རྡོ་རྗེ་ཕག་མོ་དཔྱལ་ལུགས་ཀྱི་ཁྲིད་ཡིག་དངོས་གྲུབ་འདོད་འཇོ།


TNT12_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོ་དཔྱལ་ལུགས་ཀྱི་ཁྲིད་ཡིག་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས།


TNT12_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྗེ་བཙུན་རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས་ལས། རྫོགས་རིམ་སྒོམ་ཐབས་ཀྱི་མན་ངག །དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འདིར་རྣལ་འབྱོར་མའི་རྒྱུད་ལས་བརྩམས་ཏེ། ཟབ་མོའི་རིམ་པ་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོ་བར་གཤེགས་པ། སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིའམ། ལྡོང་ངར་བ་དང༌། ལྷ་མོ་དཔལ་གྱི་བློ་གྲོས་དང༌། བིརྺ་པ་དང༌། ཨ་ཝ་དྷུ་ཏཱི་པ་དང༌། ཐུན་མོང་བརྙེས་པ་སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་མན་ངག །བལ་ཡུལ་གྱི་པཎྜི་ཏ་བ་རེན་དྲ་རུ་ཙེ་ཅེས་བྱ་བ། དཔལ་ཧ་དུ་དཀར་པོར་གྲགས་པ་ལ། དཔྱལ་ལོ་ཙ་བ་ཀུན་དགའ་རྡོ་རྗེས་དཀའ་བ་དང་འབད་པ་དུ་མས་བླ་མ་མཉེས་པར་བྱས་ཏེ། ཡང་དག་པར་ཐོབ་པའི་གདམ་པ། ཉམས་ལེན་སྒོམ་པ་དྲུག་གམ་སྒོམ་ཐབས་དྲུག་གི་འཁྲིད་ཚུལ་དུ་གྲགས་པ་འདི་ལ། སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ལ། ཐུན་མོང་དང༌། ཐུན་མོང་མ་ཡིན་


TNT12_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔོན་འགྲོ་གཉིས་སོ། །དང་པོ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས། བྱམས་སྙིང་རྗེ་རྣམས་སྔོན་ཏུ་བཏང་སྟེ། སྐྱབས་འགྲོའི་ཁྲིད། སེམས་བསྐྱེད་ཀྱི་ཁྲིད། མཎྜལ་གྱི་ཁྲིད། ཡིག་བརྒྱའི་ཁྲིད། བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་རིམ་གྱིས་འབོགས་ཤིང༌། རྟགས་ཐོན་ཐོན་དུ་སྒོམ་དགོས་ཏེ། དེ་དག་གི་དམིགས་རིམ་ནི་བདེ་མཆོག་གི་ཁྲིད་ཡིག་རྣམས་སུ་ཤེས་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གསོལ་འདེབས་ནི། སྟན་བདེ་བ་ལ་ལུས་གནད་བཅས། རང་གི་སྤྱི་བོར་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། རྩ་བའི་བླ་མ་སྐུ་གཟི་བརྗིད་དང་ལྡན་པ། ཞལ་འཛུམ་པ། ཕྱག་གཉིས་ཆོས་འཆད་མཛད་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། གཅེར་བུ་རུས་པའི་རྒྱན་ཅན་ཞིག་བསྒོམ་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་ཐམས་ཅད་བླ་མའི་སྐུའི་བ་སྤུ་ཉག་རེ་ལ་ཡང་འདུས་པར་མོས། སྙིང་ཐག་པ་ནས་


TNT12_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དུང་དུང་པས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་འཆང་ཆེན་སྐུ་དྲིན་ཅན་ལ་གསོལ་བ་འདེབས་སོ། །ཧེ་རུ་ཀ་དཔལ་རྗེ་བཙུན་ཁྱེད་ལ༴ མཁའ་མཉམ་ངོ་བོ་ཉིད་ཀྱི་སྐུ་ལ༴ །བླ་མ་ཡེ་ཤེས་ཆོས་ཀྱི་སྐུ་ལ༴ །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །དམིགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༴ །བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཉམས་དང་རྟོག་པ་མཆོག་ཏུ་གྱུར་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བྱ་བ་ལ་སོགས་པ་གསོལ་བ་དྲག་ཏུ་བཏབ། སེམས་ཅན་ཐམས་ཅད་སྙིང་ཁོངས་སུ་བཅུག་ནས། བླ་མ་ལ་ཡིད་ཆེས་པའི་མོས་གུས་ཀྱི་གསོལ་བ་དྲག་ཏུ་བཏབ་པ་ཁོ་ན་གནད་དུ་ཆེའོ། །མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། འདི་འོག་ཏུ་དངོས་གཞིའི་དམིགས་པ་རེ་རེ་བཞིན་ཐམས་ཅད་ཀྱི་ཐུན་མགོར་སྦྱོར་ཡང་དགོས་ལ། འདི་ཉིད་ཐོག་མར་ཡུན་རིང་དུ་དམིགས་ཁྲིད་དུ་བཅད་ནས་ཀྱང་བསྒོམ་པར་བྱ་སྟེ་དམིགས་སྐོར་དང་པོའོ།། །།༈ གཉིས་པ་དངོས་གཞི་ལ། དབྱིབས་ལ་བསླབ་པ། རླུང་ལ་བསླབ་པ། ཡིག་འབྲུ་ལ་བསླབ་པ། འོད་ལུས་ལ་བསླབ་པ། འོད་གསལ་ལ་བསླབ་པ། ཟུང་འཇུག་ལ་བསླབ་པ་སྟེ་དྲུག་གོ །དང་པོ་དབྱིབས་ལ་བསླབ་པ་ལ་གསུམ་སྟེ། བདག་དབྱིབས་ལ་བསླབ་པ་དང༌། དབྱིབས་སྤོ་བ་ལ་བསླབ་པ་དང༌། སྣང་བ་དབྱིབས་ལ་བསླབ་པའོ། །དང་པོ་བདག་


TNT12_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ལ་བསླབ་པ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མའམ། དོན་གྲུབ་མའམ། དབུ་བཅད་མ་ལ་སོགས་པ་གང་ལ་བརྟེན་ཀྱང་རུང་མོད་ཀྱི་གཙོ་བོར་ཞལ་གཉིས་མ་ཉིད་ལ་བརྟེན་ནས་མཛད་དོ། །དེ་ཡང་མངོན་རྟོགས་བླངས་པའི་གཞུག་ཏུ་སྒོམ་པ་ཡིན་ན། དེ་ཁའི་ངང་ལ་ཡིད་ཀྱིས་ཡང་ཡང་གསལ་བཏབ་པས་ཆོག །ཐུན་མཚམས་གཞན་དུ་བསྒོམ་ན། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་གསོལ་འདེབས་རྣམས་སྔོན་དུ་བཏང༌། རང་ལུས་ཅི་ཡང་མི་དམིགས་པ་སྟོང་པའི་ངང་ལ། ཆུ་ལས་ཆུ་བུར་བརྡོལ་བའི་ཚུལ་གྱིས། བཾ་ཡིག་ཡོངས་སུ་གྱུར་པ་ལས། རང་སྐད་ཅིག་གིས་རྡོ་རྗེ་ཕག་མོའི་སྐུའི་རྣམ་པ། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གདན་དང་བཅས་པར་ཝལ་གྱིས་གསལ་བཏབ། རྒྱན་ཆ་ལུགས་སོགས་ཡོངས་རྫོགས་དམིགས་པ་གསལ་པོ་བྱུང་ན་རབ་ཡིན། གསལ་བ་དེ་ཁའི་རྒྱུན་ལ་སེམས་བཟུང༌། དེ་ཙམ་མི་གསལ་ན། ཐོག་མར་ཡོངས་རྫོགས་གསལ་འདེབས་ཐེངས་གཅིག་བྱས་ནས། སྐུ་མདོག་དམར་མོ། །རྩ་ཞལ་ཁྲོ་མོ། གཡས་ཞལ་ཕག་གདོང༌། གྲི་གུག།ཐོད་པ། ཁ་ཊྭཱཾ་ག་བསྣམས་པ། པད་ཉི་རོ་གདན་ལ་གཡོན་བརྐྱང་གི་གར་གྱིས་བཞུགས་པ་ཙམ་ཞིག་ལམ་གྱིས་གསལ་བཏབ། རྒྱན་ཆ་ལུགས་ཆ་ཤས་ཕྲ་མོ་རྣམས་ཡོད་སྙམ་པ་ཙམ་བྱ། དེ་ཁ་ལ་ཡུད་ཙམ་ཞིག་བསྒོམ་སྟེ་འཕྲོ་བཅད། ཡང་ཞིབ་མོར་གསལ་འདེབས་ཐེང་གཅིག་བྱས་ཏེ་སྔར་བཞིན་སེམས་བཟུང༌། དེ་ལྟར་ཡང་ཡང་བསྒོམ། བར་སྐབས་


TNT12_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ངལ་གསོ་བ་དང༌། འཇུག་ཏུ་ཐུན་འཇོག་པའི་སྐབས། རང་གཞན་སྣོད་བཅུད་ཐམས་ཅད་སྨིག་རྒྱུ་ལྟ་བུའི་རྟགས་སུ་མོས་པ་བྱས་ལ། ཤེས་པ་ཁོང་ལྷོད་ཀྱིས་གློད། གོམས་ནས་སྨིག་རྒྱུ་ལྟ་བུའི་རྟགས་འབྱུང་ཡང་འབྱུང་བ་ཡིན། དམིགས་སྐོར་གཉིས་པའོ། །གཉིས་པ་དབྱིབས་སྤོ་བ་ལ་བསླབ་པ་ནི། དམིགས་པ་སྔ་མ་ལ་གོམས་ན། འདི་སྒོམ་པ་ཡིན་ཏེ། དེ་ཡང་རང་གི་མདུན་དུ་མཎྜལ་གྱི་སྟེང་དུ་ལུགས་སྐུའམ། རྡོ་རྗེ་དྲིལ་བུ་ལྟ་བུ་གང་ཡང་རུང་བ་ཞིག་བཞག།རང་ལྷ་སྐུར་སྒོམ་པ་བཞིན། དེ་རྡོ་རྗེ་ཕག་མོར་བསྒོམ། དེ་ཡང་ཞིབ་ཏུ་གསལ་བཏབ་པའི་རྗེས་སུ། རགས་པ་ལ་སེམས་འཛིན་ཚུལ་སོགས་གོང་དང་འདྲ། དམིགས་པ་མཚམས་གཅོད་ཚུལ་གོང་དང་འདྲ་ཞིང༌། ངལ་གསོ་དང་ཐུན་མཚམས་སྐབས་ཀྱང་དེ་ཁོ་ན་བཞིན་ནོ། །ཐུན་འཇོག་པའི་ཚེ་མདུན་གྱི་ལྷ་རང་གི་ལྟེ་བའི་བཾ་ལ་ཐིམ་པར་བསམ། དམིགས་སྐོར་གསུམ་པའོ། །གསུམ་པ་སྣང་བ་དབྱིབས་ལ་བསླབ་པ་ནི། སྐྱབས་སེམས་གསོལ་འདེབས་གོང་བཞིན་སོང་ནས། ཀ་བ་བུམ་པ་རྩིག་པ་ཤིང་བུ་རྡེའུ་སོགས། རང་གི་ཉེ་སྐོར་ན་ཡོད་པའི་དངོས་པོ་ཐམས་ཅད། རྡོ་རྗེ་ཕག་མོའི་སྐུར་ལམ་སྟེ་བསྒོམས་ནས། དེ་དག་ལས་དམིགས་པའི་ཡུལ་གང་ཡང་རུང་བ་རྣམ་པ་གསལ་བ་ཞིག། རྡོ་རྗེ་ཕག་མོར་ནན་ཏན་དུ་གསལ་བཏབ་ཅིང་ཤེས་པ་དྲག་ཏུ་བསྟད་ལ་བསྒོམ། གཞན་རྣམས་ལྷ་སྐུར་ལམ་མེ་ཡོད་པའི་མོས་པ་ཙམ་བྱ། ངལ་གསོ་སོགས་དམིགས་པའི་ཡན་ལག་


TNT12_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གོང་དང་མཚུངས། གཅིག་ལ་གསལ་ན་གཉིས་གསུམ་ལ་བསླབ་པ་སོགས། རིམ་གྱིས་རིམ་གྱིས་སྦྱོང་བ་ཡིན། དམིགས་སྐོར་བཞི་པའོ། །དེས་སྒོམ་ཐབས་དང་པོ་དབྱིབས་ལ་བསླབ་པ་ཞེས་བྱ་བ་ལེགས་པར་ཚར་བ་ཡིན། གཉིས་པ་རླུང་ལ་བསླབ་པ་ལ། རླུང་བསྡུ་བ་དང༌། རླུང་སྦྱང་བ་གཉིས་ལས། དང་པོ་ནི། ཐུན་མོང་གི་ཞལ་གདམས་ལས་འབྱུང་སྟེ། སྐྱབས་སེམས་གསོལ་འདེབས་ཏེ་ཐུན་གྱི་སྔོན་འགྲོ་སྔར་ལྟར་ལས། ལུས་གནད་རྣམ་སྣང་གི་ཆོས་བདུན་སྤྱི་དང་འདྲ་བར་བཅས། རང་རྡོ་རྗེ་ཕག་མོའི་སྐུར་གསལ་བའི་ལུས་ཀྱི་དབུས་ལྟེ་བའི་ཐད་དུ་བཾ་དམར་པོ། རྩ་ཞལ་གྱི་སྣ་རྩེ་ནས་ཡར་གཞལ་བའི་སོར་བརྒྱད་ཀྱི་ཐད་ཙམ་གྱི་ནམ་མཁའ་ལ་དགའ་བ་འཁྱིལ་བ། ལག་བཞི་པ་ཁ་དོག་དམར་པོ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་པ་ལྟ་བུ་རང་ལ་མདུན་བསྟན་པའི་དབང་དུ་བྱས་པའི་གཡོན་སྐོར་དུ་འཁྱིལ་བ་གཅིག་བསྒོམ། འདི་སྒོམ་ས་ངེས་པ་ཅན་ནི། སྣ་རྩེ་ནས་ཡར་སོར་བརྒྱད་དྲང་ཐད་དུ་གཞལ་བ་མ་ཡིན། གྱེན་སོགས་ཅུང་ཟད་ཡོད་པ་ལ་རྩི་བ་ཡིན་པས། དོན་དཔྲལ་བའི་དབྱིངས་དང་མཐོ་དམན་མཉམ་པའི་ཚད་ལས། དཔྲལ་བ་ལ་སོར་བཞིས་མ་རེག་པའི་བར་སྟོང་ཡོད་པའི་ནམ་མཁའ་ལ་སྒོམ་པ་ཡིན། དགའ་འཁྱིལ་གྱི་ཚད་ལ་སྤྱིར་ངེས་པ་མེད་ཀྱང༌། མཐེ་བོང་གི་སེན་མོའི་རྒྱ་ཙམ་སྒོམ་པར་བཞེད་དོ། །དེ་རྗེས་རླུང་རོ་ལན་གསུམ་བསལ། འཇམ་རླུང་ཁ་སྦྱོར་དུ་བཟུང༌། འདི་ལ་ཐུར་སེལ་རང་གནས་སུ་བཅིང་བ་


TNT12_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་ཡར་འཐེན་མི་དགོས། ལྟེ་བའི་བཾ་ལས་རླུང་སྤོས་རིང་གི་དུ་བ་ལྟ་བུ་སྔོ་སྐྱ་ཞིག་གྱེན་དུ་ནར་གྱིས་བྱུང༌། རླུང་གང་ནས་རྒྱུ་བའི་སྣ་བུག་ནས་འཐོན། ནམ་མཁར་གནས་པའི་དགའ་བ་འཁྱིལ་བ་ལ་ཕོག་པས། གཡོན་སྐོར་དུ་ཁྱིལ་ལི་ལི་མྱུར་དུ་འཁོར་བ་ལ་ཤེས་པ་བསྟད། རླུང་གཡས་གཡོན་གྱི་རྒྱུ་བ་གསལ་བའི་ཚེ་ན་དེ་བཞིན་ཡིན་ལ། རྒྱུ་བ་མི་གསལ་བའམ་མཉམ་རྒྱུའི་སྐབས་ཡིན་ན། སྣ་བུག་གཉིས་ཀ་ནས་རྒྱུ་བར་མོས་དགོས་པ་ཡིན། འདི་ཞག་ཤས་སྒོམ་དགོས་པས་དམིགས་ཆུང་དམིགས་སྐོར་གཅིག་ཏུ་བྱ། ཐུན་གྱི་རྗེས་ཡན་ལག་རྣམས་སྔ་མ་དང་འདྲ་བ་ལས། སྨིག་རྒྱུར་མོས་པའི་ཚབ་ཏུ་དུ་བ་ལྟ་བུར་མོས་པ་བྱ། དེ་ལ་གོམས་ནས་སྣ་རྩེ་ནས་སོར་དྲུག་གི་ཐད་ཀྱི་ནམ་མཁའ་ལ་དགའ་འཁྱིལ་འཁོར་བར་སྒོམ། གཞན་སྔར་དང་འདྲ། འདི་ཡང་ཞག་ཤས་བསྒོམ་དགོས་པས་དམིགས་སྐོར་གཅིག་ཏུ་རྩི། དེ་བཞིན་དུ་སྣ་རྩེ་ནས་སོར་བཞི་གཞལ་བའི་སར་དགའ་འཁྱིལ་འཁོར་བར་སྒོམ། གཞན་འདྲ། འདི་ཡང་ཞག་ཤས་བསྒོམ་དགོས་པས་དམིགས་སྐོར་གཅིག་ཏུ་བརྩི་ཡང་སྣ་རྩེའི་ནང་དུ་དགའ་འཁྱིལ་འཁོར་བ་ལ་སེམས་གཏོད། གཞན་སྔར་དང་འདྲ། འདི་ཡང་དམིགས་སྐོར་ཆུང་བ་གཅིག་སྟེ། མདོར་ན་ཚན་པ་བཞི་པོ་དེ་ལ། སྤྱིར་དམིགས་པ་གསལ་མི་གསལ་དང༌། རྩོལ་བ་ཆེ་ཆུང་གིས་ཡུན་རིང་ཐུང་སྦྱོར་བ་ཡིན་གྱི། ཞག་གྲངས་ལ་ངེས་པ་ཆེར་མེད་ནའང༌། དམིགས་པ་གསལ་མི་གསལ་འབྲིང་བ་ཞིག་གིས་ཐུན་བཞི་ལ་རླུང་ཐེངས་དྲུག་ཅུ་རྩ་བཞི་ཙམ་རེ་སྒོམ་པ་


TNT12_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། དེ་རྣམས་ལ་ཞག་བདུན་རེ་བསྒོམ་པར་བྱའོ། །དེའི་རྗེས་སུ་སྔ་དྲོ་སོགས་ཐུན་རེ་རེ་བཞིན་དུམ་བུ་བཞི་བཞིར་བཅད་པ་ཐུན་ཆུང་རེ་རེར་བྱས་ཏེ། ཐུན་ཆུང་དང་པོ་ལ་སྣ་རྩེ་ནས་སོར་བརྒྱད་པའི་མཚམས་སུ་དགའ་འཁྱིལ་འཁོར་བར་བསྒོམ། གཉིས་པ་ལ་དྲུག གསུམ་པ་ལ་བཞི། བཞི་པ་ལ་སྣ་རྩེར་འཁོར་བར་བསྒོམ། གཞན་གོང་དང་འདྲ། འདི་ལ་རྟགས་མ་བྱུང་གི་བར་དུ་སྒོམ་པ་གལ་ཆེ། མ་མཐའ་ཡང་ཟླ་བ་ཕྱེད་དང་གཉིས་ཙམ་ཐུན་བཞི་སོ་སོར་རླུང་ཐེངས་བརྒྱ་རྩ་བརྒྱད་རེ་བསྒོམ་པར་བྱའོ། །ཕལ་ཆེར་ལ་དེ་ཙམ་སྒོམ་པ་ལའང་རྟགས་ཅུང་ཟད་ཅིང་འོང་ངོ༌། །དམིགས་ཆེན་དམིགས་སྐོར་ལྔ་པའོ། །གཉིས་པ་རླུང་སྦྱང་བ་ནི། མཆོག་གི་ཞལ་གདམས་ལས་འབྱུང་བ་སྟེ། མིག་སྣ་རྩེར་ལྟ་དགོས། གཞན་ལུས་གནད་སྤྱི་དང་འདྲ། ཐུན་གྱི་སྔོན་འགྲོ་དང་དམིགས་པའི་ཡན་ལག་སྔ་མ་དང་མཚུངས། དངོས་གཞིའི་དམིགས་པ་ནི་གསང་གནས་སུ། ཆོས་འབྱུང་དམར་པོ། རྩ་བ་ཕྲ་བ་ཐུར་བསྟན། གདེངས་ཀ་གྱེན་དུ་ཕྱོགས་པ་སོར་བཞིའི་ཚད་ཙམ་དབུ་མ་ཟངས་དུང་ཁ་གྱེན་དུ་བསྟན་པ་ལྟ་བུ་ཡར་སྣ་སྤྱི་བོའི་ཐད་དུ་སླེབ་པ། ཁ་དོག་དམར་པོའོ། །གཡས་སུ་རོ་མ་དམར་པོ་དང༌། གཡོན་དུ་རྐྱང་མ་དཀར་པོ་གཉིས། ཡས་སྣ་སྣ་བུག་གཉིས་ལ་ཟུག་ཅིང༌། དེ་ནས་མར་ཡོང་སྟེ་མགྲིན་པ་མན་ཆད་ལ་དབུ་མའི་གཡས་གཡོན་ལ་གཤིབས་ཏེ་སོང་བས། མགྲིན་པ་ནས་རྒྱུ་ཞབས་ཀྱི་བར་དུ་རྩ་གསུམ་གསུམ་གཤིབས་སུ་ཐལ་ལེ་


TNT12_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། རྩ་གསུམ་གྱི་མས་སྣ་གསང་བའི་ཆོས་འབྱུང་གི་ནང་གི་དབུས་སུ་སླེབ་པ་སྟེ། ཆོས་འབྱུང་གི་ཁ་མཚམས་ནས་སོར་དོ་ཙམ་ཐུར་དུ་གཞལ་བའི་ཐད་དུ་ཕྱིན་པའོ། །རྩ་གསུམ་འདུས་པའི་མས་སྣ་དེ། བཾ་དམར་པོ་འོད་འཕྲོ་བ་གཅིག་གི་འོད་ཟེར་རྒྱ་མདུད་ལྟར་སྤྱི་དབྱིབས་སྒོར་སྒོར་བ་ཡིན་པ་ལ་ཟུར་ཆུང་འབར་འབུར་མང་དུ་ཡོད་པ་གཅིག་བསྒོམ་སྟེ། དེ་ལ་ཟུག་པ། ལྟེ་བར་བཾ་སེར་པོ་མགོ་བོ་ཐུར་བསྟན་མེའི་རང་བཞིན་ཅན་འོད་འཕྲོ་བ། འོད་ཀྱི་དབྱིབས་ཟླུམ་རིལ་ལེ་བ་ལ། འོག་ཕྱོགས་སུ་རྩ་བ་ཕྲ་ཞིང༌། རྩ་བདེ་ཉིད་ཀྱི་འོག་གི་ཁ་གཡེལ་བའི་རྣམ་པ་ཅན་སྒོམ་སྟེ། བཾ་ཡིག་བུམ་པ་ཁ་བུབ་ལྟ་བུ་ཞེས་གྲགས་པའོ། །བཤང་ལམ་དུ་ཀྵ་དམར་ནག་ཅིག་དང༌། སྤྱི་བོའི་ཚངས་བུག་ཏུ་བླ་མའི་ངོ་བོ་རྡོ་རྗེ་རྒྱ་གྲམ་སྒོམ། ཞག་ཤས་དམིགས་པ་དེ་ལ་བསླབ། དམིགས་ཆུང་དམིགས་སྐོར་གཅིག་བྱེད། དེ་ནས་རླུང་ནང་དུ་འཇུག་པ་དལ་བུས་དྲངས་ཤིང༌། གནས་པ་དང་ཕྱིར་འབྱུང་བ་རང་བབས་སུ་བཞག །དམིགས་པ་སྔ་མ་དེ་ཀ་ཡིན། ཡང་ཕྱི་ལ་དལ་བུས་དབྱུང་བ་ཡུན་རིང་དུ་འབྱུང་བ་ལ་བསླབ། འཇུག་པ་དང་གནས་པ་རང་བབས། སེམས་ཀྱི་དམིགས་པ་སྔར་དང་འདྲ་སྟེ་ཞག་བདུན་ཙམ་བསྒོམ། འདི་ལ་ཡང་དམིགས་ཆུང་ཐུན་གཅིག་གོ །དེ་ནས་དམིགས་པའི་གཞི་སྔ་མ་དང་འདྲ་བ་ལས། དབུ་མ་ལ་སརྦ་བུདྡྷའི་སྔགས། རོ་མ་ལ་བཛྲ་བརྞྞ་དང༌། རྐྱང་མ་ལ་བཻ་རོ་ཙ་ནིའི་སྔགས་རྣམས་ལྟེ་བ་ནས་མས་


TNT12_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་བར་ལ། ཡིག་འབྲུ་རྣམས་བརྩེགས་མར་ཡོད་པ། ཁ་དོག་དམར་པོའམ། རྩའི་ཁ་དོག་དང་མཐུན་པའམ། དབུ་བཅད་མ་གཙོ་འཁོར་གསུམ་གྱི་སྐུ་མདོག་དང་མཐུན་པའམ། ཡང་ན་དབུས་ཀྱི་ཡི་གེ་ནག་པོར་བསྒོམ་ཀྱང་རུང་སྟེ། དམིགས་པ་གསལ་ཞིང་གསལ་ཐེབས་ན། ལྷ་དང་སྔགས་ཀྱི་བྱིན་རླབས་ཁྱད་པར་ཅན་འཇུག་པའི་གནད་ཡོད་པས་སྔགས་འབྲུ་དེ་དག་ངེས་པར་སྒོམ་དགོས། ཅི་སྟེ་ཤིན་ཏུ་མི་གསལ་ན། ཐུན་གྱི་མགོ་ལ་ལན་གཅིག་གསལ་བཏབ་ནས། དེ་ཕྱིན་ཐུན་དེའི་ནང་དུ་མ་བསྒོམས་ཀྱང་ཆོག །དེ་ནས་རླུང་རོ་ཞི་བ་ལན་གསུམ་དང༌། དྲག་པོ་ལན་གསུམ་འབུད། རླུང་ཕྱིར་འགྲོ་བ་ན་རྩ་གསུམ་ནས་ཧཱུཾ་སྔོན་པོ་ཕྲེང་མ་ཆད་པར་འདོན། ནང་དུ་འོང་བ་ན། ཨོཾ་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟ་བུ་ཕྱི་རོལ་ནས་སྣ་སྒོར་ཞུགས་ལྕེའི་རྩ་བའི་ཐད་ཙམ་དུ་སླེབ་པ་ན། བདུད་རྩི་བྱང་ཆུབ་ཀྱི་སེམས་སུ་དཀར་མེར་རེ་རེ་ཞུ་ནས། རོ་རྐྱང་གཉིས་ཀྱི་ནང་ན་མར་ན་ར་ར་སོང༌། མས་སྣའི་ཡིག་འབྲུ་དང་འདྲེས། ཨཾ་ཝ་དྷུ་ཏཱིའི་ནང་ནས་ཡར་བྱུང༌། འོག་རླུང་འཐེན། རླུང་ཁ་སྦྱོར་དྲག་པོར་བཟུང་བའི་སྐབས་དེར། བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་ཡར་བྱུང་བ་དེ། དབུ་མའི་ནང་གི་བཾ་ཡིག་ལ་ཐིམ་པས། བཾ་ཡིག་ཁ་ཐུར་བསྟན་དེ་ཉིད་གྱེན་དུ་ལོག་པར་བསམ། མགྲིན་པ་དང་སྐེད་པ་རྒྱབ་ཏུ་ཅུང་ཟད་སྐྱེད། ལྕེ་རྩེ་རྐན་ལ་སྦྱར།


TNT12_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གྱེན་དུ་བལྟ། སྟེང་རླུང་ཤིན་ཏུ་དྲག་ཏུ་མནན། རླུང་གཞལ་བ་ཅིག་ཀྱང་བྱ། ཡང་མི་བདེ་ན་ཧཱུཾ་གིས་ཕྱིར་བསལ་བ་སོགས་སྔར་བཞིན་བསྒོམ་མོ། །ཚུལ་དེ་ཐུན་རེའི་ནང་དུ་རླུང་ཐེང་བརྒྱ་རྩ་རེ་ཙམ་སོགས་ཇི་ལྟར་འོས་པ་བསྒོམ། ཐུན་ཆེན་རེའི་ནང་དུ་ཐུན་ཆུང་བཞི་སོགས་བཅད་ནས་བསྒོམ་ནའང་ལེགས། དེའི་ཚེ་ཐུན་ཆུང་རེའི་འཇུག་ཏུ་ཡན་ལག་ལྔ་སྦྱོང་ལྟ་བུའི་ལུས་སྦྱོང་གང་འགྲུབ་རེ་བྱ་ཞིང༌། ཐུན་ཆུང་མི་གཅོད་ན་ཐུན་ཆེན་པོའི་མཐར་ལུས་སྦྱོང་གང་མང་བྱའོ། །དེ་དག་ནི་དམིགས་ཆེན་གཅིག་སྟེ་དམིགས་བསྐོར་ཆེན་པོ་དྲུག་པའོ། །དེས་སྒོམ་ཐབས་དྲུག་ལས་རླུང་ལ་བསླབ་པའི་དམིགས་པ་ཚར་བ་ཡིན། གསུམ་པ་ཡིག་འབྲུ་ལ་བསླབ་པ་ལ་ལྔ་སྟེ། ནང་གི་བཟླས་པ་ལ་བསླབ། གཏུམ་མོའི་རྣལ་འབྱོར་བསྡུས་པ་དང༌། འབྲིང་པོ་དང༌། རྒྱས་པ་དང༌། ཤིན་ཏུ་རྒྱས་པ་ལ་བསླབ་པའོ། །དང་པོ་ནི། ཐུན་མོང་གི་ཞལ་གདམས་ཀྱི་ངོ་སྤྲོད་རྒྱབ་སྐྱོར་སྐབས་ལས་འབྱུང་སྟེ། ཐུན་གྱི་སྔོན་འགྲོ་སྔར་དང་འདྲ། གསང་གནས་སུ་ཆོས་འབྱུང་དམར་པོ་སོར་བཞི་པ། དབྱིབས་སྤྱི་དང་འདྲ་བ་ལས། ཆོས་འབྱུང་གི་ཁའི་སྟེང་དུ་འདབ་མ་གསུམ། དབྱི་མོང་གི་མེ་ཏོག་ཁ་ཟུམ་པ་འདྲ་བ་བསྒོམ། གཡས་ཞལ་ཕག་གདོང་གི་སྨིན་ཕྲག་ནས། སོར་བརྒྱད་གཞལ་བའི་བར་སྣང་ལ་དགའ་བ་འཁྱིལ་བ། ཟླུམ་པོའམ། གཡུང་དྲུང་གྲུ་བཞིའི་དབྱིབས་ཅན་གང་ལྟར་བསྒོམ་ཀྱང་འདྲ་སྟེ། གདུགས་ལྟ་བུར་གཡོན་སྐོར་དུ་འཁོར་


TNT12_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལུས་ཀྱི་དབུས་སུ་རྩ་གསུམ་སྤྱི་དང་འདྲ་བ་ལས། མས་སྣ་ཆོས་འབྱུང་གི་འདབ་མ་ལ་རེག་ཙམ། རོ་མའི་ཡས་སྣ་སྤྱི་བོ་ནས་གཡས་ལ་འཁྱོགས་ཏེ་ཕག་ཞལ་གྱི་སྣ་བུག་གཡས་པར་ཟུག་པ་བསྒོམ། ཆོས་འབྱུང་གི་ནང་དུ་སྔགས་གསུམ་གྱེན་འགྲེང་དུ་ཡོད་པའམ། ཨོཾ་གསུམ་མའི་སྔགས་འཕྲེང་གཡོན་སྐོར་དུ་དགོད་པ་དམིགས་པ་གང་གསལ་བ་ཞིག་པ་སྒོམ་པས་ཆོག །དབུ་མའི་ནང་གི་ལྟེ་བར་བཾ་དམར་པོ་མེ་འོད་འབར་བ་ཞིག་སྒོམ། ལུས་གནད་གྲུ་མོ་བསྲངས། མཉམ་བཞག་དམ་པོ་བཅས། རླུང་ཁ་སྦྱོར་དྲག་པོ་བསྒོམ་པས། ཆོས་འབྱུང་གི་འདབ་མ་ཁ་བྱེ། སྔགས་འཕྲེང་ལས་མེ་འོད་འཕྲོས། དབུ་མའི་ནང་དུ་དམར་ནར་གྱིས་འབར། ལྟེ་བའི་བཾ་ལ་ཕོག་པས་དེའི་མེ་ལྕེ་དང་ཡང་འདྲེས། ལྟེ་བ་ནས་གཡས་རོ་མ་ཕུག་སྟེ་རོ་མའི་ལམ་ནས་བརྒྱུད། ཕག་ཞལ་གྱི་སྣ་བུག་གཡས་ནས་ཐོན། དགའ་ཁྱིལ་ལ་ཕོག་པས་གཡོན་སྐོར་དུ་དྲག་ཏུ་འཁོར་བར་བསྒོམ། ཡང་མེ་ལྕེ་དེ་ཉིད་རྩ་ཞལ་གྱི་སྣ་བུག་གཡོན་ནས་ཞུགས། རྐྱང་མའི་ལམ་ནས་བརྒྱུད། གསང་གནས་ཀྱི་ཆོས་འབྱུང་སྔགས་བཅས་ལ་ཕོག་པས། གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་བཟུང༌། འདི་ཞལ་གཉིས་མ་བསྒོམ་པའི་དབང་དུ་བྱས་པ་ཡིན། རྗེ་བཙུན་ཞལ་གཅིག་མ་བསྒོམ་ན། ཤངས་གཡས་གཡོན་དཀྱུས་མ་ལས་འགྲོ་འོང་བྱའོ། །འདི་ལ་བདེ་བ་ཤས་ཆུང་ན། ལྟེ་བའི་བཾ་ལ་ཤེས་པ་གཏོད་པ་དང༌། གསང་གནས་


TNT12_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་འབྱུང་འཁོར་བ་ལ་སེམས་གཏོད། གསལ་སྣང་ཤས་ཆུང་ན་སྟེང་གི་དགའ་འཁྱིལ་འཁོར་བ་ལ་གཏོད། མི་རྟོག་པ་ཤས་ཆུང་ན་སྟེང་གི་དགའ་འཁྱིལ་ཡང་སྣ་སྒོ་ནས་ཞུགས་ཏེ་ལྟེ་བའི་བཾ་ལ་ཐིམ་པར་བསམ་སྟེ་ཤེས་པ་ཁོང་གློད་ལ་བཞག།རྗེས་དམིགས་པའི་ཡན་ལག་གོང་དང་མཚུངས་པ་ལས། དུ་བའི་དོད་དུ་སྲིན་བུ་མེ་ཁྱེར་གྱི་སྣང་བ་དང་འདྲ་བར་བསྒོམ། དམིགས་སྐོར་བདུན་པའོ། །གཉིས་པ་གཏུམ་མོ་བསྡུས་པ་ནི། ཐུན་མོང་གི་གདམས་པ་ལས་འབྱུང་སྟེ། རང་གི་ལྟེ་བར་པདྨ་འདབ་བཞི་དམར་སོལ་ལེ་བ་ཞིག་གི་པདྨའི་ལྟེ་བར་བཾ་དམར་པོ་སྒོམ། རླུང་འཇམ་རླུང་ཁ་སྦྱོར་ལས། འོན་ཀྱང་རིང་དུ་བཟུང་བ་གནད་དུ་ཆེ་བ་ལ་སེམས་དྲག་ཏུ་བསྟད་པས། མེ་རླུང་འདྲེས་པ་སྔོ་དམར་དར་སྐུད་ཙམ་ཞིག་ནར་གྱིས་གྱེན་དུ་འབར། སོར་གཉིས་ཀྱི་ཚད་ཙམ་ལ་གནས་པར་བསྒོམ། ཐུན་འཇོག་ཙ་ན་འབར་བ་དེ་བཾ་ལ་བསྡུའོ། །དམིགས་ཆུང་ཐུན་གཅིག་གོ །དེ་བཞིན་དུ་སོར་བཞི་འབར། ཐུན་ཆུང་གཅིག །བརྒྱད་ཙམ་དུ་འབར། ཐུན་ཆུང་གཅིག་སྟེ། དེ་རྣམས་ལའང་རྩོལ་བ་དང་དམིགས་པ་འབྲིང་གིས་ཞག་བདུན་རེ་ཙམ་བསྒོམ་ན་ལེགས་སོ། །དམིགས་ཆེན་དམིགས་སྐོར་བརྒྱད་པའོ། །གསུམ་པ་གཏུམ་མོ་འབྲིང་པོ་ནི། ཐུན་མོང་གདམས་པའི་ངོ་སྤྲོད་ནང་ནས་འབྱུང་སྟེ། ལུས་ཀྱི་དབུས་སུ་རྩ་དབུ་མ་དྭངས་ཤིང་ཕྲ་ལ་དམར་བ་ཁོང་སྟོང་གི་ནང་དུ། ཡར་སྣར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན། ལྟེ་བར་བཾ་དམར་པོ་མེའི་


TNT12_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མགོ་གྱེན་བསྟན། གསང་གནས་སུ་ཆོས་འབྱུང་སྔགས་བཅས་སྔར་བཞིན་དང༌། དབུ་མའི་མས་སྣ་ཆོས་འབྱུང་དུ་ཆུད་ཙམ་ཡོད་པ་སྒོམ། རླུང་བུམ་ཅན་ཞི་དྲག་གང་ཡང་རུང་བ་བསྒོམ་པས། ཆོས་འབྱུང་སྔགས་བཅས་ལས་མེ་འབར། དབུ་མའི་ནང་དུ་ཞུགས། བཾ་ལ་ཕོག །དེ་ལས་མེ་ལྕེ་དར་དམར་པོའི་སྐུད་པ་ཙམ་འབར་ཏེ། ཧཾ་ལ་རེག་པས། ཧཾ་ཞུ་སྟེ་བདུད་རྩི་དཀར་ནར་རར་བབས། བཾ་ལ་ཐིམ་པས་ཐིག་ལེ་དཀར་དམར་འདྲེས་པས་བདུད་རྩིའི་རྣམ་པར་གྱུར། ཆུ་རྒྱུན་ཕྲ་མོ་ལྟར་བབས་པ་གསང་བའི་ཆོས་འབྱུང་སྔགས་ཕྲེང་དང་བཅས་པ་ལ་ཐིམ། ཤེས་པ་ཡང་དེར་དྲག་ཏུ་བསྟད་དོ། །དམིགས་སྐོར་དགུ་པའོ། །བཞི་པ་གཏུམ་མོ་རྒྱས་པ་ནི། ཞལ་གདམས་ཐོར་བུ་པའི་ནང་ནས་འབྱུང་ཞིང༌། ཞལ་གཉིས་མའི་སྒྲུབ་ཐབས་ཆེ་བ་ཡེ་ཤེས་གྲུབ་པའི་མཆོད་བརྗོད་ལ་བརྟེན་པའི་ཉམས་ལེན་ཏེ། འདི་ལ་རྩ་དབུ་མ་རྩ་འཁོར་བཞི་དང་བཅས་པ་རགས་པ་ཙམ་གསལ་བཏབ་ལ། དབུ་མའི་ནང་ལྟེ་བར་བཾ་དམར་པོ། སྙིང་གར་ཧཱུཾ་སྔོན་པོ། མགྲིན་པར་ཨོཾ་སེར་པོ་རྣམས་མགོ་གྱེན་བསྟན་དང༌། སྤྱི་བོར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་ནོ། །རླུང་ཁ་སྦྱོར་དྲག་པོའི་ངང་ནས་འོག་རླུང་ཤུགས་བསྐྱེད་དེ་དྲངས་པས། བཾ་ལས་མེ་ལྕེ་གློག་གི་འོད་ལྟ་བུ་གྱེན་དུ་འབར། ཧཱུཾ་དང་ཨོཾ་བསྲེགས་པས་མེའི་རང་བཞིན་དུ་དམར་ཧྲམ་གྱིས་སོང༌། ཧཾ་ལ་རེག་པས་ཞུ་སྟེ་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟར་བབས། མགྲིན་པ་དང་སྙིང་


TNT12_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གའི་འཁོར་ལོ་རིམ་པས་གང་བས། ཨོཾ་དང་ཧཱུཾ་སོས་ཏེ་ཁ་དོག་སྔོན་བཞིན་ལས་ཤིན་ཏུ་འོད་གསལ་བར་གྱུར། ལྟེ་བའི་འཁོར་ལོ་གང་བའི་མཐར། བཾ་ལ་ཐིམ་པས་ཟག་མེད་ཀྱི་བདེ་བ་སྐྱེ་བར་བསམ། དེ་ཉིད་ཡང་ཡང་བསྒོམ་སྟེ་དམིགས་སྐོར་བཅུ་པའོ། །ལྔ་པ་གཏུམ་མོ་ཤིན་ཏུ་རྒྱས་པ་ནི། འདི་ཡང་ཞལ་གདམས་ཐོར་བུ་པའི་ནང་ནས་འབྱུང་སྟེ། ཡེ་ཤེས་གྲུབ་པའི་མཆོད་བརྗོད་ཀྱི་དོན་ཉམས་སུ་ལེན་ཚུལ་ལོ། །དེ་ཡང་ཆོས་འབྱུང་དམར་པོའི་རྩ་བ་ལྟེ་འོག་སོར་བཞིའམ་རྒྱུ་ཞབས་སུ་ཟུག །གདེངས་ཀ་ལྟེ་བའི་ཐད་དང་མཉམ་པ། ལུས་ཀྱི་དབུས་སུ་རྩ་རོ་རྐྱང་དབུ་གསུམ་སྤྱི་དང་མཐུན་པ་གསལ་གདབ། འཁོར་ལོ་བཞི་པོ་ཡང་སྤྱི་དང་མཐུན་པ་ལས། ཐམས་ཅད་ཀྱང་པདྨ་འདབ་མ་བཞི་པའི་རྣམ་པ་ཅན་ལྟེ་བ་དམར། སྙིང་ག་སྔོ། མགྲིན་པ་སེར། སྤྱི་བོ་དཀར་བའོ། །དབུ་མའི་ནང་ལྟེ་བར་བཾ་དམར་པོ། ཉི་མའི་དཀྱིལ་འཁོར་ལ་གནས་པ། དམིགས་པ་གསལ་ན་བཾ་གྱི་མཐར་སྐོར་དུ་དབྱངས་ཡིག་བཅུ་དྲུག་དམར་ཞིང་ཕྲ་བས་གཡོན་སྐོར་དུ་བསྐོར་བ་བསྒོམ། སྙིང་གའི་དབུས་སུ་ཧཱུཾ་སྔོན་པོ། འདབ་མ་བཞི་ལ་མདུན་དུ་ཨོཾ་དཀར་པོ། གཡས་སུ་ཏྲཾ་སེར་པོ། རྒྱབ་ཏུ་ཧྲིཿདམར་པོ། གཡོན་དུ་ཨཱཿལྗང་ཁུ། མགྲིན་པར་དབུས་སུ་མུཾ་ཡིག་ནག་པོ། ཤར་དུ་ལཾ་དཀར་པོ། ལྷོར་མཱཾ་སེར་པོ། ནུབ་ཏུ་པཾ་དམར་པོ། བྱང་དུ་ཏྲཱཾ་ལྗང་ཁུ། སྤྱི་བོར་ཧཾ་སྔོ་སྐྱ་མགོ་བོ་ཐུར་དུ་བསྟན་པ་བསམ། བཤང་ལམ་དུ་ཡཾ་སྔོན་པོ། སུམ་མདོར་རཾ་དམར་པོ་གསལ་བཏབ་སྟེ་རླུང་རོ་བསལ། བུམ་ཅན་ཁ་སྦྱོར་དྲག་


TNT12_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟུང༌། ཡཾ་ལས་རླུང་གཡོས། རཾ་མེར་འབར་བ་ཆོས་འབྱུང་གི་མས་སྣ་ནས་ཞུགས། དབུ་མའི་ལམ་བརྒྱུད། ལྟེ་བའི་འཁོར་ལོ་བསྲེགས་ཤིང༌། བཾ་ལས་ཀྱང་མེ་འབར་བ་དང་ལྷན་ཅིག་ཡར་སོང༌། སྙིང་ག་མགྲིན་པ་སྤྱི་བོའི་འཁོར་ལོ་རྣམས་ལྕགས་བསྲེགས་པ་བཞིན་དམར་ལམ་གྱིས་བསྲེགས། དབུ་མའི་ཡས་སྣ་ནས་འཐོན་ཏེ། གཡས་སུ་འཁྱོགས། ཕག་ཞལ་གྱི་སྣ་བུག་གཡས་ནས་ཐོན། ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱི་ཤངས་བུག་གཡོན་ནས་ཞུགས། སྐུ་ལུས་གང༌། ཟག་མེད་ཀྱི་བདེ་བ་བདུད་རྩི་བྱང་སེམས་ཀྱི་རྣམ་པར་ཚུར་དྲངས་ཏེ། དེ་རྣམས་ཀྱི་ཤངས་བུག་གཡས་ནས་བྱུང་ཚུར་འདུས། ཕག་ཞལ་གྱི་ཤངས་བུག་གཡོན་ནས་ཞུགས། སྤྱི་བོའི་ཧཾ་ལ་ཐིམ། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས། རྩ་འཁོར་རེ་རེ་གང་ཞིང༌། སྔར་མེས་བསྲེགས་པའི་ཚ་དཔལ་ཞི་སྟེ་གསོས་ཤིང་དྲི་མ་མེད་པར་བྱས་ནས། མཐར་ཐམས་ཅད་ལྟེ་བའི་བཾ་ལ་ཐིམ་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། འདི་ཞལ་གཉིས་མ་བསྒོམ་པའི་དབང་དུ་བྱས་པ་ཡིན། གཡས་ཞལ་མེད་པ་དབུ་བཅད་མ་ལྟ་བུ་ལ། མེ་ལྕེ་དབུ་མའི་མས་སྣ་ནས་མདུན་དུ་འཁྱོགས་ཏེ། ཤངས་དངོས་ཀྱི་བུ་ག་ནས་འགྲོ་འོང་བྱེད་དགོས་སོ། །དམིགས་སྐོར་བཅུ་གཅིག་པའོ། །དེ་ལྟར་གཏུམ་མོའི་རྣལ་འབྱོར་འདི་རྣམས་བསྒོམ་ན། རྟགས་ལྔ་དང་ཡོན་ཏན་བརྒྱད་སྐྱེ་བ་ལ་ཤིན་ཏུ་མྱུར་བ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྒོམ་ཐབས་དྲུག་ལས། ཡི་གེ་ལ་བསླབ་པ་ཞེས་བྱ་བ་གཏུམ་མོའི་མན་ངག་ཚར་


TNT12_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བཞི་པ་འོད་ལུས་ལ་བསླབ་པ་ལ། གཉིད་སད་དུས་ཀྱི་གདམས་ངག་དང༌། རྨི་ལམ་གྱི་གདམ་པ་གཉིས་སོ། །དང་པོ་ནི། ཐུན་གྱི་སྔོན་འགྲོ་སྔར་དང་འདྲ། རང་གི་སྤྱི་བོར་བླ་མ་སྐུ་དངོས་སམ་རྡོ་རྗེ་འཆང༌། ལྟེ་བར་བཾ་དམར་པོ། རང་གི་སྐྱིལ་ཀྲུང་གི་འོག་ཕྱོགས་སམ། ལྷའི་རྣམ་པ་བཞེངས་པར་བསྒོམས་ཡོད་ན་དེའི་རྐང་པའི་བར་དུ་ཡཾ་སྔོན་པོ། བརླའི་བར་དུ་རཾ་དམར་པོ། རླུང་འཇམ་རླུང་བཟུང་ལ། ཡཾ་གྱིས་རླུང་གཡོས། རཾ་གྱིས་མེ་སྤར་བ་རང་གི་ལུས་ལ་ཞུགས་པས། བཾ་ཡིག་ལ་རེག །བཾ་ལས་མེ་ལྕེ་ཕྱོགས་བཅུར་འབར་བས། རང་ལུས་ཐ་མལ་གྱི་རྣམ་པ་བསྲེགས་པའམ། ལྷའི་སྐུའི་རྣམ་པ་ཅན་དུ་བསྒོམ་པ་ཡིན་ཡང་ཐོགས་བཅས་རྣམས་བསྲེགས་པར་བསམ། ལྷ་སྐུ་འཇའ་ཚོན་ལྟར་འོད་དུ་ཡལ་ཡལ་བ་ལ། སྒྱུ་མ་ལྟ་བུའོ་ཞེས་དྲན་པར་བྱས་ནས་ཅི་ནུས་སུ་མཉམ་པར་འཇོག་ཅིང་ཡང་ཡང་བསྒོམ། དམིགས་པའི་ཡན་ལག་སྔར་དང་འདྲ་བ་ལས། མེ་ཁྱེར་ཀྱི་དོད་དུ་མར་མེའི་རྟགས་སྦྱར་རོ། །འདི་ཐུན་མོང་གི་གདམ་པ་ལས་འབྱུང་བ་ཡིན། དམིགས་སྐོར་བཅུ་གཉིས་པའོ། །གཉིས་པ་རྨི་ལམ་གྱི་གདམས་ངག་ནི། མཆོག་གི་གདམས་པ་ལས་འབྱུང་སྟེ། གཞུང་ལས། གང་ཚེ་རྨི་ལམ་དུ་ནི་བླ་མེད་བྱང་ཆུབ་མཆོག།ཐོབ་ནས་རིང་པོར་མི་ཐོགས་བརྟན་པས་མཆོག་འགྲུབ་བོ། །ཅེས་རྨི་ཉམས་ཙམ་ཞིག་བསྟན་པས་ཀྱང༌། དོན་གྱིས་རྨི་ལམ་གྱི་གདམས་ངག་བསྟན་པར་བཞེད་དེ། དེ་ཡང་སྔོན་འགྲོར། རླུང་ལ་


TNT12_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་དང༌། འོད་ལུས་ལ་བསླབ་པ་དངོས་ལ་ཅུང་ཟད་སྦྱངས། དམིགས་པའི་ཡན་ལག་གི་སྐབས་སུ། དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱ་སྙམ་པའི་འདུན་པ་དྲག་པོ་རེ་དང༌། མགྲིན་པར་ཨོཾ་སེར་པོ་ལ་སེམས་ཅུང་ཟད་གཏོད་པ་སྤེལ་ཏེ་ལན་མང་དུ་སྒོམ། མཚན་མོ་ཉལ་ཁར་རླུང་ལ་བསླབ་པ་དང༌། འོད་ལུས་ལ་བསླབ་པའི་དམིགས་པ་ནན་ཏན་དུ་བསྒོམ་ནས། ཐུན་མཚམས་མི་བྱེད་པར་དེའི་འཕྲོས་ལ། ཙོག་པུའམ་སེང་གེའི་ཉལ་སྟབས་བྱ། གོང་གི་ཉམས་དང་མ་བྲལ་བའི་ངང་ནས། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཅུང་ཟད་དང༌། མགྲིན་པའི་ཨོཾ་སེར་པོ་ལ་སེམས་བག་རེ་བསྟད་པའི་ངང་ནས། རླུང་རང་བབས་སུ་བཞག་ནས་གཉིད་ལོག །ནངས་པར་གཉིས་སད་ནས་གཏོར་མ་ལ་སོགས་པ་ཐུན་མཚམས་ཀྱི་བྱ་བ་ཅི་རིགས་པ་བྱའོ། །དེ་ལྟར་སྒོམ་པས་མྱུར་དུ་རྨི་ལམ་ཟིན་པར་འགྱུར་ཞིང༌། འོན་ཀྱང་ལན་གཅིག་ཟིན་པས་མི་ཆོགཟིན་པ་བརྟན་པོར་མ་སོང་གི་བར་དུ་འབད་དེ་བསྒོམ་དགོས། དམིགས་སྐོར་བཅུ་གསུམ་པའོ། །དེ་ནས་རྨི་ལམ་ལྷར་སྦྱང་བ་ནི། ཉིན་པར་རླུང་སྦྱང་བ་སྔོན་དུ་འགྲོ་བས་འོད་ལུས་ཀྱི་རྣལ་འབྱོར་ལ་བསླབ། དེའི་སྐབས་ཐམས་ཅད་ལ་དོ་ནུབ་རྨི་ལམ་དུ་ཡང༌། ལྷ་སྐུ་སྣང་སྟོང་འདི་ཁོ་ན་བསྒོམ་པར་བྱ་སྙམ་དུ་འདུན་པ་དུང་དུང་པོ་ཡང་ཡང་སྦྱར། ཉལ་ཁར་ཡང་སྔར་བཞིན་ལས། འདུན་པ་དེ་ཉིད་ཡང་ཡང་སྦྱོང་བ་གནད་དུ་ཆེ། དེ་ལྟར་གོམས་


TNT12_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐོག་མར་རྨི་ལམ་དུ་ལྷ་སྐུ་གཅིག་ཙམ་རང་ཤར་དུ་འབྱུང་ཞིང༌། མཐར་སྣང་བ་ཐམས་ཅད་ལྷ་སྐུར་བསྒྱུར་བའི་བར་དུ་འབྱུང་སྟེ། གཞན་གྱི་ལུགས་ཀྱི་སྤྲུལ་སྒྱུར་སོགས་ཐམས་ཅད་ཞོར་ལ་འབྱུང་བའོ། །དམིགས་སྐོར་བཅུ་བཞི་པའོ། །དེས་སྒོམ་ཐབས་བཞི་པ་འོད་ལུས་ལ་བསླབ་པ་ཚར། ལྔ་པ་འོད་གསལ་ལ་བསླབ་པ་ལ། འོད་གསལ་དངོས་དང༌། འོད་གསལ་གྱི་ཡན་ལག་གཉིས་སོ། །དང་པོ་ནི། ཐུན་གྱི་སྔོན་འགྲོ་སྔར་བཞིན། དངོས་གཞི་འོད་ལུས་སུ་སྦྱོང་བའི་དམིགས་པ་དེ་ཚར་གཅིག་སོང་བའི་རྗེས་ལ། རང་ལུས་འཇའ་ཚོན་ལྟ་བུའི་ལྷ་སྐུ་དེ་ཡང་ཤིན་ཏུ་དྭངས་པ། ཇེ་དྭངས་ཇེ་དྭངས་སུ་སོང༌། ཇེ་སྲབ་ཇེ་སྲབ་ལ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་རྩེན་ནེ་བཞག །འཛིན་པ་མེད་པར་ལྷོད་དེ་ཤིག་སེ་བཞག །བཅས་བཅོས་མེད་པ་རང་སོར་བཞག །བསལ་འགྲིབ་མེད་པར་རྗེན་ནེ་བཞག་གོ །ཡང་སྔར་བཞིན་ལྷ་སྐུར་སྐད་ཅིག་གིས་གསལ་བཏབ་སྟེ་སྟོང་པར་སྦྱང་བ་ལན་འགའ་ཡར་སོང་བ་ན། ཡང་ཐོགས་བཅས་ཀྱི་ལུས་བསྲེག་པའི་དམིགས་པ་མགོར་སྦྱར་བའི་འོད་ལུས་སྟོང་པར་སྦྱང་བ་རྒྱས་པ་དེ་ཚར་རེ་བྱས་ནས། ལྷ་སྐུ་སྟོང་པར་སྦྱང་བ་བསྡུས་པ་དེ་སྔར་ལྟར་ལན་མང་དུ་སྒོམ། དེ་ལྟར་སྤེལ་གྱིས་སྒོམ་མོ། དམིགས་པའི་ཡན་ལག་སྔར་དང་འདྲ་བ་ལས། མར་མེའི་རྟགས་ཀྱི་དོད་དུ་ནམ་མཁའ་སྤྲིན་མེད་


TNT12_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སྦྱར་རོ། །འདི་ཐུན་མོང་གི་ཞལ་གདམས་ལས་འབྱུང་བ་ཡིན། དམིགས་སྐོར་བཅོ་ལྔ་པའོ། །གཉིས་པ་འོད་གསལ་གྱི་མན་ངག་ནི། མཆོག་གི་ཞལ་གདམས་ལས་འབྱུང་བ་ཡིན་ཏེ། དེ་ལ་བཞི། གཉིད་འོད་གསལ་དང་བསྲེ་བ། འཆི་བ་འོད་གསལ་དང་བསྲེ་བ། དེ་དང་བར་དོ་བསྲེ་བ། འདའ་ཀ་འཕོ་བའི་གདམས་པ་སྟེ་བཞིའོ། །དང་པོ་ནི་ཉིན་མོའི་འོད་གསལ་ལ་ཅུང་ཟད་གོམས་ཤིང་ཉམས་ཅི་རིགས་པ་ཤར་ན། ཉལ་ཁར་ལྟེ་བའི་བཾ་ལ་སེམས་བསྟད། སྔར་གྱི་ཉམས་མྱོང་དེ་ཀ་ལ་མཉམ་པར་བཞག་སྟེ་གཉིད་ལོག་པས། མི་རིང་བར་གཉིད་འོད་གསལ་དུ་ཆུག་པར་འགྱུར་རོ། །དམིགས་སྐོར་བཅུ་དྲུག་པའོ། །རྨི་ལམ་དང་འོད་གསལ་སྒོམ་པའི་སྐབས་ཐམས་ཅད་དུ་དབུ་བཅད་མའི་རྩ་གསུམ་གྱི་གདམས་པ་བསྒོམ་པ་ཤིན་ཏུ་གནད་དུ་ཆེ་ཞིང་གདམས་པ་གཞན་མེད་ཀྱང་ཆོག་པར་བཞེད་དོ། །གཉིས་པ་ནི། ད་ལྟ་རྒྱུན་གྱི་ཉམས་ལེན་ལ། འཆི་ཁ་དང༌། འཆི་སེམས་དངོས་ཀྱི་ཚེ་ཡང༌། སེམས་བདེ་གསལ་གྱི་རང་ངོས་བཟུང་ཐམས་ཅད་དང་བྲལ་བ་འདི་ཀ་སྐྱོང་རྒྱུ་ཡིན་ཞིང༌། ད་ལྟ་རྟགས་ལྔའི་ཉམས་མྱོང་སྐྱོང་བ་བཞིན་དུ། འཆི་ཁའི་རྟགས་ཐམས་ཅད་ལ་ཡང༌། རྟགས་གང་ཤར་དེ་ཁའི་སྟེང་དུ་བཟོ་བཅོས་མེད་པར་མཉམ་པར་འཇོག་རྒྱུ་ཡིན། ད་ལྟ་ཡང་མཉམ་བཞག་ཐུན་མཚམས་ཀྱི་སྒོམ་རེ་བྱེད་བཞིན་དུ། འཆི་བའི་དུས་སུ་ཡང་འདི་ཁོ་ན་ལྟར་བྱེད་སྙམ་པའི་འདུན་པ་ཡང་


TNT12_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཏོང་བ་ཉིད་ཡིན། ཕྱིས་འཆི་བའི་ཚེ། ལས་ལ་སྦྱོར་ཚུལ་ནི་འདི་ལྟར་བྱ་སྟེ། དང་པོར་ན་འཆི་བ་དྲན་པ་ནི། ལུས་ཅན་ཐམས་ཅད་ཀྱི་ཐ་མ་འཆི་བ་ལ་ཐུག་པས། འཆི་བ་ལ་གདུང་བ་བྱར་མེད། སྐབས་འདིར་ཆོས་ཀྱི་སླེབ་པར་བྱ་དགོས་སྙམ་པའོ། །གཉིས་པར་ན། འཆི་བ་ལ་མི་འགྱོད་པ་བྱ་བ། ཉེས་ལྟུང་རྣམས་བཤགས། ཤ་འཁོན་རྣམས་སྦྱངས། ཞེན་ཆགས་རྣམས་བཅད་པར་བྱའོ། །གསུམ་པར་ན། འཆི་བ་དངོས་གྲུབ་ཏུ་ལེན་པ་ཞེས་བྱ་བ་ཡོ་བྱད་ཐམས་ཅད་སྦྱིན་པར་བཏང༌། བླ་མ་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ། བདག་འཆི་བ་ཆོས་ཀྱི་སྐུར་ཉམས་སུ་བླངས་པས་ཆོག་པ་རེ་དགའ་ན་སྙམ་བུ་ཕ་ཁྱིམ་དུ་འཇུག་པ་ལྟར་སྤྲོ་སིང་ངེ་བྱ། བཞི་པར་ན། འཆི་བ་ངོ་ཤེས་པར་བྱ་བ་ནི། འབྱུང་བཞི་ཐིམ་རིམ་སྣང་གསུམ་འོད་གསལ་རྣམས། གང་ཤར་བའི་ཚེ་དེ་ལ་ངོ་ཤེས་བྱས་ནས་ཆེ་རེ་མཉམ་པར་འཇོག་པ་ཡིན་ནོ། །ལྔ་པར་ན། འཆི་བ་ཆོས་སྐུར་འཁྱེར་བའི་གནད་ནི། རང་ལུས་དང་སྣང་བ་ཐམས་ཅད་རྨི་ལམ་ལྟར་བདེན་མེད་དུ་ཐག་བཅད། ནུས་ན་རླུང་ཁ་སྦྱོར་དུ་བཟུང༌། མི་ནུས་ན་རང་བབས་སུ་བཞག །སེམས་འོད་གསལ་སྤྲོས་བྲལ་དེ་ཀའི་ངང་བསྐྱང་བར་བྱའོ། །དམིགས་སྐོར་བཅུ་བདུན་པའོ། །གསུམ་པ་ནི། སྔར་ལྟར་འོད་གསལ་སྒོམ་པའི་ངང་ནས། རང་ཉིད་རྡོ་རྗེ་ཕག་མོའི་སྐུ་འཇའ་ཚོན་ལྟ་བུར་ཁྲོང་གྀས་གསལ་བ་དང༌། སྣང་བ་ཐམས་ཅད་ཀྱང་དཀྱིལ་འཁོར་དུ་མོས། བདག་བར་དོའི་གནས་སྐབས་སུ་ཡང་འདི་ཁོ་ན་བསྒོམ་པར་བྱའོ་སྙམ་


TNT12_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདུན་པ་སྦྱངས་ཤིང༌། ཐུན་མཚམས་སྤྱོད་ལམ་ཀུན་ཏུ་འདི་ཐམས་ཅད་བར་དོ་ཡིན་པར་འདུག །ད་མ་འཁྲུལ་བ་བྱེད་དགོས་སྙམ་པས་འོད་གསལ་དང༌། ལྷ་སྐུ་དང༌། སྒྱུ་མ་ལྟ་བུ་དེ་ཡང་ཡང་དྲན་པར་བྱ། དམིགས་སྐོར་བཅོ་བརྒྱད་པའོ། །བཞི་པ་ནི། རླུང་སྦྱངས་པ་ཅི་རིགས་པ་སྔོན་དུ་བཏང་ནས། ལྟེ་བའི་བཾ་ལས་འོད་ཀྱི་གོང་བུ་རེའམ་ཧཱུཾ་རེ་ཆད་ནས། བཤང་ལམ་ཆུ་སོ། ལྟེ་བ། ཁ། སྣ་བུག རྣ་བ། མིག །དཔྲལ་བའི་སྒོ་རྣམས་བཀག །གོང་མའི་ཡི་གེ་ན་མི་གསལ་ཡང༌། སྙིང་ག །དཔུང་པ། སྤྱི་གཙུག་གི་སྒོ་ཕྱི་ནང་གཉིས་ལས། གཙུག་སྒོ་ཕྱི་མ་སྟེ་གསུམ་པོ་འདི་རྣམས་ཀྱང་བཀག་ན་ལེགས། ལུས་ཀྱི་དབུས་སུ་རྩ་དབུ་མ་ཟངས་དུང་ལྟ་བུའི་ནང་ནས། པདྨ་དམར་པོ་ཉི་ཤུ་རྩ་བརྒྱད་བརྩེགས་པ། རང་སེམས་བཾ་ཡིག་གམ་ཐིག་ལེ་དཀར་པོའི་རྣམ་པ། ལྟེ་འོག་སོར་བཞི། པདྨ་རྣམས་ཀྱི་འོག་ན་ཡོད་པར་དམིགས། རླུང་ཁ་སྦྱོར་ཅུང་ཟད་བཟུང༌། རླུང་ཕྱིར་འགྲོ་དང་བསྟུན་ཏེ་ཧལ་གྱི་སྒྲ་ལྔས། རླུང་སེམས་རྣམས་བཾ་ལ་བསྡུས་པ་དེ། སྒྲ་རེ་རེས་པདྨ་རེ་རེའི་སྟེང་དུ། ཡར་ཡར་སྤར་བར་བྱའོ། །ཧིག་གི་སྒྲ་ལྔ་ལའང་དེ་བཞིན་དུ་སྦྱར། ཡང་ན། འདི་ལ་ཧལ་གྱི་སྒྲས་བཀུག་ནས་ཧིཀ་གིས་འཛིན་ཅེས་ཟེར་བའང་འདུག །དེ་བཞིན་དུ་ཧིཀ་ཅེས་པའི་སྒྲ་ལྔ་དང༌། ཧཱུཾ་གི་སྒྲ་ལྔ་དང༌། ཧཀ་གི་སྒྲ་ལྔ་དང༌། ཧཱུཾ་ཡིག་གི་སྒྲ་ལྔས་ཀྱང༌། གོང་བཞིན་སྤར་ཏེ། སྒྲ་ཐ་མ་ལ་བཾ་ཡིག་སྤྱི་གཙུག་གི་སྟེང་དུ་འབུར་རེ་ཐོན་པར་བསམ། དེ་རྗེས་རླུང་ནང་དུ་


TNT12_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་ཤུགས་བསྐྱེད་དེ་རྔུབ་པ་དང༌། བཾ་དེ་མར་ལ་རིམ་གྱིས་བབས་ནས་ལྟེ་འོག་སྔར་ཤུལ་དུ་འདུག་པར་བསམ། རྐང་མཐིལ་བརྡུང་བའམ་འབེབས་ཆུང་གཅིག་གཉིས་བྱས་ན་ལེགས། མྱུར་དུ་འཕོ་བ་འབྱོངས་པའི་རྟགས་འབྱུང༌། འཆི་བའི་ཚེ་ལས་ལ་སྦྱར་བ་ནི། གཞན་སྔར་དང་འདྲ་བ་ལས། མར་འབེབས་པ་མི་དགོས། བཾ་དེ་སྤྱི་གཙུག་ནས་རྒྱང་འཐོན་ནས། དགའ་ལྡན་ནམ་བདེ་བ་ཅན་ལ་སོགས་པར་འཕོས་ན་སྤྲུལ་སྐུའི་འཕོ་བ་ཡིན། བླ་མ་ཡི་དམ་སོགས་ཀྱི་ཐུགས་ཀར་འཕོས་ན་ལོངས་སྐུའི་འཕོ་བ་ཡིན། འདི་ལ་དམིགས་པ་མི་གསལ་ན་ཐང་ཁ་ལ་སོགས་པ་ལ་དམིགས་པ་གཏོད་པ་ཡིན། དབྱིངས་སུ་འཕོས་ཏེ་རིག་པ་ནམ་མཁའ་དང་བསྲེས་ནས། སྤྲོས་བྲལ་དུ་མཉམ་པར་བཞག་ན་ཆོས་སྐུའི་འཕོ་བའོ། །སྣ་བུག་ནས་འཕོ་བར་ཡང་བཞེད་དེ་མི་ལེགས་ཞེས་ཀྱང་གསུང་ལ། ལུས་ཀྱི་སྒོ་དགུ་བག་ཟན་གྱིས་དགག་པ་དང༌། མགྲིན་པའི་རྩ་སྡོམ་པ་དང༌། ཚངས་སྦུག་གི་སྐྲ་བཏོགས་ཏེ་ལྷ་ལ་འབུལ་བ་སོགས་ཀྱང༌། མན་ངག་གི་རྣམ་གྲངས་ཙམ་དུ་མཛད་དོ། །དམིགས་སྐོར་བཅུ་དགུ་པའོ། །དེས་སྒོམ་ཐབས་དྲུག་ལས། འོད་གསལ་སྒོམ་པའི་མན་ངག་ཚར། དྲུག་པ་ཟུང་འཇུག་ལ་བསླབ་པ་ལ། དངོས་དང་བོགས་འདོན་གཉིས། དང་པོ་ནི། ཐུན་མོང་གི་གདམས་པ་ལས་འབྱུང་སྟེ། ཐུན་གྱི་སྔོན་འགྲོ་སྔར་ལྟར། ལྷ་སྐུ་སྣང་སྟོང་འོད་གསལ་གྱི་དམིགས་པ་སྒོམ་པའི་རྗེས་ལ། སྟོང་པའི་ངང་ལས། ཆུ་ལས་རླབས་རྡོལ་བ་ལྟར། བཾ་དམར་པོ་ཞིག་ཝལ་གྱིས་བྱུང༌། དེའི་སྟེང་ཁྲུ་གང་ཙམ་གྱི་ནམ་


TNT12_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཐོངས་སུ་ཧཾ་དཀར་པོ་ཞིག་ཀྱང་ལམ་གྱིས་བྱུང༌། བཾ་གྱི་མེ་འོད་ཀྱིས་གདུང་བ་ཇེ་ཆེ་ཇེ་ཆེར་འབར་བས། ཧཾ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དངུལ་ཆུའི་ཐིགས་པ་ལྟར་ཐིགས་པའམ། བ་ཐག་ལྟར་ཕྲ་ན་ར་ར་བབས། བཾ་ལ་ཐིམ་པས་བཾ་ཡིག་གཟི་བརྗིད་རྒྱས་པར་གྱུར། ཡིག་འབྲུ་གཉིས་ལ་ཤེས་པ་ཆེ་རེ་གཏད་པས། དེ་གཉིས་ཇེ་ཉེ་ཇེ་ཉེར་སོང་སྟེ། ཧཾ་དང་བཾ་ཁྲུག་ཆིལ་གྱིས་འདྲེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། བདེ་སྟོང་ཟུང་འཇུག་དེ་ཉིད་རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་ཁྲ་གསལ་ཏེ་སོང་བ་ལ་མཉམ་པར་བཞག །སྣང་བ་ཐམས་ཅད་ལ་དེ་ཀས་རྒྱས་བཏབ། དམིགས་པའི་ཡན་ལག་ལོགས་པ་མི་དགོས། རྒྱས་བཏབ་དེ་ཁོ་ན་ཡིན་ནོ། །དམིགས་ཆེན་སྐོར་ཉི་ཤུ་པ་སྟེ། རང་ལུས་ཐབས་ལྡན་གྱི་དམིགས་པ་རྣམས་རྫོགས་སོ། །གཉིས་པ་ནི། གཞན་ལུས་ལས་ཀྱི་ཕྱག་རྒྱའི་མན་ངག་སྟེ། མཆོག་གི་གདམས་པའི་ནང་ནས་འབྱུང་བ་ཐིག་ལེའི་ཞལ་གདམས་ཞེས་བྱ་བ་དེ་ཡིན་ལ། འདི་ལ་ཡི་གེ་ལོགས་སུ་བཀོད་ཡོད་ཅིང༌། བླ་མའི་མན་ངག་ལས་རྟོགས་དགོས་པའི་ཕྱིར་འདིར་མ་བཤད་དོ། །དེ་ཡང་སྒོམ་པ་དྲུག་པོ་འདི་དག །གཞུང་ལས། དང་པོ་རི་དྭགས་སྲེད་བྱེད་སྣང་བ་སྟེ། །ཅེས་པ་ལ་སོགས་པ་རྟགས་ལྔ་དང་འབྲས་བུའི་རྣམ་བཞག་གསལ་བར་གསུངས་པའི་ལག་ལེན་མན་ངག་ཏུ་བཞེད་ཅིང༌། གང་ཟག་གཅིག་གིས་དྲུག་ཅར་རིམ་ཅན་དུ་སྒོམ་པའི་དབང་དུ་བྱས་ནས། སྒོམ་པ་དང་པོ་ལྔ་ལ། ཐུན་མཚམས་


TNT12_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་སུ་རྟགས་ལྔ་རིམ་ཅན་དུ་སྦྱར་བ་ཡིན་གྱི། ལམ་བློ་ཆོད་ལྟར་བསྒོམས་ན། དྲུག་པོ་དེ་དག་ལས་རང་གང་མོས་པ་རེ་རེའམ་གཉིས་གཉིས་སོགས་ནས་བསྒོམས་པས་ཆོ་ག་སྟེ། དེའི་ཚེ་ན་རེ་རེ་ལ་ཡང་རིམ་གྱིས་རྟགས་ལྔ་འཆར་བར་འགྱུར་བ་ཡིན་པས། དམིགས་པའི་ཡན་ལག་ཐུན་མཚམས་ལམ་འཁྱེར་ལ། རྟགས་ལྔ་སོ་སོའི་མོས་པ་མི་དགོས། སྒྱུ་མ་ལྟ་བུར་མོས་ནས་རང་བབས་སུ་གློད་པ་ཁོ་ནས་ཆོག་གོ །འོན་ཏེ་དྲུག་པོ་ཁྲིགས་ཆགས་སུ་སྒོམ་པ་ལ་ཡང༌། རེ་རེའི་སྐབས་སུ་རྟགས་ལྔ་ཚང་བར་འཆར་བ་མིན་ནམ་སྙམ་ན། མཐོང་སྣང་གི་རྟགས་ལྔ་འཆར་མོད། འདིར་རྟགས་ཅན་གྱི་ཡེ་ཤེས་བརྟན་གཡོའི་ཚད་ཀྱི་དཔེར་སྦྱར་བའི་རྟགས་ལྔར་བཞེད་པས། རིམ་པ་ལྔ་ལ་རྟགས་ལྔ་རེ་རེ་སྦྱར། དྲུག་པ་ལ་འབྲས་བུ་དང་སྦྱར་བ་མི་འགལ་ལོ། །སྒོམ་ཐབས་དྲུག་པོ་ཨཱརྱ་དེ་བའི་སྤྱོད་བསྡུས་ཀྱི་རིམ་པ་དྲུག་གི་མན་ངག་དང་འབྱོར་ཏེ། དབྱིབས་ལུས་དབྱེ་ན། རླུང་ངག་དབྱེ་ན། ཡིག་འབྲུ་སེམས་དབྱེ་ན། ཞེས་བྱ་ཞིང༌། འོད་ལུས་བདག་བྱིན་བརླབ་པ་ཡིན་ལ། འོད་གསལ་དང་ཟུང་འཇུག་གི་དོན་དུ་མ་ཟད་མིང་ཡང་གཅིག་གོ །རྒྱུན་གྱི་གེགས་སེལ་བོགས་འདོན་གཉིས་ནི། སྒོམ་པ་དྲུག་པོ་གང་ལ་བརྟེན་ཡང་འདྲ་སྟེ། སེམས་ཅུང་ཟད་ནི་གནས། བརྟན་པ་མ་ཐོབ་པའི་སྐབས་དེར། བྱིངས་རྒོད་ཀྱི་གེགས་མང་དུ་འབྱུང་བས། བྱིངས་རྒོད་བསལ་ཚུལ་ཐུན་མོང་བ་རྣམས་སྤྱི་དང་འདྲ། གནད་ཀྱི་གཙོ་བོ་བྱིངས་ན་བྱིངས་པ་ཉིད་ཀྱི་རང་ངོ་ལ་བལྟས་པས། ངོས་བཟུང་མེད་པ་གསལ་ཧྲིག་གེ་བ་ལ་མཉམ་


TNT12_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག །བྱིངས་པ་མཉམ་བཞག་མི་རྟོག་པ་ལ་ངོ་སྤྲད་ཅིང་བོགས་འདོན། འཕྲོ་རྒོད་བྱུང་ན། འཕྲོ་རྒོད་རེ་རེ་བཞིན་ཁོ་རང་གི་རང་ཞལ་ལ་ཆེ་རེ་བལྟས་ཤིང་བཅོས་མེད་དུ་བཞག་པས། རིག་པ་གསལ་སིང་ངེ་བ། སྣང་བ་བཀྲ་ལམ་མེ་བ། འཛིན་མེད་ངོས་བཟུང་དང་བྲལ་བ་དེ་ཀ་སྐྱོང་དགོས་ཏེ། རྒོད་པ་མཉམ་ལངས་གསལ་བའི་ཏིང་ངེ་འཛིན་དུ་ངོ་སྤྲོད་པའོ། །གེགས་སེལ་བོགས་འདོན་གྱི་རྣམ་གྲངས་ཅིག་ལ་རླུང་སྟོད་དུ་ཚངས་ཤིང་སེམས་མི་གནས་ན། འོག་རླུང་དྲག་ཏུ་འཐེན། བཤང་ལམ་དམར་ཟིང་ངེ་བ་ལ་སེམས་བསྟད། བདེ་བ་ཤས་ཆུང་ན་ལྟེ་བའི་བཾ་ལ་སེམས་གཏོད། འོག་སྒོ་འབྱེད་འཛུམ་བྱ། ཡང་རླུང་སྨད་དུ་འདུས་པས་མི་བདེ་ན། དམིགས་པ་སྤྱི་བོར་བསྟད་ལ། ལྟེ་བའི་དབུས་ནས་རླུང་སྤོས་རིང་གི་དུང་པ་ལྟ་བུ་བྱུང༌། ཚངས་བུག་ནས་ཐོན། སྟེང་དུ་གདུགས་ཕུབ་པ་ལྟར་འདུག་པར་བསམ། རླུང་ཁ་སྣ་རེ་མོས་ནས་དྲག་ཏུ་འབུད། སྟོད་དུ་མེ་བདེ་ན་རླུང་སྟོད་དུ་ལོག་པ་ཡིན་པས། རླུང་རྣམས་སྤྱི་བོ་ནས་མར་དུ་བ་དྲག་ཏུ་འཕྱུར་བ་བཞིན་བྱུང༌། ལུས་ཀྱི་དབུས་བརྒྱུད། བཤང་ལམ་ཟངས་དུང་གི་ཕོད་ཀ་འདྲ་བ་ནས་མར་ཐོན། འོག་ཕྱོགས་ཐག་རིང་པོར་འཁྱིལ་ཏེ། ཕུབ་ཀྱི་དབྱིབས་ལྟར་སྒོར་རོ་རོ་འདུག་པ་ལ་སེམས་གཏད། འབེབས་ཆེ་ཆུང་ཅི་རིགས་པ་རན་པར་བྱའོ། །གཞན་ཡང་མེ་ཤས་ཆེ་བས་སྐད་འགག།རོ་སྟོད་ན། ཁྲག་མཁྲིས་རྒྱས་ན། ལྟེ་བའི་བཾ་ལས་མེ་འབར། སྤྱི་བོའི་ཧཾ་ཞུ། ལུས་ཐམས་ཅད་ཁེངས་


TNT12_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་པས་སེལ། ཡང་ན་འབབ་ཆུ་རྙོག་མེད་དྭངས་པོ་མཐོང་སར་ཕྱིན། སྣ་བུག་ནས་འོད་ཟེར་སོག་མའི་སྦུབས་ལྟ་བུ་སོང་སྟེ། ཆུ་དཀར་ལ་བསིལ་བ་དྭངས་པ་རྣམས་དྲངས། སྣ་བུག་ནས་ཞུགས། དོན་སྙིང་རྣམས་གྲང་སིལ་གྱིས་བྱུང་བར་བསམ་པས་ངེས་པར་སེལ། ཡང་ཆུ་ཁམས་རྒྱས་པས་ལུས་འདར་ཞིང༌། སྒྱིད་ལུག་ན། སུམ་མདོར་ཆོས་འབྱུང་དམར་པོའི་ནང་དུ། རྡོ་རྗེ་སྔོན་པོ་མེ་འབར་བ་བསྒོམ། ཡང་ན་སྤྱི་བོར་བླ་མ་བསྒོམ། རང་གི་སྤྱི་བོའི་རྩ་ཨ་ཝ་དྷུ་ཏཱིའི་སྒོ་བླ་མའི་གསང་བས་མནན། སྐུ་ལས་མེ་འབར་བས་ལུས་ཀྱི་རྐང་མཐིས་ཡན་ཆད་རིམ་གྱིས་ཁེངས་པར་བསམ། ས་ཁམས་རྒྱས་པས་ལུས་ལྕི་ཞིང་བྱིངས་ན། འོག་རླུང་བསྡམས། གསང་གནས་ནས་མེ་རླུང་འདྲེས་པ་གྱེན་དུ་སོང༌། སྤྱི་བོའི་སྟེང་གི་སྣ་ཚོགས་རྡོ་རྗེ་ལ་ཕོག་པས། གཡོན་སྐོར་དུ་འཁོར་བར་བསྒོམ། ཡང་ན་སྣ་བུག་གི་སྟེང་དུ་སྣ་ཚོགས་རྡོ་རྗེ་བསམས་ལ། རླུང་འཕོག་པས་དྲག་ཏུ་འཁོར་བ་ལ་སེམས་བསྟད་པས་སེལ། རླུང་ཁམས་རྒྱས་པས་ཤེས་པ་འཕྱོ། སྙིང་མི་དགའ་བ་སོགས་བྱུང་ན། གློ་གཡོན་པ་འོག་ཏུ་བཅུག་ནས་ཉལ། སུམ་མདོའི་རཾ་ལས་མེ་སྦར། སྤྱི་བོའི་ཧཾ་ལས་བདུད་རྩི་ཞུན་མར་རམ་ཏིལ་མར་ལྟ་བུ་བབས། ལུས་ཁེངས་པར་བསམ་པས་སེལ། ཐུར་སེལ་གྱི་རྒྱུན་སྡོམ་པའམ། དུས་མིན་དུ་འཆོར་ན། ལྟེ་འོག་ཏུ་བླ་མ་མེ་འབར་བ་བསྒོམ། བླ་མའི་ཞབས་ཀྱིས་གང་ན་སའི་འོག་སྒོ་མནན་པར་བསམ། སྟེང་རླུང་


TNT12_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གློད་དོ། །གཞན་ཡང་གང་ན་སར་བུ་ག་བརྟོད་ལ། སྒོ་དེ་ནས་ནད་རྣམས་ཐོན་འགྲོ་བར་བསམ། རླུང་དྲག་ཏུ་འབུད་པའམ་ཧ་འདོན། གཞན་ཡང་སྙིང་ལས་སྦྲིད་པ་འབྱུང༌། གློ་བ་ལས་གློ། མཆིན་པ་ལས་གཡལ། མཁལ་མ་ལས་སྐྱིགས་བུ་མཆེར་བ་ལས་སྒྲེགས་པ་འབྱུང་བས། དེ་དང་དེའི་ནད་ལ་དོན་སྣོད་དེ་དག་ལ་དམིགས་ནས་རླུང་ཁ་སྦྱོར་དུ་བཟུང་ཞིང༌། སྐབས་སྐབས་སུ་སྤྲུག་འཁོར་བྱས་ལ། ཧ་འདོན་པ་དང་སྒྲེགས་པ་བཏོན་པས་སེལ། གེགས་སེལ་ཐམས་ཅད་ལ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པས་ཀྱང་སེལ་ལོ། །ཕག་མོ་དཔྱལ་ལུགས་ཀྱི་གདམས་པ་ཟབ་མོ་འདི་ཡི་གེ་རྙིང་པ་རྣམས་སུ། ཐུན་མོང་གི་གདམས་པ། ཁྱད་པར་གྱི་གདམས་པ་ཐུན་མོང་དང་ཁྱད་པར་གྱི་ངོ་སྤྲོད་རྒྱབ་སྐྱོར། མཆོག་གི་གདམས་པ་ཐོར་བུའི་ཞལ་གདམས་སོགས་སྣ་ཚོགས་ཀྱི་ནང་ན། དཀྲུགས་པ་དང༌། འཐོར་བ་དང༌། གབ་པའི་ཚུལ་གྱི་ཡོད་པ་རྣམས་གབ་འཁྲུགས་མེད་པ་བཀླགས་ཆོག་གི་ཚུལ་དུ་བསྒྲིགས་པའི་ཁྲིད་ཡིག་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ཡང༌། ཆོས་ཚུལ་འདི་མི་ནུབ་པར་བྱ་བའི་ཕྱིར་དུ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། །།གོ་དོན་རྒྱས་པར་ཡིག་རྙིང་དུ་ཡང་བལྟ་བར་བྱ་ཞིང༌། བློ་གྲོས་དང་ལྡན་པས་རྒྱུད་སྡེ་ལ་སྦྱངས་ན་འབད་མེད་དུ་རྟོགས་པར་འགྱུར་རོ། ཁུངས་ཆེ་བ་དང༌། བྱིན་རླབས་ཆེ་བ་དང༌། རྒྱུད་དོན་དང་འབྲེལ་བ་དང༌། ལམ་རྒྱས་པ་དང༌། ལམ་ཆ་ཚང་བ་སྟེ་ཁྱད་པར་ལྔའི་སྒོ་ནས།


TNT12_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་བཀའ་རྡོ་རྗེ་ཕག་མོའི་ཁྲིད་ཚུལ་གཞིར་བཞག་པ་ལ། ཁྲིད་ཚུལ་གཞན་ཀུན་ལས་ལུགས་འདི་མཆོག་ཏུ་གྱུར་པར་ངེས་སོ།། །།ཞུས་དག། བཀྲ་ཤིས།། བདག་གིས་དགེ་པ་གང་བསགས་པ། །དཀོམ་མཆོག་ཆོས་ལུགས་རབ་དར་ཞིང་། །སེམས་ཅན་མང་པོར་ཕན་ཡོགས་ནས། །བསྟན་འགྲོའི་དོན་ཆེན་མྱུར་འགྲུབ་ཤོག །ཅེས་པའི་བསྟན་བརྒྱས་སྨོན་བསྡུས་པ་འདིའི་དགྲ་གླ་འཛིན་མ་ལམ་བོ་ནས། མ་ཏིས་བྲིས། དགེ་འོ།