེར་བའི་ལྟེ་བ་རྩ་དབུ་མའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་སྔོན་པོ་ཞིག་གསལ་བཏབ། སྙིང་ག་ཆོས་ཀྱི་


TNT11_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩ་འདབ་བརྒྱད་པ་ཁ་དོག་ནག་པོའི་ལྟེ་བ་དབུ་མའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ་ཞིག་གསལ་བཏབ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་དམར་པོའི་ལྟེ་བའི་དབུ་མའི་ནང་དུ་ཨོཾ་དམར་པོ་ཞིག་གསལ་བཏབ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སོ་གཉིས་པ་ཁ་དོག་དཀར་པོའི་ལྟེ་བར་ཧཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ་ཞིག་གསལ་བཏབ། བཤང་སྒོར་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་དང༌། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྣམས་གསལ་བཏབ། དེ་ནས་རླུང་རོ་བསལ་བ་ནི་ཐོག་མར་རླུང་ཕར་ཟང་ཚུར་ཟང་ལན་ཁ་ཡར་ཞིག་བྱས་ལ། དེ་ནས་དང་པོར་ལུས་སྒུར་བ་ལས་རིམ་གྱིས་སྒྱེད་ཀྱིས་བྱེད་ཅིང་སྣ་བུག་ནས་ཧཱུཾ་གི་སྒྲ་དང་བཅས་ཏེ་རླུང་རོ་ལན་གསུམ་བསལ། དེ་ནས་ལུས་ཀྱི་སྟོད་སྒུར་གདོང་ཐུར་དུ་བསྟན་ལ་ཁ་ནས་ཧལ་ཞེས་པའི་སྒྲས་རླུང་རོ་ལན་གསུམ་བསལ་ལོ། །དེ་ནས་སྟེང་རླུང་མྱུར་བར་རྔུབས་པས་རོ་རྐྱང་གི་ནང་བརྒྱུད་དེ་སོང་བ་ལས་དབུ་མའི་མས་སྣར་ཞུགས། ཐུར་སེལ་དྲག་ཏུ་འཐེན་པས་བཤང་སྒོའི་རླུང་གཡོས་མེ་འབར་བས་མེ་རླུང་འདྲེས་པ་དེ་དབུ་མའི་ནང་ནས་ཞུགས་ལྟེ་བའི་ཨཾ་ལ་རེག་པས་ཨཾ་ལས་རེག་བྱ་ཤིན་ཏུ་ཚ་བའི་གཏུམ་མོའི་མེ་སྔོན་པོ་ཞིག་ཆེར་གྱིས་འབར་དབུ་མའི་ནང་བརྒྱུད་སྙིང་གའི་ཧཱུཾ་ལ་རེག་པས་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ཐམས་ཅད་གང་ཞིང་དེར་གནས་པའི་བྱང་ཆུབ་ཀྱི་སེམས་རྣམས་ཞུ་བར་བྱས་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཐོན་སེམས་ཅན་རྣམས་ཀྱི་


TNT11_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་གྱི་དྭངས་མ་རྣམས་དང༌། ས་ཆུ་མེ་རླུང་སོགས་འབྱུང་བའི་ཁམས་ཀྱི་བཅུད་རྣམས་དང༌། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་བརླབ་ཐམས་ཅད་བསྡུས་ཏེ། བ་སྤུའི་བུ་ག་ནས་ཞུགས། དེ་རྣམས་དང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་སྤྱི་བོར་འདུས་ཤིང༌། སྤྱི་བོའི་ཧཾ་ལས་བྱུང་བའི་བྱང་སེམས་ལྷན་ཅིག་ཏུ་བབས་ཏེ་རིམ་གྱིས་དབུ་མའི་ནང་བརྒྱུད་སྙིང་གའི་ཧཱུཾ་ལས་ཁྲུས་གསོལ་བའི་ཚུལ་གྱིས་ཁྱིལ་ལི་ལི་འཁྱིལ་ཞིང་བྱང་སེམས་རྣམས་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ་པ་ནི་གཏུམ་མོའི་དམིགས་པ་དང་པོ་སྟེ་དམིགས་སྐོར་དྲུག་པའོ། །གཉིས་པ་ནི་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཐོན་པའི་བར་སྔར་དང་འདྲ་བ་ལས། དེ་ནས་སྣོད་བཅུད་ཀྱི་དྭངས་མ་རྣམས་རང་གི་སྤྱི་བོར་ཞུགས། དེ་རྣམས་དང་ཧཾ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྣམས་ལྷན་ཅིག་དབུ་མའི་ནང་བརྒྱུད་དེ་སྙིང་གའི་ཧཱུཾ་གི་སྐེད་པ་ཙམ་དུ་འབར་འཛག་རྩེ་སྤྲད་དོ། །དེ་ཡང་རེས་འགའ་བྱང་སེམས་ཀྱི་རྒྱུན་སྟོབས་ཆེ་བར་གྱུར་ཏེ་གཏུམ་མོའི་མེ་དེ་ཧཱུཾ་གི་ཞབས་ཀྱུ་ལས་སོར་གང་ཙམ་གྱིས་དམའ་བར་བསྡུས་ཤིང་བྱང་སེམས་ཀྱི་རྒྱུན་དེར་སླེབ་པར་བསམ། རེས་འགའ་གཏུམ་མོའི་མེ་སྟོབས་ཆེ་བར་གྱུར་ཏེ་གཏུམ་མོ་ཧཱུཾ་གི་ན་ད་ལས་སོར་གང་ཙམ་གྱི་མཐོ་བར་སོང་བ་ན་བྱང་སེམས་ཀྱི་རྒྱུན་ཡང་དེ་ཙམ་དུ་ཡར་ཐུང་ངུ་སོང་བར་བསམ་ཞིང་རླུང་བུམ་པ་ཅན་བཟུང་བ་ནི་གཏུམ་མོའི་དམིགས་པ་གཉིས་པ་སྟེ་དམིགས་སྐོར་བདུན་པའོ། །གསུམ་པ་ནི་གཞན་སྔར་དང་འདྲ་བ་ལས་འབར་འཛག་ལྟེ་བར་རྩེ་སྤྲད་དེ་སྒོམ་པ་ནི། གཏུམ་མོའི་དམིགས་པ་གསུམ་པ་སྟེ་དམིགས་སྐོར་བརྒྱད་པའོ། །ཡང་ན་གཏུམ་


TNT11_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འདི་རྣམས་བུམ་པ་ཅན་གྱི་རླུང་སྦྱོར་དང་མ་སྦྲེལ་བར་རླུང་རང་བབ་ཀྱི་ངང་ནས་སྒོམ་ན་དབུགས་ཕྱིར་འགྲོ་བའི་ཚེ་གཏུམ་མོ་འབར། ནང་དུ་འཇུག་པའི་ཚེ་ཧཾ་ལས་བྱང་ཆུབ་ཀྱི་སེམས་བབས། གནས་པའི་ཚེ་འབར་འཛག་རྩེ་སྤྲད་དེ་བསྒོམ། དེ་ལ་ནང་ཚན་གསུམ་ཡོད་པས་སྒོམ་པ་ན་དམིགས་སྐོར་གསུམ་ཡང་ཆིག་འཁྲིད་འབོགས་པའམ། གོ་སླ་བའི་སྒོ་ནས་དམིགས་སྐོར་གཅིག་ཏུ་བསྒོམས་ཏེ་དམིགས་སྐོར་དགུ་པའོ། །དེ་ལྟར་གཏུམ་མོ་ནི་རང་ལུས་ཐབས་ལྡན་གྱི་ཐིག་ལེའི་རྣལ་འབྱོར་རོ། །གཏུམ་མོའི་རྣལ་འབྱོར་གསུམ་པོ་དེ་ལས་གང་ཡང་རུང་བ་ཞིག་ཡུན་རིང་དུ་བསྒོམས་ཀྱང་བདེ་དྲོད་ཀྱི་ཡེ་ཤེས་སྐྱེད་མ་བཏུབ་ན། བོགས་འདོན་གྱི་རླུང་སྦྱོར་རྣམས་བསྒོམ་པར་བྱ་སྟེ། དེ་ལ་ཡང་དབུ་མའི་སྒོར་རླུང་རྣམས་སྡུད་པ་དང༌། དབུ་མའི་སྒོ་དབྱེ་བ་དང༌། བཙན་ཐབས་ཀྱི་སྦྱོར་བ་དང་གསུམ་མོ། །དང་པོ་ལ་གཉིས་ལས་རླུང་སྦྱོར་དང་པོ་ནི་ལུས་གནད་སེམས་སྐྱིལ་ལྷོད་པ་ཙམ་བྱ་ཞིང་ལག་པ་གཉིས་པུས་མོའི་སྟེང་དུ་བཞག །ལུས་སྒྱེད་ཅིང་རླུང་རོ་བསལ། སྟེང་རླུང་བཤར་ཀྱིས་རྔུབས་ལ། སྐེད་པའི་ཐད་ནས་བཟུང་རླུང་མདུན་ངོས་སུ་ཐུབ་ཚད་དུ་ཕུལ་བ་དང༌། ལྟོ་བ་མདུན་ངོས་སུ་ཕྱིར་དྲག་ཏུ་བསྐྱེད་དོ། །དེ་རྗེས་གསང་གནས་ཀྱི་རླུང་གི་སྣེ་མོ་རྒྱབ་ངོས་ལ་བཅུག་གོ །རླུང་ཕྱིར་འབུད་པའི་ཚེ་རྒྱབ་རླུང་དྲག་ཏུ་འཐེན་ལ་ལྟོ་བ་ཚིགས་པ་ལ་གཅེར་བ་སྟེ་དམིགས་སྐོར་བཅུ་པའོ། །རླུང་སྦྱོར་གཉིས་པ་ནི། ལུས་གནད་སྔར་བཞིན་ལས་རླུང་ཕྱིར་བུས་ཤིང༌། དབུ་མ་བསྒྱེལ་བཤིག་ཡང་ཡང་བྱེད་པ་དམིགས་སྐོར་བཅུ་གཅིག་པ་སྟེ་དེ་གཉིས་རླུང་རྣམས་དབུ་མའི་


TNT11_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་སྡུད་པར་བྱེད་པའོ། །གཉིས་པ་དབུ་མའི་སྒོ་དབྱེ་བ་ལ་ཡང་གཉིས་ལས། དང་པོ་ལུས་གནད་སྔར་དང་འདྲ་བ་ལས། རླུང་ལྟོ་བར་མནན་ཞིང་མདུན་ངོས་སུ་དྲག་ཏུ་བཀྱེད་ཅིང་ཡང་རླུང་མ་ཤོར་བར་ལྟོ་བ་ཚིགས་པ་ལ་གཅེར་ཏེ་དམིགས་སྐོར་བཅུ་གཉིས་པའོ། །རླུང་སྦྱོར་གཉིས་པ་ནི་ལུས་གནད་པུས་མོ་གཉིས་ས་ལ་བཙུགས་ལག་པ་གཡས་གཡོན་གྱིས་མཁལ་ཁུང་གཡས་གཡོན་གཉིས་ཀྱི་ཕྱི་མཚམས་ནས་བསྡམས་ལ་རླུང་མཁལ་ཁུང་དུ་དྲངས། གཞན་སྔར་དང་འདྲ་བ་ལས་མཐར་རླུང་ཕྱིར་འབུད་པའི་ཚེ་མགོ་བོ་དང༌། རོ་སྟོད་གཡས་གཡོན་དུ་གཅུ་པ་ནི་དམིགས་སྐོར་བཅུ་གསུམ་པ་སྟེ་རླུང་སྦྱོར་དེ་གཉིས་ནི་དབུ་མའི་སྒོ་དབྱེ་བར་བྱེད་པའོ། །གསུམ་པ་བཙན་ཐབས་ཀྱི་སྦྱོར་བ་ལ་གཉིས་ལས། དང་པོ་ནི། ལུས་གནད་ཙོག་བུར་བྱས་ལ་རླུང་བུམ་ཅན་བཟུང་ཞིང་ལག་པ་གཉིས་ཀྱིས་མགྲིན་པའི་འཕར་རྩ་གཉིས་གནོན་པ་ནི་ལོངས་སྤྱོད་ཀྱི་རླབས་ཏེ་དམིགས་སྐོར་བཅུ་བཞི་པའོ། །གཉིས་པ་ནི་རྐང་པ་གཡས་པའི་རྟིང་པས་བཤང་སྒོ་བཀག་ཅིང་ལག་པ་གཡོན་པ་རྐང་པ་གཡོན་པའི་བརླ་དང་བྱིན་པའི་བར་དུ་བཅུག་ནས་གདན་ལ་བསྟད། ལག་པ་གཡས་པ་ཁུ་ཚུར་བཅངས་པ་གཡོན་པའི་མཆན་ཁུང་དུ་བཅུག་ཅིང་གཡོན་པའི་བར་ལྷུས་མནན་ལ་རླུང་བུམ་ཅན་བཟུང་ཞིང༌། མཆན་ཁུང་གཡོན་ངོས་སུ་རླུང་དྲག་ཏུ་དགང་ངོ༌། །དམིགས་སྐོར་བཅོ་ལྔ་པའོ། །ཡང་གཡས་ཕྱོགས་ལ་ནི་དེ་ལས་གོ་ལྡོག་པ་སྟེ་དམིགས་སྐོར་བཅུ་དྲུག་པའོ། །འདི་ནི་བཙན་ཐབས་ཀྱིས་སྦྱོར་བ་གཉིས་པ་ཡིན་ཞིང༌། དེ་དག་གིས་ནི་རླུང་གཡས་གཡོན་དུ་སྤོ་བར་ནུས་སོ། །


TNT11_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེའི་བཟླས་པ་ནི། །རླུང་ནང་དུ་དལ་བུས་འོང་བའི་ཚེ་ཨོཾ་གྱི་སྒྲ་དང་ལྡན་པར་མོས་ཤིང་ལུས་ཀྱི་དབུས་སུ་གནས་པའི་ཚེ་ཧྲིཿཏེ་གཞིལ་བ་ཡང་དེའི་ནང་དུ་འདུས་པ་དང༌། འགྲོ་འགྲོ་བའི་ཚེ་ལྟོ་བ་གཅེར་བ་ན་བུདྡྷ་དང༌། ཕྱིར་བཟུང་ཞིང་ཧཱུཾ་གི་སྒྲ་བྱ་སྒྲ་ནམ་མཁའ་དང་མཉམ་པར་མོས། ཀ་པཱ་ལི་ནི་ཞེས་པའི་སྒྲས་ཡང་དབུས་གཡས་གཡོན་གསུམ་ནས་དྲངས་ནང་དུ་འོངས་ཤིང་སྤྱི་བོ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་པར་མོས། གནས་པའི་ཚེ་ཧཱུཾ་གི་སྒྲ་དང་སྲོག་ཐུར་མདུན་དུ་ཕུལ་བས་བྱང་ཆུབ་སེམས་ཀྱིས་ལུས་ཐམས་ཅད་གང་བར་མོས་ཕྱིར་འགྲོ་བའི་ཚེ་ཨཱཿཞེས་པའི་སྒྲ་དང་བཅས་པར་བསམ་ཞིང་ཁ་ནས་དྲག་ཏུ་བུས་ལ་འདར་དཀྲུག་བྱ་སྟེ་དམིགས་སྐོར་བཅུ་བདུན་པའོ། །དེ་ནི་བུམ་ཅན་གཉིས་ཀྱི་རིང་ལ་ཡི་གེ་བཅུ་གཅིག་པའི་རྡོར་བཟླས་ཚར་གཅིག་འགྲོ་བར་བྱེད་པའོ། །དེ་ལྟར་ན་དེ་ཡན་ཆོད་ནི་རང་ལུས་ཐབས་ལྡན་གྱི་མན་ངག་དམིགས་བཅས་ཀྱི་རྫོགས་རིམ་ཡིན་ཞིང༌། གཞན་ལུས་ཤེས་རབ་མ་ལ་བརྟེན་པའི་དམིགས་བཅས་ཀྱི་ཐིག་ལེའི་རྣལ་འབྱོར་ནི་ལོགས་སུ་ཤེས་པར་བྱའོ། །དམིགས་མེད་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་ཐོག་མར་སོ་སོར་སྡུད་པའི་རྣལ་འབྱོར་ནི། ལུས་གནད་སྤྱི་དང་མཐུན་པར་བྱས་ཤིང༌། མིག་གི་ལྟ་སྟངས་གྱེན་ཐུར་ཐད་ཀ་གང་རུང་ལ་མིག་འབྲས་མི་གཡོ་བར་བལྟ། སེམས་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་བཟོ་མེད་དུ་ལྷོད་དེ་འཇོག་པ་ནི་སོ་སོར་སྡུད་པའོ། །ཡུལ་སྣང་དང་རྣམ་རྟོག་ཅི་ཤར་བ་ཐམས་ཅད་སེམས་


TNT11_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ལས་མ་འདས་པས་གང་ཤར་བ་དེ་ལ་བཟོ་མེད་དུ་འཇོག་པ་ནི་བསམ་གཏན་གྱི་རྣལ་འབྱོར་རོ། །རྣལ་འབྱོར་དེ་གཉིས་ནི་རྒྱས་པར་བྲམ་ཟེ་ཆེན་པོའི་དོ་ཧའི་ཁྲིད་ཡིག་ཏུ་བཤད་ཟིན་པ་ཁོ་ནའོ། །དེ་ལྟར་གོང་གི་དམིགས་བཅས་ཀྱི་རྫོགས་རིམ་དང༌། དམིགས་མེད་ཀྱི་རྫོགས་རིམ་འདི་ཡུན་རིང་དུ་བསྒོམས་པས་གཡས་གཡོན་རོ་རྐྱང་གི་རླུང་འགགས་ཏེ་དབུ་མར་ཞུགས་པ་ནི་སྲོག་རྩོལ་དང༌། དབུ་མའི་ནང་གི་རླུང་རྣམས་འཁོར་ལོ་སོ་སོའི་ལྟེ་བའི་ཐིག་ལེ་ལ་ཐིམ་པ་ནི་འཛིན་པ་དང༌། སྟོང་གཟུགས་ཀྱི་ཕྱག་རྒྱས་ཞུ་བདེ་འདྲེན་པ་ནི་རྗེས་དྲན་དང༌། མི་འགྱུར་བའི་བདེ་བའི་ཡེ་ཤེས་སྐད་ཅིག་མ་དང་པོ་སྐྱེས་པ་ནས་ཏིང་ངེ་འཛིན་ནོ། །དེ་ཡང་གོང་གི་ཕྲ་ཐིག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པས་བདེ་དྲོད་ཀྱི་ཉམས་མྱོང་ཅི་རིགས་པ་སྐྱེས་ན་དམིགས་མེད་ཀྱི་རྫོགས་རིམ་དེ་སྒོམ་པ་ལ་བོགས་ཆེ་ཞིང་དམིགས་མེད་བསྒོམས་པས་དམིགས་བཅས་ཀྱི་རྒྱུན་དེ་ཡང་རྫོགས་རིམ་རྣམ་པར་མི་རྟོག་པར་འགྱུར་ལ། ཕྲ་ཐིག་གི་རྣལ་འབྱོར་དེ་ཁོ་ན་ཡུན་བསྲིངས་ཏེ་སྒོམས་ན་ཡང་ཐོག་མར་རང་ཤུགས་ཀྱི་སེམས་ལྷན་ཀྱིས་གནས་པ་དང༌། བདེ་བའི་ཉམས་མྱོང་ཅི་རིགས་པ་སྐྱེ་ཞིང༌། དེ་ནས་མི་རིང་བར་བདེ་སྟོང་གི་ཏིང་ངེ་འཛིན་མཆོག་རང་ཤུགས་ལ་སྐྱེ་བར་འགྱུར་རོ།། །།དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས་འབྱུང་བའི་རྫོགས་རིམ་གཞུང་ཤིང་གི་ཁྲིད་ཡིག་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པ་སྟེ་རྒྱ་གར་གྱི་མཁས་གྲུབ་སློབ་དཔོན་ཎིརྦཱ་ཎ་ཤྲིའི་གསུང་བཞིན་བཀོད་པའོ། །ཞུས་དག །


previousརྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ།next