Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་མཆོད་ཀྱི་ཡི་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་མཆོད་ཀྱི་ཡི་གེnext

རྗེ་བཙུན་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་མཆོད་ཀྱི་ཡི་གེ


TNT12_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་མཆོད་ཀྱི་ཡི་གེ་བཞུགས།


TNT12_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྗེ་བཙུན་ཕག་མོ་དོན་གྲུབ་མའི་མཆོད་ཆོག་བྱེད་པར་འདོད་ན། འོག་གཞི་དཀྱིལ་འཁོར་པདྨ་དམར་པོ་འདབ་བཞི། ལྟེ་བར་ཆོས་འབྱུང་དམར་པོ། མཐའ་སྐོར་རྡོ་རྭ་མེ་རི་བྱུང་ན་ལེགས། མ་གྲུབ་ན་མུ་ཁྱུད་སྔོན་པོ་གཅིག་གིས་བསྐོར། དེར་མཉྫི་ལ་ཐོད་པ་ཆང་གིས་བཀང་བ་དང༌། དེའི་སྟེང་དུ་མེ་ལོང་ལ་ཆོས་འབྱུང་རྐྱང་པ། ཕྱི་རོལ་ཕྱོགས་བཞི་སྣ་ཚོགས་རྡོ་རྗེ་རེ། དབུས་སུ་ཧྲཱི༔ ཟུར་གསུམ་གྱི་ནང་དུ། ཨོཾ་ཨཱ༔ཧཱུཾ་འབྲི་སྟེ། སིནྡྷུ་རའི་དཀྱིལ་འཁོར་ཡིན། གཞན་ཤོམས་རྣམས་ཞལ་གཉིས་མ་དང་འདྲ། ཆོ་གའི་རིམ་པ་ནི། ཨོཾ་སུམྦྷ་ནས་བརྩམས། སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས་ཞུ་འབུལ། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་སྒོམ་བཟླས་རྣམས་ཀྱང་ཞལ་གཉིས་མའི་སྐབས་བཞིན། ནང་མཆོད་སུམྦྷས་བསངས། སྭ་བྷཱས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ་ཞེས་པ་ནས་ཨོཾ་ཨཱ༔ཧཱུཾ྄་ལན་གསུམ། བདུད་རྩིའི་དབུས་སུ་ཆོས་འབྱུང་གི་ལྟེ་བར་ཧྲཱིཿ ཟུར་གསུམ་ལ་གཡོན་སྐོར་གྱི་ཨོཾ་ཧཱུཾ་ཧ། དེའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་དང༌། ཁྱད་པར་རྒྱལ་བ་


TNT12_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་སུ་སྤྱན་དྲངས་ཏེ་ཐིམ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿལན་གསུམ། བདག་དང་གནས་ལ་བདུད་རྩི་གཏོར། ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྟན་ཧཱུཾ་ཕཊ། རྡོ་རྗེ་ཁྲོ་མོ་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་ཐམས་ཅད་ཚར་བཅད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་སྲུང་བའི་འཁོར་ལོ་གྲུབ་པར་གྱུར། རང་གི་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་ནས། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། ཨོཾ་སྭ་བྷཱ་ཝ༴ ཨོཾ་བཛྲ་ཤུདྡྷ༴ ཨོཾ་ཡོ་ག་ཤུདྡྷ༴ སྟོང་པའི་ངང་ལས། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཁ་དོག་དམར་པོ། རྩ་བ་ཕྲ་བ་ཐུར་དུ་བསྟན་ཅིང༌། གདེངས་ཀ་རྒྱས་པ་གྱེན་དུ་ཕྱོགས་པ། ཕྱིའི་ཕྱོགས་བཞིར་སྣ་ཚོགས་རྡོ་རྗེ་བཞི་དང་བཅས་པ། དུར་ཁྲོད་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པས་བསྐོར་བ་དེའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར། འོད་


TNT12_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བདག་པོའི་དཀྱིལ་འཁོར་ལ་གནས་པའི་མི་རོ་སེར་པོ་མགོ་བོ་གཡོན་དུ་བསྟན་པ། ཁམས་གསུམ་གྱི་བདག་ཉིད་ཅན་གྱི་སྙིང་གར། རང་སེམས་ཧྲཱིཿ ཡིག་དམར་པོ་བསྐལ་བའི་མེ་ལྟར་སྣང་བ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་ཕག་མོ་ཐུན་མཚམས་ཀྱི་དམར་བ་ལྟ་བུའི་སྐུ་མདོག་ཅན། སྐུ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་རྒྱས་པ། པདྨ་དང་ཉི་མ་དང་དབུགས་བྲལ་གྱི་གདན་ལ་ཞབས་གཡས་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་ས་གསུམ་གནོན་པ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ། མེ་ལྟར་འབར་བའི་སྡང་མིག་ཅན། ཁྲོ་གཉེར་བསྡུས་པ། དྲག་མོ་ཆེན་མོ་འཇིགས་སུ་རུང་བ། འཇིགས་པའི་ང་རོ་ཅན། ཕག་གི་གདོང་པ་ཅན། ཤིན་ཏུ་ཁྲོས་པའི་ཞལ་རྡོ་རྗེའི་མེ་འོད་མངའ་ཞིང་ལྗགས་སྐྱོད་པ། དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། བ་སྤུ་དང་མཆན་ཁུང་དང༌། གསང་བའི་སྤུ་གྱེན་དུ་ལངས་པ། ཐོད་པ་སྐམ་པོ་ལྔས་དཔྲལ་བར་བརྒྱན་ཅིང༌། ཁྲག་འཛག་མིའི་མགོ་བོའི་དོ་ཤལ་སྐུ་ལ་འཆང་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་མཛེས་པ། ཕྱག་གཡས་ཀྱི་དང་པོ་འབར་བའི་རྡོ་རྗེ་གསོར་བ། གཉིས་པས་ཁམས་གསུམ་འགུགས་པའི་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་གྱི་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་གཏོད་ཅིང༌། གཉིས་པས་གདུག་ཅན་མ་ལུས་པ་སྡིགས་པར་བྱེད་པའི་སྡིགས་འཛུབ་དང་བཅས་


TNT12_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པས། བསྒྲུབ་བྱ་འཆིང་བར་བྱེད་པའི་རྡོ་རྗེ་ཞགས་པ་བསྣམས་པ། མཆན་ཁུང་དུ་ཐབས་ཀྱི་རང་བཞིན་རྡོ་རྗེའི་ཁ་ཊྭཱཾ་ག་དཀར་པོ་བསྒྲེང་བ། གདུག་པ་ཅན་ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་གད་མོ་དགོད་པ། བསྐལ་བའི་མེ་ལྟ་བུའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕཻཾ་ཛཿཧཱུཾ་བཾ་ཧོ། ཡོ་ག་ཤུདྡྷ༴ གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་བཾ་ནས་ཙནྚི་ཀཱའི་ངོ་བོ་རྣམས་སུ་གྱུར། ལྟེ་བའི་ཧྲཱིཿ ལས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ནས་ཁྲུས་བགྱིའོ། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་དང༌། རང་སྔགས་ནས། ཡར་ལུད་པ་ལས་རྒྱལ་བ་རིགས་ལྔའི་ངོ་བོ་སྣ་ཚོགས་རྡོ་རྗེས་དབུ་བརྒྱན། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར་དང༌། སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ། ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ནས་རྡོ་རྗེ་ཕག་མོ་ལ་འདུད་དོ། །ཕྱི་མའི་བར་གྱིས་བསྟོད། ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦ་དུཥྟན་ཧྲཱིཿསྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བཱ་རཱ་ཧཱི་ཞེས་པ་ནས། བརྟན་པར་མཛད་དུ་གསོལ་གྱི་བར་ཡང་འདྲ། བདག་བསྐྱེད་ཀྱི་ཁྱད་པར་རོ། །མདུན་བསྐྱེད་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ནས་ཨོཾ་ཨཱཿཧཱུཾ། ལན་ལྔའི་བར་ཞལ་གཉིས་མ་དང་འདྲ་བ་ལས། དཀྱིལ་འཁོར་འོག་མའི་སྐབས་


TNT12_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་ཞེས་པ་དོར། བར་པའི་སྐབས་དེ་རྣམས་ཀྱི་དབུས་སུ་ཧྲཱིཿཞེས་འདོན་པ་སྤོ། དཀྱིལ་འཁོར་སྟེང་མ་སིནྡྷུ་རའི་དཀྱིལ་འཁོར་ནི་བདུད་རྩིའི་དཀྱིལ་འཁོར་གྱི་དབུས་ཀྱི་སྟེང་དུ། ཆོས་འབྱུང་གྲུ་གསུམ་པདྨ་རཱ་ག་ལྟར་དམར་བ། བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་ནང་གི་དབུས་ཀྱི་ཆ་ལ་ཧྲཱིཿ ཟུར་གསུམ་ལ་གཡོན་སྐོར་གྱི་ཨོཾ་ཨཱཿཧཱུཾ། ཕྱི་རོལ་ཕྱོགས་བཞིར་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་བཞི་སྟེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གནས་སུ་གྱུར་པའོ། །དེ་ལྟར་རྡོ་རྗེ་གསུམ་གྱི་རང་བཞིན། སྐུ་གསུམ་རྣམ་པར་དག་པའི་དཀྱིལ་འཁོར་གསུམ་པོ་དེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཁ་དོག་དམར་པོ་ཞེས་པ་ནས་སྣ་ཚོགས་རྡོ་རྗེས་དབུ་བརྒྱན་གྱི་བར་བདག་བསྐྱེད་བཞིན་ལས། རང་སེམས་ཞེས་པ་དང༌། བདག་ཉིད་ཅེས་པ་དོར་རོ། །གོང་བཞིན་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད། །བཟླས་པ་ཅུང་ཟད་སུམྦྷ་ཡང་ཅི་རིགས་པ་བཟླས། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་བདུན་བརྗོད། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་རྡོ་རྗེ་ཕག་མོ་དོན་གྲུབ་མའི་ལྷ་ཚོགས་ཞེས་པ་ནས། གཟིགས་ཤིང་ལས་ཀུན་མཛད་པ་ཡིན། ཞེས་པའི་བར་དུ་གསོལ་བ་བཏབ་པ། མཆོད་པ། བསྟོད་པ། རྡོ་རྗེའི་གླུ་བླང་བ་རྣམས་ཞལ་གཉིས་མའི་སྐབས་དང་ཁྱད་པར་མེད་དེ། གཏོར་མ་རྣམས་སུམྦྷས་བསངས་ནས། གསོལ་བར་གྱུར་གྱི་བར། ཨོཾ་བཛྲ་བཱ་རཱ་ཧཱི།


TNT12_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བེ་ཤ་ཡ། སརྦ་དུཥྟན་ཧྲཱིཿསྭཱ་ཧཱ། ཞེས་པ་ལ། ཨོཾ་ཧྲཱིཾ་ཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི། ཕཻཾ་ཕཻཾ་ཞེས་བཏགས་པ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། སྙིང་པོའི་མཐར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་ནས། ཀུན་འགྲུབ་ཤོགགོང་མའི་བར། ཨོཾ་ཁ་ཁ་ནས་ཀུན་འགྲུབ་ཤོག །འོག་མའི་བར། མཁའ་འགྲོ་སྤྱི་གཏོར་བཏང༌། བུམ་སྒྲུབ་ཀྱང་འདྲ་བ་ལས། ཡོངས་སུ་གང་བའི་དབུས་སུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ཅེས་པ་ནས་རྡོ་རྗེ་ཕག་མོ་ལ་འདུད་དོའི་བར་བདག་བསྐྱེད་བཞིན། བཟླས་པ་ནི། ཨོཾ་བཛྲ་བཱ་རཱ་ཧཱི། སོགས་སྙིང་པོ་དང༌། སུམྦྷ་ཅི་རིགས་པ་བཟླ་བ་ནི་ཁྱད་པར་རོ། །བདག་འཇུག་གི་སྐབས། ཇི་ལྟར་བལྟམས་པ་ནས་སུམྦྷ་བཟླ་བའི་བར། ལྟེ་བར་ཨོཾ་བཾ་ནས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་པ་ནས། སྨྲས་ནས་དམ་ཚིག་ཉམས་པར་འགྱུར་ཏ་རེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག་ནས། ཨོཾ་ཨཱ་ཧྲི་ཧྲི་སྭཱ་ཧཱའི་བར། ཏིཥྵ་བཛྲ་ནས། མངོན་སུམ་ཉིད་དུ་མཐོང་བར་གྱུར། འོག་གཞི་ཆོས་འབྱུང་ནི། ཞེས་པ་ནས། སྐུ་གསུམ་གྱི་ཡེ་ཤེས་སོ། །རྡོ་རྗེ་རྒྱ་གྲམ་བཞི་འཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་མཛད་པའོ། །ཡིག་འབྲུ་རྣམས་ནས་ཡེ་ཤེས་དང་ཡོན་ཏན་རྒྱས་པའོ། །པདྨའི་གདན་ནི་ཉོན་མོངས་པས་མ་གོས་པ་ནས་ཟུང་དུ་


TNT12_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའོ། །ཞལ་གཅིག་ཕག་གི་ཞལ་ནི་རྟོག་མེད་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་རོ་གཅིག་པའོ། །ཕྱག་བཞི་ནི་སྐུ་བཞི་བརྙེས་པའོ། །རྡོ་རྗེ་ནི་ཡེ་ཤེས་ཏེ་ཉོན་མོངས་པ་འཇོམ་པའོ། །ཐོད་པ་ནི་བདེ་བ་སྐྱོང་བའོ། །ལྕགས་ཀྱུ་ནི་འཁོར་བ་པ་རྣམས་ཐར་པར་འདྲེན་པའོ། །ཞགས་པ་ནི་གདུག་པ་ཅན་རྣམས་འཆིང་བའོ། །ཐོད་སྐམ་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །ཞབས་གཡོན་བསྐུམ་གཡས་བརྐྱང་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །སྐྲ་གྱེན་དུ་བརྫེས་པ་ནི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའོ། ཁ་ཊྭཱཾ་ག་ནི་ནས་སྣང་བ་འཕྲོ་བའོ། །དེ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཚང་བའོ། །དངོས་གཞིའི་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་ནས། སྤྲུལ་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་བསྒྲིགས་སོ། །ཞེས་པའི་བར་ཡང་འདྲ་བ་ལས། ཨོཾ་གསུམ་མའི་དོད་དུ་འདི་ཉིད་ཀྱི་སྙིང་པོ་བཟླ། ཁྱོད་ཞབས་པདྨོ་ནས། ངོ་བོ་ཉིད་སྐུ་མངོན་དུ་གྱུར། གྱི་བར་ཡང་འདྲ་བ་ལས། ཨོཾ་གསུམ་མའི་དོད་དུ་འདི་ཉིད་ཀྱི་འདོན་པ་སྤོ། སྟོང་པའི་ངང་ལས་ནས། སྣ་ཚོགས་རྡོ་རྗེས་དབུ་བརྒྱན། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་ཞེས་པ་ནས་འཇུག་པར་གྱུར་ཅིག་འདི་ལའང་སྔགས་འདོན་པ་སྤོ་པུཥྤེ་ནས་ཤཔྟའི་བར་རོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ་ནས་བསོད་ནམས་འདི་ཡི་སོགས་ལྷག་མ་མཆོད་པ་ཁ་གསོ་ནས། བཀྲ་ཤིས་ཀྱི་བར་ལའང་ཁྱད་པར་མེད་དེ། སྙིང་པོ་འདོན་པ་སྤོ་བ་ཙམ་བྱའོ། །ཚོགས་ཀྱི་འཁོར་


TNT12_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སོགས་ཆོ་གའི་ཡན་ལག་རྣམས་ཀྱང་འདྲ་བ་ལ། །ཚོགས་ཕུད་འབུལ་བའི་སྐབས་ཐོག་མར་འདི་ཉིད་ཀྱི་གཏོར་སྔགས་ཀྱིས་འབུལ་དགོས་སོ། །དེ་ལྟར་ན་རྗེ་བཙུན་རྡོ་རྗེ་ཕག་མོ་བདེན་གཉིས་ཞལ་ཅན་གྱི་ཆོ་ག་བདེ་ཆེན་དཔལ་འབར་ལ་འདོན་པ་བསྒྱུར་ཏེ། རྗེ་བཙུན་རྡོ་རྗེ་ཕག་མོ་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་སྒྲུབ་མཆོད་ཀྱི་ཆོ་ག་བདེ་བླག་ཏུ་གྲུབ་པ་འདི་ཡང༌། དེང་སང་གི་བླ་རུལ་རྣམས་ལས། དམ་པའི་ཆོས་ཀྱི་བགོ་སྐལ་ཆེན་པོས་ཁྱད་པར་དུ་གྱུར་པ། ཏཱ་ར་ནཱ་ཐས་བློ་དམན་མིག་ཕུག་ལུང་རྒྱུས་ཀྱང་མི་ཤེས་པ་རྣམས་ཀྱི་དོན་དུ་སྨྲས་པའོ།། །།ཧ་ཧ།། ཞུས་དག།


TNT12_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་བཙུན་རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་མཆོད་ཀྱི་ཡི་གེnext