Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
ཕག་མོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕག་མོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ།next

ཕག་མོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ།


TNT12_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་བཞུགས། ཕག་མོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་ནི། དཀྱིལ་འཁོར་ཆོས་འབྱུང་གི་དབུས་སུ་པདྨའི་འདབ་བརྒྱད་ཡོད་པ་ལྟེ་བ་ལ་གྲི་གུག་བྲིས་ཏེ། དམར་པོ་ལ་དཀར་པོས་བཅད་རྒྱབ་ཆེ་ཆུང་ཁྲུ་གང་བ་བྱ། ལྕི་བ་གོང་དེ་དང་མཐུན་པར་བརྩིགས་པའམ་ཟླུམ་པོར་བརྩིགས་པ་གང་བདེ་བྱ། གཏོར་མ་ཆེ་ཆུང་གཉིས་སྔོན་འགྲོ་གཏོར་མ་མཆོད་པ་ནང་མཆོད། དཔལ་འབར་ཡམ་ཤིང་ཏིལ་མར་ཁུ་འབྲུ་སྣ་ཚོགས་བ་གླང་གི་ཤ་སྐམ་པོ་ལ་ནང་མཆོད་བདུད་རྩིའི་རིལ་བུ་སྦྱར་བ་བྱུགས་པའི་མཐེ་ཆུང་གི་མགོ་ཙམ་མང་པོ་བཤམས། སྔོན་འགྲོ་གཏོར་མ་ནས་བདག་བསྐྱེད་བཟླས་པ་དང་བཅས་པའི་བར་གཞུང་བཞིན་བྱ། སྲེག་རྫས་རྣམས་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ། ལན་བརྒྱ་ཙམ་གྱིས་བྱིན་གྱིས་བརླབས། ཐབ་བསངས་སྦྱངས་སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་ཐབ་ཁུང་གྲུ་གསུམ་དམར་པོ་ཁ་ཁྱེར་དང་མུ་རན་དང་སྟེགས་བུ་བཅས་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བ། ཨོཾ་བཛྲ་ཛྭ་ལ་


TNT12_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དཔལ་འབར་མེ་ཚང་དུ་བཅུག །ཐབ་ནང་འབར་བའི་མེའི་དབུས་སུ། ཨེ་ཨེ་ལས་ཞེས་པ་ནས། ཨོཾ་ཡོ་ག་ཤུདྡྷོ྅ཧཾ་གི་བར་བདུན་བསྐྱེད་བཞིན། སྐུའི་གཡོན་དུ་མེ་ལྷ་དམར་པོ་བགྲང་འཕྲེང་སྤྱི་བླུགས་འཛིན་པ་ར་སྐྱེས་ལ་བཞོན་པ། འབར་བའི་འཕྲེང་བ་འཁྲུགས་པ་བཞུགས་པར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ནས་དང་པོ་མར་ཁུ་དགང་བླུགས་གསུམ་ཕུལ་ཏེ། ཨོཾ་གསུམ་མའི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ། ལན་གསུམ། ཨོཾ་ཨགྣ་ཡེ་ཨ་དཱི་བྷྱཿ ཨ་བྷི་ཤ་ཨ་བྷི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་སྭཱཧཱ། ཞེས་བརྗོད། དེ་ནས་དྭངས་ཤིང་དྲི་མེད་ནས་བསྟོད་པའི་བར་བྱ། བསྡུ་ན་ཚིགས་བཅད་བོར། སྔགས་ཀྱི་སྐབས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གཱི་ནི་ས་པ་རི་ཝཱ་རེ་བྷྱཿ མཧཱ་ཨགྣེ་དེ་བ་ཏ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སཱཧཱ། ཞེས་སོགས་ཐམས་ཅད་ལ་སྦྱར་རོ། །གཙོ་མོའི་བསྟོད་པའི་མཐར། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཨོཾ་གསུམ་མ་ལ། ཨོཾ་ཨགྣ་ཡེ་སྭཱཧཱ་ཞེས་བཏགས། ཨ་དཱི་བྱ་སོགས་སྦྱར་ལ། མར་ཁུ་ལན་བདུན་ཙམ་ཕུལ་བ་དང༌། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱཧཱ་སྦྱར་བས་ཡམ་ཤིང༌། ཨོཾ་བཛྲ་བི་ཛ་ཡ་སྭཱཧཱ་སྦྱར་བས་འབྲུ་སྣ་ཚོགས་ཕུལ།


TNT12_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱཧཱ། སྦྱར་བས་ཏིལ་ལན་བདུན་ཕུལ། དངོས་གཞི་ཨོཾ་གསུམ་མ་ཁོ་ན་བཟླ་ཞིང༌། ཏིལ་ཕུལ་ཏེ་གྲངས་འཛིན་ཐུན་གྱི་མཇུག་ཏུ་བ་གླང་གི་ཤ་བརྒྱ་ཙམ་ཕུལ་ལ། ཨོཾ་གསུམ་མ་བརྒྱ་ཐམ་པ་དང་སྦྱར། དེ་ནས་རྣལ་འབྱོར་མའི་གཏོར་བསྔོ་དང༌། ཨ་ཀཱ་རོ་ལན་བདུན་གྱིས་མེ་ལྷ་ལ་ཕུལ། དེ་ནས་ཆོ་གའི་མཇུག་གི་རྗེས་ཆོག་དེ་ཀ་བྱ་བ་ལས། ཁྱད་པར་ནི། ཡེ་ཤེས་པ་གཤེགས་པའི་རྗེས་ལ་ཐལ་བ་ཅུང་ཟད་ཅིག་དཔྲལ་བར་སྐུད། འཇིག་རྟེན་པའི་མེ་ལྷ་མི་དམིགས་པར་གྱུར། ཞེས་བརྗོད་པའོ། །མེ་མ་ཤི་བར་མི་དཀྲུག་གོ །ཞེས་པ་འདི་ཉེ་གནས་ཟེར་བའི་རྟོགས་ལྡན་གྱི་དོན་དུ། ཏཱ་ར་ནཱ་ཐས་བྲིས། དར་རྒྱས་འཕེལ། །མངྒ་ལཾ། དགེའོ།།


TNT12_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཕག་མོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ།next