རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག


TNT12_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ལ་ཕན་པ་ཞེས་བྱ་བ་རྒྱ་གར་མཁས་པའི་ཞལ་གྱི་གདམས་པ་ཕྱིན་ཅི་མ་ལོག་པའི་ཡི་གེ་ཡང་དག་པའོ། །


TNT12_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཏུ་རེ་གུ་རུ་ཙ་ར་ཎ། རྗེ་བཙུན་འཕགས་མ་སྒྲོལ་མ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་གྱི་ཆོ་ག །བླ་མ་དང་ཡི་དམ་གྱི་ཞབས་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་འཛིན་པ་ལ་གུས་པས་དངོས་ཀུན་རབ་བཏུད་ནས། །སྒྲིབ་གཉིས་དྲི་མ་རབ་སྦྱངས་ཕྱིར། །དབང་བསྐུར་ཆོ་ག་ལེགས་བཤད་བྱ། །འབབ་བསྲེགས་རབ་བརྟེན་དཀའ་ཐུབ་ཀྱི་ངལ་ཞིང༌། །ཐོར་ཚུག་ཚངས་སྐུད་འཆང་ཞིང་རལ་བ་བསྒྲིགས། །ཨོཾ་ཡིག་གླུ་ལེན་ལས་དྲུག་གིས་ངལ་བ། །དེ་དག་ཡང་དག་མ་ཡིན་རྣམ་པར་སྤངས། །བླ་མེད་དོན་དམ་གཏོར་བླུག་ངེས་པ་འདིས། །བདེ་ཆེན་བདུད་རྩིའི་རང་ཉམས་འཕོ་བ་ཡིས། །གདུང་སེལ་གང་ཡིན་བླ་མའི་མན་ངག་སྟེ། །འགྲོ་ལ་ཕན་པའི་ཉེར་འཚོ་མཆོག་ཏུ་གྱུར། །རྒྱུད་ལས་གསུང་དང་སློབ་དཔོན་ངག །སོ་སོའི་རང་ལུགས་རྒྱ་ཆེ་བ། །ཐམས་ཅད་བརྗོད་པར་མི་ནུས་མོད། །བླ་མའི་ཞལ་ལུང་འདིར་བཤད་བྱ། །སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། །སློབ་མའང་ཡོན་ཏན་ཀུན་ལྡན་པ། །དེ་ཡིས་དེ་དག་ཆོ་ག་འདི། །བསྡུས་ན་དོན་གྱི་མཆོག་ལྡན་འགྱུར། །ལྟས་བརྟགས་སློབ་མ་རྗེས་བཟུང་དང༌། །བསྙེན་པ་བགེགས་ཚོགས་གཞོམ་པ་དང༌། །གནས་དུས་ས་གཞི་བརྟག་སླང་བཟུང༌། །སྦྱང་དང་སྲུང་བ་སྟ་གོན་བཞི། །ཐིག་ཚོན་དཀྱིལ་འཁོར་འབྲི་དང་སྒྲུབ། །མཆོད་དང་འཇུག་དང་དབང་བླང་བ། །གཤེགས་གསོལ་བསྡུ་དང་སྦྱིན་སྲེག་སྟེ། །ཆོ་


TNT12_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཉེར་བཞི་བླ་མ་བཞེད། །སློབ་མ་ལན་གསུམ་གསོལ་བཏབ་ན། ཁྲུས་དང་གཙང་སྦྲ་ལྡན་བྱས་ལ། །སྔགས་འདི་ཉེར་གཅིག་བསྔགས་བྱས་ཏེ། །འཇིག་རྟེན་དབང་ལ་མཆོད་བྱས་ནས། །ཤར་རམ་ལྷོ་རུ་མངོན་ཕྱོགས་པའི། །མ་ཡེངས་ཀུ་ཤའི་སྟན་ལ་ཉལ། །རྨི་ལམ་མཚན་མ་ལེགས་པར་བརྟགས། སྔགས་ནི། ཨོཾ་མུ་ཙི་ལི་སྭཱཧཱ། ཨོཾ་མོ་ཧ་ནི་སྭཱཧཱ། ཨོཾ་དནྟ་ལི་སྭཱཧཱ། ལྟས་བཟང་མཐོང་ན་ཁས་ལེན་བྱ། །རྡོ་རྗེ་མཁའ་འགྲོའི་སྦྱིན་བསྲེག་གིས། །སློབ་མས་སྡིག་པ་སྦྱང་བ་དང༌། །ས་ལ་སུད་ལིངྒ་བྱ། །གནོད་བྱེད་ཤ་ཟའི་གཟུགས་ཀྱི་བསྟིམ། །ཊཀྐིའི་སྔགས་རྒྱའི་བཅུག་ནས་ཀྱང༌། །ཛཿཧཱུཾ་བཾ་ཧོཿ ས་བཅིང་བར་བསམ། ལུས་ནད་གཏོགས་པའང་ཤ་ཟའི་གཟུགས། །དགུགས་གཞུགས་ལན་ནི་གསུམ་གསུམ་བྱ། །དེ་ལ་ཕུར་བུས་བཏབ་ནས་ཀྱང༌། །དོང་ནི་གྲུ་གསུམ་འོག་ཏུ་བྱ། །ཕྱོགས་བཅུར་དེ་བཞིན་བྱ་བ་ཡིན། །གཙོ་མོར་བསྐྱེད་ལ་སྲུང་བ་བྱ། །བདུད་རྩི་འཁྱིལ་བའི་སྔགས་ཕྱིན་ལ། །རེ་ཞིག་འབུམ་ཕྲག་བཟླས་ལ་གཞུག །བདུད་རྩི་འཁྱིལ་བའི་བསྙེན་པ་དང༌། །སློབ་མའི་དོན་དུ་ལྷ་མཉེས་པའི། །དཀྱིལ་འཁོར་བསྙེན་པའང་འབད་དེ་བྱ། །འཁོར་ལོ་བདག་མོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་ཁྲིར་གསུང་བཞིན། །མཚན་མ་


TNT12_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་ན་ཁྲོ་བཅུའམ། །ཕུར་གདབ་ལ་སོགས་བསྲུང་འཁོར་བྱ། །གནས་ནི་རི་བོ་ལ་སོགས་ཏེ། །དུས་ནི་མགོ་དང་ནག་པ་དང༌། །ས་ག་སྨིན་དྲུག་ཟླ་བ་ལ། །ཚེས་ཀྱང་གཉིས་གསུམ་ཚེས་བརྒྱད་དང༌། །བཅུ་བཞི་བཅོ་ལྔ་ལ་སོགས་བསྔགས། །ཉི་ཟླ་ལྷག་པ་ཕུར་བུ་གཟའ། །སྣར་མ་མགོ་ལག་རྒྱལ་དང་དབོ། །མེ་བཞི་ལྷ་མཚམས་སྣྲོན་སྣྲུབས། །གྲོ་བཞིན་ཆུ་སྟོད་ཁྲུམ་སྟོད་དོ། །རྣམ་སེལ་ཤིན་སྐྲག་ཟུག་ངུ་འབྲས། །དེ་སོགས་སྐར་མ་བཞིན་དུ་སྦྱོར། །བིཥྟི་དོར་བའི་བྱེད་པ་བླང༌། །གཏོར་མ་བྱིན་ནས་ས་ཡང་བརྟགས། །གཏོར་མ་མཁའ་འགྲོ་སྤྱི་གཏོར་བཞིན། །ཕུལ་ནས་པུས་བཙུགས་ཐལ་སྦྱར་ཏེ། །ཚིག་འདི་ལན་གསུམ་བརྗོད་པར་བྱ། །གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གི་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་པའོ། །འཆང་འགྱུར་ཆོ་ག་ས་ལྷ་ལས། །བླང་ནས་དཀྱིལ་འཁོར་ས་གཞིའི་དབུས། །རང་འདུག་དཀྱིལ་འཁོར་རྒྱས་པ་བསྒོམ། །རིག་མ་བཞི་ཡི་སློབ་མ་བཞིས། །མཆོད་ཅིང་སྟོད་དབྱངས་སྙན་པ་དང༌། །དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་སོགས་གསང་འདུས་ལས་གསུངས་པས། །ལན་གསུམ་ཕྱོགས་བཞིར་ནས་གསོལ་གདབ། །འཁོར་ལོས་ནམ་མཁར་བཏེགས་ནས་ནི། ཁྲོ་བོའི་ལྟ་བས་བཀྲ་བ་དང༌། །རྐང་བ་རྡོ་རྗེར་བྱིན་གྱིས་བརླབས། །པད་སྐོར་རྡོར་དྲིལ་འཛིན་པ་ཡིས། །རྩེ་ལྔའི་ཕྱག་རྒྱ་བཅིངས་ནས་ནི། །སྙིང་མགྲིན་དཔྲལ་བ་སྤྱི་བོར་གཏུགས། །ཨོཾ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཧཱུཾ་ཞེས་ལན་གསུམ་བསྐོར་བ་བྱ། །སྟང་སྟབས་བཞི་པོ་འགྱིང་ཞིང་བཅའ། །དབུས་ནས་འདུས་པ་ལན་གསུམ་བྱ། །ལུས་དང་ངག་སེམས་ཞེས་སོགས་བརྗོད། །ཡུངས་དཀར་གཏོར་བས་བགེགས་བསྐྲད་དེ། །སླར་ཡང་མི་འཇུག་མཚམས་གཅོད་བྱ། །


TNT12_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་འཕྱེ་བརྟགས་ན་ལེགས་འགྱུར་མོད། །གཅིག་ཏུ་དགོས་པ་མ་ཡིན་པས། །དབང་ལྡན་མཚམས་ནས་བསྐོར་ནས་ནི། །བགེགས་དང་རོ་བསལ་ལ་སོགས་བྱ། །ཨོཾ་བྷཱུ་ཁཾ། ནམ་མཁའི་རང་བཞིན་དུ་གྱུར། །ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་རང་བཞིན་དུ་གྱུར། །ཧཱུཾ་བཞི་པའི་སྔགས་ཀྱིས་བགེགས་བསྐྲད། བདག་ཉིད་སྒྲོལ་མར་གསལ་བའི་སྙིང་ག་ནས་ཕུར་བུའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་འདོད་རྒྱལ་སྔགས་ཀྱིས་བགེགས་རྣམས་བསྐྲད། ཕུར་བུ་བསྐུལ་བ་དང༌། ཕུར་བའི་བཏབ་པའི་སྔགས་སྒྲུབ་ཐབས་ནས་འབྱུང་བ་བཞིན་ཕུར་བུས་བཏབ་སྟེ། དཀྱིལ་འཁོར་གྱིས་གཞིའི་དབུས་ཀྱི་སར་ཕུར་བུ་གཅིག་གདབ་པར་མཛད་དེ། དེ་ནས་བདུད་རྩི་འཁྱིལ་བ་གཉིས་པ་ཞིག་སྤྲོས་ཏེ་ཕུར་བུ་བསྲུང་བའི་དོན་དུ་བཞུགས་པ་ལ་ཉེར་སྤྱོད་ལྔ་ཕུལ། བགེགས་བསྲུང་བར་གསོལ་བ་བཏབ། བདག་ཉིད་བདུད་རྩི་འཁྱིལ་བར་གྱུར་པ་རྐང་པ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པར་གྱུར། ཧཱུཾ་ཞེས་བཟླ་ཞིང་གཡས་སྐོར་དུ་ལན་གསུམ་དུ་བསྐོར་བས། གསེར་གྱི་ས་གཞི་ལ་ཐུག་གི་བར་བགེགས་རྣམས་སྦྱང་བར་བསམ་ཞིང༌། ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་གུར་མེ་རི་འབར་བ་དང་བཅས་པའི་བསྲུང་འཁོར་དུ་གྱུར་པར་བསྒོམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དེ། ནམ་མཁར་བཞུགས་པའི་ལྷ་ལ་མཆོད་བསྟོད་སྲུང་བ་བྱའོ། །དེ་དག་ནི་ས་སྟ་གོན་གྱི་ཆོ་གའོ། །ནང་སྔ་བར་བདག་བསྐྱེད་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམ་ལ། བཟླས་པ་བྱ་ཞིང༌། དཀྱིལ་འཁོར་ཡང་བདག་ཉིད་ལ་ཉེ་བར་བསྡུའོ། །དེ་ནས་མདུན་གྱི་ས་གཞིར་མེ་ཏོག་གི་ཚོམ་བུ་དང་མཆོད་པ་དང་གཏོར་མ་བཤམས་ལ། བསངས་སྦྱངས། མཆོད་པ་དང་གཏོར་མ་བྱིན་གྱིས་བརླབས། ལག་པ་གཡས་ཀྱི་སོར་མོ་གསུམ་པ་ལ་རེག་སྟེ། ས་འོག་ནས་སའི་


TNT12_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་སྟེ། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་པྲི་ཐི་བཱི་དེ་བཱི་ཨཱ་ཀརྵ་ཡ་ཛཿ དེ་ཡང་གསེར་གྱི་མདོག་ཅན་ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ལས་ཕྱུང་བ། ཕྱག་གཡོན་གསེར་གྱི་བུམ་པ་འཛིན་ཅིང༌། གཡས་དཔང་པོར་ཁས་ལེན་པའི་ཕྱག་རྒྱ་ཅན། མཛེས་སྡུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ། མེ་ཏོག་དཀར་པོ་བཏབ་པའི་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་གཏོར་མ་ཕུལ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཤཱཀྱ་སེངྒེའི་སྐྱོབ་པ་ཡི། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ནི་བདག་གིས་བདུད་ཀྱི་སྟོབས། །བཅོམ་ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། གནང་བ་བྱིན་ནས་ཐིམ་པར་བསམ། ཡང་ན་གཞན་ནས་འབྱུང་བ་ལྟར། ས་ཆོག་དུས་སུ་ནམ་མཁར་བཏེགས། འདིར་ནི་ཕབ་ནས་མཆོད་བསྟོད་བྱས་ལ། ས་གཞི་ལ་ཐིམ་པར་བྱ། དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་གནས་སུ། རང་སྔགས་ཀྱི་མེ་ཏོག་གི་ཚོམ་བུ་རེ་བཀོད་ལ། བསངས་སྦྱངས། གཞན་ཡས་ཁང་གདན་དང་བཅས་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྒྲོལ་མ་རྣལ་འབྱོར་མ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་སྤྱན་དྲངས། ཕཻཾ། ཞེས་བརྗོད་ཅིང་སོ་སོའི་གདན་ལ་བཞུགས་པར་བསམ། ཨོཾ་བཛྲ་ཏིཥྛ་ཨཱ་ས་ན་ཧཱུཾ། ཞེས་དཀྱིལ་འཁོར་གྱིས་ལྷ་རེ་རེའི་སྔགས་ཀྱི་མཐར་བཏགས་སྟེ་གདན་ལ་བཞུགས་པར་བསམ། རང་གི་ནམ་མཁར་བཏེགས་


TNT12_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་རྣམས་འབར་བའི་སྔགས་རྒྱས་སྤྱན་དྲངས་ལ་དགུག་གཞུག་བཅིང་མཉེས་བྱ། ཡན་ལག་དང་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། མཆོད་བསྟོད་གཏོར་མ་འབུལ་བ་རྣམས་བྱས་ལ། བདུག་སྤོས་ཐོགས་ཏེ། དམ་ཚིག་སྒྲོལ་མ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། །གང་ཡང་བསྟན་ལ་མངོན་དགའ་རྣམས། །སེམས་ཅན་འདི་ལ་བྱིན་བརླབས་ཤིང༌། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཞེས་སྙན་གསན་དབབས་པར་བྱའོ། །རྡོ་རྗེ་ཤུགས་ཀྱི་སྔགས་རྒྱས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ནམ་མཁར་བཏེགས། མཆོད་ཅིང་བསྟོད་ལ། ཨོཾ་བཛྲ་རཀྵ། སོགས་ཀྱིས། བསྲུང་བའི་བསྐོར་བར་བྱའོ། །སློབ་མ་སྟ་གོན་དུ་གནས་པ་ནི། སློབ་མ་རྣམས་མྱང་འདས་ཀྱི་སེམས་བརྟན་པོ་ཞིག་བསྐྱེད་དུ་གཞུག །སློབ་དཔོན་དམ་ཚིག་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་གྲི་ཐོད་འཛིན་པའི་འཁྱུད་པར་བསྐྱེད་དེ། སློབ་མ་རྣམས་ཡབ་ཀྱི་ཞལ་དུ་ཞུགས་ཏེ་པདྨར་ཕྱུང་བ། སྒྲོལ་མ་ཕྱག་གཉིས་པའི་རྣམ་པར་གྱུར་བ་བྷ་གའི་མཐའ་ནས་སྤྲོས་ཏེ། ཕྱི་རོལ་དུ་འཁོད་པ་ལས། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །བདག་གི་སྟོན་པ་དགྱེས་ཆེན་ཁྱོད། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །


TNT12_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབ་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གང་གིས་ཤཱཀྱ་སེངྒེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོག་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དེ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་བརྗོད་དུ་གཞུག་གོ །དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས་སློབ་དཔོན་གྱི་སྡོམ་པ་བཟུང་བའི་ཕྱིར། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་


TNT12_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ཅེས་གསོལ་བ་བཏབ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་


TNT12_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་ལ་ལོག་པར་མི་སྤྱད་ཅིང༌། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་མ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བརྐྱང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོང་མི་སྤོང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་ལན་གཅིག་བསྒྲགས། གཙོ་བོའི་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བཟུང༌། གནས་གསུམ་དུ་འབྲུ་གསུམ་གྱི་དྲིའི་ཐིག་ལེ་བྱས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས། །བ་ལྕིའི་དཀྱིལ་འཁོར་དུ་ཧཱུཾ་ལས་བྱུང་བའི་སོ་ཤིང༌། ཨོཾ་བཛྲ་ཧ་ས་ཧ། ཞེས་འདོར་དུ་གཞུག །ཨོཾ་ཧྲཱིཿབི་ཤུདྷ་དྷརྨ་སརྦ་པ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ།


TNT12_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་བི་ཀལྤ་ན་ཨ་པཱ་ན་ཡ་ཧཱུཾ། ཞེས་ཁ་བཀྲུར་གཞུག །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་སྲུང་སྐུད་སྦྱིན། ཨོཾ་བཛྲ་ཏིཀྵྞ་བྷནྡྷ་དྷཾ་བཾ། ཞེས་རྩ་སྔོ་ལྗང་གི་སྟན་སྦྱིན་པར་བྱའོ། །སླར་ཡང་བསངས་གཏོར་བྱས་ལ། གནས་བདུན་དུ་རྩ་སྔགས་ཡི་གེ་བཅུ་པས་བསྲུང་བ་བྱ། །ནངས་པར་གསང་བའི་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །ཞེས་བརྗོད། རིན་ཆེན་ལྔའི་ཕྱེ་མའམ་འབྲས་སོགས་ཁ་དོག་བསྒྱུར་བ་དང༌། མིན་ན་རྡོའི་ཕྱེ་མས་རུང༌། །ཀུན་ལ་ཤ་ཆེན་ཁྲག་ཆེན་བསྲེ། །སྐྱེ་གནས་མ་ཉམས་བུ་མོ་ཡིས། །ཐིག་སྐུད་གསར་པ་ལེགས་བཀལ་པ། །དཀྱིལ་འཁོར་ཉིས་འགྱུར་ཚད་བྱས་ལ། །རྣམ་ལྔ་ཁ་དོག་སོ་སོར་བྱ། །ཐིག་སྐུད་དང་རྡུལ་ཚོན་སྔོན་པོ་ཧཱུཾ་ལས་མི་བསྐྱོད་པ། དཀར་པོ་ཨོཾ་ལས་རྣམ་སྣང༌། སེར་པོ་ཏྲཱཾ་ལས་རིན་འབྱུང༌། དམར་པོ་ཧྲཱིཿལས་འོད་དཔག་མེད། ལྗང་ཁུ་ཨཱ་ལས་དོན་ཡོད་གྲུབ་པ་རྣམས་སྐད་ཅིག་གིས་འོག་ནས་འབྱུང་བ་ལྟར་བསྐྱེད་ལ། གནས་གསུམ་དང་སྐྱེ་མཆེད་བྱིན་གྱིས་བརླབས། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་ཏེ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཨརྒྷཾ་སོགས་ཀྱིས་མཆོད། དེ་ཉིད་ལྔ་པས་བསྟོད། གཏོར་མ་སྒྲུབ་ཐབས་ལྟར་བྱིན་གྱིས་རླབས་ལ། ཨ་ཀཱ་རོས། ཕུལ། ལྷ་རྣམས་འོད་དུ་ཞུ་བ་ལས་ཐིག་ཚོན་དུ་གྱུར། སྔོན་པོ་ལ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། དཀར་པོ་ལ། ཨོཾ་ཨཱཿཛི་ན་ཛི་ཀ་ཨོཾ་ཧཱུཾ། སེར་པོ་ལ། ཨོཾ་ཨཱཿརཏྣ་དྷྲྀཀ་དྲཱཾ་ཧཱུཾ། དམར་པོ་ལ། ཨོཾ་ཨཱཿཨ་རོ་ལྀཀ་ཧྲཱིཿཧཱུཾ། ལྗང་ཁུ་ལ། ཨོཾ་ཨཱཿཔྲ་ཛྙཱ་དྷྲྀཀ་ཨ་ཧཱུཾ། །ཞེས་རེ་རེ་མང་དུ་བཟླས། དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔར་མོས་ལ་སྐད་ཅིག་ཙམ་གྱིས་དོན་ཡོད་གྲུབ་པའི་ངོ་བོར་གྱུར། རིག་མ་བཅུ་གཉིས་


TNT12_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལོན་པ་སྒྲོལ་མའི་ང་རྒྱལ་དང་བཅས་ཏེ། ཐིག་ནི་གདབ་པར་བྱ་བ་ཉིད། །རྡོ་རྗེ་དང་བཅས་ལག་གིས་བཟུང༌། །རེ་རེ་བཞིན་དུ་དེར་གཏད་ལ། །ཨོཾ་ཨ་ནྱོ྅་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨ་པ་ར་སྤར་ཨ་ནུ་པྲ་བིཥྟ་སརྦ་དྷརྨ་ཨདྱནྟ་ཨ་ནུ་པྲ་བིཥྟཿསརྦ་དྷརྨ་ཧཱུཾ། རིག་མའི་ཐིག་སྐུད་སྒྲིལ་བར་བྱ། །ཇི་སྐད་རྒྱུད་ལས་གསུངས་པ་བཞིན། །ཕྱོགས་མ་ནོར་བར་ཐིག་བརྒྱད་གདབ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །འགྲོ་དོན་མཛད་དུ་འདི་ལག་པས། དེང་འདིར་བྱིན་གྱིས་རློབས་ཤིག་ཅེས། ཐིག་སྐུད་སྒྲས་ནི་བསྐུལ་མ་འདེབས། ཧཱུཾ། ཐིག་སྐུད་ནམ་མཁའ་གང་བ་ཡིན། །དེ་བཞིན་གཤེགས་ཀུན་མཉེས་པར་བསམ། །རང་ནུབ་རིག་མ་ཤར་གནས་ལ། །ལྷོ་བྱང་ཐིག་ནི་གདབ་པར་བྱ། །རང་ལྷོ་རིག་མ་བྱང་གནས་པས། །ཤར་ནུབ་ཐིག་ཀུན་སྔགས་འདི་དག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུ་ཏྲཾ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ། དེ་ལྟར་ཡེ་ཤེས་ཐིག་བཏབ་ནས། ཁྲག་ཆེན་ཆང་དང་བདུད་རྩི་ལྔས། །བརླན་པའི་རྡོ་རྒྱུས་དག་གིས་ནི། །ཞུ་བས་ཐིག་ནི་གདབ་པར་བྱ། །དཀྱིལ་འཁོར་ཆ་ནི་བཅུ་དྲུག་སྟེ། །གཞལ་ཡས་ཁང་པ་ཉིད་ལའོ། །རྟ་བབས་སྒོ་ཚད་གཅིག་ཏུ་བྱ། །སྣམ་བུ་བཅུ་གཅིག་ཡང་ན་བཞི། །རྩིག་པའི་ཐིག་ལ་རེག་པར་གདབ། །ཡང་ན་ཧར་སྒོར་བྱས་པ་ཡིན། །ཀ་རྒྱན་གྱི་ནི་གཡས་གཡོན་དུ། །མཆོད་རྟེན་གཟུགས་ཀྱིས་ཤིན་ཏུ་མཛེས། །བཞི་པ་ཕྱེད་གདན་ནང་མ་གདབ། །གསུམ་པའང་དེ་བཞིན་དབུས་སུ་ནི། །རེ་མིག་དགུ་པ་ཟླུམ་པོར་བསྐོར། །པདྨ་རྡོ་རྗེ་མེའི་ཕྱི་རོལ། །དུར་ཁྲོད་གནས་ནི་ཅི་བདེར་བཞག །དེ་ཉིད་དཀྱིལ་འཁོར་མཆོག་ཏུ་མཛེས། །རྡོ་རྗེ་ཤུགས་ཀྱིས་སོགས་ནས་ནི། །བདུད་རྩིར་འཁྱིལ་བར་བསྙེམས་པ་ཡིས། །སྒོ་དབྱེའི་སྔགས་དང་ཕྱག་


TNT12_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བྱ། །ཧི་ཧི་ཞེས་པས་རྩ་ཐིག་དབྱིའོ། །དབུས་ཀྱི་ཕུར་བུའི་ཁུང་བུར་ནི། །ནག་དམར་དཀར་སེར་ལྗང་ཁུ་སྟེང༌། །ཚོན་ལྔ་རིག་མས་བྲིས་པར་བྱ། །དེ་ཡིས་སྟེང་དུ་སློབ་དཔོན་གྱི། །དཀར་དམར་ལྗང་ཁུའི་ཚོན་གསུམ་བྲི། །འདི་ནི་ཆོས་ཉིད་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དམ་ཚིག་སྒྲོལ་མ་ཞེས་བྱ་བའི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཨོཾ་ས་མ་ཧོཿཨ་ཧཾ། དེ་ནས་ཅི་བདེར་ཚོན་བགྱེའོ། །འདིར་ཚོན་གྱི་རིམ་པ་རྣམས་ནི། དབུས་ཀྱི་གདུང་དང་ཀ་བ་ནག །རེ་མིག་རྣམས་དང་གྲུ་ཆད་སྔོ། །ཨུཏྤལ་དམར་པོ་སིལ་མར་བཅས། །སྣམ་བུ་ལྔ་རྣམས་རིམ་པ་བཞིན། །ནག་དམར་སྣ་ཚོགས་སེར་དང་དཀར། །ཕྱོགས་མདོག་དང་པོ་མི་ཤེས་བརྒྱན། །གཞན་རྣམས་མེ་ཏོག་ཕྲ་མོ་བཀྲམ། །དྲ་ཕྱེད་ཕྱིར་བསྟན་མུན་པ་ནག །མཆོད་རྟེན་དཀར་ཞིང་ཁྱམས་ལྗང་ཁུ། །ཀ་རྒྱན་གླང་པོ་སེངྒེ་དང༌། །རི་དྭགས་ལ་སོགས་རྒྱན་གྱིས་མཛེས། །གཞན་དག་ཇི་སྐད་བཤད་བཞིན་ཏེ། །པ་ཊ་སྤྲིན་དང་མེ་ཏོག་སོགས། །རྒྱུད་ནས་བཤད་པའི་ཚོན་རྣམས་ཕྱིར། །གཟུགས་ཚོགས་མ་ཡིས་བློ་གྲོས་ནི། །མཁས་པའི་རང་དུ་སྤོངས་ཤིག་གསུང༌། །དབུས་སུ་ཨུཏྤལ་སྔོན་པོ་བྲི། །ཕྱོགས་བཞིར་པད་དཀར་གསེར་བུམ་དང༌། །ལྕགས་ཀྱུ་རལ་གྲི་ཕྱོགས་མདོག་བྲི། །མཚམ་བཞིར་ཨུཏྤལ་སྐུ་མདོག་མཚུངས། །གྲ་བཞིར་ཐོ་བ་རལ་གྲི་དང༌། །དབྱུག་པ་ཕུར་བུ་རྣམ་པར་དགོད། །ལས་ཀྱི་སྣམ་བུ་དབུས་མ་ལ། །ལྷ་ཡི་མདོག་མཚུངས་གདན་དུ་བྱས་ལ། ཕྱག་མཚན་བྲི་ན་གཡས་ཀྱི་ལམ། །སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དྲིལ་བུ་མཛེས་པར་བྲི། །ཡང་ན་ཁམས་དང་རྩ་ཤིང་


TNT12_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ལེགས་བཅོས་ཕྱག་མཚན་འགོད་པའོ། །ལུགས་མའམ་བྲིས་སྐུ་ས་སོགས་ཀྱི། །སྐུ་གཟུགས་དགོད་པར་བྱས་ཀྱང་རུང༌། །ཡང་ན་ས་བོན་སྔགས་བཅས་དགོད། །དེ་དག་ནི་དཀྱིལ་འཁོར་བྲི་བའི་ཆོ་གའོ། །དེར་མཆོད་པ་དང་གཏོར་མ་རྒྱ་ཆེར་བཤམས། བསངས་ཆུ་སྒྲུབ་པ་ལ་བསྲུང་བ་བྱའོ། །དེ་ནས་ལྷ་གྲངས་དང་མཉམ་པའི་བུམ་པའམ། མེད་ན་མཎྜལ་མན་ཛི་དང་བཅས་པའི་སྟེང་དུ་བུམ་པ་ལྔ་ཚོམ་དུ་བཀོད། ལས་བུམ་ལོག་ཤིག་ཏུ་བྱས། དབུས་སུ་མངོན་རྟོགས་ལྟར་གཙོ་མོ་ལྷ་ཚོགས་གཞན་ཐམས་ཅད་དང་བཅས་པ་བསྐྱེད། ཕྱོགས་བཞིར་ལས་བཞིའི་སྒྲོལ་མ་བསྐྱེད་ལ། ཐམས་ཅད་ཀྱང་དབུ་རྒྱན་རང་ཆས་སུ་བསྒོམ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་བསྲེ། ཨོཾ་ཀལྤ་པྲཀྵ་ཡ་སྭཱཧཱ། ཞེས་ཁ་རྒྱན་བྱིན་གྱིས་རླབས། ཨོཾ་ཏཔྟེ་ཏཔྟེ་མཧ་ཏཔྟེ་སྭཱཧཱ། དུང་ཆོས་ཀྱིས་ནང་དུ་ལྷའི་ཆུ་བོ་གངྒཱ་བབ་པར་བསམ། དེ་ནས་གཟུངས་ཐག་བླང་ནས་གཙོ་མོའི་སྔགས་བརྒྱ་རྩ་བཟླས་ལ། ལས་བུམ་གྱི་བདུད་རྩི་འཁྱིལ་བ་སྔ་མའི་ཆོ་གས་བསྐྱེད་ནས། རང་སྔགས་བརྒྱའི་བར་དུ་བཟླས་ལ། མཐར་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་ཅི་རིགས་པ་བཟླས་ལ། སླར་ཡང་མཆོད་བསྟོད་གཏོར་མ་ཕུལ་ལ། མཆོད་ཡོན་ཕུལ་བས་ཞུ་བར་བསམ་སྟེ་ཡི་གེ་འབྲུ་གསུམ་བརྗོད། ལས་བུམ་གྱི་ཆུ་ཤིང་གི་ཡལ་གས་བླངས། བུམ་པའི་མཐའ་སྐོར་ཞིང་གནས་ཁང་ལ་གཏོར་བསུང་བ་མཛོད་ཅིག་ཅེས་བྱ། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། བདུད་རྩི་འཁྱིལ་བའི་བུམ་པ་ཉིད་ལས་བུམ་ཡིན་པས། ལས་བུམ་ཟུར་དུ་བཅའ་མི་དགོས། དེ་ནས་སློབ་མ་རྣམས་ལ་རྨི་


TNT12_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ལྟས་དྲིས་ལ། ངན་ན་སྦྱིན་བསྲེགས་ཀྱིས་ནི་བཟློག་པ་བྱ། ལྟས་བཟང་བར་མཐོང་ན། དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། ནང་སྔ་བར་འབྱུང་པོའི་ཚོགས་ལ་གཏོར་མ་བྱིན་ལ། ཡེ་ཤེས་ཚོགས་བསོག་མངོན་རྟོགས་ལྷར་བསྒོམ་ལ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། མངོན་རྟོག་རྫོགས་པར་བསྐྱེད་ལ། བདག་ཉིད་དཀྱིལ་འཁོར་གྱིས་དབུས་སུ་འདུག་པར་བསམ་ལ། བཟླས་པ་ལ་ཐུག་གི་བར་མངོན་རྟོགས་ལྟར་བྱ་བ་ལ། དབང་བསྐུར་རྒྱས་བཏབ་སོང་བའི་མཚམས་སུ། སྟ་གོན་གྱིས་ཡེ་ཤེས་པ་སྤྱན་དྲངས། བགེགས་བསྐྲད་ལ་གཉིས་སུ་མེད་པར་ཐིམ། དཀྱིལ་འཁོར་གྱིས་མཐའ་མཆོད་གཏོར་གྱི་ལེགས་པར་བསྐོར་ལ། བསངས་སྦྱངས་བྱིན་གྱིས་བརླབས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། ནང་མཆོད། རྗེས་ཆགས་ཀྱི་མཆོད་པ། སྒེག་སོགས་བརྒྱད། རྒྱལ་སྲིད་སྣ་བདུན། སོགས་ཀྱི་རྒྱས་པར་མཆོད་ནས། འཇིག་རྟེན་ལས་འདས་པའི་གཏོར་མ་མངོན་རྟོགས་ལྟར་ཕུལ། འཇིག་རྟེན་པའི་གཏོར་མ་འགྲུབ་ན། ཤར་དུ་ལྷ། བྱང་དུ་གནོད་སྦྱིན། ནུབ་ཏུ་ཀླུ། ལྷོར་ཕྱོགས་སྐྱོང་འཁོར་དང་བཅས་པ་ལ་གཏོར་མའི་ཆོ་ག་མ་རྒྱུད་སྤྱི་དང་མཐུན་པར་འབུལ་ཞིང༌། བསྡུ་ན། མཁའ་འགྲོ་སྤྱི་གཏོར་གྱིས་འབུལ། །ཤར་སྒོ་ནས་དགྱེས་པ་རྡོ་རྗེ་ནས་འབྱུང་བའི་རྡོ་རྗེ་གླུ་བླངས་ཏེ། དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་ཕྱེ་བས་ནང་དུ་ཞུགས་ཏེ། ཤར་སྒོའི་ཐད་ཀྱི་ལྷ་རྣམས་འདུག་པར་མོས། ཨོཾ་རྡོ་རྗེ་སེམས་ཁྱོད་རོལ་པར་མཛོད། །ཐམས་ཅད་མཐུ་ཡིས་ཐམས་ཅད་


TNT12_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བར་མཛོད། །ཇི་སྙེད་མཆོད་པ་དེ་སྙེད་བདག་འབུལ་ན། །འཁོར་བར་གནས་པ་སྐད་ཅིག་གིས་གྲོལ་མཛོད་ས་མ་ཡ་ཧོ་ཧོ། ལང་ཚོ་བཅུ་གཉིས་ལོ་ལོན་སེམས་བརྟན་མ། །དེ་རུ་རྗེས་སུ་ཆགས་པས་མཉེས་བྱས་ལ། །བྱང་ཆུབ་སེམས་སྤྲོ་འོད་ཀྱི་བདེ་གཤེགས་མཆོད། ཁུ་རྡུལ་ལྕེ་ལ་བཞག་བྱས་གཏོར་བར་བྱ། །དེ་ལྟར་ཡང་འདུས་པ་ལས། མིག་བཟང་བརྟན་པའི་བློ་བརྟན་མ། ཁུ་བ་བླངས་ནས་བཟའ་བར་བྱ། །ཞེས་སོ། །བོད་དག་འདིར་ནི་བསམ་པ་ཁོ་ན་ཡིན་གྱི། །དངོས་སུ་ན་ལྟུང་བར་འགྱུར་རོ། །ཞེས་སྨྲའོ། །བླ་མའི་ཞལ་ནས། དེ་ལྟར་ན་ནི་གསང་དབང་ལ་ཡང་དེར་འགྱུར་རོ། །ཞེས་གསུང་ཞིང་སེམས་དགེ་བ་ལ་ཉེས་པ་མེད་པར་བཤད་པའི་དོན་མ་གོ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་རང་ཉིད་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནས་པས། དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནས་པས། །དཀྱིལ་འཁོར་གྱི་ཕྱོགས་བཞིར་མཎྜལ་བྱས་ལ། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཞེས་སོགས་ལན་གསུམ་གསོལ་བ་བཏབ། ཨོཾ་སརྦ་ཏ་ག་ཏ་བོ་དྷི་ཨ་ལངྐ་ར་ཝསྲ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་སྨད་གཡོགས་དང༌། ཨོཾ་བཛྲ་རཀྵ་ཧཾ། ཞེས་སྟོད་གཡོགས་དང༌། ཨོཾ་བཛྲ་ཨུཥྞི་ཥ་ཧཱུཾ། ཞེས་གཙུག་ཏོར་བཅིང༌། ལས་ཐམས་ཅད་པའི་སྔགས་ཀྱི་གདོང་གཡོགས་བཅིང༌། ཨ་ཁཾ་བཱི་ར་ཧཱུཾ། ཞེས་མེ་ཏོག་གི་ཆུན་པོ་གཏད། གནས་གསུམ་དུ་ཡི་གེ་འབྲུ་གསུམ་བཀོད་ལ་བདུད་རྩི་ལྔའི་ཐིག་ལེ་བྱ། སྐྱེ་བའི་གནས་ལྔས་ཏཾ་ཡིག་རེ་རེ་བསྒོམ་ལ། ཡི་གེ་བཅུ་པའི་བསང་གཏོར་བྱས་པས་སྒྲོལ་མ་རིགས་ལྔར་གྱུར། གཏོར་མ་སྒྲོན་མེ་ལྔ་དང་བཅས་པ་སློབ་མ་ལ་བསྐོར་ནས་


TNT12_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ལྔ་པོ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང༌། ཁམས་ལྔ་ལ་བརྟན་པའི་ནད་དང་གདོན་དང་རྣམ་པར་རྟོག་པ་ཐམས་ཅད་ཁྱི་དང་སྤྲེའུའི་ཚུལ་གྱི་ཕྱིར་བྱུང་སྟེ་སྒྲོན་མེ་ལྔ་ལ་ཐིམ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱཧཱ། ཨོཾ་བཛྲ་མ་མ་ཀི་རི་ཀི་རི་ཧཱུཾ་སྭཱཧཱ། ཨོཾ་ཀ་ཌེ་བི་ཀ་ཌེ་ཀ་ཌ་ཀ་ཌཾ་ཀ་དྲེ་སྭཱཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བཟླས། བདེན་པ་བདར། བདུད་རྩི་འཁྱིལ་བའི་སྔགས་བཟླས་ཡུངས་དཀར་གཏོར་ཞིང༌། རོལ་མོའི་སྒྲ་དང་བཅས་ལ། བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམ། །སློབ་དཔོན་གྱིས་སློབ་མའི་གནས་བདུན་དུ་བསྲུང་བ་བྱའོ། །ཀྱེ་ཁྱོད་སུ་ཡིན། བདག་ནི་བསྐལ་བ་བཟང་པོའོ། །སྐལ་བཟང་དེས་ཁྱོད་ཅི་ཞིག་བྱ། །སངས་རྒྱས་དམ་ཚིག་བདག་འཚལ་ལོ། །སྙིང་གར་ཟླ་བ་རྡོ་རྗེའི་སྦྱོར་བའི། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི་མཧཱ་སུ་ཁ་བོ་དྷི་ཙིཏྟ་ཨུཏྤ་དཱ་ཡ་མི། ཞེས་རྣལ་འབྱོར་དང་བདེ་བ་ཆེན་པོ་སེམས་བསྐྱེད་ཨ་ཏི་ཤའི་འབྲེལ་བ་ལས་ནི། སློབ་མའི་སྙིང་གར་ཨཱ་ལི་བཅུ་དྲུག་ལས་ཟླ་བ་ན། ཨོཾ་ཙིཏྟ་པྲ་ཏི་བི་དྷཾ་ཀ་རོ་མི། སླར་ཡང་ཟླ་བ་གཉིས་པ། ཨོཾ་བོ་དྷི་ཙིཏྟ་ཨུ་པ་ད་ཡ་མི། ཟླ་བའི་སྟེང་དུ། ཏིཥྛ་བཛྲ། རྡོ་རྗེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་གྱུར་པ་རྡོ་རྗེ་ལ་ཐིམ་བཛྲ་ཨུཏྨ་ཀོ྅ཧཾ། དེ་ལས་འོད་ཟེར་འཕྲོས། བདག་ཉིད་ལྷའི་སྐུ་བདེ་བ་ཆེན་པོའོ། །ཨོཾ་སརྦ་ཡ་ཐ་སརྦ་ཏ་ཐཱ་ག་ཏཱ་ཐ་ཨ་ཧཾ། ཞེས་བརྗོད་དུ་གཞུག་སྟེ་མངོན་བྱང་ལྔས་སེམས་བསྐྱེད་པར་མཛད་དོ། །དེ་ནས། ཨཱ་ཁཾ་བཱི་ར་ཧཱུཾ། དེ་ནས་ནང་དུ་བཅུག་ལ་ཕྱོགས་བཞི་ནས། ཨོཾ་བླ་མ་དམ་པའི་ཞབས་ཀྱི་


TNT12_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོར་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །ཧཱུཾ་ན་མ་ཏེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱཧཱ ཞེས་ཕྱོགས་རེ་རེ་ནས་ཕྱག་གསུམ་གསུམ་བྱ། ཕྲེང་བ་ནས་འབྱུང་བ་ལྟར་དམ་བཞག་ལྔ་བྱ། ཡེ་ཤེས་དབབ་པ་ལ་རྣམ་པ་གསུམ་ལས། དང་པོ་ཡང་ཕྲེང་བའི་ཡེ་ཤེས་དབབ་པ་བཞིན་མཛད་དོ། །གཉིས་པ་བླ་མའི་བྱིན་རླབས་ཀྱིས་ཡེ་ཤེས་དབབས་པ་ནི། སྤྱི་བོར་བླ་མ་སྐུ་ཇི་ལྟ་བར་མཉམ་བཞག་གི་ཕྱག་རྒྱ་ཅན་ལ། །ལོ་བཅུ་གཉིས་མས་ཡང་དག་པར་འཁྱུད་པ། དེ་ཉིད་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་གང༌། བླ་མ་སྙིང་གར་ཐོན། ལུས་བདེ་བ་ཆེན་པོས་ཁྱབ། སྔགས་ཀྱི་སྒྲ་འུར་འུར་འདུག་པས་བདེ་བ་བསྐུལ་བར་བསམ་ལ། རོལ་མོ་ཇེ་དྲག་ཇེ་ཞན་བྱ། གསུམ་པ་སློབ་མ་རྣམས་སྒྲོལ་མ་རིགས་ཀྱི་བུ་མོ་བཅུ་གཉིས་ལོན་པའི་རྣམ་པ་ཅན་བདེ་བ་རྒྱས་པར་མོས་ལ། སྙིང་གར་དོན་གྲུབ་ཡབ་ཡུམ་སྙོམས་པར་འཇུག་པ་ལ་སེམས་འཇོག་ཏུ་བཅུག་ཅིང༌། དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་བ་སྤུའི་བུ་ག་ནས་ཞུགས་པར་སློབ་དཔོན་གྱི་མོས་ལ། ཨོཾ་མ་ལི་མི་ལི་ཧཱུཾ་ཕཊ། ཞེས་དྲག་ཏུ་བཟླ་ཞིང་རོལ་མོ་བྱ། རོལ་མོ་སྒྲ་ནི་ལག་ལེན་བཞིན་མྱུར་དལ་སྤེལ་མ་བྱ། དེས་ཀྱང་མ་བབས་ན་བར་ཆད་ཡིན་པས། བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་བཟླ་ཞིང༌། སླར་ཡང་དབབ་པར་བྱའོ། །ཕེབས་པ་ནི་བརྟན་པར་བྱ་སྟེ། ཨོཾ་ཏིཥྛ་བཛྲ་ས་མ་ཡ། པྲ་ཏི་པ་ཏི་ཏ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཏིཥྛ་བཛྲ་ཌིཌྷྲོ་མེ་བྷ་བ༴ ཞེས་སོགས་ཀྱིས་མེ་ཏོག་དོར། དེ་ནས་ཕྱི་རོལ་དུ་དྲི་བཟང་དང་རང་བྱུང་གི་རྡུལ་གྱིས་དཀྱིལ་འཁོར་གྲུ་བཞི་བྱས་ལ། ལྷ་གྲངས་དང་མཉམ་པའི་མེ་ཏོག་བཀོད་དེ། དེ་ནས་ལྷ་


TNT12_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་མོས་ལ། མདུན་སྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་པ་གཉིས་སྤྱན་དྲངས། མཆོད་བསྟོད་གཙོ་བོའི་སྙིང་པོ་མང་དུ་བཟླས་པས་བྱིན་གྱིས་བརླབས། བདུད་རྩི་འཁྱིལ་བ་དང༌། མི་གཡོ་བའི་སྔགས་ཀྱི་བསྲུང་བ་བྱས་ལ། དར་དམར་པོ་དགབ་བར་བྱའོ། །སྐབས་འདིར་རྡུལ་ཚོན་ལ་ཕུལ་བར་མོས་ནས། དངོས་སུ་མེ་ཏོག་གི་མཎྜལ་དོར་རོ། །རིགས་ཀྱི་ལྷ་འདི་ཡིན་ཞེས་བརྡའ་སྤྲད། དེ་ནས་གནས་གདོང་དར་དཀྲོལ་བ་དང༌། བལྟ་བར་བསྐུལ་བ་འཕྲེང་བ་བཞིན་བྱ། སློབ་དཔོན་གྱི་མེ་ཏོག་ཐོག་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་རེ་རེ་བཞིན་སྒོམ་ཚུལ་རྒྱས་པར་བཤད། ཨོཾ་བཛྲ་མཎྜ་ལ་མཧཱ་མཎྜ་ལ་པྲ་བེ་ཤོ྅ཧཾ། ཨོཾ་ཡོ་ག་མཎྜ་ལ་མཧཱ་མཎྜལ་དྲི་ཤེ་ཏྭོ྅ཧཾ། ཨོཾ་གུ་ཧྱ་མཎྜ་ལ་མཧཱ་མཎྜལ་ཨ་བྷི་ཥ་ཀ་ཏྭོ྅ཧཾ། ཞེས་ཆེད་དུ་བརྗོད་པ་བྱ་བར་གཞུག །དེ་ནས་སློབ་དཔོན་ལ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ༴ སོགས་ཀྱི་གསོལ་བ་བཏབ། ནང་དབང་ཡན་ལག་ཞི་སྤྱི་དང་མཐུན་པར་བྱས་ལ། རིགས་ཀྱི་ལྷས་མེ་ཏོག་གིས་ཕྲེང་བ་སྤྱི་བོར་བཅིང་པར་བསམ། ཨོཾ་པྲ་ཏི་གྲྀཧྞ་སྟཾ། ཨི་མཾ་སཏྭ་མ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཞག །ལྷ་ཐམས་ཅད་ཀྱི་སྔགས་ཀྱིས་བསྔགས་པའི་དྲིའི་ཆུ་དུང་ཆོས་སུ་བླང་ནས་ལྷ་ཐམས་ཅད་ཀྱི་དབང་བསྐུར་བར་བསམ་ལ། ཇི་ལྟར་བལྟམ་པ༴ སོགས་བརྗོད་ཅིང་དབང་བསྐུར། ལྷ་རྣམས་རིན་པོ་ཆེའི་ཅོད་པན་སྤྱི་བོར་བཅིང་པར་བསམ་ལ། མེ་ཏོག་ཕྲེང་བ་མགོ་ལ་བཅིང༌། སློབ་དཔོན་གྱི་ཐུགས་ཀ་ནས་སློབ་མའི་སྙིང་གར་འཕོས་པར་བསམ་ལ། རུས་འཕྲེང་མགྲིན་པར་བཞག་ལ། བཟླས་ལུང་ལན་གསུམ་དང་བྱིན་གྱིས་བརླབས་པའི་ལུང་བྱ། དེ་ཕྱིན་ཆད་ལྷ་དང་བླ་མ་ནམ་དུ་ཡང་སྤང་བར་མ་བྱེད་ཅིག །ཞེས་བརྗོད། དེ་དག་ནི་རིག་པ་གཏད་པའི་དབང་ངོ༌། །དེ་ནས་བུམ་ཆུ་རྣམས་


TNT12_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པར་བསྡུས་ལ་ས་བོན་བཞི་ལས་ལྷ་མོ་བཞིའི་ངོ་བོར་མོས། སློབ་མ་སྐད་ཅིག་གིས་མི་བསྐྱོད་པ་ཧེ་རུ་ཀར་མོས། རང་འདྲའི་དབུ་རྒྱན་རང་ཆས་སུ་བཅས་སུ་བསམ། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་གཞུག །དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། མེ་ཏོག་གཏོར་ཞིང་རོལ་མོའི་བར་དུ་མཆོད་པ་བྱའོ། །ཨོཾ་ཨ་བྷི་ཥིཉྩནྟུ་མཾ་སརྦ་ཏ་ཐ་ག་ཏཱཿ ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག །ཕྲེང་བ་ནས་འབྱུང་བ་ལྟར་ཤིས་པ་བརྗོད། སངས་རྒྱས་རྣམས་ནི༴ ཞེས་ཀྱིས་མཐར། ཨོཾ་མཱཾ་ལཱཾ་པཱཾ་ཏཱཾ་ཧཱུཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་སྐུར། དེ་ནས་དབུ་རྒྱན་ཞུ་བ་ལས་རྡོ་རྗེར་སྒོམ། སློབ་མ་འོད་དཔག་མེད་དུ་བསྐྱེད་ལ། ས་བོན་ལྔ་ལས་དེ་བཞིན་གཤེགས་པ་ལྔའི་ངོ་བོ་བསྐྱེད་ལ། སློབ་མ་རིན་འབྱུང་སྒོམ། ཨོཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ཧཱུཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབུ་རྒྱན་མགོ་ལ་བཀོན་པས། སངས་རྒྱས་རིགས་ལྔའི་དབུ་རྒྱན་པར་བསམ། རྡོ་རྗེ་ཁཾ་ལས་དོན་ཡོད་གྲུབ་པ་རང་སྣང་གི་ཡུམ་ཅན་དུ་བསྐྱེད་ལ། ཨོཾ་ཧཱུཾ་ཁཾ་ཧཱུཾ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་ལག་ཏུ་གཏད། རྡོ་རྗེའི་དེ་ཁོ་ན་ཉིད་ཀྱང་བྱིན་ལ། དྲིལ་བུ་ཏཾ་ལས་གཙོ་མོར་བསྐྱེད་དེ་ཞུ་ནས། སློབ་མ་དོན་ཡོད་གྲུབ་པར་བསྐྱེད། ཨོཾ་ཧཱུཾ་ཏཱཾ་ཧཱུཾ་བཛྲ་ཨ་དྷི་པ་ཏཾ་སྟཾ། ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུ་ལག་པ་གཡོན་དུ་གཏད་ལ། དྲིལ་བུའི་དེ་ཁོ་ན་ཉིད་དང༌། རིག་མ་ཡང་དག་པར་གཏད་པས་ཕྱག་རྒྱས་དེ་ཉིད་ཀྱང་སྦྱིན་པར་བྱའོ། །ཛཿཧཱུཾ་བཾ་ཧོཿ ལས་རྡོ་རྗེ་དང་དྲིལ་བུ་སྒོ་མ་བཞིའི་ངོ་བོར་མོས། སློབ་མ་རྣམ་སྣང་དུ་བསྐྱེད་ལ། ཨོཾ་ཛཿཧཱུཾ་བཾ་ཧོཿ བཛྲ་སཏྭ་སྟོཾ། ཨ་བྷི་ཥིཉྩ་མི། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ་ཧེ་ཤྲི། ཆེ་གེ་མོ་རྡོ་རྗེ་ཞེས་མིང་གདགས་པར་བྱའོ། །བུད་


TNT12_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་ནི་མཱ་མ་ཀཱི་སོགས་ཡུམ་ལ་ཡབ་ཀྱིས་འཁྱུད་པར་བསྐྱེད་པ་ཡིན་ནོ། །དབང་དེ་དག་རེ་རེའི་མཐར་ཆུ་དབང་རེ་བསྐུར་ཞིང༌། འདིའི་མགོ་མཇུག་ཏུ་འབྱུང་བའི་ཆུ་དབང་ཐམས་ཅད་ལ་རོལ་མོའི་སྒྲ་མཛད་ཅིང༌། ཁྱེའུ་དང་བུ་མོ་མཆོད་རྫས་ཐོག་པ་རྣམས་ཀྱིས་མཆོད་པར་བྱ། དེ་ནས་མིག་ཐུར། མེ་ལོང༌། མདའ་གཞི། དྲིལ་བུ་རྣམས་ཕྲེང་བ་ནས་འབྱུང་བ་ལྟར་བྱས་ལ། སློབ་མས་ལས་བཞིའི་ལྷ་མོ་སོ་སོར་བསྐྱེད་ལ། དཀྱིལ་འཁོར་གྱི་ཐུགས་ཀ་ནས་ཡེ་ཤེས་པ་རེ་རེ་བཞིན་དུ་བསྟིམ་ལ། ལས་བཞིའི་སོ་སོའི་བུམ་པའི་དབང་བསྐུར། སོ་སོའི་བཟླས་ལུང་སྦྱིན། རྡོ་རྗེ་བརྟུལ་ཞུགས་མ་རྒྱུད་སྤྱི་དང་མཐུན་པར་བྱིན་ལ། ཧཱུཾ་ལས་འབྱུང་བའི་གྲི་གུག་དང༌། ཨ་ལས་བྱུང་བའི་ཐོད་ཁྲག་ལག་པ་གཡོན་དུ་སྦྱིན་ལ། ཨོཾ་ཀརྐི་ཀ་རི། སརྦ་མཱ་ར་ཎཾ། མཱཾ་པ་ཀརྟ་ཡརྟ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤ་ཏྲུཾ་ཎཾ། རཀྟཾ་དྷ་ར་ཡ་ཧཱུཾ་ཕཊ། སྙིང་པོ་བཟླས་པའི་ཅང་ཏེའུ་གཡས་དང༌། རྩ་སྔགས་བཟླས་པས་ཨུཏྤལ་གཡོན་དུ་བྱིན་ལ། མཆན་ཁུང་དུ་ཁ་ཊཾ་ག་བཀོད་ལ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྒོམས་ཤིག་བྱ། དེ་ནས་ལུང་བསྟན་དང་དབུགས་དབྱུང༌། གཟེངས་བསྟོད་དང༌། དམ་ཚིག་བསྟན་པ་རྣམས་ཀྱང་ཕྲེང་བ་ལས་འབྱུང་བ་བཞིན་དུ་བྱ། དམ་ཚིག་ལ་གནས་པའི་སློབ་མ་ཐུན་མོང་བ་རྣམས་རེ་ཞིག་དེ་ཙམ་གྱི་དོན་ཡོད་གྲུབ་པར་བྱའོ། །རིགས་ལྔའི་དམ་ཚིག་བཟུང་བར་མི་ནུས་ན། སེམས་བསྐྱེད་དམ་བཞག །ཡེ་ཤེས་འབར་བ་རྣམས་དོར། འཇུག་པའི་ཆོས་རྣམས་རྫོགས་པར་བྱ། ནང་དབང་མི་བསྐུར་བར་རིག་གཏད་ཙམ་བྱ། དེ་ལ་ནི་སྟ་གོན་གྱི་སྐབས་སུ་ཡང་རིག་ལྔའི་སྡོམ་བཟུང་མི་བྱའོ། །གལ་ཏེ་ཚེ་འདི་ཉིད་ལ་


TNT12_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དོན་དུ་གཉེར་བ་ལ་ནི་དབང་གོང་མ་བཞི་ཡང་སྦྱིན་པར་བྱ་དགོས་ལ། དེ་ལ་དབང་སྟེགས་པདྨ་དཀྱིལ་འཁོར་དང་བཅས་པའི་སྟེང་དུ་སློབ་མ་བཞག །གསོལ་བཏབ་དང་དམ་ཚིག་གསུམ་སྦྱིན་པ་སྔོན་དུ་འགྲོ་བའི། སློབ་མའི་སྙིང་གར་གཞལ་ཡས་ཁང་བསྐྱེད་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ལྷ་རྣམས་རྫོགས་པར་སྤྲོས་དེ་རང་རང་གི་སྔགས་ཀྱིས་སློབ་མའི་སྙིང་གའི་གཞལ་ཡས་ཁང་དུ་བཀོད། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། དེ་ནི་སྐུའི་དབང་ངོ༌། །གསུང་རྡོ་རྗེ། ཡན་ལག་བསྐྱེད་པའི་དུང་ཆོས་ལ་ཙནྡན་དམར་པོའི་ཕྲེང་བ་ལག་ཏུ་གཏད་ལ། ཨཱ་ལི་ཀཱ་ལི་དེ་ཉིད་ལྔ་སྤེལ་དུ་བྱས་པ་ལན་གསུམ་བརྗོད་ཅིང་སྙིང་པོ་ལན་བརྒྱའི་བཟླས་ལུང་སྦྱིན་ནོ། །ཕྲེང་བ་སྤྱི་བོར་བཞག །སྙིང་གའི་ལྷ་ཚོགས་རྣམས་ས་བོན་གྱི་དཀྱིལ་འཁོར་དུ་གྱུར། ཡི་གེའི་གཟུགས་ཀྱིས་ཡེ་ཤེས་པ་བསྟིམ། གསུང་གི་དབང་ངོ༌། །རྡོ་རྗེ་སྙིང་གར་བཀོད་ལ། སྙིང་པོའི་མཐར་རྡོ་རྗེའི་བརྟུལ་ཞུགས་ཀྱི་སྔགས་བཅུག་པས་ཕྱག་མཚན་གྱི་དཀྱིལ་འཁོར་དུ་གྱུར། ཕྱག་མཚན་གྱི་ཡེ་ཤེས་པ་སྟིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཚོན་ཆ་འཁོར་ལོ་བླ་ན་མེད། །རྣལ་འབྱོར་མ་ཡི་བུ་ཁྱོད་ལོང༌། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །ཨོཾ་སརྦ་ཏ་ཐ་ག་ཏ་ཙཀྲ་བརྟ་ན་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་དུ་བཛྲ་དང་རྡོ་རྗེ་སོགས་འདོན་པ་སྤོས་ལ། རིགས་ལྔའི་ཕྱག་མཚན་གྱི་དབང་བསྐུར་ཏེ་ཐུགས་ཀྱི་དབང་ངོ༌། །རྡོ་རྗེ་གུར་ལས་འབྱུང་བ་ལྟར། རིགས་ལྔའི་སྔགས་ཀྱི་བྱིན་གྱིས་བརླབས། ཕྱག་རྒྱ་ལྔ་སློབ་མའི་ལུས་ལ་བཀོད་ལ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་


TNT12_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བདག །སྐ་རགས་ལ་ནི་དོན་ཡོད་གནས། ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །ཐབས་ཀྱི་རང་བཞིན་ཅང་ཏེ་ཉིད། །རྣལ་འབྱོར་མ་ཡི་མིང་པོས་གཟུང༌། །དེ་ནི་སྤྱོད་པའི་དབང་ངོ༌། །སླར་ཡང་ལས་བཞིའི་བུམ་པ་རང་སྔགས་ཀྱིས་དབང་བསྐུར། འཕྲིན་ལས་ཀྱི་དབང་ངོ༌། །དངོས་གྲུབ་བརྒྱད་ཀྱི་གཟུགས་བརྙན་བྱས་ལ་ལག་ཏུ་གཏད་ནས། རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་གྱིས། །དངོས་གྲུབ་ཀྱི་དབང་ངོ༌། །དེ་ནས་དམ་ཚིག་དང་ལྡན་པའི་བུད་མེད་ལང་ཚོ་མ་ཆས་སུ་གཞུག་པ། དམ་ཚིག་སྒྲོལ་མའི་ང་རྒྱལ་དང་ལྡན་ལ། སློབ་མ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་དངོས་སུ་འཁྱུད་དུ་བཅུག་ནས། དེའི་བདེ་བ་ངོ་སྤྲད་ལ་ནུ་མ་རུ་གཞུག་གོ །དེ་ནི་བུམ་པའི་དབང་གི་དངོས་གཞིའམ། བདུན་པོ་དེ་དག་རེ་རེའི་མཐར་སྐྱེ་གནས་མ་ཉམས་པའི་བུ་མོས་ཐོགས་པའི་བུམ་པ་ལས། ཡལ་འདབ་ཀྱི་ཆུ་བླངས་ནས། དབང་བསྐུར་རྡོ་རྗེ། སོགས་ཀྱི་འཇུག་ཏུ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། དེ་དག་གི་སློབ་མ་ལ་མཆོད་བསྟོད་རྒྱ་ཆེན་པོ་བྱས་ལ། དེ་ནས་སློབ་མའི་སྙིང་གར་གཟུངས་ཐག་རྡོ་རྗེ་བཟུང་ལ། སུ་པྲ་ཏིཥྛ༴ །སོགས་དང་རྟེན་འབྲེལ་སྙིང་པོ་ལན་མང་དུ་བཟླས་ཤིང༌། མེ་ཏོག་ཏོར་ལ་རོལ་ཆེན་བྱ། རོ་དྲོ་སྭ་སྟི་སོགས་ཤིས་བརྗོད་བྱ། རྡོ་རྗེ་སློབ་དཔོན་གྱི་དབང་འདི་ཉིད་ལ་དེ་ཉིད་ལ་སྐོས་སུ་མི་བྱེད་ན། དམ་ཚིག་གསུམ་སྦྱིན་པའི་སྔོན། ཆུ་ནས་མིང་གིས་བར་དུ་ཏིང་ངེ་འཛིན་གྱིས་སྦྱིན་པའམ། དངོས་སུ་བསྡུས་པ་སྦྱིན་པར་བྱའོ། །དབང་


TNT12_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཐར་རྩ་བའི་ལྟུང་བ་ལ་སོགས་པ་དམ་ཚིག་གི་རྣམ་བཞག་ཅི་རིགས་པ་བཤད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། །ཞེས་བརྗོད་དུ་གཞུག །གསང་བ་འདི་སུ་ལའང་སྨྲ་བར་མི་བྱའོ། །གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་པའི་ཤུ་ལ་ནི། རྣལ་འབྱོར་མ་ཡི་ཕྱག་ན་གནས། །གང་གིས་དམ་ཚིག་འཇིག་བྱེད་པ། །དེ་ལ་འདི་ཡིས་མཆོག་ཏུ་འབིགས། །ཨོཾ་མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་རྩེ་གསུམ་སྙིང་གར་བཞག །དེ་ནས་རྗེས་ཀྱི་བྱ་བ་མཐའ་དག་བྱའོ། །གལ་ཏེ་གསང་དབང་བསྐུར་འདོད་ན། །ལྷ་མ་གཤེགས་པར་བྱ་བ་ཤེས། །ཡང་ན་མཎྜལ་བྱས་ནས་ནི། །ཆོས་འབྱུང་ཟུར་དྲུག་ཚོམ་བུ་བཅས། །བདག་མདུན་དབྱེར་མེད་རྣམ་པར་བསྒོམས། །མཆོད་གཏོར་དབང་འཇུག་བླང་བར་བྱ། །སློབ་མ་དཀྱིལ་འཁོར་ཁང་པ་ཡིས། །ཕྱི་རོལ་ཡོན་དང་མཎྜལ་ཕུལ། །བུ་མོ་ལོ་བཅུ་དྲུག་ནས་ཉི་ཤུའི་བར་མཚན་ཉིད་ཚང་བ་སློབ་དཔོན་ལ་ཕུལ་ཏེ། ཁྱེད་ལ་འདི་ནི་འབུལ་ལགས་ཀྱི། །འདོད་དོན་བདེ་བ་རབ་ཏུ་རྩོལ། །བདག་ནི་འདོད་པའི་བདེ་དོན་གཉེར། །མགོན་པོ་ཁྱོད་ཀྱི་བརྩེ་བས་ཟུངས། །བྱང་ཆུབ་རྡོ་རྗེ༴ སོགས་ཀྱིས་ལན་གསུམ་གསོལ་བཏབ། མིག་དར། མེ་ཏོག་སེམས་བསྐྱེད་སྔར་ལྟར་བྱ། མགྲིན་པར་ཆོས་འབྱུང་གི་དབུས་སུ་སྔགས་ཕྲེང་གཡོན་དུ་བསྐོར་བ་ལ་སེམས་གཏད། རོལ་མོའི་སྒྲ་བྱ། རིག་པའི་དབང་ལྔ་སློབ་མ་དང་ཕྱག་རྒྱ་གཉིས་ཀ་ལ་མདོར་བསྡུས་སུ་བསྐུར་ལ། ཕྱག་རྒྱ་རྣམ་རྟོག་དང་བཅས་པ་ཡིན་ན་གདོང་བཅིང༌། མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས། བྱང་ཆུབ་ཀྱི་སེམས་


TNT12_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་ལྷན་ཅིག་སྐྱེས་པས་ཡེ་ཤེས་བརྟན་པར་བྱས་པའི་ཐིག་ལེ་ཅུང་ཟད་ཡུམ་གྱི་མཁར་གྱུར་ཅིང་རྡོ་རྗེ་ལ་གནས་པ་བྱང་ཆུབ་ཀྱི་སེམས་སློབ་མའི་ཁར་བབ་སྟེ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ། ཤེས་རབ་མའི་པདྨ་ལ་གནས་པའི་ཐིག་ལེ་ཡང༌། སློབ་མའི་ཁར་བབ་ལ། འདི་ནི་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། ཁམས་ལྔ་ལས་བྱུང་བཅུད་ཀྱི་ལེན། །བདེ་བ་ཆེན་པོ་མྱང་བར་བགྱི། །ཞེས་སོ། །དེས་ཀྱང༌། ཨེ་མ་བདེ་བ་ཆེན་པོ་ལའོ། །ཞེས་བརྗོད། གདོང་གཡོགས་སྔར་བཞིན་བསལ་ནས། པདྨ་ལ་བལྟས་པའི་དགའ་བ་ངོ་སྤྲད། ནང་མཆོད་བྱིན་ལ། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེའི་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །དེ་ནས་ཤེས་རབ་ཡེ་ཤེས་དབང་གི་དབང་བསྐུར་བར་འདོད་ན། །མཎྜལ་གྲུ་གསུམ་པདྨར་བཅས། །གཞན་ནི་ཇི་ལྟར་སྔར་བཤད་བཞིན། །སྙིང་གའམ་ལྟེ་བར་ཟུར་དྲུག་པ། །འཁྱིལ་བ་དང་བཅས་བསྐོར་བས་ཕེབས། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་


TNT12_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་དང༌། དབང་པོ་གཉིས་ཀྱིས་སྦྱོར་བ་གང༌། །རང་བཞིན་མེད་པའི་བདག་ཉིད་དེ། །ཡེ་ཤེས་མཚོན་ཆ་རྣམས་འཆང་བ། །མངོན་སྤྱོད་སྣ་ཚོགས་སྤྱོད་པ་པོ། །མ་མོའི་ཚོགས་ཀྱིས་བསྐོར་བའི་སྔགས་ཅན་མ། །དབང་པོའི་དྲ་བ་འཕྲོ་ཞིང་འོད་ཟེར་འཁྲུགས། །ལྷན་ཅིག་སྐྱེས་པའི་མཚན་མ་དང་གཅུག་མཛད། །བློ་གྲོས་ཆེན་པོས་བདག་ལ་དབང་བསྐུར་མཛོད། །ཅེས་ལན་གསུམ་གྱི་གསོལ་བ་བཏབ་པར་བྱ། །གལ་ཏེ་གསང་དབང་གི་ཕྱག་རྒྱ་དེ་ཉིད་སློབ་མ་ཉིད་ཀྱི་ཕུལ་བ་ཡིན་ན། འདིར་སློབ་མ་ལ་སྦྱིན་དུ་རུང་སྟེ། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །ཞེས་སོ། །གཞན་དུ་ན་སློབ་དཔོན་གྱི་ཕྱག་རྒྱ་ལ་བགྲོད་པས་ནི་དམྱལ་བའི་རྒྱུ་མི་བཟད་པ་ཡིན་པའི་ཕྱིར་གསང་དབང་ཡན་ཆད་ཐོབ་པ་ལ་མ་ཉམས་པའི་བུ་མོ་གཞན་ཞིག་གི་ལག་པ་སྦྱིན་ཏེ། སངས་རྒྱས་ཀུན་གྱི་བྱིན་གྱིས་རླབས་པའི། །ལྷ་མོ་འདི་ནི་ཁྱོད་མ་ཤེས། །མཐའ་ཡས་བདེ་ལ་སྦྱིན་པ་མོ། །རྣམ་པ་ཀུན་དུ་ཕྱག་རྒྱ་ལོང༌། །གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གིས་དངོས་གྲུབ་མེད། །དེ་གཉིས་དོན་འགྲུབ་ཡབ་ཡུམ་དུ་བསྐྱེད་ལ། ལྕེ་ལ་བདུད་རྩི་བཞག་ཅིང་རིག་པའི་དབང་ལྔ་བསྐུར། སྐྱེ་མཆེད་ལྔ་དང་གནས་གསུམ་བྱིན་


TNT12_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས། དགའ་བཞིའི་རྣམ་བཞག་དང་བདེ་སྟོང་སྒོམ་ཚུལ་ཞིབ་ཏུ་བཤད་ལ། རབ་རིབ་མའམ་འཐིབ་མོའི་མཆོད་པའམ། དབེན་ཁང་གཞན་དུ་སློབ་དཔོན་འགྲོ་བར་བྱའོ། །དེའི་ཤེས་རབ་མ་གོས་དང་བྲལ་བ་དྲི་བཟང་གིས་བགོས་པའི་པདྨ་མཛུབ་མོས་གསལ་བར་བསྟན་ཏེ། ཅི་བདེ་བུ་ཁྱོད་འདི་སྤྲོའམ། །ང་ལས་དམ་ཚིག་ལེན་པར་ནི། །བཤང་གཅི་རཀྟ་བཟའ་བ་དང༌། །བྷ་གའི་མཐའ་ནས་འཇིབ་བྱེད་དམ། སློབ་མས་ཀྱང༌། ཁྱོད་ལས་མི་གཙང་བཟའ་བར་ནི། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གི་མི་མོ་ཀུན་གུས་བྱ། །ཡང་སྨྲས་པ། ཨ་རེ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །བདག་ཉིད་དངོས་གྲུབ་རྩོལ་མཛད་མ། །དལ་བུ་དལ་བུས་རབ་སྦྱོར་བས། །པདྨར་བྱ་བ་ཇི་བཞིན་གྱི། །དབུས་སུ་ཟེའུ་འབྲུས་རྣམ་བརྒྱན་པའི། །ཆུ་སྐྱེས་འདབ་མ་གསུམ་པར་གཟིགས། །ཨ་ཧོ་བདེ་བ་ཅན་གྱི་ཞིང༌། །སངས་རྒྱས་སྐུ་མདོག་དམར་པོས་མཛེས། །ནང་གི་རྩ་ཡི་འཁོར་ལོ་ཚུལ། །དེས་ནི་བུ་ཁྱོད་འབྲས་བུར་བཅས། །དེ་ནས་སྔོན་སློབ་དཔོན་གྱིས་བསྟན་པའི་ཆོ་གའི་རིམ་པས་མཁའ་གསང་བྱིན་རླབས། །དེ་ཁོ་ན་ཉིད་ཀྱིས་ངེས་པ་བརྟན་པོ་བསྐྱེད་ལ། རྗེས་སུ་ཆགས་པའི་དགའ་བ་ཙམ་པར་བྱ་སྟེ། དེ་ལ་ཚིག་གི་བསྐུལ་བ་དང༌། །རྗེས་ཆག་སྤེལ་བ་ལ་རྩ་བཙལ་བ་དང༌། བསྙེན་སྒྲུབ་ཡན་ལག་བཞིའི་སྦྱོར་བ་ལ་བརྟེན་ནས་བདེ་བའི་ཡེ་ཤེས་ངོས་བཟུང་བ་དང༌། དགའ་བཞིའི་དབྱེ་བའི་མཆོག་ཏུ་ངེས་པར་བྱ་བ་དང༌།


TNT12_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ས་བཅུ་གསུམ་དང་སྦྱར་བས་སོ། །དེ་ལ་དང་པོ་ནི། ཤེས་རབ་མས། རོལ་ཞིག་རོལ་ཞིག་བདག་ལ་རོལ། །འདོད་པ་གྱིས་ཤིག་དགའ་གསལ་མ། ཁྱོད་ཀྱི་གཞན་དུ་མི་རྟོགས་པས། །རྟོགས་པས་ཐེ་ཚོམ་མ་བྱེད་ཅིག །ཅེས་གླུ་བླངས་ཏེ། ཕན་ཚུན་རྗེས་སུ་ཆགས་པ་དྲག་ཏུ་བསྐྱེད་དེ། གཉིས་པ་ནི། པདྨ་ཅན་ལ་སོགས་པ་རིག་དང་རྗེས་སུ་མཐུན་པའི་སྦྱོར་ཐབས་སོ་སོར་བྱ་ཞིང༌། ཤེས་རབ་ཀྱིས་མགུལ་ནས་དམ་དུ་འཁྱུད་པའི་བཅིངས་ཤིང་སྐྲ་ནས་བཟུང་བས་གདོང་མི་གཡོ་བ་ལེགས་པར་བལྟ། བུང་བ་ལྟ་བུ་ཨི་ཡིག་གི་སྒྲའི་གླུ་དང༌། བརླ་གཉིས་ཀྱི་བར་ཏུ་ཉེ་བར་བལྟ་བས་མཆུ་ཡིས་རྩེ་བར་བྱ། འགྱིང་བག་གི་སྟབས་ཀྱི་འཁྱུད་ནས་ལྐོག་མ་ལ་བརྟེན་ཏེ་མ་མཆུའི་སྦྲང་རྩི་གཞིབ། རྩ་བསྐུལ་བསླང་བ་རྣམས་བསྐུལ་བའི་ཕྱིར། །ནུ་མ་གཉིས་དང་ལག་སོར་གྱི་རྩེ་མོ་རྣམས་དང༌། །མ་མཆུ་དང༌། འགྲམ་པ་དང༌། རྣ་བའི་རྩེ་མོ་དང༌། མིག་གི་མཐའ་དང༌། སྤྱི་བོ་དང༌། གསང་བ་རྣམས་སུ་ཙུམ་པ་བྱའོ། །བར་པ་རྣམས་བསྐུལ་བའི་ཕྱིར། རྣ་བ་གཉིས་དང༌། མཆན་ཁུང་གཉིས་དང༌། ནམ་ཚོང་དང་བྷ་གའི་འགྲམ་གཉིས་སུ་སེན་མོས་བཏབ། དཀའ་བ་རྣམས་བསྐུལ་བའི་ཕྱིར་དུ་ནུ་མ་གཉིས་དང༌། མཆན་ཁུང་གཉིས་དང༌། ལག་མཐིལ་གཉིས་དང་རྐང་མཐིལ་གཉིས་སུ་མཉེ་ཞིང༌། སོའི་རི་མོ་བྱའོ། །པདྨའི་མཐའ་རྣམས་བསྐུལ་བ་དང༌། ལྕེ་གསུམ་བསྐྱོད་པའི་སྦྱོར་བས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ན་ར་ན་སི་ཀ་མཆོག་ཏུ་རྒྱས་པར་འགྱུར་རོ། །སྟེང་དང་འོག་ཏུ་རྣམ་པར་བལྟས་པས་ཀྱང་རྗེས་སུ་ཆགས་པ་བསྐུལ་ནས། ཇི་སྐད་བཤད་པའི་རྗེས་ཀྱི་དབང་མཆོག་ལ་ཉེ་བར་བགོས་ཏེ། གཡོན་ཕྱོགས་ན་གནས་པའི་རྩ་བྱ་གདོང་གི་གཟུགས་ཅན་སད་པར་བྱའོ། །གསུམ་པ་ནི། རྡོ་རྗེ་པདྨར་རེག་པར་བསྙེན་པ།


TNT12_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་པདྨར་ཞུགས་པ་ཉེར་བསྒྲུབ་དང༌། བསྐྱོད་པ་ལས་ཤེས་རབ་མ་ལ་ཡེ་ཤེས་རྣམ་པ་ལྔའི་རྟགས་མཆོག་གི་ཉེ་བར་བརྒྱན་པ་ན། ཤེས་རབ་མ་རྗེས་སུ་ཆགས་པའི་རྟགས་དེས་ཀྱང༌། རང་རྒྱུད་ཀྱི་བདེ་བ་ཆེན་པོ་རེ་རེ་ནས་ལྷག་པར་འཕེལ་བར་འགྱུར་རོ། །དེ་ཡང་སྙིང་འདར་བ་དང་དྲན་པ་ཉམས་པ་ནི་མེ་ལོང་ཡེ་ཤེས། སྐྲ་གྲོལ་ཞིང་འདུག་ཚུལ་ཞིག་པ་ནི་སོར་རྟོགས་ཡེ་ཤེས། གོས་འདོར་ཞིང་རྣམ་རྟོག་བྲལ་བ་ནི་ཆོས་དབྱིངས་ཡེ་ཤེས། ལུས་རྡུལ་གྱི་ཁྱབ་པ་ནི་མཉམ་ཉིད་ཡེ་ཤེས། བཞིན་དམར་པོ་འགྱུར་བ་དང༌། མིག་ཕྲ་པ་དང༌། ཟིམ་བུས་བལྟ་བ་ནི་བྱ་གྲུབ་ཡེ་ཤེས་ཏེ། དེ་དག་གི་སྒྲུབ་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་སོན་པ་ན་བདེ་བ་ཡུན་རིང་དུ་བསྒོམ་ཞིང༌། གལ་ཏེ་ཐིག་ལེ་འཛག་པ་འདྲ་ན་བཙན་ཐབས་ཀྱི་སྦྱོར་བས་བཀག་པས། རང་དང་རིག་མ་གཉིས་ཅར་བ་སྤུ་ལྡང་བ་དང་མཆི་མ་འབྱུང་བ་སོགས་ཉིད་སྟོབས་བརྒྱད་འབྱུང་ངོ༌། །དེ་དག་གི་སྒྲུབ་པ་ཆེན་པོའོ། །བཞི་པ་ནི། ཐབས་ཤེས་རྗེས་སུ་ཆགས་པས་འཁྱུད་དང་འོ་བྱེད་པ་དང་ནུ་མ་མཉེད་ལ་སོགས་པ་འཁྲུལ་འཁོར་གྱི་རིམ་པས། དབང་པོ་གཉིས་སྦྱོར་བའི་བར་དུ་དགའ་བ་དྲི་བདེ་བ་ཅུང་ཙམ་བསྐྱེད་དོ། །མཚོ་སྐྱེས་ཀྱི་འདབ་མར་ཆུད་བའི་རྡོ་རྗེ་བསྐྱོད་པ་ལས་ནོར་བུའི་རྩ་བར་བྱང་སེམས་འོང་པའི་བར་དུ་མཆོག་དགའ་སྟེ། དེ་ལས་ལྷག་པའི་བདེ་བའོ། །པདྨའི་སྦུབས་སུ་སོན་པའི་ནོར་བུ་ལས་ཐིག་ལེས་ཤེས་རབ་མའི་སྣ་རྩེར་སྤྲོས་པ་འདི་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། ཤེས་རབ་ཡེ་ཤེས་ཀྱི་དངོས་གཞིའོ། །དེ་ནས་སྔོན་ཉམས་སུ་མྱོང་བ་འདི་ལྟ་བུའོ་ཞེས་ཉེ་བར་སེམས་པའི་བདེ་བ་ནི་དགའ་བྲལ་ཏེ་ཆགས་བྲལ་ལོ། །ལས་དང་པོ་པས་དབང་གི་སྐབས་སུ་བཟུང་བར་མ་ནུས་ན།


TNT12_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པའི་སྤྲིན་སྤྲོས་པར་བསམ་ནས། ཕཊཿཅེས་བརྗོད་ཅིང་ཐིག་ལེ་ཕྱུང་ལ་པདྨ་ལ་གནས་པ་ལྕེས་བླང་པར་བྱའོ། །ལྔ་པ་ནི། གཟུགས་མཛེས་པ་མཐོང་བའི་བདེ་བ་ལ་སེམས་ཟིན་ན་ས་དང་པོ་དང༌། དེ་བཞིན་དུ་གླུ་དབྱངས་དང༌། འཁྲིག་ཚིག་དང༌། དགའ་བའི་སྒྲ་ལས་བྱུང་བའི་བདེ་བ་ས་གཉིས་པ་དང༌། དྲི་ཚོར་བ་ལས་བྱུང་བའི་བདེ་བ་ས་གསུམ་པ་དང༌། ཨོ་ཐ་གཞིབ་པ་ལས་བྱུང་བའི་བདེ་བ་ས་བཞི་པ་དང༌། ཕྱིའི་རེག་བྱའི་བདེ་བས་ས་ལྔ་པ་དང༌། མཉམ་པར་སྦྱོར་བའི་ཡེ་ཤེས་ས་དྲུག་པ་དང༌། ཆུ་སྐྱེས་དམ་ཞིང་དགོས་པ་ལ་སོགས་པ་ཁམས་ཀྱི་བདེ་བ་བདུན་པ་དང༌། རྡོ་རྗེ་ནོར་བུའི་ཟིལ་བ་སོགས་ཆུ་ཁམས་ལས་ཐོབ་པ་ས་བརྒྱད་པ་དང༌། བྷ་ག་ལངྒའི་དྲོད་སོགས་མེ་ཁམས་ལས་དགུ་པ་དང༌། ལུས་འདར་བ་དང་ཐིག་ལེ་གཡོ་བ་སོགས་རླུང་ལས་ཐོབ་པའི་བདེ་བ་ནི་བཅུ་པ་དང༌། དེ་དག་ལས་སྐྱེས་པའི་ཆགས་པ་དང་ཆགས་བྲལ་དང་ཆགས་པ་བར་མའི་ཡེ་ཤེས་རེ་རེ་ས་རེ་རེ་སྟེ། དེ་ལྟར་ན་ལྷན་སྐྱེས་ཡེ་ཤེས་བཅུ་གསུམ་པ་རྡོ་རྗེ་འཛིན་པ་ལྷག་པའི་ལྷའོ། །དེ་ཡང་བདག་དང་རིག་མ་ལྷར་གསལ་བ་དང༌། སྐྲ་གྲོལ་བ་སྡུལ་བ་སོགས། ལོངས་སྤྱོད་རྫོགས་པའི་ཡན་ལག །འཁྱུད་ཅིང་སྙོམས་པར་འཇུག་པ་ཁ་སྦྱོར་གྱི་ཡན་ལག །ཐིག་ལེ་ཞུ་བ་བདེ་ཆེན་གྱིས་ཡན་ལག །དེ་ལ་སེམས་ཟིན་པ་པས་སྟོང་བར་མཐོང་བ་རང་བཞིན་མེད་པའི་ཡན་ལག །དེ་ལྟར་ན་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་འཇུག་པ་སྙིང་རྗེ་ཆེན་པོའི་ཡན་ལག །སེམས་བདེ་བ་དང་གསལ་རིག་རྟག་ཏུ་གནས་པ་རྒྱུན་མི་འཆད་དང་འགོག་པ་མེད་པའི་ཡན་ལག་གོ །འབྲས་བུ་ལ་མི་བསྡུ་བ་ཉིད་ཀྱི་ཡན་ལག་བདུན་ལྡན་ཏེ། འོན་ཀྱང་གནས་


TNT12_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་འབའ་ཞིག་དང༌། འཕྲལ་དུ་སྐྱེ་འགག་བྱེད་པ། ངལ་བ་སོགས་སྡུག་བསྔལ་དང་བཅས་པས་དོན་དམ་པའི་བདེ་བ་མ་ཡིན། ལམ་འདི་ཁོ་ནའི་ཡེ་ཤེས་ཀྱི་ས་བཅུ་གསུམ་མྱུར་དུ་ཐོབ་པར་འགྱུར་གྱི། ཐབས་གཞན་གྱི་མ་ཡིན་ནོ། །ཡང་ན་དབང་འདི་ཚིག་གིས་སྦྱིན་པར་བྱའོ། །གསལ་སྣང་མ་ཐོབ་པ་དེ་སྲིད་དུ་ལས་ཀྱི་ཕྱག་རྒྱ་ལས་གཞན་པའི་དབང་བསྐུར་བ་ནི། དབང་གི་ཡེ་ཤེས་ཉམས་སུ་མྱོང་བ་མེད་པའི་ཕྱིར། མཆོག་ཟབ་པ་མ་ཡིན་ཅེས་གསུངས་སོ། །དེ་ནས་སློབ་དཔོན་ལ་ཡོན་དབུལ་ཞིང༌། ཚོགས་ཀྱི་འཁོར་ལོ་བྱའོ། །ཙ་ཏུ་མེད་ལ་དབང་མི་བསྐུར། །ཚོགས་ཀྱི་འཁོར་ལོ་མེད་པ་ལ། །གསང་བ་ཤེས་རབ་དབང་མི་བསྐུར། །བཞི་པའི་དོན་གྱི་དེ་ཉིད་ནི། །མཆོག་གི་སློབ་མ་དག་ལ་སྦྱིན། ཁེངས་ལྡན་ཉན་ཐོས་གསང་མི་ཐུབ། །བླུན་པོ་རྒྱལ་པོ་རྟོག་གེ་བ། །རྒན་པོ་ལ་སོགས་དབང་བཞི་བཀལ། །ཉི་མ་གཞན་ལ་མཆོད་པ་དང༌། །བཅས་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་གསོལ་བ་བཏབ། བླ་མའི་ཕྱག་རྒྱ་གཏད་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་འཛིན་དུ་བཅུག །དེ་ཉིད་དཔེར་བྱས་ཏེ་རང་སེམས་ལྷན་ཅིག་སྐྱེས་པ་ངོ་སྤྲད། ཀུན་ཁྱབ་གདུང་མེད་རྒྱུན་མི་ཆད། །རྣམ་རྟོག་འཐིབ་ཅིང་རང་རིག་པ། །ཟབ་གསལ་གཉིས་སུ་མེད་པ་སྟེ། །ཐིག་ལེ་བདེ་བ་ཁ་སྦྱོར་བའོ། །དཔག་བསམ་གྱི་ཤིང་དང༌། ལྷའི་སྐུ་ཕྱོགས་བཅུར་བགྲོད་པ་དང༌། མང་དོན་ལེགས་པར་རྩ་གཅོད་པ་སོགས་མན་ངག་


TNT12_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཤེས་པར་བྱའོ། །དེ་ནས་སློབ་དཔོན་ཇི་ལྟར་མཉེས་པ་དེ་དེ་ཉིད་སྒྲུབ་པ་ཡིན་ནོ། །ལྷག་ཆད་བསྐང་ཞིང་བཟོད་པར་གསོལ། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་བྷཱ་བཾ་སྠཱ་ནཾ་ཀྲྀ་ཏནྟེ་ན་སརྦ་བུདྡྷ་ཤང་བི་སརྫ་ཡེ་ཏ་མ་མ་ཀརྱ་ཀུ་རུ་སྭཱཧཱ། ཞེས་༴ སྔགས་ཀྱི་རྩ་ཐིག་གི་ཐད་དང༌། ཐིག་ཆེན་བརྒྱད་ཀྱི་ཐིག་རྣམས་ཐོག་མར་དབྱི་རྡུལ་ཚོན་ལྷག་མ་རྣམས་བུམ་པར་བླུག །ཀླུ་བརྒྱད་ཆོ་ག་སྤྱི་དང་མཐུན་པས་ཆུ་བོར་སྤྱན་དྲངས། སླར་ཡང་བུམ་པ་ཆུས་བཀང་སྟེ་དཀྱིལ་འཁོར་གྱི་སར་གཏོར་དེ་ཤིས་བརྗོད་རྒྱས་པར་བྱའོ། །ཕྱག་ལེན་པ་ནི། རྗེས་ཆོག་མཆོད་སྟོད་ཀྱི་རྗེས་སུ་ཡང་ཤིས་བརྗོད་རེ་མཛད་དོ། །དེ་ལྟར་ན་དཀྱིལ་འཁོར་གྱི་བྱ་བའི་ཉིན་ཞག་ཐམས་ཅད་དམ་སྐབས་འདིར་ངེས་པར་སྦྱིན་བསྲེགས་བྱ་སྟེ། །དེ་ཆོ་ག་ནི་འོ་སྙེ་ལས་ཤེས་པར་བྱའོ། །དེ་ཡང་མ་འགྲུབ་ན་གཞོན་ནུ་མའི་མཆོད་པ་ཉིན་སོ་སོར་ངེས་པར་བྱའོ། །དབང་བཞིའི་ཆུ་རྒྱུན་རྣམ་པར་སྤེལ་བ་འདི། །གངས་ཅན་ཞིང་སར་ཁོ་བོས་ཉེར་དྲངས་པ། །སྐལ་ལྡན་ཞིང་ས་རྣམས་ཀྱི་ཉེར་འཚོ་སྟེ། །ཐུབ་བསྟན་སྐྱེད་ཚལ་མཆོག་ཏུ་རྒྱས་བྱེད་ཡིན། །འདིའི་དགེ་བས་སེམས་ཅན་ཐམས་ཅད་མྱུར་དུ་རྡོ་རྗེ་འཆང་ཆེན་པོ་གྱུར་ཅིག། །། ཅེས་པ་སྒྲོལ་མའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ལ་ཕན་པ་ཞེས་བྱ་བ་འདི་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འདི་ཉིད་ཀྱི་རྒྱུད་ཀྱི་འགྲེལ་པ་ཇོ་བོ་རྗེས་མཛད་པ་དེ་ཉིད་གཞིར་བཞག་ཅིང༌། ཕྱག་ལེན་གྱིས་ཁ་སྐོང་ཇི་ལྟར་མཛད་པ་ལྟར་མ་འཁྲུལ་བར་བཀོད་པ་སྟེ།


TNT12_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཞི་བ་སྦས་པའི་མན་ངག །བླ་མ་རྣམ་གསུམ་གྱི་ཞལ་ལུང་ཏེ། རང་ལོ་ཉེར་བདུན་པ་ལ་བཀོད་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མདྒ་ལཾ། །བཀྲ་ཤིས། །རྒྱལ་བ་གཉིས་པ་ཀུན་མཀྱེན་ཇོ་ནང་པའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་༡༩༩༥ལོར། རྒྱལ་བསྟན་མི་ཉམས་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱིས། །ཤིང་དཔར་འཛམ་ཐང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མར་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག། །འདི་ཡང་པུཎྱི་ཤྲཱིས་བྲིས་པ་དགེའོ། །


TNT12_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


TNT12_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྷག་མོ་ཡོད