Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་གཏེར།
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་གཏེར།next

སྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་གཏེར།


TNT12_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་གཏེར་བཞུགས།


TNT12_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། མཆོག་འདོད་རྣམས་ལ་བདུད་རྩི་ལྟ་བུའི་གཏམ། །དཔག་ཡས་མཁའ་འགྲོའི་དབང་པོའི་ཉེར་བརྟན་པ། །འཕགས་ཡུལ་གྲུབ་པའི་ཐུགས་བཅུད་འདིར་བབས་ཀྱི། །བློ་ལྡན་སྐལ་བཟང་ཚོགས་རྣམས་ཡི་རང་བྱོས། །དྲི་མེད་ནམ་མཁའི་ལུས་ཅན་འོད་འབར་མ། །གཉེན་ལྕུག་འཁྲིལ་ལྡེམ་རྡོ་རྗེ་གར་གྱི་རོས། །འཕོ་བའི་གདུང་སེལ་བདེ་བ་རབ་བྱིན་མ། །སྒྱུ་འཕྲུལ་བདག་མོ་འཕགས་མ་སྒྲོལ་མར་འདུད། །མ་བཅོས་རིག་པ་གཙོར་གྱུར་གང༌། །ལྷག་བསམ་ཤིང་རྟས་ཉེར་དྲངས་ཏེ། །བླ་མེད་ཡེ་ཤེས་འོད་སྟོང་ཅན། །སྔོན་མེད་གང་དེ་འདི་ན་ཤར། །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཞི་བ་སྦས་པའི་ཞལ་སྔ་ནས་ཀྱི་མན་ངག་གདམས་པ་ཕྱིན་ཅི་མ་ལོག་པ། རྡོ་རྗེ་འཆང་ཆེན་པོ་བླ་མའི་ཞལ་སྔ་ནས་འབྱུང་བ་མདོ་ཙམ་རྗོད་པར་བྱ་སྟེ། ཐོག་མར་སྡིག་སྒྲིབ་སྦྱང་བ་ནི། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་འཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་ལས། ནམ་མཁའི་དབྱིངས་ཀྱི་


TNT12_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ནི། །ཡེ་ཤེས་མེ་དཔུང་དཀར་པོ་བསམ། །སེམས་ཅན་ཁམས་ནི་མ་ལུས་པའི། །གནས་ལས་མེ་ནི་འབར་བར་སྒྲུབ། །མཚམས་མེད་ལྔ་དག་བྱེད་པ་ཡང༌། །གཙང་མའི་གནས་སུ་འགྲོ་བར་འགྱུར། །སྡིག་པ་རྡོ་རྗེའི་ཡེ་ཤེས་འདིས། །སྐད་ཅིག་གིས་ནི་དཔལ་ལྡན་འགྱུར། །ཅེས་གསུངས་ཏེ། རང་དམ་ཚིག་སེམས་དཔར་གསལ་བའམ། ཐ་མལ་པར་གནས་ཀྱང་རུང་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ལྷ་མོ་སྒྲོལ་མ་ཕྱག་བཞི་མ་འོད་ཟེར་དཀར་པོ་འཕྲོ་བ་དེའི་ཐུགས་ཀར་ཟླ་བ་ལ་ཏཾ་གྱྀ་ཐ་མར་སྔགས་ཀྱི་བསྐོར་བ། ཡིག་འབྲུ་ཐམས་ཅད་ལས་མེ་དཀར་པོ་འབར་བ་བསམ་སྟེ། སྔགས་བཟླས་པས། མེ་ལྕེ་དེ་ཉིད་ཆེར་འབར་ཏེ་ཡེ་ཤེས་སེམས་དཔའི་སྐུ་གང༌། རྩ་གསུམ་འཁོར་ལོ་བཞི་པོ་རྣམས་ནས་རིམ་གྱིས་འབར་བས། ལུས་ཀྱི་ཕྱི་ནང་ཐམས་ཅད་མེ་རི་དཀར་པོ་རབ་ཏུ་འབར་བར་གྱུར། སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སྒོ་དགུ་ནས་མེ་ལྕེ་ཡོངས་སུ་འཇུག་ཅིང༌།


TNT12_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྐྱེན་གྱིས་ཀྱང་སྙིང་གའི་ཐིག་ལེ་མེ་དཔུང་དཀར་པོའི་ངོ་བོར་གྱུར། ལུས་ཐམས་ཅད་མེས་གང་སྟེ། དེའི་འོད་ཀྱི་སེམས་ཅན་དེ་རྣམས་ཀྱིས་སྡིག་སྒྲིབ་བསྲེགས་པར་བསམ། མཐར་མེ་རྣམས་རང་གི་སྙིང་གའི་མེ་ལ་བསྡུའོ། །བཟླས་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པཱ་པཾ་ཀྵ་ཡཾ་ཀུ་རུ་སྭཱཧཱ། ཞེས་པའོ། །དེ་ནས་བར་ཆད་བཟློག་པར་བྱེད་པ་ནི། རྒྱུད་ལས། སྤུ་ལས་ནད་རྣམས་སྤྲེའུའམ། ཁྱི་དང་འདྲ་བར་རབ་ཏུ་དབྱུང༌། །ནད་ཀྱི་རྡོ་རྗེའི་དམ་ཚིག་འདིས། །རྡོ་རྗེ་མཚོན་ཆས་བསྣུན་པར་བྱ། །ཞེས་གསུངས་པས། སྙིང་གར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཏཾ་ཡིག་ལྗང་ཁུར་རབ་ཏུ་འབར་བ། དེའི་འོད་ཟེར་རྩ་གསུམ་འཁོར་ལོ་བཞི་ནས་བརྒྱུད་དེ་རྩ་ཐམས་ཅད་རབ་ཏུ་ཁྱབ་པས། ནད་རྣམས་དང༌། ནད་དུ་འགྱུར་བའི་རྒྱུ་དང༌། གདོན་དང་བར་ཆད་ཐམས་ཅད་མེ་ལྕེའི་གདུང་བས་ཕྱིར་དེད་དེ། ནད་རྣམས་སྤྲེའུའི་རྣམ་པས་དང༌། གདོན་རྣམས་ཁྱིའི་རྣམ་པས་བ་སྤུའི་བུ་ག་ནས་ཕྱི་རོལ་དུ་ཕྱུང་སྟེ། ཡང་ས་བོན་གྱི་འོད་ཟེར་མེ་ལྕེ་ལྟ་བུ་དང༌། རབ་ཏུ་རྣོ་བའི་མཚོན་ཆའི་ཚོགས་སྤྲོས་ཏེ། ནད་གདོན་དེ་རྣམས་ཕྱེ་མར་གཏུབས་ཤིང་མེ་ལྕཻས་བསྲེགས་པས། ཐལ་བར་གྱུར་ལ། ཐལ་བའང་རླུང་གི་གཏོར་བར་བསམ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་རོ་ག་ནཱ་ཤ་ཡ་ནཱ་ཤ་


TNT12_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུཾ་ཕཊ། ཅེས་བཟླའོ། །བྱིན་རླབས་འཇུག་པའི་རྣལ་འབྱོར་ནི། རྒྱུད་ལས། ཟླ་བ་ཉི་མའི་རླུང་གི་དབུས། །རང་སྔགས་ས་བོན་སྒོམ་པར་བྱ། །ལྷ་ཡི་དེ་ཉིད་དམིགས་གྱུར་ན། །བཅུ་དྲུག་པ་ལ་དེ་འགྲུབ་འགྱུར། །ཅེས་གསུངས་ཏེ། རང་གཙོ་མོར་བསམ་པའི་ལུས་ལ་རྩ་གསུམ་འཁོར་ལོ་བཞི་ཡང་གསལ་བཏབ་ནས་རོ་མའི་དྭངས་མ་ལྟེ་བའི་གཏུམ་མོ་དང་བཅས་པ། ཆོས་འཁོར་གྱི་ལྟེ་བར་ཉི་མ་དང༌། རྐྱང་མའི་དྭངས་མ་སྤྱི་བོའི་ཧཾ་དང་བཅས་པ་སྙིང་གའི་དབུས་སུ་སོན་པ། ཟླ་བར་གྱུར། དེ་གཉིས་ཀྱི་དབུས་སུ་མི་ཤིགས་པའི་རླུང་ཏཾ་ཡིག་ལྗང་ཁུ། དེ་རྣམས་གཅིག་ཏུ་འདྲེས་པ་ལ་སྒྲོལ་མ་ཕྱག་བཞི་མ། དེའི་ཐུགས་ཀར་ཟླ་བ་ལ་ཏཾ་ལྗང་ཁུ་འོད་ཟེར་འཕྲོ་བ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ག་ཆོས་འཁོར་གྱི་འོག་ཏུ་ཧཱུཾ་རྣམས་བསམ་ལ། ཨོཾ་ཨཱཿཏཾ་ཧཱུཾ་ཅེས་མ་ཡེངས་པའི་ཡིད་ཀྱི་རྟག་ཏུ་བཟླས་པ་བྱའོ། །ཕྱི་ནང་གི་བར་དུ་གཅོད་པ་བཟློག་པར་འདོད་ན། རྒྱུད་ལས། རང་སྔགས་ས་བོན་འོད་ཟེར་གྱི། །རྡོ་རྗེ་གུར་སོགས་རྟག་པར་བྱ། །འཇིགས་པ་བརྒྱད་ལས་བསྲུང་བ་དང༌། །ལུས་མེད་རྣམས་ཀྱིས་ཀྱང་མི་མཐོང༌། །ཞེས་ཏེ། སེམས་དཔའ་གསུམ་བརྩེགས་སྔ་མ་བཞིན་དུ་སྒོམས་ལ། ས་བོན་སྔགས་བཅས་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས། བ་སྤུའི་བུ་ག་ནས་ཕྱིར་སོང༌། ཇི་ཙམ་བསྲུང་བའི་ས་ཕྱོགས་དེ་ཙམ་དུ་ཨུཏྤལ་དམར་པོའི་


TNT12_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་དང་རྭ་གུར་དེའི་ཕྱི་རོལ་ཕྱོགས་ཀུན་ཏུ། རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་འབར་བ་དང་བཅས་པ། མེའི་གསེབ་ཐམས་ཅད་ཁྲོ་མོ་དྲག་གཏུམ་འཇིགས་སུ་རུང་བའི་སྒྲ་སྒྲོག་པ། མཚོན་ཆ་སྣ་ཚོགས་འཛིན་པ་རྣམས་ཀྱིས་ཁེངས་ཤིང༌། དེ་རྣམས་ཀྱི་ཕྱི་རོལ་སྟེང་གི་ནམ་མཁའ་ཆར་སྤྲིན་གློག་འགྱུ་བས་ཁྱབ་པ། ཁོར་ཡུག་ཐམས་ཅད་དེ་ལས་བྱུང་བའི་རྡོ་རྗེ་མེ་ལྕེའི་སེར་བ་འབབ་ཅིང༌། འོག་གི་གཞི་ཐམས་ཅད་འབྱུང་བ་བཞིའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་ས་གཞི་མེ་ལྕེ་རབ་ཏུ་འབར་བ་ཅན་དུ་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྟཾ་པྲ་དུཥྟཾ་མ་མ་ཀྲི་ཏེ་ཛམ་བྷ་ཡ་ཨ་སྟྭམ་བྷ་ཡ་མོ་ཧ་ཡ་བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་བཛྲ་རཀྵ་ཙཀྲ་སཱ་དྷ་ཡ་སཱ་དྷ་ཡ་ཧཱུཾ་ཕཊ། ཅེས་བཟླས་པ་བྱའོ། །དེ་དག་ནི་བསྐྱེད་རིམ་རྣལ་འབྱོར་ཆེན་པོ་སྟེ་སྔོན་འགྲོའི་རིམ་པའོ། །དངོས་གཞི་ནི། སྤྱིར་རྒྱུད་འདིའི་ལུགས་ཀྱི་རྣལ་འབྱོར་བཞི་ལས། རྣལ་འབྱོར་དང་པོ་ནི། བསྐྱེད་པའི་རིམ་པ་འཁོར་བཅས་ཡིན་ལ། རྣལ་འབྱོར་ཕྱི་མ་གསུམ་ནི། རྫོགས་པའི་རིམ་པ་ཡིན་པས་འདིར་དེ་རྣམས་བཤད་ན། རྗེས་སུ་རྣལ་འབྱོར་ལ་སྔོན་འགྲོ་དང་དངོས་གཞི་བོགས་འདོན་གསུམ་ལས། དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་གནད་དུ་ཕབ་ནས། མིག་སྣ་རྩེར་བལྟ་ཞིང༌། སེམས་ཡང་དེར་གཏད་ལ། སྣ་ནང་དུ་འོད་དམར་སེར་དུ་བ་ལྟ་བུ་ཡལ་ལ་ལ་འདུག་པ་ལ་དམིགས། ཡང་ན་མིག་གཉིས་སྣའི་རྩ་བ་ལ་བལྟ་ཞིང༌། སྨིན་མཚམས་ཀྱི་


TNT12_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་ཐིག་ལེ་དཀར་པོ་འོད་འཚེར་བ་ཞིག་ལ་སེམས་གཏད། དེ་རྣམས་མི་བདེ་ན་ལག་ལེན་བཞིན་སྨིན་མཚམས་ནས་མཐོ་གང་ངམ། ཁྲུ་གང་ཙམ་བཅལ་བའི་ནམ་མཁའ་ལ་ཆེ་རེ་མིག་གིས་བལྟ་ཞིང༌། རྣམ་པར་རྟོག་པའི་སྤྲོས་པ་ཅུང་ཟད་ཀྱང་མི་བྱེད་པར་རང་ལུགས་སུ་བཞག །དེ་གསུམ་ལ་བརྟེན་ནས་རྟགས་སྣང་དུ་མ་མཐོང་བ་དང༌། ནང་བྱང་བ་དང༌། ཐིག་ལེ་བརྟན་པ་དང༌། ཞི་གནས་ཀྱི་ཏིང་ངེ་འཛིན་མཐའ་དབུས་མེད་པ་སྐྱེའོ། །གཉིས་པ་ནི་རྣལ་འབྱོར་གྱི་གཞི་ཞི་གནས་དེ་ཉིད་ཅུང་ཟད་བརྟན་ནས། ཁ་ནང་ལོག་གི་ཤེས་པས་རང་རིག་དེ་ཉིད་ངོ་ཤེས་ཀྱི་ཚུལ་དུ་ཆེ་རེ་བལྟས་པས། བརྗོད་བྲལ་གྱི་ངང་ནས་རིག་སྟོང་མ་འགགས་པ་ལ་མཉམ་པར་བཞག་སྟེ། སེམས་རང་བྱུང་དུ་ཤེས་པར་བྱའོ། །རྣམ་པར་རྟོག་པ་དང་ཡུལ་གྱི་སྣང་བ་ཅི་བྱུང་ཡང༌། སྐྱེས་ཙམ་ཉིད་ནས་དེ་ཉིད་ཀྱི་ངོ་བོ་ངོ་ཤེས་བསྟེན་པར་བྱ་སྟེ། རྣམ་རྟོག་རང་བྱུང་དུ་ཤེས་པར་བྱེད་པའོ། །དེ་ལྟར་ཡང་རྒྱུད་ལས། དངོས་པོ་བདེ་རྫུན་རྣམས་དཔྱད་ན། །བརྫུན་པའི་རྡོ་རྗེ་ཡང་དག་མཐོང༌། །རང་བཞིན་དག་པའི་དེ་ཁོ་ན། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ལ། གཟུངས་ཀྱི་སྒོས་བོགས་འདོན་པ་དང༌། བདུད་གཞོམ་པས་བོགས་འདོན་པའོ། །དང་པོ་ནི་རྒྱུད་ལས་རྣམ་གྲངས་མང་བར་གསུངས་ཀྱང༌། མན་ངག་ཏུ་རྣམ་པ་དགུ་པོ་འདི་དག་མཛད་དེ། དང་པོ་ནི། ཨ་ཞེས་


TNT12_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་མ་སྐྱེས་པའི་གཟུངས་ཀྱི་སྒོའོ། །ཞེས་གསུངས་པའི་དོན། དངོས་གཞིའི་རྣལ་འབྱོར་ལ་གནས་པའི་ངང་ནས་ལུས་ཀྱི་སྙིང་གའི་གནས་སུ་སེམས་གཏད་ལ། ཨ་ཞེས་བྱ་བའི་གདངས་ཤིག་བསམ་སྟེ། དེའི་ངོ་བོ་ལ་རྣམ་པར་དཔྱད་ན། དེ་ལྟ་བུའི་གདངས་དེ། དབང་པོ་ལྔའི་ཡུལ་དུ་མི་སྣང་ཞིང༌། ལུས་ཀྱི་ཕྱི་ནང་གང་དུ་ཡང་མེད་པས་ངོས་བཟུང་ཐམས་ཅད་དང་བྲལ་བ་རྣམ་པར་ཡིད་ངོར་ལམ་མེ་སྣང་བ་མ་འགགས་པ་དེ་ཉིད་ལ་ཆེ་རེ་བལྟས་ཤིང་ལེགས་པར་བརྟགས་ན། རང་བཞིན་མེད་པའི་དབྱིངས་ལ་མཉམ་པར་འཇོག །ངག་ཏུ་ཨ་ཞེས་བརྗོད་ཅིང༌། སྒྲ་དེ་དང་སྔར་ཡིད་ཡུལ་དུ་བསམ་པའི་ཨ་ཞེས་བྱ་བའི་སྒྲ་སྤྱི་དེ་ལ་འབྲེལ་བ་འདུག་གམ་མི་འདུག་བལྟ། དེ་ཡང་ཡིད་ལ་དངོས་པོ་གཞན་ཞིག་བསམ་ཀྱང་ཨ་ཞེས་ངག་ཏུ་བརྗོད་དུ་རུང་ལ། ཨ་ཡིག་གི་སྒྲ་སྤྱི་བསམ་བཞིན་དུ་ཚིག་གི་བརྗོད་པ་གཞན་ཡང་འབྱུང་བར་མཐོང་བས་དེ་གཉིས་འབྲེལ་བ་མེད་པར་ཐག་བཅད་ལ། ཡང་ཡང་མཉམ་པར་བཞག །དེ་ལ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་རྩ་བ་ཡིན་ཅིང༌། དེའི་སྒྲ་དོན་རང་བཞིན་མེད་པར་ཤེས་པས་ངག་ཐམས་ཅད་གྲག་སྟོང་དུ་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ཙམ་གྱིས་ཀྱང་ཐག་མ་ཆོད་ན། མིང་དོན་གཞན་གྱི་སྟེང་དུ་གཏན་ལ་འབེབས་ཏེ། ལྷས་བྱིན་ཞེས་པ་ལྟ་བུ། རང་བཞིན་གྱི་མིང་གང་ཡང་རུང་བ་ཞིག་ཡིད་ལ་བསམ་སྟེ། ཚིག་


TNT12_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་སྣང་བའི་རྣམ་རྟོག་དེ་ལ་སྣང་བ་ལྟར་དོན་ལ་མེད་པ་གོང་བཞིན་ཐག་བཅད། དེ་དང་ངག་ཏུ་བརྗོད་པ་ལའང་འབྲེལ་བ་མེད་པར་གོང་བཞིན་ཐག་བཅད། སྒྲ་རྟོག་དེ་གཉིས་དང་རང་གི་ལུས་སེམས་ལ་འབྲེལ་བ་ཅི་ཡང་མི་སྣང་སྟེ། གལ་ཏེ་དེ་ལ་འབྲེལ་བ་ཡོད་ན་མིང་དེ་ཁོ་ན་ལས་དོན་དེའི་རྣམ་པ་འཆར་དགོས་པ་ལས། དོན་དེ་ལ་གཞན་མང་པོར་མིང་བཏགས་ཀྱང༌། རྣམ་རྟོག་གིས་བཞག་པའི་ཚེ་དེ་དང་དེའི་རྣམ་པ་འཆར་ཞིང༌། རྣམ་རྟོག་གི་མ་བཞག་པའི་ཚེ། ལྷས་བྱིན་ཞེས་བརྗོད་ཀྱང་སྐྱེས་བུ་ལྷས་བྱིན་གྱི་རྣམ་པ་མི་འཆར་བ་བཞིན། མིང་ཐམས་ཅད་དེ་དང་འདྲ་བར་ཤེས་པར་བྱས་ལ་ཡང་ཡང་མཉམ་པར་བཞག་པས། སྒྲ་ཐམས་ཅད་བྲག་ཆ་དང་འདྲ་བར་ངེས་པར་རྟོག་པར་འགྱུར་རོ། །གཉིས་པ་ནི་ཧཱུཾ་གི་གཟུངས་ཏེ། སྔར་གྱི་ཞི་ལྷག་དེ་དང་འབྲེལ་བའི་ངང་ནས། རང་གི་ལུས་ཀྱི་ཁོང་ལ་སེམས་གཏད་དེ། ཧཱུཾ་རིང་པོ་ཡང་ཡང་བརྗོད་པ་ལ་དམིགས་སྐོར་གཅིག་གོ །དེ་ནས་ཡེ་ཤེས་ལྔ་ལྡན་དུ་སྒོམ་སྟེ། ཅི་ཡང་མི་བསམ་ཞིང་བཟོ་བཅོས་མེད་པར་འཇོག་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །དེའི་ངང་ནས་སེམས་ཀྱི་ངོ་བོ་ལ་ཆེར་གྱིས་བསྒྲིམས་ནས་བལྟ་བ་ནི་མེ་ལོང་ཡེ་ཤེས་སོ། །ལུས་སེམས་ནང་དང་སྣང་བ་གཞན་རྣམས་ཕྱི་སྟེ། ཕྱི་ནང་ཐམས་ཅད་ལ་དམིགས་ནས་ཆེ་རེ་བལྟ་ཞིང་ལྷོད་ཀྱི་གློད་པ་ནི་མཉམ་ཉིད་ཡེ་ཤེས་སོ། །དེ་ཁའི་ངང་ནས་ལྷ་སྐུ་


TNT12_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་དུ་ལམ་གྱི་འཆར་བར་བྱས་ནས་དེ་ལ་མ་བཅོས་པར་འཇོག་པ་ནི། སོར་རྟོག་ཡེ་ཤེས་སོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དུང་ཙམ་སྒོམ་ཞིང་སྔ་མའི་ངང་བསྐྱང་བ་ནི་བྱ་སྒྲུབ་ཡེ་ཤེས་སོ། །དེ་ལྟར་ལྔ་པོ་རེ་རེ་ལ་ཟན་ཁམས་གཅིག་ཟ་བའི་ཡུན་ཙམ་རེ་འཇོག་ཅིང༌། དམིགས་པ་རེ་རེ་འཕོ་མཚམས་སུ་ཧཱུཾ་རིང་པོ་རེ་བརྗོད་དོ། །བར་སྐབས་སུ་སྔ་མ་ལྟར་ལྟ་བ་ཡུན་རིང་དུ་བསྐྱང་སྟེ། དམིགས་སྐོར་གཉིས་པའོ། །འདིས་ནི་སྐད་ཅིག་རེ་རེར་དམིགས་པ་སྣ་ཚོགས་ལ་དབང་ཐོབ་པར་འགྱུར་རོ། །གསུམ་པ་ནི་ཕཊ་ཀྱི་གཟུངས་ཀྱི་སྒོ་སྟེ། དེ་ཡང་སྔར་གྱི་ཞི་ལྷག་གི་ངང་ནས། སེམས་གནས་པ་ལས་རྣམ་རྟོག་གི་འཆར་སྒོ་ནམ་བྱུང་བའི་ཚེ། ཕཊ་ཡིག་བརྗོད་པར་བྱའོ་སྙམ་ནས་དྲན་པ་ཡང་ཡང་བཞག །རྣམ་རྟོག་ནམ་སྐྱེས་པའི་ཚེ་ཕཊ་བརྗོད། ཆེད་ཀྱི་འཕྲོ་ནི་མི་གཅོད། རྣམ་རྟོག་དེ་ཡལ་བའི་ཚེ་ཡང་ཕཊ་ཡིག་བརྗོད། དེ་འགགས་ནས་གཞན་ཞིག་ཤར་ན་ཕཊ་ཡིག་བརྗོད། གང་ལྟར་ནའང་སེམས་ཀྱི་འཆར་སྒོ། སྐྱེ་འགག་ཅི་བྱེད་ཀྱང༌། སྤང་བླང་དགག་སྒྲུབ་གཞན་ནི་མི་བྱེད་ལ་ཕཊ་ཡིག་རྟག་ཏུ་དྲན་ཅིང་བརྗོད་པར་བྱའོ། །བཞི་པ་ནི་ཁཾ་གི་གཟུངས་ཀྱི་སྒོ་སྟེ། དེ་ཡང་མཚན་མར་འཛིན་པའི་རྣམ་པར་རྟོག་པ་ཤུགས་དྲག་པོ་ཅི་ཤར་ཡང༌། དངོས་པོ་ཐམས་ཅད་ནམ་མཁར་སྒོམ་པ་སྟེ། དཔེར་ན་འདི་ནི་མི་ཡིན་ནོ་སྙམ་པའི་ཚེ་ཁཾ་ཞེས་བརྗོད་ཅིང་མི་དེ་ཉིད་ནམ་མཁའ་དང་དབྱེར་མེད་དུ་ཡལ་


TNT12_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ་ལ་ཅུང་ཟད་བཞག །དེས་མཚོན་པའི་འདི་ནི་འདིའོ་ཞེས་འཛིན་པའི་རྣམ་རྟོག་གི་ཡུལ་ཐམས་ཅད་དང༌། ཁྱད་པར་བདེ་སྡུག་དགའ་སྐྱོ་འཇིགས་སྐྲག་ཞུམ་པ་ཡང་ངོ་ཚ་ང་རྒྱལ་སྐྱེ་བ་སོགས་མཐོ་དམན་གྱི་ཡུལ་ཐམས་ཅད་ལ་མཉམ་པར་བསྲེ། ལྔ་པ་ནི། ཨཿའི་གཟུངས་ཏེ། གཉིས་སུ་སྣང་བ་ཐམས་ཅད་ལ། དེ་གཉིས་ཀའི་ངོ་བོ་ལ་ཆེར་གྱི་བལྟས་པས། སྣང་བའི་དམིགས་གཏད་མཉམ་དུ་ཞིག་པ་ལ་ཆམ་མེ་འཇོག་པ་སྟེ། དཔེར་ན་རང་དང་དགྲ་གཉིས་ཀྱི་སྣང་བ་ལམ་གྱི་ཤར་བ་ན། སྣང་བ་གཉིས་པོ་དེའི་སྟེང་དུ་ཆེར་གྱིས་བལྟས་པས། ངོས་བཟུང་གི་མཚན་མ་ཞིག་པའི་ངང་དེར་ཆམ་གྱིས་མཉམ་པར་འཇོག །རིམ་པ་དེ་ཁོ་ནས། བཟང་ངན་མཐོ་དམན། ཆེ་ཆུང་ལེགས་ཉེས། གཡས་གཡོན། མཐའ་དབུས། སྙན་མི་སྙན། བདེ་སྡུག་སོགས་ཐམས་ཅད་ལ་སྦྱར་བས། མཉམ་པ་ཉིད་ཀྱི་ཚུལ་རྟོགས་པར་འགྱུར་རོ། །དྲུག་པ་ནི། ཡ་ཡིག་སྟེ། རླུང་གི་དཀྱིལ་འཁོར་གཅིག་བསམ་ལ། ངག་ཏུ་ཡཾ་ཞེས་བརྗོད་ཅིང༌། རླུང་གི་དཀྱིལ་འཁོར་དེ། གནས་གང་ན་གནས། ཚད་ཇི་ཙམ། ཁ་དོག་དང་དབྱིབས་སུ་ཇི་ལྟར་གྲུབ། སེམས་སུ་གྲུབ་བམ་ཕྱི་རོལ་དུ་གྲུབ་ཅེས་དཔྱད་ན། དེར་སྣང་ཙམ་ཞིག་མ་གཏོགས། བདེན་དངོས་སུ་གྲུབ་རྒྱུ་ཅུང་ཟད་ཀྱང་མེད་པའི་གསལ་སྟོང་ལ་མཉམ་པར་བཞག་སྟེ། ཡིག་ངོར་སྒོམ་པ་སྟེ་དམིགས་


TNT12_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོའོ། །ཡང་རླུང་གི་རེག་བྱ་ལ་བསླབ་པ་སྟེ། དཀར་ཁུང་ལ་སོགས་པ་ནས། རླུང་འཇམ་པོ་དག་ལྡང་པ་རང་གི་ལུས་ལ་ཕོག་པར་བྱས་ཏེ། དེའི་རེག་བྱ་ཡང་ཞིང་འཇམ་པ་ཡུལ་ཡུལ་པོ་དེ་ལ་སེམས་རྩེ་གཅིག་ཏུ་བསྲེས་ཏེ་རེག་བྱ་དེ་འདྲ་པ་ལ་མཉམ་པར་བཞག །སྐབས་འགར་རང་ལུས་སྣང་བ་དང་བཅས་པ། རླུང་གི་རེག་བྱ་ཙམ་དེ་ལ་ཐིམ་པར་བསམ། དེ་གཅིག་པུ་མ་གཏོགས་གཞན་གང་ཡང་མི་བསམ་པར་ཅི་ནུས་མཉམ་པར་བཞག །ངག་ཏུ་ཡཾ་ཞེས་རྟག་ཏུ་བཟླ་བར་བྱའོ། །དམིགས་པ་གཉིས་པའོ། །བདུན་པ་ནི་རཾ་ཡིག་གི་གཟུངས་ཀྱི་སྒོ་སྟེ། དེ་ཡང་དམིགས་པ་དང་པོའོ། །རཾ་བཟླ་ཞིང་ཉི་མའི་དཀྱིལ་འཁོར་སྒོམ་པ་ནི་ཁྱད་པར་ཏེ། གཞན་གོང་དང་འདྲ། མེ་ཉིད་ཀྱི་རྣམ་པ་ལ་བསླབ་པ་ནི། འགྲུབ་ན་འོག་ཏུ་བུད་ཤིང༌། བར་དུ་མེ་འབར་བ། སྟེང་ནས་དུ་བ་མཐུལ་བའི་ཐབ་ཞིག་བྱས་ལ། དེ་ལ་ལྟ་ཞིང༌། གཞན་ཡིད་ལ་མི་བྱེད་པར། དེ་གཅིག་པུ་ལ་བལྟ་ཞིང༌། དེའི་ཐད་དུ་དེ་དང་འདྲ་བའི་མེ་ཞིག་ཡིད་ལ་འཆར་བར་བྱས་ཏེ། སླར་དེ་ཉིད་ཀྱི་སྟེང་དུ་སྔར་བཞིན་ཆམ་མེ་མཉམ་པར་བཞག །དེ་ནས་སྣང་བ་གཞན་ཤར་བ་ཀུན་ཀྱང་མེ་དེ་ལ་བསྲེས་པས། ཐམས་ཅད་མེའི་རྣམ་པ་འབའ་ཞིག་ཏུ་ལམ་ལམ་འགྱུར་བ་ལ་སེམས་གཏད་དོ། །བརྒྱད་པ་ནི། ཝ་ཡིག་གི་གཟུངས་ཀྱི་སྒོ་ལ་དམིགས་པ་དང་པཽ། །ཝཾ་བཟླ་ཞིང་ཆུའི་དཀྱིལ་འཁོར་སྒོམ་པ་ནི་གོང་མ་གཉིས་


TNT12_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། མདུན་དུ་ཆུ་སྣོད་དྭངས་པ་ཞིག་ཏུ་ཆུ་གཙང་འཇུག །དེ་ལ་བལྟ་ཞིང༌། ཆུ་དེ་ཉིད་ཀྱི་ཐད་དུ་དེ་ཁོ་ན་དང་འདྲ་བའི་ཆུ་ཞིག་ཡིད་ཀྱིས་བསམ་སྟེ། ཡང་དེ་ཁའི་ངང་དུ་མཉམ་པར་བཞག །རྣམ་རྟོག་གང་ཤར་བའི་ཡུལ་དེ་མདུན་གྱི་ཆུ་དང་བསྲེས་ཏེ། གཞན་མི་བསམ་པར་ཆུ་འབའ་ཞིག་བསམ་པའི་ཚུལ་གྱིས་སྒོམས། དགུ་པ་ནི། ལ་ཡིག་གི་གཟུངས་ནི། དམིགས་པ་དང་པོ། ལཾ་བཟླ་ཞིང་སའི་དཀྱིལ་འཁོར་སྒོམ་པ་སོགས་འདྲ། མདུན་དུ་སའི་རྣམ་པ་ཟླུམ་པོའམ་གྲུ་བཞི་མཚོན་སྣ་ལྔ་པོ་གང་ཡང་རུང་བ་ལེགས་པོ་ཞིག་གིས་ཁ་བསྒྱུར་བ་ཞིག་བྱས་ལ། དེ་ལ་བལྟ་ཞིང༌། དེའི་ཐད་དུ་དེ་དང་འདྲ་བའི་ཁ་དོག་ཅན་སྲ་བ་ཞིག་སྒོམ། གཞན་གང་ཡང་མི་བསམ། དེ་ནས་གང་སྣང་ཐམས་ཅད་ཁ་དོག་ཅན་གྱི་སའི་གཟུགས་བརྙན་དེ་ལ་ཐིམ་པར་སྒོམ། ལྷག་མ་བཞི་པོ་དེ་ནི། གཟུངས་ཀྱི་སྒོ་བླ་མ་རྣམས་ཀྱི་ཡན་ལག་ཡིན་ནོ། །གཉིས་པ་མི་མཐུན་ཕྱོགས་གསལ་བ་བདུད་གཞོམ་པ་ནི། དང་པོར་བདེ་བའི་སྟན་ལ་འདུག་སྟེ། སྔར་བཞིན་ཞི་ལྷག་གཉིས་སྒོམས་ལ། རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང༌། ཧཱུཾ་ཞེས་བརྗོད་ཅིང་འཕྲོ་བཅད། ཐུན་མཚམས་རྣམས་སུ། སྤྱོད་ལམ་སྣ་ཚོགས་པ་དང་བསྲེས་ཏེ། དཔེར་ན་རྗེས་སུ་རྣལ་འབྱོར་གྱི་གཞི་ལ་གནས་བཞིན་པས། འོག་ཁང་ནས་ཁང་སྟེང་ལྟ་བུར་འགྲོ་བའམ། སྣང་


TNT12_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ས་ནས་མུན་པར་འཇུག་པའམ། མུན་པའི་ས་ནས་སྣང་བ་དང་བཅས་པའི་སར་འགྲོ་བ་དང༌། ནང་ནས་ཕྱི་རོལ་དུ་སྤྱོད་པ་ལ་སོགས་པ་ཡུལ་དུས་བྱ་བ་མི་འདྲ་བ་རེ་ལ། སེམས་ཀྱི་འགྱུར་བའི་ཁྱད་པར་རེ་ཡོང་བས་དེ་ཀུན་ལ་ཧཱུཾ་ཞེས་བྱ་བས་འཕྲོ་བཅད་ཅིང་སྟོང་པ་ཉིད་དང་བསྲེས་ཏེ། དམིགས་སྐོར་གཅིག །ཡང་དགའ་སྡུག་ཆགས་སྡང་འཇིགས་པ་ལ་སོགས་པར་སྣང་བ་ཐམས་ཅད་ལ། དེ་བཞིན་བསྲེ་སྟེ་དམིགས་སྐོར་གཅིག །གནོད་བྱེད་དགྲ་དང་གདོན་ཡིད་ཡུལ་དུ་བསམ་སྟེ་སྙིང་རྗེ་དྲག་ཏུ་བསྒོམས་པས། ཧཱུཾ་ཞེས་བརྗོད་ཅིང་དེ་དང་རང་སེམས་དབྱེར་མེད་དུ་བསྲེ་སྟེ་དམིགས་སྐོར་གཅིག །ཡང་ཉེ་དུ་ལ་སོགས་པ་ཆགས་ཡུལ་ཡིད་ལ་བསམ་སྟེ། ཧཱུཾ་ཞེས་ཞེན་པ་བཅད་ལ། དེ་དང་རང་སེམས་བསྲེས་ཏེ་བཞག་པ་དམིགས་སྐོར་གཅིག །འབྱུང་བ་དང་སེམས་ཅན་ལ་བརྟེན་པའི་ཡང་འཇིགས་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱང་བ་དམིགས་སྐོར་གཅིག་སྟེ་ལྔའོ། །དེ་ལྟར་རང་གི་ཁྱིམ་དུ་ལེགས་པར་འབྱོངས་པ་ན། མཚན་མོ་དུར་ཁྲོད་ལ་སོགས་པར་ཡུད་རེ་སོང་ལ་སེམས་བརྟན་མི་བརྟན་བརྟག །མི་བརྟན་ན་རེ་ཞིག་རང་གི་ཁྱིམ་དུ་སྒོམ། གང་གི་ཚེ་བརྟན་པ་ན་དུར་ཁྲོད་དང༌། བས་མཐའ་ལ་སོགས་པར། གནོད་སྦྱིན་དང་སྲིན་པོ་འབྱུང་པོ་གནས་པའི་སར་ཆོས་བརྒྱད་དང་མཐུན་པའི་རྣམ་པར་རྟོག་པ་ཧྲུལ་གྱིས་བཤིག་ནས། ཡུལ་དུས་སྤྱོད་ལམ་མ་ངེས་པར་


TNT12_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་པས། སེམས་ཀྱི་འགྱུར་བ་ཅི་བྱུང་བ་ཐམས་ཅད་ཧཱུཾ་གིས་སྒྲས་སྔར་བཞིན་བསྲེ་བར་བྱའོ། །ཆོ་འཕྲུལ་ལྷར་སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱ་ཞིང༌། གནོད་བྱེད་རྣམས་ལ་སྙིང་རྗེ་དྲག་ཏུ་སྒོམ་ཞིང་སྨོན་ལམ་བཏབ། ལུས་དང་ལོངས་སྤྱོད་རང་ཕྱོགས་ཀྱི་སྡེ་དང་བཅས་པ་གང་ལ་ཡང་ཞེན་པ་རྡུལ་ཙམ་མེད་པར་བྱ་ཞིང༌། བདེ་སྡུག་བཟང་ངན་གཏམ་སྙན་མི་སྙན་སོགས། ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་ཕྲ་མོ་ཅི་བྱུང་བ་ཀུན་ཡང་དབྱིངས་སུ་ཐིམ་པར་བྱའོ། །མི་མཐུན་ཕྱོགས་བསལ་བ་འདི་ནི་རྗེས་སུ་རྣལ་འབྱོར་བོགས་འདོན་དང་བཅས་པ་ལ་ཅུང་ཟད་མྱོང་བ་ཐོན་ནས་སྒོམ་པར་བྱ་བ་ཡིན་ནོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ནི། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་དངོས་དང་ཡན་ལག་གོ །དང་པོ་ལ། པུ་ར་ཀ་སྟེ་དགང་པ་དང༌། རེ་ཙ་ཀ་སྟེ་དབྱུང་བའམ། རྡུལ་མཐའ་ཅན་དང༌། བྷུ་མྱང་ག་སྟེ། སའི་ཡན་ལག་དང༌། ཀུམྤ་ཀ་སྟེ་བུམ་པ་ཅན་དང༌། ཏྲཱ་ཊ་ཀ་སྟེ་གཞིལ་བའམ་རེངས་པ། དང་པོ་པུ་ར་ཀ་ལ་གཉིས་ཀྱི་སྒྲ་བཅས་ནི། ལུས་གནད་བཅས་ལ། རླུང་ཕྱིར་གསང་བ་ལན་འགའ་རེ་བྱ། སེམས་སྣ་རྩེར་གཏད་ལ། རླུང་ཕྱིར་སངས་ཏེ་བུས་ལ། ནང་དུ་འོང་བའི་ཚེ་དལ་བུས་ཤུགས་འཕྲི་ཞིང༌། སྣའི་རྩ་བའི་བར་ཀ་ལ་རླུང་བདར་བས་ཨ་ཡིག་གི་


TNT12_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་བཅས་པ་ཡུན་རིང་དུ་དྲངས་ཤིང༌། དེའི་ཚེ་ཤེས་པ་ལྟེ་བར་གཏད། དྲངས་པ་རྫོགས་པ་ན། ཅུང་ཟད་ཅིག་རླུང་ལྟེ་བར་མནན། ཡང་བཏང་སྟེ་སྔར་བཞིན་དྲངས། དེ་ཉིད་རྟག་ཏུ་གོམས་པར་བྱའོ། །སྒྲ་མེད་ལ་སློབ་པ་ནི། གཞན་དེ་དང་འདྲ་བ་ལ། རླུང་དལ་བུས་སྣའི་བུ་གའི་དབུས་ནས་དྲངས་པས། སྒྲ་མེད་དུ་འགྱུར་རོ། །རེ་ཙ་ཀ་ལའང་གཉིས་ཀྱི་སྒྲ་བཅས་ནི། རླུང་རོ་ལན་འགའ་བསལ་ལ། ནང་དུ་མྱུར་བར་རྔུབས། སྣ་རྩེ་ནས་སོར་བཞི་ཙམ་གཞལ་བའི་ནམ་མཁའ་ལ་སེམས་གཏད་དེ། དལ་བུས་རླུང་ཕྱིར་བཏང་སྟེ། སྣའི་སྦུབས་ཀྱི་བར་ཀ་ལ་གདར་བས། སྒྲ་དང་བཅས་པར་འགྱུར་ཏེ། རླུང་ཕྱིར་འགྲོ་བ་རྫོགས་པ་ན། ཅུང་ཟད་ཅིག་ཕྱིར་དྲག་ཏུ་མནན། ལུས་དང་སྣང་བ་ཐམས་ཅད་སྟོང་སངས་ཀྱིས་སོང་བར་བསམ། དེ་ཉིད་ཡང་ནས་ཡང་དུ་སྒོམ་པར་བྱའོ། །སྒྲ་མེད་ནི། དལ་བུས་རང་བབས་སུ་གཏོང་བ་སྟེ། གཞན་ནི་འདྲའོ། །གསུམ་པ་བྷུ་མྱང་ག་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་ཡས་སྣ་སྤྱི་བོ་དང༌། མས་སྣ་ལྟེ་བར་ཕྱིན་པ། སྤྱི་བོ་ལ་ཟླ་བ་དང༌། ལྟེ་བར་ཉི་མ། ཁམས་དཀར་དམར་གྱི་རང་བཞིན་རྩ་མདུད་བྲལ་མ་ཁ་མཐུར་བསྟན་སྦྲུལ་ནག་པོ་ལྟ་བུ་ལྟེ་བ་ནས་མགྲིན་པའི་བར་དབུ་མ་ལ་དཀྲིས་ཤིང༌། མགྲིན་པ་ནས་མཇུག་མ་མདུན་དུ་འཁྱོགས་ཏེ་ལྕེ་རྩེར་སླེམ་པ་ཞིག་སྒོམ། རླུང་རོ་བསལ་ཏེ། རླུང་དལ་བུས་རྔུབས་པས། ཟླ་བ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བྱུང༌། དབུ་མ་གང་སྟེ། ལྟེ་བ་ན་སྐྱ་ཆིལ་ལི་


TNT12_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལི་འདུག་པར་བསམ། རྔུབ་པ་རྫོགས་པ་ན། དལ་བུས་ཕྱིར་བཏང་བས། ལྟེ་བའི་ཉི་མ་ལས་རཀྟའི་རྒྱུན་བྱུང་བ་དཀར་པོ་དང་འདྲེས་པས། བདུད་བྲལ་མ་མས་ཡར་རིམ་གྱི་ཁེངས། ལྕེ་རྩེའི་བར་དུ་ཐིག་ལེ་དཀར་དམར་གྱི་ཁྱབ་པར་བསམ། འདི་རྒྱུད་ནས་གསལ་ཁ་མི་འབྱུང་བས། རྫོགས་རིམ་འདིའི་སྐབས་སུ་མ་བསྟན་ཀྱང་རུང་བར་མངོན། བཞི་པ་བུམ་པ་ཅན་ལ། དང་པོར་རླུང་རོ་བསལ་ཞིང༌། རླུང་དལ་བུས་རྔུབས་ནས་ལྟེ་བར་དྲག་ཏུ་མནན། ཐུར་སེལ་རང་དགར་བཞག །ཁ་ནང་ནས་རླུང་ཡང་ནས་ཡང་དུ་མིད་པས། རང་ལུས་ལྷ་སྐུ་ཁང་སྟོང་དུ་གནས་པ་དེ་རྒྱ་ཇེ་ཆེ་ཇེ་ཆེ་ལ་འགྲོ་བར་བསམ་སྟེ། འདི་ལ་དམིགས་སྐོར་གཅིག་ཏུ་མཛད། ཡང་གཞན་འདྲ་བ་ལ། རང་ལུས་རྩ་གསུམ་དང་བཅས་པ་གསལ་འདེབས་ཤིང༌། ཐུར་སེལ་དྲག་ཏུ་འཐེན་ནས་ཁ་སྦྱོར་སྒོམ་པ་སྟེ། འདི་བུམ་པ་ཅན་དངོས་ཡིན་ནོ། །ལྔ་པ་ཏྲཱ་ཊ་ཀ་ནི། རླུང་རོ་བསལ་ལ་མིག་གཉིས་དཔྲལ་བའི་དབྱིངས་སུ་དྲག་ཏུ་གཏད། རླུང་ནང་དུ་རྔུབས་ཏེ། ལྟེ་བར་སྟེང་འོག་ཁ་སྦྱོར་བྱས་པ། དེ་ཉིད་གཡས་གཡོན་མདུན་རྒྱབ་དབུས་རྣམས་སུ་གནོན་འཐེན་དྲག་ཏུ་བྱེད་ཅིང༌། སེམས་ཀྱི་ཅི་ཡང་མི་བསམ་པའོ། །གཉིས་པ་ནི། གཞན་ལུས་ལ་ཉེ་བར་མཁོ་བ་རྣམས་ཏེ། རྒྱུད་ལས། ཧཿཞེས་བྱ་བས་མཆོག་ཏུ་དགའ་བའི་ཚེ་བཅིང་བར་བྱའོ། །ཡང་ན་ཧཱུཾ་ཞེས་བྱ་བ་སྙིང་ག་ལ་གནས་པའི་སྒྲ་ཡིས་སོ། །ཡང་ན་ཧྲཱིཾ་ཧ་ཞེས་བྱ་བ་མགྲིན་པ་ལ་གནས་པའི་སྒྲ་ཡིས་སོ། །


TNT12_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་དང་ཕཊ་ཀྱི་བྱ་བ་དང༌། མདའ་བོ་ཆེའི་སྦྱོར་བ་བྱས་ལ་ཁུ་བ་བཅིང་བར་བྱའོ། །གཞན་ཡང་ཆ་བཞི་པའི་ཕྱེད་ཀྱི་མཚམས་སུ། ལྷན་ཅིག་སྐྱེས་པ་སྒོམ་པར་བྱ་སྟེ། ཞེས་གསུངས་པ་ལྟར། དང་པོ་ཧ་ཡིག་གི་ལས་ནི། གསང་བར་ཧ་སེར་པོ་ཞིག་སྒོམ་ལ། ངག་ཏུ་ཧཿཞེས་དལ་ལ་རིང་བ་ཁོང་ཤུགས་ཆེ་བ་བརྗོད་པས། ཧཿཡིག་དེ་ཉིད་གྱེན་དུ་བྱུང༌། ཁ་ནས་ཕྱི་རོལ་དུ་རྒྱང་གྱིས་ཐོན་པར་བསམ། མཐར་ཧཿཡིག་དྲག་ཏུ་བརྗོད་པས། རླུང་ཕྱིར་དྲག་ཏུ་བུས། ཡང་དལ་བུས་རྔུབ་པ་སྔར་བཞིན་བྱ། གཉིས་པ་ཧཱུཾ་འདྲེན་ནི། ལྟེ་བར་ཧཱུཾ་གཅིག་སྒོམ། ཁ་བཙུམ་ཞིང་སྲེ་བའི་སྦུབས་ནས་ཧཱུཾ་དལ་ལ་རིང་བ་སྣ་སྒོ་ནས་བརྗོད། ཧཱུཾ་དེ་ལྟེ་བ་ནས་དབུ་མའི་ལམ་བརྒྱུད། སྤྱི་གཙུག་ཚང་བུག་ཏུ་སླེབ་པར་བསམ་ཞིང༌། མཐར་ཧཱུཾ་ཐུང་དྲག་པོ་ཞིག་བརྗོད། གསུམ་པ་ཧྲཱིཾ་འདྲེན་ནི་ལྐོག་མས་ཨོལ་མདུད་མནན་ནས་ཧྲཱིཾ་རིང་པོ་ལན་མང་དུ་མ་ཆད་པར་བརྗོད་ཅིང༌། རླུང་ཕྱིར་དྲག་ཏུ་བཏང༌། མཐར་རྫོགས་མཚམས་སུ་ཧ་ཞེས་ཤུགས་ཕྱུང་ལ་དྲག་ཏུ་བརྗོད་པས། སྙིང་ག་ནས། རླུང་དྲོད་ཀྱི་རང་བཞིན་ཁ་དོག་དམར་པོ་ཞིག་ཕྱུར་གྱིས་སོང་ལ་སྤྱི་བོ་ནས་ཐོན་པར་བསམ། བཞི་པ་ནི་རྡོ་རྗེ་ནོར་བུར་ཧཱུཾ་ཡིག་སྔོན་པོ་འོད་འབར་བ་མགོ་བོ་གྱེན་དུ་བསྟན་པ་ཞིག་བསམ། སྔ་མ་དང་འདྲ་བར་ཧཱུཾ་རིང་གིས་རླུང་ཕྱིར་སྟོན་པས། ཧཱུཾ་ཡིག་དེ་ཉིད་དབུ་མའི་ལམ་བརྒྱུད་ནས། སྤྱི་བོའི་སྟེང་དུ་ཐོན་པར་བསམ། ཧཱུཾ་ཐུང་གིས་རྔུབས་ཏེ་ཕཊ་ཅེས་དྲན་པས། འོག་རླུང་འཐེན། ཁ་སྦྱོར་སྟོད་དུ་དྲག་ཏུ་


TNT12_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ་བས། དབུ་མ་མས་སྣ་ནས་ཡར་ཐུང་རིལ་ལི་ལི་འགྲིལ་ཏེ། སྤྱི་བོར་གོང་བུ་གཅིག་ཏུ་གྱུར་པ་ལ་སེམས་གཏད། ལྔ་པ་ནི། རླུང་ཁ་སྦྱོར་དུ་བཟུང་བའི་ངང་ནས།གློ་བུར་དུ་བཤང་སྒོར་དྲག་ཏུ་སྡིགས་ལ། ཅུང་ཟད་ཅིག་མནན། ཡང་ཁ་སྦྱོར་བྱེད་པ་སོགས། དེ་ཉིད་སྐྱར་གྱིན་སྒོམ་པ་ཡིན་ནོ། །རླུང་སྦྱོར་དེ་རྣམས་ཀྱི་ཕན་ཡོན་ནི། དགང་བའི་སྦྱོར་བས་གྲང་བ་དང༌། །གཞན་ཡང་སྐེད་པའི་ནད་སེལ་ཞིང༌། །རྨུ་ཆུ་ལ་སོགས་པ་སེལ། དྲོད་སྐྱེ་བ་དང༌། སྟོང་ཉམས་ཤས་ཆེ་བར་འགྱུར། དབྱུང་བས་ནི། མགོ་བོའི་ནད་དང༌། མིག་ནད་དང༌། རོ་སྟོད་འཚང་བ་དང༌། ཤེས་པ་འཕྱོ་བ་ལ་སོགས་པ་སེལ་ལོ། །གསལ་བའི་ཏིང་ངེ་འཛིན་སྐྱེ་ཞིང༌། །ལུས་ལྡང་བ་ཡང་བར་འགྱུར་རོ། །བྷུ་མྱཱང་ག་ནི། དུས་མ་ཡིན་པའི་འཆི་བ་བཟློག་ཅིང་ཚེ་རིང་བར་བྱེད་པའོ། །བུམ་པ་ཅན་ནི། ཡོན་ཏན་དེ་ཐམས་ཅད་བྱེད་ཅིང༌། གཞན་ཡང༌། ཆུར་མི་བྱིང་བ་སོགས། འབྱུང་བ་བཞིའི་གནོད་པ་རྣམས་རྣམ་པར་གནོན། ཏྲཱ་ཊ་ཀས་ནི། སྲོག་ཐུར་གོང་བུ་གཅིག་ཏུ་བྱེད་ཅིང༌། མ་ཞུ་བ་ལ་སོགས་ཁོང་པའི་ནད་ཐམས་ཅད་འཇོམས། ཧཱཿའདྲེན་གྱི་དགའ་བའི་ཡེ་ཤེས་བརྟན། སྙིང་རླུང་དང་སྟོད་འཚང་ལ་སོགས་པ་སེལ་བར་བྱེད། ཧཱུཾ་འདྲེན་གྱི་བགེགས་ཀྱི་བར་ཆད་མི་འཇུག་ཅིང༌། མཆོག་དགའི་ཡེ་ཤེས་བརྟན་པར་བྱེད། ཧྲཱིཾ་འདྲེན་གྱི་གྲེ་བའི་ནད་སེལ་ཞིང༌། ཁྱད་དགའི་ཡེ་ཤེས་བརྟན་པར་བྱེད། ཧཱུཾ་ཕཊ་ཀྱི་མདའ་


TNT12_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཞུས་ལྷན་སྐྱེས་སྤྱི་བོར་བརྟན་ཅིང༌། སྔ་མ་ཐམས་ཅད་ཀྱི་བྱ་བ་བྱེད། ཆ་བཞི་པའི་མཚམས་ཀྱི་སྦྱོར་བས། ཀུནྡ་བརྟན་པ་དང༌། སྲོག་ཐུར་བསྲེ་བ་ཡིན་ནོ། །དེ་ཐམས་ཅད་ཀྱང་རླུང་སེམས་དབུ་མར་འཆིང་བར་བྱེད་ཅིང༌། རྩ་མདུད་འཇོམས་པ་དང༌། སྙིགས་མའི་ལུས་དག་པའི་སྐུར་ཡོངས་སུ་བསྒྱུར་བ་སྟེ། དང་པོ་ལྔ་ནི་འཁོར་ལོ་བཞི་ལ་སོགས་པར་ཀུནྡ་བརྟན་པར་བྱེད་པ་དང༌། དེ་ནས་བཞིས་ཀུནྡ་འདྲེན་པ་དང༌། ཕྱི་མ་ནི་འཛིན་པར་བྱེད་པའོ། །གཞན་ཡང་སེང་གེ་རྣམ་རོལ་ལ་སོགས་པ་ནི་ཐུན་མོང་དུ་སྣང་བས་མ་བཀོད་དོ། །གཉིས་པ་དངོས་གཞི་ནི། རྣལ་འབྱོར་དང་པོ་བསྐྱེད་རིམ་ཅུང་ཟད་བརྟན་ཅིང༌། རྗེས་སུ་རྣལ་འབྱོར་གྱིས་ལྟ་བ་ལ་ཉམས་མྱོང་ཅུང་ཟད་ཐོན་ནས། རླུང་གིས་རྣལ་འབྱོར་གྱིས་རྩ་ལམ་བྱང་བ་ཞིག་གིས། དངོས་གཞི་ཕོ་ཉའི་ལམ་ལ་འཇུག་པ་ཡིན་ཏེ། རྒྱུད་ལས། འདི་ལ་དགང་བ་དང༌། གཞིལ་བ་དང༌། རེངས་པ་དང་བུམ་པ་ཅན་གྱི་སྦྱོར་བས་དག་པར་བྱས་ནས། མི་མོ་རྣམས་ཀྱི་སྦྱོར་བ་ལ་འཇུག་སྟེ། ལུས་འདི་ཉིད་ཀྱིས་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཞེས་གསུངས་ཏེ། བསྐུལ་བྱེད་བྱེད་པ་དྲུག་ཅུ་རྩ་བཞིའི་རྣམ་བཞག་དང༌། སྔོན་གོམས་པའི་རླུང་གི་རྣལ་འབྱོར་རྣམས་ལ་བརྟེན་ནས། དབབ་པ་དང༌། བཟུང་བ་དང༌། བཟློག་པ་དང༌། ཁྱབ་པ་དང་ཡེ་ཤེས་སུ་བསྐྱལ་པ་རྣམས་རིམ་ཅན་དུ་བསྒོམས་པས། གཙོ་བོར་ལས་ཀྱི་ཕྱག་རྒྱ་དང༌། ཡན་ལག་ཏུ་ཡེ་ཤེས་


TNT12_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱས་ཀྱང་རུང་སྟེ། གཞན་ལུས་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སྒོམ་པ་ཡིན་ནོ། །བཞི་པ་རྣལ་འབྱོར་ཆེན་པོ་ནི། རྣམ་པ་གསུམ་སྟེ། ལུས་མི་བཤིག་པའི་རྣལ་འབྱོར། ངག་མི་བཤིག་པའི་རྣལ་འབྱོར། སེམས་མི་བཤིག་པའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི། འདི་ཉིད་ཀྱི་རྒྱུད་ལས། ལྟེ་བའི་དབུས་སུ་རེ་ག་བསམ། །ཨ་ནི་མཆོག་ཏུ་ཕྲ་བ་སྟེ། །མི་འགྱུར་ཉམས་དགའ་བདེ་བའི་གནས། །མི་བཤིག་ཚངས་པ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། རང་ཉིད་སྒྲོལ་མར་བསམ་པའི་སྐུ་ལ་རྩ་གསུམ་འཁོར་ལོ། བཞི་སྤྱི་དང་འདྲ་བར་བཀོད་ནས། ལྟེ་བར་ཡི་གེ་ཨའི་གདངས་ཅན་གྱི། རེ་ཁ་དོག་དམར་བ། རེག་བྱ་ཚ་བ་ཞིག་བསམ་ལ། སྔར་བཤད་པ་ལྟར་བུམ་པ་ཅན་གྱི་སྦྱོར་བ་ལ་འཇུག་སྟེ། དེ་ལས་མེ་རབ་ཏུ་འབར་བ་དབུ་མ་བརྒྱུད་ནས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཁྱབ་པས། དེ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱི་བོར་འདུས། དབུ་མའི་ལམ་བརྒྱུད་ནས་ལྟེ་བར་ཐིམ། རེ་ཞིག་མེའི་གདུང་བ་ཞི་ནས་བདེ་བས་ཁྱབ་པར་བསམ། དེ་ཉིད་རྟག་ཏུ་སྒོམ་མོ། །གཉིས་པ་ནི། རྒྱུད་ལས། རང་སྔགས་ཧཱུཾ་དང་ཡི་གེ་ཨོཾ། །རྡོ་རྗེ་ཨཱཿཡིག་བསམ་པར་བྱ། །རླུང་གི་དེ་ཉིད་རབ་གྲུབ་ནས། །མི་འགྲོ་དྲག་པོའི་ངག་ཏུ་འགྱུར། །ཅེས་གསུངས་ཏེ། སྔ་མ་ལྟར་གསལ་བའི་ལྟེ་བར་ཨུཏྤལ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ། ཏཱཾ་ཡིག་སྔོན་པོ་སྣ་


TNT12_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་འོད་འཕྲོ་བ། དེའི་སྟེང་དུ་ཐིག་ལེ་ཕྲ་མོ་ཨཱཿའི་གདངས་དང་ལྡན་པ། རླུང་ཕྱིར་འགྲོ་བའི་ཚེ་ཏཱཾ་དེ་ལས་རླུང་གི་ངོ་བོ་འོད་དམར་པོའི་གོང་བུ་ཨོཾ་གྱི་གདངས་དང་ལྡན་པ་བུང་བ་ལྟ་བུའི་ཟིར་སྒྲ་ཅན་ཞིག་དབུ་མ་ནས་བརྒྱུད། སྤྱི་བོ་དང་དེ་ནས་རིམ་པས་སྨིན་མཚམས་ཀྱི་ལམ་ནས་སོང༌། སྣ་སྒོ་ནས་ཐོན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ། སྣོད་བཅུད་ཐམས་ཅད་ཀྱི་དྭངས་མ་རྣམས་བདུད་རྩིའི་རྣམ་པར་གྱུར་པ། འོད་ཀྱི་གོང་བུ་དེ་ཉིད་ཀྱིས་བསྡུས་ཤིང་བསླངས་ནས། བུང་བ་ལྟ་བུའི་ཚུལ་གྱིས་སྔ་མའི་ལམ་བརྒྱུད་ཧཱུཾ་གི་གདངས་དང་བཅས་པས་ནང་དུ་བྱོན། དེ་ལས་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། ཏཱཾ་ལ་ཐིམ། བུང་བ་མེ་ཏོག་གི་དབུས་སུ་སྒྲ་ཕྲ་མོ་འབྱིན་ཅིང་འཁོར་བ་ལྟར། ཏཱཾ་གྱི་ཐིག་ལེ་ཨཱཿཡི་གདངས་སུ་གནས་པར་བསམ་ལ། འདི་ལ་ཡང་རླུང་གི་སྦྱོར་བ་ནི་ཀུམ་པ་ཀ་ལ་ནན་ཏན་དུ་སྦྱོར་བ་ཡིན་ནོ། །གསུམ་པ་ནི་རྒྱུད་ལས། འོད་ཟེར་སྣ་ལྔ་སྙིང་གར་གནས། །པདྨས་རྡོ་རྗེ་རབ་དབྱེ་བ། །ཐིག་ལེ་རྡོ་རྗེར་བྱེད་པ་སྟེ། །ཡེ་ཤེས་ཁྱབ་འཇུག་རྒྱལ་པོར་འགྱུར། །ཞེས་གསུངས་པས། འདི་ལའང་གཞི་བཅའ་བ་སྔ་མ་བཞིན། སྙིང་ག་ཆོས་འཁོར་གྱི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཐིག་ལེ་རྩ་ན་ཀའི་ཚད་ཙམ་འོད་ཟེར་སྣ་ལྔ་འཕྲོ་བ་རྟག་ཏུ་བསྒོམས་ཏེ། སྲོག་ཐུར་བསྲེས་ནས་སྙིང་གར་དྲངས། སྙིང་གར་བུམ་ཅན་ཁ་སྦྱོར་བརྟན་པར་བྱས་ནས་


TNT12_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཅུང་ཟད་གོམས་པ་ན། ཤེས་རབ་ཀྱི་ནཱ་ར་ན་སི་ཀ་ཞེས་བྱ་བའི་རྩའི། དང་པོར་བདེ་སྐྱོང་གི་འཁོར་ལོ་དང༌། དེ་ནས་སྤྲུལ་པ་དང༌། བདེ་ཆེན་གྱི་འཁོར་ལོ་རབ་ཏུ་གྲོལ་ནས། སྙིང་གའི་མ་རིག་པའི་སྒོ་ང་རྣམ་པར་འབྱེད་པར་བྱེད་པ་ཡིན་ཏེ། དེས་འོད་གསལ་མཆོག་ལ་རེག་པར་འགྱུར་རོ། །བླ་མའི་མན་ངག་གིས་སྙིང་གའི་བུམ་པ་ཅན་ཅུང་ཟད་བརྟན་ནས། ཨ་པ་ན་བྷཉྫ་ཞེས་བྱ་བའི་མན་ངག་ཞིག་སྟོན་པར་མཛད་མོད་ཀྱི། ལག་ལེན་རྩུབ་པ་ཞིག་སྣང་བས་འདིར་མ་བཀོད་དོ། །དེ་ལྟར་རྫོགས་པའི་རིམ་པ་དེ་རྣམས་སྤྱོད་པ་གསུམ་གྱི་མཚམས་སྦྱར་ནས། དངོས་གྲུབ་མཆོག་ལ་ཉེ་བར་སྦྱོར་བའོ། །བགྲང་ཡས་ལེགས་སྤྱད་རླུང་བཞོན་དང་འགྲོགས་ཧ་རི་ཙན་དན་ནགས་ཀྱི་དཔལ་མོར་ཅི་དགར་རོལ་པའི་རྟ་དམར་ཅན། །དཔྱོད་ལྡན་ཡིད་ཀྱི་གདུང་སེལ་གང་ཞིག་མོས་དགའི་ལང་ཚོས་མཆོག་ཏུ་བསྐལ་བཟང་དགའ་མའི་ཡིད་ཀྱི་ལྕགས་ཀྱུ་སྟེ། །མཐའ་དག་སྲིད་གསུམ་རོལ་པའི་ཆུ་མཚོར་རྙོག་བྲལ་ཞབས་སེན་ཟླ་རིས་ནམ་ཡང་འགོད་མཁས་རྗེ་བཙུན་བླ་མ་དེའི། །གསུང་གི་འོད་དཀར་རྣམ་པར་སྤྲོ་བས་དགེ་ལེགས་རབ་བྱིན་གེ་སར་ལང་ཚོ་བཞད་པའི་ཀུ་མུད་རྨད་བྱུང་བ། །གང་འདི་བློ་གྲོས་འདབ་རྒྱས་ཟབ་དོན་གྱི། །སྦྲང་རྩིའི་འབྱུང་གནས་ཐར་འདོད་མིག་ཡངས་མའི། །མགོ་དང་རྣ་བའི་རྒྱན་དུ་རྟག་འགོད་པ། །ཡོན་ཏན་ལྡན་པའི་རང་བཞིན་སུ་ཡི་འགོག །རིགས་སྔགས་


TNT12_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་དབང་མི་བདག་ཚུལ་འཛིན་པས། །རྣམ་པར་བསྐུལ་ཕྱིར་སྔོན་མེད་ལམ་གྱི་སྲོལ། །ཏཱ་ར་ནཱ་ཐས་ཕྱོགས་ཙམ་བརྗོད་པ་ཡི། །དགེ་བ་དེ་ཡང་སེམས་ཅན་ཀུན་ལ་བསྔོ། །ཞེས་པའང་རང་ལོ་ཉེར་བདུན་པ་ལ་གཡོ་རུ་གོང་དཀར་གྱི་ཕོ་བྲང་དུ་སྦྱར་བའོ།། །།དགེ་ལེགས་འཕེལ།། ཞུས་དག། བཀྲ་ཤིས།། བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །ཅེས་པའི་དགེ་བ་བསྔོ་བ་འདི་མ་ཏིས་བྲིས།། །།


previousསྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་གཏེར།next