Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ།next

ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ།


TNT12_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ་བཞུགས།


TNT12_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འདིར་བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ལམ་གྱི་ཆ་རྐྱེན་པྲ་སེ་ན་དབབ་པ། གནོད་སྦྱིན་མོའི་སྒྲུབ་ཐབས། སྨན་ཆེན་པོའི་བཅུད་ལེན་སོགས་ནཱ་རོ་མཁའ་སྤྱོད་ཀྱི་ཆོས་སྐོར་ཟབ་ཁྱད་ཅན་དུ་བཞུགས་པ་ལས། སྙིང་པོ་བསྡུས་པ་རྡོ་རྗེ་རྣལ་འབྱོར་མ་ཡུམ་བཀའི་ཐུན་མོང་མ་ཡིན་པ་རྫོགས་རིམ་གྱི་ཁྲིད་ནི་འདི་ཡིན་ཏེ། འཁྲིད་ཀྱི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་མཎྜལ་རྣམས་སྤྱི་དང་འདྲ། འཁྲིད་ཚུལ་དངོས་ཉམས་ལེན་ལ་གཉིས།དེ་ཁོ་ན་ཉིད་ཐབས་ཀྱིས་བསྒོམ་པ་དང༌། དེ་ཁོ་ན་ཉིད་དངོས་སུ་བསྒོམ་པའོ། །དང་པོ་ལ་ཐུན་གྱི་ཐོག་མའི་བྱ་བ། དངོས་གཞི། ཡན་ལག་སྟེ་གསུམ་ལས། དང་པོ་ནི། རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་ཀྱི་འཇུག་ཏུ་རྫོགས་རིམ་འདི་རྣམས་བསྒོམ་ན་དེས་ཁྱབ། སྒོམ་བཟླས་མི་བྱེད་པར་རྫོགས་རིམ་ཁོ་ན་ལ་ཉམས་ལེན་བྱེད་པའི་སྐབས་ཡིན་ན། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་བར་རྒྱས་བསྡུས་གང་འོས་རེ་བྱ། རང་གི་མདུན་དུ་རྩ་བའི་བླ་མ་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་སྤྱན་གསུམ་པ། ཌཱ་མ་རུ་དང༌།


TNT12_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། རུས་པ་དང་མི་མགོའི་ཕྲེང་བས་བརྒྱན་པ་ཞིག་བསྒོམས་ཏེ། དཔལ་ལྡན་བླ་མ་དམ་པས་བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། དབང་བཞི་བསྐུར་དུ་གསོལ། ཐུགས་རྗེས་བཟུང་དུ་གསོལ། ཅེས་དྲག་ཏུ་གསོལ་བ་གདབ། བླ་མ་འོད་དུ་ཞུ་རང་གི་སྨིན་མཚམས་ནས་ཞུགས། རང་ཉིད་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ཏེ་བླ་མའི་རྣལ་འབྱོར་རོ། །དེ་ལྟར་སྐྱབས་སེམས་བླ་མའི་རྣལ་འབྱོར་དེ། འཆད་པར་འགྱུར་བའི་དམིགས་པ་གང་སྒོམ་ཀྱང༌། ཐུན་གྱི་འགོར་ཇི་ལྟར་འོས་པ་སྒོམ་དགོས་པས། ཐུན་གྱི་ཐོག་མའི་བྱ་བའོ། །གཉིས་པ་དངོས་གཞི་ལ། རླུང་སྦྱང་བ་རང་ལྷག་པར་གནས་པ། རླུང་སེམས་འོད་གསལ་དུ་འཇུག་པ་སྟེ་གསུམ་ལས། དང་པོ་ནི། རྩ་ལམ་སྦྱོང་བ་སྟེ་ཐོག་མར་རླུང་རེངས་འདུལ་བ་དང་ཡན་ལག་ལྔ་སྦྱོང་ཅི་ནུས་བྱ། དེ་ནས་རང་རྡོ་རྗེ་རྣལ་འབྱོར་མ་འཇའ་ཚོན་ལྟ་བུའི་སྐུ་ཅན་ཤིན་ཏུ་ཁོང་སྟོང་དུ་གསལ་བའི་ལྟེ་བ་དང༌། གསང་བའི་འཁོར་ལོའི་བར་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཟུར་བསྣོལ་ཞིང་འབྲེལ་བས་ཟུར་དྲུག་ཏུ་སོང་བ།


TNT12_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཟླ་བ་ལ་བཾ་ཡིག་སྔགས་ཀྱི་སྒྲ་སྒྲོག་པ་དང་བཅས་པ་བསྒོམ། དེ་ནས་རླུང་རོ་བསལ། ལུས་གནས་སྤྱི་དང་མཐུན་པར་བཅའ། རླུང་ཕྱི་ལ་འགྲོ་བའི་ཚེ་བཾ་གྱི་འོད་ཟེར་སྣ་སྒོ་ནས་ཕྱིར་སོང༌། བློས་འཁྱུད་ཚད་ཀྱི་ནམ་མཁའ་ཁེངས། རླུང་ནང་དུ་འཇུག་པའི་ཚེ་འོད་ཟེར་དེ་རྣམས་སྣ་སྒོ་ནས་ཞུགས་ཏེ་ལྟེ་བའི་བཾ་ལ་ཐིམ། འདི་ལ་དབུགས་འགྲོ་འོང་རང་བབས་ཀྱི་སྟེང་ནས་བྱེད་པར་བཞེད་པ་ལྟར་ཡང་རུང་མོད་ཀྱི། འགྲོ་འོང་གཉིས་ཀ་དལ་བུས་བྱེད་པ་དང་སྦྱར་ནས་བསྒོམ་ན་ལེགས་པར་འོང་ངོ༌། །དམིགས་སྐོར་དང་པོའོ། །དེ་ནས་གཞན་འདྲ་བ་ལས། རླུང་ཐུར་སེལ་ལ་ལས་མི་འཆོལ། གང་བ་ཅན་སྤྱི་དང་འདྲ་བར་བསྒོམ། ལྟེ་འོག་གི་ཆོས་འབྱུང་དེ་གཡས་སྐོར་གཡོན་སྐོར་གང་རིགས་སུ་འཁོར་ཞིང༌། འོས་ཟེར་སྤྲོ་བསྡུ་མི་བྱེད་པར་དབུས་ཀྱི་བཾ་ཡིག་ཁོ་ན་ལ་སེམས་གཏོད་པ་ནི། དམིགས་སྐོར་གཉིས་པའོ། །སྤྱིར་བཏང་ལ་དམིགས་སྐོར་དང་པོ་ལ་མྱོང་བ་ཐོན་པའི་རྗེས་སུ་གཉིས་པ་འདི་བསྒོམ་པ་ཡིན་ཡང་ལག་ལེན་དུ་འདི་གཉིས་སྤེལ་གྱིན་བསྒོམ་ན་བོགས་ཆེ་ཞིང༌། མྱོང་བ་སྣེ་རྙེད་པ་མྱུར་བའི་དགོས་པ་ཡོད་ཅེས་གསུང་ངོ༌། །དམིགས་པ་འདི་གཉིས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་སྒོམ་བཟླས་དང་འབྲེལ་བའི་སྐབས་ཡིན་ན། སྔགས་འཁོར་གྱི་ཨོཾ་གསུམ་མའི་ཡིག་འབྲུ་རྣམས་དང༌། དགའ་འཁྱིལ་བཾ་ཡིག་ལ་བསྡུས་པའི་ངང་ནས་བསྒོམས་པས་ལེགས་པར་འོང་ངོ༌། །གཉིས་པ་ནི་རྩ་དབུ་མའི་སྒོ་འབྱེད་ཅིང༌། རླུང་སེམས་དབུ་མར་འཇུག་པའི་ཐབས་ཏེ། འདི་ལ་དམིགས་རིམ་གསུམ་ཡོད་པ་ལས་ཐོག་


TNT12_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མར་རྩ་ཨ་ཝ་དྷུ་ཏཱིའི་དབུས་ཀྱི་ཆ་ལ་གནད་དུ་བསྣུན་པ་ནི། རླུང་གནད་འཇམ་རླུང་ཁ་སྦྱོར་ལ་འབད། ལྟེ་བ་ནས་ལྟེ་འོག་སོར་བཞིའི་བར་དུ་ཆོས་འབྱུང་དམར་པོ་རྐྱང་པ་གཅིག་བསྒོམ་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན་དུ་གྲགས་པ་སྤྱི་དང་མཚུངས་པ་ལས། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ། མར་སྣ་ཆོས་འབྱུང་གི་རྩ་བའི་ནང་དུ་ཟུག །ཡར་སྣ་ཚངས་བུག་ལ་རེག་པ་ཅིག་བསྒོམ། དབུ་མའི་ནང་ལྟེ་བའི་ཐད་དེ། ཆོས་འབྱུང་གི་ཁ་མཚམས་དང་མཉམ་པའི་ཐད་དུ། བཾ་ཡིག་གམ་ཨཾ་ཡིག་དམར་པོ་གང་ཡིད་ལ་གསལ་བ་ཅིག་བསྒོམ། རླུང་རོ་བསལ་ནས་རླུང་བུམ་ཅན་དྲག་པོ་བཟུང་བས། སྟེང་འོག་གི་རླུང་གཉིས་ཅར་བཾ་ལ་ཕོག །སོལ་མེ་ངར་མ་བུས་པ་ལྟར་གྱུར་པ་ལས། མེ་ལྕེ་ཕྲ་མོ་ཞིག་ཚེར་གྱིས་འབར། དང་པོར་སོར་གང་ཙམ་ནས། མཐར་སོར་བཞི་ཙམ་གྱི་བར་དུ་རིམ་པས་སྦོར། གང་ལྟར་ཡང་གཏུམ་མོའི་མེ་ལྷག་གེ་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏད། སྤྲོས་པ་མང་པོ་སྤངས་ཏེ་འདི་ཁོ་ན་བསྒོམས་ན་འཕྲལ་དུ་གསལ་སྟོང་ངང་བདེ་བ་དང་རླུང་དབུ་མར་ཞུགས་པའི་ཉམས་མྱོང་སྐྱེ་འདི་དྲོད་བསྐྱེད་པ་ལ་ཡང་ཆེས་བསྔགས་པ་ནི་འདིའི་གནས་སྐབས་ཀྱི་ཡོན་ཏན་ཕྲ་མོ་སྟེ། དམིགས་སྐོར་གསུམ་པའོ། །དེ་ནས་ཡང་རྩ་དབུ་མའི་ཡས་སྣའི་སྒོ་དབྱེ་བ་ནི། རང་གི་སྨིན་མཚམས་ཀྱི་ནང་དུ་ཐིག་ལེ་དཀར་པོ་ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་ཅན་སེན་མོ་ཟླུམ་པོ་ཙམ་ཟུར་ལངས་སུ་ཡོད་པ། དགའ་འཁྱིལ་ལག་བཞི་པའི་རི་མོ་ཅན་གཅིག་བསྒོམས་ལ། འཇམ་རླུང་


TNT12_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རན་པར་བཟུང་བའམ། རླུང་འགྲོ་འོང་དལ་བུའི་ངང་ནས། འབུད་རྔུབ་བྱས་པས་སྨིན་མཚམས་ཀྱི་དགའ་འཁྱིལ་གྱི་ཐིག་ལེ་དེ། གཡས་སྐོར་རམ་གཡོན་སྐོར་རེ་མོས་ཀྱིས་དྲག་ཏུ་འཁོར་བས་ལུས་སེམས་བདེ་བས་གང་བ་ལ་སེམས་རྩེ་གཅིག་ཏུ་གཏད། འདི་ལ་དབུ་མའི་ཡས་སྣ་སྨིན་མཚམས་སུ་འཁྱོགས་པའི་ནང་དུ་ཐིག་ལེ་འཁོར་བ་ལ་སེམས་གཏོད་པའི་ལུས་ཀྱང་ཡོད་མོད་ཀྱི། ངེས་པར་རྩའི་དབྱིབས་དེ་ལྟ་བུ་བསྒོམ་དགོས་པའང་མིན་ནོ། །འདི་བདེ་བསྐྱེད་པ་ལ་བསྔགས་ཏེ་དམིགས་སྐོར་བཞི་པའོ། །ཡང་རྩ་དབུ་མའི་མས་སྣའི་སྒོ་དབྱེ་བ་ལ་བསླབ་པ་ནི། ཁ་སྦྱོར་འཇམ་རླུང་དང་བཅས་ཐུར་སེལ་འོག་གི་ལམ་གཉིས་ཀ་དང་པོར་ཅུང་ཟད་ཅུང་ཟད་སྐུལ། གོམས་ནས་དྲག་ཏུ་བསྐུལ། རང་ལུས་ཀྱི་ལྟེ་འོག་སོར་བཞི་ནས་གསང་བའི་བར་དུ་ཆོས་འབྱུང་དམར་པོ་གྲུ་གསུམ་སོར་བཞིའི་ཚད་ཙམ་གཅིག་བསྒོམ། དེའི་ཁ་མཚམས་ཐད་ཀྱི་ནང་གི་དབུས་སུ་ཐིག་ལེ་དམར་པོ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ། དགའ་འཁྱིལ་གྱི་རི་མོ་ཡོད་པ་གཅིག་བསྒོམ། རླུང་ཁ་སྦྱོར་གསང་བར་དྲག་ཏུ་མནན་པས་ཆོས་འབྱུང་མི་འཁོར་ཞིང་དགའ་འཁྱིལ་གྱི་ཐིག་ལེ་མྱུར་བར་འཁོར་བ་ལ་སེམས་རྩེ་གཅིག་ཏུ་གཏད། འདིས་སྟོང་ཉམས་གཙོ་བོར་སྐྱེ་སྟེ། དམིགས་སྐོར་ལྔ་པའོ། །གསུམ་པ་ནི། རླུང་དབུ་མར་འཆིང་བ་སྟེ། འདིར་བུམ་པ་ཅན་དྲག་པོ་སྦྱོར་བ་བཞི་ལྡན་གྱི་ངང་ནས་འདི་ལྟར་བསྒོམ་སྟེ། ལྟེ་བ་ནས་ལྟེ་འོག་སོར་བཞིའི་བར་དུ་ཆོས་འབྱུང་དམར་པོ་ལུས་ཀྱི་དབུས་སུ་རྩ་དབུ་མ་ལྟེ་བའི་ཐད་དུ་ཨཾ་དང་བཅས་པ་གོང་བཞིན་བསྒོམ། དབུ་མའི་ནང་ཡས་སྣར་ཧཾ་ཡིག་དཀར་པོ་


TNT12_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་ཐུར་དུ་ལྟ་བ་བསྒོམ། རླུང་བུམ་ཅན་བཟུང་བས། གོང་བཞིན་ལྟེ་བའི་ཨཾ་ལས་གཏུམ་མོའི་མེ་སོར་བཞི་ཙམ་འབར། དེའི་རྩེ་ནས་དར་དམར་པོའི་རྣལ་མ་བསྐྱང་བ་ཙམ་གྱི་མེ་ལྕེ་ཤིན་ཏུ་ཕྲ་བ་རིམ་གྱིས་འབར་ནས། སྤྱི་བོའི་ཧཾ་ལ་རེག་པ་ལས་ཧཾ་ལས་ཐིག་ལེའི་རྒྱུན་ཕྲ་མོ་བ་ཐག་ལྟ་བུའམ། དར་དཀར་གྱི་རྣལ་མ་བརྐྱང་པ་ལྟ་བུ་རིམ་གྱིས་བབས་ཏེ། ལྟེ་བའི་ཨཾ་ལ་ཐིམ་པས་འབར་འཇག་སྐྲ་ཤད་འཛིངས་པ་ལྟ་བུ་བྱུང་བ་ལ་སེམས་གཏད་དོ། །འདིས་ཀྱང་རྩ་དབུ་མ་ཁ་འབྱེད་པ་ཞེས་གྲགས་ཀྱང༌། དོན་ལ་རོ་རྐྱང་གི་རྒྱུ་བ་འགགས། དབུ་མ་རྒྱས། རླུང་སེམས་བཅིངས་པས་འོད་གསལ་གྱི་རླུང་གི་ངོ་བོར་གནས་གྱུར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་དག་སྐྱེད་པ་ཡིན་ན། དམིགས་སྐོར་དྲུག་པའོ། །གསུམ་པ་ལམ་གྱི་ཡན་ལག་འཕོ་བའི་རྣལ་འབྱོར་ནི། རང་ལུས་ཐ་མལ་གྱི་རྣམ་པ་ལ་ཤ་ཁྲག་རུས་གསུམ་སྤངས་པའི་སྟོང་སང་ངེ་བ། ལུས་ཀྱི་དབུས་སུ་དབུ་མ་གོང་བཞིན། གཡས་སུ་རོ་མ་དམར་པ་དང༌། གཡོན་དུ་རྐྱང་མ་དཀར་བ་གཉིས་གྲོ་སོག་ཙམ། སྤྱི་བོ་ནས་ལྟེ་བའི་བར་དུ་རྩ་གསུམ་པོ་གསུམ་གཤིབས་སུ་ཡོད་པ། རོ་རྐྱང་གི་མས་སྣ་གཉིས་དབུ་མ་ལས་རིང་བར་ཡོད་པ་དེ། ཡར་ལྡོག་སྟེ་དབུ་མའི་ནང་དུ་ཆུག །ཡས་སྣ་གཉིས་སྤྱི་བོ་ནས་ཚུར་འཁྱོགས་ཏེ་སྣ་བུག་གཡས་གཡོན་དུ་ཟུག །ལྟེ་བའི་བཾ་ཡིག་གཾ་ཨཾ་ཡིག་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་ནས། ཞབས་གཡས་གཡོན་གཉིས་རོ་རྐྱང་གི་མས་སྣ་གཉིས་ལ་རེག་གེ་གཏད་པ། སྐུ་


TNT12_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་རོ་མའི་ལམ་བརྒྱུད་སྣ་སྒོ་གཡས་ནས་ཐོན། འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་ཁྱབ། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། སྣོད་བཅུད་ཐམས་ཅད་འོད་དུ་ཞུ། འོད་ཟེར་ཕར་སྤྲོས་པ་རྣམས་ཚུར་ལྡོག་པ་དང༌། ལྷན་གཅིག་ཏུ་སྣ་བུག་གཡོན་པ་ནས་ཞུགས། རྐྱང་མའི་ལམ་བརྒྱུད་དེ་རྡོ་རྗེ་རྣལ་འབྱོར་མ་ལ་ཐིམ། དེ་འདྲ་ལན་གཅིག་གམ་གསུམ་སོགས་ཇི་ལྟར་འོས་པ་བྱ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་དབུ་མའི་ལམ་ནས་ཡར་གཤེགས་པས། རོ་རྐྱང་གི་མས་སྣ་གཉིས། རྡོ་ཁབ་ལེན་གྱིས་ལྕགས་སྐུད་དྲངས་པ་བཞིན་དུ་ཡང་དྲངས་པ་ན། རོ་རྐྱང་གི་ཡས་སྣ་གཉིས་པོ་སྣ་སྒོར་ཟུག་ཡོད་པའི་མཚམས་ནས་བྲལ་ཏེ། གྲུ་གུ་བསྒྲིལ་བ་ལྟར་ཧྲིལ་གྱིས་འགྲིལ་བ་ཞབས་གཡས་གཡོན་ལ་ཐིམ། ཕྱི་རོལ་ལུས་ཀྱི་རྐང་མཐིལ་ནས་བརྩམས་ཏེ་གསང་བའི་བར་རིམ་པས་ཡལ། བཅོམ་ལྡན་འདས་མ་དབུ་མའི་ལམ་ནས་སྙིང་ག་མགྲིན་པ་སྤྱི་བོ་སོགས་སུ་ཡར་བྱོན་པའི་ཚེ། དབུ་མ་ཡང་དེའི་རྗེས་སུ་ཐུང་རི་ལི་ལི་སོང་བ་དང་ལྷན་ཅིག །ཕྱི་དབྱིབས་ཀྱི་ལུས་ཀྱང་དེའི་རིམ་པས་ཡལ། ཚངས་བུག་ནས་རྒྱང་གིས་ཐོན་པ་དང༌། རང་སེམས་བཅོམ་ལྡན་འདས་མའི་སྐུར་གསལ་བ་དེ་ཡང་འོད་གསལ་སྟོང་ཉིད་དུ་ཐིམ་སྟེ། དེ་ཀའི་ངང་དེར་དབྱིངས་རིག་དབྱེར་མེད་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག །དེ་ཀ་བསྐྱར་གྱིན་ཡང་ཡང་བསྒོམ། འདིར་ནི་རང་ལུས་སྟོང་པར་སྦྱངས་པའི་ཕྱིར། སླར་འབེབས་པའི་དམིགས་པ་མི་དགོས་པར་བཞེད། ཡང་རོ་རྐྱང་ནས་འོད་ཟེར་གྱི་སྤྲོ་


TNT12_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་མི་བྱེད་པར་ལྟེ་བའི་བཅོམ་ལྡན་འདས་མ་ཉིད་འབྱོན་བཞུད་བྱེད་པ་དང༌། འཕོ་བའི་སྐབས་སྣ་སྒོ་གཡོན་པ་ནས་འཕོ་བ་བྱེད་པ་སོགས་དམིགས་པ་མི་འདྲ་ཙམ་གྱི་སྤྲོས་པ་འགའ་རེ་ཡོད་ཀྱང༌། དཀྱུས་སུ་བཤད་པ་ཉིད་མ་ནོར་བ་ཡིན་ནོ། །འདི་ལ་རྡོ་རྗེ་རྣལ་འབྱོར་མའི་འཕོ་ཆུང་ཡང་ཟེར། གསེར་ཆོས་དང་སྙན་བརྒྱུད་དང་ཚིག་བརྒྱུད་དུ་བྱེད་པའི་སྲོལ་ཡོད་དོ། །དམིགས་སྐོར་བདུན་པའོ། །གཉིས་པ་དེ་ཁོ་ན་ཉིད་དངོས་སུ་སྒོམ་པར་བྱེད་པའི་ཐབས་ནི། ལུས་གནད་བཅས་རླུང་རང་བབས་སུ་བཞག །སེམས་མ་བསྒྲིམས། མ་གློད། གང་ཡང་ཡིད་ལ་མི་བྱེད་པར་ཆམ་མེ་བཞག་ཅིང༌། དེ་ཀའི་རང་ངོ་ལ་ཆེར་རེ་བལྟས་པ་ན། གང་དུའང་ངོས་བཟུང་དུ་མེད་ཅིང༌། བློའི་ཡུལ་ལས་འདས་པའི་རང་རིག་རང་གསལ་སྤྲོས་པ་དང་བྲལ་བ་གཅིག་འཆར་བས་དེ་ལ་མཉམ་པར་བཞག །དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་འགྱུ་སྟེ། སྔར་བྱས་སོགས་འདས་པ་དྲན་ན། དེའི་ངོ་བོ་ལ་བརྟགས་ཏེ། འདས་པ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་ན། ད་ལྟ་བདེ་སྡུག་གི་ཡུལ་དུ་ཡོད་ཡོད་ལྟར་སྣང་བ་ནི་འཁྲུལ་བ་སྟེ། སྐྱེས་ཟིན་སྐྱེ་མེད་ནམ་མཁའ་ལྟ་བུའོ། །མ་འོངས་པ་ལ་བརྟེན་པའི་རེ་དོགས་སོགས་རྣམ་རྟོག་སྐྱེ་ན། དེ་དག་ནི་ད་ལྟ་མ་བྱུང་བའི་ཕྱིར་ཅི་ཡང་མེད་དེ། བདེ་སྡུག་གི་ཡུལ་ལྟར་སྣང་བ་ནི་འཁྲུལ་བའོ་ཞེས་མ་སྐྱེས་པ་སྐྱེ་མེད་ནམ་མཁའ་ལྟ་བུར་ཐག་བཅད། ད་ལྟ་མངོན་དུ་སྣང་བའི་དགྲ་གཉེན་ལ་སོགས་པའི་རྣམ་རྟོག་ཤར་བ་ན། དེ་ཐམས་ཅད་རྨི་ལམ་གྱི་


TNT12_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བཞིན་དུ་འཁྲུལ་སྣང་ཙམ་ཡིན་ནོ་ཞེས་སྐྱེ་བ་སྐྱེ་མེད་ནམ་མཁར་ལྟ་བུར་ཐག་བཅད་དོ། །དམིགས་བསྐོར་བརྒྱད་པའོ། །ཡང་ཞལ་ཤེས་ཁོ་ནའི་མན་ངག་གཅིག་ནི། རླུང་སེམས་འོད་གསལ་དུ་འཇུག་པའི་སྐབས། སྔར་གྱི་དེ་ཟླ་ཤས་གོམས་ན་རྩ་བཟང་ངན་དང༌། རྩོལ་བ་ཆེ་ཆུང་གི་རིམ་པས་ཅུང་ཟད་མྱུར་བུལ་ཙམ་མ་གཏོགས་འབྱོངས་ཡོང་ཞིང༌། དེ་ནས་འབུད་དུས་ལྟོ་བ་བཅེར་ཕྱིར་བཟུང༌། ལུས་སྤྲུག་རྔུབས་ཏེ་བཤང་སྒོར་སྡིག །ཤུགས་བཀྱེད་འདར་ཐོན་པར་བྱ། འབར་བའི་དུས་ཁ་སྦྱོར་ཡང་འཐེན་ཅིང༌། འབབ་པའི་སྐབས་ཁ་སྦྱོར་མདུན་དུ་བརྒྱངས་ནས་སྤྲུག་པ་དང་འཕར་རྡེབ་གཅིག་བྱ་སྟེ། དམིགས་སྐོར་དགུར་ཡང་བྱའོ། །དེ་ལྟར་ན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་འཁྲིད་ནི་འདི་ཙམ་ཁོ་ན་ཡིན་ལ། གོ་དོན་ནི་རྩ་དབུ་མའི་འཁྲིད་ཡིག་བླ་མ་རྗེ་བཙུན་ཆེན་པོ་གྲགས་རྒྱལ་གྱི་མཛད་པ་དང་མི་འདྲ་བ་མེད་པས་དེར་རྟོགས་པར་བྱའོ། །སྤྱིར་རྫོགས་རིམ་རྩ་དབུ་མའི་མན་ངག་ཆེན་མོ་ལ་ཡང༌། ཡབ་བཀའ་ཡུམ་བཀའི་རྫོགས་རིམ་གཉིས་སུ་དབྱེ་གསལ་བྱེད་པ་ཅིག་ཡོད་ཅིང༌། མན་ངག་གཅེས་བསྡུས་ཀྱི་ནང་ན་ཡང་ནཱ་རོ་པའི་རྩ་དབུ་མའི་མན་ངག་བྱ་བ། ནག་པོ་ལམ་སློང་གི་གཏུམ་མོའི་ནང་ཚན་གཅིག་དང་འདྲ་རུང་བ་ཞིག་དང༌། བརྒྱུད་པ་གཞན་དང་གཞན་ལས་ཀྱང༌། ནཱ་རོ་པའི་རྩ་དབུ་མའི་མན་ངག་ཏུ་འདོད་པ་ཡོད་མོད་ཀྱི། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཉིད་ཀྱི་ཆོས་སྐོར་ཁོ་ན་ལ་གྲགས་ཤིང་དགོས་ངེས་


TNT12_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་ཨ་ཝ་དྷུ་ཏཱིའི་མན་ངག་ནི་འདི་ཁོ་ན་ཏེ། འདི་ཤིན་ཏུ་འཁྱེར་བདེ། གདམས་ངག་ཆེ། གནད་ཟབ་རྟགས་འཕྲལ་དུ་ཡོང༌། །བཀའ་གཉན་པས་དམ་པོར་བྱའོ་གསུང་ངོ༌། །སྔར་ཡིག་རྙིང་དུམ་དུམ་འཁྲིགས་སུ་ཡོད་པས་གོ་རིམ་བསྒྲིག་ཚུལ་བླ་མའི་ཞལ་ལ་བལྟོས་པ་ཡིན་ན་ཡང༌། དེང་འདིས་བཀླགས་ཆོག་ཏུ་བཀོད་པ་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སོ། །མངྒ་ལཾ།།


TNT12_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ།next