རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཆུང་བ།


TNT12_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཆུང་བ་བཞུགས།


TNT12_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་བླ་མ་མཆོག་གི་ཞབས་ཀྱི་པདྨོར་གུས་པར་ཕྱག་འཚལ་ལོ། །བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད། །ཐུན་མཚམས་འོད་དམར་འཛིན་པའི་མྱོས་ལྡན་མ། །གློག་ཕྲན་ལྟར་གཡོ་མི་འགྱུར་བདེ་བྱིན་མ། །ལྷ་མོ་མཆོག་གི་འགྲོ་འདི་རྗེས་བཟུང་མཛོད། །གངས་རིའི་ཁྲོད་འདིར་རྗེ་བཙུན་མའི་སྒྲུབ་ཐབས། །ཛ་ལནྡྷ་ར་བ་དང་པོའི་མགོན་པོའི་ཞབས་ཀྱིས་མཛད་པ། གཞན་དག་ཀྱང་སྣང་མོད། དེ་ནི་མ་ཐོས་སོ། །འདིར་ནི་སློབ་དཔོན་ཆེན་པོའི་བཞེད་པ་འཕགས་ཡུལ་གྲུབ་ཆེན་མང་པོའི་གཤེགས་ཤུལ། སྒྲུབ་ཐབས་ཆུང་བ་སྙན་རྒྱུད་མའམ་ལས་བདུན་ཅན་དུ་འབྱུང་བའི་དོན། བླ་མའི་ལུང་གིས་ཨིཎྜ་བྷུ་ཏི་དང༌། སྟོང་ཉིད་ཏིང་འཛིན་རྡོ་རྗེ་དང༌། རྔོན་པའི་གཞུང་སོགས་ལས་བག་ཙམ་ཁ་བསྐང༌། མན་ངག་ཞལ་ནས་བརྒྱུད་པས་ཅུང་ཟད་གསལ་བར་བྱས་ཏེ་སྙིང་པོ་མདོ་ཙམ་བྲི་བར་བྱའོ། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་འདིའི་བྱིན་རླབས་ཀྱང་ངེས་པར་ཐོབ་པས་དང་པོར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བར་བསམ་ལ་ཁྲུས་བྱ། དེ་ནས། ཧཱུཾ་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་བའི་འཁོར་ལོ་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། རང་གི་སྙིང་ག་ནས་མ་མོ་བཅུ་སྤྲོས། ཨོཾ་གྷ་གྷ་གྷ་ཏཱ་ཡ་སོགས་དང༌།


TNT12_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མུཏྒར་སོགས་བརྗོད། རང་གི་སྙིང་གའི་འོད་ཀྱིས་བླ་མ་ཡི་དམ་ཕཻཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང༌། དེ་ནས་སྐྱབས་ཡུལ་རྣམས་རང་གི་སྤྱི་བོ་ནས་ཐིམ། ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལ་ཡེ་ཤེས་ཀྱི་ངོ་བོའི་དམ་རྫས་ཀྱི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་ཨཱཿཧཱུཾ་བཾ་ཞེས་པ་བཀོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་ནང་མཆོད་ལ་མེ་ཏོག་དམར་པོས་མཆོད། ནང་མཆོད་དེས་སོར་མོ་རྣམས་དང་རྩ་བ་དང༌། སེན་མོ་ལ་ཐིག་ལེ་བྱས་ལ། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེ༵ཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨཱཿཧཱུཾ་ལན་དྲུག་གིས་བདུད་རྩིར་ཕུལ། མཉེས་ཤིང་ཞུ་བར་ལྟའོ། །ལག་པ་ལ་སོགས་པ་རྣམས་གནས་དྲུག་ཏུ་བྱུགས་པས་དེ་དང་དེར་ལྷ་རྣམས་ཐིམ། སྲིན་ལག་གིས་བདུད་རྩི་གཏོར་ཞིང་གནས་དང་མཆོད་པ་དང༌། མཎྜལ་གསང་གཏོར་བྱ། དེ་ནས་མེ་ལོང་དག་པ་སིནྡྷཱུ་ར། རྡུལ་གྱིས་གོས་པའི་སེང་རས་ཀྱིས་རྩགས་ལ། གཡོན་གྱི་མཐེ་སྲིན་ལག་གིས་གསེར་གྱི་སྨྱུག་གུ་བཟུང་ནས་ཆོས་འབྱུང་ཟུར་གསུམ་པ་ཕྱོགས་བཞི་རུ་དགའ་འཁྱིལ་རེ། ནང་དུ་ཨོཾ་གསུམ་མ་ཚན་གསུམ་དུ་བཅད་པའི་འོག་ཏུ་བཾ། སྟེང་དུ་ཧ་དང་བཅས་པ་བྲི། དེ་ཉིད་སྐད་ཅིག་གིས་རྗེ་བཙུན་མ་འཁོར་


TNT12_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པར་གྱུར། ཕཻཾ། འབར་བའི་ཕྱག་རྒྱ་དང་བཅས། ཡེ་ཤེས་སེམས་དཔའ་རྗེ་བཙུན་མ་འཁོར་དང་བཅས་པ་སྔགས་ཀྱི་ཡིག་འབྲུ་དང་རོ་མཉམ་དུ་གྱུར། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཨཉྩ་མ་ནཾ༴ པཱདྱཾ༴ པྲོཀྵ་ནཾ༴ ཨོཾ་ཨཱཿཧྲིཾ་ཧཱུཾ་ཧཱུཾ་ཧཿཧཿ ཞེས་ཤ་ཆེན་གྱི་སྤོས་ཕུལ། ཨོཾ་བཛྲ་ཡོ་གཱི་ནཱི་པུཥྤཾ་དྷུ་པཾ་དཱི་པཾ་གནྡྷཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་མ་མི་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ལན་བདུན་གྱིས་གཏོར་མ་དབུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཕཊ་སྭཱཧཱ། སོ་རྩི་དང་ནང་མཆོད་དང༌། ཅང་ཏེའུ་བརྡུང་ཤིང་རྐང་བརྒྱད་དམ། རྩ་སྔགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་བཟླས་ནས། ཛཱ་ཞེས་རང་ལ་བསྡུ་བའམ། གཤེགས་སུ་གསོལ་ཏེ་ཕྱི་རོལ་མཆོད་པའོ། །ཨོཾ་ཤཱུའུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་གྲུ་གསུམ་པ་ཕྱི་རོལ་དུར་ཁྲོད་བརྒྱད་དང་བཅས་པ། ཕྱོགས་བཞིར་དགའ་བ་འཁྱིལ་བ་དཀར་པོ་བཞིས་བརྒྱན་པ། དེའི་ནང་དུ་ཀེང་རུས་ཀྱི་ཕུང་པོ་ལ་གནས་པའི་ཁ་ཊྭཱཾ་ག་དཀར་པོ་འགྲེང་བའི་སྟེང་དུ། པདྨ་འདབ་མ་དྲུག་པའི་ལྟེ་བར་ཉི་མ་ལ། མི་རོ་གསེར་མདོག་མིག་གསུམ་ནམ་མཁར་བལྟ་བ། དེའི་སྟེང་དུ་བཾ་དམར་པོ་ཐོག་མ་དང་ཐ་མ་མེད་པའི་སེམས་ཀྱི་ངོ་བོ། དེ་ཡོངས་སུ་གྱུར་པ་ལས། རང་རྡོ་རྗེ་ཕག་མོ་སྐུ་མདོག་སེ་འབྲུའི་མེ་ཏོག་དང་ཛ་བ་ལྟར་དམར་ཤིང་འོད་ཟེར་མེ་ལྟར་འབར་བ། སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ཤིང༌། མཆེ་བའི་མྱུ་གུ་ཅན། སྤྱན་གསུམ་གྱེན་དུ་གཟིགས་པ། གཡས་ཕག་


TNT12_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ནག་པོ་གྱེན་དུ་ཕྱོགས་པ། ནུ་འབུར་རྒྱས་ཤིང་ལང་ཚོ་ལ་བབ་པ། འདོད་ཆགས་ཆེན་པོ་ཁ་ཊྭཱཾ་ག་དང་འདུས་པས་བདེ་བ་རྒྱས་པ། ཕྱག་གཡས་གྲི་གུག་འཕྱར་ཐབས་དང༌། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། རུས་པའི་ཕྱག་རྒྱ་དང༌། ཐོད་སྐམ་གྱི་ཅོད་པན་དང༌། མགོ་བོའི་ཕྲེང་བ་ཅན། སྐྲ་མཚམས་སུ་དར་དཔྱངས་བཅིང་བ། གཡོན་བརྐྱང་གིས་གར་སྟབས་ཅན་མི་བསྐྱོད་པས་དབུ་བརྒྱན་པའོ། །མདུན་ནས་གཡས་སྐོར་གྱིས་འདབ་མ་རྣམས་ལ། ཕག་མོ། །གཤིན་རྗེ་མ། རྨོངས་བྱེད་མ། བསྐྱོད་བྱེད་མ། བཀྲག་བྱེད་མ། ཙནྚི་ཀ་རྣམས་རིམ་པས། དམར་སྔོ་དཀར་སེར་ལྗང་ཁུ་དུད་ཁའི་མདོག་ཅན། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཚངས་པ་གསེར་མདོག་བྲམ་ཟེའི་གཟུགས་ཀྱིས་རྔ་ཡབ་གཡོབ་པ། དྲག་པོ་དཀར་པོ་མིག་གསུམ་པ་རལ་པའི་ཅོད་པན་ཅན། ཐལ་མལ་བའི་ཆ་ལུགས་ཀྱིས་སྟོང་པ། འཕྲོག་བྱེད་དམར་པོ་ལྷའི་ལུས་ལ་སེང་གེའི་གདོང་ཅན། རལ་གྲི་མཆན་ཁུང་དུ་བཟུང་ནས་ཐལ་མོ་སྦྱར་བ། བརྒྱ་བྱིན་ལྗང་ཁུ་མིག་སྟོང་ཅན་ཨེ་ན་ཡའི་ལྤགས་པས་དཀྲིད་པས་གདུགས་དཀར་འཛིན་པ། གཞན་ཡང་རོ་ལངས་གར་བྱེད་པ་དང༌། ལྕེ་སྤྱང་གླུ་ལེན་པ་དང༌། སྒྲུབ་པ་པོ་གཏོར་མ་དང༌། ཟས་མཆོག་འབུལ་བ་


TNT12_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མཁའ་ལྡིང་གནོད་སྦྱིན་རིག་འཛིན་འབྱུང་པོ་མ་མོ་རྣམས་ཀྱི་བརྗེད་པར་བྱེད་པ་དང༌། འབར་བའི་ཕྱག་རྒྱ་བཅས་ལ། ཕཻཾ། ཞེས་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ལྟེ་བར་ཨོཾ་བཾ་ཕག་མོ། སྙིང་གར་ཧཾ་ཨོཾ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སྐྱོང་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ། ཡན་ལག་ཀུན་ལ་ཕཊ་ཕཊ་ཙཎྜི་ཀ །འཇིག་རྟེན་ཁམས་ཀྱི་འདོད་ཡོན་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། ཐུགས་ཀར་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་པའི་ཡི་གེ་རྣམས་ཕྱིར་ཕྱུང༌། ལྷ་མོར་གྱུར་པས་མཆོད་པར་བསམ་སྟེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་ནས་ཡིག་ཆུང་ལྟར་རྫོགས་རིམ་སྒོམ་ལ། སྐྱོ་ན་བཟླས་པ་བྱ་སྟེ་རང་གི་ལྟེ་བར་སིནྡྷུ་རའི་དཀྱིལ་འཁོར་ལྟ་བུ་སྒོམ་ནས། ཨོཾ་གསུམ་གྱི་བདག་ཉིད་ཡི་གེ་སོ་གཉིས་པ་ཁོ་ན་བཟླའོ། །ཕྱི་ནས་བགྲང་ཕྲེང་དང་ངག་ཏུ་བརྗོད་པ་མེད་པར་སྔགས་ཡིད་ཀྱི་བསམ་ནས་བཟླ་བ་ནི་ཡིད་བཟླས་སོ། །དེ་ནས་ཐམས་ཅད་གསལ་སྟོང་དུ་བསྡུས་ནས་ལྡང་བའི་ཚེ། ཨོཾ་གསུམ་གྱི་སྔགས་བརྗོད་ཅིང༌། ཨོཾ་སྭ་བྷཱ་ཝ་སོགས་བརྗོད། གཟུགས་དང་སྒྲ་དང་དྲན་རྟོག་ཐམས་ཅད་སྐུ་གསུང་ཐུགས་སོ། །ཞེས་མོས་ནས། དགེ་བ་བསྔོའོ། །དེ་ལྟར་ཟླ་བ་དྲུག་ཏུ་སྙིང་པོ་འབུམ་ཕྲག་བཞི་བཟླ་ཞིང་སྒོམ་པས་སེམས་བརྟན་པར་འགྱུར་ལ། དེ་ལྟར་ན་བདེ་བ་དམ་པ་ཐོབ་བོ་ཞེས་སོ། །མདོ་ཙམ་དུ་ནི་འདིར་གཞུང་ཁོ་ན་ལས་ཁ་བསྐང་བ་རྣམས་མེད་ཀྱང་རུང་གསུང་


TNT12_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་རོ། །བསྙེན་པའི་ཆོ་ག་སྟེ་དང་པོའོ། །ཕྱི་རོལ་མཆོད་པ་ནི། དུས་རྒྱུན་དུའམ་ཁྱད་པར་གྱི་དུས་ཚེས་བཅུ་ལ་སོགས་པ་ལ། མདུན་དུ་སྟེགས་བུ་བཤམས། ཡོ་བྱད་ཐམས་ཅད་ཚོགས་པ་དང༌། སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་རླབས་དང༌། སྐྱབས་སེམས་སྒོམ་བཟླས་སྔོན་དུ་འགྲོ་བའི་བདག་བསྐྱེད་རྫོགས་པ་དང༌། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོདྷ་ཧཱུཾ་ཕཊ། ཞེས་ལག་པ་ས་ལ་རེག་བགེགས་བསྐྲད་དེ་སྟོང་པར་མོས། ཧཱུཾ་གླུརབླངས་ནས་སྐོར་བ་བྱས་ཏེ། ཧཱུཾ་ལས་རྡོ་རྗེ་ནས། མུད་ག་རའི་བར་སྒྲུབ་ཐབས་ལྟར་སྒོམ་པ་ནི་སྲུང་བའོ། །དེ་ནས་འོག་གཞི་མཎྜལ་ས་ལ་བྲི། དེར་མནྡི་ལ་སོགས་པ་ལ། ཐོད་པ་མྱོས་བྱེད་ཀྱི་བཀང་བ་དེའི་སྟེང་དུ་མེ་ལོང་གི་དཀྱིལ་འཁོར་བཞག་གོ །དེ་རྣམས་ཀྱི་ཇི་ལྟར་བྱ་ཚུལ་གོང་གི་ཕྱི་རོལ་མཆོད་པ་ལྟར་བྱ། དེ་ནས། ཨོཾ་བི་ཋོ་བ་བི་ཌཱ་ཡ་སྭཱཧཱ་སོགས་དང༌། དེའི་རྗེས་སུ་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་ཞེས་པ་ནས། བཾ་དམར་པོ་ཞེས་པའི་བར་གང་ལྟར། དེ་ལས་རྡོ་རྗེ་ཕག་མོ་ནས་ཙཎྜི་ཀའི་བར་ཡང་གོང་བཞིན་ནོ། །དེ་ནས་མཆོད་པ་བདེ་མཆོག་ལྟར་བྱིན་གྱིས་བརླབས། བསྡུ་ན། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབས་སོ། །དེ་ནས་མཆོད་པ་འབུལ་ཚུལ་ནི་རྔོན་པའི་གདམས་ངག་གིས་ཡིག་སྣར་བཀོད་པ་ལྟར་སྟེ་ཁྱད་པར་ནི་གཏོར་མའི་སྐབས་འཇིག་རྟེན་ལས་འདས་པའི་གཏོར་མ་འབུལ་བའི་སྔགས། ཨོཾ་གསུམ་གྱི་བདག་ཉིད་སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་ནས་འབུལ། མཆོད་པ་རེ་རེའི་མཐར་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ཁྱད་པར་འདི་ལྟ་བུ་ཞིག་སྩལ་དུ་གསོལ་ཞེས་གསོལ་བ་


TNT12_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། མེ་ཏོག་ལ་སོགས་པ་རེ་རེ་ཞིང་རྫས་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་མ་ཆད་ཅིང་མ་ནོར་བར། དྲུག་བརྒྱ་བདུན་ཅུ་དོན་ལྔ་རེ་འབུལ་བ་ནི། སྒྲུབ་པ་ལ་འཇུག་པའི་ཚེ་ངེས་པར་དགོས་ལ། བསྙེན་པ་དང༌། གཞན་གྱི་སྐབས་ཅི་རིགས་ལ་མ་བྱུང་ཡང་རུང་ངོ༌། ཁྱད་པར་བསྒྲུབ་པ་ལ་ནི། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཁ་སྦྱོར་ལས་འབྱུང་བའམ། ཀུན་སྤྱོད་ལམ་འབྱུང་བའི་མཁའ་འགྲོ་སྤྱི་གཏོར་ཉིད། མཚན་མོ་གཞི་མདོ་དང༌། དུར་ཁྲོད་ལ་སོགས་པར་ལན་འབུམ་ལ་སོགས་པའི་བར་དུ་ཕུལ་བས་འབྲས་བུ་ཤིན་ཏུ་ཆེ་གསུང༌། གཞན་ཡང་བཀའ་སྡོད་ནག་པོ་ཆེན་པོའི་རོ་ལངས་འཇིགས་བྱེད་ལ་གཏོར་མ་འབུལ་ཏེ། དེའི་ཚུལ་ནི་འོག་ནས་སྟོན་ནོ། །གཏོར་མ་དང་བཅས་ཕྱི་རོལ་མཆོད་པ་སྟེ་གཉིས་པའོ། །སྦྱིན་སྲེག་རྒྱས་པ་ནི་སྤྱི་དང་འདྲ་བ་ལས། ཁྱད་པར་འགའ་ཞིག་དང་བཅས་པ་གཞན་དུ་བྲི་བར་འདོད་ལ། གཞུང་གཞན་ལས་ཤིན་ཏུ་བསྡུས་པ་མེ་མར་གྱི་བསྲེགས་བླུགས་ཀྱང་རུང་པར་བཤད་པས་དེ་ཡང་བྱ་མོད། གཞན་དུ་ཤེས་ལ། དེ་བཞིན་དུ་ཟ་བྱེད་རྡོ་རྗེ་མཁའ་འགྲོ་ཡང་ངོ༌། །འདིར་ནང་དང་ཕྱི་ལས་ནང་ནི་བཟླས་པའི་དམིགས་པ་ལྟར་སྒོམས་ལ། ཁ་ཟས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་བཟའ་བ་ཡིན། ཕྱི་འབྲིང་པོ་ནི། དངོས་གྲུབ་ཀྱི་དོན་དུ་ཐབ་ནི་ཟུར་གསུམ་དམར་པོ་ཁོ་ན་ཡིན། དེ་ཡང་ས་གཞི་བགེགས་སྦྱངས་བ་རྫོགས་པ་ཡན་ཆད་ཕྱི་རོལ་མཆོད་པ་ལྟར་བྱ། དེ་ནས་བུམ་པ་བསྒྲུབས་ནས་ཐབ་ཁུང་གྲུ་གསུམ་ཁྲུ་གང་རྒྱ་ཕྱེད་དཔངས། ཁ་ཁྱེར་དང་མུ་རན་ལ་སྣ་ཚོགས་རྡོ་རྗེ་དང་གྲི་གུག་གིས་མཚན་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པ་བྱ། བུམ་བསྐྱེད་ལྟར་


TNT12_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བསྒྲུབས་པ་ལས། སུམྦྷ་ལན་སྟོང་སོགས་བཟླས་པའི་བུམ་པ་དེ་ཐབ་ཀྱི་གཡས་སུ་བཞག །བུད་ཤིང་རྣམས་བཀོད་ལ། ཐབ་བསངས་སྦྱངས་བསྐྱེད། དེར་མེ་སྤར་ལ། རཾ་ལས་མེ་ལྷ་དམར་པོ་སྤྱི་བླུགས་མཆོག་སྤྱིན། དབྱུག་པ་བགྲང་ཕྲེང་འཛིན་པའི་ཕྱག་བཞི་པ། གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། ལྟེ་བར་ཨོཾ་བཾ་སོགས། ཤར་ལྷོ་ནས་མེད་ལྷ་ཡེ་ཤེས་པ་སྤྱན་དྲངས། ཨོཾ་ཨགྣི་དེ་བ་ཏ་ཨཱ་ཀརྵཱ་ཡ་ཛཱཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ཨགྣ་ཡེ་སྭཱཧཱ། བྱོན་ཟན་དབུལ། དཀྱིལ་འཁོར་གྱི་གཙོ་མོས་བུམ་པའི་དབང་བསྐུར། མི་བསྐྱོད་པས་རྒྱས་བཏབ། ཨོཾ་ཤྲཱི་ཧེ་རུ་ཀ་ཨགྣ་ཡེ་སྭཱཧཱ། ཞེས་དགང་བླུགས་བདུན་ཕུལ། ཕྱི་རོལ་མཆོད་པ་ལྟར་བྱིན་རླབས་བྱས་ནས། ཉེར་སྤྱོད་དང་ནང་མཆོད་དབུལ། འཇིག་རྟེན་དབང་ཕྱུག་ཚང་དབང་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་བྱས་ལ། ཨོཾ་ཨགྣ་ཡེ་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། སྲེག་རྫས་ཇི་ཙམ་འབྱོར་བ། འབྲུ་གསུམ་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱས་བྱིན་གྱིས་རློབས། ཨོཾ་ཨགྣེ་དེ་ཝ་ཏ་སྭཱཧཱ་ཞེས་པ་ཁོ་ནས་ཐམས་ཅད་འབུལ་ཞིང་ལས་བཅོལ། དགང་བླུགས་གསུམ་གྱིས་མི་ལྟ་འབར་བའམ། ཤར་ལྷོར་བཞུགས་པར་སྒོམ་པ་དང་ལྟོ་བ་རབ་ཏུ་ཡངས་པ་རྣམས་གང་རུང་སྒོམ། དེ་ནས་སུམྦྷས་བསངས་བ་ནས། གཏོར་མ་གྲུབ་པའི་བར་ཕྱི་རོལ་མཆོད་པ་ལྟར་ལས། འབར་བའི་དབུས་སུ་ཞེས་སམ། ལྟོ་བ་ཡངས་པར་ཨེ་ལས་


TNT12_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད་པ་ནི་ཁྱད་པར་རོ། །སྲེག་རྫས་འབུལ་བའང་སྔར་དང་འདྲ་བ་ལས་སྔགས་ནི། ཨོཾ་གསུམ་གྱི་མཐར། ཨོཾ་ཤྲཱི་ཧེ་རུ་ཀ་བིདྨ་ཧེ་བིདྱ་རཱ་ཛ་ཡ། དྷཱི་མ་ཧེ་པྲ་ཙོ་དཱ་ཡ་སྭཱཧཱ། དེ་ནས་མཆོད་བསྟོད་བཟོད་པར་གསོལ་ལ་གཤེགས་སོ། །སླར་འཇིག་རྟེན་པ་མཆོད་པ་ནི། ཅུང་ཟད་ཙམ་གྱི་ཁྱད་པར་ལྟར་ཤེས་ནས་གཞན་སྤྱི་དང་འདྲའོ། །དངོས་གྲུབ་ཀྱི་དོན་དུ་གྲངས་ཚད་མེད་པ་དང༌། ལས་ཀྱི་དོན་དུ་ཕྱོགས་བཞི་རེ་རེར་འབུམ་བདུན་ཁྲི་འབུམ་བདུན་ཁྲི་དབུལ་བས་ངེས་པར་འགྲུབ་སྟེ། དེ་ལྟར་ན་སྦྱིན་སྲེག་སྟེ་གསུམ་པའོ། །གལ་ཏེ་སློབ་མ་རྗེས་སུ་འཛིན་ན་ནི་བདག་བསྐྱེད་དང༌། ཕྱི་རོལ་མཆོད་པ་རྫོགས་པར་བྱས་ལ། བུམ་པ་བསྒྲུབ། དེ་ནས་འགྲུབ་ན་གཞོན་ནུ་མའི་སྟོན་མོ་དང་སྦྱིན་སྲེག་བྱ། མི་འགྲུབ་ན་མཚམས་དེ་ནས། བདག་འཇུག་བླང་ངོ༌། །དེ་ལ་བུམ་པ་སྒྲུབ་ཚུལ་ནི་བསངས་སྦྱངས། བུམ་པར་མདུན་སྐྱེད་ལྟར་ལྷ་བསྐྱེད་ནས། མཆོད་བསྟོད་བསྡུས་པ་གཅིག་བྱ། དུང་ཆོས་སུ་ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱཧཱ་གཱངྒའི་རྒྱུན་འབབ་པར་གྱུར། དེ་ནས་བཟླས་པ་བྱས་ལ། གཏོར་མ་ཕུལ། ཡི་གེ་བརྒྱ་པ་བཟླས་བཟོད་པར་གསོལ། མེ་ཏོག་དཀར་པོ་གསུམ་དང་བཅས་པས་སྔར། དུང་ཆོས་ཀྱིས་མཆོད་ཡོན་ཕུལ་བས་རྗེས་སུ་ཆགས་པས་ཞུ་སྟེ། ཆོས་འབྱུང་གསང་བའི་བྷ་ག་བུམ་པ་དང་ལྷ་མོ་འཁོར་བཅས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོར་གྱུར། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། དེ་ནས་བྱིན་རླབས་དངོས་ནི། དཀྱིལ་འཁོར་དུ་འཇུག་པ་རྫོགས་པ་ཡན་ཆད་རྔོན་པའི་གདམས་ངག་དང་འདྲ། ཁྱད་པར་ནི། མནའ་ཆུ་བླུད་པའི་རྗེས་ལ། སུམྦྷ་བརྗོད་ཅིང་བསངས་ཆུས་འཐོར། དེ་ཡང་ཕྲེང་བ་ཇི་ལྟ་བའམ། ཡང་ན། ཨོཾ་སརྦ་པཱ་པཾ་ད་ཧ་


TNT12_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཛྲ་ཡེ་བཛྲ་སི་ཥྱ་སྱ་སརྦ་པཱ་པཾ་བྷཱསྨིན་ཀུ་རུ་ཧཱུཾ་ཕཊ། ཅེས་པས་ཏིལ། བྷསྨིན་ཀུ་རུའི་གནས་སུ། ཨ་པ་ནཱ་ཡ་སྭཱཧཱ། ཞེས་པས་ཡུངས་ཀར་ཆུ་དང་བཅས་པའི་སེང་རས་དང༌། ཁམ་ཕོར་དང༌། དུར་བའི་མྱུ་གུ་དང་བཅས་པའི་ལྕི་ཆངས་རྣམས་རིམ་པས་བྱ། ཨོཾ་པུཥྟིཾ་ཀ་རི་བཛྲ་ཤི་ཥ་སྱ། པུནྱ་ཛྙཱ་ན་སཾ་བྷ་ར་ཌྷོ་པ་ཀཱ་ཡ་སྭཱཧཱ་རྣམས་བཟེད་ཞལ་དུ་བཞག །ཆུ་བཞིན་དབུལ། དྲིལ་བུ་སིལ་ཞིང་བཟེད་ཞལ་གཡོན་དུ་སྐོར་ལ། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་སྭཱཧཱ། ཞེས་ཕྱི་དོར། པུཥྤེ་སོགས་མེ་ཏོག་སྤྱི་བོར་བཞག །ཧཱུཾ་བདུན་དང༌། ལས་ཐམས་ཅད་པའི་སརྫ་རཱ་ཛའི་བདུག་པ་དང་མར་མེ་སྐོར་རོ། །དེ་ལྟར་དྲུག་བཞི་ལྡན་གྱི་སྦྱང་བ་བྱས་རྗེས། རྟོགས་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་ལྡོག་ལྟར། །དད་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་འཇུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ཇི་ལྟར་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །དེ་བས་ན་དད་པ་བསྐྱེད་པར་བྱའོ། །ཞེས་བརྗོད་པ་ཁྱད་པར་རོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་ཕུལ། མངོན་རྟོགས་ཇི་ལྟ་བ་འབོགས་པ་ལས། མི་བསྐྱོད་པས་དབུ་བརྒྱན་ཞེས་པ་བོར། དེ་ནས་སློབ་མས། བྱང་ཆུབ་རྡོ་རྗེའི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །ཞེས་སོགས་བྱ། སློབ་དཔོན་གཙོ་བོར་གསལ་བས། བུམ་པས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། སྙིང་པོ་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ།


TNT12_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་བཱི་ར་སྟཾ། ཞེས་པས་དབང་བསྐུར་བས། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དེ་ནས་བཟླས་ལུང་སྤྱི་དང་འདྲ་བའམ། ཡང་ན་དངོས་བསྟན་ཡིན་གསུང་སྟེ། ལྟེ་བར་སེམས་དཔའ་གསུམ་རྩིག་ཏུ་བྱས་ལ་སངས་རྒྱས་རྣམས་སྤྱན་དྲངས། ཕྱི་ནང་གི་ཞལ་དུ་ཞུགས། ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ལས་བྱུང་ནང་དང་ཕྱིའི་བྷ་ག་ནས་བྱུང༌། ལྟེ་བར་ཆོས་འབྱུང་གི་ཉི་མ་ལ་འཁོད་པར་བསམ་ནས། རྗེས་ཟློས་ལན་གསུམ་བྱ་བ་ཡིན་ནོ། །དེ་ནས་སློབ་དཔོན་དང་མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་འོད་ཟེར་སྣ་ལྔས་མཚན་པའི་བདུད་རྩིར་སྤྱན་དྲངས། གཙོ་མོའི་དཔྲལ་མགྲིན་སྙིང་ག་ལྟེ་བ་གསང་བའི་ཐིག་ལེ་དང་འདྲེས། དེ་རྣམས་བྱང་སེམས་སུ་ཞུ་བ་ལ་ཁར་དབབ་པར་བསམ་ལ། སྙིང་པོའི་མཐར་འབྲུ་གསུམ་བརྟགས་པས་བདུད་རྩི་སྦྱིན། སིནྡྷཱུ་རའི་དཀྱིལ་འཁོར་གྱི་དགའ་བ་འཁྱིལ་བ་ལས་སློབ་དཔོན་གྱི་མིང་མེད་གཡོན་པས་བླངས་ཏེ། སློབ་མའི་གནས་བཞིར་སྙིང་པོ་བརྗོད་ཅིང་ཐིག་ལེ་བྱ། སིནྡྷུ་རའི་མཎྜལ་སྤྱི་བོར་བཞག་སྟེ། ཀ་སོགས་ཡི་གེས་བསྐོར་ཏེ། སྤྲུལ་པའི་རྩིབས་ཅན་ཉི་དབང་དཀྱིལ་འཁོར་ལ་ཞུགས་ཤིང༌། འབར་བའི་མེ་ལྟར་རབ་འབར་བདུད་རྩི་འཛག་པ་པདྨའི་སྐུད་པ་ལྟར་ཕྲ་བ། །རིག་མ་སངས་རྒྱས་ཚོགས་རྣམས་བསྲེགས་ཤིང་འཁོར་ལོ་གསུམ་པོ་བྱེད་པ་གང་ཡིན་པ། །ཀུན་དགའ་དང་བཅས་རོལ་པས་གྱེན་གཤེགས་ཕག་མོ་འདི་ཡི་སེམས་ལ་གསལ་གྱུར་ཅིག །ཞེས་བརྗོད་སློབ་མ།


TNT12_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལྟེ་བའི་ཆོས་འབྱུང་གི་འོད་རོ་མ་ནས་བརྒྱུད་ནས་ཕག་གདོང་གི་སྨིན་མཚམས་ཀྱི་དགའ་བ་འཁྱིལ་བ་ལ་རྒྱབ་པས་གཡས་སུ་འཁོར་བར་བསམ་ལ། རླུང་འཛིན་དུ་བཅུག །དགའ་འཁྱིལ་དེ་དབུ་མའི་ལམ་ནས་ཞུགས། ལྟེ་འོག་ཏུ་འཁོར་བ་ལ་ཡང་སེམས་བཞག །དེར་དགའ་བ་བཞིའི་མྱོང་བ་དང་སྲེ་བའམ་མོས་པ་བྱ། འདི་ནི་མངོན་རྟོགས་ཀྱི་སྐབས་སུའང་སྒོམ་སྟེ་གཞན་དང་མཐུན་ནོ། །དེ་ནས། དེའི་འོད་ཀྱིས་ཕྱི་རོལ་སྣང་བ་རང་ལ་ཐིམ། ལུས་ཡས་མས་ཐམས་ཅད་ལྟེ་བར་ཐིམ་སྟེ་སྟོང་པ་ལ་འཇོག །ཡང་སྒྱུ་མ་ལྟ་བུའོ་ཞེས་མོས་ལ་ལྷ་སྐུར་ལྡང༌། དེ་ནས་མཎྜལ་ཕུལ་ལ་དགེ་བ་བསྔོ་རྗེས་ཆོག་ནི་སྤྱི་དང་མཐུན། །སྔ་མའི་སིནྡྷུ་རའི་རྒྱུན་ཕྱི་མ་ལ་ཡོད་ན་བྱིན་རླབས་ཆེ་གསུང༌། རང་གི་བདག་འཇུག་གི་ཚུལ་ཆོ་ག་དེ་རྫོགས་པར་བྱས་ཤིང༌། འོག་ནས་འབྱུང་བ་ལྟར་ཚོགས་འཁོར་དང༌། སྦྱིན་སྲེག་སོགས་སྔར་བཤད་པ་ལྟར་གྲངས་ཚང་བ་ལན་བདུན་གྱིས་བསགས་རྒྱབ་དམན་པས་ཀྱང་འགྲུབ་པར་གསུངས་ཏེ་སྔོན་དུ་བསྙེན་པ་གྲུབ་པས་སོ། །བྱིན་རླབས་སྒོམ་པ་སྟེ་བཞི་པའོ། །གདགས་པའི་སྲུང་བ་ནི། འཁོར་ལོ་རྩིབས་དྲུག་མུ་ཁྱུད་ཕྱི་རོལ་པད་འདབ་བརྒྱད། རྡོ་རྭ་མེ་རི་དང་བཅས་པ། ལྟེ་བར་བཾ། རྩིབས་རྣམས་ལ་གཡས་སྐོར་གྱིས་གོ་ཆའི་ས་བོན། མུ་ཁྱུད་ལ་ཧཱུཾ་ཁོ་ན་བྲིས། ས་བོན་རྣམས་ལ་རང་རང་གི་མདུན་ནས་བརྩམས་ཏེ་སྔགས་ཀྱི་ཐ་མར་ཆེ་གེ་མོ་གནོད་པ་སོགས་འདི་ལྟར་བུ་ལས་རཀྵ་ཀུ་རུ་ཞེས་པ་ཧཱུཾ་གཉིས་ཀྱི་བར་དུ་ཆུད་པ་བྲིས་ཏེ། གྲོ་ག་ལ་གི་ཧཾ་ངམ་གུར་གུམ་གྱིས་སོ། །རབ་གནས་ནི། མཆོད་གཏོར་བཤམས། བདག་བསྐྱེད་སྒོམ། བསང་


TNT12_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ཟླ་བ་ལ། བཾ་དཀར་པོ་ལས། བྲིས་པ་ཇི་ལྟ་བར་བསྐྱེད། ལྷའི་ངོ་བོར་མོས། ཡེ་ཤེས་པ་ཡང་འཁོར་ལོའི་རྣམ་པར་བསྟིམས། མཆོད་བསྟོད་གཏོར་མ་འབུལ། དེ་ནས་མིང་ཡིག་བསྒྲུབ་བྱའི་ངོ་བོར་མོས་ལ་དབང་བསྐུར་ཏེ་གཟུངས་ཐག་བརྟགས་ལ་འབུག་ཕུག་སོགས་ཅི་རིགས་པ་བཟླའོ། །མཐར་བརྟན་བཞུགས་སུ་པྲ་ཏིཥྛ་བཟླས་ཏེ། མཆོད་བསྟོད་བཀྲ་ཤིས་བྱས་ལ། བཏབ་ནས་དཀྲིས་བྱས་ཏེ། མགོ་བོའམ་དཔུང་པར་གདགས་པའམ། ཁམ་ཕོར་དཀར་པོར་སྒྲུབ་ཚུལ་སྤྱི་མཐུན་དུ་བྱའོ། །གདགས་པའི་སྲུང་འཁོར་ཏེ་ལྔ་པའོ། །དྲག་ཤུལ་སྦྱོར་བ་ལ་སྦྱོར་བ་གསུམ་གཅིག་ཏུ་གྲིལ་བསྲུང༌། འདི་ལ་ཏིང་འཛིན་ཆས་གོས་སོགས། ལས་ཀྱི་ཁྱད་པར་བཅུ་ཚང་བས་སྒྲུབ་ཅིང༌། སུམ་བྷའི་འཁོར་ལོ་ནི། རིགས་ལྡན་ཆེ་བ་དང་འདྲ། ཡང་ན་དབྱངས་གསལ་འཁོར་ལོ་དཔེ་ཆུང་ལྟར་བྲི། འཁོར་ལོ་དེ་ཉིད་དང༌། གཤིན་རྗེ་འཁོར་ལོ་ལེའུ་ཚེ་བཅུ་བདུན་པ། དབུས་སུ་ཕག་མོ་གཙོ་འཁོར་བདུན་གྱི་ས་བོན་སྤེལ་ཚིག་རཾ་ཕཊ་གྷུ་གཉིས་ཀྱི་ནང་དུ་ཆུད་པ་དང༌། མུ་ཁྱུད་ཕྱི་མ་ལ་སྙིང་པོ་སྤེལ་ཚིག་ཅན་གྱིས་བསྐོར། མེ་རེའི་ནང་དུ་གྷུ་ཕཊ་ཁོ་ན་བྲིའོ། །འདིར་རང་རྗེ་བཙུན་མ་ནག་མོ་གཤེད་པོ་ཐོད་དབྱུག་འཛིན་པ་བརྒྱད་དང་ལྷ་མོ་རྣལ་འབྱོར་མ་བརྒྱད། རེ་རེའི་མདུན་དུ་མ་མོ་བརྒྱད་དང༌། གཤིན་རྗེ་བརྒྱད་ཀྱིས་བསྐོར་བར་བསམ་པ་སྒྲུབ་ཐབས་ཇི་ལྟ་བར་བསྐྱེད། མདུན་བསྐྱེད་ཀྱི་སྐབས་ཞེ་སྡང་གཤེད་པོ་དང་གོ་ལྡོག་གི་འཁྱུད་པ་གཅིག་སྒོམ། བསྒྲུབ་པ་གྲུབ་ནས་དྲག་པོའི་སྦྱིན་སྲེག་གི་ཐབ་ཀྱི་འོག་གམ། གཡོས་ཁང་ཆེན་པོའི་ཐབ་འོག་ཏུ་གནོན་ནོ། །དེའི་སྤོགས་ཆོག །ཕུར་བུ་གཅིག་གམ། ལྔའམ། བདུན་ནམ། བཅུ་གཅིག་གི་སྒྲུབ་པ་བྱ།


TNT12_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་དྲི་མ་སོགས་ལས། གཟུགས་བརྙན་བྱ་དགུག་གཞུག་སོགས་ཀྱི་མཐར། གནས་ལྔ་ཕུར་བུས་གདབ། ཁ་སྦྱོར་དབྱེ་བ་བྱས་ལ་བསྒྲུབ། དེ་ནས་ཆུ་མིག་གི་ཁྱད་པར་ཞིག་ཏུ་སྦས་ལ་བཀའ་བསྒོའོ། །སྔར་གྱི་འཁྲུལ་འཁོར་དང་འདྲ་བ་རྒྱ་སྐྱེགས་ཀྱི་རིལ་བུར་བཅུག་པ་བདུན་ཡང་སྒྲུབ་ནས་ཟླ་བ་རེ་རེ་ཞིང་ཆུ་མིག་ཏུ་དོར་བས། ཐ་མས་ངེས་པར་འགྲུབ་བོ། །ཡང་སྤོགས་པ་ནི། བསྙེན་པ་སོང་ནས་ནག་པོ་ཆེན་པོ་སྒྲུབ་སྟེ། མངོན་རྟོགས་ཀྱི་སྐབས་གཙོ་མོའི་མདུན་དུ། ཧཱུཾ་ལས་ནག་པོ་ཆེན་པོ་རོ་ལངས་འཇིགས་བྱེད་བཀའ་ནོན་པའི་ཚུལ་སྐེམ་ཞིང་ཁྲོས་པ། ཕྱག་གསུམ་པ་གཡས་དང་པོས་རྩེ་གསུམ་གཉིས་པས་གྲི་སྐྱོག་པོ། གཡོན་པས་ཀ་པཱ་ལ་ཤ་ཆེན་གྱིས་གང་བ། བྱ་རོག་གི་ཚོགས་སྤྲོ་བ། ཁྱི་ནག་གིས་དྲངས་པའི་ཤིང་རྟའི་སྟེང་ན་རོལ་པས་གར་མཛད་ཅིང༌། ཕྱོགས་བཞིར་སྐྱེས་བུ་གསལ་ཞིང་ལ་བཙུགས་པ། ཝ་རྣམས་སྒྲ་འབྱིན་པ་དང་བཅས་པའི་དུར་ཁྲོད་ཀྱིས་བསྐོར་བའོ། །ཧྲིཿཀཾ་ཀཾ་བཾ་བེཾ་རྣམས་ལས་བྷ་གཱི་ནཱིས་འཁྱུད་པ། ཀཱ་ལི་དང༌། ཀ་ར་ལཱི་དང་བྷ་ར་ཌཱི་དང༌། བཻ་ཏ་ལི་རྣམས་གྲི་ཐོད་བསྣམས་པས་བསྐོར་བའོ། །རང་གི་བདག་བསྐྱེད་རྫོགས་པ་དང༌། ཡེ་ཤེས་པ་སྤྱན་འདྲེན་དམ་གཞག་དབང་བསྐུར། མཆོད་གཏོར་ཕུལ་ལ། ལས་བཅོལ། མཆོད་གཏོར་གྱི་སྔགས་ནི། ཨོཾ་ཤྲཱི་ཀྵེ་ཨི་དམ་བཱ་ལིང་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། མཧཱ་མཾ་ས་པུཥྤེ་དྷཱུ་པེ་དཱི་པེ། རཀྵ་ཏཱ་ལ་པ་ཏཱ་ལེ། ཨཥྟ་ནཱ་ག །དེ་བ་ཡཀྵ་རཀྵ་ས། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཨི་


TNT12_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཱ་ལིཾ་ཧ་ཧ་ཧཱུཾ་ཧཱུཾ་ཁ་ཁ་ཁཱ་ཧཱི་ཁཱ་ཧི་ཧཱུཾ་ཛ་ཕཻཾ་མཧཱ་ཨཊྚཊྚ་ཧཱ་ས། གརྫ་ཡ་གརྫ་ཡ། ཏཔྫ་ཡ་ཏཔྫ་ཡ། ཨོཾ་ཀྲིཥྞ་བྷརྞ་ཕཻཾ་ཕཻཾ་ཕཊ། རྩ་སྔགས་ནི། ཤཱ་ས་ནའོ། །དྲག་སྔགས་ནི་འཇིག་རྟེན་པ་རྣམས་ཀྱི་སྟེ། དག་ལས་ཤེས། །འདིས་འཇིག་རྟེན་པའི་གཏོར་སྔགས་ཀྱང་རུང་ངོ༌། །དེར་རྩ་སྔགས། སྙིང་པོ། དྲག་སྔགས་རྣམས་འབུམ་དུ་བཟླས་ལ། སླད་ནས། ཡང་རང་ཉིད་སྒོམ་ནས་མཚན་མ་དམིགས་ཀྱི་བར་བཟླའོ། །དེ་ནས་ནག་པོའི་ཚེས་ལ། སྟན་ནག་པོ་ལ་འདུག །བ་བྱུང་ལྔ་དང་བདུད་རྩི་ལྔ་དང༌། དྲི་བཟང་དང་གྲི་ཁྲག་གིས་ཆག་ཆག་བཏབ་པའི་སྟེགས་བུ་ལ་གཞོན་ནུ་མའི་རྡུལ་དང་རོ་སོལ་གྱིས་དཀྱིལ་འཁོར་གྲུ་གསུམ་བྱས་ལ། མེ་ཏོག་ནག་པོའི་གདན་ལྔ་ཚོམ་བུ་བཀོད། ཤ་ཆེན་གྱིས་སྤོས་དང༌། གཏོར་མ་སོགས་བཤམས། བདག་མདུན་གཉིས་ཀ་རྫོགས་ནས། མཆོད་གཏོར་ཕུལ་ལ་བཟླས་པ་ལ་འབད། ཐུན་མཚམས་སུ་ཚོགས་འཁོར་བྱ་སྟེ། འདི་བསྙེན་བསྒྲུབ་སྦྲགས་མ་སྟེ། ཟླ་དྲུག་སོགས་བྱ། དེ་ནས་ཐུན་དང་པོ་ལ། བདག་བསྐྱེད་དྲན་ཙམ་བྱ། དེ་ནས་ང་རྒྱལ་དེ་ཙམ་ལ་གནས་པས། མདུན་བསྐྱེད་ཁོ་ན་སྒྲུབ་སྟེ། མཐར་དྲག་ཏུ་བསྐུལ་བ་མང་དུ་བྱ། རང་ཉིད་ཚོགས་འཁོར་སོགས་ཀྱི་ཚེ་སྒྲུབ་གྲོགས་ཡོད་ན་དེ་བཟླས་པ་དང་བསྐུལ་བ་བྱེད་དུ་གཞུག་གོ །འདི་རྒྱུན་མི་འཆད་དུ་བྱས་པས་ངེས་པར་ཞག་བདུན་སོགས་ལ་རྟགས་འབྱུང་སྟེ། དེ་ནས་ལས་སྦྱོར་བྱའོ། །དགྲ་བོའི་དྲི་མ་བདུན་པོ་གང་རྙེད་དང༌། རྡོ་དང་ལྕགས་དང་ཟངས་དང༌། ཚ་བ་གསུམ་དང༌། གྲོ་ཕྱེ་ལས། ལིང་ག་བྱས་པའི་སྙིང་གར་དུག་དང་སྐེ་ཚེ་དང༌། གྲི་ཁྲག་དང་བྱ་རོག་གི་ཁྲག་དང་རྒྱ་སྐྱེགས་ཀྱིས་མི་པགས་


TNT12_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁོར་ལོ་མན་ངག་ལྟར་བྲི། འཁོར་ལོ་སྐྱེད་ཆོག་རབ་གནས་དཀྲིས་སོགས་དྲག་ལས་སྤྱི་དང་འདྲ། དེ་ལིང་གའི་སྙིང་གར་བཅུག་ལ་བུ་ག་བཀག །དེའི་བཤང་ལམ་ནས་སྤྱི་བོར་གསལ་ཤིང་ལས་བྱུང་བའམ། ལྕགས་ཀྱི་:གཙངས་[རྩང་]ཀྱིས་འཁོར་ལོ་ལ་མ་གནོད་པར་ཕུག །མི་རུས་ཀྱི་ཕུར་བུ་ཡང་སྒྲུབ་པ་བྱས་ནས་བཞག །དུག་དང་ཁྲག་ཆེན་གྱིས་བྱུགས་པའི་ཚེར་མ་སྔགས་ཀྱིས་བསྒྲུབས་པས་ལུས་བཀང་ནས། ལྷོར་སོར་བཅུ་གཉིས་པའི་དོང་ཟུར་གསུམ་པ། རོ་སོལ་གྱིས་བྱུགས་པར་བཅུག་ལ་སྣ་ཚོགས་རྡོ་རྗེས་མནན། དེ་ནས་བསམ་གཏན་གྱི་ལས་ཚོགས་བཟླས་པ་དང་བཅས་གཙོ་འཁོར་གྱི་སྔགས་ཀུན་དང་དགུག་བཞུགས་གཞུག་དང༌། ཁྲག་སྣ་ཐལ་ཆེན། ཡུངས་ཀར་རྣམས་ཀྱིས་ཐུན་གྱི་བྲབ་པ་དང༌། མི་རུས་ཀྱིས་ཕུར་བུས་བརྡབ་པ་རྣམས་བྱས་ལ། དེ་ལྟར་ཞག་གསུམ་དང་ལྔ་དང་བདུན་བར་མ་ཆད་དུ་བྱ། སླར་རབ་ཆད་ཀྱི་ཐོད་པ་ཁ་སྦྱོར་དུ་བཅུག་ལ། དགུག་བཞུགས་དང༌། ཁ་སྦྱོར་ཕྱེ་ནས་སྐུ་ལས་སྤྲོས་པའི་ཁྭ་དང་ཁྱི་དང༌། གཏུམ་པོ། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱིས་གྲི་གུག་གིས་བཏུབ་པ་དང་ཟ་བའི་བར་བྱེད་པར་བསམས་ཤིང༌། རྣམ་པར་ཤེས་པ་དབྱིངས་སུ་སྤར་ལ། སྔགས་ནི་ཧཱུཾ་ཧཱུཾ་ཕཊ་ཀྱི་གོང་དུ་ཆེ་གེ་མོ་མཱ་ར་ཡ་ཞེས་པ་གཞུག་སྟེ། ཐུན་བསྡུ་ཁར་སྤྲུལ་པ་རྣམས་འཁོར་ལོ་ལ་བཅུག་ནས་མཆོད་གཏོར་ཕུལ་ལ་བཟོད་གསོལ་བྱས་ཏེ། ལིང་ག་སྣ་ཚོགས་རྡོ་རྗེས་མནན་ནོ། །དེ་ཡང་ཐུན་བཞིར་བསྒྲུབས་པས། འགུལ་བ་སོགས་མཐོང་ན། མཧཱ་ཀཱ་ལ་མཆོད་ནས། ཡང་ལིང་ག་ལྕགས་ཀྱིས་ཕུག །ལྕགས་ལག་པ་གཡོན་པས་བཟུང༌། ལག་པ་གཡས་པས་ཚེར་མ་དང་ཐུན་གྱིས་བསྣུན་ནས་གསང་སྔགས་བཟླའོ། །མཚན་


TNT12_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཀྱི་དུས་སུ། ཐབ་ཀྱི་ཐུགས་ཀ་ནས་མེ་བྱུང་བས་བརྡུངས་པར་བསམས་ཤིང༌། དུར་ཁྲོད་ཀྱི་མེའི་རྒྱུན་གྱི་འབྲས་ཕུབ་ཀྱི་མེ་ལ་གདུང་བ་ཞག་བདུན་བྱ་མེ་མ་ཤི་བ་བྱེད་གསུང༌། དེ་ནས་ལིང་ག་དང་འཁོར་ལོ་དེ་གཤིན་རྗེ་ལ་གཏད་པའམ། སྦྱིན་སྲེག་བྱའམ་གཏོར་མར་དབུལ་བ་གང་ཡང་རུང་བ་བྱས་པས་ངེས་པར་འགྲུབ་སྟེ། གལ་ཏེ་ཞིག་རྒྱ་ལ་མ་འགྲུབ་ན། ཁྲོ་བོ་ཧཱུཾ་མཛད་ཀྱི་ཞལ་དུ་ནག་པོ་ཆེན་པོའི་གཟུགས་འབུལ་བའི་སྦྱིན་སྲེག་བྱེད་དེ་དེས་ནི་མི་འགྲུབ་པ་མི་སྲིད་གསུང༌། སྒྲུབས་པའི་སྐབས་ནག་པོ་ཆེན་པོ། རྩེ་གསུམ་ཁ་ཐུར་ལྟས་ལ་གནས་པ་དང་ལས་སྦྱོར་གྱི་སྐབས་ཁྱི་ལ་བཞོན་པ། གཡས་གཡོན་དུ་རང་དང་འདྲ་བ་ལ། ཕྱག་གསུམ་གར་ན་གསལ་ཤིང་རེ་རེ་བཟུང་བ་སྒོམ་པ་ཡིན་ནོ། །དྲག་ཤུལ་གྱི་སྐབས་འདིར་མི་གསལ་བ་ཅུང་ཟད་ཞལ་ལས་ཤེས་པ་དང༌། མ་མོ་དང་གཤིན་རྗེའི་འཁོར་ལོའི་སྐབས། ཁ་བསྐོང་དགོས་པ་ཆེས་མང་བ་ཡོད་དོ། །འདིར་མཧཱ་ཀཱ་ལའི་དྲག་ཤུལ་སྦྱོར་བ་འདི་གཞུང་གི་དངོས་བསྟན་ལ་མེད་ཀྱང༌། མན་ངག །གཞལ་གདམས་ཡིན་ཅིང༌། སྐབས་འདིར་འབྱུང་པོས་འཛིན་པ་དང་སྨྱོ་བར་བྱེད་པ་གཉིས་གསུང་སྟེ། འདིར་མ་བྲིས་སོ། །དེ་ལྟར་དྲག་ཤུལ་གྱི་སྦྱོར་བ་སྟེ་དྲུག་པའོ། །སྒོམ་པའི་ཕྱིར་ཟློག་ནི། མངོན་རྟོགས་རྫོགས་པ་དང༌། སྙིང་གའི་བཾ་ལས། བྷྲུཾ་སྤྲོས། ཉི་མ་ལ་གནས་པའི་འཁོར་ལོ་རིམ་པ་གཉིས། ནང་མ་རྩིབས་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི། ཕྱི་མ་བཅུ་ལ་སྒོ་མཚམས་མ་བརྒྱད་དང༌། མཁའ་སྤྱོད་མ་དང་ས་སྤྱོད་མ་རྣམས། འདི་རྣམས་གཞན་ལས་འབྱུང་བ་བཞིན། ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ནས། འཁོར་ལོ་སྐོར་ཞིང་སྔགས་བཟླས་ཏེ། བཛྲ་བཻ་རོ་ཙ་ནཱི་ཡེ་སརྦ་དུཥྟན་སྟཾ་བྷ་ཡ་


TNT12_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏྱཾ་གི་ར་ཧྲཱིཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་ལ་གཞན་ནི་སྤྱི་དང་འདྲའོ། །བྲི་བའི་ཟློག་པ་ནི། བསྒོམས་པ་ལྟར་འཁོར་ལོ་རྡོ་རྭ་མེ་རི་དང་བཅས་པ་ལ་སྔགས་སྔར་གྱི་ལྷའི་རིམ་པས་བྲིས། ཆེ་གེ་མོ་ལ་གནོད་པའི་སྔགས་དང༌། འཁྲུལ་འཁོར་ངན་པ་བྱེད་པ་ཐམས་ཅད་པྲ་ཏྱཾ་གི་ར་ཧྲཱིཿཞེས་སམ་མཱ་ར་ཡ། སྟྭཾ་བྷ་ཡ་བནྡྷ་ཡ་ཧཱུཾ་ཕཊ། ཅེས་བྲིས་ནས་བསྒྲུབས་པ་ནི་སྤྱི་དང་འདྲ་སྟེ་སྔགས་དང་ལྷའི་ཁྱད་ཙམ་མོ། །དེ་ཡང་རྡུལ་གྱི་རས་ལ་གུར་གུམ་དང་ཙན་དན་དམར་པོས་བྲིས། རྡོ་རྭ་མེ་རིའི་ཕྱི་མ། ཕྱོགས་རེ་རེར་སྔགས་ཐམས་ཅད་ལ་ཧཱུཾ་ཆེ་གེ་མོ་ལ་རཀྵ་ཧཱུཾ་ཞེས་སྤེལ་ལོ། །མཐར་སྒྲུབ་པའམ་འདོགས་པ་གང་རུང་བྱའོ། །ཕྱིར་ཟློག་པ་སྟེ་བདུན་པའོ། །ཚོགས་མཆོད་ནི་དང་པོར་གཞོན་ནུ་མ་ཡི་མཆོད་པ་བྱ་ལ། དེ་ཡང་གཞན་ནས་འབྱུང་བ་ལྟར་སྟེ་མདོར་བསྡུས་རྔོན་པའི་གདམས་ངག་གི་ཡིག་སྣར་བཀོད་ཟིན་ལ། མཆོད་པའི་སྐབས་བཏུང་བ་དང༌། མགོ་ལ་སྐུ་བ་དང་དྲིའི་བྱུགས་པ་དང༌། མིག་སྨན་དང༌། སིནྡྷུ་རའི་ཐིག་ལེ་དང༌། གོས་དམར་པོ་དང༌། མེ་ཏོག་དམར་པོའི་ཕྲེང་བ་དང༌། སོ་རྩི་སོགས་དངོས་སུ་སྦྱིན་ནོ་ཞེས་པ་ནི་ལག་ལེན་ནོ། །ཚོགས་ཀྱི་འཁོར་ལོའི་སྐབས་དཔའ་བོ་དྲུག་དང་རྣལ་འབྱོར་མ་དྲུག་ཅེས་གསུངས་པ་ནི། སློབ་དཔོན་མ་གཏོགས་པ་སྟེ་ཚོགས་ཀྱི་དཀྱིལ་འཁོར་རོ། །མང་པོ་ཡོད་ན་ལྷ་རེ་རེ་ལ་གཉིས་གཉིས་སོགས་བྱས་པས་རུང་ཞིང༌། གང་ལྟར་མཚན་མོའི་དུས་སྔོན་འགྲོ་གཏོར་མ་དང༌། བྱིན་དབབ་ཞུ་འབུལ་དང༌། བདག་བསྐྱེད་དང་ཕྱི་རོལ་མཆོད་པ་གཏོར་མ་བཅས་པ་དང༌། ཚོགས་རྫས་བྱིན་གྱིས་བརླབས་པ་དང༌། ལྷ་ལ་འབུལ་བ་དང༌། ཚོགས་བྱིན་ལེན་དུ་བྱེད་པ་དང༌། མཧཱ་བྷཻ་ར་བ་རོ་ལངས་འཇིགས་བྱེད་མཆོད་པ་དང༌། ལོངས་སྤྱོད་པ་དང༌། བརྡ་དང་གླུ་གར་བྱ་བ་


TNT12_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྗེས་ཆགས་དང༌། ལྷག་གཏོར་མ་མོ་དགུ་དང༌། འབྱུང་པོ་སོགས་ལ་སྦྱིན་ཏེ་ཆོ་ག་ནི་སྤྱི་དང་མཐུན་ནོ། །ཚོགས་ཀྱི་བྱ་བ་གྲུབ་པ་ན། སློབ་དཔོན་གྱིས་བྱིན་རླབས་བྱས་ནས་བདེ་སྟོང་དབང་བཞི་པ་ཉམས་སུ་བླངས་པས་སྐྱ་རེངས་ཤར་བའི་ཚེ་ཕྱག་རྒྱའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས། གང་ཟག་ལམ་མཐོན་པོར་སོང་བའི་ཁྱད་པར་དང་ལྡན་པ་ཞིག་གིས་ཉེ་རྒྱུ་སྒྲུབ་ཚུལ་གྱི་འཕྲོས་ལ་ཚོགས་འཁོར་གསུངས་པ་སྟེ། ཚོགས་མཆོད་དང་སྤྱོད་པ་སྟེ་བརྒྱད་པའོ། །བསྙེན་པ་དང་ལས་རིམ་བདུན་ཏེ། སྒྲུབ་ཐབས་ལས་བདུན་ཅན་གྱི་མན་ངག་གི་གནས་ཙམ་ཐམས་ཅད་སྟན་ཟིན་ཏོ། །འདིའི་མན་ངག་གི་ཞལ་གདམས་ཅི་རིགས་པ་ཞིག་ད་དུང་ཡོད་སྣང་བས་རྙེད་ན་བསྟན་པར་བྱའོ། །ངག་འདོན་ནམ་ནག་འགྲོས་སུ་བྲིས་ན་ཚོགས་ཆེ་བས་འདིར་མདོ་ཙམ་སྟེ་ལག་ལེན་མཐོང་བ་ལས་ཤེས་སོ། །སྨྲས་པ། ཁེངས་ལྡན་རྣམས་ནི་ཡི་གེ་ཙམ་ལྟ་སྟེ། །མན་ངག་མེད་ན་དེ་དག་རྣམ་པར་འཁྱམས། །རང་བཟོ་ཀུན་ལ་མན་ངག་མཆོག་གོ་ཞེས། །དེང་སང་རབ་རྨོངས་ཕལ་ཆེར་འདི་ན་སྨྲ། །རྒྱུད་དོན་ཡིན་ཡང་མན་ངག་ཞལ་གདམས་ཏེ། །གཞན་ལ་མེད་ཀྱང་གཞན་དང་མི་འགལ་བ། །མཁས་པ་རྣམས་ཀྱིས་ཅི་ཕྱིར་འདི་མི་བརྟེན། །ཕྱོགས་འཛིན་ཅན་རྣམས་ཅི་དགར་བྱེད་ལ་རེག།ཅེས་པའང་སྨྲས་སོ། །འགྲོ་ལ་རྟག་ཏུ་ཕན་པའི་དོན། །མན་ངག་གསལ་བར་བྲིས་པ་ཡི། །དགེ་བས་འགྲོ་ཀུན་མཆོག་ཐོབ་ཤོག །འཁྲུལ་ན་འཕགས་མས་བཟོད་པའི་རིགས། །ཞེས་པའང་དཔལ་སྟག་ལུང་ཐང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཀྱིས་ཞལ་སྔ་ནས་བཀའ་སྩལ་སྤྱི་བོས་ནོད་དེ། ཏཱ་ར་ནཱ་ཐས་གུ་རུ་ལྷོ་ཕྱོགས་པའི་གསུང་བཞིན་བྲིས་པ་ནི་རང་ལོ་ཉེར་གསུམ་པ་ལའོ། །ཞུས་དག།ཀ་ལྱཱ་ཎ་ཝརྡྷཾ། མངྒ་ལ་བསྟྲཱར།། །།