Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
སྨོན་ལམ་དང་བཀྲ་ཤིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨོན་ལམ་དང་བཀྲ་ཤིས།next

སྨོན་ལམ་དང་བཀྲ་ཤིས།


TNT12_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དང་བཀྲ་ཤིས་བཞུགས། སྨོན་ལམ་ནི་སྒྲུབ་ཐབས་ནས་འབྱུང་བའི། སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ་ཞེས་སོགས་ཐུན་མོང་མ་ཡིན་པའི་བསྔོ་སྨོན་རྒྱས་པར་བརྗོད། བཀྲ་ཤིས་ནི། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི༴ ཞེས་སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་མེ་ཏོག་ཆར་དུ་བསྙིལ་ཞིང༌། བཀྲ་ཤིས་འབྱུང་གནས་རིགས་དང་དཀྱིལ་འཁོར་རྒྱ་མཚོར་ཁྱབ་ཅིང་བདག །ཡིད་བཞིན་ནོར་ལྟར་གསོལ་བཏབ་འདོད་དོན་ཐོགས་པ་མེད་པར་སྩོལ། །བྱིན་རླབས་ཆར་བས་སྐལ་ལྡན་ཞིང་སར་སྨིན་གྲོལ་འབྲས་བུ་བསྐྱེད། །དཔལ་ལྡན་བླ་མའི་བཀྲ་ཤིས་སྣང་བས་ཁམས་གསུམ་ཡོངས་གྲོལ་ཤོག །བཀྲ་ཤིས་གང་ཞིག་བདེ་ཆེན་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །འོད་གསལ་ལོངས་སྐུ་ངེས་པ་ལྔ་ལྡན་ཉི་ཟླའི་དཀྱིལ་འཁོར་རྒྱས། །གང་འདུལ་སྤྲུལ་སྐུའི་འོད་ཟེར་དྲྭ་བས་འགྲོ་བློའི་པད་ཚལ་འབྱེད། །སྐུ་བཞི་དབྱེར་མེད་བཀྲ་ཤིས་དཔལ་འབར་མ་རིག་མུན་སེལ་ཤོག །བཀྲ་ཤིས་གང་ཞིག་དཔལ་ལྡན་འབྲས་སྤུངས་ཆོས་དབྱིངས་ཕོ་བྲང་དུ། །རྡོ་རྗེ་འཆང་ཆེན་ནཱ་དའི་སྒྲས་བསྟན་རིན་ཆེན་རྒྱ་མཚོའི་རྒྱུད། །ཕྱག་རྒྱ་སྔགས་དང་ཡེ་ཤེས་མཐར་ཐུག་སྟོན་པ་རྣམ་ལྔའི་ལྷ། །ངོ་མཚར་དཀྱིལ་འཁོར་བཀྲ་ཤིས་དཔལ་འབར་ལྔ་ཕུང་དབྱིངས་གྲོལ་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་


TNT12_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཐར་པ་ཆེན་པོའི་གྲོང༌། །བྱང་ཆུབ་ཕྱོགས་ཆོས་བཀོད་པས་རབ་མཛེས་ཀུན་བཟང་མཆོད་སྤྲིན་འཁྲིགས། །ཚོགས་བརྒྱད་རྣམ་དག་དུར་ཁྲོད་བརྒྱད་ལྡན་རྡོ་རྗེ་བསྲུང་འཁོར་གཏམས། །གཞལ་མེད་ཁང་ཆེན་བཀྲ་ཤིས་དཔལ་འབར་དག་པ་རབ་འབྱམས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེ་བཙུན་མོའི་བྷ་གར་ལེགས་བཞུགས་པ། དགྱེས་པའི་རྡོ་རྗེ་སྐུ་བཞི་ཡེ་ཤེས་རྣམ་པ་ལྔ་ཡི་དངོས། །ཤེས་རབ་ཐབས་ཀྱི་བདག་ཉིད་ཨེ་ཝཾ་རང་བཞིན་ཟུང་དུ་འཇུག །དཀྱིལ་འཁོར་གཙོ་མཆོག་བཀྲ་ཤིས་དཔལ་འབར་དངོས་གྲུབ་གཉིས་ཐོབ་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་སྒྱུ་འཕྲུལ་དྲྭ་བ་སྣ་ཚོགས་རོལ་པ་ཅན། །མི་ཕྱེད་རྡོ་རྗེ་གསུམ་བདག་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །གསང་བ་འདུས་པའི་བཀྲ་ཤིས་དཔལ་འབར་རྣམ་དག་ཤོག །བཀྲ་ཤིས་གང་ཞིག་སྙིང་པོའི་མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །དགའ་ཆེན་སྔགས་ཀྱི་མེ་ཏོག་ཕྲེང་བས་མཁའ་མཉམ་སྐུ་ལུས་བརྒྱན། །གཉིས་སྣང་ཤ་ཆེན་རྟོག་མེད་གསོལ་མཛད་དཔལ་ལྡན་ཐུགས་རྗེའི་སྟོབས། །སྒྱུ་འཕྲུལ་ཆེན་པོའི་བཀྲ་ཤིས་དཔལ་འབར་ཉོན་མོངས་འཆིང་གཅོད་ཤོག །བཀྲ་ཤིས་གང་ཞིག་འཁོར་འདས་རྟོག་པའི་དྲྭ་བ་ཇི་སྙེད་པ། །ལྷན་སྐྱེས་འོད་


TNT12_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཕྱག་རྒྱས་མི་ཤིགས་ཆེན་པོ་སྡོམ། །དཀྱིལ་འཁོར་འདྲེན་པ་རྣལ་འབྱོར་མ་དཔལ་དཔྱིད་ཀྱི་བདུད་རྩིས་དགྱེས། །འཁོར་ལོ་སྡོམ་པའི་བཀྲ་ཤིས་དཔལ་འབར་བདེ་བ་མཆོག་བརྙེས་ཤོག བཀྲ་ཤིས་གང་ཞིག་རྒྱལ་ཀུན་མཐུ་སྟོབས་འཕྲིན་ལས་བསྡུས་པའི་སྐུ། །དྲན་པ་ཙམ་གྱིས་བདུད་སྡེ་ལྷ་མིན་དུས་ཀྱི་མུན་པ་ཀུན། །ཅིག་ཅར་འཇོམས་པའི་ཉིན་བྱེད་ཡེ་ཤེས་གཟི་བརྗིད་འབུམ་འཕྲོ་བ། །འཇིགས་མཛད་རྡོ་རྗེའི་བཀྲ་ཤིས་དཔལ་འབར་བདུད་བཞི་ལས་རྒྱལ་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའ་དང་མཉམ་སྙིང་པོའི་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་མཐའ་ཡས་སྒྱུ་མའི་གར། །དུག་ལྔའི་དཔུང་འཇོམས་དཀྱིལ་འཁོར་རྣམ་ལྔ་རྟེན་དང་བརྟེན་པར་བཅས། །གདོད་ནས་ཡོངས་གྲུབ་བཀྲ་ཤིས་དཔལ་འབར་སྐུ་ལྔ་ལྷུན་གྲུབ་ཤོག །བཀྲ་ཤིས་གང་ཞིག་སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། །ཡེ་ཤེས་རིགས་ལྔའི་སྤྲིན་འཕྲོ་དངོས་གྲུབ་གཉིས་སུ་ཆར་རྒྱུན་འབེབས། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་ཚོགས་ཞིང་སྔགས་ལྷན་ཅིག་སྐྱེས། །རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་དཔལ་འབར་སྒྲུབ་ལ་མཆོག་སྩོལ་ཤོག །བཀྲ་ཤིས་གང་ཞིག་སྙིང་རྗེ་རབ་ཁྲོས་མྱུར་མཛད་ནག་པོ་ཆེ། །


TNT12_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་མ་མོ་འབྱུང་པོ་ཚོགས་བཅས་བཀའ་ཡི་གཉེར། །རྟག་ཏུ་ཞི་ཡང་འབར་བའི་གཟུགས་ཀྱིས་རྣལ་འབྱོར་བུ་བཞིན་སྐྱོང༌། །དམ་ཅན་རྒྱ་མཚོའི་བཀྲ་ཤིས་དཔལ་འབར་བསམ་དོན་ཡོངས་འགྲུབ་ཤོག །བཀྲ་ཤིས་གང་ཞིག་དོན་དམ་བདེན་པ་འོད་གསལ་འདུས་མ་བྱས། །བརྟན་གཡོ་ཀུན་ཁྱབ་སྙིང་པོའི་རང་བཞིན་ལྷུན་གྲུབ་ཡོན་ཏན་ལྡན། །སྲིད་དང་ཞི་བའི་དགེ་ལེགས་ཀུན་འབྱུང་གཞོམ་དུ་མེད་པའི་དབྱིངས། །རྣམ་ཀུན་མཆོག་ལྡན་བཀྲ་ཤིས་དཔལ་འབར་རྟག་བརྟན་ཀུན་ཁྱབ་ཤོག །ཅེས་པའམ། ཡང་ན། ཡོན་ཏན་རབ་རྫོགས་གངས་ཀྱིས་རི་བོ་བཞིན། །ཞེས་སོགས་བཀྲ་ཤིས་བཀའ་རྒྱ་མ་ལྟ་བུའི་ཤིས་པའི་ཚིག་རྒྱ་ཆེར་བརྗོད་དོ། །ལྷག་བསམ་དགེ་བས་རབ་དཀར་བསོད་ནམས་འདིས། །རྩ་བའི་བླ་མ་དགྱེས་བྱེད་མཆོད་སྤྲིན་དང༌། །བདག་གཞན་སྒྲིབ་སྦྱོང་ཚོགས་ཆེན་རབ་རྫོགས་ཤིང༌། །དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག། །།


previousསྨོན་ལམ་དང་བཀྲ་ཤིས།next