Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་སྡེ་ལྔའི་བརྒྱུད་འདེབས་དངོས་གྲུབ་རོལ་མཚོ།
   
   
   
   
   
   
   
   


 
previousརྒྱུད་སྡེ་ལྔའི་བརྒྱུད་འདེབས་དངོས་གྲུབ་རོལ་མཚོ།next

རྒྱུད་སྡེ་ལྔའི་བརྒྱུད་འདེབས་དངོས་གྲུབ་རོལ་མཚོ།


TNT12_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ལྔའི་བརྒྱུད་འདེབས་དངོས་གྲུབ་རོལ་མཚོ་བཞུགས།


TNT12_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང༌། །དཀྱིལ་འཁོར་འཁོར་ལོའི་ཡུམ་གཅིག་བདག་མེད་མ། །གྲུབ་པའི་དབང་ཕྱུག་ཌོམ་བྷི་ཧེ་རུ་ཀ །དེ་ཡི་རྗེས་བཟུང་ངོ་མཚར་རྡོ་རྗེ་དང༌། །གསང་སྤྱོད་མཐར་ཕྱིན་གརྦ་རི་པའི་ཞབས། །རིགས་པའི་གནས་ལྔ་མཁྱེན་པ་རྒྱལ་བ་དཔལ། །མཁའ་འགྲོ་མ་མགོན་རྒྱལ་དཀའ་ཟླ་བའི་ཞབས། །རྩོད་དུས་ཀུན་མཁྱེན་རཏྣ་ཨ་ཀཱ་ར། །བློ་གྲོས་མི་ཟད་རྡོ་རྗེ་གདན་པ་སྟེ། །དགྱེས་མཛད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། ཨུ་རྒྱན་གནས་ཀྱི་ཀླུའི་རྣལ་འབྱོར་མ། །རྒྱལ་རིགས་སྐལ་ལྡན་བི་སུ་ཀལྤའི་ཞབས། །རྟོགས་པ་དོན་གྱི་མངའ་བདག་ས་ར་ཧ། །རབ་དགའ་ས་གྲུབ་སློབ་དཔོན་ཀླུ་གྲུབ་ཞབས། །འོད་གསལ་སྒྱུ་མའི་གར་མཛད་འཕགས་པ་ལྷ། །བཅུད་ལེན་གྲུབ་པའི་དབང་ཕྱུག་བཀྲ་ཤིས་མ། །གདོལ་པའི་རིགས་ལས་གྲུབ་བརྙེས་མ་ཏིངྒ། །མཁའ་


TNT12_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་བྱིན་རླབས་ཤར་ཕྱོགས་ཏིལླི་པ། །བླ་མས་བྱིན་རླབས་མཆོག་བརྙེས་ནཱ་རོ་པ། །སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏ། །གསང་འདུས་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བའི་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མ། །དཀའ་བ་སྤྱད་པས་གྲུབ་བརྙེས་ལཱུ་ཧི་པ། །ཆང་ཚོང་མཁའ་འགྲོས་རྗེས་བཟུང་ཊིངྒི་པ། །བུད་མེད་གསུམ་བཅས་གྲུབ་བརྙེས་དྲིལ་བུ་པ། །སྒྱུ་མའི་དོན་གཟུགས་གཱ་ཡ་ལ་པའི་ཞབས། །ཡེ་ཤེས་མཆོག་གིས་རྣམ་རོལ་འབར་བ་འཛིན། །རིགས་པའི་བརྟུལ་ཞུགས་སྤྱོད་མཛད་ནག་པོ་པ། །མངོན་ཤེས་དྲུག་ལྡན་དགེ་བའི་མགོན་པོ་དང༌། །གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ། །མཁས་པ་བློ་གྲོས་བཟང་པོའི་ཞལ་སྔ་ནས། །བདེ་མཆོག་བླ་མ་རྣམས་ལ༴ ཟག་མེད་བདེ་སྟེར་རྣམ་ལྔའི་མཁའ་འགྲོ་མ། །འབྱུང་པོ་འདུལ་མཛད་ཀུ་ཀུ་རི་པའི་ཞབས། །འོད་གསལ་རྡོ་རྗེའི་རྣམ་རོལ་པདྨ་པ། །མ་རྒྱུད་རྒྱ་མཚོའི་མཐར་སོན་ཞི་བ་བཟང༌། །ཤནྟི་པ་དང་རྡོ་རྗེ་གདན་པ་སྟེ། །སྒྱུ་འཕྲུལ་བླ་མ་རྣམས་


TNT12_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལ༴ །རྣལ་འབྱོར་མ་དཔལ་སྐལ་པ་བཟང་མོའི་ཞབས། །མངོན་སྤྱོད་དྲག་པོའི་ལས་མཛད་ལ་ལཱི་ཏ། །མི་བདག་ཨིནྡ་བྷུ་ཏི་ཆུང་བ་དང༌། །སྒྱུ་འཕྲུལ་མ་ཧེའི་ཞལ་ཅན་དཔལ་འཛིན་དང༌། །བདེ་ཆེན་རང་བཞིན་རྣམ་སྣང་སྲུང་བའི་ཞབས། །ནུས་མཐུས་བསྟན་པ་སྐྱོང་མཛད་པདྨ་སྲུང༌། །འཇིགས་བྱེད་བླ་མ་རྣམས་ལ༴ །རྡོ་རྗེ་འཆང་ཆེན་རྡོ་རྗེ་སྙིང་པོའི་ཞབས། །ཡེ་ཤེས་མཁའ་འགྲོ་ཨིནྡྲ་བྷུ་ཏི་དང༌། །ལྷ་ལྕམ་དཔལ་མོ་ས་མནྟ་བཛྲ། །ཛ་ཡ་དེ་ཝ་རྡོ་རྗེ་གདན་པ་དང༌། །རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་དང༌། །ཤ་བ་རི་པ་མངའ་བདག་མེ་ཏྲིའི་ཞབས། །མན་ངག་རྒྱ་མཚོའི་མཐར་སོན་རྡ་ཆེན་པོ། །རྡོ་རྗེ་འཆང་ཆེན་གྲུབ་པའི་དཔའ་བོ་དང༌། །རཏྣ་ཀ་ར་ཨ་ཏ་ཡ་བཛྲ། །སྒྲ་གཅན་འཛིན་སྦས་རྡོ་རྗེའི་ཞལ་སྔ་ནས། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྡེ་ལྔའི་བརྒྱུད་པའི་བླ་མ་རྒྱ་གར་བ་རྣམས་ལ་གསོལ་བ་འདེབས་ཏེ། བརྒྱུད་པའི་ཁྱད་པར་གཞན་མན་ངག་གཙོ་བོར་གྱུར་པ་ལ་ཁོ་བོའི་བཀའ་བབས་བརྒྱུད་འདེབས་སུ་སྦྱར་ཟིན། འདི་ནི་གཞུང་གི་བརྒྱུད་པ་གཙོ་ཆེ་བ་ཡིན་ཏེ་ཏཱ་ར་ནཱ་ཐས་སོ། །དེ་ཡང༌། མཐར་ཐུག་སྟོན་པ་རྣམ་ལྔའི་དཀྱིལ་འཁོར་དང༌། །དབྱེར་མེད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞབས། །རིན་ཆེན་བརྩོན་འགྲུས་དཔོན་སྟོན་སྐྱེར་རྒང་པ། །གཉེན་སྟོན་ཆོས་རྗེ་སངས་རྒྱས་སྟོན་པ་མཆོག །རིན་ཆེན་བརྒྱུད་པ་ལྔ་ལ༴ །མཁས་གྲུབ་ཁྱུང་པོ་རྣེ་སྟོན་ཡོན་ཚུལ་དང༌། །རྡོ་རྗེ་ཚུལ་ཁྲིམས་


TNT12_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་བ་ཚུལ་ཁྲིམས་བསྟན། །བླ་མ་བསོད་མཛེས་ཡོན་ཏན་རྒྱལ་བའི་མཚན། །འདྲེན་མཆོག་རིན་ཆེན་བསྟན་པ་རྒྱས་པ་སོགས། །བཀའ་བབས་རིམ་བརྒྱུད་རྣམས་ལ༴། །མཁས་བཙུན་སངས་རྒྱས་འཇིག་ཆེན་བྱམས་པ་དཔལ། །ཆོས་དཔལ་བཟང་པོ་འཁྲུལ་ཞིག་ཚུལ་རྒྱན་དང༌། །མཁྱེན་པར་མཆོག་གྲུབ་ཀུན་བཟང་ཆོས་ཉིད་སོགས། །བསྟན་པའི་སྲོལ་འཛིན་རྣམས་ལ༴ །གཙང་མ་ཤིང་སྟོན་ཁྱུང་པོ་ཚུལ་ཁྲིམས་མགོན། །རི་ཁྲོད་རས་ཆེན་ཤིང་དཀར་རིན་རྒྱལ་བ། །སངས་རྒྱས་དཔལ་བཟང་ནམ་མཁའ་རྒྱལ་མཚན་དང༌། །རྒྱ་སྒོམ་ལེགས་རྒྱལ་སེམས་ཀྱི་མདུད་གྲོལ་མཆོག །ལྷ་དབང་གྲགས་པ་ཀུན་དགའ་རྒྱལ་མཚན་དང༌། ཁྱད་འཕགས་རྩ་བའི་བརྒྱུད་པར༴ །བརྒྱུད་སྲོལ་ཀུན་འདུས་གསང་བདག་སྒྲོལ་བའི་མགོན། །རིན་ཆེན་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ངག་དབང་འཕྲིན་ལས་ངག་དབང་རྣམ་པར་རྒྱལ། །མཉམ་མེད་དམ་པ་རྣམས་ལ༴ །དགྱེས་རྡོར་གསང་འདུས་བདེ་མཆོག་སྒྱུ་མ་ཆེ། །འཇིགས་མཛད་ཡེ་ཤེས་རྣམ་ལྔའི་དཀྱིལ་འཁོར་པ། །མཁའ་འགྲོ་སྡེ་ལྔ་མྱུར་མཛད་མགོན་པོ་སོགས། །ཟུང་འཇུག་སྙིང་པོའི་ལྷ་ལ༴ །སྨིན་བྱེད་དབང་བཞིའི་རིགས་ཀྱི་གསོས་ཐེབ་ནས། །དམ་ཚིག་རྣམ་དག་མཐུ་ཆེན་གེགས་མེད་ཚོགས། །བསྐྱེད་རིམ་བརྟན་ཐོབ་རྫོགས་རིམ་མཐའ་རུ་ཕྱིན། །མི་སློབ་ཟུང་འཇུག་ཚེ་འདིར་


TNT12_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བྱེད་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བླ་མ་ལྷག་པའི་ལྷ་དང་མི་འབྲལ་ཞིང༌། །དཀའ་བ་མེད་པར་རྡོ་རྗེ་ས་ལམ་བསྒྲོད། །དངོས་གྲུབ་རྣམ་གཉིས་བདེ་རླག་འགྲུབ་གྱུར་ཅིག །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཡི། །བྱིན་རླབས་བདག་གི་རྒྱུད་ལ་རབ་ཞུགས་ཏེ། །མཁའ་མཉམ་འགྲོ་ཀུན་སྐུ་གསུང་ཐུགས་ཡོན་ཏན། །འཕྲིན་ལས་འཁོར་ལོ་མྱུར་དུ་འགོད་ནུས་ཤོག། །།ཅེས་ཤངས་ལུགས་རྒྱུད་སྡེ་ལྔའི་བརྒྱུད་པའི་གསོལ་འདེབས་ཁ་སྐོང་འདི་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།


previousརྒྱུད་སྡེ་ལྔའི་བརྒྱུད་འདེབས་དངོས་གྲུབ་རོལ་མཚོ།next